Wylie:'phags pa spyan ras gzigs kyis grub chen mi tra dzo ki la gsungs pa'i rang gi sems nyid ngal gso ba'i man ngag

From gDams Ngag mDzod
Jump to: navigation, search
Upload a file
Click the picture above to view the original manuscript.

འཕགས་པ་སྤྱན་རས་གཟིགས་ཀྱིས་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གསུངས་པའི་རང་གི་སེམས་ ་ ་ ་
'phags pa spyan ras gzigs kyis grub chen mi tra dzo ki la gsungs pa'i rang gi sems nyid ngal gso ba'i man ngag

Damngak Dzö Volume 16 (མ་) / Pages 497-523 / Folios 1a1 to 14a2


[edit]
XXX འཕགས་པ་སྤྱན་རས་གཟིགས་ཀྱི་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གསུངས་པའི་རང་གི་སེམས་ཉིད་ངལ་གསོ་བའི་མན་ངག་བཞུགས་སོ། །
XXX ཨོཾ་སྭ་སྟི། རང་གི་སེམས་ངལ་གསོ་བའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་པ་འདི་ལ་གསུམ། ཀླད་དང༌། གཞུང་དང༌། མཇུག་གོ །དང་པོ་ལ་གཉིས། མཚན་བསྟན་པ་དང༌། འགྱུར་གྱི་ཕྱག་གོ །དང་པོ་ནི། རྒྱ་གར་སྐད་དུ། སྭ་ཙིཏྟ་བི་ཤྲ་མོ་བ་དེ་ཤ་པཉྩ་བིཾ་ཤཱི་གཱ་ཐཱ། བོད་སྐད་དུ། རང་གི་སེམས་ངལ་གསོ་བའི་མན་ངག་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་པ། གཉིས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གསུམ་པ་ལ་དབུ་ལས། ༈ དང་པོ་སོར་བཞག་གསུམ་གྱི་ངོ་སྤྲད་པ་ནི། ཨེ་མ་ཧོ། རང་སེམས་གདོད་ནས་མ་སྐྱེས་པ། །འཁོར་དང་འདས་པའི་བྱེད་རྒྱུ་ཅན། །གཞན་མིན་རང་གི་སྙིང་དབུས་ནས། །བླ་མའི་ཞལ་ནས་ཤེས་པར་འགྱུར། །གང་སྐྱེས་གཉུག་མ་ཉིད་ཡིན་ཕྱིར། །གང་ཤར་དྲན་པས་མ་བརྗོད་ནས། །དེ་ཤར་སྟོང་པ་ཉིད་དག་ཏུ། །རྣལ་འབྱོར་རྒྱལ་པོ་གདོན་མི་ཟ། །གང་ཤར་ཐམས་ཅད་དེ་ཡིན་ཏེ། །དེ་ནི་གང་དུའང་མ་ཤར་བའོ། །དེ་ཕྱིར་གང་སྐྱེས་དེ་མ་སྐྱེས། །མ་སྐྱེས་པ་ཉིད་སྐྱེས་པའི་ཚུལ། ། ༈ གཉིས་པ་ལ་གསུམ་གྱི་དཔེའི་ངོ་སྤྲོད། གཡས་བརྐྱང་གཡོན་བསྐུམ་སྡིག་མཛུབ་མཛད། །
XXX རྡོ་རྗེའི་ལྟ་བས་བལྟས་ནས་ནི། །རྟ་མཆོག་དལ་བུས་འགྲོ་འོང་ལ། །གནས་ནས་དུ་མ་གཅིག་ཏུ་བྱ། །རྐང་པ་རྒྱ་མཚོ་ཆེ་ལ་བཞག །ལག་པ་ས་སྟེང་ཀུན་ཏུ་ཉུལ། །མིག་གཉིས་ནམ་མཁར་བལྟ་བྱ་སྟེ། །ཡིད་ནི་གང་དུའང་མི་གཡོ་བའོ། །སྒེག་མོའི་ལེ་ལོང་སྟོབས་ཀྱི་བྱད། །ཁྲི་བཙུན་བརྒྱལ་པོའི་བཙུན་མོ་དང༌། །ཕྱག་དར་པ་དང་སྨད་འཚོང་བཞིན། །གཅིག་པུ་གྲོགས་དང་འགྲོགས་པར་བྱོས། ། ༈ གསུམ་པ་ཕྱི་ནང་བར་གསུམ་གྱི་དཔེའི་ངོ་སྤྲོད། སྟག་དང་སེང་གེ་གླང་ཆེན་དང༌། །རྔ་མོ་ཁྲི་སྙན་སྤྲེའུ་དང༌། །ཙན་དན་སྡོང་པོ་མི་རོ་ལྟར། །མཁས་པ་སྟོང་ཉིད་རྣལ་འབྱོར་བྱ། །རི་གཟར་ཆུ་དང་རྒྱ་མཚོ་ཆེ། །བུ་གཅིག་མ་དང་གླང་པོ་སྐྱོང༌། །གངས་རི་དང་ནི་ཤེལ་དག་བཞིན། །དམིགས་ཁྲལ་གྱུར་ན་གཞི་ཚུག་པའོ། །ཐོག་མ་བར་དང་མཐར་རིམ་བཞིན། །རྩ་བ་ངོ་བོ་བྱེད་བྲལ་བ། །རྨི་ལམ་གྱི་ནི་མར་མེ་བཞིན། །སྙིང་བརྩེ་མི་གཡོ་གོམས་པ་འགྲུབ། ། ༈ བཞི་པ་ཐོག་པ་གསུམ་གྱི་ངོ་སྤྲོད། འགྲོ་འོང་གནས་ནི་སྐྱེ་གནས་འགགས། །རྣམ་དག་སྟོང་པ་ཉིད་རྣམ་གསུམ། །བདེ་ཆེན་འོད་གསལ་
XXX རྣམ་མི་རྟོག །བློ་བཟང་རྣམས་ཀྱིས་མཉམ་པར་བཞག །སྙིང་རྗེ་ཆེན་པོ་མདུན་བཞག་སྟེ། །དེ་ཉིད་མ་ཡེངས་རྟག་བལྟ་ཞིང༌། །ལྷ་དང་བླ་མའི་སྦྱོར་བ་ཡིས། །སྒྲུབ་པ་པོ་ནི་ངལ་གསོ་བྱ། །བུ་ཉོན་ཁྱོད་གང་རྣམ་པར་རྟོག །འདིར་བདག་མ་བཅིངས་མ་གྲོལ་ཕྱིར། །མ་ཡེངས་མ་བཅོས་རང་དགར་ནི། །ཀྱེ་ཧོ་དུབ་པ་ངལ་གསོ་ཤིག ། ༈ ལྔ་པ་སྦྱོར་བ་གསུམ་གྱི་ངོ་སྤྲོད། གཟུགས་བརྙན་གཟུགས་དང་བྲག་ཆ་སྒྲ། །དངོས་དང་རྨི་ལམ་དྲན་པའི་ཡིན། །ཏིང་ངེ་འཛིན་དང་འབྲེལ་བ་དང༌། །ཟད་པ་བསྒོམ་པའི་སྦྱོར་བའོ། །སོ་སོར་རྟོག་དང་རྟེན་འབྲེལ་དང༌། །རྟག་ཏུ་རྒྱུན་མི་འཆད་བསྒོམ་པ། །གསེར་བཞིན་མེ་བཞིན་ནམ་མཁའ་བཞིན། །ཤེས་བྱེད་ཞི་བྱེད་དག་པར་བྱེད། །སྣང་མེད་དེ་སྣང་རྐྱེན་གྱིས་སྣང༌། །ནམ་མཁའ་མེ་ལོང་ཤེལ་དག་བཞིན། །ཏིང་ངེ་འཛིན་དང་ཡེ་ཤེས་ཏེ། །གཟུངས་ཀྱི་སྒོ་ཡིས་དེ་རྟོགས་བྱེད། ། ༈ དྲུག་པ་སྒོ་མོ་གསུམ་གྱི་ངོ་སྤྲོད། ༈ མཐོང་བ་མཉམ་བཞག་འོད་གསལ་ཏེ། །དེ་ཚེ་དེ་མཐོང་དེ་མ་སྐྱེས། །ཤིན་ཏུ་མི་རྟོག་རྩེ་གཅིག་གནས། །གཡེངས་པའི་རྡུལ་དང་བྲལ་བ་ཉིད། །རླུང་གི་གར་འགྲོ་དེར་སེམས་འགྲོ། །དེ་ལུས་ཁྱིམ་ནང་བཙོན་བཟུང་སྟེ། །ཡིད་ཀྱི་སྐྱེས་བུ་བསད་བྱས་ན། །དེ་མེད་སེམས་ནི་གང་དུ་འགྲོ། །ཐམས་ཅད་རང་བཞིན་མ་བཅོས་པ། །ཀུན་རྟོག་ཐམས་ཅད་རྐྱེན་ཀྱི་དབང༌། །རང་བཞིན་གསུམ་གྱི་དེ་ཤེས་ན། །ཀུན་རྟོག་ཀུན་རྟོག་མེད་པར་བྱེད། ། ༈ བདུན་པ་དགག་སྒྲུབ་གསུམ་གྱི་ངོ་སྤྲོད། མཐོང་བས་གྲུབ་དང་གཞིག་པ་ན། །མེད་ཅེས་རྣམ་པར་རྟོག་པ་ཟད། །འདི་ལ་གདོད་ནས་ཅི་ཡང་མེད། །བུ་ཀྱེ་ནམ་མཁའ་སྒོམ་པར་བྱོས། །ག་བུར་དང་ནི་དེ་ཡི་དྲི། །ཕན་ཚུན་དེ་མེད་དེ་ཡང་མེད། །དེ་བཞིན་རྐྱེན་དང་རྐྱེན་བྲལ་བ། །སོ་སོར་མ་ཡིན་རང་དགར་བསྒོམ། །མཉམ་པའི་སེམས་ཀྱིས་གཡོ་བ་འགོག །མི་མཉམ་དྲན་པས་འཆིང་བར་བྱེད། །དེ་ཚེ་དག་དང་བྲལ་མཉམ་བཞག །རྣམ་པར་རྟོག་པ་གསོད་པར་བྱེད། ། ༈ བརྒྱད་པ་དབང་བཞིའི་ངོ་ཕྲོད། ཁྲུས་
XXX བྱས་ནམ་མཁའ་གོས་གྱོན་ལ། །རྣམ་པར་རྟོག་པ་སྦྱིན་སྲེག་བྱ། །དྲན་པའི་ཐལ་བ་འཇུག་ངོགས་སུ། །ཆུ་ཀླུང་ལྷན་ཅིག་སྦྱོང་བར་བྱོས། །སྣོད་བཅུད་རླུང་རྒྱུན་བརྟན་གཡོ་མཁའ། །ཉི་མ་ཟླ་བ་སྒྲ་གཅན་འཛིན། །མེ་ཁྱེར་ཆར་དང་བུང་བའི་དཔེས། །དམ་ཚིག་ཕྱག་རྒྱ་དབང་དུ་འགྱུར། །སྣ་ཚོགས་ཡིད་ནི་མེ་ཏོག་ལ། །དགའ་བ་བཞི་ཡི་བཅུད་བླངས་ཏེ། །ལྷན་ཅིག་སྐྱེས་པའི་རོ་མྱོང་ན། །ཡིད་ཀྱི་སྐྱེས་བུ་ཚིམ་པར་བྱེད། །ལུས་རླུང་རྩ་ཆེན་ཕྱག་རྒྱ་ཡིས། །ལུས་ངག་ཡིད་ནི་བཅིང་བར་བྱ། །དྲོད་ཐོགས་པ་ལ་ཐོག་པ་མེད། །ཀུན་སྤྱོད་ངེས་པར་མི་བྱའོ། །གསུམ་པ་མཇུག་གི་དོན་ལ་གཉིས། གཞུང་གི་རྫོགས་བྱང་དང༌། འགྱུར་བྱང་ངོ༌། །དང་པོ་ནི། རྣལ་འབྱོར་པ་རང་གི་སེམས་ངལ་གསོ་བར་བྱེད་པའི་མན་ངག་ཚིགས་སུ་བཅད་པ་ཉི་ཤུ་ལྔ་པ་ཞེས་བྱ་བ་དེ་ཁོ་ན་ཉིད་རྣལ་དུ་མཚོན་པར་བྱེད་པའི་དོ་ཧ་རྫོགས་སོ། །གཉིས་པ་ནི། ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚིགས་སུ་བཅད་པ་འདི་ཉིད་དངོས་སུ་གནང་བའི་གྲུབ་པ་མཉེས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ཀ་ཊ་མི་ཏྲ་ཨཱ་ནནྡ་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་དཔལ་གུ་ལང་གསེར་ཁང་གི་ནང་ཁྲོད་ཨཾ་པ་རིའི་བསིལ་ཁང་དུ་བསྒྱུར་བའོ། ། ༈ རྗེ་བཙུན་སྐུ་དྲིན་ཅན་རྣམས་ལ་ཕྱག་འཚལ་ལོ། །རང་སེམས་སྙིང་པོ་དོན་གྱི་ངོ་སྤྲོད་པ་ལ་དོན་གསུམ་སྟེ། གསོལ་འདེབས་ཀྱིས་བྱིན་རླབས་དབབ་པ་མན་ངག་གི་གནད་ཀྱིས་རང་ངོ་རང་ལ་སྤྲོད་པ་དང༌། རྒྱས་འདེབས་དང་བསྔོ་བས་སྣང་བ་ལམ་དུ་ཁྱེར་བའོ། །དང་པོ་ནི། གནས་དབེན་པར་རྟེན་དང༌། དམ་རྫས་ཅི་རིགས་པར་བཤམས་ལ། སྐྱབས་འགྲོ་དང༌། སེམས་བསྐྱེད་བྱ། རང་ལུས་སྐྱིལ་ཀྲུང་མཉམ་བཞག་ལ་སོགས་པ་བསམ་གཏན་གྱི་ཕྱག་རྒྱ་བཅའ། །སྤྱི་བོར་སེང་ཁྲི་པདྨ་ཟླ་བའི་གདན་དང་བཅས་པ་ལ་རྩ་བའི་བླ་མ་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱ་ཅན། བྱིན་གྱིས་རློབ་རློབ་ལྟར་བཞུགས་པར་བསམ། རང་གི་སྙིང་པདྨ་དམར་པོ་འདབ་མ་བཞི་པ་ཁ་ཕྱེད་བྱེ་ཕྱེད་མ་བྱེ་བའི་ནང་
XXX ནང་དུ། རྩ་བའི་ཡི་དམ་གྱི་ལྷ་གང་ཡིན་དེ་གསལ་བར་བསྒོམ། དེ་ནས་བདག་ཉིད་ཀྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཁྲིད་ལ་ཐུན་མོང་གི་མཆོད་པ་དང༌། ཐུན་མོང་མ་ཡིན་པའི་མཆོད་པ་དང༌། ཁྱད་པར་གྱི་མཆོད་པ་དང༌། གསུམ་དབུལ་བ་ལས། དང་པོ་ནི། མེ་ཏོག་དང༌། སྤོས་དང༌། མར་མེ་དང༌། དྲི་ཆབ་དང༌། ཞལ་ཟས་དང༌། རོལ་མོ་དང༌། བསྟོད་པ་དཔག་ཏུ་མེད་པ་འབུལ། མཎྜལ་སྣོད་བཅུད་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་དང༌། ཁྱད་པར་དུ་ཡིད་བཞིན་གྱི་ནོར་བུ་དང༌། དཔག་བསམ་གྱི་ཤིང་དང༌། འདོད་འཇོའི་བ་དང༌། གཏེར་གྱི་བུམ་པ་དང༌། ཁྲུས་ཀྱི་རྫིང་བུ་ལ་སོགས་པ་བློས་ལྕོགས་ཚད་དབུལ། གཉིས་པ་ནི། རང་གི་སྤྱི་གཙུག་ནས་རྐང་པའི་མཐིལ་གྱི་བར་ཞེ་ཐག་པ་ནས་གཡོག་དང་བྲན་དུ་དབུལ། །གསུམ་པ་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱིས་བྱས་པའི་དགེ་བ་ཐམས་ཅད་ཀྱང༌། ཐུགས་དགོངས་རྫོགས་པའི་རྒྱུར་དབུལ་ལོ། །དེ་ནས་ཐལ་མོ་སྦྱར་ལ། དམ་པ་གསུམ་ལྡན་གྱིས་གསོལ་བ་གདབ་སྟེ། ནམ་མཁའ་མཉམ་པའི་མ་རྣམས་ཕྱིར། །བླ་མ་ཐུགས་རྗེ་ཆེན་པོ་ཡིས། །བདག་ལ་རྟོགས་པའི་མཆོག་བསྐྱེད་གསོལ། །མཁྱེན་པས་གཟིགས་ཤིང་ཐུགས་རྗེས་ཟུང༌། །ཞེས་ཡང་ཡང་བརྗོད་ཅིང༌། གདུང་བ་དྲག་པོས་གསོལ་བ་བཏབ་པས། བླ་མ་དང་ལྷ་གཉིས་ཀ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་སྟེ། ཉེས་སྒྲིབ་ཐམས་ཅད་ལྷག་མ་མ་ལུས་པར་སྦྱངས་པར་བསམ་མོ། །དེའི་ཚེ། ཨོཾ་ཨཱཿཧྲཱིཿཧཱུྃ་ཞེས་པའམ། ཡི་གེ་བརྒྱ་པ་ཅི་ནུས་བཟླའོ། །སྔོན་འགྲོ་རྫོགས་སོ། །གཉིས་པ་དངོས་གཞིའི་མན་ངག་ནི། གནད་ཀྱི་རང་ངོ་རང་ལ་སྤྲད་པ་གསུམ་སྟེ། དང་པོ་མ་ཡེངས་བར་བཞག་པ་རལ་བསྐོར་མཁན་གཡུལ་དུ་ཞུགས་པ་ལྟ་བུ་དང༌། བར་དུ་མ་བཅོས་པར་བཙལ་བ་མཁས་པར་གླང་པོ་ཆེ་སྐྱོང་བ་ལྟ་བུ་དང༌། ཐ་མ་ཅི་དགར་བཏང་བས་གཟིངས་ཐོག་ནས་བྱ་འཕུར་བ་ལྟ་བུའོ། །དང་པོ་ལུས་སེམས་ཀྱི་སྩལ་
XXX བ་ཐམས་ཅད་བོར་ལ། ལྷོད་དེ་ཤིག་གེ སལ་ལེ། ཧུར་རེ། ཡེར་རེ། རྗེན་ནེ། ཕྱ་ལེ་བཞག་གོ །རྣམ་རྟོག་གང་བྱུང་ཡང་སྐྱོན་དུ་མི་བལྟ། རྗེས་སུ་མི་འབྲང༌། སྔར་གྱི་མ་བཅོས་པ་གློད་བདེ་སོམ་ཤོར་བར་གཉུག་བསྲིངས་ལ་བཞག་གོ །གཉིས་པ་ནི། དེའི་ངང་ལས་ཕྱི་ནང་གི་སྣང་བ་མཐོ་དམན་གང་བྱུང༌། བྱུང་ཆོས་དེ་ཡེ་མི་དགག་པར་གང་བྱུང་བར་ལྷོད་ཀྱིས་གློད། གང་བྱུང་བའི་ཚེ། བྱུང་མཁན་རང་ངོ་རང་གིས་ཤེས་པར་བྱ་སྟེ། རབ་ཀྱིས་སོར་བཞག འབྲིང་གིས་ངོས་བཟུང༌། ཐ་མས་འགྱུ་བའི་རྩད་བཅད་དོ། །བརྩད་བཅད་པས། མ་རྙེད་པའི་ངང་ལ་འབད་རྩོལ་ཐམས་ཅད་བྲལ་བས། ཆུ་བོ་རྒྱུན་གྱི་རྣལ་འབྱོར་བྱའོ། །གསུམ་པ་ནི། མཉམ་བཞག་རྗེས་ཐོབ་ཀྱི་རིམ་པ་མེད་པར། སྔར་གྱི་ཉམས་མྱོང་དེ་དང་མ་བྲལ་བར་དྲན་པའི་རྩིས་བཟུང་ལ། ཡུལ་སྣ་ཚོགས་ལ་འཕྲོ་བའི་ཤེས་པ་ཅི་བདེར་གཏོང༌། ཆགས་སྡང་དང་བདེ་སྡུག་གང་བྱུང་ཚད་མ་བཅོས་པ་དེ་ཁོ་རང་གི་རྩལ་ཡིན་པས། རང་ངོ་རང་གིས་ཤེས་པ་ཙམ་གྱིས་ཆོག །དེ་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ངང་གིས་སྐྱེས་ཏེ། དེས་ཀུན་ནས་བསླངས་ནས་རིག་པ་འོད་གསལ་མ་འགགས་པའི་རྩལ་གཞན་དོན་རྒྱ་ཆེན་པོས་སྦྱང་སྟེ། རོལ་པའི་རྡོ་རྗེའི་དོ་ཧ་ལས། སྣང་བའི་དུག་ནི་སྟོང་པར་དབྱུང༌། །སྟོང་པའི་རྩལ་ནི་སྣང་བས་སྦྱང༌། །གཉིས་ཀའི་བོགས་ནི་གཉིས་ཀས་འདོན། །གཉིས་མེད་བསྒོམས་པས་གཉིས་འཛིན་འཛད། །ཅེས་གསུངས་སོ། །གསུམ་པ་རྗེས་ཀྱི་བྱ་བ་ལ། རྒྱས་འདེབས་པ་དང་བསྔོ་བ་ནི། སྟོང་པ་རྐྱང་པའི་ཉམས་ལེན་ལ་མི་བཞག་པར། ཐབས་མཁས་པ་ལྷའི་རྣལ་འབྱོར་དང་ཟུང་དུ་འབྲེལ་བས། ཕྱིའི་སྣོད་གཞལ་ཡས་ཁང༌། བཅུད་ལྷ་དང་ལྷ་མོ། རང་གི་ལུས་ལྷ་སྐུ། ངག་སྔགས། ཡིད་ཏིང་ངེ་འཛིན་འགྲོ་བ་བསྐོར། སྨྲ་བ་བཟླས་བརྗོད། ཟ་
XXX བ་ཚོགས་འཁོར། གོན་པ་ཆོས་གོས། བྱས་ཚད་ཆོས་སྤྱོད་དུ་རྒྱས་གདབ། དེ་ལྟར་གཞི་སྣང་སྟོང་ཟུང་འཇུག་ལ་ལམ་ཐབས་དང་ཤེས་རབ་ཀྱིས་ཉམས་སུ་ལེན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟུང་འཇུག་ཏུ་བསགས་པས། འབྲས་བུས་ཆོས་སྐུ་དང་གཟུགས་སྐུ་ཟུང་འཇུག་རྫོགས་པ་ཡིན་ནོ། །དེ་བས་ན་ཇི་ལྟར་སྒྲུབ་པ། དེ་ལྟར་བསྔོ་བ་གལ་ཆེ་བས། དགེ་བ་རྒྱ་ཆེན་དྲི་མེད་འདིས། །འགྲོ་ཀུན་སྒྲིབ་གཉིས་གཏན་བསལ་ཏེ། །ཚོགས་གཉིས་བདུད་རྩིའི་རྒྱུན་འབྲེལ་བས། །སྐུ་གཉིས་འབྲས་བུ་མྱུར་ཐོབ་ཤོག །ཅེས་བསྔོ་བ་བྱའོ། །གནད་ཀྱི་ངོ་སྤྲོད་གསུམ་པ་བདུད་རྩིའི་ཉིང་ཁུ་ལྟ་བུའི་མན་ངག་རྫོགས་སོ།། །། ༈ རྗེ་བཙུན་སྐུ་དྲིན་ཅན་ལ་ཕྱག་འཚལ་ལོ། །དམ་པ་གསུམ་ལྡན་བྱིན་རླབས་ཀྱིས། །རང་སེམས་སྐུ་གསུམ་ངོ་སྤྲོད་ཅིང༌། ཐབས་ཆེན་དྲན་པ་གསུམ་ལྡན་གྱིས། །འགྲོ་ཀུན་འདྲེན་པའི་དཔལ་ལ་འདུད། །མན་ངག་འདི་ལ་དོན་གསུམ་སྟེ། སྔོན་འགྲོ་དམ་པ་གསུམ་ལྡན་གྱི་གསོལ་འདེབས། དངོས་གཞི་སྐུ་གསུམ་ངོ་སྤྲོད་གནད། རྗེས་དྲན་པ་གསུམ་ལྡན་གྱི་ཐབས་སོ། །དང་པོ་ནི། ནམ་མཁའ་མཉམ་པའི་མ་རྣམས་ཕྱིར། །བླ་མ་ཐུགས་རྗེ་ཆེན་པོ་ཡིས། །བདག་ལ་རྟོགས་པའི་མཆོག་བསྐྱེད་གསོལ། །མཁྱེན་པས་གཟིགས་ཤིག་ཐུགས་རྗེས་ཟུང༌། །ཞེས་བྱའོ། །འདིའི་དོན་ནི། རང་གི་སྤྱི་བོར་རྩ་བའི་བླ་མ་དང༌། སྙིང་གི་དཀྱིལ་དུ་ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་བསྒོམས་ལ། ཟབ་ཅིང་རྒྱ་ཆེ་བའི་མཆོད་པས་མཆོད། སྐྱབས་འགྲོ་དང༌། སྡིག་བཤགས་དང༌། རྗེས་སུ་ཡི་རང་བ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། དེ་མ་ཐག་ཏུ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། བླ་མ་དང༌། ངོ་བོ་ཐུགས་རྗེ་ཆེན་པོས། བདག་གི་རྒྱུད་ལ་རྟོགས་པ་ཁྱད་པར་དུ་འཕགས་པར་མཛད་དུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ། དེ་ཐམས་ཅད་ལ་རྟེན་དམ་
XXX བཅའ་བར་འཛིན་པ། རང་རྒྱུད་ལ་གདུང་བ་དྲག་པོ། རྟོག་པ་ལ་འདུན་པའི་ཤུགས་ཅན་དེ་གལ་ཆེའོ། །དེ་ནས་བླ་མ་རང་ལ་ཐིམ་པས་བླ་མའི་རྟོགས་པ་རང་ལ་འཕྲོས་པར་བསམ། ཇོ་བོ་རང་ལ་ཐིམ་པས་ཇོ་བོའི་སྐུ་གསུང་ཐུགས་སུ་བསྒོམ་མོ། །དེ་ལྟར་གསོལ་བ་གདབ་པ་ལ་རྒྱས་པར་བསྒོམ་ན། གསོལ་བ་གདབ་དགོས་པའི་རྒྱུ་མཚན། འདེབས་པའི་གནད། ཇི་ལྟར་གདབ་པའི་ཚུལ་གསུམ་ལས། །དང་པོ་ལ་གསུམ་ལས། གསོལ་བ་གདབ་པའི་ཕན་ཡོན་གསུམ། མ་བཏབ་པའི་ཉེས་པ་གསུམ། བཏབ་ན་ཐེབས་པའི་གསུམ་ལས། དང་པོ་ནི། དོན་མྱུར་དུ་ཐོབ་པ་ཚོང་པས་ལམ་དུ་ཟོང་རྙེད་པ་ལྟ་བུ། ཚོགས་ཆུད་པ་འཇིམ་པ་ལ་བརྐོས་ཕོར་གྱི་རྒྱས་བཏབ་པ་ལྟ་བུ། ཕུན་སུམ་ཚོགས་པ་པདྨ་འདམ་ནས་སྐྱེད་པ་ལྟ་བུའོ། །མ་བཏབ་པའི་ཉེས་པ་གསུམ་ནི། འདོད་ཀྱང་མ་རྙེད་པ་ཕོངས་པས་ནོར་ཚོལ་བ་ལྟ་བུ། ཚོགས་ཆེ་བ་སྙིམ་པས་ཆུ་ལེན་པ་ལྟ་བུ། ཕུན་སུམ་ཚོགས་པ་འཁོས་ཆུང་གི་ལག་བྱད་ལྟ་བུའོ། །གསོལ་བ་བཏབ་པས་ཐེབས་པའི་དཔེ་གསུམ་ནི། རྟེན་གྱི་སྒོ་ནས་རྟོག་པ་མེད་ཀྱང་དགོས་འདོད་མ་ལུས་པ་འབྱུང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ། རང་གི་སྒོ་ནས་ནུས་པས་འདུན་པ་འདྲེན་པ་གདུང་བས་མཆི་མ་འབྱུང་བ་ལྟ་བུ། གཉིས་ཀའི་རྟེན་འབྲེལ་ཟབ་པ་སྤྲ་བ་ལ་མེ་འབར་བ་ལྟ་བུའོ། །གཉིས་པ་གསོལ་བ་འདེབས་པའི་གདན་ལ་གསུམ་སྟེ། རྟེན་ལུས་ལ་དགོང༌། །ཆོ་ག་ངག་ཏུ་བཟླ། གདུང་བ་སེམས་ལ་བསྐྱེད་པའོ། །ཇི་ལྟར་གདབ་པའི་ཚུལ་གསུམ་སྟེ། དོང་བ་ཡུན་རིང་མ་འཕྲད་པའི་མ་ལྟ་བ། །གདུང་བ་རྔ་མོ་རྗེའུ་སྟོར་བ་ལྟ་བུ། །འདོད་པ་འཇིགས་པར་སྐྱེལ་མ་ཚོལ་བ་ལྟ་བུའོ། །གཉིས་པ་དངོས་གཞི་སྐུ་གསུམ་ངོ་སྤྲད་པ་ལ། སྣང་མཁན་རང་ལ་རང་སོ་ཚུགས། །སྣང་མེད་སྙིང་རྗེ་ཆེན་པོར་བསྒྱུར། །གཉིས་མེད་ཐུག་ཕྲད་ལམ་དུ་བསྒྱུར། །མ་ཡེངས་མ་བཅོས་ཅི་དཀར་ཞོག །ཅེས་བྱའོ། །
XXX འདིའི་དོན་ནི། གསོལ་བ་ཐེབས་པའི་རྗེས་ལ། རིག་པ་གང་ལྟར་སྣང་ཡང༌། སྣང་མཁན་རང་ཉིད་རང་སྟོང་ཡིན་པས། རང་ངོ་རང་གིས་ཤེས་པར་བྱས་ལ། དེ་ཉིད་སོ་ཚུགས་པར་བཞག་གོ །དེས་སྣང་མཁན་རང་སར་གྲོལ་བས། ཆོས་སྐུ་དྲི་མེད་མངོན་དུ་འགྱུར་བའི་གདམས་ངག་ཡིན་ནོ། །སྣང་མེད་རྐྱང་པ་ལས་འགྲོ་དོན་མི་འགྱུར་བས། །ཤེས་རབ་དྲི་མ་མེད་པ་དེ་ཉིད་མ་རྟོགས་པ་ལ་སྙིང་རྗེ་ཆེན་པོར་བསྒྱུར་ལ་བྱང་ཆུབ་ཀྱི་སེམས་སྦྱང་ངོ༌། །དེས་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པས་རང་གཞན་གྱི་ཆོས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུར་འཆར་བའི་གནད་ཡིན་ནོ། །དེའི་ངང་ལས་བཟང་ངན་གྱི་འདུ་བྱེད་ཅི་བྱུང་ཡང༌། །རང་ངོ་ཤེས་པས་རང་གྲོལ་དུ་འགྱུར་ཏེ། །དེ་ཉིད་རང་དོན་ཕུན་སུམ་ཚོགས་པའི་རྒྱུ་ཚང་ལ་མ་ནོར་ཞིང་བདེ་ལ་མྱུར་བ་ཡིན་ནོ་དེ་ཁོ་ན་ལྟར་སེམས་ཅན་ཐམས་ཅད་ཀྱང་རང་གྲོལ་དུ་གྱུར་ཅིག །ཅེས་གཞན་དོན་དུ་བསྔོས་པས། དེ་ཉིད་གཞན་དོན་ཕུན་སུམ་ཚོགས་པའི་རྒྱུ་ཚང་ལ་མ་ནོར་ཞིང་བདེ་ལ་མྱུར་བ་ཡིན་ནོ། །དེས་འཕྲལ་དུ་ཅི་བྱུང་བྱུང་ཐུག་ཕྲད་ལམ་དུ་བསླངས་པས། གང་ལ་གང་གིས་ཇི་ལྟར་འདུལ་འདུལ་གྱི་དོན་བྱེད་པའི་སྤྲུལ་སྐུ་ཐོགས་མེད་དུ་འབྱུང་བའི་གནད་ཡིན་ནོ། །དེ་དག་ཐམས་ཅད་དུ་ཡང༌། དང་པོ་མ་ཡེངས་པར་བཞག །བར་དུ་མ་བཅོས་པར་བཙའ། མཐར་ཅི་དགར་བསྐྱང་བ་གལ་ཆེའོ། །དེ་ལྟར་ངོ་སྤྲད་པ་ལ་ཡང༌། རྒྱས་པར་བསྒོམ་ན་དོན་གསུམ་སྟེ། ངོ་སྤྲད་དགོས་པའི་རྒྱུ་མཚན། སྤྲོད་པར་བྱེད་པའི་གནད། ཇི་ལྟར་སྤྲོད་པའི་ཚུལ་ལོ། །དང་པོ་གསུམ་སྟེ། ངོ་སྤྲོད་པའི་ཡོན་ཏན་དང༌། མ་འཕྲོད་པའི་ཉེས་པ་དང༌། སྤྲད་ན་འཕྲོད་པའི་དཔེའོ། །དང་པོ་ལ་གསུམ་སྟེ། སངས་རྒྱས་རང་ལ་རྙེད་པ་དབུལ་པོས་ཁྱིམ་དུ་གཏེར་རྙེད་པ་ལྟ་བུ། སྡུག་བསྔལ་བདེ་བར་འགྱུར་བ་གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་བ་ལྟ་བུ། ཉོན་མོངས་པ་གྲོགས་སུ་འཆར་བ་དུག་ལ་སྔགས་བཏབ་པ་ལྟ་བུ།
XXX མ་འཕྲོད་པའི་ཉེས་པ་གསུམ་ནི། རང་ངོ་རང་གི་མ་ཤེས་པ་གདོན་གྱིས་བརླབ་པའི་སྨྱོན་པ་ལྟ་བུ། ཅི་བྱེད་སྡུག་བསྔལ་དུ་འགྱུར་བ་དུག་ཅན་གྱི་ཟས་ཟོས་པ་ལྟ་བུ། ཉོན་མོངས་པ་སྤང་གིས་མི་སྤངས་པ་ནགས་ལ་མེ་མཆེད་པ་ལྟ་བུའོ། །སྤྲད་ན་ཕྲོད་པའི་དཔེ་ནི། སྣང་བའི་སྒོ་ནས་རང་སྣང་སྟོང་པར་ཐིམ་པ་ཆབ་རོམ་ཆུར་ཤེས་པ་ལྟ་བུ། སྟོང་པའི་སྒོ་ནས་སྟོང་ཉིད་སྣང་བར་ཤར་བ་ཆུ་ནང་གི་ཟླ་བ་ལྟ་བུ། གཉིས་ཀའི་སྒོ་ནས་སྣང་སྟོང་དབྱེར་མེད་དུ་རྟོགས་པ་ནམ་མཁའ་འཇའ་ཚོན་ལྟ་བུའོ། །ངོ་སྤྲོད་པའི་གནད་ལ་གསུམ་སྟེ། སོར་བཞག་གཉུག་མ་ལ་ངོ་སྤྲད། རང་གྲོལ་འགྱུར་བ་ལ་ངོ་སྤྲོད། ཐུག་འཕྲད་རྒྱུན་ཆགས་སུ་ངོ་སྤྲད་པའོ། །ངོ་འཕྲོད་པའི་ཚུལ་ལ་གསུམ་སྟེ། དང་པོ་མ་ཡེངས་པར་བཞག་པས་རལ་བསྐོར་མཁན་གཡུལ་དུ་ཞུགས་པ་ལྟ་བུ། བར་དུ་མ་མ་བཅོས་པར་བཙའ་བ་ལ་མཁས་པས་གླང་པོ་ཆེ་བསྐྱང་བ་ལྟ་བུ། ཐ་མར་ཅི་དགར་བཏང་བ་གཟིངས་ཐོག་ནས་བྱ་འཕུར་བ་ལྟ་བུའོ། །གསུམ་པ་རྗེས་སུ་དྲན་པ་གསུམ་ལྡན་གྱི་ཐབས་ནི། མཉམ་རྗེས་སྔ་ཕྱི་དྲན་པས་འབྲེལ། །རྒྱུན་ཆགས་རྒྱས་འདེབས་དྲན་རྒྱས་གདབ། །སྙིང་ཕུགས་གཞན་དོན་དྲན་པས་བཟུང༌། །ཀུན་ལ་གསལ་རིག་ཆགས་མེད་ཅེས། །ཞེས་བྱ་བའོ། །འདིའི་དོན་ནི། ཏིང་ངེ་འཛིན་དེ་ལས་ལོངས་ལ་མཉམ་རྗེས་འབྲེལ་པའི་དྲན་པས་སྒྱུ་མ་ལྟ་བུའི་བློས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་དོན་དུ། དེང་ཕྱིན་ཆད་བསམ་པ་གང་དང་གང་ལ་ཡེངས་ཀྱང༌། མཉམ་པར་བཞག་མ་བཞག་རང་བཞིན་གྱིས་མཚུངས་པར་མཚམས་སྦྱར། རྒྱུན་ཆགས་འབྲེལ་བའི་དྲན་པས་སངས་རྒྱས་ཐོབ་ཐོབ་ཀྱི་བར་དུ་རྒྱུན་ཆགས་མེད་པར་རྒྱས་གདབ། གཞན་དོན་འཕེན་པའི་དྲན་པས་དགེ་བའི་རྩ་ཐམས་ཅད་སྙིང་ཐག་པ་ནས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ལྟོས་པ་མེད་པར་བཏང་ངོ༌། །དེ་ཐམས་ཅད་
XXX དུ་ཡང་མཚམས་སྦྱར་ལ་སྔར་འདྲེན་དང་ཕྱིས་སྙིགས་དང་རྒྱས་འདེབས་ལ་སྐབས་ཀྱི་གསལ་འདེབས་དང༌། མཐར་ཐུག་ལ་གཞན་དོན་སྙིང་ཕུགས་སུ་གཞུགས་པ་དོ་གལ་ཆེའོ། །དེ་ལྟར་དྲན་པ་གསུམ་གྱི་ཐབས་ལ་ཡང༌། རྒྱས་པར་བྱེ་ན། ཉམས་སུ་བླང་དགོས་པའི་རྒྱུ་མཚན། ཉམས་སུ་བླངས་པའི་གནད། ཇི་ལྟར་ལེན་པའི་ཚུལ་གསུམ་ལས། དང་པོ་ལ་ཡང་གསུམ་སྟེ། ཉམས་སུ་བླངས་པའི་ཕན་ཡོན། མ་བླངས་པའི་ཉེས་པ། བླང་ན་ལོངས་པའི་དཔེ་བསྟན་པའོ། །དང་པོ་ལ་གསུམ་སྟེ། མ་བསྒོམས་ཀྱང་སྒོམ་པའི་གོ་ཆོད་པ་གཟེར་དང་མ་བྲལ་བའི་འཁྲུལ་འཁོར་ལྟ་བུ། བསོད་ནམས་བར་མ་ཆད་དུ་འབྲེལ་བ་གངས་ཆུ་དང་རྒྱ་མཚོ་ལྟ་བུ། ཅི་བྱས་གནད་དུ་འཕོག་པ་དཔག་ཆེན་གྱི་མདའ་ལྟ་བུའོ། །མ་བླངས་པའི་ཉེས་པ་ལའང་གསུམ་སྟེ། མཉམ་རྗེས་ཡ་བྲལ་དུ་ཞིག་པ་ཤིང་རྟའི་གཟེར་ཆག་པ་ལྟ་བུ། འབད་འབྲས་གྲུབ་ཁར་ཉམས་པ་ལྕགས་ཚོས་ཁར་མེད་བསད་པ་ལྟ་བུ། དཀའ་སྤྱད་སྙིང་པོ་མེད་པའི་ཆུ་དང་ཤིང་གི་སྡོང་པོ་བསྐྱེད་པ་ལྟ་བུའོ། །ཉམས་སུ་བླངས་པས་ལོངས་པའི་དཔེ་གསུམ་སྟེ། སྔ་ཕྱི་འབྲེལ་བའི་སྒོ་ནས་ནུས་མཐུ་གཅིག་ཏུ་འགྲུབ་པ་ཞོའི་རུ་མ་ལྟ་བུ། རྒྱུན་ཆགས་འབྲེལ་བའི་སྒོ་ནས་ཐ་མལ་གྱིས་བར་མི་ཆད་པ་རྣལ་འབྱོར་པའི་སྲུང་འཁོར་ལྟ་བུ། གཉིས་ཀས་གཞན་དོན་སྒྲུབ་པའི་སྒོ་ནས་སྨན་ཤིང་གི་ས་བོན་ལས་སྡོང་པོ་སྐྱེ་བ་ལྟ་བུའོ། །ཉམས་སུ་བླང་བའི་གནད་ལ་གསུམ་སྟེ། མ་བརྗེད་པ་ཟུངས་སུ་བཟུང༌། གསལ་འདེབས་གཟེར་དུ་གདབ། ཞེན་འཁྲིས་ཁོང་ནས་བཅད་པའོ། །ཇི་ལྟར་བླངས་པའི་ཚུལ་ལ་གསུམ་སྟེ། སྔར་འདྲེན་དང་ཕྱིས་སྙེགས་ལ་མཁས་པ་སྐྱེས་བུ་གོམས་པའི་འཕངས་སྩལ་ལྟ་བུ། ཞར་ནས་ཞར་དུ་གསོ་བ་མེ་ལ་ཤིང་བསྣོན་པ་ལྟ་བུ། ཕུགས་གཏད་གཞན་ལ་ལྟ་བ་བུ་གཅིག་པའི་མ་ལྟ་བུའོ། །སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་ཀྱི་
XXX ཐབས་དང་གསུམ་མོ། །ཡིད་བཞིན་ནོར་འདྲའི་བླ་མ་ལས། །བདུད་རྩིའི་རྒྱུན་འདྲའི་མན་ངག་ཐོབ། །དཔག་བསམ་ཤིང་འདྲའི་འབྲས་བུ་སྨིན། །དམིགས་མེད་མཁའ་འདྲའི་ཚོགས་རྫོགས་ཤོག །གསུམ་ཚན་གསུམ་གྱི་མན་ངག་ཅེས་ཀྱང་བྱ་གཅེས་པའི་སྙིང་པོ་ཞེས་བྱ་བ་སྙིང་དང་འདྲ་བའི་མན་ངག་རྫོགས་སོ།། །། ༈ རྒྱ་གར་སྐད་དུ། ཏྲིཾ་ཤ་ཧི་ཨ་བ་བོ་དྷ། བོད་སྐད་དུ། རྟོག་པ་བརྗོད་པ་སུམ་བཅུ་པ། ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། ༈ རྡོ་རྗེ་འཛིན་པ་ཚངས་དབང་གཙུག །ཆུ་སྐྱེས་ཆེད་བུས་འཇིག་རྟེན་མགོན། །འོད་ཟེར་རྒྱུན་གྱིས་དབང་བསྐུར་བས། །ཨེ་མ་དྲི་གསུམ་དག་མཛད་རྨད། ། ༈ བརྟེན་པའི་ལུས་ནི་རི་མོ་འདྲ། །སྤྲོས་བྲལ་སེམས་ནི་ནམ་མཁའ་སྟེ། །གཡོ་བའི་སེམས་ནི་རླུང་རྒྱན་བཅིངས། །ཚུལ་འདིས་རྣལ་འབྱོར་བདག་ལེགས་གྲོལ། ། ༈ ཡིད་ནི་ཁྱབ་འཇུག་ནམ་མཁའ་སྟེ། །འཁོར་ལོ་ལྔའི་རང་བཞིན་ལུས། །སྲོག་རྩོལ་ཉི་མ་ཟླ་བ་གཉིས། །བདེ་ཆེན་རྡོ་རྗེའི་ཞགས་པས་བཅིངས། ། ༈ དྲི་མ་ལྔ་ནི་ལྔ་ཡིས་སྦྱངས། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །དེ་དག་མ་བཅོས་སྐྱེ་བ་མེད། །ཨེ་མ་འདི་ན་བསྒོམ་བྱ་གང༌། །རྒྱ་མཚོའི་སྙིང་པོ་མེ་འབར་བས། །རི་རབ་སྲོག་ཤིང་ཤི་རྟ་བརྒྱུད། །ཚངས་དབང་རྩེ་ནས་ཆར་རྒྱུན་འབེབས། །ཐབས་ཀྱིས་ཐབས་བྲལ་དེ་ལ་ལྟོས། །གང་མ་རིག་པ་དེ་སྟོང་ཉིད། །ཀུན་ནས་དཀྲིས་པ་བདེ་བའི་ཚལ། །ཞེ་སྡང་འབར་བ་འོད་གསལ་ཆེ། །ལྷ་མཆོག་གི་དེ་གང་གིས་བཅིངས། །ལྟེ་བའི་མར་མེས་མུན་པ་བསལ། །སྙིང་གར་ཤེས་རབ་པདྨ་རྒྱས། །སྤྱི་གཙུག་བདེ་ཆེན་ཡེ་ཤེས་འཛག །དེ་ནི་རང་ལུས་དངོས་གྲུབ་འགྱུར། །རྩ་གསུམ་འཁོར་ལོ་འདུས་པའི་དབུས། །བདེ་ཆེན་དྭངས་མའི་ཐིག་ལེ་གནས། །
XXX དེ་དབུས་རྣམ་པར་མི་རྟོག་པ། །ཡེ་ཤེས་མིག་གཅིག་དྲི་མེད་ཉིད། །གཟུང་འཛིན་མུན་པར་རྟོགས་པའི་འདོད། །ནམ་མཁའ་ལ་ནི་ཉི་ཤར་བཞིན། །དེར་ཡང་མི་གནས་གཞན་དུ་མིན། །ཀྱེ་ཧོ་ཤིན་ཏུ་ཟབ་པའི་གནས། །འཇིག་རྟེན་ཐམས་ཅད་ནམ་མཁས་བཅིངས། །ནམ་མཁའ་དེ་ཡི་སྤྲིན་གྱིས་བསྒྲིབས། །གང་ཚེ་རྟོག་པའི་སྤྲིན་ནག་པ། །དེ་ཚེ་འདི་ལ་ཅི་ཞིག་སྣང༌། །སྒྱུ་མས་སྒྱུ་མའི་གྲོང་ཁྱེར་བཙམ། །སེམས་ཀྱིས་སེམས་ནི་བསླུ་བ་སྟེ། །འདི་ལ་བདག་འདྲས་བསླུ་མེད་རིགས། །ཨེ་མ་འོ་ཨེ་མ་བླ་མའི་དྲིན། །འོག་ནི་ལས་ཀྱི་འཁོར་ལོས་བསྡམས། །བར་ནི་རྡོ་རྗེའི་མདུད་པས་བཅིངས། །སྟེང་དུ་ཡི་གེ་གྱོན་དུ་བསྒྱུར། །ཐབས་འདི་བདག་གིར་རང་ལ་རྙེད། ། ༈ ལུས་ནི་རི་བོ་འདྲ་བྱས་ལ། །ངག་ནི་རླུང་རྒྱུན་ལྟ་བུར་བསྡམས། །སེམས་ནི་ནམ་མཁའི་ངོ་བོ་ཉིད། །དབྱེར་མེད་ཆོས་ཉིད་ཀུན་གྱི་དངོས། །བརྟན་ལུས་ཤིང་རྟ་རབ་བཅས་པ། །གཡོ་བ་སྲོག་ཤིང་ལམ་དུ་གཞུགས། །དེ་ལྟར་བཅིངས་པའི་ཏིང་ངེ་འཛིན། །འཆི་མེད་ནམ་མཁའི་དངོས་གྲུབ་འཐོབ། །ནམ་མཁའི་རྣལ་འབྱོར་རྣམ་མི་རྟོག །ཡང་དག་ལྷ་ནི་བདེ་བ་ཆེ། །དེ་ཡི་ཟུང་འཇུག་འོད་གསལ་ཉིད། །གནས་འདིར་ངལ་གསོ་མཁས་པ་དག །རྡོ་རྗེ་འཛིན་པ་རྡོ་རྗེ་འཆང༌། །རྡོ་རྗེ་རྒྱལ་པོ་རྡོ་རྗེ་བདེ། །རྡོ་རྗེ་སེམས་དཔའ་སེམས་དཔའ་སྟོང༌། །ཨེ་མ་རྡོ་རྗེ་ཀུན་རིག་པའོ། །མེ་ཏོག་མཐོང་བས་རྩི་མི་མཐོང༌། །ཆབ་རོམ་མཐོང་བས་ཆུ་མ་ཡིན། །ལུས་མཐོང་བདེ་བ་བླང་བར་གྱིས། །སེམས་མཐོང་མཐོང་བ་མ་མཆིས་སོ། །ཆུ་ནང་སྐྱེས་བུ་སུ་ཡི་བུ། །རྨི་ལམ་གྲོང་ཁྱེར་བདག་པོ་མེད། །མེ་ལོང་གཟུགས་ནི་གང་ལས་འོངས། །འགྲོ་བ་འདི་ཀུན་དེ་དང་འདྲ། །གང་ན་གནས་དང་སྐྱེ་བ་དང༌། །འགག་འགྱུར་ཡུལ་རྒྱུ་དུས་མེད་པ། །ནམ་མཁའི་མཚན་ཉིད་ཆོས་འདི་ལ། །ཀྱེ་ཧོ་
XXX འཇིགས་པ་གང་ཞིག་ཡོད། །འདི་དག་སྣང་བ་སྣང་བརྙན་ཙམ། །རིག་པ་དེ་ཡང་རིག་པས་དབེན། །ཐམས་ཅད་རིག་སྙམ་ཤེས་སྙམ་སྟེ། །སྙམ་ཙམ་དེ་ཡང་སྙམ་ཉིད་མེད། །སྐྱེས་བུ་དོན་ཀུན་གྲུབ་པ་འདི། །ཞེ་སྡང་ཉི་མ་འོད་གསལ་ལྟ། །འདོད་ཆགས་ཟླ་བ་དེ་བས་སྤྱོད། །གཏི་མུག་སྒྲ་གཅན་མི་རྟོག་འཛོམས། ། ༈ ནམ་མཁའི་སྤྲིན་དང་རྒྱ་མཚོའི་རླབས། །མེ་ཏོག་རྩི་དང་ག་བུར་དྲི། །མེ་ལོང་གཟུགས་དང་ཤེལ་དཀར་བཞིན། །རྣམ་རྟོག་མི་རྟོག་དངོས་དབྱེར་མེད། །འགྲོ་བ་འདི་དག་ལས་ལས་སྐྱེས། །ལས་ནི་ཉོན་མོངས་དེ་ཡི་རྒྱུ། །མཚན་མ་ཡིན་ཏེ་དེ་ཤེས་ནས། །སྐྱེས་བུ་མཚན་མེད་རྣམ་པར་གྲོལ། །རྟོག་པའི་གླང་ཆེན་ལྕགས་ཀྱུས་དགུག །སེམས་ཀྱི་བུང་བ་རྩི་ཡིས་བསྡུ། །ཏིང་འཛིན་ངང་པ་མཚོ་ནང་རྩེ། །ཤེས་རབ་པདྨོ་ཉི་ཟེར་འབྱེད། །ཡིད་ཀྱི་མར་མེ་མུན་པ་སེལ། །བདེ་བའི་མེ་ཏོག་བུང་བས་འཇིབ། །འཛིན་པའི་རྦ་རླབས་རྒྱ་མཚོར་ཐིམ། །བདེ་སྡུག་སྤྲིན་དེ་ནམ་མཁར་དེངས། །ཡི་གེ་གསུམ་གྱི་བརྡས་མཚོན་པས། །ཡི་གེ་མེད་པ་བདག་གིས་རྟོགས། །རྣལ་འབྱོར་རྒྱལ་པོ་ཡི་གེ་མཆོག །སེམས་ལས་གཞན་ནི་མ་མཆིས་སོ། །གང་དུ་འགྲོ་མེད་འགྲོ་བ་འདི། །གནས་ཤེས་བྱ་བར་ག་ལ་འགྱུར། །གང་མི་གནས་པ་ཆོས་ཀྱི་དབྱིངས། །དེ་ལ་ཇི་ལྟར་འགག་འགྱུར་སེམས། །རྟག་ཏུ་བྱེད་བྲལ་གཏི་མུག་མེད། །ཁོང་ཁྲོ་བག་ཆགས་གཏན་བཅོམ་པ། །ཞི་བ་དམ་པའི་མྱ་ངན་འདས། །གཏེར་ཆེན་རང་ལ་ཡོད་ཤེས་གྱིས། །འཇིག་རྟེན་སྒྱུ་མའི་ལས་ཀྱིས་བསྒྲུབས། །སྒྱུ་མ་སྒྱུ་མ་ཡིད་ཀྱིས་ཏེ། །འདི་ཀུན་སྒྱུ་མ་ཉིད་ཤེས་ན། །སྒྱུ་མ་ལྟ་བུར་རྣམ་པར་གྲོལ། །སྒྱུ་མར་རྟོགས་པས་བདེན་རྟོག་འཇོམས། །རྟོག་མེད་སྒྱུ་མ་ལ་མི་གནས། ། ༈ མི་གནས་འགྲོ་ལ་ཕན་བརྩོན་པས། །ཨེ་མ་ནོར་བུ་རིན་ཆེན་རྙེད། །
XXX རྟོགས་པ་བརྗོད་པ་སུམ་ཅུ་པ་ཞེས་བྱ་བ་རྫོགས་སོ།། །།རྣལ་འབྱོར་གྱི་དབང་ཕྱུག་རྗེ་གྲུབ་ཐོབ་ཆེན་པོ་མི་ཏྲ་ཛོ་ཀི་དེ་ཉིད་ཀྱི་སྤྱན་སྔར་གནུབ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །། ༈ རྗེ་བཙུན་སྐུ་དྲིན་རྣམས་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས་དཔལ་དང༌། །ཤེས་རབ་མཐར་ཐུག་རོ་གཅིག་རལ་གཅིག་མས། །བྱིན་རླབས་གྲུབ་ཆེན་རྒྱལ་པོ་མི་ཏྲ་ཤྲཱིའི། །ཞབས་པད་རྡུལ་ལ་རབ་གུས་སྤྱི་བོས་འདུད། །རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ཅུ་རྩ་ལྔ་པ་དེའི་རྟོགས་པ་བརྗོད་པ་འདི་ནི་རེ་ཞིག་ཐོག་མ་ཁོ་ནར། །གཙུག་ལག་ཆེན་པོ་དཔལ་ཁ་སར་པ་ཎིར་སྤྱན་རས་གཟིགས་དབང་ཕྱུག་ལོ་བཅུ་གཉིས་སུ་སྒྲུབས་པའི་ཚེ། མཐར་རྡོ་རྗེའི་ཤིང་གཏན་སྐུ་ཁྲུས་ཀྱི་མེ་ལོང་དང་བཅས་པའི་སྟེང་དུ་འཇིག་རྟེན་མགོན་པོ་རྡོ་རྗེའི་སྐུ་བྱད་བསམ་གྱིས་མི་ཁྱབ་པའི་གཟི་བརྗིད་འབར་བ། ཁྲུ་དོ་མཛུབ་གང་ཙམ་གྱི་ཚད་དངོས་སུ་གཟིགས་ནས། དེས་སེམས་ངལ་སོས་པར་བྱེད་པའི་དོ་ཧ་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་པ་གསུངས་སོ། །དེའི་ཚེ་དེ་མ་ཐག་སྟོང་པ་དང༌། སྙིང་རྗེ་ཟུང་དུ་འཇུག་པའི་རྟོགས་པ་བླ་ན་མེད་པ་འཁྲུངས་ཏེ། འོན་ཀྱང་སྤྱན་རས་གཟིགས་ཀྱི་སྐུ་གཟུགས་མི་སྣང་བར་གྱུར་བ་ལ་ཡིད་ལ་གདུང་བ་སྐྱེས་པ་ལས། ལྷར་ནང་དུ་རང་ལ་རང་གིས་བལྟས་ཏེ། མཉམ་པར་བཞག་པས། སྔར་ཐོབ་པའི་གསུང་དབྱངས། དོ་ཧ་རྡོ་རྗེའི་མགུར་གྱིས་ཉམས་མྱོང་སྐྱེད་པའི་མངོན་རྟོགས་པ་ནི་དཔེར་ན་ཆུ་མཚོ་དྭངས་པ་ལས་ཟླ་བའི་གཟུགས་སམ། རྒྱས་བཏབ་པ་ལས་འབུར་བཞིན་དུ་གསལ་ཞིང་སྒྲིབ་པ་མེད་པར་སྣང་བ་དང༌། ཟག་པ་མེད་པའི་དགའ་བ་དེས་ཐུགས་ཚིམ་ཞིང་རངས་ཏེ། སྤང་ལ་ཤ་མོ་རྡོལ་བ་བཞིན། རྟོགས་པ་བརྗོད་པའི་ཚིག་ཤ་ལོ་ཀ་སུམ་ཅུ་པོ་འདི་དག་ཐུགས་ལ་ཤར་ནས་ཞལ་དུ་ཕྱུང་བ་ཡིན་ནོ། །དེའང་དོན་གསུམ་གྱི་ངེས་པར་བྱ་སྟེ། དང་པོ་བཀའ་དྲིན་དྲན་པའི་རྟོགས་པ་བརྗོད་པ་
XXX པ་དང༌། བར་དོ་ངོ་འཕྲོད་པའི་རྟོགས་པ་བརྗོད་པ་དང༌། ཐ་མ་སྒྲུབ་པ་མཐར་ཕྱིན་པས་དོན་ཆེན་སྒྲུབ་པའི་རྟོགས་པ་བརྗོད་པའོ། །དང་པོ་ནི། རྡོ་རྗེ་འཛིན་པ་ཞེས་པ་ལ་སོགས་པས་བསྟན་ཏེ། སྤྱི་བོར་བླ་མའི་རྣལ་འབྱོར་དང་མ་བྲལ་བར། དམ་པ་གསུམ་ལྡན་གྱིས་གསོལ་བ་བཏབ་པས། བླ་མའི་བྱིན་རླབས་ཞུགས་ཤིང༌། ཆུ་སྐྱེས་ཞེས་པས་སྙིང་གར་ཡི་དམ་ལྷའི་རྣལ་འབྱོར་དང་མ་བྲལ་བ་བསྐྱེད་རྫོགས་ཟུང་འབྲེལ་གྱི་བཟླས་སྒོམ་བར་མ་ཆད་ཀྱི་མཐུས། ཐུགས་རྗེ་ཆེན་པོའི་དངོས་གྲུབ་ཐོབ་པ་དང༌། འོད་ཟེར་རྒྱུན་གྱིས་ཞེས་པས། བླ་མ་དང་ལྷ་གཉིས་ཀ་ལས་གསལ་ཞིང་དྭངས་པའི་འོད་ཟེར་བྱུང་ནས། བདག་ལ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས་ཞེས་པ་དང༌། མཚན་མ་དང་སྣང་བའི་དྲི་མ་གསུམ་དག་པར་མཛད་པ་ངོ་མཚར་རྨད་དུ་བྱུང་སྟེ་ཐུགས་ལ་བཏགས་སོ། །ཞེས་བྱ་བའི་ཐ་ཚིག་གོ །གཉིས་པ་ནི། རྩ་བ་ངོ་འཕྲད་པའི་རྟོགས་པ་བརྗོད་པ་དང༌། ཡན་ལག་ངོ་འཕྲད་པའི་རྟོགས་པ་བརྗོད་པའོ། །དང་པོ་ནི། བརྟན་པའི་ལུས་ཞེས་པ་ལ་སོགས་པས་བསྟན་ཏེ། བསམ་གཏན་གྱི་ཕྱག་རྒྱ་བདུན་ལྡན་གྱིས། ལུས་རི་ལྟར་བརྟན་པར་བྱས་ནས་སེམས་མ་ཡེངས་མ་བཅོས་པ་ནམ་མཁའ་ལྟར་སྤྲོས་བྲལ་དུ་མཉམ་པར་བཞག་ཅིང༌། གཡོ་བའི་དབུགས་རྔུབ་པ་དང༌། དགང་བ་དང༌། གཞིལ་བ་དང་མདའ་ལྟར་གྱེན་དུ་འཕང་བའི་ཚུལ་སྦྱོར་བ་བཞི་ལྡན་གྱིས་ལྟེ་བར་བཅིངས་ཏེ། དེ་ལྟར་རྒྱུན་ཆགས་སུ་བསྒོམ་པས། རང་སེམས་མ་བཅོས་པའི་དོན་ཇི་ལྟར་གནས་པ་ངོ་འཕྲད་དོ་ཞེས་བྱ་བའི་དོན་ཏོ། །གཉིས་པ་ལ་གཉིས་ཏེ། ལམ་གཅིག་ཆར་པའི་སྒོ་ནས་རྟོགས་པ་བརྗོད་པ་དང༌། ལམ་རིམ་གྱིས་སྒོ་ནས་རྟོགས་པ་བརྗོད་པའོ། །དང་པོ་ནི། ཡིད་ནི་ཁྱབ་འཇུག་ཅེས་པ་ལ་སོགས་པ་སྟེ། ལམ་གཅིག་ཅར་པས་འཁྲུལ་འཁོར་ཉམས་སུ་ལེན་པ་ལས། རེ་ཞིག་ཡིད་ཀྱི་འཁྲུལ་
XXX འཁོར་རྒྱ་ཆེ་བས་ཐམས་ཅད་སྤྲོ་བ་ཁྱབ་འཇུག་ལྟ་བུ་དང་ཟབ་པ་རང་བཞིན་སྟོང་པ་ཉིད་ནམ་མཁའ་ལྟ་བུར་བསྒོམ་པའོ། །ལུས་ཀྱི་འཁྲུལ་འཁོར་ལ་འཁོར་ལོ་ལྔ་སྟེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དང༌། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དང༌། སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ་དང༌། གསང་བ་ལས་ཀྱི་འཁོར་ལོ་དང་ལྔའོ། །རྣམ་ཤེས་སྒོ་ལྔའི་རྟེན་དབང་པོ་ལྔ་ནང་དུ་བཅིངས་པས། རྣམ་ཤེས་ལྔ་ཤུགས་ལས་འཆིང་བའི་ཐབས་སོ། །ངག་གི་འཁྲུལ་འཁོར་སྲོག་སེམས་དང་རྩོལ་བ་རླུང་གཉིས། བྱང་སེམས་དཀར་དམར་ཉི་ཟླ་གཉིས་དབང་དུ་བྱེད་པ་ལ་མཁས་པའོ། །དེ་ལྟར་འཁྲུལ་འཁོར་གསུམ་དབང་དུ་བྱས་པས། བདེ་སྟོང་དབྱེར་མེད་ཀྱི་ཉམས་མྱོང་གིས་ལམ་གཅིག་ཅར་དུ་རྟོགས་པ་སྐྱེས་ཏེ། བདེ་ཆེན་རྡོ་རྗེ་ཞེས་སྨོས་སོ། །གཉིས་པ་ལམ་རིམ་གྱིས་པ་ལ་གསུམ་སྟེ། དབང་པོ་ཐ་མའི་དབང་དུ་བྱས་ཏེ་ཐུན་མོང་གི་རྟོགས་པ་བརྗོད་པ་དང༌། འབྲིང་གི་དབང་དུ་བྱས་ཏེ་ཐུན་མོང་མ་ཡིན་པའི་རྟོགས་པ་བརྗོད་པ་དང༌། རབ་ཀྱི་དབང་དུ་བྱས་ཏེ་ཁྱད་པར་རྟོགས་པ་བརྗོད་པའོ། །དང་པོ་ལ་དགུ་སྟེ། སྣང་བ་རང་གྲོལ་གྱི་རྟོགས་པ་བརྗོད་པ་དང༌། ཐབས་འབར་འཛག་གི་དང༌། དུག་གསུམ་རྩ་བྲལ་གྱི་དང༌། གཏུམ་མོ་ཡེ་ཤེས་ཀྱི་དང༌། འཁོར་ལོ་གསུམ་འདུས་ཀྱི་དང༌། གཉིས་འཛིན་སོར་བཞག་གི་དང༌། རང་སེམས་མཁའ་མཉམ་གྱི་དང༌། བསླུ་བྲིད་ངོས་བཟུང་གི་དང༌། བདེ་ཆེན་ལམ་ཁྱེར་གྱི་རྟོགས་པ་བརྗོད་པའོ། །དང་པོ་ནི། དྲི་མ་ལྡན་ནི་ཞེས་པ་ལ་སོགས་པ་སྟེ། ཕྱི་ལྟར་ན་ཕུང་པོ་ལྔའི་ཉེས་པ་རྒྱལ་བ་རིགས་ལྔས་སྦྱང་བ་དང༌། ནང་ལྟར་ན་སྒོ་ལྔའི་རྣམ་ཤེས་ལྔའི་རང་ངོ་ཤེས་པས་སྦྱང་བ་དང༌། གསང་བ་ལྟར་ན་ཉོན་མོངས་པ་དུག་ལྔ་ཡེ་ཤེས་སུ་རང་དག་པར་ཤེས་པས་སྦྱངས་ཏེ། དེའི་དྲི་མའི་སྣང་བ་རང་སར་གྲོལ་བའོ། །ལུས་ལྷ་སྐུར་གྲོལ། ངག་སྔགས་སུ་གྲོལ། ཡིད་ཐུགས་སུ་གྲོལ་ཏེ།
XXX དེ་ནི་སྒོ་གསུམ་རང་སར་གྲོལ་བའོ། །གྲོལ་ལུགས་ནི་དེ་དག་མ་བཅོས། །ཞེས་གསུངས་པས། གདོད་མ་ནས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་དག་པས་བསྒོམ་བྱ་བསྒོམ་བྱེད་ཡེ་སྟོང་ཡེ་བྲལ་ལོ། །གཉིས་པ་ནི། རྒྱ་མཚོའི་སྙིང་པོ་ཞེས་པ་ལ་སོགས་པ་སྟེ། རང་གྲོལ་རྟོགས་པའི་ཐབས་སུ། ལུས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡི་གེ་གཉིས་ལས་འབར་འཛག་བསྒོམ་པ་སྟེ། རླུང་ལྟེ་བར་བཟུང་བས་དེ་འོག་རྒྱ་མཚོའི་སྙིང་པོ་བཾ་ཡིག་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་ནས་རི་རབ་ཀྱི་སྲོག་ཤིང་ཨ་ཝ་དྷཱུ་ཏིའི་སྦུགས་ནས་བརྒྱུད་དེ། ཚངས་དབང་གི་གཙུག་གི་ཧཾ་ཞུ་ནས་འཁོར་ལོ་ལྔའི་རྩ་སྦུགས་ཐམས་ཅད་གང་ཞིང་ཟིམ་པར་བྱས་པས། བདེ་གསལ་སྟོང་པའི་ཉམས་མྱོང་ངང་གིས་སྐྱེའོ། །དེ་ལ་ཐབས་ལས་བྱུང་བའི་ཐབས་བྲལ་རྟོགས་པ་འབྱུང་སྟེ། དེ་ལ་བལྟས་ན་ཡ་མཚན་ཆེའོ། །ཞེས་བྱའོ། །གསུམ་པ་ནི། གང་མ་རིག་པ་ཞེས་པ་ལ་སོགས་པ་སྟེ། སེམས་ཅན་ཐམས་ཅད་གང་གིས་འཆིང་བའི་རྒྱུ་ཉོན་མོངས་པ་དུག་གསུམ་ཡིན་པ་ལས། མ་རིག་པ་རང་ངོ་ཤེས་པས་ངོ་བོས་སྟོང་ཉིད་དུ་རྟོགས་པ་འཆར་ལ། འདོད་ཆགས་རང་ངོ་ཤེས་པས་ཀུན་ནས་དཀྲིས་པ་རང་སར་དག་སྟེ། བདེ་ཆེན་དུ་འབར་ཞིང༌། ཞེ་སྡང་རང་ངོ་ཤེས་པས། ཀུན་ཏུ་འཁྲུག་པས་རང་སར་དག་ནས་འོད་གསལ་དུ་འགྱུར་བས་བཅིངས་པ་ཐམས་ཅད་རང་གྲོལ་དུ་རྟོགས་སོ། །ཞེས་བྱའོ། །བཞི་པ་ནི། ལྟེ་བའི་མར་མེས་ཞེས་པ་ལ་སོགས་པ་སྟེ། ལུས་ཐབས་མགལ་གྱི་ཕྱག་རྒྱ་བཅས་ལ། རླུང་བུམ་པ་ཅན་བཟུང་སྟེ། ཡིད་རྡོ་རྗེ་འབྲུ་གསུམ་ལ་བློ་ཁྲིད་ནས། ལྟེ་བའི་ཨ་ལས་གཏུམ་མོའི་མེས་རོ་སྨད་གང་བར་འབར་བས་འོད་གསལ་གྱི་ཉི་མ་འཆར། སྤྱི་གཙུག་གི་ཧཾ་ལས་བདུད་རྩིའི་རྒྱུན་བབས་པས་བདེ་ཆེན་འབབ། སྙིང་གའི་ཧྲཱིཿའམ་ཧཱུྃ་ལ་རྩེ་གཅིག་ཏུ་ཡིད་གཏད་པས། མི་རྟོག་པ་ཤེས་རབ་ཀྱི་པདྨ་ཁ་ཕྱེ་བར་འགྱུར་བས་རང་
XXX ལུས་རང་གི་དངོས་གྲུབ་ཐོབ་བོ་ཞེས་བྱའོ། །ལྔ་པ་ནི། རྩ་གསུམ་ཞེས་པ་ལ་སོགས་པ་སྟེ། ལུས་ལ་རྩ་དབུ་མའི་མགོ་བོར། རོ་རྐྱང་གཉིས་ཀྱིས་སྤྱི་བོར་འཁྱུད་པ་བདེ་ཆེན་གྱི་འཁོར་ལོ་དང༌། སྙིང་གར་འཁྱུད་པས་ཆོས་ཀྱི་འཁོར་ལོ་དང༌། ལྟེ་བར་འཁྱུད་པ་སྤྲུལ་པའི་འཁོར་ལོ་དང་གསུམ་དབང་དུ་བསྡུས་པས། ཞོ་དཀྲོགས་པ་ལས་མར་གྱི་སྙིང་པོ་བཞིན་དུ། བྱང་སེམས་ཀྱི་རྩ་བ་དྭངས་མའི་ཐིག་ལེ་འདུས་ནས་དྷཱུ་ཏིར་མེ་ལོང་དྭངས་པ་ལ་གཟུགས་བརྙན་འཆར་བ་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་འཁྲུངས་སུ་སྐྱེ་བས། ཡེ་ཤེས་མིག་གཅིག་དྲི་མེད་དུ་འཆར་རོ། །ཞེས་བྱའོ། །དྲུག་པ་ནི། གཟུང་འཛིན་ཞེས་པ་ལ་སོགས་པ་སྟེ། ཡུལ་གཟུང་བ་ལ་བློ་འགྱུས་པ་དང༌། བློ་འཛིན་པ་མཚན་མར་ཞེན་པ་གཉིས་ཀ་རང་ངོ་རང་གིས་ཤེས་པས་གཉིད་སད་པའི་རྨི་ལམ་དང་རྨི་ལམ་གྱི་ཡུལ་གཉིས་ཀ་མ་གྲུབ་པར་ཐག་ཐོད་པར་ལྟར། གཟུང་འཛིན་གཉིས་སྤང་མ་དགོས་པར་རང་སར་དག་སྟེ། སྤྲིན་མེད་པའི་ནམ་མཁའ་ལ་ཉི་མ་ཤར་བ་ལྟར། རྟོགས་པའི་འོད་ཀྱིས་མ་རིག་པ་དང༌། ཡེ་ཤེས་གནས་དེར་ཡང་མི་གནས་ཤིང༌། གཞན་དུའང་སོང་བས་ཤིན་ཏུ་ཟབ་པ་ཡིན་ནོ། །ཞེས་བྱ་བའོ། །བདུན་པ་ནི། འཇིག་རྟེན་ཐམས་ཅད་ཞེས་པ་ལ་སོགས་པ་སྟེ། འདི་ལྟར་སྣང་བའི་སེམས་ཅན་རྣམས་ནི། རང་སེམས་ནམ་མཁའ་དང་འདྲ་བས་བཅིངས་ལ། ནམ་མཁའ་དེའང་སྤྲིན་དང་འདྲ་བའི་འཁྲུལ་པས་བསྒྲིབས་པ་ལས། སྒྲིབ་བྱེད་རྟོག་པའི་སྤྲིན་རང་སངས་སུ་གྱུར་པས། མ་བཅོས་པ་ནམ་མཁའ་ལྟ་བུ་ལ་བཟང་ངན་གྱི་སྣང་བ་ཅི་ཡང་མི་འབྱུང་ངོ་ཞེས་བྱའོ། །བརྒྱད་པ་ནི། སྒྱུ་མས་ཞེས་པ་ལ་སོགས་པ་སྟེ། གཉེན་པོས་སྤང་བྱ་བཅོམ་པ་ནི། སྒྱུ་མའི་དམག་གིས་སྒྱུ་མའི་གྲོང་བཅོམ་པ་དང་འདྲ། ཉོན་མོངས་པ་སྟོང་པའི་སེམས་ཀྱིས་ཉོན་མོངས་ཅན་གྱི་སེམས་བསླུ་བ་སྟེ། འདིར་བླ་མའི་སྐུ་དྲིན་གྱིས་བསླུས་པའི་དུས་སུ་བསླུ་བ་མེད་པར་རྟོགས་པས། བསླུ་བྲིད་ཡེ་ཤེས་སུ་
XXX ངོས་ཟིན་ནོ། །ཞེས་བྱའོ། །དགུ་པ་ནི། འོག་ནི་ཞེས་པ་ལ་སོགས་པ་སྟེ་གསང་སྒོ་ལས་ཀྱི་འཁོར་ལོ་འོག་ཏུ་བསྡམ་ཞིང༌། བར་དུ་རྡོ་རྗེའི་རྒྱ་མདུད་ལྟེ་བར་བཅིངས་ལ། སྟེང་ཚངས་པའི་ཡི་གེ་གྱེན་དུ་བསྒྱུར་བས་གཞན་ལུས་ལ་མ་ལྟོས་པར་རང་ལུས་ལ་བདེ་སྟོང་དབྱེར་མེད་རྙེད་དོ་ཞེས་བྱའོ། །དེ་ལྟར་དགུ་ཕྲག་གཅིག་པོ་དེ་དག་ཀྱང་དབང་པོ་ཐ་མའི་ཐ་མ་དང༌། ཐ་མའི་འབྲིང་པོ་དང༌། ཐ་མའི་རབ་དང་གསུམ་གྱི་དབང་དུ་བྱས་ནས་རིམ་པ་ལྟར། ཚིག་ལེའུ་གསུམ་གསུམ་བརྗོད་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་དབང་པོ་འབྲིང་གི་དབང་དུ་བྱས་ཏེ་ཐུན་མོང་མ་ཡིན་པའི་རྟོགས་པ་བརྗོད་པ་ལ་ཡང་དགུ་སྟེ་སྒོ་གསུམ་ལས་ལ་སྦྱོར་བའི་རྟོགས་པ་བརྗོད་པ་དང༌། བརྟན་གཡོ་དབང་དུ་སྡུད་པ་དང༌། ནམ་མཁའ་ངལ་གསོ་དང། རང་སེམས་རྡོ་རྗེ་ཀུན་རིག་གི་དང༌། སྙིང་པོ་བཅུད་ལེན་གྱི་དང༌། གང་ཤར་རྫུན་སྣང་གི་དང༌། འགལ་རྐྱེན་གཞི་བྲལ་གྱི་དང༌། སྙེམས་བྱེད་རང་སར་དག་པའི་དང༌། དུག་གསུམ་གནས་གྱུར་གྱི་རྟོགས་པ་བརྗོད་པའོ། །དང་པོ་ནི། ལུས་ཞེས་པ་ལ་སོགས་པ་སྟེ། ལུས་ཀྱི་རྡོ་རྗེ་སྐྱིལ་ཀྲུང་རི་བོ་ལྟར་གཡོ་འགུལ་མེད་པ་དང༌། ངག་རླུང་རྒྱུན་རྐྱལ་པར་བསྡམ་པར་ལྟར་ནང་དུ་བཅིངས་དང༌། སེམས་ནམ་མཁའི་དཀྱིལ་འཁོར་ལྟར་ཡོངས་སུ་ངོས་བཟུང་མེད་པ་ཆོས་ཐམས་ཅད་ཀྱིས་ཆོས་ཉིད་ལ་མཉམ་པར་འཇོག་གོ །ཞེས་བྱའོ། །གཉིས་པ་ནི། ལུས་བརྟན་ཞེས་པ་ལ་སོགས་པ་སྟེ། ལུས་ཐབས་མགལ་གྱི་ཕྱག་རྒྱས་ཤིང་རྟ་ཆས་སུ་བཅུག་པ་ལྟར་བཅའོ། །གཡོ་བ་དབུགས་ཀྱི་རེངས་བུ་སྲོག་ཤིང་དབུ་མའི་ནང་དུ་བཅུག་པས། འབྲལ་མེད་འོད་གསལ་གྱི་ཏིང་ངེ་འཛིན་རང་དབང་དུ་གྱུར་པ་འཆི་མེད་ནམ་མཁའ་ལྟ་བུའི་དངོས་གྲུབ་ཐོབ་བོ། །ཞེས་བྱ་བའོ། །གསུམ་པ་ནི། ནམ་མཁའི་ཞེས་པ་ལ་སོགས་སྟེ་ནང་རྣམ་པར་མི་རྟོག་པ་ནམ་མཁའི་ངང་དུ་ངལ་གསོ། ཕྱི་ཡང་དག་ལྷའི་རྣལ་འབྱོར་བདེ་བ་ཆེན་པོའི་ངང་དུ་ངལ་གསོ། བདེ་སྟོང་ཟུང་འཇུག་ལྷན་ཅིག་
XXX སྐྱེས་པའི་གདངས་གསལ་བ་འོད་གསལ་ངང་དུ་ངལ་གསོ། ངལ་གསོ་གསུམ་གྱིས་འཁོར་བ་ཐོག་མེད་ནས་དུབ་པ་རང་སངས་དུ་གྱུར་ཏོ། །ཞེས་བྱ་བའོ། །བཞི་པ་ནི། རྡོ་རྗེ་འཛིན་ཞེས་པ་ལ་སོགས་པ་སྟེ། དང་པོ་མ་བཅོས་པར་གློད་པས་རྡོ་རྗེ་འཆང་རང་འཁྲུངས་སུ་སྐུ་བལྟམས། དེ་ཉིད་ཀྱི་ངང་ལས་སྣ་ཚོགས་སུ་སྣང་བ་རྡོ་རྗེ་རྒྱལ་པོ་ཆོས་ཉིད་ཡུལ་ལ་ཁ་འབྱམས། གང་སྣང་ཐམས་ཅད་རང་སར་གྲོལ་བས། རྡོ་རྗེ་སེམས་དཔའ་སེམས་དཔའ་སྟོང་སྟེ། དེ་ཉིད་ཀུན་རིག་ཏུ་སངས་རྒྱས་སོ། །ཞེས་བྱ་བའོ། །ལྔ་པ་ནི། མེ་ཏོག་ཅེས་པ་ལ་སོགས་པ་སྟེ། གཞན་ལུས་མེ་ཏོག་ལྟ་བུ་ལས་བདེ་སྟོང་སྦྲང་རྩི་ལྟ་བུར་བླང༌། རང་སེམས་ཆབ་རོམ་ལྟ་བུ་ལ་སྟོང་ཉིད་ཆུར་ཞུ་བ་ལྟ་བུར་གོམས་པར་བྱ། ལུས་ལ་ལུས་མེད་ཀྱི་བདེ་གསལ་ཟུང་འཇུག་གིས་སྨན་བཅུད་ཀྱིས་ལེན་ལྟ་བུ་བསྒྲུབ་པས། རང་སེམས་རང་གིས་རང་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བས་ཆོས་ཉིད་མཐོང་བ་མཐར་ཐུག་ཏུ་འགྱུར་རོ། །ཞེས་བྱ་བའོ། །དྲུག་པ་ནི། ཆུ་ནང་ཞེས་པ་ལ་སོགས་པ་སྟེ། གང་ཤར་ཤར་གྱི་ངོ་བོ་སུས་ཀྱང་མ་བསྐྱེད་པ་ཆུ་ནང་གི་སྐྱེས་བུ་ལྟ་བུ། དེའི་རྟེན་དབང་པོ་ལ་བདག་མེད་པ་རྨི་ལམ་གྱི་གྲོང་ཁྱེར་ལྟ་བུ། ཤར་བ་གནས་ཀྱི་རྟེན་དང་བྲལ་བ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་རྟོགས་པས་སྐྱེ་འགྲོ་ཐམས་ཅད་བརྫུན་སྣང་དུ་ཐག་ཆོད་དོ། །ཞེས་བྱ་བའོ། །བདུན་པ་ནི། གང་ན་ཞེས་པ་ལ་སོགས་པ་སྟེ། ཆོས་ཐམས་ཅད་མི་གནས་པའི་ཡུལ་སད་པ་རྨི་ལམ་གྱི་སྐྱེས་བུ་ལྟ་བུ། སྐྱེ་བའི་རྒྱུ་མེད་པ་སྒྱུ་མའི་ལོག་རྟོག་ལྟ་བུ། འགག་པའི་དུས་མེད་པ་རྨི་ལམ་གྱི་མར་མེ་ལྟ་བུ། ནམ་མཁའ་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པས་འགལ་རྐྱེན་བར་ཆད་ཀྱིས་འཇིགས་པ་མེད་དོ། །ཞེས་བྱ་བའོ། །བརྒྱད་པ་ནི། འདི་དག་ཅེས་པ་ལ་སོགས་པ་སྟེ། ཡུལ་བདེན་བརྫུན་གང་ཡང་སྣང་སྟོང་དང༌། རིག་པའི་བདེ་སྡུག་གང་ཤར་ཡང་རིག་སྟོང་ཡིན་པས་
XXX ཡུལ་སྣང་བ་གང་དེར་ཀྱང་ཤེས་སྙམ་ཡིན་ལ། བློ་རིག་པས་ཅི་རིག་ཀྱང་རིག་སྙམ་དུ་ཐག་ཆོད་དེ། སྙམ་པ་དེ་ཉིད་སྙམ་པས་སྟོང་པས་བྱེད་རང་སར་དག་གོ་ཞེས་བྱ་བའོ། །དགུ་པ་ནི། སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྟེ། ཉོན་མོངས་པ་ཞེ་སྡང་ཉི་མ་ལྟར་འོད་གསལ་བས་འོད་གསལ་རྡོ་རྗེར་གནས་གྱུར་པ་དང༌། འདོད་ཆགས་ཟླ་བ་ལྟར་བདེ་ཉམས་ཀྱིས་སྣང་བས་བདེ་ཆེན་རྡོ་རྗེར་གནས་གྱུར་པ་དང༌། གཏི་མུག་སྒྲ་གཅན་འཛིན་ལྟར་མི་རྟོག་པས་ཆོམས་པས་རྟོག་མེད་རྡོ་རྗེ་འཆང་དུ་གནས་གྱུར་ཏོ། །ཞེས་བྱ་བའོ། །དགུ་ཕྲག་གཅིག་པོ་འདི་དག་ཀྱང༌། དབང་པོ་འབྲིང་གི་དབང་དུ་བྱས་ནས། དབང་པོ་འབྲིང་གི་ཐ་མ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་རབ་གསུམ་ལ་རིམ་པ་ལྟར། ཚིག་ལེའུ་བྱས་པ་གསུམ་གསུམ་སྦྱར་བ་བྱའོ། །གསུམ་པ་དབང་པོ་རབ་ཀྱི་དབང་དུ་བྱས་ཏེ་ཁྱད་པར་གྱི་རྟོགས་པ་བརྗོད་པ་དགུ་སྟེ། དཔེ་དྲུག་ཐབས་ལྡན་གྱི་རྟོགས་པ་བརྗོད་པ་དང༌། མཚན་མ་རང་གྲོལ་དང༌། ཐབས་ཀྱི་ཐབས་ལྡན་གྱི་དང༌། འཛིན་པ་རང་སར་དག་པའི་དང༌། ཡི་གེ་དང་ཡི་གེ་མེད་པའི་དང༌། འགྲོ་གནས་འགག་མེད་དང༌། རང་སེམས་གཏེར་རྙེད་ཀྱི་དང༌། སྒྱུ་མ་བདེན་བྲལ་གྱི་དང༌། སྒྱུ་མ་སྒྱུ་བྲལ་གྱི་རྟོགས་པ་བརྗོད་པའོ། །དང་པོ་ནི། ནམ་མཁའི་ཞེས་པ་ལ་སོགས་པ་སྟེ། དཔེ་དྲུག་ལས། དང་པོ་ནི། ནམ་མཁའ་སྟོང་པ་ལས་སྤྲིན་གློ་བུར་དུ་བྱུང་བ་ལྟར། ཆོས་ཉིད་སྟོང་པ་ལས་རྣམ་རྟོག་གློ་བུར་དུ་བྱུང་བའོ། །གཉིས་པ་རྒྱ་མཚོ་ལས་རྦ་རླབས་བྱུང་ཡང་རྦ་རླབས་དེ་ཉིད་དུ་ཐིམ་པ་ལྟར། སྐྱེ་མེད་ལ་སྐྱེ་བའི་ཉམས་ཅི་སྣང་ཡང་དེ་ཉིད་དུ་ཐིམ་པའོ། །གསུམ་པ་མེ་ཏོག་ལས་སྦྲང་རྩི་བླང་དུ་ཡོད་པ་ལྟར་ལུས་ལ་བདེ་སྟོང་བླང་དུ་ཡོད་པའོ། །བཞི་པ་ག་བུར་དང་དྲི་དབྱེར་མེད་པ་ལྟར་སྣང་བ་དང་སྟོང་པ་དབྱེར་མེད་པའོ། །ལྔ་པ་མེ་ལོང་དྭངས་པ་ལ་གཟུགས་ཤར་བ་ལྟར། རིག་པ་དྲི་མ་མེད་པས་རིག་ཆོས་སྣ་ཚོགས་སུ་འཆར་
XXX བའོ། །དྲུག་པས་ཤེལ་དཀར་པོ་གཞན་གྱི་ཁ་དོག་གིས་མི་འགྱུར་བ་ལྟར་མ་བཅོས་པ་རྐྱེན་སྟོབས་ཀྱིས་གཞན་དུ་མི་འགྱུར་བ་སྟེ། ཞེས་བྱ་བའོ། །གཉིས་པ་ནི་འགྲོ་བ་ཞེས་པ་ལ་སོགས་སྟེ། སྐྱེ་འགྲོ་མཐོ་རིས་དང༌། ངན་སོང་བའི་བདེ་སྡུག་ཐམས་ཅད་ནི་ལས་ལས་སྐྱེས། ལས་དཀར་ནག་ནི་ཉོན་མོངས་པ་ལས་བྱུང༌། དེའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པའི་མཚན་མ་ཡིན་ཏེ། མཚན་མ་དེ་ཉིད་རང་ངོ་ཤེས་ན་མཚན་མེད་ཡིན་པས། བདག་གིས་མཚན་མ་དེ་རང་སར་གྲོལ་བར་རྟོགས་སོ། །ཞེས་བྱ་བའོ། །གསུམ་པ་ནི། རྟོགས་པའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པའི་མཚན་མ་ཡིན་ཏེ། མཚན་མ་དེ་ཉིད་རང་ངོ་ཤེས་ན་མཚན་མེད་ཡིན་པས། བདག་གིས་མཚན་མ་དེ་རང་སར་གྲོལ་བར་རྟོགས་སོ། །ཞེས་བྱ་བའོ། །གསུམ་པ་ནི། རྟོགས་པའི་གླང་ཆེན་ཞེས་པ་ལ་སོགས་པ་སྟེ། ཐབས་ཀྱི་ཁྱད་པར་བཞིས་ཐབས་ལྡན་གྱི་ཉམས་མྱོང་བདེ་བླག་ཏུ་བསྐྱེད་པ་སྟེ། ཡུལ་སྣ་ཚོགས་ལ་འཕྲོས་པའི་རྟོག་མཁན་རང་ངོ་ཤེས་པས་དགུག་པ་གླང་པོ་ཆེ་ལྕགས་ཀྱུས་བཀུག་པ་ལྟ་བུ་དང༌། རང་ལུས་གཞན་ལུས་ཀྱི་བདེ་བས་ཉམས་མྱོང་གི་རྟེན་བྱེད་པ་མེ་ཏོག་གི་རྩི་ཡིས་བུང་བ་བསྡུད་པ་ལྟ་བུ། འོད་གསལ་གྱི་ཏིང་ངེ་འཛིན་བདེ་བ་ཆེན་པོའི་ངང་དུ་བརྩེ་བ་དང་བ་མཚོན་བརྩེ་བ་ལྟ་བུ། གསོལ་འདེབས་ཀྱིས་བར་ཆད་སེལ་ཞིང་རྟོགས་པའི་པདྨ་ཁ་འབྱེད་པ་ཉི་ཟེར་གྱིས་འདམ་སྐྱེས་ཁ་འབྱེད་པ་ལྟ་བུ་སྟེ། ཐབས་ཀྱིས་ཐབས་ལྡན་ལམ་དུ་སློང་བའི་མན་ངག་བདག་གིས་རྟོགས་སོ་ཞེས་བྱའོ། །བཞི་པ་ནི། ཡིད་ཀྱི་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཁྱད་པར་གྱི་ཐབས་བཞི་པ། ཐབས་ལྡན་གྱི་ཉམས་མྱོང་གོམ་པའི་ཕན་ཡོན་མངོན་སུམ་དུ་འབྱུང་སྟེ། གླང་ཆེན་ལྕགས་ཀྱུས་བཀུག་པ་ལྟ་བུའི་ཐབས་ཀྱིས། རིག་པ་རང་གསལ་གྱི་མར་མེ་ཡིད་ཀྱི་མུན་པ་སེལ། བུང་བ་སྦྲང་རྩིའི་སྡུད་པ་ལྟ་བུའི་ཐབས་ཀྱིས་བདེ་བའི་སྦྲང་རྩིའི་རྟོག་པའི་བུང་བས་འཇིབ། ངང་པ་མཚོ་ནང་རྩེ་བ་ལྟ་བུའི་ཐབས་ཀྱིས་འཛིན་པའི་རྦ་རླབས་རྒྱ་མཚོར་ཐིམ།
XXX པདྨ་ཉི་ཟེར་གྱིས་འབྱེད་པ་ལྟ་བུའི་ཐབས་ཀྱིས་བདེ་སྡུག་གི་སྤྲིན་ཚོགས་སྤྲོས་བྲལ་གྱི་ནམ་མཁར་དེངས་ཞེས་བྱ་བའོ། །ལྔ་པ་ནི། ཡི་གེ་གསུམ་ཞེས་པ་ལ་སོགས་པ་སྟེ། ཡི་གེ་གསུམ་ནི། ཨ་དང༌། ས་དང༌། ཀ་དང་གསུམ་སྟེ། ཨ་ཨ་མ་ནི་ཞེས་རྟོགས་བྱེད་ཀྱི་བློ་ཡིད་བྱེད་པ་དང་བྲལ་བའོ། །པ་པ་ར་མཱརྠ་ཞེས་པ་རྟོགས་བྱ་དོན་དུ་མ་གྲུབ་པ་དོན་དམ་པ་སྟོང་པ་ཉིད། ཀ་ཀརྫ་ཞེས་པ། རྟོགས་བྱེད་བློ་ཡིས་རྟོགས་བྱའི་དོན་རྟོགས་པ་གྲུབ་པའི་འབྲས་བུས་མཚན་མ་རང་སར་གྲོལ་བ་སྟེ། དེ་ལྟར་ཡི་གེ་གསུམ་གྱིས་ཡི་གེ་མེད་པར་བསྟན་པས་ཡི་གེའི་རྒྱལ་པོ་ཡི་གེ་མེད་པར་བདག་གིས་རྟོགས་ཞེས་བྱ་བའོ། །དྲུག་པ་ནི། གང་དུ་ཞེས་པ་ལ་སོགས་པ་སྟེ། རྨི་ལམ་གྱི་མ་ཤི་བ་གང་དུ་ཡང་འགྲོ་རྒྱུ་མེད་པ་ལྟར་རྣམ་རྟོག་ཐམས་ཅད་ཡུལ་དང༌། ཡུལ་དུས་འདི་ནས་ཡུལ་དུས་གཞན་དུ་འགྲོ་རྒྱུ་མེད་ལ། རྨི་ལམ་གྱི་ཕ་འོང་ལ་གནས་མེད་པ་ལྟར་རྣམ་རྟོག་ལའང་ཕྱི་ནང་བར་གསུམ་གྱི་གནས་མེད་ཅིང༌། གང་གི་གནས་པ་ཆོས་ཀྱི་དབྱིངས་ཡིན་པས་ནམ་མཁའ་འགགས་པ་མེད་པ་ལྟར་རྣམ་རྟོག་ལ་འགག་པ་མེད་དེ། དེ་ལྟར་འགྲོ་གནས་འགག་མེད་གསུམ་གྱི་དོན་བདག་གིས་རྟོགས་སོ། །ཞེས་བྱ་བའོ། །བདུན་པ་ནི། རྟག་ཏུ་ཞེས་པ་ལ་སོགས་པ་སྟེ། གཏི་མུག་གཏི་མུག་གིས་རྣམ་པར་དག་པས་སྒྲིབ་པ་མེད་པའི་གཏེར་ཆེན་ཡིན་ཏེ། གཏི་མུག་གི་བྱེད་པ་མི་ཤེས་པར་སྒྲིབ་པ་ཡིན་ལ། རྨི་ལམ་གྱི་མུན་པ་ལྟར་བསྒྲིབས་པའི་དུས་སུ་སྒྲིབ་མཁན་མེད་པའི་ཕྱིར་རོ། །ཁོང་ཁྲོ་ཁོང་ཁྲོས་རྣམ་པར་དག་པ་འཁྲུགས་པ་མེད་པའི་གཏེར་ཆེན་ཡིན་ཏེ། ཁོང་ཁྲོའི་བྱེད་པ་སེམས་ཀུན་ནས་འཁྲུགས་པ་ཡིན་པ་ལ། སྒྱུ་མའི་མེ་ལྕེ་འཁྲུགས་པ་བཞིན་དུ་འཁྲུགས་པའི་དུས་སུ་འཁྲུགས་མཁན་མེད་པའི་ཕྱིར་རོ། །བག་ཆགས་སམ་འདོད་ཆགས་ཀྱིས་རྣམ་པར་དག་པ་ཞེན་ཅིང་དཀྲིས་པ་མེད་པའི་ཕྱིར་
XXX གཏེར་ཆེན་ཡིན་ཏེ། འདོད་ཆགས་ཀྱི་བྱེད་ལས་ཞེན་ཅིང་དཀྲིས་པ་ཡིན་པ་ལ་སྦྲུལ་མདུད་པ་རང་སར་གྲོལ་བ་བཞིན་དུ། དཀྲིས་པའི་དུས་སུ་དཀྲི་མཁན་མེད་པའི་ཕྱིར་རོ། །དུག་གསུམ་རྣམ་དག་དེ་ཉིད་ཞི་བ་མྱ་ངན་འདས་ཀྱི་གཏེར་ཡིན་པས། དེ་ཉིད་གཞན་ན་ནི་མེད་ཀྱི་རང་ལ་ཡོད་པ་ཤེས་པར་གྱིས་ཤིག །ཅེས་བྱའོ། །བརྒྱད་པ་ནི། འཇིག་རྟེན་པ་ཞེས་པ་ལ་སོགས་པ་སྟེ། འདི་ལྟར་སྣང་བའི་འཇིག་རྟེན་ནི་སྒྱུ་མ་ལྟ་བུའི་ལས་ཀྱིས་བསྒྲུབ་པ། སྒྱུ་མའི་ལས་དེའང་སྒྱུ་མ་ལྟ་བུའི་ཡིད་ཀྱིས་བསྒྲུབས་ཏེ། རྐུན་པོ་ངོས་ཟིན་ན་དེས་རྐུ་མི་ནུས་པ་ལྟར། སྒྱུ་མར་ཤེས་པས་བདེན་ཞེན་ལོག་པ་ནི་སྡུག་བསྔལ་རང་སར་ལྡོག་གོ །ཞེས་བྱ་བའོ། །དགུ་པ་ནི། སྒྱུ་མར་རྟོགས་ཞེས་པའི་ཚིག་རྐང་གཉིས་ཏེ། ཤེས་རབ་ཟབ་མོས་སྒྱུ་མར་རྟོགས་པས་བདེན་རྟོག་དང་བྲལ་ལ། སྙིང་རྗེ་ཆེན་པོས་སྒྱུ་ཙམ་ཡང་མི་གནས་ཏེ། སེམས་ཅན་གྱི་དོན་རྒྱ་ཆེར་བྱེད་པས་ཤེས་རབ་དང་སྙིང་རྗེ་ཟུང་འཇུག་སྒྲུབ་པ་ལ་མཁས་སོ། །ཞེས་བྱ་བའོ། །དགུ་ཁྲག་གཅིག་པོ་འདི་དག་ཀྱང༌། སྐྱེས་བུ་དབང་པོ་རབ་ཀྱི་དབང་དུ་བྱས་ཏེ། དབང་པོ་རབ་ཀྱི་ཐ་མ་དང༌། རབ་ཀྱི་འབྲིང་དང༌། རབ་ཀྱི་རབ་རྣམས་ལ་གོ་རིམ་ལྟར། ཚིག་ལེའུར་བྱས་པ་གསུམ་གསུམ་སྦྱར་བ་ཡང་ཤེས་པར་བྱའོ། །སྤྱི་དོན་གསུམ་པ་སྒྲུབ་པ་མཐར་ཕྱིན་པས་དོན་ཆེན་གྲུབ་པའི་རྟོགས་པ་བརྗོད་པ་ནི། མི་གནས་ཞེས་པའི་ཚིག་རྐང་གཉིས་ཏེ། སྔར་སྨོས་པ་ལྟར་ཤེས་རབ་དང་སྙིང་རྗེ་ཟུང་འཇུག་གི་རྟོགས་པ་སྐྱེས་པ། ཡུན་རིང་པོ་ནས་བསྒྲུབས་པའི་འབྲས་བུས་དག་དོད་མཐར་ཕྱིན་ཏེ། ཐབས་ཤེས་རབ་གཉིས་ཀྱིས་འཁོར་འདས་གཉིས་ལ་མི་གནས་པར། རང་དོན་དང་གཞན་དོན་ཕུན་སུམ་ཚོགས་པས། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་རྙེད་པ་དང་མཚུངས་སོ་ཞེས་བྱ་བའོ། །འཇིག་རྟེན་མགོན་པོས་རྣམ་འདྲེན་རྒྱལ་པོ་ལ། །དོ་ཧ་
XXX རྡོ་རྗེའི་གླུ་གསུངས་དེ་མ་ཐག །རྒྱ་ལས་འབུར་བཞིན་ཐུགས་ལ་ལེགས་འཁྲུངས་ཉམས། །རྟོགས་བརྗོད་སུམ་ཅུའི་རྣམ་བཤད་མདོ་ཙམ་བཀྲོལ། །དགེ་བ་འདི་ཡི་རྗེས་འཇུག་སྙིང་དཀྱིལ་དུ། །ལྷན་ཅིག་མ་རིག་འཐིབ་པོའི་མུན་བསལ་ནས། །དེ་རྗེས་མཁའ་ཁྱབ་མ་རྣམས་རང་རིག་ལའང༌། །རང་བྱུང་མངོན་རྟོགས་དྲི་མེད་འབར་བ་ཤོག །རྟོགས་པ་བརྗོད་པ་སུམ་ཅུ་པའི་དོ་ཧ་རྡོ་རྗེའི་ཚིག་འབྲུ་རྣམ་པར་བཤད་པ། དགེ་སློང་དཔལ་གྱི་མིང་ཅན་གྱིས་སྦྱར་བ་རྫོགས་སོ།། །།

Notes


WYLIE TEXT WILL APPEAR HERE

Footnotes



Research Information
Translator's notes
Note from Ringu Tulku
The Instructions Given by Chenrezik to Mitra Yogi on How to Rest the Mind.
Notes on the text itself
Notes on authorship
Notes on individuals related to text
Other notes
Genre from Richard Barron's Catalog
Instruction manual
Genre from dkar chag
khrid phran
BDRC Link
VolumeI1CZ3979
BDRC Content Information
No note on contents


Related Content
Recensions
Other Translations
Commentary(s) of this Text in the DNZ
Text(s) in the DNZ of which this is a commentary
Related Western Publications
Related Tibetan Publications
Other Information

Information about Unicode Tibetan and the digitization of this text

As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of fall 2017 that project has not been finished. Note that the folio numbers that appear throughout were added by Nitartha Input Center at the time of input.

Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion.