Tibetan:ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ་ ་ ་ ་

From gDams Ngag mDzod
Jump to: navigation, search
Upload a file
Click the picture above to view the original manuscript.
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ་ ་ ་ ་
shes rab kyi pha rol tu phyin pa'i man ngag gcod kyi gzhung shes rab skra rtse'i sa gzhung spel ba rin po che'i gter mdzod
Damngak Dzö Volume 14 (ཕ་) / Pages 81-99 / Folios 1a1 to 10a4

Tibetan Text

༨༡

༄༅། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ་བ་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།

༨༢

༄༅། །ན་མོ་གུ་ར་ཝེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ་བ་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་བླ་མ་དང་ལྷག་པའི་ལྷ་མཆོག་འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །ལོངས་སྐུ་བདེ་ཆེན་རིགས་ལྔ་མཁའ་འགྲོའི་ཚོགས། སྤྲུལ་སྐུ་བརྩེ་ཆེན་རྗེ་བཙུན་སྒྲོལ་མ་ཡིས། སྐུ་གསུང་ཐུགས་སྤྲུལ་ལབ་ཀྱི་སྒྲོན་མར་འདུད། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའ་དོན། མཐར་ཐུག་ཤེས་རབ་ཕ་རོལ་ཕྱིན་པ་ཡི། མན་ངག་མཆོག་རབ་བདུད་བཞི་གཅོད་པའི་ཐབས། རྨད་བྱུང་ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ། ཤེས་རབ་སྐྲ་རྩེ་འདི་ལ་གསུམ། ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་ནོ། །དང་པོ་ལ་གསུམ་ལས། ཐོག་མར་ཕྱག་འཚལ་བ་ནི། ཀུན་གྱི་ཡུམ་ལ་ཕྱག་འཚལ་ལོ། ཞེས་ཏེ། འཕགས་པ་ཉན་རང་དང་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། དེ་

༨༣

དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྐྱེད་པའི་ཕྱིར་ཡུམ་མོ། །དེ་ལྟར་ཡང་ཡུམ་ལས། གང་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །གང་རང་སངས་རྒྱས་ཀྱིས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །གང་བྱང་ཆུབ་སེམས་དཔའི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །ཞེས་དང་། མགོན་པོ་བྱམས་པས། ཉན་ཐོས་ཞི་བ་ཆོལཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། འགྲོ་ལ་ཕན་པར་མཛད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་

༨༤

ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །ཞེས་མངོན་རྟོགས་རྒྱན་ལས་གསུངས་སོ། །གཉིས་པ་བཤད་པར་དམ་བཅའ་བ་ནི། དམན་པའི་ལུས་བླངས་བདག་འདྲ་ཡིས། །རྒྱལ་བའི་ཡུམ་གྱི་དོན་རྟོགས་པས། །རང་རིག་དམིགས་པའི་ཡུམ་འདས་ཀྱང་། །དོན་མཆོག་སྒྲོན་མེ་འདི་བཤད་ཟུངས། ཞེས་ཏེ། དམན་པའི་ལུས་གསུངས་པ་ནི། འཇིག་རྟེན་ཕལ་པ་དང་བསྟུན་ནས། ཁེངས་བསྐྱུང་བ་ཡིན་གྱི་མ་ཉིད་སྤྲུལ་པའི་སྐུ་ཡིན་པས། དམན་པ་མ་ཡིན་ཏེ། རྡོ་རྗེ་གུར་ལས། བུད་མེད་སྒྱུ་མའི་གཟུགས་ཀྱིས་ནི། །འདོད་ཆགས་ཅན་ལ་ཆོས་གསུང་ངོ་། །བུད་མེད་སྒྱུ་མ་སངས་རྒྱས་ཉིད། །སྒྱུ་མ་ཐམས་ཅད་སེལ་བར་བྱེད། ཅེས་དང་། བདེ་མཆོག་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། ཞེས་གསུངས་སོ། །དེ་བས་ན་འདིར་ཡང་རྒྱལ་ཡུམ་རྟོགས་པར་ཞལ་གྱིས་བཞེས་ནས། དེ་ཉིད་གཞན་ལ་སྟོན་པ་ནི་སངས་རྒྱས་ཀྱི་མཛད་པ་ཡིན་ཏེ། མདོ་ལས་ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་། །འགྲོ་བའི་གནོད་པ་ཕྱག་གིས་སེལ་མི་མཛད། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མི་ནུས། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། ཅེས་སོ། །གསུམ་པ་ཉམས་སུ་བླང་བར་གདམས་པ་ནི། བློ་ལྡན་གང་ཞིག་སུ་ཡང་རུང་། །འཁོར་བའི་ཆོས་ལ་ཡིད་དབྱུང་ཞིང་། །ངེས་པར་ཐར་པ་ཐོབ་འདོད་པས། །སྤང་བླང་ཐབས་ཀྱིས་འདི་ལྟར་སྤྱད། ཞེས་ཏེ། བློ་ལྡན་ནི་ཐེག་པ་ཆེན་པོའ་རིགས་ཅན་ངེས་འབྱུང་གི་བསམ་པས་ཐར་པ་དང་། ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་འདི་ལ་སློབ་ཅིག་པའོ། །གཉིས་པ་གཞུང་གི་དོན་ལ་གཉིས་ལས། མདོར་བསྟན་པ་ནི། བྱ་བ་ཐམས་ཅད་བློས་བཏང་ནས། །རྒྱུན་དུ་གཉན་ས་རི་ཁྲོད་འགྲིམས། །སྙེམས་མེད་གདེང་གི་བཙན་ས་བཟུང་། རང་གི་

༨༥

འདུག་ཚུལ་བྱར་བྱ། །དེ་ཉིད་དོན་ལ་རང་ངོ་སྤྲད། །རང་ལ་རང་གིས་ཞེ་བསྐུལ་གདབ། ཞེས་ཏེ། ཚེ་འདིའི་བྱ་བ་བློས་བཏང་ནས། བླ་མ་དམ་པར་ངོ་སྤྲོད་དང་གདམས་པ་ཞུས་ལ་རི་ཁྲོད་དུ་སྒོམས་ཤིག་དང་། །རྒྱས་པར་བཤད་པ་ལ་དྲུག་ལས། དང་པོ་དོན་གྱི་བྱ་བ་ཞལ་ཏའི་ཚུལ་དུ་གསུངས་པ་ལའང་ལྔ་ལས། དང་པོ་མདོར་བསྟན་པ་ནི། །ཕ་རོལ་ཕྱིན་བཅུ་ལ་སོགས་ཀུན། །སྒོ་གསུམ་དོན་དང་མཐུན་པར་སྤྱད། ཅེས་ཏེ། ཐོག་མར་ལོངས་སྤྱོད་དང་ཁྱིམ་ལ་ཆགས་པས་འཁོར་བ་ལས་མི་འཕགས་པས་དེའི་གཉེན་པོར། སྦྱིན་པ་དང་། ཚུལ་ཁྲིམས་སོ། །འཕགས་ནས་ལྡོག་པའི་རྒྱུ་སེམས་ཅན་ལོག་པར་སྒྲུབ་པས་སུན་པ་དང་། ཡུན་རིང་པོར་དགེ་བ་ལ་སྦྱོར་བས་སྐྱོབ་སྟེ། དེ་ཡི་གཉེན་པོར་བཟོད་པ་དང་། བརྩོན་འགྲུས་སོ། །མི་ལྡོག་པ་དེ་ཆུད་ཟ་བའི་རྒྱུ་ནི་རྣམ་པར་གཡེང་བ་དང་། འཆལ་པའི་ཤེས་རབ་སྟེ། དེའི་གཉེན་པོར་བསམ་གཏན་དང་། ཤེས་རབ་པོབོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་ཀྱི་ཡེ་ཤེས་བཞི་ནི། དགེ་བའི་རྩ་བ་རྣམས་ཐམས་ཅད་དང་ཐུན་མོངསམོང་སུདུ་བྱས་ཏེ་བྱང་ཆུབ་ཆེན་པོར་བསྔོ་བ་ནི་ཐབས་སོ། །སྨོན་ལམ་སྣ་ཚོགས་འདེབས་ཤིང་འགྲུབ་པར་བྱེད་པ་ནི་སྨོན་ལམ་མོ། །སོ་སོར་རྟོག་པ་དང་སྒོམ་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་མི་གཅོད་པ་ནི་སྟོབས་སོ། །དྲུག་པོ་འདི་ཉིད་ཀྱི་ཡེ་ཤེས་ལ་ལོངས་སྤྱོད་པ་དང་། སེམས་ཅན་སྨིན་པར་བྱེད་པ་ནི་ཡེ་ཤེས་སོ། །གཉིས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་དོན་ལ་བསླབ་པ་ནི། །ཕྱོགས་རིས་མེད་པའི་བསོད་ནམས་སོགས། །རློམས་སེམས་མེད་པར་ལྷུག་པར་ཞོག །ཅེས་པ་ནི་སྦྱིན་ཡུལ་ཕྱོགས་རིས་མེད་པ་དང་། འབྲས་བུ་ལ་རློམས་སེམས་མེད་པར་སྦྱིན་པ་ཐོངས་ཤིག་པའོ། །མ་ཡེངས་རྒྱུན་དུ་ཉམས་

༨༦

ལེན་མཛོད། །ཚིགས་དོན་གཉིས་ཀྱི་ཞུ་གཏུགས་གྱིས། ཚུལ་ཁྲིམས་ལ་ཡེངས་པ་མེད་པའི་གུས་སྦྱོར་དང་རྒྱུན་དུ་ཉམས་སུ་ལེན་པའི་རྟག་སྦྱོར་གྱི་ཚུལ་ཁྲིམས་ཚིག་ལ་མ་ལུས་པར་སྲུངས་ཤིག་པའོ། །ཉོན་མོངས་ཁོང་ཁྲོ་དགྲ་སྡང་བཞིན། །ཡན་པར་མ་གཏོང་མགོ་བོ་ནོན། ཉོན་མོངས་ཁོང་ཁྲོ་སྐྱེས་པའི་ཚེ་བཟོད་པའི་གཉེན་པོས་སླེབས་པར་གྱིས་ཤིག་པའོ། །རིག་པ་སེམས་ཀྱི་བརྩོན་འགྲུས་ཀྱིས། །བེམ་པོའ་ལུས་ལ་ཞི་བསྐུལ་ཐོབ། ལུས་ཀྱི་བདེ་སྐྱིད་ལ་མ་ཆགས་པར་བརྩོན་འགྲུས་རྩོམས་ཤིག་པའོ། །སྣང་ཕྱིར་འབྲང་ན་བདུད་ཀྱིས་ཁྱེར། །དམན་ས་བཟུང་ལ་སེམས་ཉིད་སྦྱོངས། རྣམ་གཡེང་གི་ཡུལ་སྤོངས་ལ་དབེན་པར་བསམ་གཏན་སྒོམས་ཤིག་པའོ། །འདུས་བྱས་དགེ་རྩ་དཀོར་ནོར་བཞིན། །དམིགས་པ་མེད་པའི་གཏེར་དུ་སྤོས། ཟག་བཅས་ཀྱི་དགེ་བ་རྣམས་ཟག་མེད་ཤེས་རབ་ཀྱི་རྒྱས་ཐེབ་པར་གྱིས་ཤིག་པའོ། །ཕྱི་ཤུལ་ངོ་ཆེན་བར་ཆད་འབྱུང་། །གང་ཡང་དྲན་པའི་ཚེ་ན་མཛོད། །ཐུག་ཕྲད་ཀྱི་སྣང་བ་ཐམས་ཅད་ཐབས་མཁས་པས་བྱང་ཆུབ་ཀྱི་ལམ་ལ་སྒྱུར་ཅིག་པའོ། །རང་གི་ཡོན་ཏན་བདག་གཞན་དོན། །འཛངས་མའི་ནོར་བཞིན་ལོངས་སྤྱོད་གྱིས། སྨོན་ལམ་སྣ་ཚོགས་ཀྱིས་རང་གཞན་གྱི་དོན་སྒྲུབས་ཤིག་པའོ། །བློ་སྣ་མང་ན་ལ་མི་ཟློས། །དོན་ལ་དགོངས་ཤིག་བློ་ཐག་ཆོད། བྱ་བ་ཐམས་ཅད་གཅིག་ཏུ་དྲིལ་ནས་དགེ་བའི་སྟོབས་སྐྱེད་ཅིག་པའོ། །རྟོགས་པ་ཡེ་ཤེས་དགོངས་པའི་ཉམས། །རང་སྣང་བཞིན་དུ་གོམས་འདྲིས་མཛོད། རྟོགས་པའི་ཡེ་ཤེས་ཀྱིས་རང་གཞན་སྨིན་པར་གྱིས་ཤིག་པའོ། །གསུམ་པ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་དོན་ལ་བསླབ་པ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས། ཡང་དག་ལྟ་དང་འཚོ་དང་རྩོལ་བ་དང་། དྲན་དང་ཏིང་འཛིན་ངག་དང་

༨༧

ལས་མཐའ་དང་། །ཡང་དག་རྟོགས་ཉིད་ལམ་གྱི་ཡན་ལག་བརྒྱད། །འདི་ནི་ཞི་བར་བགྱི་སླད་བསྒོམ་པར་བགྱི། ཞེས་གསུངས་པ་ལྟར། བསོད་ནམས་ཆོས་ཀྱི་བར་ཆད་ཡིན། །ངོ་སྲུང་འདུ་འཛི་སྤངས་ན་བདེ། །ཞེས་ཕྱིན་ཅི་ལོག་གི་རྩོལ་བ་སྤངས་པ་ཡང་དག་པའི་རྩོལ་བའོ། །ལྡོམ་བུ་ཡུན་རིང་ལྟོ་ཕྱིར་འཆོར། །ལུས་སེམས་དགོན་པ་བསྟེན་ན་བདེ། ཡང་དག་པའི་འཚོ་བའོ། །བཤད་པ་ཡུན་རིང་རང་དོན་འཆོར། །མ་ཡེངས་སྒྲུབ་ལ་བརྩོན་པར་མཛོད། །ཅེས་ཡང་དག་པའི་ངག་དང་། བརྡའ་ཙམ་བསྟན་པའི་ཆོས་རྣམས་ཀུན། །དཔེ་ཐོག་མ་བཞག་ཉམས་སུ་ལོངས། ཞེས་ཡང་དག་པའི་ལྟ་བ་དང་། ཟབ་མོར་གསུངས་པའི་གདམས་ངག་དེ། །གསང་ཚིག་བཞིན་དུ་ཞེ་ལ་འཆང་། ཞེས་ཡང་དག་པའི་ལས་ཀྱི་མཐའ་དང་། གོ་ཚད་ཡུལ་དུ་མ་བཞག་པར། །རང་གི་རྒྱུད་དང་འདྲེས་པར་མཛོད། ཅེས་ཡང་དག་པའི་རྟོགས་པ་དང་། །འགགས་མེད་རང་བྱུང་རིག་པའི་སེམས། །སེམས་མེད་དབྱིངས་སུ་ཡན་དུ་ཆུག །ཅེས་ཡང་དག་པའི་དྲན་པ་དང་། །བྱུང་ཚོར་དྲན་རིག་ན་བུན་བཞིན། །རང་ཡ་ལ་ལགས་པས་རྗེས་མ་བཅད། ཅེས་ཡང་དག་པའི་ཏིང་ངེ་འཛིན་ཏོ། །འདི་དག་སྒོམ་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཇི་ལྟ་བ་བཞིན་ཡོད་ལ། སོ་སོ་སྐྱེ་བོའ་སྐབས་འདིར་རྗེས་མཐུན་པ་ཙམ་མོ། །བཞི་པ་ཟབ་མོ་དོན་གྱི་གདམས་ངག་ནི། རླུང་རིག་བག་ཆགས་ས་བོན་ཏེ། །འཁྲུལ་པའི་རྩ་བ་ཡིན་པས་ན། །ཐོག་མའི་རྒྱུ་རྐྱེན་གང་ཡིན་པས། །བྱུང་ཁུང་རྡོས་པ་ཕྱི་འབྲང་ཆོད། །ཟབ་མོ་དོན་གྱི་ངོ་སྤྲོད་ནི། །བླ་མ་དམ་པའི་ཞལ་ལ་རག །ཅེས་ཏེ། རླུང་རིག་དབྱེར་མེད་ཀྱི་སེམས་ལ་འཁོར་བའི་བག་ཆགས་ཐམས་ཅད་གནས་པ་དེའི་གཞི་རྩ་ཆོད་པའི་

༨༨

ངོ་སྤྲོད་ཞུས་ཤིག་པའོ། །ལྔ་པ་ཡུལ་སེམས་གཉིས་མེད་དུ་བཞག་པའི་ཞིབ་རྒྱས་བཤད་པ་ནི། བྱང་ཆུབ་སེམས་ཀྱི་སྦྱིན་པ་བཏང་། །ཀུན་ཀྱང་རང་བྱུང་སེམས་ཡིན་པས། །སྣང་སྲིད་ཆོས་ལ་ཉེ་རིང་མེད། །བདག་ཉིད་ཁྱབ་གདལ་ཆེན་པོར་ཞོག །ཅེས་ཏེ། ངོ་སྤྲོད་ཐོབ་པའི་རྣལ་འབྱོར་པས་དབྱིངས་རིག་སྣང་གསུམ་ལ་གཡོ་བ་མེད་པར་མཉམ་པ་ཉིད་ཁྱབ་གདལ་དུ་ཞོག་ཅིག་པའོ། །ལྔ་པོ་དེ་དག་སྤྱི་དོན་དང་པོ་ལས་གྱེས་པའོ། །གཉིས་པ་ཉམས་ལེན་ལམ་ཁྱེར་ཁལ་འགེལ་གནད་དུ་གསུངས་པ་ལ་གཉིས་ལས། དང་པོ་མདོར་བསྟན་པ་ནི། སེམས་ཆོས་ལྟ་བསྒོམ་བསྲེ་བ་དང་། །ཉམས་ལེན་བདར་ཤ་བཅད་པ་དང་། །ལྟ་བ་ཕུ་ཐག་བཅད་པ་དང་། །མཉམ་ཉིད་ལམ་དུ་བསླང་བའི་ཕྱིར། །སེམས་ལ་གནོད་པའི་ཡུལ་རྣམས་ཀུན། །འཁྲི་བ་བཅད་པའི་གདམས་ངག་མཆོག །ཅེས་ཏེ། ལམ་བསྒོམ་པའི་ཆེད་དུ་འཁྲི་བ་བཅད་པར་གདམས་པའོ། །རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ཐོགས་བཅས་ཀྱི་བདུད་ངོས་བཟུང་བ་ནི། དང་པོ་གསར་བུ་པ་ཡི་ཚེ། དགྲ་གཉེན་བྱམས་སྡང་གཡེང་བའི་ནོར། །ཆགས་སྡང་བདག་འཛིན་བདུད་ཡིན་པས། ཞེས་ཏེ། ཐོགས་བཅས་ཡུལ་གྱི་འཁྲི་བ་བསྟན་པའོ། །གཉིས་པ་དེ་བཅད་ཐབས་བསྟན་པ་ནི། ཡུལ་དང་བྲལ་བ་གཅོད་དུ་གསུངས། ཞེས་ཏེ། ལས་དང་པོ་པ་ལ་ཡུལ་སྤང་བར་བསྟན་པའོ། །གསུམ་པ་ཐོགས་མེད་ཀྱི་བདུད་ངོས་བཟུང་ཞིང་བཅད་ཐབས་བསྟན་པ་ནི། ཐོགས་མེད་བློས་བདག་ཁུ་འཕྲིག་བདུད། ཉམ་ང་མེད་པའི་གདེང་གིས་གཅོད། ཅེས་ཏེ། ཐོགས་མེད་ནང་སེམས་ཀྱི་འཁྲི་བ་གཞི་རྩ་མ་གྲུབ་པར་ཤེས་པས་གཅོད་པའོ། །བཞི་པ་མ་ཆོད་ན་ཐོག་འགེལ་བསྟན་པ་ལ་གསུམ་གྱི། དང་པོ་

༨༩

ཐོགས་མེད་ཀྱི་བདུད་གཏན་ལ་དབབ་པ་ལའང་གསུམ་ལས། དང་པོ་ཐོག་འགེལ་གལ་ཆེ་བར་བསྟེན་པ་ནི། དེ་ཚེ་མི་མཐུན་རྐྱེན་བྱུང་ན། །ཐོག་འགེལ་གནད་དུ་ཤེས་པ་གཅེས། ཞེས་ཏེ། ཐོགས་བཅས་ལ་འཇིག་རྟེན་མཐུན་འཇུག་ལྟར་བྱ་བ་དང་། ཐོགས་མེད་ལ་རོ་སྙོམས་ཐོག་རྗིས་བྱ་བའོ། །གཉིས་པ་རློམས་སེམས་མེད་པར་དཔེའི་བཞག་ཐབས་བསྟན་པ་ནི། །ཞེ་འདོད་རློམས་སེམས་བྱ་མི་རུང་། །གཉན་སར་གནས་པའི་བྱོལ་སོང་ལ། །གཉན་སར་སེམས་བྱེད་རློམས་སེམས་མེད། །ཕ་ཝང་ལ་སོགས་རྩི་ཤིང་ཡང་། །ཕན་གནོད་སྙེམས་བྲལ་རློམས་སེམས་མེད། །དེ་བཞིན་ཉིད་དུ་ཤེས་པར་བྱ། འདིར་དེ་བཞིན་ཉིད་ཤེས་ནས་གཉན་སར་ཡོད་པའི་བྱོལ་སོང་དང་ཕ་ཝང་ལ་སོགས་ལྟར་བཞག་པར་གསུངས་ཀྱང་། དེང་སང་གཅོད་པ་རྣམས་ཀྱིས་དམིགས་པ་རྩུབ་མོ་མ་བྱས་པར་གཉན་ས་མི་ཆོད་ཏེ། གལ་ཏེ་ཆོད་ན་རི་གསེབ་ཀྱི་རྐུན་མ་དང་། རི་ཁའི་ཅེ་སྤྱང་རི་དྭགས་རྣམས་ཀྱིས་ཀྱང་གཉན་ས་ཆོད་པར་འགྱུར་རོ། །ཞེས་ཟེར་བ་སྣང་ངོ་། །དེ་ནི་ཡང་དག་པ་མ་ཡིན་ཏེ། རྣལ་འབྱོར་པ་རང་ཉིད་ཁྲམ་རྐུན་རི་དྭགས་སོགས་དང་མགོ་སྙོམས་པའི་ཕྱིར་དང་། ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ལ་རག་ལས་པ་མ་ཤེས་པའི་ཕྱིར་རོ། །དེས་ན་ཁྲམ་རྐུན་སོགས་ལ་སྡིག་པའི་སེམས་ལས་ཤེར་ཕྱིན་གྱི་ཉམས་ལེན་མེད་ལ། རྣལ་འབྱོར་པ་ལ་ཤེར་ཕྱིན་གྱི་ཉམས་ལེན་ཡོད་པས། གཉན་ས་ཆོད་པ་ཡིན་ཏེ། ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་མདོ་སྡེ་དཔག་ཏུ་མེད་པ་ནས་ཤེར་ཕྱིན་གྱི་བྱིན་རླབས་དང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་པ་རྣམས་ཀྱང་དྲན་པར་བྱའོ། །དེ་བཞིན་དུ། ནམ་མཁའ་ནི་ནམ་མཁའ་རྣམ་པར་འཁྲུགས་པར་མི་བྱེད་དོ། །ཕྱིའི་ནམ་མཁའ་ནི་ནང་གི་

༩༠

ནམ་མཁའ་རྣམ་པར་འཁྲུགས་པར་མི་བྱེད་དོ། །ནང་གི་ནམ་མཁའ་ནི་ཕྱིའི་ནམ་མཁའ་རྣམ་པར་འཁྲུགས་པར་མི་བྱེད་དོ། །ཞེས་ཡུམ་རྒྱས་པ་ལས་གསུངས་སོ། །ཡང་ན་ནམ་མཁའ་ལྟ་བུར་བཞག །ནམ་མཁའ་འདུ་ཤེས་མེད་པ་བཞིན། །འདུ་ཤེས་མེད་པར་ཕྱལ་གྱིས་བཞགས། །ནམ་མཁའ་ཁུ་འཕྲིག་མེད་པ་བཞིན། །ཁུ་འཕྲིག་མེད་པར་ཀློད་ལ་བཞག །ནམ་མཁའ་རེ་དོགས་མེད་པ་བཞིན། །རེ་དོགས་མེད་པར་དུམ་ལ་བཞག །ནམ་མཁའ་བདག་འཛིན་མེད་པ་བཞིན། །བདག་ཏུ་འཛིན་པ་ཐོང་ལ་ཞོག །ནམ་མཁའ་རློམ་སེམས་མེད་པ་བཞིན། །གང་ཡང་རློམ་སེམས་མ་བྱེད་ཅིག །ཅེས་གསུངས་ཏེ། ཚིག་གི་དོན་ནི་གོ་སླ་ལ། དེ་དག་གི་དོན་ནི་ཡུམ་རྒྱས་པ་ལས། གཟུགས་ནི་ནམ་མཁའི་རྟེན་ཅན་ཏེ་དེ་དང་། རྟེན་དེ་ལས་མི་འདའ་འོ། །ཞེས་ཕུང་པོ་ལྔ་ནས་བརྩམས་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སྦྱར་ནས་གསུངས་པ་དང་། གཟུགས་ནི་ནམ་མཁའི་ངང་ཚུལ་ཅན་ནོ་ཞེས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཞེས་ཕུང་པོ་ལྔ་སོགས་ལ་སྦྱར་ནས་རྒྱ་ཆེར་གསུངས་པ་ལྟར། ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་ཤེས་པའི་ངང་ལ་མཉམ་པར་བཞག་པའོ། །གསུམ་པ་ཆོ་འཕྲུལ་རང་དུ་ངོ་སྤྲད་པ་ནི། །སྙེམས་བྱེད་རྟོག་པའི་ཕྱིར་མ་འབྲང་། །ཕྱི་རོལ་ཆོ་འཕྲུལ་རང་དུ་བརྟག །ཅེས་སོ། །གསུམ་པོ་དེས་ཐོགས་མེད་ཀྱི་བདུང་གཅོད་པ་སོང་ནས། དགའ་བྲོད་ཀྱི་བདུད་གཅོད་པ་ལ་གཉིས་ལས། དང་པོ་ཐུན་མོང་གི་དངོས་གྲུབ་ལ་བདུད་དུ་ངོས་བཟུང་ཞིང་གཅོད་པ་ནི། བྱིན་རླབས་རྫུ་འཕྲུལ་ཁྱད་པར་ཆོས། །སྙན་གྲགས་བསྙེན་བཀུར་ཕྱི་ནང་རྟགས། །མངོན་ཤེས་ལུང་བསྟན་ཐུན་མོངས་ཀུན། །བདུད་དུ་བརྟགས་ལ་གཏེར་དུ་སྤོས། ཞེས་ཏེ། དེ་རྣམས་ལ་ང་

༩༡

རྒྱལ་རློམ་སེམས་བྱུང་ན་བདུད་ཡིན་པས། །མཆོག་འཛིན་སྤངས་ལ་སྒྱུ་མ་རྨི་ལམ་དུ་ཤེས་པར་བྱའོ། །གཉིས་པ་ལོངས་སྤྱོད་ལ་མ་ཆགས་པར་གདམས་པ་ནི། །ཟང་ཞིང་ལོངས་སྤྱོད་སྒྱུ་མར་བརྟགས། །ཆགས་སེམས་ཞེན་པ་སྤང་བར་བྱ། ཞེས་ཏེ་གོ་བར་ཟད་དོ། །གཉིས་པོ་དེས་དགའ་བྲོད་ཀྱི་བདུད་གཅོད་པ་སོང་ནས། གསུམ་པ་སྙེམས་བྱེད་ཀྱི་བདུང་གཅོད་པ་ལ་དགུ་ལས། དང་པོ་གང་ལའང་ཞེན་པར་མི་བྱེད་པའི་གདེང་ནི། །གང་ཡང་ཞེན་པར་མ་བྱེད་ཅིག །མི་དམིགས་པར་ཡང་དམིགས་མི་བྱ། །སྣང་སྲིད་ཆོས་ཀྱང་མ་དམིགས་ན། །སེམས་དགོངས་དམིགས་པར་ག་ལ་འགྱུར། (ཡུམ་རྒྱས་པ་ལས།) རབ་འབྱོར་དམིགས་པ་ནི་རྒྱ་ཆུང་བ་སྟེ། དམིགས་པའི་འདུ་ཤེས་ཅན་ལ་ཐོབ་པ་མེད་དོ། །མངོན་པར་རྟོགས་པ་མེད་དོ། །བླ་ན་མེད་པའི་བྱང་ཆུབ་མེད་དོ། །གསོལ་པ། བཅོམ་ལྡན་འདས་དམིགས་པ་མ་མཆིས་ན་ཐོབ་པའམ། མངོན་པར་རྟོགས་པའམ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆིས་སམ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །རབ་འབྱོར་ཆོས་ཀྱི་དབྱིངས་ལ་རྣམ་པར་འཁྲུལ་བ་མེད་པའི་ཕྱིར་མི་དམིགས་པ་ཉིད་ཐོབ་པའམ། མི་དམིགས་པ་ཉིད་མངོན་པར་རྟོགས་པའོ། །མི་དམིགས་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་སོ། །ཞེས་དང་། གཉིས་པ་བློ་ཆོས་ཞེན་འདོད་ཀྱིས་དོན་སྒྲིབ་པར་བསྟན་པ་ནི། །བརྗོད་པ་ཉིད་ཀྱི་ཀུན་རྫོབ་བློ། །གང་ཞིག་སྐྱེ་མེད་ཁས་བླངས་པ། །ཁས་ལེན་ཡོད་ཕྱིར་སྐྱེ་མེད་མིན། །གང་ཞིག་སྐྱེ་བ་མེད་འདོད་པ། །འདོད་པ་ཉིད་ཀྱིས་བསྒྲིབ་པར་འགྱུར། །བླུན་པོ་དེ་ནི་དེ་དང་རིང་། །དེ་ཡིས་དེ་ཡི་དོན་ལ་མིན། ཞེས་དང་། གསུམ་པ་སངས་རྒྱས་སེམས་ཀྱི་ཡུལ་མ་ཡིན་པའི་གཏན་ཚིགས་ནི། །རྟོག་ཅིང་རིག་པ་འཁྲུལ་པ་སྟེ། །འཁྲུལ་པའི་སེམས་ལ་སངས་རྒྱས་མེད། །སངས་རྒྱས་རང་གྲོལ་ཡེ་ཤེས་ལ།

༩༢

སེམས་དང་རྣམ་རྟོག་ག་ལ་ཡོད། །ལུས་དང་བག་ཆགས་ག་ལ་ཡོད། །འདུ་བྱེད་མེད་ཅིང་མཁྱེན་པ་མེད། ཅེས་དང་། བཞི་པ་བརྡ་ཙམ་གྱིས་མཚོན་པ་མི་འགལ་བར་སེམས་དང་རྣམ་རྟོག་ལ་བཟླ་བར་བསྟན་པ་ནི། བརྡའ་ཙམ་བསྟན་པར་ཟད་མོད་ཀྱི། ཞེས་དང་། ལྔ་པ་ཡང་དག་པའི་རྩིས་གདབ་ལས་འདས་པར་ལ་བཟླ་བ་ནི། ཡང་དག་དོན་ནི་འདི་ཡིན་ཞེས། །བསྟན་དུ་མེད་ཅིང་ཕྱོགས་དང་བྲལ། །དམིགས་དང་མི་དམིགས་ཀུན་ལས་འདས། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས་སོ། །དེ་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར་ཆོས་ཐམས་ཅད་ཀྱང་འདུས་པར་མཐོང་སྟེ། ཆོས་དེ་རྣམས་ཀྱང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེན། །དེ་ནི་འདི་ལྟར་ཆོས་དེ་དག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མེད་དེ། གཉིས་སུ་བྱང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ནི་ཐ་དད་དུ་བྱ་བ་གང་ཡང་ཆོས་ཀྱི་དབྱིངས་སུ་བསྟན་པ་དང་། དེ་བཞིན་ཉིད་དུ་བསྟན་པ་དང་། ཡང་དག་པའི་མཐར་བསྟན་པ་དང་། ཆོས་ཐམས་ཅད་དབྱེར་མེད་དོ། །ཞེས་ཡུམ་རྒྱས་པ་ལས་གསུངས་སོ། །ཞེས་ཏེ། གཞུང་ཚན་ལྔ་པོ་དེ་ཡི་དོན་མཐར་ཐུག་གི་དོན་སྤྲོས་བྲལ་དུ་སྟོན་པ་དབུ་མ་རིག་ཚོགས་ཀྱི་དགོངས་པ་དང་། ཁྱད་པར་མེད་པས་རྒྱས་པར་བཤད་མི་ནུས་ལ། སྤང་གཉེན་དེ་བཞིན་ཉིད་རྟོག་དང་། །འབྲས་བུ་མཚན་འཛིན་བཞི་སེལ་བ། །དེ་ཚེ་ནམ་མཁའི་སྐུ་ཅན་ལ། །མཚན་གྱི་མེ་ཏོག་རྒྱས་པ་ཡིན། །ཞེས་གསུངས་པ་ལྟར་སྤང་བྱར་འཛིན་པ་དང་། གཉེན་པོར་འཛིན་པ་དང་། དེ་བཞིན་ཉིད་ལ་མཚན་མར་འཛིན་པ་དང་། འབྲས་བུ་ལ་མཚན་མར་འཛིན་པ་དང་བྲལ་བའི་ཚེ། ཉོན་སྒྲིབ་དང་ཤེས་སྒྲིབ་བག་ཆགས་དང་བཅས་པ་སྤངས་ནས། ནམ་མཁའ་ལྟ་བུའི་ཆོས་སྐུ་ལ་མཚན་

༩༣

དང་དཔེ་བྱད་ཀྱི་མེ་ཏོག་རྒྱས་པའི་གཟུགས་སྐུ་འབྱུང་བ་ཡིན་ནོ། །རྣལ་འབྱོར་པ་ཐ་སྙད་ལ་མི་མཁས་པས་དོན་སྤྱི་གཏན་ལ་འབེབས་མི་ནུས་ཀྱང་། ཞི་ལྷག་གི་རྣལ་འབྱོར་བསྒོམས་པས་རང་མཚན་མངོན་དུ་བྱེད་ནུས་པ་ཡིན་ཏེ། མགོན་པོ་བྱམས་པས། ཐོགས་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། ཞེས་གསུངས་པ་བཞིན་ནོ། །དྲུག་པ་རང་བྱུང་ལ་སྤང་བླང་མི་བྱ་བར་བསྟན་པ་ནི། ཤུགས་ལས་བྱུང་ན་གང་ཡང་འདྲ། །སྤང་བར་མི་བྱ་བཟུང་མི་བྱ། ཞེས་ཏེ། ཁ་ཅིག་སྟོང་པ་དགྲར་ལངས་ནས་རང་གི་སྦྱིན་བཏང་སོགས་བྱེད་བཞིན་དུ་གཞན་གྱི་ལུས་ངག་གི་དགེ་སྦྱོར་ཁྱད་དུ་གསོད་པ་དང་། རང་ཉིད་མི་ནག་པ་དང་ཐུན་མོང་གི་དགེ་རྩ་ལམ་འཕྲང་འཆོས་པ་ལ་སོགས་ལ་འབད་བཞིན་དུ་གཞན་གྱི་རྟེན་གསུམ་བཞེངས་པ་ལ་སོགས་ལ་ཁྱད་དུ་གསོད་པ་དང་། རང་ཉིད་ཡིག་དྲུག་བསྐུལ་བ་ཙམ་ལ་འབད་བཞིན་དུ་གཞན་གྱི་ཐོས་བསམ་རྒྱ་ཆེན་ཁྱད་དུ་གསོད་པ་དང་། རང་ཉིད་སྡོམ་པ་དང་མ་འབྲེལ་བའི་བར་མའི་དགེ་རྩ་ཙམ་ལའང་བརྩོན་བཞིན་དུ་གཞན་གྱི་སྡོམ་གསུམ་གྱི་སྲུང་སྡོམ་རྣམ་དག་ཁྱད་དུ་གསོད་པ་རྣམས་ནི། ཤུགས་འབྱུང་འགག་མེད་ཀྱི་རྩལ་སྦྱོང་དང་ཚོགས་གཉིས་ཟུང་འཇུག་གི་དགེ་རྩ་སྒྲུབ་མི་ཤེས་པ་ཡིན་ནོ། །འདིའི་འཕྲོས་ལ་སྙིང་རྗེ་དགྲར་ལངས་ཞེས་བྱ་བ། གཞན་ཕན་གྱི་ནུས་པ་མེད་བཞིན་དུ། གཞན་དོན་བྱེད་པ་ཡང་བྱིལ་ཆུང་དང་། སྟོན་སྐྱེལ་གྱི་དཔེས་བཀའ་ཚོམས་ཆེན་མོ་ནས་བཀག་པ་ཡིན་ནོ། །དེས་ན་ལས་དང་པོ་བས། གཞན་དོན་ལས་ལ་མཐུ་མེད་ཀྱང་། དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །ང་ནི་

༩༤

དེ་ལ་དོན་གྱིས་ཞུགས། ཞེས་པ་ལྟར་བསམ་པས་གཞན་དོན་བྱ་ཞིང་། སྦྱོར་བས་རང་དོན་སྒྲུབ་པ་ཡིན་ནོ། །ཡང་རྒྱུ་འབྲས་དགྲར་ལངས་ཞེས་བྱ་བ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་རྒྱུ་འབྲས་བསླུ་བ་མེད་པ་ཙམ་གནས། ཀུན་རྫོབ་སྣང་ཙམ་མ་གཏོགས་དོན་ལ་རྒྱུ་འབྲས་གཉིས་ཀའང་བདེན་པར་མ་གྲུབ་པ་མི་ཤེས་པར་རྒྱུ་འབྲས་ལ་དངོས་པོ་ཨ་འཐས་སུ་འཛིན་པ་ཡང་ལམ་སྒྲུབ་པའི་གེགས་ཡིན་པས། དགྲར་ལངས་རྣམ་གསུམ་སོགས་སུ་མ་སོང་བར་གཤིས་སྐྱེ་མེད་དང་། གདངས་འགག་མེད་དུ་ཤེས་པས། ཀུན་རྫོབ་ཏུ་གང་ཡང་མི་སྤང་ཞིང་། དོན་དམ་དུ་གང་ཡང་མི་འཛིན་ལ་མི་བཟུང་བ་ནི་ཟུང་འཇུག་གི་ལམ་མོ། །བདུན་པ་འཛིན་པ་བདུད་ཡིན་པས་གང་ལ་ཡང་གཉེར་མི་བྱ་བར་བསྟན་པ་ནི། གང་ལ་གཅེས་འཛིན་བདུད་ཡིན་པས། །རང་ལུས་ལ་སོགས་སྣང་སྲིད་ཀུན། །དབྱེར་མེད་དྲན་པས་དབྱིངས་སུ་བསྐྱུར། ཞེས་པ་ནི། ལྟ་བ་རྟོགས་པ་ལ་བདུད་དུ་ཆེ་བས་ཐོགས་བཅས་ཀྱི་ཡུལ་ལ་འཛིན་པ་སྤང་བའོ། །བརྒྱད་པ་གཅོད་བརྡའབརྡ་རུ་བསྟན་པ་ནི། ལྷ་འདྲེ་ལ་སོགས་གཅོད་ཡུལ་ཀུན། །རྩལ་སྦྱང་བརྡ་རུ་ཤེས་པར་བྱ། ཞེས་པ་ནི། ཐོགས་མེད་བདུད་ལ་བརྟེན་ནས་ཉམས་ལེན་གྱི་རྩལ་སྦྱོང་བའོ། །དགུ་པ་ཡུལ་མེད་རང་གྲོལ་དུ་ལ་བཟླ་བ་ནི། ལྷ་ཀླུ་ནད་རིམས་ཡ་ངའི་བདུད། །དངོས་སུ་གྲུབ་པ་མེད་པས་ན། །ཡིད་ཡུལ་ཆོ་འཕྲུལ་རང་ཡིན་པས། །ལྷོད་ཀྱིས་ཀློད་ནས་གྲོལ་བར་ངེས། ཞེས་པ་འདིས་ཐམས་ཅད་སེམས་སུ་ཤེས་ནས། སེམས་འཛིན་མེད་དུ་འཇོག་པར་བསྟན་པ་སྟེ། འདི་ནས་ཐོགས་བཅས་ཀྱི་བདུད་གཅོད་པའི་བར་མདོར་བསྟན་པ་དང་བཅས་པས་སྤྱི་དོན་གཉིས་པ་སོང་། སྤྱི་དོན་གསུམ་པ་སྙེམས་བྲལ་ལྟ་བའི་གདེང་དུ་གསུངས་པ་ལ་གཉིས་ལས། དང་པོ་ཡུལ་མེད་རང་

༩༥

གྲོལ་དུ་ཐག་བཅད་པ་ནི། རང་གིས་སྙེམས་ཐག་ཆོད་པ་ལས། །ཕྱི་རོལ་འགྱུར་བ་གང་ཡང་མེད། ཅེས་པའོ། །གཉིས་པ་སྐྱེ་འགག་མེད་པའི་གདིང་བཅའ་བ་ནི། འགག་མེད་སྣང་སྲིད་རང་ཡིན་པས། སྐྱེ་མེད་ཡེ་ཤེས་ཀུན་གྱི་གདིང་། ཞེས་པ་སྟེ། དེ་གཉིས་ཀྱིས་སྣང་སེམས་དབྱེར་མེད་དུ་ཐག་བཅད་པའོ། །སྤྱི་དོན་བཞི་པ་ཁྱད་འཕགས་ཟུང་འཇུག་ཏུ་བསྟན་པ་ལ་བཞི་ལས། དང་པོ་གཅོད་ཁྱད་འཕགས་སུ་བསྟན་པ་ནི། ཟབ་མོའ་གདམས་ངག་ལྟ་བའི་དོན། །རྟོགས་པ་ཁས་ལེན་མ་ཉམ་པ་ལས། རྣལ་འབྱོར་སྤྱོད་པ་རྟོགས་པའི་ཁྱད། །བླང་དོར་གཅོད་ཀྱི་རྩ་བ་འཕགས། ཞེས་ཏེ། ལྟ་བ་གཉིས་མེད་ཡིན་བཞིན་དུ་སྤྱོད་པ་བླང་དོར་གཉིས་མེད་དུ་བསྲེ་བ་ཆོས་ལུགས་གཞན་ལ་མེད་པས་གཅོད་ཀྱི་རྣལ་འབྱོར་ཁྱད་པར་དུ་འཕགས་པའོ། །གཉིས་པ་ཐབས་སུ་བསྟན་པ་ནི། །གང་ལའང་ཞེན་པ་གྲོལ་བ་དང་། །ལྟ་སྤྱོད་བསྲེ་བ་ཐབས་སུ་གསུངས། ཞེས་ཏེ། ཐ་མལ་པ་རྣམས་ལ་ཞེན་པའི་ཡུལ་དེས་ལྟ་སྤྱོད་བསྲེ་བའི་ཐབས་འདི་ཤེས་ན་གྲོལ་བའི་གྲོགས་སུ་འགྱུར་བའོ། །གསུམ་པ་ཐབས་མ་ཤེས་ན་དོན་མེད་པར་བསྟན་པ་ནི། གང་ཞིག་གཉིས་འཛིན་སྙེམས་དང་བཅས། །རློམས་སེམས་རྟག་པ་ཡུལ་དུ་གཅོད། །དོན་དང་མི་ལྡན་ཤིན་ཏུ་བླུན། ཅེས་པ་ནི་གོ་བར་ཟད་དོ། །བཞི་པ་ཐབས་ངོ་མི་ཤེས་ན་ངོ་སྤྲད་དུ་བསྟན་པ་ནི། ཡུལ་མེད་ཐབས་སུ་ཤེས་གྱུར་ན། །ཡུལ་སེམས་ངོ་སྤྲད་གདམས་ངག་ཡིན། ཞེས་པའོ། །སྤྱི་དོན་ལྔ་པ་གནད་གཅེར་ཕོག་ཡིན་ཚུལ་ངོ་སྤྲོད་དུ་བསྟན་པ་ལ་གཉིས་ལས། དང་པོ་གནས་ལུགས་ལ་བཞག་ཐབས་བསྟན་པ་ནི། དེ་ཉིད་དོན་ལ་བཞག་ཐབས་ནི། །འཛིན་མེད་མ་འགགས་ཡིན་པ་ལ། །མ་བཅོས་ལྷུག་པར་བཞག་པ་དང་། །བདག་འཛིན་བག་

༩༦

ཆགས་སྙེམས་བྱེད་བདུད། །ཁུ་འཕྲིག་ཉམ་ང་རེ་དོགས་པས། །གཉིས་འཛིན་འདུ་ཤེས་བཅད་པ་ལས། །ཆེད་དུ་བྱ་བ་གང་ཡང་མེད། །དོན་དུ་གཉེར་བ་གང་ཡང་མེད། །འཛིན་པ་ཐོང་ལ་ལྷུག་པར་ཞོག །ཅེས་པ་ནི། ཆེད་དུ་བྱ་བ་ལུས་ངག་ཡིད་གསུམ་གྱི་རྩོལ་བ་ཐམས་ཅད་སྤོངས་ལ་མ་བཅོས་པར་ཞོག་ཅིག་པའོ། །གཉིས་པ་ཡིན་ཚུལ་ངོ་སྤྲད་པ་ནི། །དུས་གསུམ་སངས་རྒྱས་དགོངས་པ་ཡང་། །སྙེམས་མེད་ནམ་མཁའ་ལྟ་བུ་ལ། །གསལ་སྟོང་ཉི་ཟླ་ལྟ་བུ་སྟེ། །བདག་འཛིན་འདུ་ཤེས་བྲལ་བའོ། །ཞེས་ཏེ། གསལ་སྟོང་ཟུང་འཇུག་འཛིན་པ་དང་བྲལ་བ་ནི། །མཐར་ཐུག་གི་དོན་དུ་བསྟན་པའོ། །སྤྱི་དོན་དྲུག་པ་བསྐུལ་འདེབས་ནན་ཏན་དུ་གསུངས་པ་ལ་གསུམ་ལས། དང་པོ་བདེ་བའི་ཞལ་གདམས་ནི། །ཨེ་མ་ཧོ། །ང་མེད་ལམ་དུ་ཞུགས་ན་བདེ། འཛིན་མེད་གྲོགས་དང་འགྲོགས་ན་བདེ། །འདྲིས་མེད་ཡུལ་དུ་བསྡད་ན་བདེ། །རྟེན་མེད་དགོན་པ་བཟུང་ན་བདེ། །ངོ་སྲུང་ཐག་པ་བཅད་ན་བདེ། །མཐུན་འཇུག་རྩིག་པ་བསྐྱེལ་ན་བདེ། །འཛིན་པ་ཀུན་དང་བྲལ་ན་བདེ། །ཚོགས་དྲུག་ལྷུག་པར་བཞག་ན་བདེ། །དེ་ལྟར་ང་ཡིས་སྨྲས་པ་བཞིན། །རྗེས་འཇུག་དེ་བཞིན་བསླབ་པར་བྱོས། །ཞེས་པའོ། །གཉིས་པ་མཚན་ཉིད་ཀྱི་དོན་ཞལ་ཐེམས་སུ་གསུངས་པ་ལ་གཉིས་ལས། །དང་པོ་གདམས་པ་འདི་ཟུང་ཞིག་པར་བསྟན་པ་ནི། དགོངས་པའི་བཅུད་ཕྱུངས་དོན་བསྡུས་པའི། །ཤེས་རབ་སྐྲ་རྩེའི་ཡི་གེ་འདི། །ཡིད་ལ་ཆོངས་ཤིག་རིགས་ཀྱི་བུ། །དམ་པར་ཟུང་ཞིག་རིགས་ཀྱི་བུ། །འདི་བཞིན་བརྗོད་ཅིག་རིགས་ཀྱི་བུ། །སེམས་ཆོས་སྲེས་ཤིག་རིགས་ཀྱི་བུ། །རྒྱུད་ལ་སྦྱོར་ཅིག་རིགས་ཀྱི་བུ། །གོམས་འདྲིས་གྱིས་ཤིག་རིགས་ཀྱི་བུ། །ཡུལ་ལ་མ་འཛིན་རིགས་ཀྱི་བུ། །ཁུ་འཕྲིག་ཆོད་ཅིག་རིགས་ཀྱི་བུ། ཞེས་པའོ། །གཉིས་པ་སྤང་བླང་

༩༧

མེད་པར་ཐག་ཆོད་ཅིག་པར་བསྟན་པ་ནི། །བྱ་རྩོལ་མེད་ཀྱིས་ངང་ལ་ཞོག །རང་བཞིན་གནས་ཀྱིས་ཞེ་འདོད་ཐོངས། །རང་བྱུང་ཡིན་གྱིས་བློར་མ་ལེན། །རང་གྲོལ་ཡིན་གྱིས་རྗེས་མ་བཅད། །རྒྱུ་རྐྱེན་མེད་ཀྱིས་ལས་མ་སོགས། །སྐྱེ་མེད་ཡིན་གྱིས་བློས་མ་བཅད། །འགག་མེད་ཡིན་གྱིས་རྟེན་མ་འཆའ། །ཟང་ཐལ་ཡིན་གྱིས་རིས་མ་བྱེད། །ཁྱབ་གདལ་ཡིན་ཀྱིས་ཕྱོགས་མ་འཛིན། །རང་ཉིད་ཡིན་གྱིས་གཞན་མ་རེ། །འཆིང་གྲོལ་མེད་ཀྱིས་རེ་མ་དོགས། །བཅོས་སུ་མེད་ཀྱིས་རང་བཞིན་སྡོད། །བསྒྲུབ་ཏུ་མེད་ཀྱིས་ཅོག་གེར་ཞོག །བཙལ་དུ་མེད་ཀྱིས་ལྷན་གྱིས་སྡོད། །འདུ་འབྲལ་མེད་ཀྱིས་དུས་མ་འདེབས། །སྐྱེ་འཆི་མེད་ཀྱིས་སྙེམས་མ་འཆང་། །སྒྱུ་མ་ལྟ་བུའི་དགོངས་པ་ལོངས། ནམ་མཁའ་ལྟ་བུར་བློ་ཐག་ཆོད། ཅེས་པའོ། །གསུམ་པ་གདམས་པ་སྦྱིན་ཡུལ་ལ་གཉིས་ལས། དང་པོ་སྣོད་ལྡན་བསྟན་པ་ནི། དུས་གསུམ་རྒྱལ་བའི་དགོངས་པའི་བཅུད། །ང་ཡིས་སྨྲས་པ་སེམས་དགོངས་དོན། །ཟབ་མོ་དོན་གྱི་གདམས་པ་འདི། །རིགས་དང་ལྡན་ཞིང་དམ་ལ་གནས། །ངང་རྒྱུད་འཇམ་ཞིང་སྤྱོད་ལམ་མཛེས། །སྐྱེ་འཆིས་འཇིགས་ཤིང་བློ་དང་ལྡན། །ཚིག་ཕྱིར་མི་འབྲང་དོན་ལ་མོས། །སྣང་ཕྱིར་མི་འབྲང་ཉམས་སུ་ལེན། དངོས་ལ་མ་ཆགས་སྟོང་མ་བསྒོམ། །དམ་པའི་ཕྱོགས་སུ་སྲོག་མི་ཕོངས། །ཟབ་མོའ་ལམ་ལ་ངེས་ཤེས་སྐྱེ། །དེ་འདྲའི་བློ་ལྡན་སྐྱེས་བུ་ལ། །ང་ཡི་རྗེས་འཇུག་རིག་འཛིན་གྱིས། །ལྟག་མེད་དགོངས་པའི་སྙིང་ཕྱུང་ནས། །སྣོད་ལྡན་བརྒྱུད་འཛིན་ཡིད་གཅུགས་པའི། །སེམས་ཀྱི་བུ་ལ་སྒོམས་སུ་བཅུག །ཅེས་པའོ། །གཉིས་པ་སྣོད་དང་མི་ལྡན་པ་ནི། །གང་ཞིག་བློ་དང་མི་ལྡན་ཞིང་། །སྐྱེ་འཆིར་མི་འཇིགས་གྲགས་པའི་ཆོས། །དམ་པར་མི་འཛིན་རློམ་སེམས་ལྡན། །ཉམས་སུ་

༩༨

མི་ལེན་ཚོད་དཔོག་བྱེད། །རང་སྐྱོན་སྦས་ནས་གཞན་སྐྱོན་རྟོག །དོན་དང་མི་ལྡན་རང་ཉིད་མཐོང་། །གཡོ་སྒྱུ་གཏོང་ཞིང་འཛིན་པས་བཅིངས། །འདོད་པས་ཐེབཐེབས་ཅིང་དྲེགས་པས་ནོན། །བཅུད་ལ་མོས་ཤིང་སྣོད་ལ་འཛེམ། །ཡོན་ཏན་འོག་འབྲུ་ཐབས་ཀྱིས་ལེན། །ཁ་བསགས་འབྲེལ་གྱི་ཐག་པ་གཅོད། །ཕ་མྱོས་གསང་གཏམ་ཁྲོམ་དུ་བསྒྲགས། །གོས་ངན་རྒྱལ་མཚན་རྩེ་ལ་ཕྱར། །ནོར་བུ་རིན་ཆེན་གཅལ་དུ་བཀྲམ། །རིན་ཆེན་ཐིགས་པ་གཏེར་དུ་སྦས། །དེ་ལྟ་བུ་ལ་མི་བསྟན་པར། །ཤིན་ཏུ་སྦས་ཤིང་གསང་བར་བྱ། ཞེས་པའོ། །དེ་ལྟར་རྒྱས་བཤད་སྤྱི་དོན་དྲུག་མདོར་བསྟན་དང་བཅས་པས་གཞུང་གི་དོན་སོང་ནས། མཇུག་གི་དོན་ལ་གསུམ་ལས། །དང་པོ་གདམས་པའི་མཐར་ཐུག་ཏུ་བསྟན་པ་ནི། །དགོངས་པའི་བཅུད་ཕྱུངས་ནས། །གདམས་པའི་རྩལ་སྤྲུགས་པ། བཀའ་ཕ་རོལ་ཏུ་ཕྱིན་པ་བདུད་ཀྱི་གཅོད་ཡུལ་ལས། ཞེས་པའོ། །གཉིས་པ་མཚན་བཤད་པ་ནི། ཤེས་རབ་སྐྲའི་རྩེ་མོ་ཞེས་བྱ་བ་ཞེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྲ་ཞིབ་ཏུ་བསྟན་པས་སྐྲ་རྩེའོ། །རྫོགས་སོ། །ཞེས་བྱ་བ་ནི། གཞུང་འདི་དབུ་ཞབས་ཚང་བའི་ཐ་ཚིག་གོ །གསུམ་པ་རྗེས་འཇུག་ལ་སྨོན་ལམ་བཏབ་པ་ནི། ལས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག །ཅེས་སོ། །དེ་ལྟར་མ་ཉིད་ཀྱི་གསུང་རྣམ་པར་དག་པ་འཕྲི་བསྣན་མེད་པ་འདི་ལ། ཕ་རོལ་ཏུ་ཕྱིན་པ་བཅུའི་སངས་རྒྱས་ཀྱི་ལམ་ཐམས་ཅད་ཚང་བ་ཡིན་ཅིང་། འཕགས་ལམ་ཡན་ལག་བརྒྱད་དུ་ལམ་ཐམས་ཅད་འདུ་བ་ཡིན་ལ། །འདི་གཉིས་གཞུང་འདིར་ངོས་འཛིན་དཀའ་བར་སྣང་བས་ངོས་འཛིན་ནི་བྱས་པ་ཡིན་ལ། འདི་དག་ལམ་རྒྱ་ཆེ་བས་རྒྱས་པར་བཤད་ཀྱིས་མི་ལངས་ལ་བཀའ་ཚོམས་ཆེན་མོ་སོགས་ནས་མ་བསྟན་ཏོ། །བདུད་བཞི་གཅོད་བ་མན་ཆད་བཀའ་ཚོམས་ཆེན་མོ་སོགས་དང་གནད་

༩༩

གཅིག་ཅིང་ཤིན་ཏུ་ཟབ་པ་ཡིན་པས་གང་ཟག་རྟོགས་པ་དང་ལྡན་པ་རྣམས་ཀྱིས་ནི་གོ་བར་སླ་ལ་བློ་དམན་པ་རྣམས་ཀྱིས་བཤད་ཀྱང་གོ་མི་ནུས་པས་ཞིབ་ཏུ་བཤད་པའི་རྩོལ་བ་མ་བྱས་སོ། །ཀུན་ལ་ཕན་བདེའི་དགའ་སྟོན་འགྱེད་མཛད་མ། །དབྱིངས་ཀྱི་དཔལ་མོ་ལབ་ཀྱི་སྒྲོན་མའི་གསུང་། །ཟབ་དང་རྒྱ་ཆེན་ཚོགས་གཉིས་འབྱོར་པའི་ནོར། །མཁའ་མཉམ་འགྲོ་བའི་དབུལ་བ་སེལ་ཕྱིར་སྤེལ། །གནས་སྐབས་སུ་ཡང་འགལ་རྐྱེན་རླུང་འཚུབས་རྣམས། །གཉིས་མེད་ཡེ་ཤེས་མེ་ཡི་གྲོགས་གྱུར་ནས། །གཉིས་འཛིན་འཁྲུལ་པའི་དུང་ཤིང་མ་ལུས་པ། །ཉམས་དང་རྟོགས་པའི་སྣང་བར་འབར་གྱུར་ཅིག །ལས་ཉོན་མུན་པ་མཁའ་ལ་སངས་པ་དང་། །ཕན་བདེའི་ཚ་ཟེར་དབྱིངས་སུ་རྒྱས་པ་དང་། །སྙིགས་དུས་འགྲོ་ཏལ་མཉམ་དུ་འབྱུང་བ་དང་། །ཆོས་སྤྱོད་བཅུ་ཡི་རྩེ་འཇོར་རོལ་པར་ཤོག། །།ཤུ་བྷམ། །


Notes


Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion.