Wylie:Bsnyen sgrub kyi 'brel bshad yid bzhin nor bu

From gDams Ngag mDzod
Jump to: navigation, search
Upload a file
Click the picture above to view the original manuscript.

བསྙེན་སྒྲུབ་ཀྱི་འབྲེལ་བཤད་ཡིད་བཞིན་ནོར་བུ་
bsnyen sgrub kyi 'brel bshad yid bzhin nor bu

Damngak Dzö Volume 15 (བ་) / Pages 511-574 / Folios 1a1 to 32b3


[[notesforsearch:: A commentary on grub thob chen po u rgyan pa's text rdo rje gsum gyi bsnyen sgrub. The Commentary to the Nyen Drub Called "Wish-fulfilling Jewel". | ]]


[edit]
༥༡༡ ༄༅། བསྙེན་སྒྲུབ་ཀྱི་འབྲེལ་བཤད་ཡིད་བཞིན་ནོར་བུ་བཞུགས།
༥༡༢ ༄༅། བསྙེན་སྒྲུབ་འགྲེལ་བཤད་ཡིད་བཞིན་གྱི་ནོར་བུ་གསལ་བ་ཞེས་བྱ་བ། ཆོས་ཀྱི་རྗེ་གྲུབ་ཐོབ་ཆེན་པོའ་ཞབས་ཀྱི་པདྨོ་ལ་གུས་པར་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཡོན་ཏན་ཀུན་གྱི་གཏེར་གྱུར་པ། །འགྲོ་བ་ཀུན་གྱི་སྐྱབས་གཅིག་པོ། །བླ་མ་མཆོག་ལ་གུས་ཕྱག་འཚལ། །རྣམ་པ་ཀུན་ལྡན་སྟོང་ཉིད་སྣ་ཚོགས་ཡུམ། །རྣམ་དག་བདེ་ཆེན་རྒྱ་མཚོ་ལྷུན་གྱིས་གྲུབ། །ཟག་མེད་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཡུམ། །བཅོམ་ལྡན་འདས་མའི་ཞབས་ལ་གུས་པས་འདུད། །འཁོར་བའི་གནས་སྐབས་བཞི་པོ་བཅོམ་ནས་རྒྱལ་བ་ཡི། །སྐུ་བཞི་མངོན་དུ་བྱེད་པའི་ཐབས་མཆོག་བསྙེན་སྒྲུབ་གསུམ། །ཉི་ཟླ་སྟོབས་དྲག་བཅོམ་ནས་དབུ་མ་རྒྱས་མཛད་པའི། །དཔལ་ལྡན་ལམ་མཆོག་དེ་ལ་གུས་པར་ཕྱག་འཚལ་ལོ། །རྡོ་རྗེ་བཙུན་མོ་བླ་མ་དམ་པ་ཉིད། །རྗེས་སུ་བཟུང་ནས་གནང་བའི་གཞུང་ཉིད་ལ། །ཆོས་རྗེ་ཉིད་ཀྱི་གསུང་དང་ལུང་གིས་བརྒྱན། །ཅུང་ཟད་གསལ་བ་ཙམ་དུ་དབྱེ་བར་བྱ། །
༥༡༣ ཟབ་རྒྱས་གཞུང་གི་དགོངས་པ་འགྲོལ་བའི་བློ། །བདག་འདྲ་བྱིས་པར་གྱུར་པས་ག་ལ་མཆི། །འོན་ཀྱང་ཆོས་རྗེ་ཡུན་རིངསརིང་བསྟེན་གྱུར་ཅིང་། །གསུང་རྒྱུན་འཛིན་ལ་བརྩོན་པས་འབད་པ་དང་། །མཆེད་པོ་གོང་མས་རྗེ་ཡི་གསུང་བགྲོས་ལ། །ཡི་གེ་མཛད་པ་རྣམས་ཀྱི་གུང་བསོས་ཤིང་། །ཞལ་ཤེས་གདམས་པའི་གནད་ཀྱིས་ལེགས་བརྒྱན་ནས། །རང་གཞན་ཀུན་ལ་ཕན་ཕྱིར་ཡི་གེར་བཀོད། །དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་དཔལ་ལྡན་ཨོ་རྒྱན་པ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས། ཨོ་རྒྱན་སྤྲུལ་པའི་ཞིང་དུ་བྱོན་པའི་དུས་སུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱིས་བྱིན་གྱིས་བརླབས་ནས། དགའ་བཞིའི་འགྲོས་ཀྱིས་དབང་བཞི་མངོན་སུམ་དུ་བསྐུར་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོར་ལུས་ཅན་ཐམས་ཅད་ལ་གདོད་མ་ཉིད་ནས་གནས་ནའང་། འཕོ་བའི་བག་ཆགས་དུས་གསུམ་གྱི་རང་བཞིན་གྱི་དབང་གིས། བློ་བུར་གྱི་དྲི་མས་བསྒྲིབས་ཏེ་མ་རིག་པ་ལས། དེར་ལས་དང་ཉོན་མོངས་པའི་དབང་གིས་ཁ་
༥༡༤ བསྒྱུར་ནས། ཐར་བར་དཀའ་བའི་འཁོར་བའི་རྒྱ་མཚོར་ཡང་དང་ཡང་དུ་ཟོ་ཆུའི་འཁྱུང་མོ་བཞིན་དུ་འཁོར་བའི་སེམས་ཅན་འདུལ་བའི་སླད་དུ་སྟེ། དེ་ཡང་གདུལ་བྱ་དབང་པོ་རྣོན་པོ་བརྩོན་འགྲུས་རབ་ཏུ་གྱུར་པ་རྣམས་སྐྱེ་བ་འདི་ཉིད་ལ་རྡོ་རྗེ་འཆང་གི་སར་འགྲོ་བའི་ལམ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་ཅེས་བྱ་བ་འདི་གནང་བར་གདའ། དེ་ལ་འདིར་ཟབ་མོ་གནད་ཀྱི་གསུང་བགྲོས་རྣམས་འབྲི་བས་ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་གནང་བར་ཞུ་ཞིང་། གནང་ནས་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་རྗེ་རིན་པོ་ཆེའི་ཞལ་ནས། གདམས་པ་འདི་ལ་རྡོ་རྗེ་བཞི་རུ་བྱས་ནའང་འོང་འོད་པ་ཡིན་ཏེ། ཆོས་འདི་བྱུང་བའི་དུས་སུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་ཞེས་བྱ་བ་བྱུང་བས། ཡེ་ཤེས་རྡོ་རྗེ་ཤུགས་ལས་བསྟན་པ་ཡིན་གསུངས། དེ་དང་མཐུན་པར། བདེ་མཆོག་བསྡུས་རྒྱུད་ལས་ཀྱང་། དག་བྱེད་སྡིག་པ་འཇོམས་བྱེད་ཡིན། སངས་རྒྱས་དེ་ཉིད་སྒྲུབ་པ་ནི། །སྔགས་བཟླས་པ་དང་བསམ་གཏན་དང་། །བདེ་བས་ཀྱང་ནི་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་ལུས་རྩ་དག་པར་བྱེད་པ་སྐུ་རྡོ་རྗེའི་བསྙེན་པ་ལ། དང་པོ་སྐྱིལ་ཀྲུང་གསུམ་གྱིས་ཉམས་སུ་ལེན་པ་བྱེད་དེ། སྟེང་སྐྱིལ་ཀྲུང་གིས་སྟེང་གི་རླུང་བཅིང་། འོག་གི་སྐྱིལ་ཀྲུང་གིས་འོག་གི་རླུང་བཅིང་། བར་སྐྱིལ་ཀྲུང་གིས་བར་གྱི་རླུང་བཅིང་པ་སྟེ། དེ་ཡང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་རྩ་ཡི་བཅུད། །ཅེས་པས། ཁམས་དྲུག་དང་ལྡན་པའི་སྐྱེས་བུ་ཆེན་པོའ་ལུས་འདི་ལ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཆགས་པ་སྟེ། དེ་ཡང་དང་པོར་མའི་མངལ་དུ་ཁུ་ཁྲག་དང་། ཀུན་གཞི་རྣམ་
༥༡༥ པར་ཤེས་པ་བདེ་བས་བྱིན་གྱིས་བརླབས་པའོ། །དེ་ནས་ཟླ་བ་གཅིག་ན་སྙིང་གའི་དབུས་སུ་ཤིན་ཏུ་ཕྲ་བའི་རྩ་བཅུ་ཐམསཐམ་པ་རླུང་བཅུའི་རྟེན་དུ་ཕྱུར་པ་རྣམས་ཆགས་ཤིང་། དེ་ནས་བརྩམས་ཏེ་ཞག་རེ་ལ་རྩ་ཉིས་བརྒྱ་ཉིས་བརྒྱ་འཕེལ་བས་ཟླ་བ་བཅུ་གཉིས་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས་འགྱུའོ། །དེ་ནས་ཞག་རེ་ལ་རྩ་གཉིས་གཉིས་རྩ་སྐམས་པས། ལོ་བརྒྱ་སོང་བ་དང་རྩ་རྣམས་སྐམས་ཏེ་ཟད་དོ། །དུས་ཀྱི་འཆི་ལྟས་འབྱུང་བ་ནི། དེས་ཚེ་ཟད་པའོ། །རྩ་དེ་རྣམས་ཀྱི་གཙོ་བོ་ནི། སྟེང་འོག་ཏུ་དྲུག་སྟེ། དེའང་ལྟེ་བའི་སྟེང་དུ་གཡོན་དུ་ལ་ལ་ནཱ་དང་། གཡས་སུ་རཱ་ས་ནཱ་དང་། དབུས་སུ་ཨ་ཝ་དྷཱུ་ཏིའོ། །ལྟེ་བའི་འོག་ཏུ། གཡོན་དུ་དྲི་ཆེན་དང་། གཡས་སུ་དྲི་ཆུ་དང་། དབུས་སུ་ཁུ་བ་འབབ་པ་རྣམས་སོ། །རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་བཅུད་ནི། རླུང་དང་ཀུན་གཞིའི་རྣམ་པར་ཤེས་པ་དང་། བྱང་ཆུབ་ཀྱི་སེམས་རྣམས་ཏེ། དེ་ཡང་། སྔ་མ་སྔ་མ་ནི་བརྟེན་པ་ཡིན་ལ། ཕྱི་མ་ཕྱི་མ་ནི་རྟེན་ཡིན་ནོ། །ནམ་མཁའི་ཁམས་སུ་གཟའ་རྣམས་བརྟན་པར་བཅིང་། །ཞེས་པས། རྩ་རླུང་བྱང་ཆུབ་ཀྱི། སེམས་དང་གསུམ་པོ་འདི་རྣམས་མ་ཆིངས་པ་ལས། འཛག་སྒོ་ཆེན་པོ་བཞི་ཞེས་པ་དེའང་། འཁོར་བའི་གནས་སྐབས་བཞི་ཞེས་པ་དེ་རྣམས་འབྱུང་པས། དེ་རྣམས་བསྙེན་སྒྲུབ་གསུམ་གྱི་རིམ་པར་བཅིངས་པས། འཁོར་བ་འདི་ལས་ཐར་པ་སྟེ། དེའང་གང་དུ་འཆིང་ན། མུན་པ་དང་སྣང་བའི་ནམ་མཁར་རྣལ་འབྱོར་གཉིས་ཀྱིས་འཆིང་སྟེ། ཇི་ལྟར་འཆིང་ན། བརྟན་པ་སྟེ་ཡུལ་ལ་འཇུག་པ་མེད་པར་བཅིང་ངོ་། །
༥༡༦ གཟའ་རྣམས་ཅེས་པ་ནི། དབང་པོའ་སྒོ་རྣམས་ཏེ། དྲི་མ་མེད་པའི་འོད་ལས། །འདིར་བཤངས་པའི་བུ་ག་ནི་ཟླ་བའོ། །གཅི་པའི་བུ་ག་ནི་ཉི་མའོ། །ཁུ་བའི་བུ་ག་ནི་སྒྲ་གཅན་ནོ། །མིག་གཡས་བའི་བུ་ག་ནི་མིག་དམར་རོ། །མིག་གཡོན་པའི་བུ་ག་ནི་གཟའ་ལྷག་པའོ། །སྣ་གཡས་པའི་བུ་ག་ནི་ཕུར་བུའོ། །སྣ་གཡོན་པའི་བུ་ག་ནི་སྦས་སངས་སོ། །རྣ་བ་གཡོན་པའི་བུ་ག་ནི་སྦེན་པའོ། །རྣ་བ་གཡོན་པའི་བུ་ག་ནི་འཇུག་རིངས་སོ། །ཞེས་སོ། །གཟའ་དེ་རྣམས་གྱེན་དུ་འཆིང་བ་སྟེ། འདི་ལྟར་ཉམས་སུ་ལེན་པའི་གང་ཟག་ནི། བླ་མེད་ཀྱི་དཀྱིལ་འཁོར་ཆེན་པོ་དབང་ཐོབ་པ། རྩ་བའི་ལྟུང་བ་བཅུ་བཞི་དང་། སྦོམ་པོ་ལ་སོགས་པའི་ལྟུང་བ་དང་བྲལ་བ། དགེ་བ་བཅུ་ལ་སྤྱོད་པ། འདུ་འཛི་གཡེང་བ་མཐའ་དག་སྤངས་ཤིང་། རྫས་སུ་མ་ཆགས་ཤིང་གཏོང་བའི་ངང་ཚུལ་ཅན། ལུས་ངག་ཡིད་གསུམ་གྱི་ལོངས་སྤྱོད་ལ་མ་ཞེན་པ། །འཛག་པའི་བདེ་བ་ལ་ལྟོས་པ་མེད་པར། ཐུན་མོང་གི་དངོས་གྲུབ་ལ་ལྟོས་པ་མེད་པར་ཐར་པ་ཁོ་ན་དོན་དུ་གཉེར་པ། མངོན་པར་རྟོགས་པའི་ཏིང་ངེ་འཛིན་ཇི་སྲིད་རྒྱུད་ལ་མ་བརྟན་གྱི་བར་དུ་སྦེད་ཤེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས། གཙུག་ལགསལག་ཁང་གི་དཀོར་ལ་སོགས་པའི་ལོག་འཚོ་སླངས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱ་སྟེ། སྒྲུབ་པའི་གནས་ནི། ཐག་དང་གཞི་མཐོ་བས་ས་རླབས་ཆུང་བ། ཕྱོགས་ཐམས་ཅད་ཞལ་བས་དཀག་པ། གྲུབ་ན་སྒྲུབ་ཁང་སུམ་རིམ་མམ། ཡང་ན་གསལ་དཀར་མ་རྟོགས་པའི་བུ་ག་རྟ་རྔ་ཤོང་བ་ཙམ་ཡང་མེད་པ། སྒོ་འཁྱོག་རིམ་པ་གསུམ་མམ། འཛུལ་སྒོ་ཅན་ལ་མུན་པ་ལེགས་པར་བསྒྲུབས་ནས།
༥༡༧ བདེ་བའི་སྟན་ལ་འདུག་སྟེ། སྐྱབས་འགྲོ་དང་སེམས་སྐྱེད་ཙམ་བྱ་སྟེ། བླ་མའི་རྣལ་འབྱོར་སྒོམ་པ། གཞན་གྱི་སྤྲོས་པ་ཐམས་ཅད་ལིངས་ཀྱིས་དོར་ནས། གཡས་ཀྱི་རྩ་ལ་སྲོག་དབབ་པའི་དུས་སུ་བསྒོམ་པར་བྱ་བ་སྟེ། ས་ལ་སོགས་པ་བསྡུད་པའི་རིམ་པ་ཡིན་པའི་དུས་ཁྱད་པར་ཅན་དུ་འགྱུར་པ་ཡིན་གསུངས། གཡོན་པའི་རྩ་ལ་སྲོག་དབབ་པའི་དུས་མ་ཡིན་ཏེ་ནམ་མཁའ་ལ་སོགས་པ་བསྐྱེད་པའི་རིམ་པས་བལྟ་བའི་ཕྱིར་རོ། །བསྒོམ་པའི་ཚུལ་ནི་འདི་ལྟར་བྱ་སྟེ། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་དམ། སྐྱིལ་ཀྲུང་བྱ་སྟེ་པུས་མོས་ལ་དབབ་ཅིང་ཚིགས་པ་དྲང་པོར་བསྲང་། ལག་པ་རྡོ་རྗེ་ཁུ་ཚུར་བྱས་ནས་བརླ་རྩ་གནོན་པ་སྟེ། དེ་སྐད་དུ། དུས་འཁོར་ལས་ཀྱང་། ཁུ་ཚུར་བརླ་ཡི་སྟེང་དུ་རྡོ་རྗེའི་གདན་ལ་གནས་པ་རྒྱལ་བའི་བདག་པོ་རིགས་ཀྱི་ཕྱག་རྒྱར་འགྱུར། ཞེས་བཤད། དེའི་དཔུང་པ་ཕྱིར་གདེང་། ལྟག་པ་དྲང་པོར་བསྲང་། མགྲིན་པ་ཅུང་ཟད་སྒྲུབས། ཨོལ་མདུད་མནན། ལྕེ་ནང་དུ་དྲིལ་ལ་རྐན་ལ་སྦྱར། ཁ་སྣ་ཅུང་ཟད་ཉེར་ཙམ་བྱ། རྣ་བར་ཧྲིང་བཏང་། མིག་གཉིས་རྡོ་རྗེ་གཙུག་ཏོར་གྱི་ལྟ་སྟོངས་གྱེན་དུ་བལྟས་ཏེ། མིག་མི་འཛུམ་པར་ཧད་དེ་བཞག །དུས་འཁོར་ལས་ཀྱང་། སོ་སོར་བསྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །ཞེས་པ་སྟེ། གཟུགས་ལ་སོགས་པའི་ཡུལ་ལྔ་ལ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་འཇུགསའཇུག་མེད་པ་སྟེ། སྟོང་གཟུགས་ཀྱི་ཡུལ་རྣམས་ལ་རབ་ཏུ་འཇུག་པ་མེད་པའོ། །གསང་འདུས་ལས་ཀྱང་། དངོས་པོ་མེད་པ་སྒོམ་པ་མིན། །བསྒོམ་པ་བྱ་བ་སྒོམ་པ་མིན། །དེ་ལྟར་
༥༡༨ དངོས་དང་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་སོ། །དེ་ཡང་དང་པོར་ཁམས་གསོ་བའི་ཆེད་དུ་ཧ་ཅང་མཐོ་བ་མ་ཡིན་པས་མིག་ཕྱེད་བཀབ་ཙམ་བལྟ་བར་བྱ་སྟེ། དབང་མདོར་བསྟན་པ་ལས་ཀྱང་། བཀབ་དང་མ་བཀབ་མིག་དག་གིས། །སྟོང་པར་འདི་ནི་རྗེས་བརྟགས་མིན། །རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར། །རྟག་ཏུ་གཟུགས་དེ་བསྒོམ་པར་བྱ། །ཞེས་གསུངས་སོ། །དམིགས་པ་གང་ཡང་མི་འཛིན་པ་སྒོམ་འདོད་ཀྱི་རྟོག་པ་ཐམས་ཅད་ཕྱིར་བསྙིལ་ཏེ། ཐ་ན་ཉམས་མྱོང་དང་རྟགས་ཀྱི་འདོད་པ་ཙམ་ཡང་མི་བྱེད་པར། བློ་རྟེན་གང་ལ་ཡང་མི་འཆའ། །བློ་གང་དུའང་མི་འཛིན་པར། རྣམ་པར་མི་རྟོག་པའི་ངང་དུ་མ་ཡེངས་ཙམ་དུ་བཞག་ཅིང་། སྒོ་ལྔ་བཅུད་ལ་བོར་བས་རྩ་བ་དང་ཡན་ལག་གི་རླུང་དང་རྣམ་རྟོག་ནང་དུ་ཟིན་ནས་རྣམ་པར་མི་རྟོག་པ་སྐྱེ་ཞིང་། དུ་བ་ལ་སོགས་པའི་སྟོང་གཟུགས་མཐོང་བར་འགྱུར་ཏེ། རྩ་རྒྱུད་ལས་ཀྱང་། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ཏུ་རྣམ་པར་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ཡིན། །ཞེས་གསུངས་སོ། །སངས་རྒྱས་རྣམས་ངེས་པའི་དོན་ལ་རྫུན་མི་གསུང་ཞིང་དེ་ལྟར་བསྒོམས་ན་ངེས་པར་ཞག་གཅིག་ལ་རྟགས་མཐོང་བ་ཡིན་ནོ། །འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་ལ་ནི། ཉིན་མཚན་གཅིག་གི་རྟགས་མཐོང་བ་མེད་དོ། །དེའི་ཕྱིར་ལམ་རིན་པོ་ཆེ་འདི་ཉིད་ཁྱད་པར་དུ་འཕགས་ཤིང་། ངོ་མཚར་བར་ངེས་ཤེས་བསྐྱེད་པར་བྱའོ། །དེ་ཡང་མུན་པར་བསྒོམ་པའི་ཚེ། མུན་སྣང་དེ་ཉིད་ལ་མིག་གི་དབང་པོ་རང་རིག་པས་ཁྱད་པར་བཀོད་ནས། །
༥༡༩ ཁམས་ཀྱིས་ཆུན་ན་ཁ་ཟས་ཀྱི་དུས་མ་ཡིན་པ་ཐམས་ཅད་དུ་འབྲལ་བ་མེད་པར་བསྒོམ། ཟས་ཀྱི་དུས་སུའང་སེམས་ཀྱི་འཇོག་ལུགས་དང་ལྟ་སྟངས་མ་ཤོར་བར་བྱ། ཐུན་མཚམས་སུ་ཅུང་ཟད་དགོས་པ་ཡང་། མདུན་གྱི་ནམ་མཁའི་གང་སྣང་ལ། མིག་གི་དབང་པོ་དང་ཤེས་པས་ཁྱབ་པར་བཀོད་ནས། མ་ཡེངས་པའི་ངང་ནས་མི་སྒོམ་པར་རྩོལ་མེད་དུ་འཇོག་པ་ཡིན། མ་ཡེངས་ལ་རྩོལ་བ་མེད་པའི་གནད་དེ་ལ། རིག་པ་ལེགས་པ་ཆུན་ན་ཉམས་མྱོང་བཙན་ཐབས་སུ་སྐྱེ། དེའི་གནད་མ་ཟིན་ན། འཕྲལ་དུ་ངས་དུངས་ཀྱི་འཇུར་དྲག་གི་རྩོལ་བ་བསྐྱེད་ཀྱང་། སྒོམ་གྱི་སྣ་སུན་པའི་སྐྱོན་དུ་སོང་དོགས་ཡོད་ཅིང་། དེ་ལྟ་ན་སྟོང་ཉིད་རྒྱུད་ལ་མི་སྐྱེ། སྟོང་ཉིད་མ་སྐྱེས་ན་དུ་བ་ལ་སོགས་པའི་རྟགས་རྣམས་མཐོང་བ་མི་སྲིད་དོ། །དེ་ལྟར་མཚན་མོ་གཉིས་ཀྱི་དུས་སུ་ཡང་། ཙོག་པུའམ། ལྟག་ཏུ་ཅུང་ཟད་གཉིས་པ་ཙམ་མམ། ཡང་མདུན་ཏུདུ་མཉམསམ་ཉམས་པ་ཙམ་ལ་གཉིད་ལོག་པས། ཐོག་མར་གཉིད་མི་ཕེབས་པའམ། སྒོམ་འཕྲོ་ལ་གཉིད་དུ་འགྲོ་བ་འོང་སྟེ། ཡུན་དུ་གོམས་པ་བཞིན། གཉིད་ནང་དུའང་རྟགས་རྣམས་འཆར་བས། ཉིན་མཚན་ཁྱད་མི་འོང་སྟེ། སྙིང་རུས་དང་བརྩོན་འགྲུས་ཀྱིས་ཆུན་ན། ལྷག་པར་མཚན་མོའ་ཉམས་གསལ་བར་འབྱུང་ངོ་། །རྟགས་རྣམས་ནི། དུ་བ་དང་། སྨིག་རྒྱུ་དང་། མེ་ཁྱེར་དང་། མར་མེ་དང་། མཁའ་སྣང་ལ་སོགས་པ་དང་། ཉིན་མོའ་རྣལ་འབྱོར་གྱིས་ཉིན་རྟགས་རྣམས་འབྱུང་བ་སྟེ། དུས་འཁོར་ལས་ཀྱང་། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་
༥༢༠ དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། །འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ནམ་མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པབ་ཡིས་བགྲད་པའི་མིག་གིས་ལྟ་བྱ་སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་འཐོང་བར་འགྱུར་གྱི་བར་དུའོ། །དེ་ལ་ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུར་གོས་པ་མེད་པར་ཁ་དོག་སྣ་ཚོགས་ཏེ། །རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་སེམས་ནི་གཞན་པ་མིན་པ་ཉིད། །ཅེས་གསུངས་སོ། །དེ་ལ་ཉིན་མོའ་རྣལ་འབྱོར་སྒོམ་པ་ནི། །སྔ་དྲོ་དང་ཕྱི་དྲོ་ཉི་མ་དང་སེར་བུ་ལ་རྒྱབ་ཕྱོགས་པར་བྱ་ཞིང་། ཉིན་གུང་ལ་བསྒོམ་པར་བྱ་བ་མ་ཡིན་ཏེ། གཞན་དུ་ན་མིག་རབ་ཏུ་འགྱུར་པས་སོ། །སྟན་བདེ་བ་ལ་སྔར་གྱི་བྱེད་བཅིངས་ཀྱིས། དབང་པོ་ཡུལ་སོ་སོ་ལ་འཇུག་པ་སེམས་རྩེ་གཅིག་ཏུ་བསྡུས་ནས། ནམ་མཁའ་རྒྱ་ཆེན་པོ་མཐོང་པའི་སར། རི་བོའ་རྩེའམ། ཐང་ཆེན་པོའམ། ཁང་ཐོག་གམ། ཕྱེད་གཡབས་ཀྱི་འོག་གམ། ནམ་མཁའ་དྭངས་པ་སྤྲིན་མེད་པ་ལ་སྒོམ་ཞིང་། ཅུང་ཟད་གོམས་ནས་སྤྲིན་ཡོད་པའམ། ནམ་མཁའ་གར་ཡོད་དུ་གོམས་ནས། ཉིན་མོའ་རྟགས་དྲུག་མཐོང་བར་འགྱུར་ཏེ། འདི་སྟོང་ཉམས་ཀྱི་ཏིང་ངེ་འཛིན་རྩལ་མ་རྫོགས་ཀྱི་བར་དུ་སྒོམ་པར་བྱ་བ་ཡིན་ནོ། །དེ་ལྟར་བསྒོམས་པས་རླུང་སྟོད་དུ་འཚངས་པ་ལ་སོགས་པ་བྱུང་ན། སྟེང་གི་ཉེས་པའི་སྐྱོན་རྣམས་འདག་པར་བྱེད་པ་དང་། རླུང་སོ་སོའ་གནད་ཀྱིས་མལ་དུ་བྱེད་པ་ལ། འོག་གི་སྐྱིལ་ཀྲུང་ནི། རྒྱ་མཚོའ་སྟེང་དུ་རྩ་གསུམ་ཡན་ལག་
༥༢༡ བསྡམས། ཤེས་པས་ན། རྒྱ་མཚོ་ནི་ལྟོ་བ། གཏིང་ནི་འོག་སྒོ། རྩ་གསུམ་ནི་དྲི་ཆེན་དང་དྲི་ཆུ་དང་ཁུ་བ་འབབ་པ་རྣམས་སོ། །ཡན་ལག་ནི་རྐང་པ་གཉིས་ཏེ། དེ་རྣམས་བསྡམ་པར་བྱའོ། །ལུས་བསམ་གཏན་གྱི་ཆོས་ལྔར་ལྡན་པར་བྱས་ལ། འོག་སྒོ་གཉིས་ཐད་ཀར་བསྡམས། ཉྭ་བཞི་བསྒྲིམ། རྐང་པའི་སོར་མོ་བསྐུམ། སྒལ་ཚིག་དགྱེད་བྱ། ལྟོ་བ་མན་ཆད་ཆ་ཆ་ནས་བསྒྲིམས་ལ། རྣམ་སྣང་གི་ལྟ་སྟངས་མཐུར་ལ་བལྟ་ཞིང་། སྟེང་རླུང་ཀློད། འོག་རླུང་བཟུང་ལ། །མི་རྟོག་པ་ལ་གནག་པ་སྟེ། དེ་ལྟར་བསྒོམས་པས་སྟེང་གི་སྐྱོན་རྣམས་འོག་གིས་སེལ་ལ། སྟེང་གི་སྐྱིལ་ཀྲུང་བསྒོམས་པས། འོག་གི་སྐྱོན་རྣམས་སེལ་བ་སྟེ། དཔེར་ན་སྣོད་ཀྱི་ཆུ་དང་། རིལ་བ་ཞབས་ཆགས་ཅན་ལྟ་བུར་འོག་བཅིངས་པས་སྟེང་རླུང་རང་ཤུགས་གྱིས་ཟིན་ལ། སྟེང་བཅིངས་པས་འོག་རླུང་རང་ཤུགས་ཀྱིས་ཟིན་པ་ཡིན། འདི་གཉིས་ཀྱིས་རླུང་མ་ལུས་པ་དབང་དུ་འདུ་བ་སྟེ། སྐྱིལ་ཀྲུང་གཉིས་བསྒོམ་པའི་དགོས་པ་ཡིན། དེ་ལ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རླུང་གི་ཚོགས། །སྟེང་འོག་རྩ་ཡིས་བཅིངས་པས་ཟིན་པར་འགྱུར། །ས་ཆུ་མེ་རླུང་ནམ་མཁའི་བདག་ཉིད་ཀྱི། །འབྱུང་བའི་རླུང་རྣམས་ནང་དུ་འགགས་པར་བྱེད། །ཅེས་པ་སྟེ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་ནི། གཡོན་ཟླ་བ་དང་གཡས་ཉི་མ་དང་། དབུས་སྒྲ་གཅན་གྱིས་འཇུག་པས་འཕོ་ཆུང་དང་། །འཕོ་ཆེན་དུ་རྒྱུ་བ་སྟེ། འཕོ་ཆུང་རེ་རེ་ལ་དབུགས་སུམ་བརྒྱ་བཞི་བཅུ་རྩ་བརྒྱད་དང་། བཞི་ཆ་གསུམ་དུ་འགྱུར་ཞིང་། འཕོ་ཆེན་རེ་རེ་ལ་དབུགས་སྟོང་ཕྲག་བདུན་བརྒྱ་བཞི་བཅུ་རྩ་གསུམ་དང་བཞི་ཆ་གསུམ་རྒྱུའོ། །ཡེ་ཤེས་ཀྱི་རླུང་ནི། འཕོ་ཆེན་གྱི་མཚམས་སུ། ལྔ་བཅུ་རྩ་དྲུག །བཞི་ཆ་སྣ་བུག་གཉིས་ནས་མཉམ་དུ་འབབ་པ་སྟེ། བསྡོམས་པས་ཞག་གཅིག་ལ་དྲུག་བརྒྱ་
༥༢༢ དང་བདུན་ཅུ་རྩ་ལྔའོ། །དེ་ལྟར་ཞག་གཅིག་ལ། ལས་དང་ཡེ་ཤེས་ཀྱིས་རླུང་བསྡམས་པས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་རྒྱུ་བ་ཡིན་ནོ། །དེ་རྣམས་བསྡོམས་པས་ལོ་བརྒྱ་ལ། ལས་ཀྱི་རླུང་ལོ་དགུ་བཅུ་རྩ་དྲུག་དང་། ཟླ་བ་ཕྱེད་དང་བཅུ་གཅིག་ཏུ་འགྱུར། ཡེ་ཤེས་ཀྱི་རླུང་ལོ་གསུམ་དང་ཟླ་བ་ཕྱེད་དང་གསུམ་དུ་འགྱུར་པའོ། །དེ་ཡང་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་རང་བཞིན་གྱི་རླུང་རྣམས་ནི་གཡས་ནས་འཕོ་ཆུང་གི་རིམ་པས་བསྡུད་པའི་རིམ་པ་དང་། གཡོན་ནས་བསྐྱེད་པའི་རིམ་པས་རྒྱུ་བ་ནི་འབྱུང་བའི་རླུང་རྣམས་སོ། །ནང་དུ་འགག་པ་ནི། ཨ་ཝ་དྷུ་ཏིར་འཇུག་པའོ། །དུས་ཀྱི་འཁོར་ལོ་ལས་ཀྱང་། ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་རྩ་བར་བྱེད་པ་རླུང་ལའོ། །རླུང་ནི་སྟོང་པ་ལ་སྟོང་པ་ངེས་པ་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི། །རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པ་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེས་བུ་རྣམས་ཀྱིས་སྐྱེ་བ་འདི་ཉིད་ལའོ། །ཞེས་གསུངས། དེའང་སྟེང་འོག་གི་སྐྱིལ་ཀྲུང་གིས་བཅིངས་པས། རླུང་སེམས་ཐམས་ཅད་འཆིངས་ཤིང་ཟིན་པར་འགྱུར་པས། དེ་ནས་སྟེང་འོག་གི་གེགས་སེལ་དང་། དབབ་བཟུང་ལ་སོགས་པ་ཐམས་ཅད་ཀྱིས་གནང་འདི་ལ་ཡོད་པའོ། །དབང་མདོར་བསྟན་ལས་ཀྱང་། ཟླ་བ་ཉི་མའི་རྩ་འགགས་ནས། །དྲི་ཆེན་དྲི་ཆུའི་རྩ་འགགས་གོ །ཞེས་གསུངས་སོ། །སྟེང་འོག་གཉིས་བཅུད་པའི་རྗེས་ལ། བར་གྱི་སྐྱིལ་ཀྲུང་མ་ཤེས་ན། །རླུང་ནང་དུ་རྒྱུན་པར་མི་གནས་པས། ལུས་བསམ་གཏན་གྱི་ཆོས་ལྔ་དང་ལྡན་པར་བྱ། རླུང་ཁ་སྦྱོར་དུ་བཟུང་ལ།
༥༢༣ དེ་ནས་བར་རླུང་སྟོབས་བསྐྱེད་ནས། སྟེང་འོག་གཉིས་གློད་དེ། པུས་མོ་ཅུང་ཟད་དགྱེ་བར་བྱ། ལྟོ་བ་ཕྱིར་ཆེར་བསྐྱེད་དེ་ཇི་ཙམ་ཐུབ་ཚད་དུ་བཟུང་ལ་ནན་ཏན་དུ་བསྒོམས་པས་སྟེང་འོག་གཉིས་ཀྱི་གེགས་ཐམས་ཅད་སེལ་བར་བྱེད། ཁྱད་པར་ཕོ་བའི་མེ་དྲོད་བསྐྱེད་ཅིང་། ཟས་དང་ཁམས་ཀྱི་དྭངས་སྙིགས་འབྱེད། རྩ་རླུང་གི་སྐྱོན་ཐམས་ཅད་འདག་ཅིང་། ཡོན་ཏན་མཐའ་དག་འདི་ལས་སྐྱེས་པ་ཡིན། །རླུང་སེམས་ཐམས་ཅད་རྩ་གནས་དང་སྟོད་སྨད་དང་། ལག་སོར་ལ་སོགས་པར་ཁྲིམས་ཤིང་འདྲོངས་པའི་གནད་ཐམས་ཅད་འདི་ལ་ཡོད་པས། མགོ་མཇུག་ཐམས་ཅད་འདི་གནད་ཟིན་པ་གལ་ཆེ་གསུང་། སྤྱིར་ལུས་སེམས་རླུང་གསུམ་གཅིག་ལ་གཅིག་བསྟེན་པ་ཡིན་པས་ལུས་གནད་འཆུགས་ན་རླུང་གི་གནད་ཀྱང་འཆུགས་པ་སྟེ། དེ་ལ་སྐྱིལ་ཀྲུང་ལེགས་པར་འཆའ་ཤེས་ན། ཐུར་སེལ་གསང་བའི་རླུང་འཆིངས། ལག་པ་རྡོ་རྗེ་ཁུ་ཚུར་རླབརླ་མགོར་བཞག །ལྟོ་བ་དྲང་པོར་བསྲང་བས་མེ་དང་མཉམས་གནས་ཀྱི་རླུང་འཆིངས། དཔུང་པ་རྒོད་གཤོག་ལྟར་རྒྱངས། །བྲང་དགྱེ་དགུར་མ་སོང་བར་སྲོག་འཛིན་ཆུའི་རླུང་འཆིངས། ཀོ་ཀོས་ཨོལ་མདུད་ནོན་རྟ་མཆོག་གོང་སྒྲོན་པ་ལྟ་བུས་གྱེན་རྒྱུ་མེའི་རླུང་འཆིངས། ལུས་སྤྱིའི་ལུས་གནད་མ་འཆུགས་པས། ཁྱབ་བྱེད་ནམ་མཁའི་རླུང་འཆིངས། དེ་ལྟར་འབྱུང་བ་ལྔའི་བདག་ཉིད་རྩ་བའི་རླུང་ལྔ་འཆིངས་པས། །ཡན་ལག་གི་རླུང་ལྔ་ཡང་རང་ཤུགས་ཀྱི་འཆིངས་ཏེ། དེར་རླུང་བཅུ་དྷཱུ་ཏིར་ཚུང་ནས། ཀུནྡྷ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་འཆིངས་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བའོ། །རླུང་རོ་རྐྱང་གཉིས་
༥༢༤ ནས་ཕྱིར་ཤོར་བས། སྤྱིར་བྱང་ཆུབ་ཀྱི་སེམས་འཛག །ཁྱད་པར་རྣམ་རྟོག་སྣ་ཚོགས་སྐྱེ་སྟེ། རྣམ་རྟོག་གི་བྱེད་པོ་རོ་རྐྱང་གཉིས་ཡིན། དེ་གཉིས་ཀྱི་མེ་ཏོག་མིག་གཉིས་ཡིན་པས་ལྟ་སྟངས་རྣམ་པ་གསུམ་བྱ་སྟེ། དེའང་རླུང་སེམས་གྱེན་ལ་བུད་ཅིང་རྒོད་ན་ཐུར་དུ་བལྟ། ཐིག་ལེ་ཐུར་ལ་བུད་ཅིང་ཕྱིང་ན་གྱེན་ལ་བལྟ། རྨུགས་ཤིང་དྭངས་སྙིགས་མ་ཕྱེད་པ་དང་། དྲན་མེད་ལྟ་བུའི་སྐྱོན་ལ་ཐད་དཀར་བལྟ་བའོ། །འབྱུང་བའི་རླུང་རྣམས་ནང་དུ་འགགས་པར་བྱེད། །ཅེས་པ་སྟེ། དེ་ལྟ་བུས་བྱེད་བཅིངས་ཀྱིས། རླུང་བཅུ་ཀ་དབང་དུ་བྱས་ནས་རྩ་རླུང་ཐིག་ལེ་གསུམ་ཀ་འཆིང་བ་སྟེ། དེའི་རྟགས་ནི། བདེ་གསལ་མི་རྟོག་ཏིང་འཛིན་ལས་སུ་རུང་། ཞེས་པས། ལུས་ངག་ཡིད་གསུམ་གྱི་བྱེད་པ་རང་གནས་སུ་བཅིངས་པས་ཁམས་བྱང་ཆུབ་ཀྱི་སེམས་ཅུང་ཟད་བརྟེན་པའི་སྟོབས་ཀྱིས་བདེ་བ་སྐྱེ་བ་དང་། ཤ་བའི་མིག་ལ་སོགས་པའི་རྣམ་པར་ཤེས་བ་དུ་བ་ལ་སོགས་པའི་སྟོང་གཟུགས་ལ་འཇུག་པ་ནི་གསལ་བའོ། །མིག་ལ་སོགས་པའི་རྣམ་ཤེས་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡུལ་ལ་འཇུག་པ་མེད་པ་ནི་མི་རྟོག་པའོ། །དེའི་དུས་སུ་ལུས་སེམས་ལ་སྐྱོ་བ་དང་དུབ་པ་མེད་པ་བདེ་གསལ་མི་རྟོགས་པའི་ཏིང་ངེ་འཛིན་རྩོལ་མང་དུ་འབྱུང་བའི་ལས་སུ་རུང་བའོ། །འབྱུང་བའི་རླུང་རྣམས་ནང་དུ་ཟིན་པ་ཡིས། །རྟགས་དང་ཡོན་ཏན་རྣམས་ནི་རིམ་བཞིན་འཆར། །ཞེས་པ་སྟེ། དངོས་འཛིན་ནི་འབྱུང་བ་ལྔའི་རླུང་ཡིན་ལ། ཨ་ཝ་དྷཱུ་ཏིའི་ནང་དུ་རིམ་པར་ཟིན་པའི་རྟགས་ནི། རྣལ་འབྱོར་གྱི་སྟོབས་ཀྱིས་ཡིད་ཀྱིས་མ་བརྟགས་པའི་གཟུགས་སྒྱུ་མའམ། གཞོན་ནུ་མས་པྲ་བབ་པའི་སྣང་བ་ལྟ་བུ་སྟོང་བའི་ངང་དུ་མཐོང་བར་འགྱུར། དེ་
༥༢༥ ཡང་ས་རླུང་ཟིན་པས་དུ་བ་ལྟ་བུ་དང་། ཆུ་རླུང་ཟིན་པས་སྨིག་རྒྱུ་ལྟ་བུ་དང་། མེ་རླུང་ཟིན་པས་སྲིན་བུ་མེ་ཁྱེར་ལྟ་བུ་དང་། རླུང་གི་རླུང་ཟིན་པས་མར་མེ་འབར་བའམ། མར་མེའི་འོད་ལྟ་བུ་སྟེ། མཚན་མོའ་རྟགས་བཞི་དང་། ནམ་མཁའི་རླུང་འགགས་པས་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ཞེས། གསང་འདུས་ལས། མཚན་རྟགས་ལྔ་རུ་ཡང་གསུངས་སོ། །ཉིན་མོའ་རྟགས་ནི་མེ་འབར་བ་ལྟ་བུ་དང་། ཟླ་བ་ལྟ་བུ་སྣང་བ་དང་། ཉི་མ་ལྟ་བུ་དང་། རྡོ་རྗེའམ་སྒྲ་གཅན་སྟེ་ནག་ལིང་ལིང་པ་དང་། གློག་ལྟ་བུ་དང་། ཤིན་ཏུ་ཕྲ་བའི་ཐིག་ལེ་སྣ་ཚོགས་པ་དང་། ཐིག་ལེའི་དབུས་སུ་གནས་པའི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཅན་སངས་རྒྱས་ཀྱི་སྐུ་མཐོང་བ་སྟེ། ཉིན་མོའ་རྟགས་དྲུག་གོ །དེ་རྣམས་ནི་ངེས་པའི་རྟགས་ཡིན་ལ་མ་ངེས་པའི་བུམ་པ་དང་སྣམ་བུ་དང་རི་འདི་ལ་སོགས་པ་བསམ་གྱིས་མི་ཁྱབ་སྟེ། དེ་ཐམས་ཅད་ལུས་ཉམས་སེམས་ཉམས་རྨི་ཉམས་གསུམ་གྱི་རྟགས་ཏེ། ངོས་འཛིན་ལེགས་པར་ཤེས་དགོས་གསུངས། དེ་ལྟར་རྟགས་ཀྱི་སྣང་བ་སྣ་ཚོགས་ཏེ། རིག་པ་གསལ་སྟོང་གི་ངོ་བོར་ངོ་སྤྲོད་དགོས་ཏེ། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ལས་ལོགས་སུ་མེད་ཅིང་། རྟགས་སྣང་མ་འགགས་པར་གསལ་བ་དེ་སེམས་ཀྱི་མཚན་ཉིད་ཡིན་ལ། དེའི་རང་བཞིན་སྟོང་པར་གནས་པས་སྣང་སྟོང་དབྱེར་མེད་པའི་ངོ་བོ། །ཆུ་ནང་གི་ཟླ་བའམ། མེ་ལོང་གི་གཟུགས་བརྙན་ལྟ་བུ་ངོ་སྤྲད་གསུང་། གྲུབ་པའི་ཚད་ནི་ཚིག་གི་མཆོག་སྟེར་བ་སྟེ། མེ་དང་གདོན་ལ་སོགས་པ་ཞི་བར་གྱུར་ཅིག །ཅེས་པས། ཞི་བ་ལ་སོགས་པའོ། །
༥༢༦ དབང་པོ་ལྔ་དང་ཡུལ་ལྔ་དབྱེར་མེད་དུ་ཤེས་པས། ལྷ་སྐུ་ལྔ་ཤར་བ་ནི། བསམ་གཏན་གྱི་རྟགས་བཅུའོ། །ཡན་ལག་ནི། ཤེས་རབ་དང་། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། གཡོ་མེད་བདེ་བ་སྟེ་བསམ་གཏན་གྱི་ཡན་ལག་ལྔའོ། །དུས་འཁོར་ལས་ཀྱང་། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་ཅིག་སེམས་པའོ། །ཞེས་གསུངས། དེ་ལ་ཤེས་རབ་ཅེས་པ་ནི། སྟོང་པ་ཉིད་ཀྱི་གཟུགས་དེ་ཉིད་ལ་ལྟ་བའོ། །རྟོག་པ་ཅེས་པ་སེམས་ཀྱིས་དངོས་པོ་འཛིན་པའོ། །དཔྱོད་པ་ཞེས་པ་ནི་འཛིན་པའི་དངོས་པོ་དེའི་དོན་ངེས་པའོ། །དགའ་བ་ཞེས་པ་གཟུགས་དེ་ཉིད་ལ་ཆགས་པའོ། །གཡོ་མེད་བདེ་བ་ཞེས་པ་གཟུགས་ལ་སོགས་པ་དང་ལྷན་ཅིག་ཏུ་བྱེད་པའོ། །སོར་སྡུད་ཀྱི་སྟོང་གཟུགས་མཐོང་བ། བསམ་གཏན་གྱི་གཟུགས་ལ་སེམས་ཀྱིས་ཀུན་ནས་མཁྱུད་དེ་བརྟན་པར་བྱེད་པ་ཡིན་ཏེ། ཡོན་ཏན་ནི། མངོན་ཤེས་ལྔ་འཆར་བ་ལ་སོགས་པའོ། །དེ་ལྟར་སོ་སོར་སྡུད་དང་བསམ་གཏན་གྱི་སྐུ་རྡོ་རྗེའི་བསྙེན་པ་སོང་ནས། ༈ སྤྱི་དོན་གཉིས་པ་ངག་རླུང་དག་པར་བྱེད་པ་གསུང་རྡོ་རྗེའི་སྒྲུབ་པ་ནི། ཟླ་བ་དང་ཉི་མའི་དབྱེ་བས་རླུང་བཅུའམ། རྩ་བ་དང་ཡན་ལག་གི་ཅེས་པའི་རླུང་བཅུ། འབྱུང་འཇུག་གནས་གསུམ་གྱི་རིམ་པ་ལ་གནས་ཤིང་། དེ་ཡང་རྩ་རྣམས་ཁྱིམ་དང་། ཐིག་ལེ་ལོངས་སྤྱོད་དང་། རླུང་བདག་པོའ་ཚུལ་དུ་གནས། རིག་པ་བྱང་ཆུབ་ཀྱི་སེམས་རྟེན་དེ་རྣམས་ལ་བརྟེན་པའི་ཚུལ་དུ་གནས་ཏེ། རྟེན་དེ་རྣམས་གནས་ན་ཚེ་གནས་ལ། མི་གནས་ན་ཚེ་མི་གནས་པས། སྲོག་ཡིན་ལ། རྩོལ་བ་ནི། སྟེང་འོག་
༥༢༧ བར་གསུམ་རླུང་འཛིན་པ་དང་། ལམ་དུ་བྱེད་པ། སྒོམ་པ་ཁྲིད་ཀྱི་རིམ་པ་བཞིན་དུ་བྱས་པས། རླུང་བཅུ་དྷཱུ་ཏིར་ཚུད་ནས་འཁོར་ལོ་དྲུག་གི་ཐིག་ལེའི་ནང་དུ་འགྲོ་འོང་བྱེད་པ་སྟེ། དེའི་རྟགས་ནི་རྨོངས་རེངས་ལ་སོགས་པའི་ལས་ཆེན་པོ་རྣམས་སྒྲུབ་པར་ནུས་སོ། །ལག་ཏུ་བླང་བའི་རིམ་པ་ནི། སྟོང་པ་ཉིད་ཀྱི་གཟུགས་མཐོང་ཞིང་བརྟན་པ་དང་། སྲོག་རྩོལ་གྱི་མན་ངག་བསྒོམ་པར་བྱ་སྟེ། དེ་ཡང་། སྟེང་སྲོག་རྩོལ་གྱི་རླུང་། བར་ཁ་སྦྱོར་གྱི་རླུང་ཞེས་བྱ་བ་སྟེ། དེ་ལ་དང་པོ་རླུང་གི་ལམ་བཙལ་ཞིང་ལམ་དུ་བྱེད་ཚུལ་གྱི་ཁྱད་པར་ནི་ལུས་ལྟར་བསྐྱེད། སྟན་བདེ་བ་ལ་ལུས་བསམ་གཏན་གྱི་ཆོས་ལྔ་དང་ལྡན་པའམ། ཙོག་ཕུར་སྒོམ་ཐག་བཅུག་པའམ། ལུས་གནད་ལེགས་པར་བཅས་པའི་གནད་འཐེམས་པར་བྱས་དེ། བླ་མ་ལ་གསོལ་བ་བཏབ་ནས། རླུང་རོ་ལེགས་པར་ཕྱུང་སྟེ། ནམ་མཁའི་རླུང་གི་འཛིན་སྟངས། རླུང་འཇུག་པ་དང་འབྱུང་བ་ཚོར་རིག་མེད་པ་ལྟ་བུར། འཇམ་ཞིང་དལ་ལ་ཆ་མཉམ་པས་ཡུན་རིང་དུ་བཟུང་། འདི་ལ་རླུང་ནང་དུ་འཇུག་པ་ༀ། བར་དུ་གནས་པ་ཧཱུྃ། ཕྱིར་དབྱུངས་པ་ཨཱཿ དེ་ལྟར་འབྱུང་འཇུག་གནས་གསུམ་ཡི་གེ་གསུམ་གྱི་ངོ་བོར་གནས་པས། དེ་ཉིད་སྣའི་སྒོ་ནས། རང་རང་གི་སོར་ཚད་དང་ལྡན་པའི་འགྲོ་འོང་ལ་རྣམ་པར་མི་རྟོག་པའི་ངང་ནས་སེམས་འཛིན་པ་ཡིན་གསུངས། དེ་བཞིན་དུ། རླུང་གི་རླུང་དྲག་ལ་རིང་བར་བཟུང་ལ་བསྒོམ། མེའི་རླུང་དྲག་ཐུང་དུ་སྦུད་སྦུད་བཟུང་ལ་བསྒོམ། ཆུའི་རླུང་སོ་བར་ཅུང་ཟད་བསྡོམས་པའི་བར་ནས་བཞུར་པའི་སིར་སྒྲ་དང་བཅས་པས་བཟུང་ལ་བསྒོམ། སའི་རླུང་ནམ་མཁའི་རླུང་
༥༢༨ ལས་ཅུང་ཟད་དྲག་པར་ཚོར་ཙམ་དུ་དལ་བུས་བཟུང་ལ་བསྒོམ་ཏེ། དམིགས་སྐོར་ལྔ་པོ་འདི་དག་གིས་རླུང་གི་མལ་རྙེད་ནས། གེགས་དང་ཉེས་པ་མི་འབྱུང་བ་ཡིན་གསུང་། རླུང་སྤྱི་ཁྱབ་དུ་ཡང་། ལུས་གནད་སྐྱིལ་ཀྲུང་དང་། སྒོམ་ཐག་བཅུག་པ་གཉིས་ལས། སོ་སོའ་ལུས་ཀྱི་གནས་དང་། དུས་ཀྱི་གནད་འཐེམས་པ་གལ་ཆེ་གསུངས། དེ་ནས་འོག་ཐུར་སེལ་གྱི་རླུང་གིས་འབྱུང་བ་རིམས་བརྩེགས་བསྒོམས་པ་ནི། ནམ་མཁའ་རླུང་མེ་ཆུ་དང་ས་རྣམས་ཀྱིས། ཐུར་དུ་བསྡམས་པས་དེ་ལ་གསལ་བར་བལྟ། ཞེས་པས། འོག་ཐུར་སེལ་བསྟེན་པའི་རྣལ་འབྱོར་ནི། ལུས་བསམ་གཏན་གྱི་ཆོས་ལྔ་དང་ལྡན་པར་བྱ། ལག་པ་གཉིས་པུས་མོ་ལ་དགབ། དང་པོ་འབྱུང་བ་སོ་སོའ་འཛིན་སྟངས་ཀྱིས། སྲོག་རླུང་བཟུང་སྟེ་ལྟེ་འོག་ཏུ་ཕུལ་ནས། ཐུར་བསྡམ་པར་བྱའོ། །དམིགས་པ་ནི། ཨེ་ཡིག་སྔོན་པོ་ཡོངས་སུ་གྱུར་པ་ལས་ནམ་མཁའི་དཀྱིལ་འཁོར་སྔོན་པོ་གྲུ་གསུམ་ཤིན་ཏུ་ཡངས་པ་ཨེས་མཚན་པ་བློས་མཁྱུད་ཚད་ཤིན་ཏུ་དྭངས་པ་གཅིག་བསྒོམ། ནམ་མཁའི་རླུང་ཟིན་པའི་རྟགས་ནི། ལུས་མེད་པ་ལྟ་བུའི་སྟོང་ཉམས་བཟང་པོ་འཆར་རོ། །ཆོས་འབྱུང་དེའི་སྟེང་དུ་ཡཾ་ཡིག་ཡོངས་སུ་གྱུར་པ་ལས། རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན། གཡོ་བའི་བ་དན་གྱིས་མཚན་པ་ཡང་ཞིང་གཡོ་བ་བསྒོམ། རླུང་ཟིན་པའི་རྟགས་ནི། མགོ་ཟི་བ་དང་། གཡའ་ཟ་བ་སོགས་པ་འབྱུང་། ཡང་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ། རཾ་ཡིག་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རེག་བྱ་ཤིན་ཏུ་ཚ་བ་རཾ་གྱིས་མཚན་པ་བསྒོམ། རླུང་ཟིན་པའི་རྟགས་ནི།
༥༢༩ དྲོད་སྔར་བས་ཆེ་བ་དང་ལུས་ཚ་བ་ལ་སོགས་པ་འབྱུང་། ཡང་མེའི་དཀྱིལ་འཁོར་དེའི་སྟེང་དུ་པཾ་ཡིག་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་རེག་བྱ་བ་སིལ་བ། བུམ་པ་བཞི་ཡིས་མཚན་པར་བསྒོམ། རླུང་ཟིན་པའི་རྟགས་ནི། གྲང་བ་དང་འདར་བ་ལ་སོགས་པ་འོང་ངོ་། །ཡང་ཆུའི་དཀྱིལ་འཁོར་གྱི་སྟེང་དུ། ལཾ་ཡིག་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རེག་བྱ་ལྕི་བ་རྡོ་རྗེ་རྒྱ་གྲམ་བཞིས་མཚན་པ་བསྒོམ། རླུང་ཟིན་པའི་རྟགས་ནི། ལུས་དང་ཤེས་པ་ལྕི་བ་དང་འགྲོ་སྙིང་མི་འདོད་པ་ལ་སོགས་པ་འོང་། འདི་རྣམས་བསྒོམ་པའི་དུས་སུ་འོག་རླུང་ལ་གནད་དུ་བསྣུན་པའི་རླུང་སྦྱོར་ཡིན་ནོ། །དེ་ཡང་སྔ་མ་སྔ་མ་ལ་བརྟན་པ་ལ་མ་ཐོབ་བར། ཕྱི་མ་ཕྱི་མ་སྒོམ་པ་མ་ཡིན་ཞིང་། ཁྱད་པར་དུ་འབྱུང་བའི་རིམ་པ་རྣམས་ལ་ནན་ཏན་ཏུ་བསྒོམས་པས། དེ་རྣམས་ཀྱིས་རླུང་དབང་དུ་འདུས་ཏེ། སའི་ཡོན་ཏན་གྱིས་ལུས་མངའ་ཞིང་། ཏིང་ངེ་འཛིན་ལས་ལྡང་མི་ནུས་པ་དང་། ལུས་ལ་དྲི་ཞིམ་པོ་འབྱུང་བའོ། །ཆུའི་ཡོན་ཏན་ལུས་སྣུམ་པ་དང་། གཉེན་ཞིང་ཁོག་གསལ་བའོ། །མེའི་ཡོན་ཏན་ལུས་ལ་བདེ་དྲོད་འབར་བ་དང་། བཀྲག་མདངས་དང་གཟི་མདངས་འབར་བ་དང་། རོ་བྲོ་བ་སྣ་ཚོགས་པའོ། །རླུང་གི་ཡོན་ཏན་ལུས་ཡང་བ་དང་། རེག་བྱ་འཇམ་པ་དང་རྩེ་ཞིང་འགྱོགས་པ་ལ་སོགས་འོང་། ནམ་མཁའི་ཡོན་ཏན་ཐམས་ཅད་གོ་འབྱེད་པ་སྟེ། སྔར་གྱི་ཐམས་ཅད་དང་ཆ་མཐུན་པའི་ཡོན་ཏན་འབྱུང་བའོ། །དེ་དག་བརྟན་ནས་གདན་གསལ་གདབ་པ་ནི། རླུང་སྦྱོར་འབྱུང་བ་རིམ་བརྩེགས་དང་མཚུངས་པས། ནམ་མཁའི་དཀྱིལ་
༥༣༠ འཁོར་གྱི་སྟེང་དུ། ཡེ་ཤེས་ཀྱི་གདན་ལྗང་ཁུ་ཟླུམ་པོའ་དབྱིབས་ཅན་བསྒོམ་པར་བྱའོ། །དེ་ནས་རླུང་དང་ཆུ་དང་མེ་དང་སའི་དཀྱིལ་འཁོར་རྣམས་ཀྱི་རིམ་པ་བཞིན། སྒྲ་གཅན་དང་། ཉི་མ་དང་། ཟླ་བ་དང་། དུས་མེ་རྣམས་ཀྱི་གདན་གྱི་དབྱིབས་ཅན། རེག་བྱ་དང་འབྱུང་བ་རིམ་བརྩེགས་དང་མཐུན་པར་བསྒོམ་མོ། །འདིའི་སྐབས་སུ། རེས་འགའ་ཐུར་སེལ་གྱི་གནད་ཀྱིས་ནད་གཞི་འདོན་པ་དང་། དེ་འབྱོངས་ནས་འཕོངས་ཀྱིས་ཆུ་འཐུང་བ་ལ་སོགས་པའི་རླུང་སྦྱོར་ཡང་འབྱོན་པར་འདུག་སྟེ། ཞལ་ལས་ཤེས་པར་བྱའོ། །འོག་ཐུར་སེར་གྱི་རླུང་ཡང་ཞེས་བྱ། མེ་རླུང་ཞེས་ཀྱང་བྱ་སྟེ། འོག་ནས་འཇུག་པའི་རླུང་སྦྱོར་རོ། །དེ་ནས་སྟེང་སྲོག་རྩོལ་གྱི་རླུང་སྦྱོར་གྱིས་ས་བོན་ཡིག་འབྲུ་བསྐྱེད་པ་ནི། ས་ཆུ་མེ་རླུང་ནམ་མཁའི་བདག་ཉིད་ཀྱིས། ཡིག་འབྲུའི་རྒྱུ་བ་ཨཱ་ལི་ཀཱ་ལིའི་རླུང་། ཡི་གེ་གསུམ་གྱིས་སྟེང་དུ་བསྡམས་པ་ལས། ཤེས་པ། སྲོག་རླུང་གིས་འབྱུང་བ་སོ་སོའ་ཁ་དོག་ཅན་གྱི་ཡིག་འབྲུ་སྒོམ་པ་ཡིན་ལ། དེ་ཡང་ཡི་གེ་གསུམ་གྱི་རང་བཞིན་གྱིས་ལམ་དུ་བྱེད་པ་སྟེ། འབྱུང་འཇུག་གནས་གསུམ་ༀ་ཡིག་དང་། ཧཱུྃ་ཡིག་དང་། ཨཱཿཡིག་རྣམས་སུ་ཤེས་པར་བྱ་ཞིང་། ཡང་གཡོན་ཟླ་བ་སྟེ། ཨཱ་ལི་ཁུ་བའི་ཆོས་ཅན་ཐབས་ཀྱི་རང་བཞིན་དང་། གཡས་ཉི་མ་སྟེ། ཀཱ་ལི་དྷཱུལ་གྱི་ཆོས་ཅན་ཤེས་རབ་ཀྱི་རང་བཞིན་དང་། ཡེ་ཤེས་ཀྱི་རླུང་གི་ཐབས་ཤེས་དབྱེར་མེད་པར་དབུ་མར་འདྲེན་པ་ཡིན་ནོ། །དུས་འཁོར་ལས་ཀྱང་། ཟླ་བ་ཉི་མ་ལ་ཡང་ཨ་རྩེགས་ཀ་རྩེགས་རྡོ་རྗེ་དང་བཅས་མེ་ལོང་ལྔ་རྣམས་ཀྱིས། །ཤེས་སོ། །སྲོག་དང་ཐུར་སེལ་གང་ཟིན་ལམ་དུ་འགྲོ་བ་ནི། །སྟེང་
༥༣༡ འགགས་པ་ལས་འོག་ཏུ་ཟིན་འགྱུར་སྟེ། །ཐུར་དུ་ཟིན་པས་སྟེང་ཡང་དེ་བཞིན་ནོ། །ཞེས་པས། སྣོད་ཀྱི་ཆུ་དང་རིལ་བ་ཞབས་ཚགས་ཅན་བཞིན་ནོ། །དེ་ལ་འབྱུང་བ་རང་རང་གི་རླུང་གི་འཛིན་སྟངས་ཀྱིས། ཨཱ་ལི་ཀཱ་ལིའི་སེརགསེར་གཙོབཙོ་མའི་མདོག་ཅན། མེ་ཏོག་ཕྲེང་བ་ལྟ་བུ་སེ་ན་ར་ར་དུས་མེའི་སྟེང་དུ་བབས་པས། སེ་ཧྲམ་མེ་བ་ལ་དམིགས་པ་གཏད། དེ་ལ་ནན་ཏན་དུ་བསྒོམ་ཞིང་། མི་ཐུབ་པར་གཏོང་བའི་དུས་སུ། རླུང་ཕྱིར་འབྱུང་བ་དང་འགྲོགས་ནས་ཡིག་འབྲུ་རྣམས་ཀྱང་གྱེན་ལ་སེ་ན་ར་ར་སོང་བར་བསྒོམ་མོ། །ས་རླུང་ཟིན་པའི་རྟགས་གོང་དང་འདྲའོ། །ཡང་སྔར་བཞིན་ཟླ་བའི་གདན་གྱི་སྟེང་དུ། ཆུའི་རླུང་གི་འཛིན་སྟངས་ཀྱིས། ཨཱ་ལི་ཀཱ་ལི་མུ་ཏིག་གི་ཕྲེང་བ་ལྟ་བུ། དཀར་ཧྲམ་མེ་བ་ལ་དམིགས་པ་གཏད། རླུང་ཕྱིར་འབྱུང་བའི་དུས་དཀར་ན་ར་ར་སོང་བར་བསམ། ཡང་སྔར་བཞིན་ཉི་མའི་གདན་གྱི་སྟེང་དུ། མེ་རླུང་གི་འཛིན་སྟངས་ཀྱིས། ཨཱ་ལི་ཀཱ་ལི་བྱེ་རུའི་མདོག་ལྟ་བུ་དམར་ན་ར་ར་བྱུང་ནས། དམར་ཧྲམ་མེ་བ་ལ་དམིགས་པ་གཏད། ཕྱིར་དབྱུངས་བ་ན་དམར་ན་ར་ར་སོང་བར་བསམ། མེ་རླུང་ཟིན་པའི་རྟགས་གོང་དང་འདྲའོ། །ཡང་སྔར་བཞིན་སྒྲ་གཅན་གྱི་གདན་གྱི་སྟེང་དུ། རླུང་གི་རླུང་འཛིན་སྟངས་ཀྱིས་ཨཱ་ལི་ཀཱ་ལི་ནག་པོ་ན་ར་ར་བྱུང་ནས། ནག་ཧྲམ་མེ་བ་ལ་དམིགས་པ་གཏད་དེ། ཕྱིར་འབྱུང་བ་ནག་ན་ར་ར་སོང་བར་བསམ། རླུང་ཟིན་པའི་རྟག་གོང་དང་འདྲའོ། །ཡང་སྔར་བཞིན་ཡེ་ཤེས་ཀྱི་གདན་གསལ་གདབ། ཨཱ་ལི་ཀཱ་ལི་བཻ་ཌཱུ་མདོག་ལྟ་བུ་ན་ར་ར་བྱུང་ནས། སྔོ་ཧྲམ་མེ་བ་ལ་དམིགས་པ་གཏད། རླུང་ཟིན་པའི་རྟགས་
༥༣༢ སྔར་དང་འདྲའོ། །དེ་ཐམས་ཅད་ཀྱི་ཐུན་མགོ་ལ་ལྟ་སྟངས་བསྒོམ། དེ་ནས་ཐུར་སེར་གྱི་རླུང་བསྒོམ། དེ་ནས་སྟེང་རླུང་བསྒོམ་པ་ཡིན་གསུང་། དེ་ནི་སྟེང་སྲོག་རྩོལ་གྱི་རླུང་ཞེས་བྱ། ཕོ་རླུང་ཞེས་བྱ་སྟེ། སྟེང་ནས་འཇུག་པ་ཡིན་ནོ། །དེ་དག་བརྟན་པ་དང་། བར་རླུང་ལ་བརྟེན་ནས་ཕྱག་མཚན་བསྐྱེད་པ་ནི། རྡོ་རྗེ་རལ་གྲི་རིན་ཆེན་པདྨ་དང་། འཁོར་ལོ་རྣམས་ནི་རིམ་བཞིན་གསལ་བར་བལྟ། སྟེང་འོག་བར་གསུམ་བསྡམས་པས་ཐོབ་པར་འགྱུར། ཞེས་པས། རང་རང་གི་རླུང་གི་འཛིན་སྟངས་ཀྱིས། །སྟེང་རླུང་བཟུང་འོག་རླུང་ཐེནའཐེན་ཏེ། བར་རླུང་བཟུང་ནས་སྟེང་འོག་གཉིས་གློད་དེ། གདན་ལ་གནས་པའི་ས་བོན་རྣམས་ཡོངས་སུ་གྱུར་པ་ལས། རིམ་པ་བཞིན་དུ། རྡོ་རྗེ་སྔོན་པོ་དང་། རལ་གྲི་ནག་པོ་དང་། རིན་པོ་ཆེ་དམར་པོ་དང་། པདྨ་འདབ་བརྒྱད་དཀར་པོ་དང་། འཁོར་ལོ་རྩིབས་བརྒྱད་སེར་པོ་རྣམས་བསྒོམ་པར་བྱའོ། །དེ་རྣམས་བར་རླུང་གི་སྦྱོར་བ་སྟེ། རླུང་སེམས་སྟེང་འོག་བར་གསུམ་དང་ཡན་ལག་གང་དུ་ཡང་འདྲོངས་ཤིང་ནང་གཞི་ཐམས་ཅད་ལ་ཆགས་པ་མེད་པ་ལ་སོགས་པའི་ཡོན་ཏན་མང་པོ་ཡོད་པ་ཡིན། འགའ་ཞིག་གསུས་པ་རྒལ་པ་ལ་སྦྱར་ནས་བསྒོམ་པར་འདོད་པ་ཡོད་དེ། དེས་གསུས་པ་ཝས་བྲུས་པ་བཞིན་འགྲོ་བ་ཡིན། རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱི་གསུས་པ་ཇི་ལྟར་འདུག །དེ་གཉིས་ཀྱི་གནད་དེས་ཤེས་པ་ཡིན་གསུངས། དེ་ཡན་ཆད་ཀྱིས་སྟེང་འོག་གི་སྲོག་རྩོལ་གྱི་གནད་བསྟན་ནས། འཛིན་པ་ལ་ཁ་སྦྱོར་གྱི་རླུང་གིས་ལྷ་སློང་བའི་རྣལ་འབྱོར་གསུངས་པ། སྣོད་བཅུད་ཐ་མལ་འཛིན་པ་རབ་སྤངས་ཏེ། གདན་དང་ཕྱག་མཚན་ཡིག་འབྲུ་གསལ་བ་ལས། །
༥༣༣ རིགས་ལས་སྐྱེས་པ་དེ་བཞིན་གཤེགས་པའི་སྐུ། །གདན་དང་ལུང་བུ་སྐེསྐེད་རག་མཚངས་སྐུད་དང་། །ཕྱག་དང་ཞལ་དང་སྤྱན་དང་སྐྲ་མཚམས་དང་། །རྒྱན་དང་ཆ་ལུགས་མ་ལུས་རབ་རྫོགས་ནས། །གཙུག་ཏོར་བར་དུ་རིམ་བཞིན་གསལ་བར་བལྟ། །ཞེས་པས་སྟེ། སྣོད་བཅུད་ཅེས་པ་ནི། བརྟན་གཡོའ་དངོས་པོ་ཐམས་ཅད་དང་། དེ་རྣམས་ནི་རྡུལ་ཕྲ་རབ་དང་བྲལ་ཞིང་། དབྱིངས་རང་བཞིན་གྱིས་རྣམ་པར་དག་པས། ཐ་མལ་དུ་འཛིན་པ་དང་བྲལ་བ། དེ་མངོན་དུ་བྱེད་པའི་ཐབས། ཟུང་འཇུག་གི་ལྷ་སྐུ་བསྒོམ་པ་སྟེ། དེ་ཡང་གདན་དང་། ཡིག་འབྲུ་དང་། ཕྱག་མཚན་ལ་སོགས་པ་བསྒོམ་པ་ལས། རིགས་ནི་ལྔའམ་དྲུག་གོ །དེ་ཡང་བསྐྱེད་རིམ་གྱི་མཐར་ཐུག་སྐད་ཅིག་ཀྲོང་བསྐྱེད་པ་ཡིན་པས། སྔར་གྱི་ས་བོན་དང་ཕྱག་མཚན་རེ་རེའི་སྐབས་སུ། ལྷ་སྐུ་རིགས་དང་མཐུན་པ་རེ་རེ་སློང་བ་ཡིན་ཏེ། རིམ་གྱིས་སློང་བ་ལ་རང་རང་གི་སྟེང་འོག་བར་གསུམ་གྱིས་རླུང་གི་འཛིན་སྟངས་ཀྱིས། འབྱུང་བ་རིམ་བརྩེགས་དང་། གདན་དང་། ས་བོན་དང་། ཕྱག་མཚན་རྣམས་བསྒོམས་ནས། ཁ་སྦྱོར་གྱི་ལྷ་སྐུ་བསྐྱེད་པ་ཡིན་ལ། དེ་ཡང་ནམ་མཁའི་ཁམས་ནས་བསྐྱེད་པ་དེ། རྡོ་རྗེ་སྔོན་པོ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའམ། བདེ་མཆོག་ལ་སོགས་པའི་ལྷ་ཡབ་ཡུམ་ཀྲོངས་ཀྱིས་བསྐྱེད་དེ། རིམ་པར་གསལ་གདབ་པ་ནི། ཅུང་ཞིག་འོག་གི་རླུང་སྦྱོར་གསལ་བས། ལྟ་སྟངས་སྨད་ལ་བདེ་མཆོག་ལ་རིམ་པའི་གདན་དང་། །འཇིགས་བྱེད་དུས་མཚན་དང་། ཡབ་སྐུ་མདོག་སྔོན་པོ། ཡུམ་དམར་
༥༣༤ མོ། །གཉིས་ཀའི་ལོང་བུ་དང་། ཞབས་གདུབ་དང་། སྐུ་སྨད་དང་། མཁའ་གསང་བྱིན་གྱིས་བརླབ་པ་དང་། སྟག་ལྤགས་དང་། བར་རླུང་གསལ་བས། རྐེད་པ་དང་། སྐེསྐེད་རགས་དང་། སྐུ་སྟོད་དང་། ཚངས་སྐུད་དང་། དོ་ཤལ་དང་། མགུལ་རྒྱན་དང་། ཕྱག་དང་། ཕྱག་མཚན་དང་། གདུ་བུ་དང་། དཔུང་རྒྱན་དང་། སྟེང་རླུང་གསལ་བས་ཞལ་དང་། ཤངས་དང་། སྤྱན་དང་། གཙུག་ཏོར་དང་། ནོར་བུ་དང་། སྙན་དང་། སྙན་ཆ་དང་། ཐོད་ཕྲེང་དང་། རལ་པའི་ཐོར་ཅོག་དང་། སྣ་ཚོགས་རྡོ་རྗེ་དང་། ཟླ་བ་ཕྱེད་པ་དང་། ཡུམ་གྱི་སྐྲ་གྲོལ་བ་དང་། དར་དབྱངས་ལ་སོགས་པ་རྣམས་རིམ་པ་བཞིན་གསལ་ལ་མ་འདྲེས་པར་གསལ་གདབ། དེ་ཡང་། སྤྱི་མ་གསལ་ན་སྤྱི་གསལ་གདབ། བྱེ་བྲག་མ་གསལ་ན་བྱེ་བྲག་གསལ་གདབ། ཇི་སྲིད་བརྟན་པ་མ་ཐོབ་ཀྱི་བར་དུ་བསྒོམ་པའོ། །གཙུག་ཏོར་ནས་བཟུང་གདན་གྱི་བར་དེ་བཞིན་ནོ། །ཡང་གཙུག་ཏོར་ནས་བཟུང་ནས་གདན་གྱི་བར་དུ་སྟེ། ཡས་རིམས་ཀྱིས་གོང་བཞིན་གསལ་འདེབས་པའོ། །དེ་རྣམས་ནི་ཁ་སྦྱོར་གྱི་རླུང་ཞེས་བྱ། བུམ་པ་ཅན་གྱི་རླུང་སྦྱོར་རོ། །དེ་ལྟར་ལྷ་ཡབ་རྣམས་ནི་ལོ་བཅུ་དྲུག་གི་ན་ཚོད་ཅན། ཡུམ་རྣམས་ནི་ལོ་བཅུ་གཉིས་ཀྱི་ན་ཚོད་ཙམ་བསྒོམས་ན་མཆོག་སྟེར་ལ། གཞན་དུ་ཉོན་མོངས་པ་ཁོ་ནར་འགྱུར་རོ། །དེ་ཡང་བརྩོན་འགྲུས་དང་ལྡན་པས། །ཉིན་མཚན་དུ་མ་ཡེངས་པར་བསྒོམ་པ་ཁོ་ན་ལ་ཡིན་གྱིས། གཞན་དུ་ན་ལོ་བརྒྱའི་མཐར་ཡང་དངོས་གྲུབ་འགྲུབ་པ་མ་ཡིན་ནོ། །དེ་ལྟར་རླུང་ནང་དུ་སློངས་ཤིང་བསྐྱེད་རིམ་བརྟན་པའི་དུས་སུ། སྣང་བ་ཐམས་ཅད་སྣང་
༥༣༥ སྟོང་དབྱེར་མེད་པ་བར་སྣང་གི་འཇའ་ཚོན་ནམ། སྒྱུ་མ་ལྟ་བུར་སྣང་ལ་རང་ངོ་སྤྲད་གསུང་། དེ་ནས་དྲོད་དང་བདེ་བའི་བོགབོགས་དབྱུང་བར་འདོད་ན། ལྷ་མེ་ཁམས་པ་གསལ་བའི་ལྟེ་བ་ནས་སོར་བཞིའི་འོག་ཏུ་ཉི་མའི་གདན་ལ་པདྨ་ཁ་དོག་དམར་པོ་གསལ་བའི་མདངས་དང་ལྡན་པ། རེག་བྱ་ཤིན་ཏུ་ཚ་བ་ལ་དམིགས་པ་གཏད་ནས། མེ་རླུང་བཙན་ཐབས་སུ་འཛིན་པ་ཡིན་ནོ། །བདེ་བ་ལ་བདེ་ཆེན་འཁོར་ལོའ་ཧཾ་ལས། བྱང་སེམས་ཀྱི་རྒྱུན་ཐིག་པ་བབས་པ་ལྟ་བུར་ཨཱ་ལི་ཀ་ལིའི་རྣམ་པར་སྟེ། འོག་ཏུ་འབབ་སྟེ་ལུས་ཐམས་ཅད་བདེ་བས་ཁྱབ་བརཔར་བསྒོམ། འདིའི་སྐབས་སུ་རྩ་བའི་གཙོ་མོ་གསུམ་པོ་གསལ་བཏབ་ཀྱང་འོང་གསུང་། དེ་སྲོག་རྩོལ་གྱི་ཡན་ལག་རྡོ་རྗེའི་བཟླས་པར་འགྱུར་བ་ནི། འབྱུང་འཇུག་གནས་གསུམ་རྩ་བའི་རླུང་རྣམས་ཀྱང་། དེ་དུས་སྐུ་གསུང་ཐུགས་ཀྱི་བཟླས་པར་འགྱུར། ཞེས་པས། སྲོག་རྩོལ་གྱི་དུས་སུ་འཇུག་པ་ༀ། ཕྱིར་འབྱུང་བ་ཨཱཿ གནས་པ་ཧཱུྃ་དུ་འགྱུར་པས་རིམ་པ་བཞིན། སྐུ་གསུང་ཐུགས་ཀྱི་བཟླས་པར་འགྱུར་བའོ། །དེ་བཞིན་དུ་ཐུར་སེལ་ལ་ཡང་། དྲི་ཆེན་དང་། དྲི་ཆུ་དང་། ཁུ་བའི་རྩ་རྣམས་འགགས་པ་ལས་ཀྱང་རིམ་པ་བཞིན་དུ། སྐུ་གསུང་ཐུགས་ཀྱི་བཟླས་པར་འགྱུར་ཏེ། གཞན་ཡང་། གཡོན་ཟླ་བའི་རྩལ་རྒྱུ་བའི་རླུང་སྐུ་རྡོ་རྗེའི་བཟླས་པ་དང་། གཡས་ཉི་མའི་རྩ་ལ་རྒྱུ་བའི་རླུང་གསུང་རྡོ་རྗེའི་བཟླས་པ་དང་། དབུས་སྒྲ་གཅན་གྱི་རྩ་ལ་རྒྱུ་བ་ཐུགས་རྡོ་རྗེའི་བཟླས་པའོ། །དེ་ལྟར་རླུང་གང་ནས་རྒྱུ་བ་བལྟས་ལ། དེ་དང་དེ་ལ་བཟླས་པ་བྱའོ། །ཇི་ལྟར་བྱེད་ན། བགྲང་ཕྲེང་མེད་ཅིང་སྔགས་བཟློས་པའམ་མེད་པར།
༥༣༦ དབུགས་ཀྱི་འབྱུང་འཇུག་དང་ལྷན་གཅིག་ཡི་གེ་གསུམ་ལ་སོགས་པ་སྔགས་ཀྱི་རིམ་པ་རྣམས་དབུགས་འབྱུང་འཇུག་དང་བསྟུན་ནོ། མེ་ཏོག་གི་ཕྲེང་བ་བཞིན་དུ་བལྟས་ནས། རང་རང་གི་སོར་ཚད་དང་ལྡན་པར་འཇུག་པ་དང་། འབྱུང་བའི་རིམ་པ་བསྒོམ་ལགས་སོ། །ཡང་དོ་ལིའི་བཟླས་པ་ནི། སྔགས་ཀྱི་ཕྲེང་བ་ཡབ་ཀྱི་ཐུགས་ཀའི་ས་བོན་ལས་ཐོན། དབུ་མའི་ལམ་བརྒྱུད་ཡུམ་གྱི་མཁར་བབས་སྐུའི་དབྱིབས་བརྒྱུད། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་ལ་ཐིམ་པ་ནི། བདེ་སྟོང་བསྐྱེད་པའི་བཟླས་པ་ཡིན་གསུངས། ཡང་རླུང་བསྙེན་པར་བགྲང་བ་ཞེས་པ་ནི་ལུས་བསམ་གཏན་གྱི་ཆོས་ལྔ་དང་ལྡན་པའི་ལག་པ་གཉིས་པུས་མོ་ལ་དགབ། རང་ཡི་དམ་དུ་གསལ་བའི་ལྟེ་བར་ལས་དང་རྗེས་སུ་མཐུན་པའི་ཕྱག་མཚན་གདན་དང་བཅས་པ་བསྐྱེད་ལ། ཡིག་འབྲུ་རྣམས་ཕྱག་མཚན་ལ་འཁོར་བ་ལ་རིག་པ་འཛིན་པ་སྟེ། དེ་དང་མཉམ་དུ་གསུས་པ་གཡས་གཡོན་དུ་རེས་མོས་སུ་བསྐོར་བ་ཡིན། ཕྱོགས་གཅིག་ཏུ་བསྐོར་ན་ཡོན་པོའ་གེགས་འོང་གསུང་། སྲོག་རྩོལ་འགོག་པའི་བཟླས་པ་ཞེས་པ་ལ། སྲོག་ནི་གྱེན་དུ་རྒྱུ་བའི་རླུང་ཡིན་ལ། རྩོལ་བ་ནི་ཁྲིད་ཀྱི་ལག་ལེན་གྱིས་རླུང་ལམ་དུ་བྱེད་པའོ། །དེ་ལྟར་སྲོག་རྩོལ་གྱིས་ཉི་ཟླའི་འགྲོ་འོང་འགགས་པ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གསུང་དུ་འགྱུར་ཞིང་། དེ་ལྟར་ཉམས་སུ་བླངས་པས། སྲོག་རླུང་ཐིག་ལེའི་ནང་དུ་ཚུད་ནས། རླུང་སེམས་ཧཾ་གི་ཡི་གེར་ཟིན་པ་ནི། འཛིན་པ་ཞེས་པ་སྟེ། སྲོག་རྩོལ་གྱི་འབྲས་བུ་ཡིན་གསུངས། སྲོག་རྩོལ་གྱི་ཕྲིན་ལས་ཆེན་པོ་བཞིའམ། ལས་ཆེན་པོ་རྣམས་བསྒྲུབ་པར་བསྟན་
༥༣༧ པ་ནི། རང་རང་རིགས་ཀྱིས་འབྱུང་བའི་ཁ་དོག་བཞིན། །ཞི་རྒྱས་དབང་དང་མངོན་སྤྱོད་རིམ་པ་ཡིན། །ཞེས་པས། སྲོག་རྩོལ་གྱི་རྣལ་འབྱོར་ཁ་བསྒྱུར་བས། ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོའ་ལས་དང་། རེངས་པ་དང་། རྨོངས་པ་དང་། དགུག་པ་དང་། དབྱེ་བ་ལ་སོགས་པ་འགྲུབ་པ་སྟེ། དེ་ཡང་སྲོག་རྩོལ་གྱི་རྣལ་འབྱོར་དང་ལྷན་ཅིག་སྔགས་ཀྱི་ཕྲེང་བ་ཡིད་ཀྱིས་བཟླས་པས་ལས་འགྲུབ་པ་སྟེ། དེ་ཡང་། ཆུ་རླུང་བཞི་སྦྱོར་ཞི་བའི་ལས། །ཞེས་གསུངས་པས། འོག་རླུང་གིས་ཆུའི་དཀྱིལ་འཁོར་དང་ཟླ་གདན་བསྒོམ། སྟེང་རླུང་གིས་ས་བོན་གྱི་ཡིག་འབྲུ་བསྒོམ། བར་རླུང་གིས་ཕྱག་མཚན་པདྨ་བསྒོམ། ཁ་སྦྱོར་གྱིས་ལྷ་ཆུ་ཁམས་པ་བསྐྱེད། དེ་ནས་རླུང་རླུང་གཞིལ་བའི་ཚུལ་གྱིས་བུམ་པ་ཅན་དུ་བྱ་སྟེ། ལྟེ་བ་ཟླ་བའི་གདན་ལ་ཕྱག་མཚན་པདྨ་དཀར་པོ་རེག་བྱ་བསིལ་བ་བསྒོམ། དེ་ནས་རླུང་བཙན་ཐབས་དབུ་མར་བཅུག་ལ། གསང་བ་ཡེ་ཤེས་ཀྱི་རླུང་སྦྱོར་གྱིས། བསྒྲུབ་བྱ་དང་སེམས་བསྲེས་ཕྱག་མཚན་གྱི་འོད་ཟེར་གྱིས་བསྒྲུབ་བྱ་བཀུག་ལ་ཕྱག་མཚན་ལ་བསྟིམས་ཏེ། ༀ་མཱ་མ་ཀཱི་རི་ཀཱི་རི་ཆེ་གེ་མོ་ཤནྟིཾ་ཀུ་རུ་ན་མཿཞེས་ཡིད་ཀྱིས་བཟླས་པས་ཞི་བའི་ལས་འགྲུབ་བོ། །ས་རླུང་བཞི་སྦྱོར་རྒྱས་པའི་ལས་ཞེས་པས། གོང་བཞིན་ལ་ལྷ་ས་ཁམས་པ་བསྐྱེད། དུས་མེའི་སྟེང་དུ་འཁོར་ལོ་སེར་པོ་བསྒོམ། ས་རླུང་དབུ་མར་བཅུག་བསྒྲུབ་བྱ་དང་སེམས་བསྲེ་ཕྱག་མཚན་གྱི་འོད་ཟེར་གྱིས་བསྒྲུབ་བྱ་བཀུག་ལ་བསྟིམ། ༀ་ལེ་ཙ་ནི་བྷ་སུ་དྷི་ཆེ་གེ་མོ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་རྒྱས་པར་བྱེད་དོ། །མེ་རླུང་ཁ་སྦྱོར་དབང་གི་
༥༣༨ ལས། ཞེས་པས་གོང་བཞིན་ལ་ལྷ་མེ་ཁམས་པ་བསྐྱེད། ཉི་མའི་སྟེང་དུ་རིན་པོ་ཆེ་དམར་པོ་བསྒོམ། རླུང་དབུ་མར་བཅུག །བསྒྲུབ་བྱ་དང་སེམས་བསྲེས། ཕྱག་མཚན་གྱི་འོད་ཟེར་གྱིས། བསྒྲུབ་བྱ་བཀུག་ལ་བསྟིམ། ༀ་པཎྜ་ར་བ་སི་ནི་བ་ར་ཏེ་ཆེ་གེ་མོ་བྷཽ་སྭཱ་ཧཱ། ཞེས་པས་དབང་དུ་བྱེད་དོ། །རླུང་གི་རླུང་ཁ་སྦྱོར་དྲག་པོའ་ལས། ཞེས་པས། གོང་བཞིན་ལ་ལྷ་རླུང་ཁམས་པ་བསྐྱེད། སྒྲ་གཅན་གྱི་སྟེང་དུ་རལ་གྲི་ནག་པོ་བསྒོམ། རླུང་གི་རླུང་དབུ་མར་བཅུག །བསྒྲུབ་བྱ་དང་སེམས་བསྲེ། ཕྱག་མཚན་གྱི་འོད་ཟེར་གྱིས་བསྒྲུབ་བྱ་བཀུག་ལ་བསྟིམས། ཕྱག་མཚན་ལས་འོད་ཟེར་མཚོན་ཆ་མང་པོ་འཕྲོས་པས། སྲོག་དང་ཕྲལ་བར་བསྒོམ་ཞིང་། ༀ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ། ཞེས་པས། བསད་པའི་ལས་འགྲུབ་པོ། བསྐྲད་པ་དང་ཕྱག་མཚན་གྱི་འོད་ཟེར་ནུས་པ་དང་ལྡན་པས། རླུང་ལྟར་མགྱོགས་པའི་རྔ་མོ་ལ་སྐྱོན་ནས། ཆེ་གེ་མོ་ཨུ་ཙ་ཊ་ཡ་ཧཱུྃ། ཞེས་པས་རྒྱངས་རིང་དུ་འཕང་བར་བསྒོམ། རེངས་པ་ལ། ༀ་ལོ་ཙ་ན་བ་སུ་དེ་ཆེ་གེ་མོ་སྟམ་བྷ་ཡ་ཕཊ། ཅེས་པས་འགྲུབ་བོ། དགུག་པ་ལ། ཆེ་གེ་མོ་ཁའུ་ཥཊ། ཅེས་པས་འགྲུབ་བོ། རྨོངས་པ་ལ། ཆེ་གེ་མོ་ཧ་ཡ་ཕཊ། ཅེས་པས་འགྲུབ་པོ། །དབྱེ་བ་ལ། ཕན་ཚུན་སྟོབས་འགྲན་པའི་འོད་ཟེར་ཕོག་པས་བསྒྲུབ་བྱ་རྣམས་བྱ་རོག་དང་འུག་པར་གྱུར་པས་འཐབ་ཅིང་རྩོད་པར་བསྒོམ་སྟེ། ཆེ་གེ་མོ་དག་པྲ་བེ་ཤ་ཡ་ཕཊ། ཅེས་པས་འགྲུབ་བོ། །ནམ་མཁའི་རླུང་བཞི་སྦྱོར་ནི་གོང་བཞིན་ལ་ལྷ་ནམ་མཁའི་ཁམས་པ་བསྐྱེད། ནམ་མཁའི་གདན་ལ་རྡོ་རྗེ་སྔོན་པོ་ལྗང་
༥༣༩ ཁུ་བསྒོམ། རླུང་དབུ་མར་བཅུག །བསྒྲུབ་བྱ་དང་སེམས་བསྲེ། ཕྱག་མཚན་གྱི་འོད་ཟེར་གྱིས་བསྒྲུབ་བྱ་བཀུག་ལ་བསྟིམ་སྟེ། གང་སྒྲུབ་པ་དེ་མི་སྣང་བར་བསྒོམས་པས། མི་སྣང་བར་འགྱུར་གསུངས། རེས་འགའ་ཕྱག་མཚན་བསྒོམ་པའི་གནད་འདི་སྙིང་ག་དང་སྤྱི་གཙུག་ལ་སོགས་པ་འབྱུང་བའི་རླུང་གི་གནད་སོ་སོར་འབྱེད་པ་འོང་གསུངས། རེས་འགའ་སྟེང་འོག་བར་གསུམ་མ་ནིང་ཡེ་ཤེས་ཀྱི་རླུང་དང་བཞི་ལ་སོ་སོར་སྦྱར་བ་ཡང་གསུངས། ལས་ཆེན་འདི་རྣམས་སྒྲུབ་པ་ལ། སྔོན་ལ་སྟོང་པ་ཉིད་ཀྱི་གཟུགས་བསྟན་ནས། དེ་རྗེས་སྲོག་རྩོལ་གྱི་དབང་ཐོབ་པ་གཅིག་དགོས་པ་ཡིན་གསུངས། འབྱུང་བའི་རླུང་རྣམས་རང་རང་འཛིན་སྟངས་ཀྱིས། །བསྐྱོད་པར་གྱུར་ཚེ་རླུང་གི་མེ་སྦར་ནས། །དངསདྭངས་མ་ཞུ་བས་མི་ཟད་ཉོན་མོངས་འབར། །ཅེས་པས། འབྱུང་བའི་རླུང་དང་སོ་སོའ་འཛིན་སྟངས་གོང་དུ་བཤད་ཅིང་བསྐྱོད་པ་ནི་སྟེང་འོག་བར་གསུམ་གྱི་རླུང་དབང་དུ་བྱེད་པའོ། །སྦྱོར་བ་དེས་ལྟེ་བར་གཏུམ་མོའ་མེ་སྦར་ཏེ། ཁམས་ཀྱི་དངས་མ་ཧཾ་ཡིག་གི་རྣམ་པ་སྤྱི་བོ་ནས་ཞུགས་ཏེ། ཤིན་ཏུ་མི་ཟད་པའི་ཉོན་མོངས་འབར་བ་སྟེ། དེ་ལ་ཆགས་པའི་འདོད་རྟགས་བཅུ་འཆར་བའོ། །དུས་འཁོར་ལས་ཀྱང་། བསམ་དང་འདོད་དང་ལུས་ལ་རིམས་དང་ཁ་མཆོག་པདྨ་སྐམ་དང་ཟས་ལ་རབ་ཏུ་མི་འཇུག་དང་། །འདར་དང་སྨྱོ་དང་རབ་ཏུ་རྨོངས་དང་འགྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་དྲག་ཏུ་རྒྱལ་བ་དགའ། །རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་རྟེན་དུ། །རབ་ཏུ་གསལ་ཞིང་ངེས་པར་དེ་རྣམས་ཡིད་བསྲུབས་གནས་སྐབས་
༥༤༠ སུ་ཞིག་རྒྱལ་བ་འདོད་པ་དེ་ནི་གསུངས། །ཞེས་གསུངས་སོ། །རྩིགས་མ་བད་ཀན་ཆུ་སེར་ཁྲག་དང་ནི། །ཤ་དང་རུས་པ་རྒྱུས་པའི་བཅུད་རྣམས་ཀྱིས། །རང་རང་གནས་སུ་ནད་དང་ལུས་ཟུང་བསྐྱེད། །ཅེས་པས་རོ་དྲུག་དང་ལྡན་པའི་ཟས་་སྐོ་མ་བསྟེན་པས། དེ་ཉིད་ལུས་ཟུངས་བདུན་དུ་འགྱུར་བ་སྟེ། དེ་ཉིད་ལྟོ་བར་མཉམ་གནས་ཀྱི་རླུང་གིས་དངས་སྙིགས་ཕྱེ་བ་ལས། ལུས་ཟུངས་བདུན་གྱི་དང་པོ་དྭངས་མར་གྱུར་པ་དེ་ཡང་འབྱུང་བའི་མཐུས་དྭངས་སྙིགས་གཉིས་སུ་ཕྱེ་སྟེ། རྩིགས་མ་བད་ཀན་དང་། དྭངས་མ་ཁྲག་ཏུ་འགྱུར་རོ། །ཁྲག་གི་དྭངས་མ་ཤ་དང་། རྩིགས་མ་མཁྲིས་པར་འགྱུར་རོ། །ཤའི་དྭངས་མ་ཚིལ་དང་། རྩིགས་མ་མིག་ལ་སོགས་པ་བུ་གའི་དྲི་མར་འགྱུར་རོ། །ཚིལ་གྱི་དྭངས་མ་རུས་པ་དང་། རྩིགས་མ་རྡུལ་དུ་འགྱུར་རོ། །རུས་པའི་དྭངས་མ་རྐང་དང་། རྩིགས་མ་སེན་མོ་དང་། བ་སྤུའོ། །རྐང་གི་དྭངས་མ་ཁུ་བ་དང་། རྩིགས་མ་མིག་དང་པགས་པ་བཤང་བའི་སྦུག་མོ། །ཁུ་བའི་དྭངས་མ་སྟོབས་དང་། རྩིགས་མ་མདྭངསམདངས་སུ་འགྱུར་རོ། །ཟས་སྐོམ་གྱི་སྙིགས་མ་ནི། ཐུར་སེལ་གྱི་རླུང་གིས་ཕྱིར་འབྱིན་པར་བྱེད་དེ་གཤང་ལྕིའོ། །དེ་ལ་སྐབས་བདུན་ཞེས་པའམ། སྐྱེ་བ་བདུན་ཞེས་པའམ། ལུས་ཟུངས་བདུན་ཞེས་བྱའོ། །ལུས་ཀྱི་སྟོབས་རྒྱས་པ་དང་། བཀྲག་མདངས་ལེགས་པ་ཐམས་ཅད་ཐིག་ལེའི་ཡོན་ཏན་ཡིན་ནོ། །ལུས་ལ་ནད་འཇུག་པ་ཐམས་ཅད་ཟས་ཀྱི་དྭངས་སྙིགས་མ་ཕྱེད་པས་འཇུག་ལ། ནད་ཐམས་ཅད་བསྐྱེད་པ་འབྱུང་བ་བཞིའི་རླུང་གིས་བསྐྱེད་པ་སྟེ། དེ་ཡང་ལུས་ཟུངས་བདུན་ནས་རིམ་པར་ལྟར་འཇུག་པས། ཐོག་མར་ཕོ་བར་མེ་མཉམ་གྱི་རླུང་ལོག་
༥༤༡ ནས། ཟས་ཁྲག་དང་བད་ཀན་དུ་འགྲོ་མ་ནུས། རྩིགས་མ་འདོར་མ་ནུས་པས་མ་ཞུ་བ་སྟེ། །སྐྲན་དང་ལྡན་དང་འགར་བ་ལ་སོགས་པ་འབྱུང་། བད་ཀན་ལ་ནད་ཞུགས་ན་ཟས་མི་འཇུ། དང་ཁ་མི་བདེ། ཕོ་བའི་མེ་དྲོད་ཉམས་པས་ལུས་ཀྱི་སྨད་ཐམས་ཅད་གྲང་མོར་འགྲོ། ནད་སྙིང་ཁྲོད་དུ་ཞུགས་ན་སྙིང་རླུང་ལ་སོགས་པ་ཤེས་པ་མི་བདེ་བ་འབྱུང་། ཆུ་སེར་ལ་ནང་ཞུགས་ན་ཆུ་སེར་འཕེལ་བས། རླུང་ཁྲག་བྱང་ཆུབ་ཀྱི་སེམས་རྒྱུ་བའི་ལམ་འགགས་ཏེ་ཞ་འཁུམས་ལ་སོགས་པ་འབྱུང་། ཚབས་ཆེ་ན་མཐར་མཛེ་རུ་འགྲོ། ཆུ་སེར་གྱི་ནད་ལ་གསང་བཙལ་ལ་བེར་ཀ་བྱ། ཁབ་བཙག་གིས་ཁྲག་འདོན། གཞན་ཡང་ཆུ་སེར་དང་རླུང་སྡོངས་པས་ལུས་ཐམས་ཅད་སྐྲངས་ནས་མཐར་དམུ་ཆུ་རུ་འགྲོ་བ་སྟེ། ཁྱབ་བྱེད་ཀྱི་རླུང་ལོག་པ་ཡིན་གསུང་། ཁྲག་ལ་ནད་ཞུགས་ན་ཚད་པ་སྐྱེ། ལུས་ཀྱི་སྟོད་དང་མཆིན་པ་ལ་ཟུག་འབྱུང་དབུགས་ཐུང་པ་དང་། གཞན་དག་བད་ཀན་སྨུག་པོ་ཟེར། དེ་ལ་གདོན་གྱིས་སྐྱོན་ནི། གློ་དང་གཟེར་ཐུང་དུ་འགྲོ་གསུངས། ཤ་ལ་ནད་ཞུགས་ན། དབང་པོ་ལྔ་ལ་སྐྱོན་འབྱུང་སྟེ། ཡན་ལག་གི་རླུང་ལྔའི་བཅོས་ཐབས་ཀྱིས་བསལ། རུས་པ་ལ་ནད་ཞུགས་ན། རུས་པ་ཁོག་འགྱུར་བ་བྱུང་ན། ཀོང་བྲུས་བྱེད་དགོས། གདམས་ངག་གི་སེལ་བར་དཀའ་གསུང་། ཚིལ་ལམ་རྐང་མར་ལ་ནངནད་ཞུགས་ན། ཐིག་ལེའི་བཞུ་བཏུལ་གྱིས་སེལ་གསུངས། ཐིག་ལེ་ལ་སྐྱོན་བྱུང་ན། འཛག་པའི་སྐྱོན་བདུན་སེལ་ཐབས་དང་། འཛག་སྒོ་བཞིའི་བཅིང་ཐབས་ལ་འབད་དགོས་གསུངས། ལུས་ཟུངས་བསྐྱོད་པ་ནི། གང་གི་གདམས་པའི་གནད་རྣམས་མ་འཁྲུལ་པ་དང་། བདུད་རྩི་
༥༤༢ ལྔ་ཕྲུག་ཉི་ཤུ་རྩ་ལྔ་ཕྱི་ནང་གསང་གསུམ་དུ་ཟོས་པས། ལུས་ཀྱི་ཟུངས་བསྐྱེད་པ་ཡིན་གསུངས། ལུས་ཟུངས་ཀྱི་དྭངས་མ་ཕྱི་རོལ་དུ་འཕོས་པའི་སྐྱོན་ནི། ལུས་ཟུངས་ཟླ་བའི་ཆ་ཡིས་འཕོ་བ་ལས། །ཡན་ལག་བཅུ་གཉིས་སྲིད་པའི་ལུགས་བཞིན་འཁོར། །ཞེས་པས། ལུས་ཟུངས་ནི་སྔར་བརྗོད་པའི་བད་ཀན་ལ་སོགས་པ་ཡིན་ལ། དེ་རྣམས་ཀྱི་དྭངས་མ་ནི་ཁུ་བའོ། །དེ་ཉིད་ཐབས་དང་བཅས་པ་རྣམས་ཀྱིས་མི་འགྱུར་བར་བརྟན་པས་མཆོག་ཐོབ་ལ། ཐབས་དང་བྲལ་བ་རྣམས་ཀྱིས། བྷ་ག་ལ་སོགས་པར་འཕོས་པ། མ་རིག་པ་ནས་བཟུང་སྟེ་རྒ་ཤིའི་བར་གྱི་རྟེན་འབྲེལ་བཅུ་གཉིས་ལུགས་སུ་ཞུགས་ནས་འཁོར་བའོ། །དེ་ཉིད་མི་འཕོ་བ་སྒྲུབ་པ་ནི་རྗེས་སུ་དྲན་པ་སྟེ། སྒྲ་གཅན་གྱིས་ནི་རབ་ཏུ་ཟོས་པ་ལས། མེ་དཔུང་རབ་ཏུ་འབར་བས་བསྲེག་པར་བྱེད། །ཅེས་པས་སྒྲ་གཅན་ནི་དབུ་མའོ། །བཟའ་བར་བྱ་བ་ནི་དྭངས་མ་བྱང་ཆུབ་ཀྱི་སེམས་རབ་ཏུ་ཟོས་པ་ནི་ནོར་བུར་བརྟན་པའོ། །མེ་དཔུང་རབ་ཏུ་འབར་བ་ནི། ཡེ་ཤེས་ཀྱི་འོད་ཟེར་ཏེ་མི་འགྱུར་བའི་བདེ་བའོ། །བསྲེག་པ་ནི་འཕོ་བའི་བདེ་བ་དང་བག་ཆགས་སྤངས་པའོ། །དེའི་སྟོབས་གྱིས་བརྟན་པའི་དགའ་བའི་ཡེ་ཤེས་རིམ་པ་བཞིན་འཆར་ཞིང་། འཁོར་བའི་རྟེན་འབྲེལ་བཅུ་གཉིས་ལུགས་ལས་བཟློག་པའོ། །དེ་ལ་ཡང་རྩིགས་མ་ཐུར་དུ་འདོས་ཤིང་དྭངས་མ་གནས་སུ་ཟིན་པ་གཅིག་དགོས་པས། རྩིགས་མ་ཐུར་དུ་སོང་པས་ནད་མེད་ཅིང་། དྭངས་མ་ལུས་ལ་རྒྱས་པས་བདེ་བ་འཕེལ། ཞེས་པས། རྩིག་མ་ནི་རོ་དྲུག་གི་ཟས་སྐོམ་ལོངས་སྤྱོད་པའི་རྩིགས་མ་དྲི་ཆེན་དྲི་ཆུ་ལ་སོགས་པའོ། །དེ་ལ་ཆགས་པ་ཆེན་པོ་དེས་བཞུ་བརྟུལ་དུ་གྱུར་པས། བྱང་ཆུབ་ཀྱི་སེམས་
༥༤༣ འཛག་མེད་དུ་བྱས་ཤིང་རྩིགས་མ་ཤེས་མ་ཐུར་དུ་འདོར་བས་ལུས་ལ་ནད་ཀྱིས་མི་ཚུགས་ཤིང་། དྭངས་མ་དང་སྟོབས་རྒྱས་པས། འདོས་པའི་ཡོན་ཏན་ཐོབ་སྟེ། བདུད་བཞིའི་དཔུང་རྣམས་འཇོམས་པར་བྱེད་དོ། །རིགས་དྲུག་ས་བོན་བསྲེགས་པར་གྱུར་བ་ལས། །འཛག་པའི་བདེ་བ་རིམ་གྱིས་སྐྱེ་བའི་ཕྱིར། །སྟེང་འོག་བར་གསུམ་བར་ཏུ་བསྡམ་པར་བྱ། །ཞེས་གསུངས་པས། བཟུང་བ་དང་འཛིན་པ་རོ་མཉམ་པར་འགྱུར་བ་མེད་པའི་བདེ་བ་ཐོབ་པ་སྟེ་རིགས་དྲུག་ནི། ནམ་མཁའ་རླུང་མེ་ཆུས་ཡེ་ཤེས་ཀྱི་རིགས་སོ། །ས་བོན་ནི། ཨ་ཨི་རི་ཨུ་ལི་ཨ་རྣམས་སོ། །དེ་རྣམས་གཏུམ་མོ་ཡེ་ཤེས་ཀྱི་མེ་ཡིས་བསྲེག་པར་གྱུར་བ་ལས། ཞུ་བ་འཛག་པའི་བདེ་བ་སྐྱེ་བ་སྟེ། དེ་བསྲུང་བའི་དོན་དུ་སྟེང་འོག་བར་གསུམ་རབ་ཏུ་བསྡམ་པར་བྱེད་དོ། །སྲོག་དང་ཐུར་སེལ་དང་བར་རླུང་ཁ་སྦྱོར་དུ་སྒོམ་ཞིང་འཛག་མེད་བསྒྲུབ་པའོ། །གཞུང་དེ་ཉིད་ཀྱི་བྱེད་ལས། རླུང་གིས་མེ་སྦར་ས་སྲེགས་ཆུ་བཞུ་སྟེ། ནམ་མཁའ་སྟོང་པའི་དོན་ལ་འཇུག་པར་འགྱུར། རླུང་གི་སྦྱོར་བ་ནི་སྟེང་འོག་བར་གསུམ་བསྡམས་པའོ། །དེའི་སྟོབས་ཀྱིས་གཏུམ་མོའ་མེ་འབར་བས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་བསྲེག་པ་སྟེ། ཡས་བབས་པའི་དགའ་བ་ལ་སོགས་པའི་རིམ་པ་རྣམས་རྡོ་རྗེ་ནོར་བུའི་བར་དུ་བྱོན་པའོ། །དེ་ཉིད་སྟེང་འོག་བར་གསུམ་རབ་ཏུ་བསྡམས་པའི་སྦྱོར་བས། འབྲས་བུ་མངོན་དུ་མ་གྱུར་བར་དུ་བསྒོམ་པར་བྱ། །ནམ་མཁའ་སྟོང་བའི་དོན་ནི། སྔགས་ཀྱི་དོན་ཞེས་པའམ། གཉིས་སུ་མེད་པ་ཞེས་པའམ། སྟོང་པ་ཉིད་ཀྱི་དོན་ཞེས་པ་ཡིན་ནོ། །དེ་སྔར་བཤད་པའི་ལམ་གྱིས། མི་འགྱུར་བའི་བདེ་བ་མ་ཐོབ་ན། སྦོགས་པའི་ཆོ་
༥༤༤ གའམ། གསང་བའི་ལག་ལེན་བསྟན་པ་ནི། །རྡོ་རྗེ་བསླང་ཞིང་གསོར་བའི་བདེ་བ་ཡིས། །ཐོག་མ་བར་དང་མཐའ་མའི་བདེ་བ་འཆང་། །དགུག་གཞུག་བཅིང་ཞིང་རོ་མཉམ་བསྟན་པར་བྱ། །རིམ་པ་དེས་ནི་ངེས་པར་འགྲུབ་པར་འགྱུར། །ཞེས་པས་རྡོ་རྗེ་ཨ་ཝ་དྷུ་ཏི་ཡིན་ལ། བསླང་བ་ནི་ནཱ་ད་གོམས་པར་བྱེད་པའོ། །དེའི་རིམ་པ་ནི། སྲོག་རྩོལ་གྱི་རླུང་སྦྱོར་གྱིས་སྟེང་འོག་བར་གསུམ་གྱི་རླུང་ལ་དབང་བྱེད་པའོ། །ཡང་ན། རྡོ་རྗེ་ནོར་བུ་ལག་པའི་ཆུ་སྐྱེས་སུ་བཞག་པས། ཐོག་མཐའ་བར་གསུམ་གྱི་དགེ་བ་རྫོགས་ཤེས་པ་དང་། རིམ་པ་འདིས་ངེས་པར་འགྲུབ་པ་ནི། སྟེང་འོག་བར་གསུམ་གྱི་རླུང་འཆིངས་པས། འགྱུར་བ་མེད་པའི་ཡེ་ཤེས་འགྲུབ་བོ་ཞེས་པའོ། །སྒྲུབ་པ་ཆེན་པོའ་རྟེན་གྱི་མཚན་ཉིད་དེ། ཐབས་ཀྱི་མེ་གསུམ་རབ་ཏུ་འབར་བ་དང་། ཤེས་རབ་ལ་ཡང་མེ་གསུམ་དེ་བཞིན་ཏེ། །ཞེས་པས། ཐབས་ཤེས་རབ་གཉིས་ཀ་ལ་རྗེས་ཆགས་ཀྱི་མེ་གསུམ་གསུམ་སྟེ། ལང་ཚོ་དུས་ཀྱི་མེ། སྒོམ་པ་ཏིང་ངེ་འཛིན་གྱི་མེ། སྤྱོད་པ་བསྒྲུབ་པ་ལས་བྱུང་བའི་མེའོ། །རེས་འགའ་ལང་ཚོ་དང་། ཆགས་པ་དང་། སྒོམ་པའི་མེ་ཞེས་ཀྱང་གསུངས་སོ། །ཕན་ཚུན་རིགས་དང་རིགས་ཀྱིས་འབྲེལ་བ་ནི། ས་དང་ཆུ་དང་མེ་དང་རླུང་རྣམས་དང་། །ནམ་མཁའ་ལས་སྐྱེས་དེ་བཞིན་གཤེགས་པའི་ཡུམ། །ཞེས་པས། ས་ཆུ་མེ་དང་ནམ་མཁའ་རྣམས་ནི། དེ་བཞིན་གཤེགས་པའི་ཡུམ་སྟེ། རིམ་པ་བཞིན་དུ། སྤྱན་མ། མཱ་མ་ཀི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། རྡོ་རྗེ་དབྱིངས་ཕྱུག་མ་རྣམས་སོ། །རིགས་དེ་རྣམས་ལས་སྐྱེས་པའི་རིགས་ཅན་བུད་མེད་ཀྱི་རིགས་དང་ལྔ་རུ་འགྱུར་ཞིང་། ཕལ་ཆེར་འདྲེས་པའི་རིགས་མང་བར་གསུངས་ལ། དེ་བཞིན་དུ། ཐབས་ལའང་རིགས་ལྔ་
༥༤༥ སྟེ། ཐབས་ཀྱང་རྒྱལ་བ་རྣམས་ཀྱིས་རབ་ཕྱེ་བ། །རང་རང་རིགས་སམ་ལུས་དང་སེམས་དཔའ་ལས། །རིགས་གཞན་རྣམས་དང་འདྲེས་པ་གང་ལ་ཡང་། །དེ་དང་དེ་ཡི་ཡབ་ཡུམ་རིགས་ཀྱིས་འགྲུབ། །ཅེས་པས། ཐབས་རྣལ་འབྱོར་པ་དང་། རྒྱལ་བ་སྟེ་དེ་བཞིན་གཤེགས་པའི་དབྱེ་བ་རིགས་ལྔར་གསུངས་སོ། །མི་བསྐྱོད་པ་དང་། དོན་ཡོད་གྲུབ་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། རྣམ་པར་སྣང་མཛད་དང་རིམ་པ་བཞིན་དུ། ནམ་མཁའ་རླུང་མེ་ཆུ་སའི་རིགས་རྣམས་སོ། །ལུས་དང་བསམ་པ་ནི། ཐབས་ཤེས་རབ་ལ་ཆགས་པས། ལུས་ཐབས་སུ་ཡོད་ཀྱང་བསམ་པ་ཤེས་རབ་ཏུ་འགྲོ་ཞིང་། ཤེས་རབ་ཐབས་ལ་ཆགས་པས། ལུས་ཤེས་རབ་ཏུ་ཡོད་ཀྱང་། བསམ་པ་ཐབས་སུ་འགྲོ་བའོ། །རིགས་གཞན་ནི། རང་གི་རིགས་མ་ཡིན་པར་ཐབས་ཤེས་སུ་བསྡེབས་པ་སྟེ། མེ་དང་ཆུ། ས་དང་ཆུ། ནམ་མཁའ་དང་ཡེ་ཤེས་སུ་བསྡེབས་པས་འགྲུབ་པའོ། །རིགས་འདྲེས་པ་ལ་ཡང་ཤས་གང་ཆེ་བརྟགས་ཤིང་། གང་ཡིན་ཤེས་པར་བྱའོ། །ཡང་ན་ཐབས་ཀྱང་ཟླ་བ་ཉི་མའི་རིགས། །ཤེས་རབ་ཀྱང་ནི་ཉི་མ་ཟླ་བའོ། །ཤེས་རབ་ཀྱི་ཉི་མའི་རིགས་ནི་གཟུགས་དང་སྐད་མདོག་གི་རྣམ་འགྱུར་གྱིས་རང་གཟུགས་སུ་གནས་ཤིང་རྡུལ་གནམ་སྟོང་ལ་འབབ་པ་སྟེ་ཉི་མའི་རིགས། ཤེས་རབ་ཀྱི་ཟླ་བའི་རིགས་ནི། གཟུགས་དང་སྐད་མདོག་གི་རྣམ་འགྱུར། ཐབས་ཀྱི་གཟུགས་སུ་གནས་ཤིང་། རྡུལ་ཉ་ལ་འབབ་པ་སྟེ་ཟླ་བའི་རིགས་ཤེས་སོ། །དེ་གཉིས་ཀྱང་ཐབས་ཤེས་འགྲིག་པ་གོང་བཞིན་ནོ། །འཁོར་ལོ་དྲུག་དང་ནོར་བུའི་རྩེ་མོ་ལ། །ཟླ་བའི་ཆ་རྣམས་རིམ་གྱིས་འཕོ་བ་
༥༤༦ དག །སྒྲ་གཅན་གྱིས་ནི་རབ་ཏུ་ཟོས་པ་ལས། །དེའི་རྗེས་སུ་ཉི་མའི་ཆ་རྣམས་ཀྱང་། །རིམ་པ་བཞིན་དུ་དེ་ནི་ཟ་བར་འགྱུར། །ཞེས་པས། འཁོར་ལོ་དྲུག་གི་ལྟེ་བ་དང་སྙིང་ག་ལ་སོགས་པ་ཡིན་ལ། ནོར་བུ་ནི་རྡོ་རྗེ་ནོར་བུ་སྟེ། ཟླ་བའི་ཆ་ནི་ཁུ་བའོ། །རིམ་གྱིས་འཕོ་བ་ནི་དགའ་བ་ལ་སོགས་པའི་རིམ་པས་འཕོ་བའོ། །སྒྲ་གཅན་ནི་དབུ་མ་ཡིན་ལ། ཟོས་པ་ནི་ཟླ་བ། འཕོ་བའི་བདེ་བ་ལ་ལྟོས་པ་མེད་པར་གྱེན་ལ་ལོག་པའོ། །དེའི་རྗེས་སུ་ཉི་མའི་ཆ་ཞེས་པ་ནི། ཤེས་རབ་ཀྱི་རྡུལ་ཡང་ཨཱ་ཝ་དྷཱུ་ཏིས་ཟ་བར་བྱེད་ཅེས་པའོ། །ཉི་ཟླ་ཟོས་པའི་རྗེས་ལ་དྲི་ཆེན་དང་། །དྲི་ཆུ་ཤ་ཆེན་དབུས་ཀྱི་བཅུད་ཀྱང་ཟ། །རྩིགས་མ་བད་ཀན་ཆུ་སེར་ཁྲག་ཟོས་ནས། །ཤ་དང་རུས་པ་རྩ་རྣམས་མ་ལུས་ཟ། །ཞེས་པས། ཉི་ཟླ་སྒྲ་གཅན་གྱིས་ཟོས་ནས། རླུང་བྱང་ཆུབ་ཀྱི་སེམས་ཀྱི་དྭངས་མ། གཙུག་གཏོར་གྱི་འཁོར་ལོ་ཟིན་པའི་རྗེས་སུ་དྲི་ཆེན་དྲི་ཆུ་དང་། ཤ་ཆེན་ནམ་དབུས་ནས་ཀྱི་བཅུད་ཅེས་པས་རྐང་རྣམས་ཀྱང་ཟ་བས་ཏེ། གྱེན་དུ་འགྲོ་ཞིང་། དེ་བཞིན་དུ། བད་ཀན་དང་། ཆུ་སེར་དང་། ཁྲག་དང་། ཤ་དང་། རུས་པ་དང་། རྩ་རྣམས་ཟ་བར་བྱེད་དོ། །ཉི་ཟླ་ཟོས་ནས་བདེ་བ་ཆེན་པོ་འགྱུར་བའི་ཚེ། །རྩིགས་མ་འདི་རྣམས་དྭངས་མར་འགྱུར་བའོ། །ཕལ་བའི་ལུས་ལ་འབབ་པ་མ་ཡིན་ནོ། །དག་པའི་རྟེན་ལ་འབར་བའི་མེ་བསྒྲུབས་ཏེ། །དེའི་ཕུང་པོ་ངེས་པར་བསྲེག་པར་བྱ། །ཅེས་པས། ཕལ་བའི་ལུས་འདི་རྒྱུ་རྐྱེན་དུ་མའི་སྒོ་ནས་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་ནུས་པ་ཆུང་བའོ། །འབར་བ་མ་ཡིན་པ་སྟེ། ཁྱད་པར་གྱི་དགའ་བ་བཞི་བསྐྱེད་པར་མི་ནུས་པའོ། །དག་པའི་རྟེན་ནི། རྒྱུད་
༥༤༧ ཡོངས་སུ་སྨིན་ཅིང་ཐེག་ཆེན་ལ་མོས་པ་ལ་སོགས་པ་མཚན་ཉིད་དང་ལྡན་པ་ལ། གཏུམ་མོའ་མེ་བསྒྲུབས་ཏེ། དེའི་མེས་རྣལ་འབྱོར་པ་དེ་ཉིད་ཀྱི་ཕུང་པོ་བསྲེག་པར་བྱེད་དོ། །ལས་ཀྱི་ཕྱག་རྒྱས་མི་འགྱུར་བའི་བདེ་བ་བསྒྲུབ་པའི་ཚུལ་འདི་ནི། རྣལ་འབྱོར་དབང་པོ་བརྟུལ་པོ་རྣམས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ལ། དབང་པོ་འབྲིང་རྣམས་ལ་ཡེ་ཤེས་ཀྱི་ཕྱག་རྒྱས་བསྒྲུབ་པར་གསུངས་ཤིང་། དབང་པོ་རྣོན་པོ་ཕྱག་རྒྱ་ཆེན་པོ་ཁོ་ནས། མི་འགྱུར་བའི་བདེ་བ་ཆེན་པོ་བསྒྲུབ་པར་གསུངས་པ་ཡིན་ནོ། །དབང་པོ་བརྟུལ་བོ་ལ་ལས་ཀྱི་ཕྱག་རྒྱ་དགོས་པ་ཡིན་ནོ། །ལྷན་ཅིག་སྐྱེས་པའི་སྒོམ་པ་དེ་ཉིད་ནི། །ངེས་པར་ཡུལ་གྱི་རྐྱེན་ལས་བསྒོམ་པ་ལས། །རྨི་ལམ་ཤེས་པ་དེ་ཡི་རྗེས་སུ་འཇུག །ཅེས་པས། ལྷན་ཅིག་སྐྱེས་པ་ཞེས་པ་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུར་བརྟན་པ་དེར་སྐྱེས་པའི་ཡེ་ཤེས་སོ། །སྒོམ་པ་ནི་རྡོ་རྗེ་ནོར་བུར་འཕོ་ཆེན་གཅིག་འགགས་པ་ནས་བཟུང་ནས། ས་བཅུ་གཉིས་མ་རྫོགས་ཀྱི་བར་དུ་བསྒོམ་པའོ། །ངེས་པར་ཡུལ་གྱི་རྐྱེན་ནི། རྒྱུད་ཡོངས་སུ་དག་པའི་ཤེས་རབ་ལ་བསྟེན་ནས། བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པ་ཡིན། རྨི་ལམ་གྱི་ཤེས་པ་ཡང་དེའི་རྗེས་སུ་འཇུག་སྟེ། འཛག་པའི་བདེ་བ་དོན་དུ་གཉེར་བའི་བག་ཆགས་རྨི་ལམ་དུ་སྤང་སྟེ། བདེ་བ་ཆེན་པོའ་སེམས་སུ་འགྱུར་ཞེས་པའོ། །འདི་ལ་དབང་པོ་རྣོ་བརྟུལ་གྱི་རིམ་པས་ཕྱག་རྒྱ་གང་ལ་བསྟེན་ནས་བསྒྲུབས་ཀྱང་། ཡིད་ཐིག་ལེ་དག་པར་བྱེད་པ་ཐུགས་རྡོ་རྗེའི་སྒྲུབ་པ་ཆེན་པོ་ཟེར་བ་ཡིན་གསུངས། ༈ གེགས་སེལ་གྱི་དོན་མདོར་བསྟན་པ་ནི། ལུས་ལ་
༥༤༨ གནས་པ་རླུང་དང་ནད་གཞིའི་རྩིགས། །གྱེན་དུ་འཕང་ཞིང་འོག་ཏུ་བཅིངས་པ་དང་། །ཐད་ཀ་ལ་བསྲང་ཞིང་རང་སར་གཞིལ་བར་བྱས། །ཡང་ནས་དགོང་ཞིང་ཟུག་ངུའི་གནས་སུ་འཕང་། །ཞེས་པས། ལུས་ནི་རྣལ་འབྱོར་པའམ་གཞན་ཡང་རུང་སྟེ་དེ་ལ་གནས་པའོ། །རླུང་དང་ནད་གཞིའི་རྩིགས་ནི། རླུང་རོ་དང་ཁྲག་ངན་དང་ཟས་ཀྱི་དངས་སྙིགས་མ་ཕྱེད་པ་ལ་སོགས་པ་སྟེ། སྟེང་འོག་གི་གེགས་སེལ་གྱི་གནད་ཀྱིས་གྱེན་ཐུར་དུ་འདེད་པ་དང་། ཐད་ཀར་བསད་པ་ནི། དངས་སྙིགས་ཕྱེད་ཅིང་དབྱུགས་པས་འདོན་པ་དང་། སྟེང་འོག་པར་གསུམ་གྱི་གནད་བཅུན་པས། སྐྱོན་ཐམས་ཅད་རང་མལ་དུ་ཞི་བར་བྱེད་པའོ། །གང་ཞིག་ཟུག་ངུའི་གནས་སུ་འཕང་པ་ནི། སྟེང་འོག་བར་གསུམ་གྱི་རླུང་བཅུན་ནས། ན་ཟུག་གང་ཡོད་པའི་ས་རུ་རླུང་སེམས་དྲིལ་ལ། ནད་ཐད་ཀ་ན་པར་ཕྱུ་རུ་རུ་ཐོན་པར་བསམ་ལ། འཁྲུ་འཁོར་གྱིས་བཅུན་པའོ། །དེས་མ་སོས་ན། གཉེན་པོའ་བསམ་གཏན་གྱིས་བཅོས་པ་ནི། ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱང་། །དགྲ་དང་གྲོགས་སུ་རང་བཞིན་གནས་པ་ལས། །ཚ་གྲངསགྲང་གཉེན་པོའ་རིམ་པས་སྦྱང་བར་བྱ། །ཅེས་པས། ས་རླུང་ལོག་པས་ཤེས་པ་ལྕི་ཞིང་འཐིབས་ནས། རླུང་བཙན་ཐབས་སུ་བཟུང་ཞིང་། སྤྱི་བོར་སྒྲ་གཅན་གྱི་གདན་ལ་གནས་པའི་ཡི་གེ་ཡཾ་ལ་དམིགས་པ་བཅུན། རླུང་གི་རླུང་ལོག་པས་ཤེས་པ་འཕྱོ་བ་དང་རྒོད་པ་ལས་ས་རླུང་བཙན་ཐབས་སུ་བཟུང་ལ། ལྟེ་བའམ་གཤང་ལམ་དུ་དུས་མེའི་གདན་ལ་ཡི་གེ་ལཾ་ལ་དམིགས་པ་བཅུན། མེ་རླུང་ལོག་ནས་ཤེས་པ་འཕྲོ་ཞིང་ཚིག་པ་ལ། ཆུ་རླུང་བཙན་ཐབས་སུ་བཟུང་ཞིང་། སྙིང་གར་ཟླ་བ་ལ་གནས་པའི་
༥༤༩ བཾ་ཡིག་ལ་དམིགས་པ་བཅུན། ཆུ་རླུང་ལོག་ནས་ཤེས་པ་འདར་བ་དང་། ལུས་དྲོད་ཆུང་བ་ལ་མེ་རླུང་བཙན་ཐབས་སུ་བཟུང་ཞིང་མགྲིན་པར་ཉི་མ་ལ་གནས་པའི་རཾ་ལ་དམིགས་པ་བཅུན། སྟོང་ཉམས་ཀྱི་ཤེས་པ་གཡང་ཟ་བ་ལ་སོགས་པ་བྱུང་ན། ས་རླུང་བཙན་ཐབས་སུ་བཟུང་ཞིང་། ལྟེ་བའི་བཤང་ལམ་དུ་སའི་གདན་ལ་ཡི་གེ་ལཾ་ལ་དམིགས་པ་བཅུན། ནམ་མཁའི་རླུང་བཙན་ཐབས་སུ་བཟུང་བས་ཀུན་གྱི་གྲོགས་སུ་གྱུར་པ་ཡིན་གསུངས། ཡང་སྟེང་སྲོག་རྩོལ་ལ་བརྟེན་ནས། དགྲ་དང་སྤྲད་པ་དང་། གྲོགས་དང་བསྡེབས་པ་ནི། ལུས་ལ་ཚད་པའི་ནད་བྱུང་ན་མེ་དགྲ་ཆུ་ཡིན་པས། འོག་ཏུ་གདན་ཆུའི་དཀྱིལ་འཁོར་འདོམ་གང་བ་ཟླུམ་པོ། ཁ་དོག་དཀར་པོ་རེག་བྱ་ཤིན་ཏུ་བསིལ་བ་ཅིག་བསྒོམ། སྙིང་གར་ཆུའི་དཀྱིལ་འཁོར་ལག་མཐིལ་ཙམ་ཅིག་བསྒོམ། དེའང་རེག་བྱ་ཤིན་ཏུ་བསིལ་བར་བསྒོམས་པའི་སྟེང་དུ། བཾ་དཀར་པོ་རྣམ་པ་ཡིག་འབྲུ་ལ་ངོ་བོ་ཆུ་རུ་འདུག་པ་ཅིག་བསྒོམས་ལ། ཆུ་རླུང་བཟུང་ཞིང་། ཡི་གེ་དང་དཀྱིལ་འཁོར་གཉིས་ལས་ཆུ་ཚུབ་བུན་བུན་བྱུང་ནས་ལུས་ཀྱི་ནང་ཐམས་ཅད་གང་བར་བསྒོམ། འོག་གི་ཆུའི་དཀྱིལ་འཁོར་ལས་ཀྱང་ཆུ་ཚུབ་རྦ་ཀློང་ཐོལ་ཐོལ་བ་བྱུང་ནས། ལུས་ཀྱི་ཕྱི་ནང་ཆུ་ཚུབ་ཀྱིས་གང་བར་བསྒོམ། ཁྱད་པར་དུ་ནད་ཡོད་པའི་སར་ཆུ་འཁྱགས་སུ་བསམ། སྤྱིར་ཚད་ནད་ཐམས་ཅད་སྟོད་ནས་འཇུག་ཅིང་། འབྱུང་བ་ཆ་མ་སྙོམས་པའི་ནད་ཐམས་ཅད་དང་པོ་སྙིང་ཀ་ནས་བསྐྱེད་པ་ཡིན་ཏེ། འབྱུང་བ་བཞི་ཀའི་རྩ་འདུས་ཡོད་པའི་ཕྱིར་རོ། །འདི་རྣམས་ལ་འོག་རླུང་མི་སྡོམ་པར་རང་སོར་བཞག་པས་ཆོག །ལུས་སྐྱིལ་ཀྲུང་བྱ། ལག་པ་
༥༥༠ པུས་མོ་ལ་དགབ། གྲོགས་དང་སྡེབ་པ་ནི། ཆུའི་དཀྱིལ་འཁོར་གྱི་འོག་ཏུ། རླུང་གི་དཀྱིལ་འཁོར་རབ་ཏུ་གཡོ་བ་གཅིག་བསྒོམ། དེ་ལས་རླུང་བྱུང་ཞིང་རླུང་གི་རླུང་བསམ། ཆུ་ཚུབ་ལ་རླུང་གི་གྲོགས་བྱས་ནས། ཤིན་ཏུ་གྲང་བས་བཟོད་གླགས་མེད་པར་བསྒོམ་མོ། །ལུས་ལ་གྲང་བ་སྐྱེས་ན་ཆུ་དགྲ་མེ་ཡིན་པས། ལུས་གནད་ནི་གོང་བཞིན་ཏེ། འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །གདན་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བར་བསམ། ནང་དུ་ཨ་ཐུང་གི་གནས་སུ་མེའི་དཀྱིལ་འཁོར་ལག་མཐིལ་ཙམ་རཾ་གྱིས་མཚན་པ་ཅིག་བསམ། མེ་ཕྱི་ནང་གཉིས་ཀར་ཡང་རེག་བྱ་ཚ་བ། མགར་བའི་སོལ་མལ་ལྟ་བུར་བསྒོམ་ཞིང་མེ་རླུང་བཟུང་སྟེ། ཡི་གེ་དང་དཀྱིལ་འཁོར་གཉིས་ལས་མེ་ཚུབ་བྱུང་བར་བསྒོམ་པས། གྲོགས་དང་སྡེབས་པ་ནི་མེའི་འོག་ཏུ་རླུང་གི་དཀྱིལ་འཁོར་བསྒོམ། དེ་ནས་རླུང་བཟུང་ཞིང་། དཀྱིལ་འཁོར་ལས་རླུང་བྱུང་བས། མེ་ཕྱི་ནང་གཉིས་ཀར་རླུང་གིས་བུས་པས། རབ་ཏུ་འབར་ཞིང་ཤིན་ཏུ་ཚ་བར་བསྒོམ་དེས་ངེས་པར་སེལ་ལོ། །ལུས་ལྕི་ཞིང་འཐིབས་ན། ས་དགྲ་རླུང་ཡིན་པས། འོག་ཏུ་རླུང་གི་དཀྱིལ་འཁོར་འདོམ་གང་བ་ནག་པོ་གཞུའི་དབྱིབས་ཅན་བསྒོམ། སྙིང་གར་རླུང་གི་དཀྱིལ་འཁོར་ལག་མཐིལ་ཙམ་ཡཾ་གྱིས་མཚན་པ་བསྒོམས་ལ། སེམས་ཡེར་གྱིས་གཟེངས་བསྟོད་དོ། །རླུང་གིས་རླུང་བཟུང་བས། ཡིག་འབྲུ་དང་དཀྱིལ་འཁོར་ལས་རླུང་བྱུང་བས་ཕྱི་ནང་གི་རླུང་གིས་གཡོ་བ་འདེགས་པ། བུ་ཡུག་འཚུབས་པ་ལ་དམིགས་པ་གཏད་པས་སེལ་ལོ། །གྲོགས་དང་བསྡེབ་པ་ནི། ཕྱི་ནང་གཉིས་ཀའི་དཀྱིལ་འཁོར་གྱི་འོག་ཏུ། ནམ་མཁའི་དཀྱིལ་འཁོར་སྔོན་པོ་ཆོས་འབྱུང་གི་དབྱིབས་ཅན། རང་བཞིན་གྱིས་སྟོང་པ་གཅིག་
༥༥༡ བསྒོམས་ལ། ནམ་མཁའི་རླུང་བཟུང་ཞིང་། ནམ་མཁའ་ཕྱི་ནང་གཉིས་ཀར་རྒྱ་ཇེ་ཆེར་འཕེལ་བས་མཐར་ལུས་ངག་ཡིད་གསུམ་ཐམས་ཅད་ནམ་མཁར་སོང་བར་བསྒོམ་ཞིང་། མ་བཅོས་བློ་བྲལ་དུ་བཞག་གོ །དེར་ནམ་མཁའ་ཆེར་རྒྱས་པས་རླུང་འཕེལ་ཏེ། དེས་ནད་ཐམས་ཅད་སེལ་བ་ཡིན་གསུངས། ཤེས་པ་ཟི་ཞིང་འཕྱོ་ན་རླུང་དགྲངས་པ་ཡིན་པས། འོག་ཏུ་སའི་དཀྱིལ་འཁོར་འདོམ་གང་བ་གྲུ་བཞི་པ་བསྒོམ། སྙིང་གར་སའི་དཀྱིལ་འཁོར་ལག་པ་ཙམ་གྱིས་མཚན་པ། ཕྱི་ནང་གཉིས་ཀ་ཡང་ཤིན་ཏུ་ལྕི་བ། གསེར་གྱི་རང་བཞིན་ལྟ་བུར་བསྒོམ། ས་རླུང་གཟུང་པས་རྐྱེན་གང་གིས་ཀྱང་གཡོ་བར་མི་ནུས་པར་བསྒོམ་པས་སེལ་ལོ། །རླུང་ལ་གྲང་བའི་ཆ་མེད་པས་ཅུང་ཟད་མ་སོས་ན། སའི་གྲོགས་མེ་ཡིན་པས། སའི་དཀྱིལ་འཁོར་གྱི་ཕྱི་ནང་གཉིས་ཀའི་འོག་ཏུ། མེའི་དཀྱིལ་འཁོར་དམར་ནག་རེག་བྱ་ཤིན་ཏུ་ཚ་བ་རེ་བསྒོམ་ཞིང་། མེ་རླུང་བཟུང་བས་མེ་འབར་བའི་ནུས་པས་གྲོལ་ནས། ནད་དང་རླུང་འཐོན་ནོ། །ཡང་གདན་དང་སྙིང་གར་ནམ་མཁའི་དཀྱིལ་འཁོར་ཆེ་ཆུང་གང་བཞིན་བསྒོམ་པས། གཉིས་ཀ་ཡི་གེ་ཨེས་མཚན་བ་སྟོང་པའི་རང་བཞིན་ཅན་སྔོ་སོང་ངེ་བ་བསྒོམས་ཏེ། ནམ་མཁའི་རླུང་བཟུང་ཞིང་རྣམ་པར་མི་རྟོག་པ་ལ་བཞག །དེ་ལྟར་བསྒོམས་པས་སྟོང་ཉམས་མཐར་ཐུག་པ་སྐྱེའོ། །དེའི་དགྲ་དང་སྤྲད་པ་ནི། ཕྱི་ནང་གཉིས་ཀའི་དཀྱིལ་འཁོར་གྱི་སྟེང་དུ་སའི་དཀྱིལ་འཁོར་རེ་བསྒོམས་པས། ཨཱ་ལི་ཀཱ་ལི་གསེར་གཙོབཙོ་མའི་མདོག་ལྟ་བུ་སྤྱི་བོ་ནས་ཞུགས་ཏེ་སྙིང་གའི་དཀྱིལ་འཁོར་ལ་ཐིམ་པས། དཀྱིལ་འཁོར་ཡིག་འབྲུའི་རྣམ་པར་གྱུར། དེའི་འོག་གི་དཀྱིལ་འཁོར་ལ་ཐིམ་ཞིང་། མཐར་རང་གི་ལུས་
༥༥༢ ཀྱང་དཀྱིལ་འཁོར་ལ་ཐིམ་པས། སའི་དཀྱིལ་འཁོར་འཕེལ་ནས་སྟོང་གསུམ་ཐམས་ཅད་གསེར་གྱི་ས་གཞིར་སོང་བ་ལ་དམིགས་ཏེ། ས་རླུང་བཟུང་ངོ་། །འདི་འདྲ་སྤྱན་ལྔ་ཀ་ལ་གཞུག་གོ །གྲོགས་སྡེབས་པ་རྣམས་ནི། སྔོན་ལ་དགྲ་དང་སྤྲད་པས་མ་སོས་ན་བྱེད་པའོ། །སྟེང་གི་ཉེས་པ་འོག་ཏུ་བཅིངས་པས་སེལ། །འོག་གི་ལོག་རྣམས་སྟེང་གིས་དེ་བཞིན་ནོ། །ཞེས་པས། སྟེང་གི་ཉི་ཟླ་སྒྲ་གཅན་དང་གསུམ་གྱིས་རྩ་རླུང་ཐིག་ལེ་རྣམས་ལྟེ་བ་ཡན་ཆད་དུ་ལོག་པས་སྟེ། རླུང་བུས་པས། མགོན་པ་དང་། ཤེས་པ་ཟི་བ་ལ་སོགས་པ། སྟོད་ཀྱི་ནད་ཐམས་ཅད་འོག་གི་རླུང་སྦྱོར་གྱིས་ཐུར་དུ་བཅད་པས་སེལ་ལ། འོག་གི་ལོག་ནི། ལྟེ་བ་མན་ཆད་དུ་དྲི་ཆེན་དང་ཁུ་བ་འབབ་པའི་རྩ་རླུང་ཐིག་ལེ་རྣམས་ལོག་པ་སྟེ། དེ་ལ་དྲི་ཆེན་དྲི་ཆུ་སྡོམ་པའམ་དུས་མིན་དུ་འཆོར་བ་དང་། འོག་སྒོ་ལུགས་པ་དང་། འོག་སྒོ་རྨ་དང་རྣག་འབུར་བྱུང་པ་ལ་སོགས་པའོ། །དེ་རྣམས་ལ་སྟེང་རླུང་སྦྱོར་གྱིས་གྱེན་དུ་བཅུད་པས་སེལ་ལོ། །སྤྱིར་རང་གེགས་སེལ་ཐམས་ཅད་མདོར་བསྡུ་ན། སྟོད་གེགས་ཐམས་ཅད་འོག་གིས་འཆོས་ཤིང་། སྨད་གེགས་ཐམས་ཅད་སྟེང་གིས་བཅོས་པ་ཡིན་ཏེ། ད་ལྟ་འོད་ཀྱི་རྩ་རླུང་པ་རྣམས་ལ་འདིའི་གནད་ཡོད་པ་མི་གདའ་གསུངས། ཧ་ཧཱ་ཧི་ཧཱི་ཧཱུྃ་ཧཱུྃ་ཕཊ་ཀྱི་སྒྲ། །སྟེང་དུ་བསྒྲགས་པས་རྩིགས་མ་འདོན་པ་དང་། །དྭངས་མ་རང་གི་གནས་སུ་འཛིན་པར་བྱེད། །ཅེས་པས། སྟོད་ཀྱི་ནད་གྱེན་དུ་འདོན་པ་སྟེ། སྲོག་རླུང་སའི་རིགས་སུ་འཐུམས་པས། ཤེས་པ་ལྕི་ཞིང་འཐིབ་པ་དང་། རྗེད་ངས་ཆེ་ཞིང་རོ་སྟོད་ན་བ་དང་། སྙིང་མི་དགའ་བ་ལ་སོགས་པ་འབྱུང་ངོ་། །རྨི་ལམ་དུ་ཡང་རླུང་འཐུམས་པའི་རྟགས་བྱུང་ན། ཧ་འདོན་པ་སྟེ། དེ་ཡང་ཧ་རིང་པོ་དང་། ཐུང་ངུ་
༥༥༣ དང་མ་ནིང་གི་ཧ་དང་གསུམ་ལས། ལུས་གནད་སྐྱིལ་ཀྲུང་བྱས། ཚིགས་པ་དྲང་པོར་བསྲང་། ལག་པ་གཉིས་པུས་མོ་ལ་དགབ། དམིགས་པ་སྙིང་གི་ནང་དུ་རླུང་སེམས་ཀྱི་ཐིག་ལེ་ཁ་དོག་སེར་པོའ་སྟེང་དུ། ཧ་གསེར་བཙོ་མའི་མདོག་ལྟ་བུའི་ཧ་མགོ་གྱེན་དུ་ལངས་པ་ཅིག་བསམ། མདུན་གྱི་ནམ་མཁར་ཡང་ཐིག་ལེ་སེར་པོའ་སྟེང་དུ། ཧ་སེར་པོ་གཅིག་བསྒོམས་ལ། སྙིང་ནང་གི་ཧ་ལས་ཧ་སེར་པོ་གཅིག་རྟིང་མ་གཅིག་བྲེང་མ་ཆད་པར་ཁ་ན་ཡང་རྒྱངས་རྒྱངས་འཐོན་ནས་ནམ་མཁའི་ཧ་ལ་ཐིམ་པར་བསམ། འདོན་ལུགས་འབྱུང་བ་སའི་འགྲོས་དང་བསྟུན་ནས། ཧ་རིང་པོ་དབུགས་ཀྱིས་ཐུབ་ཚད་འདོན་འཕྲོ་གཅོད་དུས། སྙིང་ནད་གི་ཧ་བཏོན་པ་ནམ་མཁའི་ཧ་ལ་བསྟིམ་སྟེ། ནམ་མཁར་འཇའ་ཡལ་བ་བཞིན་སོང་བར་བསམ་མོ། །ཆུ་རླུང་འཐུམས་ནས་ཤེས་པ་འདར་ཞིང་གྲང་བ་ལ་སོགས་པ་བྱུང་བའམ། མེ་རླུང་འཐུམས་ནས་ལུས་ཚ་ཞིང་ཤེས་པ་འཚུབས་པ་ལ་སོགས་པའམ་རླུང་གི་རླུང་འཐུམས་ནས། འགྲོ་སྙིང་འདོད་པའམ། ཤེས་པ་ཡང་ཞིང་འཕྱོ་བ་ལ་སོགས་པའམ། ནམ་མཁའི་རླུང་འཐུམས་ནས་སྙིང་མི་དགའ་བ་དང་། སྟོང་སངས་ཁྱེར་བ་ལ་སོགས་པ་བྱུང་ན། ལུས་གནད་དང་དམིགས་པ་གོང་བཞིན་བྱས་ནས། རང་རང་གི་ཁ་དོག་ཅན་གྱི་ཧ་འབྱུང་བ་རང་རང་གི་འགྲོས་དང་བསྟུན་ནས། གོང་བཞིན་སྙིང་ནང་ནས་ཧ་རང་རང་གི་ཁ་དོག་ཅན་བཏོན་ནས། ནམ་མཁར་ཧ་ལྗང་ཁུ་ལ་བསྟིམ་མོ། །ནམ་མཁའི་ཧ་ནི་མི་རྟོག་པ་ལ་འཇོག་པའི་དུས་ལ་སོགས་པར་ཡང་རྒྱུན་དུ་མ་ཆད་པར་བཏོན་ནས་གེགས་རྙིང་པ་རྣམས་སེལ་ཞིང་། གསར་པ་མི་འཇུག་པ་དང་། ཉམས་མྱོང་ལ་བོགས་
༥༥༤ ཐོན་པ་ལ་སོགས་པའི་ཡོན་ཏན་མང་དུ་ཡོད་པ་ཡིན་གསུངས། ཧ་ཐུང་ལས་འདགས་པའི་དུས་སུ་ལུས་གནད་གོང་བཞིན་བྱ་ཞིང་། འཇུག་ཏུ་ཅུང་ཞིག་འབྱོངས་ནས་ལངས་ནས་འདོན་པ་དང་། ཧ་འདོན་པའི་དུས་སུ། རྐང་ལག་སྤྲུག་པ་དང་། འཁྲབ་པ་ལ་སོགས་པ་བྱེད་པ་དང་། མི་བྱེད་པའི་ཁྱད་པར་གང་ལགས། སྐྱོན་ཡོན་ཅི་འདོག་ཞུས་པས། ནད་ཀྱི་རིགས་འགའ་ཞིག་ལ་དེ་རྣམས་མི་དགོས་པར་ཧ་བཏོན་པར་རང་གིས་སེལ་བའི་རིགས་ཀྱང་ཡོད། འགའ་ཞིག་ལ་དེ་བཞིན་མ་བྱས་མ་མི་ཆུན་པའི་རིགས་ཡོད་པས། དེ་ལ་སྤྲུགས་པ་ལ་སོགས་བྱས་པས་མྱུར་དུ་འགྲིག་པ་ཡིན་པས་བྱེད་དགོས་པ་ཡིན། ཡང་ཧ་རིང་འགའ་ཞིག་ལ་འཁྲབ་པ་ལ་སོགས་པས་འདོན་ལུགས་དང་ཆུན་ཆེ་བ་ཡང་ཡོད་པ་ཡིན་གསུངས། འཁྲབ་པ་ལ་སོགས་པ་གང་ལ་འཇུག་གི་གནད་ཤེས་པར་བྱས་ནས། དམིགས་པ་གོང་བཞིན་བསྒོམ་སྟེ། ས་རླུང་གི་ཧ་ནི་ཐུང་ལ་འཇམ་པ། ཆུ་རླུང་གི་ཧ་ནི་འཇུར་ཞིང་ཐུང་ལ་དལ་བ། མེ་རླུང་གི་ཧ་ནི་རྩུབ་ལ་ཐུང་བ། རླུང་གི་རླུང་གི་ཧ་ནི་ཐུང་ཞིང་དལ་ལ་སྙོམས་པ་སྟེ། དེ་ལྟར་རང་རང་གི་འགྲོས་དང་མཐུན་པར་འདོན་ནོ། །འཕྲོ་གཅོད་པའི་དུས་སུ། རང་རང་གི་ཧཱ་རིང་པོ་བཏོན་ལ་བཞག །དེ་ལྟར་གྱེན་དུ་འཕངས་པའི་རྗེས་ལ། འོག་ཏུ་ཡང་བཅིང་དགོས་ཏེ། འཕངས་ཀྱང་མ་བཅིངས་ན་ཕན་ཆུང་བ་ཡིན་གསུང་། མ་ནིང་གི་ཧ་ནི། དྭངས་མ་འཛིན་ཞིང་རྩིགས་མ་འདོར་བ་སྟེ། །གཞན་ཡང་རྩ་ཆུ་བསྡམས་པ་ལ་སོགས་འོག་རླུང་ལས་མི་བྱེད་པ་དང་། སྙིང་རླུང་དང་། སྨྱོ་འབོག་དང་། འཁྲུགས་དང་། མ་འཇུ་བ་དང་། སྐྲན་དང་། དམུ་ཆུ་དང་། རྩ་རླུང་གི་གེགས་ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ། །ཧ་རིང་པོ་དང་ཐུང་ངུ་དང་བར་པ་ཅིག་རང་ཤུགས་ཀྱིས་འདོན་པ་ཡིན་ཏེ། མན་ངག་ཞལ་ལས་ཤེས་སོ། །ཧི་ཧཱི་ནི།
༥༥༥ མགྲིན་པ་གྱེན་རྒྱུའི་རླུང་ལོག་ནས། ཚ་འགགས་ལ་སོགས་པ་བྱུང་ན་ལུས་གནད་གོང་བཞིན་བྱས་ལ། ཧཱི་རིང་དང་ཧི་ཐུང་གིས་འདོན་པར་བྱའོ། །ཧཱུྃ་ཧཱུྃ་དང་ཕཊ་ནི་གོང་བཞིན་གྱི་གེགས་སེལ་བ་ལ་དགོས་སོ། །བྱང་ཆུབ་ཀྱི་སེམས་འདྲེན་པ་དང་། འགྲེམས་པ་ལ་ཡང་དགོས་པས། ལུས་གནད་ཧཱ་རིང་བཞིན་བྱས་ལ། དྲག་ཞན་དང་རིང་ཐུང་རིག་པས་བརྟགས་ལ་འདོན་པར་བྱའོ། །ཡཾ་རཾ་ལཾ་དང་བཾ་གྱི་ཡི་གེའི་སྒྲས། དཀྱིལ་འཁོར་རབ་ཏུ་གཡོ་བ་བསྒྲག་ཅིང་གདབ། །རྩོལ་བ་དྲག་པོས་རྩ་གསུམ་འོག་ཏུ་བསྡམ། །འབྱེད་འཛུམ་དེས་ནི་རྩིགས་མ་ཐུར་དུ་འགྲོ། །ཞེས་པས། སྨད་ཀྱི་ནད་དང་རྩིགས་མ་ཐུར་དུ་བྱུང་བ་ལ། ལུས་གནད་སྐྱིལ་ཀྲུང་བྱ། ས་རླུང་ལོག་ནས་བད་ཀན་རྒྱས་ཤིང་ལུས་ལྕི་བ་དང་། ལྷེན་སྐྲན་ལ་སོགས་པ་བྱུང་ན། དམིགས་པ་རང་གི་འདོམ་གང་ཙམ་གྱི་འོག་ཏུ། སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ། འདོམ་གང་ཙམ་ཞིག་གསལ་བར་བསྒོམས་ཏེ། རང་གི་ལུས་ཀྱི་ནད་པ་ལས་གྱུར་པ་ཐམས་ཅད་ཡི་གེ་ལཾ་གྱི་རྣམ་པར་འདུས་ནས་གཤང་ལམ་ནས་འཐོན་ཏེ་སའི་དཀྱིལ་འཁོར་ལ་ཐིམ་པར་བསམ། རླུང་སྦྱོར་སྟེང་དུ་ས་རླུང་བཟུང་ཞིང་། འོག་རླུང་ཡར་འཕར་རྩ་ནས་བཟུང་ལ། མར་སྡེབ་ཙ་ན་ལྷོད་བཏང་ལ། ཚང་ར་བརྡབ་པའི་སྟོབས་ཀྱིས་འོག་གི་དཀྱིལ་འཁོར་དེ་ཉིད་ཕྲིག་ཕྲིག་ཡོ་བ་ལ་སེམས་བཟུང་ནས། རླུང་སྦྱོར་འཁྲུལ་འཁོར་དམིགས་པ་གསུམ་ཆར་དུས་གཅིག་ལ་བྱས་པས་སེལ་ལོ། །ཆུ་རླུང་གི་ནང་བྱུང་ནས། གྲང་རླུང་དང་དམུ་ཆུ་ལ་སོགས་པ་ལ། འོག་ཏུ་ཆུའི་དཀྱིལ་འཁོར་དཀར་ལ་ཟླུམ་པ་གསལ་གདབ། གྲང་བའི་ནད་ཐམས་ཅད་བཾ་གྱི་རྣམ་པར་བསྡུས་ནས་བཤང་ལམ་ནས་ཐོན་
༥༥༦ ཏེ། ཆུའི་དཀྱིལ་འཁོར་ལ་ཐིམ་པར་བསྒོམ། རླུང་བཟུང་ལ་གོང་བཞིན་བརྡེབ་བོ། །མེའི་ནད་བྱུང་ནས་ཚ་སྤོས་དང་ཚ་བཤལ་ལ་སོགས་པ་ལ། འོག་ཏུ་མེའི་དཀྱིལ་འཁོར་གསལ་གདབ། ཚད་ནད་ཐམས་ཅད་ཡི་གེ་རཾ་གྱི་རྣམ་པར་བསྡུས་ནས། བཤང་ལམ་ནས་བྱུང་སྟེ་མེ་ལ་ཐིམ་པས། མེ་རླུང་བཟུང་སྟེ་གོང་བཞིན་བརྡེག །རླུང་གི་ནད་བྱུང་ནས་གྲང་རླུང་གིས་སྟོད་སྦོས་པ་ལ་སོགས་བྱུང་ན། འོག་ཏུ་རླུང་གི་དཀྱིལ་འཁོར་གསལ་གདབ། རླུང་ནད་ཐམས་ཅད་ཡི་གེ་ཡཾ་གྱི་རྣམ་པར་བསྡུས་ནས། འོག་སྒོ་ནས་བུད་དེ་གདན་ལ་ཐིམ་པར་བསམ་ཞིང་། རླུང་གི་རླུང་བཟུང་བ་སྔར་བཞིན་བསྡེབས་སོ། །དེ་ཡིས་མ་སྒྲོལ་ན། དགྲ་དང་སྤྲད་དེ། ས་དགྲ་རླུང་ཡིན་པས། སའི་ནད་ལ་འོག་ཏུ་སའི་དཀྱིལ་འཁོར་གསལ་གདབ། སྟེང་དུ་རླུང་གི་རླུང་བཟུང་པས། ས་ལས་གྱུར་པའི་ནད་ཐམས་ཅད་གཏོར་ཞིང་དབུས་ནས་གོང་བཞིན་དཀྱིལ་འཁོར་རབ་ཏུ་གཡོ་བ་ལ་དམིགས་ཤིང་བརྡབས་པས། ལྷག་རོ་རྣམས་ཡི་གེ་ལཾ་གྱི་རྣམ་པར་བསྡུས་ནས་འོག་སྒོ་ནས་འཐོན་ཏེ། འོག་གི་དཀྱིལ་འཁོར་ལ་ཐིམ་པས་རླུང་གིས་གཏོར་ཞིང་དབུས་ནས་དངོས་མེད་དུ་སོང་བར་བསམ་ཞིང་། མཐར་ལུས་ངག་ཡིད་གསུམ་ཀྱང་རླུང་ལ་ཐིམ་ལ། རྣམ་པར་མི་རྟོག་པ་ལ་བཞག་གོ །རླུང་གི་ནད་ལས། རླུང་དགྲ་ས་ཡིན་པས། འོག་ཏུ་སའི་དཀྱིལ་འཁོར་གསལ་གདབ། སྟེང་དུ་ས་རླུང་བཟུང་པས་རླུང་ལས་གྱུར་པའི་ནད་ཐམས་ཅད་མནན་ནས། གཡོ་བ་མེད་པར་བསམ་ཞིང་། གོང་བཞིན་བརྡབས་པས། ལྷག་རོ་རྣམས་ཡཾ་གྱི་རྣམ་པར་བཏོན་ཏེ། འོག་གི་དཀྱིལ་འཁོར་ལ་བསྟིམ་ཞིང་། མཐར་ལུས་ངག་ཡིད་གསུམ་ཡང་། འོག་གི་དཀྱིལ་འཁོར་
༥༥༧ ལ་ཐིམ་པར་བསམ། གྲང་བའི་ནད་ལ། ཆུ་དགྲ་མེ་ཡིན་པས་འོག་ཏུ་མེའི་དཀྱིལ་བསམ་སྟེ། མེ་རླུང་བཟུང་ཞིང་བརྡབས་པས། ལྷག་རོ་རྣམས་བཾ་གྱི་རྣམ་པར་བཏོན་ཏེ། འོག་ཏུ་དཀྱིལ་འཁོར་ལ་བསྟིམ་ཞིང་། མཐར་ལུས་ངག་ཡིད་གསུམ་ཡང་དཀྱིལ་འཁོར་ལ་ཐིམ་པར་བསམ་མོ། །ཚད་ནད་ལ་མེ་དགྲ་ཆུ་ཡིན་པས་འོག་ཏུ་ཆུའི་དཀྱིལ་འཁོར་བསྒོམ། ཆུ་རླུང་བཟུང་ཞིང་བརྡབས་པས་ལྷག་རོ་རྣམས་རཾ་གྱི་རྣམ་པར་བཏོན་ཏེ། འོག་ཏུ་ཆུའི་དཀྱིལ་འཁོར་ལ་བསྟིམ་ཞིང་། མཐར་ལུས་ངག་ཡིད་གསུམ་ཡང་དཀྱིལ་འཁོར་ལ་ཐིམ་པར་བསམ་མོ། །སྤྱི་ཁྱབ་ཙམ་དུ་ནམ་མཁའི་དཀྱིལ་འཁོར་གསལ་བཏབ་ནས། ནམ་མཁའི་རླུང་བཟུང་བས་ནམ་མཁའ་ལ་སྣོད་བཅུད་ཐམས་ཅད་བསྟིམ་པར། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་བཞག །དེས་རླུང་དབུ་མར་ཚུད་པ་ཡིན་གསུང་། །ཐུང་ངུ་རླུང་བཟུང་བའི་སྐབས་འདིར་ཐུན་མཚམས་སམ། ཐམས་ཅད་དུ་ཡང་འོག་གི་སྐྱིལ་ཀྲུང་དྲག་ཏུ་བསྒོམ་པ་ཡིན་གསུངས། གྲང་རླུང་གིས་བསྐྱེད་པའི་ནད་ཐད་ཀར་དབྱུང་བ་ནི། ཐད་ཀའི་གཟེར་ཟུག་དྲོད་དང་བྲལ་བ་རྣམས། །རང་རང་གནས་སམ་བསྐྱེད་པའི་རྩ་སྒོ་ནས། །ཟུག་ངུ་དེ་ནི་ཐད་ཀར་དབྱུང་བར་བྱ། །ཞེས་པས། ཐད་ཀའི་གཟེར་ཟུག་ནི། ལུས་ཀྱི་གང་དང་གང་བྱུང་བའི་ཟུག་གོ །དྲོད་དང་བྲལ་བ་ནི་གཉན་ཚད་ལ་སོགས་པ་དང་བྲལ་བའོ། །རང་རང་གི་གནས་ནི་ནད་ཀྱི་སྟེང་དང་། དེས་མི་ཐོན་ན། ནད་དེ་ཉིད་སྐྱེས་པའི་རྩ་སྒོ་ཤེས་པར་བྱས་ནས་འདོན་པའོ། །སྒོ་དགུའི་རྒྱུ་བ་ནང་དུ་བསྡུས་པ་ལས། །ཁྲོ་བོའ་གཟུགས་ཀྱིས་རང་གནས་བདེ་བར་བྱེད།
༥༥༨ གྱད་ཀྱི་སྟོབས་ཀྱིས་སྒྲ་གཅན་ལས་སུ་རུང་། དེ་ཡི་ཚེ་ན་དགང་ཞིང་རབ་ཏུ་འཕང་། །ཞེས་པས་སྒོ་དགུ་ནི། ཁ་དང་མིག་ལ་སོགས་པའོ། །དེའི་རྒྱུ་བ་ནི་རླུང་ངོ་། །ནད་ནི་དབུ་མའི་འོ། །བསྡུད་པ་ནི་རླུང་དང་སེམས་ཉིད་དོ། །ཁྲོ་བོའ་གཟུགས་ནི་རྡོ་རྗེ་གཙུག་ཏོར་གྱི་ལྟ་སྟངས་དང་ལྡན་པའོ། །རབ་གནས་ནི་ཚངས་པའི་བུ་གའོ། །རང་གནས་བདེ་བར་བྱེད་པ་ནི། རྩོལ་བ་མེད་པར་འཕོ་བར་འགྱུར་ཞེས་པའོ། །གྱད་ཀྱི་སྟོབས་ནི། ཤིན་ཏུ་དྲག་དེའི་ཤུགས་ཆེན་པོས། གཡས་གཡོན་གྱི་རླུང་འགོག་པའོ། །སྒྲ་གཅན་ལས་སུ་རུང་བ་ནི། གཡས་གཉིས་ཀྱི་རྩ་རླུང་བསྡམས་པས། དེའི་ཚེ་ན་དགང་ཞིང་ནི། སྟེང་འོག་བར་གྱི་རླུང་འགགས་པའོ། །རབ་ཏུ་འཕང་བ་ནི། རྣམ་ཤེས་སྲོག་རླུང་དང་བཅས་པ། གཙུག་ཏོར་གྱི་སྒོ་ནས་དག་པའི་གནས་སུ་འཕེན་པའོ། །བདག་པོ་གསུམ་གསུམ་རླུང་སེམས་ལས་སུ་རུང་། །གླིང་བཞི་དང་ནི་རབ་ཏུ་གང་ལ་ཡང་། །ཉི་ཟླའི་རྒྱུ་བ་འགག་པར་གྱུར་པའི་ཚེ། །དེ་ཡི་ཚེ་ན་འབྱུང་བ་འཁྲུགས་པར་འགྱུར། །ཞེས་པའོ། །རྩ་བའི་བདག་པོ་དབུ་མའི་རྩ། །རླུང་གི་བདག་པོ་དབུ་མའི་རླུང་། །ཐིག་ལེའི་བདག་པོ་དབུ་མའི་ཐིག་ལེ་སྟེ། །དེ་ཉིད་བརྟན་པས་རླུང་སེམས་ལས་སུ་རུང་ཞིང་། །སྒོ་གསུམ་དག་པར་བྱེད་པ་བསྙེན་སྒྲུབ་གསུམ་གྱིས། །རྩ་རླུང་ཐིག་ལེ་གསུམ་སྦྱངས་པས། །བདེ་བ་ཆེན་པོའ་ཡེ་ཤེས་མངོན་དུ་བྱེད་ཅེས་པ་དང་། གླིང་བཞི་ནི། ཟླ་བ་དང་ནི་ཉི་མའི་རྩ་དང་། དྲི་ཆེན་དང་དྲི་ཆུ་འབབ་བའི་རྩ་དང་། རི་རབ་ན་དབུ་མའི་རྩ་ཡིན་ནོ། །ཉི་ཟླའི་རྒྱུ་བ་ནི་གཡོན་གཡས་ཀྱི་རླུང་ངོ་། །འགགས་པ་ནི་དབུ་མར་
༥༥༩ འཇུག་པའོ། །ཡང་ན། གླིང་བཞི་ལྟ་བུ་ཡན་ལག་གི་རླུང་ངོ་། །རི་རབ་ལྟ་བུ་རྩ་བའི་རླུང་དཀྱིལ་འཁོར་ལ་ཐིམ་ནས་དབུ་མར་འཇུག་པས། དེའི་ཚེ་ན་འབྱུང་བ་འཁྲུགས་པ་ནི། དངསདྭངས་སྙིགས་མ་བྱེད་ན་འབྱེད་པར་འདོད་པ་དང་། རླུང་སེམས་དབུ་མར་འདོད་པ་རྣམས་ལ་འབྱུང་བ་འཁྲུགས་པ་སྟེ། དཔེར་ན་མེ་དང་ཆུ་འཐབསའཐབ་པའི་ཚེ་རླངས་པ་འོང་བའམ། སླན་དང་ནད་འཐབསའཐབ་པ་ལ་ན་ཟུག་འབྱུང་བའམ། འབྱུང་བ་ཚ་གྲངས་འཐབསའཐབ་པ་ལ་འབྲུག་གི་སྒྲ་ལ་སོགས་པ་འབྱུང་བ་དང་འདྲ་སྟེ། རྗེ་བཙུན་མི་ལ་ཡབ་སྲས་ལ་བྱུང་བ་ལྟ་བའི་མཐོང་སྣང་སྣ་ཚོགས་དང་། ཉམས་ཀྱི་མཐོ་དམན་སྣ་ཚོགས་འབྱུང་བ་སྟེ། དེའི་དུས་སུ། རྩ་ལ་མ་དགའ་མོར་འབྱོངས། ཐིག་ལེ་ལས་སུ་རུང་། རླུང་སེམས་གང་འདོད་དུ་འདྲོངས་པ་སྟེ། དེའི་དུས་སུ་ཡང་། རླུང་དང་ཐིག་ལེའི་འདུ་འཕྲོད་ཀྱིས། ཡོན་ཏན་སྐྱོན་དུ་སོང་པས་ཚེ་ཐུང་བ། རླུང་རྩ་གནས་སུ་ཁྲིམས་ཀྱང་རྩིགས་མ་སེལ་མ་ནུས་པས། ནད་དུ་མའི་རྒྱུར་འགྲོ་བ་དང་། མཐོང་སྣང་ཁྱད་པར་ཅན་རྣམས་ཉམས་མྱོང་ཕྱོགས་རེ་ལ་ཞེན་པས། བོགས་འདོན་མི་ཤེས་པ་འབྱུང་བ་སྲིད་པས་འདིའི་དུས་སུ་ཉམས་མྱོང་ཅན་གྱི་བླ་མ་དང་། རང་གི་ཡང་སྙིང་རུས་དང་། བརྩོན་འགྲུས་དང་ཤེས་རབ་ཀྱིས་ཡོན་ཏན་མཐར་ཕྱིན་པར་བྱེད་དགོས་པ་ཡིན་གསུངས། ནད་དབྱུག་པས་འདོན་པ་ལ། གྲང་བའི་ཕྱོགས་ནི་སྟོབས་ཀྱིས་སྦྱོར་བས་སེལ། །ཞེས་པས། སྟོབས་ཀྱི་སྦྱོར་བ་ནི་དབྱུག་པ་དང་འཁྲུལ་འཁོར་ཡིན་ལ། དབྱུག་པའི་མན་ངག་ལོགས་སུ་ཤེས་པར་བྱའོ། །ནད་འཁྲུལ་འཁོར་གྱིས་
༥༦༠ འདོན་པ་ནི། མགོ་ན་བ་ལ་རླུང་བཟུང་ནས་གཡས་གཡོན་དང་མདུན་རྒྱབ་ཏུ་བསྐོར་ཞིང་། སྣ་ནས་རླུང་དྲག་ཏུ་དབྱུང་། རླུང་ཐུར་དུ་དབབ། མིག་མི་གསལ་ན། ལག་རྒྱ་བཅས་ཏེ་ལྟ་གཟུར་ལ་ཕུལ་ལོ། །ལག་པ་ན་བའམ་མི་བདེ་ན། གཡས་གཡོན་དུ་བསྐོར་ཞིང་སྤྲུག །མཆིན་པ་ན་ན། རྐང་པ་སྐྱིལ་ཀྲུང་བཅའ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བྱས་ལ། པུས་མགོ་ཐད་ཀ་ནས་ཡར་འདེགས་པ་བཞིན་བཏེག་བཏེག་བྱ། མ་ཞུ་པའམ་སྐྲན་ལ་སྐྱིལ་ཀྲུང་གི་པུས་མོ་ལ་ལག་པས་འཇུས་ཏེ་ཕོ་བ་གཡས་གཡོན་དུ་བསྐོར། དེའི་རྗེས་ལ་འཁྲུ་བར་འདོད་ན། ལུས་གནད་ཙོག་པུ་བྱས། ལག་པ་གཉིས་ཀྱི་བར་ལྷུ་ལ་འཇུག་པའི་གྲུ་ཁུགས་སུ་པུས་མོ་བཅུག་སྟེ། པུས་མོ་གཉིས་རེ་མོས་སུ་བསྐུལ་བས་འཁྲུ་བར་འགྱུར་རོ། །སྨད་ལ་དྲོད་མེད་པ་དང་། གྲང་བའི་ནད་ལ། འོག་སྒོ་འབྱེད་འཛུམ་དང་བསྡེབ་པ་མང་དུ་བྱ། རིམས་ནད་ཟློག་པ་ལ། ལངས་ལ་རྐང་པ་གཉིས་གཤིབས། ལག་པ་བསྣོལ་མར་དཔུང་པ་ལ་འཇུས། རླུང་ཐུབ་ཚངཚད་དུ་བཟུང་ཞིང་ལྟ་སྟངས་དྲག་ཏུ་བཅུན། རླུང་མི་ཐུབ་པ་དང་། ལྟག་པ་ཇེ་དགྱེ་ཇེ་དགྱེ་བཏང་། དེ་ལྟར་བྱས་པས་དཀྲུག་ཐོམ་པ་ཅིག་ཡོང་། དེ་ནས་རླུང་དྲག་ཏུ་འབུད། མགོ་ལ་ཐལ་བཅག་བརྡེག །དེས་ཐུབ་པོབོ། དབུགས་སྡུད་མི་ཤེས་པ་བྱུང་ན་ལག་པ་གཉིས་སྦྲགས་ཏེ་མི་གཅིག་གིས་ཁུར་ནས་རོ་སྟོད་ལ་ཁུ་ཚུར་གྱིས་བཟུང་། ཧ་དྲག་ཏུ་འདོན། རླུང་འོག་ཏུ་བཅིང་། ལུས་ཀྱི་གཞོགས་ཞ་བའམ་སྐམས་ན། རྩ་རོ་བརྐྱང་གཉིས་གསལ་གདབ། གང་ཞ་བ་ངོས་ཀྱི་ཕྱོགས་སུ་རྩ་ནང་དུ་ཐིག་ལེ་ཚེས་བརྒྱད་ཀྱི་ཟླ་བ་ལྟ་བུ་ཡར་རྒྱུ་མར་རྒྱུ་བྱེད་པར་
༥༦༡ བསམ། ལུས་སྐྲངས་བ་དང་སྦོ་བ་ལ། དྲི་ཆུས་བཀྲུས་ལ་མར་ནག་གི་སྐུ་མཉེ་བྱ། ཤ་སྐྱིའི་བར་དུ་རླུང་ཞུགས་ན། རས་ཆུར་བཅུག་པས་བཀབ་ལ་མེ་ལ་ཟུག་ཚངཚད་དུ་འདུག །ཆུ་རླུང་རེངས་པ་ལ། ཕྱིད་པ་ཆུར་བཅུག་པས་དྲིལ་ལ་མེ་ལ་ཟུག་ཚངཚད་དུ་བདུག །མར་ནག་དང་ཚ་བ་གསུམ་གྱི་སྐུ་མཉེ་བྱ། མེ་རླུང་བཙན་ཐབས་སུ་བཟུང་། སྐྱུག་པར་འདོད་ན། །ལག་པ་དང་པུས་མོ་ས་ལ་གཟུགས། མཆན་འོག་ཏུ་བེར་ཀ་ཅིག་ལ་ནང་ཆ་སྐོ་རོ་རོ་ཡོང་བར་བསམ། ངག་ཏུ་ཧ་རིང་པོར་འདོན། དྲན་མེད་དུ་འགྲོ་བའམ་བརྒྱལ་བ་ལྟ་བུ་འོང་ན། འོང་བའི་ལྟས་བྱུང་མ་ཐག་འོག་སྒོ་བསྡམ། མགྲིན་པ་དགུག །ཨོལ་མདུད་མནན། མིག་གཡས་གཡོན་གྱི་དངོས་པོ་ལ་ཕར་ཧྲིག་ཚུར་ཧྲིག་བལྟ་ཞིང་། གཟུངས་སུ་བཟུང་། དེས་མ་སེལ་ན། གྲོགས་ཀྱི་ཕྱེ་གསུར་གྱིས་བདུག །རྐང་མཐིལ་ཁུ་ཚུར་གྱིས་བརྡུང་། མགོ་བོ་ལྟག་པ་ནས་མདུན་དུ་དགུག །མགོ་ལ་ཐལ་བཅག་དལ་བུས་བརྡེག །དེས་ཀྱང་མ་སོལ་ན་རྡོ་རྗེ་ལ་གཡའ་དགུགས་སོ། །དྲོད་ལ་ངེས་པར་བསིལ་པའི་ཆུ་རྒྱུན་དབབ། །ཅེས་པ་ནི། ལྟེ་འོག་སོར་བཞིའི་མཚམས་སུ་ཟླ་བའི་དཀྱིལ་འཁོར་ལ་སེམས་བཟུང་ཞིང་། ཆུ་རླུང་སོ་བར་ནས་སིར་སྒྲ་དང་བཅས་ནས་དྲངས་པས། ཟླ་བ་དེ་རྒྱ་ཇེ་ཆེ་ལ་སོང་ནས། མཐར་སྣང་བ་ཐམས་ཅད་ཟླ་བར་སོང་བར་བསམ། གཏོང་དུས་སྣ་ནས་བཏང་ནས་ལུས་ཁྲང་ཧྲིལ་འགྲོའོ། །རང་སའི་རྒྱུན་ལམ་རབ་ཏུ་འགགས་པ་ལ། །འཕང་ཞིང་བརྡུང་བའི་སྦྱོར་བས་སེལ་བར་འགྱུར། །ཞེས་པས། རང་སའི་རྒྱུན་ལམ་ནི་སྲོག་དང་ཐུར་སེལ་གྱི་
༥༦༢ ལམ་མོ། །རབ་ཏུ་འགགས་པ་ནི་རང་དབང་མེད་པར་འཁྱིལ་བས་འགགས་པའོ། །འཕང་ཞིང་བརྡུང་བ་ནི། ཧ་དང་དབྱུག་པའི་མན་ངག་གིས་སེལ་ལོ། །དེའང་སྒོམ་སྒྲུབ་འཇུར་རྟགས་པའམ། མྱ་ངན་དྲག་པོ་ལ་སོགས་པའི་རྐྱེན་ཅི་རིགས་པའི། རླུང་ནང་དུ་འདུས་ནས་སྲོག་འཛིན་འཐུམས་ཏེ། བྱ་སྙི་ལ་ཟིན་པ་བཞིན་དུ། ཅི་བྱས་ཀྱང་མི་བདེ། སྙིང་མི་དགའ་བ་ལ་སོགས་པའི་སེམས་ལས་ཀྱིས་མདུན་རྒྱབ་ཏུ་ན་ཞིང་འགགས་པ་དང་། སྤྱིལ་བུ་སྒོ་མེད་དུ་དུད་པ་བཏང་བ་བཞིན་དུ། ལོག་པའི་གནས་སུ་རླུང་འཐུམས་པར། ཤུགས་རིང་འདོན་ཞིང་། དབུགས་ཚད་དུ་དྲངས་དུ་མི་འདོད་པ་དང་། སྙིང་གཟེར་ལ་སོགས་པའི་ནད་ལ། རླུང་འཐུམས་ཀྱི་སྒོ་བཅག་པ་ལྟ་བུའམ། གནས་ནས་བྱུང་བ་ལ། ལྟག་འཐེན་ལ་སོགས་པའི་གེགས་སེལ་རྣམས་དགོས་པས་ལྟག་འཐེན་ཞུ་པའི་མཎྜལ་ལ་གསེར་ཞོ་རེ་མེད་པར་མི་སྟེར་པའི་བཀའ་རྒྱ་ཡོད་དོ། །བརྡུད་པའི་སྦྱོར་བ་ནི། དབྱུག་པ་དང་ཁུ་ཚུར་གྱིས་རྒྱབ་གཞུང་ལ་སོགས་པའི་གནས་སུ་ཅི་རིགས་པར་བརྡུངས་པས་སེལ་ལོ། །གང་དུ་བཅུད་པ་དེ་ནི་སྟོབས་ཀྱི་རླུང་། །དགང་ཞིང་བཅུད་ལ་དབྱུང་པས་རབ་ཏུ་སེལ། །ཞེས་པ་སྟེ། གང་ན་སར་འཁྲུལ་འཁོར་གྱིས་བཅུད་པའི་ས་དེ་ན། ནད་དང་འཛོམ་པའི་སྟོབས་ཀྱིས་རླུང་ཡོད་པས། རླུང་གིས་དགང་ཞིང་འཁྲུལ་འཁོར་གྱིས་བཅུན་ལ། ཁྲོལ་ཚགས་ཀྱི་བུ་ག་ལྟ་བུ་ན་ཕར་ལ་ནད་ཐོན་པར་བསྒོམས་པས་སེལ་བར་འགྱུར་རོ། །དེ་ལ་འདིར་གླིང་བཞི་བཅུད་ལ་བོར་བ་ལ་གསུམ་སྟེ། ཕྱི་གླིང་བཞི་བཅུད་ལ་བོར་བ་ནི། དྲན་མེད་དུ་འགྲོ་བའམ། རླུང་སྟོད་དུ་འཚངས་པའམ། ཤེས་པ་
༥༦༣ འཕྱོ་སངས་ཁྱེར་བ་འམ། མགོ་དང་རོ་སྟོད་ན་བ་དང་། རྐང་པ་གོང་སོར་སོང་དགོས་པ་ལྟ་བུ་ལ། རྐང་པ་གཉིས་གཤིབས། ལག་པ་གཉིས་པུས་མོ་གཉིས་ལ་འཇུས། རྐེད་པ་དང་གྲུ་མོ་གཉིས་བསྲང་། ཚང་ར་ཁྲུ་གང་མན་ཆད་དུ་ས་ལ་ཕེབས་ཚད་དུ་དབབ་པ། སྲིན་ཞལ་དྲག་ཏུ་བསྡམ། ཤེས་པ་རང་སོར་བཞག་ཅིང་གློད་ནས་འོག་ཏུ་མེའི་དཀྱིལ་འཁོར་གྲུ་གསུམ་ལ་སེམས་བཟུང་། རླུང་མི་བཟུང་བར་བཞག །ནང་གླིང་གཞི་བཅུད་ལ་བོར་བ་ནི། གན་རྐྱལ་དུ་བྱས་ལ། རྐང་པ་བརྐྱང་། རྐང་པའི་རྒྱུ་མ་བསྐུམ། རྟིང་པ་གཉིས་དང་བྲང་རྭེརེ་མོས་སུ་ཕྱིར་འཕུལ། ཤེས་པ་རྐང་ཐིལ་ལ་བཅུན་ཞིང་། རླུང་མི་བཟུང་བར་རང་སོར་བཞག །བར་གླིང་བཞི་བཅུད་ལ་བོར་བ་ནི། གན་རྐྱལ་དུ་ཉལ་ལ། རྐང་པ་གཉིས་ཀྱི་རྒྱུ་མ་ལག་པས་བཟུང་སྟེ། ལག་པས་ཡར་འཐེན་རྐང་པས་མར་འཕུལ་ཏེ། ལུས་ཐང་ཤ་བཅད་ནས་རླུང་མི་བཟུང་བར་རང་སོར་བཞག་གོ །དེ་ལྟར་མི་ནུས་ན། སྦྱང་ཐག་བྱ་སྟེ། དེ་ལ་འཇུས་ནས་གླིང་བཞི་བཅུད་ལ་བོར་བར་བྱའོ། །གྲང་ནད་ཀྱིས་གཤང་སྒོ་ལུག་པའམ་སྐྲངས་པའམ། འབུ་སྲིན་གྱིས་ཟ་བ་ལ། རྐང་ལག་བཞི་ས་ལ་བཙུགས། གྲུ་མོས་པུས་མོ་ཕར་ལ་འབུལ། པུས་མོས་གྲུ་མོ་ཚུར་བསྡམ་མོ། །དེ་ལྟར་གེགས་སེལ་གྱི་འབྲས་བུ་ནི། ལུས་ཀྱི་ནད་འཇོམས་སྟོབས་དང་བདེ་བ་རྒྱས། དེ་ལྟ་བུའི་དམིགས་པ་དང་འཁྲུ་འཁོར་ལ་སོགས་པའི་གེགས་སེལ་གྱི་གནད་རྣམས་ཟིན་པར་བྱས་ལ། ལུས་ཀྱི་ནད་རྣམས་བཅོམ་ཞིང་བདེ་བ་རྒྱས་ཏེ། དྭངས་མ་དང་སྟོབས་སུ་འགྱུར་རོ། །གནས་སྐབས་ཀྱི་འབྲས་བུ་གསུངས་པ་ནི།
༥༦༤ རྩ་སྦྱངས་པས་ནི་ལུས་ཀྱི་དྲི་མ་དག །རླུང་སྦྱངས་པས་ནི་ངག་གི་དྲི་མ་དག །འཛག་མེད་ཐོབ་པས་ཡིད་ཀྱིས་བག་ཆགས་བཅོམ། །ཅེས་པས། འདིར་སྦྱང་བར་བྱ་བ་རྩ་ཨཱ་ཝ་དྷཱུ་ཏི། སྦྱོང་བྱེད་བསྙེན་པའི་ཡན་ལག་གིས་སྦྱངས་པས་ལུས་ཀྱི་དྲི་མ་དག་སྟེ། མངོན་པར་ཤེས་པ་ལྔ་དང་སྤྲུལ་པའི་སྐུ་ཐོབ་པར་བྱེད་དོ། །ཡང་སྦྱང་གཞི་ངག་དང་རླུང་། སྦྱོང་བྱེད་གསུང་རྡོ་རྗེས་སྦྱངས་པས་ངག་གི་དྲི་མ་དག་ནས་འཕོ་བའི་བག་ཆགས་བཅོམ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱེད་དོ། །དེ་བཞིན་དུ་སྦྱང་གཞི་ཡིད་དང་ཐིག་ལེ་འཕོ་བའི་བག་ཆགས་ཏེ། སྦྱོང་བྱེད་སྒྲུབ་པ་ཆེན་པོ་ཐུགས་རྡོ་རྗེས་སྦྱོངས་པས། ཡིད་ཀྱི་བག་ཆགས་བཅོམ་སྟེ། མི་འགྱུར་བའི་བདེ་བ་དང་ཆོས་ཀྱི་སྐུ་ཐོབ་པར་བྱེད་དོ། །དེ་ལྟར་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་སྟེ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱིས་སྐུ་བཞི་མངོན་དུ་བྱེད་པ་ཡིན་གསུངས། སྒྲུབ་པ་ཆེན་པོའ་ཡོན་ཏན་བསྟན་པ་ན། འཁོར་ལོའ་མདུད་པ་དགའ་བཞིའི་འགྲོས་ཀྱིས་བཤིག །ཅེས་པས། འཁོར་ལོ་ཞེས་པ་ནི། དཔྲལ་བ་དང་། མགྲིན་པ་དང་། སྙིང་ཀ་དང་། ལྟེ་བ་རྣམས་ཀྱི་འཁོར་ལོ་སྟེ་དེ་ཚོའ་མདུད་པ་རྣམས། སྒྲུབ་པ་ཆེན་པོའ་རྣལ་འབྱོར་བསྒོམས་པས་དགའ་བཞིའི་འགྲོས་རིམ་པ་ཅན་དང་རིམ་མིན་གཉིས་ཀྱི་སྟོབས་ཀྱིས་བཤིག་པས། སད་པའི་གནས་སྐབས་དང་། རྨི་ལམ་གྱི་གནས་སྐབས་དང་། གཉིད་འཐུག་པོའ་གནས་སྐབས་དང་། སྙོམས་འཇུག་གི་གནས་སྐབས་ཀྱིས་སྒྲིབ་པ་ལས་གྲོལ་བར་བྱེད་དོ། །སྒྲིབ་པ་དེ་རྣམས་དང་བྲལ་བས་འཁོར་བའི་རྩ་བ་མ་རིག་པ་སྤོང་བ་སྟེ། མ་རིག་སེམས་ནི་བརྒྱལ་བ་ལོག་
༥༦༥ པས་དྭངས། །ཆགས་བྲལ་ཉམས་པས་ཞེ་སྡང་ཟད་པའི་སེམས། །ཆགས་པ་དག་པས་བདེ་བ་ཆེན་པོར་གྲོལ། །ཞེས་པའི་མ་རིག་པ་ནི། སེམས་ཅན་རྣམས་ཀྱི་འདོད་ཆགས་ཀྱི་བག་ཆགས་ཐོག་མེད་དུས་ནས་གོམས་པ་དེའི། ང་རྒྱལ་བ་ནི་བྱང་ཆུབ་ཀྱི་སེམས་ཕྱི་རོལ་དུ་ལྷུང་པ་ལས། ཞེ་སྡང་གི་སེམས་ཀྱི་རྗེས་ལ་གཏི་མུག་གི་སེམས་སྐྱེ་སྟེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུར་བརྟན་པར་བྱས་པ་ལ་ཉིད་ནི་བརྒྱལ་བ་ལོག་པར་བྱས་པའོ། །བརྒྱལ་བ་ལོག་སྟེ་མི་འགྱུར་པའི་བདེ་བ་ཆེན་པོའ་སེམས་ཀྱིས། མ་རིག་པའི་སེམས་འདོད་ཆགས་འཁོར་བའི་བག་ཆགས་ངན་པ་དྭངས་ཏེ་ཟད་པར་བྱེད་པའོ། །ཆགས་བྲལ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཕྱི་རོལ་དུ་ལྷུང་པ་ལས། བདེ་བའི་དྲོད་དང་བྲལ་བས་ཏེ། བྱང་སེམས་ནོར་བུར་བརྟན་པ་ལས། ཆགས་བྲལ་ཉམས་པ་སྟེ། བདེ་བ་དང་བྲལ་བ་མེད་ཅེས་པའོ། །ཞེ་སྡང་ནི་ཐིག་ལེ་འཕོས་པའི་ཚེ་ན། ཞེ་སྡང་གི་སེམས་སུ་འགྱུར་ཞིང་། བྱང་ཆུབ་ཀྱི་སེམས་འཕོས་པ་མེད་པ་ལས། ཞེ་སྡང་ཟད་པའི་སེམས་སུ་འགྱུར་བའོ། །ཞེ་སྡང་ཟད་པ་ཉིད་ཀྱིས་ཞེ་སྡང་གི་རང་བཞིན་གཏི་མུག་ཏུ་ཟད་དེ་འདོད་ཆགས་འཁོར་པའི་བག་ཆག་མ་རིག་པ་དག་པས། འགྱུར་པའི་བདེ་བ་ལ་ཆགས་པ་དག་སྟེ། མི་འགྱུར་བའི་བདེ་བ་ཆེན་པོར་གྲོལ་བའོ། །མ་རིག་པའི་ཡན་ལག་རྟེན་འབྲེལ་བཅུ་གཉིས་འགགས་པས་འབྲས་བུ་ཐོབ་ཚུལ་ནི། ནོར་བུ་ནས་ནི་གཙུག་ཏོར་འཁོར་ལོའ་བར། །བརྒྱ་ཕྲག་བཅོ་བརྒྱད་ལས་ཀྱི་རླུང་འགགས་པས། །རིམ་པ་དེས་ནིས་རེ་ཐོབ་པར་འགྱུར། །ཞེས་པས། རྗེས་དྲན་དང་ཏིང་ངེ་འཛིན་གྱི་རྣལ་འབྱོར་གྱིས་
༥༦༦ སྲོག་ལ་སོགས་པའི་རླུང་བཅུ་འགགས་པ་ལས། རྡོ་རྗེ་ནོར་བུ་ནས་གཙུག་ཏོར་གྱི་འཁོར་ལོའ་བར། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རིམ་པ་བཞིན་དུ་བརྟེན་པར་འགྱུར་རོ། །བརྒྱ་ཕྲག་བཅོ་བརྒྱད་ནི། ཟླ་བ་དང་། ཉི་མ་དང་། སྒྲ་གཅན་གསུམ་གྱི་རྩ་ལ་རླུང་རྒྱུ་པའི་རྩལ་དུས་སྦྱོར་གཅིག་གི་གྲངས་སོ། །ལས་ཀྱི་རླུང་ཞེས་པ་ནི། རླུང་བཅུ་པོ་ཐམས་ཅད་ཀྱིས་རང་རང་གི་ལས་བྱེད་པའོ། །འགགས་པ་ཞེས་པ་ནི། རིམ་པ་བཞིན་དུ་སྒྲིབ་པ་མེད་པར་བྱའོ། །དེ་ཡང་འཁོར་ལོ་དྲུག་རྣམས་སུ། དུས་སྦྱོར་གཉིས་གཉིས་ཀྱི་རླུང་འགགས་པ་ལས། ས་གཉིས་གཉིས་ཐོབ་པར་འགྱུར་རོ། །དེ་ཡང་སྔགས་དང་མཚན་ཉིད་ཀྱི་ཁྱད་པར་གྱི་མིང་གི་རྣམ་གྲངས་ནི། ས་དང་པོ་རབ་ཏུ་དགའ་བ་དང་། གཉིས་པ་དྲི་མ་མེད་པ་དང་། གནས་དང་ཉེ་བའི་གནས་ཞེས་པ་དང་། གསུམ་པ་འོད་བྱེད་པ་དང་། བཞི་པ་འོད་འཕྲོ་བ་དང་། ཞིང་དང་ཉེ་བའི་ཞིང་ཞེས་པ་དང་། ས་ལྔ་པ་སྦྱང་དཀའ་པ་དང་། དྲུག་པ་མངོན་དུ་གྱུར་པ་དང་། ཚན་རྡོ་དང་ཉེ་བའི་ཚན་རྡོ་དང་ཞེས་དང་། ས་བདུན་པ་རིང་དུ་སོང་བ་དང་། བརྒྱད་པ་མི་གཡོ་བ་དང་། འདུས་པ་དང་ཉེ་བའི་འདུས་པ་དང་ཞེས་དང་། ས་དགུ་པ་ལེགས་པའི་བློ་གྲོས་དང་། བཅུ་པ་ཆོས་ཀྱི་སྤྲིན་དང་། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཅེས་དང་། ས་བཅུ་གཅིག་ཀུན་ཏུ་འོང་དང་། བཅུ་གཉིས་མ་ཆགས་པདྨའི་སྤྱན་དང་། འཐུངས་གཅོད་དང་ཉེ་བའི་འཐུངས་གཅོད་ཞེས་པ་རྣམས་སོ། །དེ་རྣམས་དང་དུས་མཚུངས་པར་རྟེན་འབྲེལ་བཅུ་གཉིས་རིམ་པ་བཞིན་དུ་འགག་པ་སྟེ། རྡོ་རྗེ་ནོར་བུར་དུས་སྦྱོར་གཅིག་གི་རླུང་འགགས་པས་རྟེན་འབྲེལ་དང་པོ་འགག་ཅིང་།
༥༦༧ བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུ་ལས་གྱེན་དུ་ལོག་པས། ས་དང་པོ་ཐོབ་སྟེ་འཇིག་རྟེན་གྱི་ཁམས་གཅིག་གི་སྣོད་བཅུད་མཐོང་ཞིང་། དོན་བྱེད་ནུས་པའོ། །དེ་ནས་བྱང་ཆུབ་ཀྱི་སེམས་བརྟན་པ་དེ་གསང་བའི་འཁོར་ལོར་ལོག་ཅིང་འཆིངས་པས། རྟེན་འབྲེལ་གཉིས་པ་དག །དུས་སྦྱོར་གཉིས་ཀྱི་རླུང་འགགས་པས། ས་གཉིས་པ་ཐོབ་སྟེ། འཇིག་རྟེན་གྱི་ཁམས་གཉིས་ཀྱི་དོན་བྱེད་ནུས་སོ། །དེ་ནས་དུས་སྦྱོར་གྱི་རླུང་འགགས་པ་ལས། བྱང་སེམས་ལྟེ་བའི་འཁོར་ལོར་འཆིངས་པས། རྟེན་འབྲེལ་གསུམ་དག་ས་གསུམ་ཐོབ་སྟེ། འཇིག་རྟེན་གྱི་ཁམས་གསུམ་གྱི་དོན་བྱེད་ནུས་སོ། །དེ་ནས་དུས་སྦྱོར་བཞིའི་རླུང་འགགས་པ་ལས། བྱང་སེམས་ལྟེ་བའི་འཁོར་ལོར་འཆིངས་པས། རྟེན་འབྲེལ་བཞི་པ་དག །ས་བཞི་པ་ཐོབ་སྟེ། འཇིག་རྟེན་གྱི་ཁམས་བརྒྱད་ཀྱི་དོན་མཐོང་ཞིང་སྤྲུལ་པ་འགྱེད་ནུས་སོ། །དེ་ནས་དུས་སྦྱོར་ལྔའི་རླུང་འགགས་པ་ལས། བྱང་སེམས་ལྟེ་བ་ནས་སྙིང་གའི་བར་དུ་འཆིངས་པས། རྟེན་འབྲེལ་ལྔ་པབ་དག་ས་ལྔ་པབ་ཐོབ་སྟེ། འཇིག་རྟེན་གྱི་ཁམས་བཅུ་དྲུག་གི་དོན་མཐོང་ཞིང་སྤྲུལ་པ་འགྱེད་ནུས་སོ། །དེ་ནས་དུས་སྦྱོར་དྲུག་གི་རླུང་འགགས་པས། བྱང་སེམས་སྙིང་གའི་འཁོར་ལོ་འཆིངས་པས། རྟེན་འབྲེལ་དྲུག་པ་དག །ས་དྲུག་པ་ཐོབ་སྟེ། འཇིག་རྟེན་གྱི་ཁམས་སུམ་ཅུ་རྩ་གཉིས་ཀྱི་དོན་མཐོང་ཞིང་སྤྲུལ་པ་འགྱེད་ནུས་སོ། །དེ་ནས་དུས་སྦྱོར་བདུན་གྱི་རླུང་འགགས་པས། བྱང་སེམས་མགྲིན་པའི་བར་དུ་འཆིངས་པས། རྟེན་འབྲེལ་བདུན་པ་དག །ས་བདུན་པ་ཐོབ་སྟེ། འཇིག་རྟེན་གྱི་ཁམས་དྲུག་ཅུ་རྩ་བཞིའི་དོན་བྱེད་ནུས་སོ། །དེ་ནས་དུས་སྦྱོར་བརྒྱད་ཀྱི་རླུང་འགགས་པས། །
༥༦༨ བྱང་སེམས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་འཆིངས་པས། རྟེན་འབྲེལ་བརྒྱད་པ་དག །ས་བརྒྱད་པ་ཐོབ། འཇིག་རྟེན་གྱི་ཁམས་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་དོན་བྱེད་ནུས་སོ། །དེ་ནས་དུས་སྦྱོར་དགུའི་རླུང་འགགས་པ་ལས། བྱང་སེམས་མགྲིན་པ་ནས་དཔྲལ་བའི་བར་དུ་འཆིངས་པས། རྟེན་འབྲེལ་དགུ་པ་དག །ས་དགུ་པ་ཐོབ་སྟེ། འཇིག་རྟེན་གྱི་ཁམས་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་གི་དོན་བྱེད་ནུས་སོ། །དེ་ནས་དུས་སྦྱོར་བཅུའི་རླུང་འགགས་པ་ལས། བྱང་སེམས་དཔྲལ་བ་བདེ་ཆེན་གྱི་འཁོར་ལོ་འཆིངས་པས། རྟེན་འབྲེལ་བཅུ་པ་དག །ས་བཅུ་པ་ཐོབ་སྟེ། འཇིག་རྟེན་གྱི་ཁམས་ལྔ་བརྒྱ་བཅུ་གཉིས་ཀྱི་དོན་བྱེད་པར་ནུས་སོ། །དེ་ལྟར་དུས་སྦྱོར་བཅུ་གཅིག་གི་རླུང་འགགས་བྱང་སེམས་གཙུག་ཏོར་གྱི་བར་དུ་འཆིངས་པས། རྟེན་འབྲེལ་བཅུ་གཅིག་བདག །ས་བཅུ་གཅིག་པ་ཐོབ། འཇིག་རྟེན་གྱི་ཁམས་སྟོང་ཉི་ཤུ་རྩ་བཞིའི་དོན་བྱེད་པར་ནུས་སོ། །དེ་ནས་དུས་སྦྱོར་བཅུ་གཉིས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་ཐམས་ཅད་འགགས་ཏེ། རྟེན་འབྲེལ་བཅུ་གཉིས་པ་རྒ་ཤི་འདག་ཅིང་། སྤྱན་ལྔ་དང་མངོན་པར་ཤེས་པ་དྲུག་ཐོབ། གཙུག་ཏོར་འཁོར་ལོའ་སྟེང་དུ་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཡོངས་སུ་རྫོགས་པར་འགྱུར་རོ། །རྡོ་རྗེ་འཛིན་པའི་བཅུ་གཉིས་ས་ཐོབ་སྟེ། སངས་རྒྱས་ཀྱི་སྐུ་དང་ཡོན་ཏན་ཐམས་ཅད་དང་ལྡན་ཞིང་། མཐའ་ཡས་པའི་འགྲོ་བ་མཐའ་དག་གི་དོན་མཛད་པར་འགྱུར་རོ། །རྡོ་རྗེའི་གཞུང་འདི་ཉིད་ཟབ་ཅིང་རྒྱ་ཆེ་བར་བསྟན་པ་ནི། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཀྱི། །སྙིང་གི་གནད་རྣམས་འདི་གཞུང་རྟོགས་པས་ཐོབ། །ཅེས་པས། རྣལ་འབྱོར་ཞེས་པ་ནི། ཤེས་རབ་ཀྱི་རང་བཞིན་སྟོང་པ་ཉིད་དང་། །
༥༦༩ ཐབས་ཀྱི་ངོ་བོ་སྙིང་རྗེ་སྟེ། མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་ལམ་སྟོན་པར་བྱེད་པ་སྟེ། བྱ་སྤྱོད་དང་རྣལ་འབྱོར་གྱི་རྒྱུད་རྣམས་ལས། ཁྱད་པར་དུ་གྱུར་བའི་ཕྱིར་བླ་ན་མེད་པའི་རྒྱུད་དོ། །རྒྱུད་ནི་རྒྱུན་ཆགས་པ་ཡིན་ལ། རྣམས་ནི་མང་པོའ་ཚིག་དེ་བླ་མེད་ཀྱི་རྒྱུད་མ་ལུས་པ་ཐམས་ཅད་དོ། །སྙིང་གི་གནད་ནི། བླ་མེད་ཀྱི་རྒྱུད་རྣམས་ཀྱི་ངེས་པའི་དོན་ཐམས་ཅད་དོ། །འདི་གཞུང་རྟོགས་པས་འཐོབ་པ་ནི། རྡོ་རྗེའི་གཞུང་འདི་ཉིད་ཀྱིས་བརྗོད་པར་བྱ་བའི་དོན་ལེགས་པར་ཁོང་དུ་ཆུད་ཅིང་། འདི་ཉིད་ཀྱི་དོན་ཉམས་སུ་བླངས་པས། ལམ་དང་འབྲས་བུའི་མངོན་པར་རྟོགས་པ་མངོན་དུ་བྱས་པས། བླ་ན་མེད་པའི་རྒྱུད་རྣམས་ཀྱི་བདག་པོར་འགྱུར་ཞེས་པའོ། །འདིར་སྔར་བརྗོད་པའི་ལམ་གྱི་རིམ་པ་ལས་འབྲས་བུའི་བྱེ་བྲག་མཁྱེན་པའི་ཁྱད་པར་གསུངས་པ། ལུས་དང་ཕུང་པོའ་སྒྲིབ་པ་བཅོམ་པ་ལས། །སེམས་ལ་འཛིན་པའི་བག་ཆགས་མི་སྐྱེ་པས། །ནམ་མཁའི་སྤྲིན་དང་བྲལ་བའི་རྒྱུ་སྐར་བཞིན། །རིམ་པ་དེས་ནི་ཐམས་ཅད་མཁྱེན་པར་འགྱུར། །ཞེས་པས། ལུས་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་། ལུས་ཀྱི་དབང་པོ་རྣམས་སོ། །འཛིན་པར་བྱེད་པ་ནི་སེམས་སོ། །ཕུང་པོ་ལྔ་སྟེ། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོའོ། །དེ་རྣམས་ལས་ཐོག་མར་གཟུགས་ཀྱི་ཕུང་པོ་ངོས་བཟུང་ནས། གཟུགས་ཀྱི་ཕུང་པོ་ལས་ཚོར་བ་ལ་སོགས་པའི་ཕུང་པོ་བཞི་རུ་འགྱུར་པའོ། །གཟུགས་ཀྱི་ཕུང་པོ་ཡང་། དབང་པོ་ལྔ་དང་། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ། དེ་ལྟར་ཡུལ་ལྔ་དབང་པོ་ལྔའི་གཟུང་བར་བྱ་བའི་ཡུལ་ལོ། །བཅུ་པོ་དེ་རྣམས་
༥༧༠ སྤངས་པའི་ཕྱིར་ཕུང་པོ་ལྔ་ཞེས་བརྗོད་དོ། །དེ་རྣམས་བསྐྱེད་པའམ་འཛིན་པར་བྱེད་པ་ནི། ཡིད་ཀྱི་དབང་པོ། ཡུལ་ཆོས་ཀྱི་དབྱིངས་དང་བཅས་པ་ནི་སྟོང་པ་ཉིད་ཀྱི་སྒྲིབ་པའི་ཕྱིར་སྒྲིབ་པ་ཡིན་ནོ། །གཟུང་པར་བར་བྱ་བ་དང་། འཛིན་པར་བྱེད་པའི་སེམས་ཀྱི་ཕྱིར་རོ། །སྒྲིབ་པ་དེ་ཉིད་འཇོམས་པར་བྱེད་པས་ན། བྱང་ཆུབ་ཀྱི་སེམས་ཆ་བཅུ་དྲུག་སྒྲིབ་པ་དང་བྲལ་བར་བྱས་སོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་སྒྲིབ་བྲལ་དུ་གྱུར་པའི་ཚེ་ན། སེམས་ལ་འཛིན་པའི་བག་ཆགས་སླར་སྐྱེ་བ་མེད་པའོ། །དེ་ལྟར་སེམས་ཀྱི་འཛིན་པའི་བག་ཆགས་ཟད་པ་ན། །མཚན་མོའ་ནམ་མཁའ་སྤྲིན་དང་བྲལ་བ་ལ། །སྐྱེས་བུ་མིག་དང་ལྡན་པས་རྒྱུ་སྐར་གྱི་ཚོགས་དབང་པོའ་མངོན་སུམ་དུ་མཐོང་བ་ལྟར། ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་གི་མངོན་སུམ་དུ་མཁྱེན་པར་འགྱུར་ཞེས་པའོ། །ལམ་གྱི་འབྲས་བུ་སངས་རྒྱས་སུ་འགྱུར་ཚུལ་ནི། །འཛག་པ་ལས་ནི་དུག་གསུམ་སེམས་སྐྱེ་བས། །འདིའི་རིམ་པས་འཛག་པ་ཟད་པ་ལས། །ཉོན་མོངས་སྒྲིབ་པའི་མདུདབདུད་ལས་རྒྱལ་གྱུར་པའི། །རིམ་པ་འདིས་ནི་དུག་གསུམ་འཇོམས་པར་འགྱུར། །ཞེས་པས། འཛག་པ་ནི་བྱང་ཆུབ་ཀྱི་སེམས་ཁུ་བའི་རང་བཞིན་དེ་ཉིད་འཛག་པ་སྟེ། དེ་ཉིད་འཛག་པ་ལས་དུག་གསུམ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་གྱི་སེམས་རབ་ཏུ་སྐྱེད་ལས། འདི་རྣམས་སྲོག་འཕྲོག་པར་བྱེད་པའི་དུག་དང་འདྲ་བས་ན་དུག་གསུམ་མོ། །འདིའི་རིམ་པ་ནི་སྔར་བཤད་པའི་ལམ་གྱི་རིམ་པ་དེ་རྣམས་ཀྱི་དོན་མ་འཆུགས་པར་བསྒོམས་པས་འཛག་པ་ཟད་དེ། མི་འགྱུར་པའི་བདེ་བ་ཆེན་པོ་མངོན་
༥༧༡ སུམ་དུ་བྱེད་པའོ། །དེ་ཡིས་ཉོན་མོངས་པའི་སྒྲིབ་པ་དང་བདུད་ཅེས་པའོ། །བདུད་བཞི་ལས་རྒྱལ་བ་སྟེ། དེ་ཡང་སྐུ་རྡོ་རྗེའི་བསྙེན་པས་རྩ་དག་པར་བྱས་པ་ནི། ལུས་ཀྱི་ཕུང་པོའ་བདུད་བཅོམ་པའོ། །གསུང་རྡོ་རྗེའི་སྒྲུབ་པས་རླུང་དག་པར་བྱས་པ་ནི། ངག་གི་དྲི་མ་ཉོན་མོངས་པའི་བདུད་བཅོམ་པའོ། །ཐུགས་རྡོ་རྗེའི་སྒྲུབ་པ་ཆེན་པོས་བྱང་ཆུབ་ཀྱི་སེམས་མི་འགྱུར་བར་བྱས་པ་ནི། སེམས་ཀྱི་དྲི་མ་འཆི་བདག་གི་བདུད་བཅོམ་པའོ། །དེ་དག་གི་མཐུས་མ་རིག་པ་འགགས་སྟེ། རིག་པ་ཆེན་པོ་ཡེ་ཤེས་ཀྱི་རྡོ་རྗེ་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པའི་བདག་ཉིད་དུ་གྱུར་པ་ནི་ལྷའི་བུའི་བདུད་བཅོམ་པ་སྟེ། བདུད་བཞིའི་གཡུལ་ལས་རྒྱལ་བའོ། །དེ་ལྟར་བདུད་བཞི་བཅོམ་པའི་ཕྱིར་ན་བཅོམ་ལྡན་འདས་སོ། །ལམ་དུས་སུ་ཕྱི་ནང་གསང་གསུམ་གྱི་དམ་ཚིག་རྣམས་བསྟེན་པར་གསུངས་པ། བདུད་རྩི་ལྔ་ཡི་དྭངས་མས་རྩིགས་ཟོས་པས། །རྩིགས་མེད་དངསདྭངས་མའི་ལུས་སུ་གྱུར་པའི་ཚེ། །ཐོག་བཅས་དངོས་པོའ་བདུད་དང་བྲལ་བའི་ཕྱིར། །འཇའ་ལུས་རྡོ་རྗེའི་སྐུ་རུ་འདི་ཡིས་འགྲུབ། །ཅེས་པས། བདུད་རྩི་ལྔ་ལ་ངེས་དོན་གྱི་བདུད་རྩི་ལྔ་ནི། འབྱུང་བ་ལྔ་ཡི་རླུང་རྣམས་ཡིན་ལ། དེ་དག་གི་དྭངས་མ་ནི་མི་འགྱུར་བའི་བྱང་ཆུབ་ཀྱི་སེམས་ནི་ཐིག་ལེ་ཡིན་ཏེ། དེ་གང་ལ་བྱུང་ན། སྲོག་རླུང་དང་ཐུར་སེལ་གྱི་རླུང་ཨ་ཝ་དྷཱུ་ཏིར་བརྟན་པ་ལས་མེ་འགྱུར་བའི་བདེ་བ་ཡིན་གསུངས། རྩིགས་མ་ནི་ནམ་མཁའ་རྣམས་ཏེ། ཟོས་པ་ཞེས་པ་ནི་སྒྲིབ་པ་མེད་པར་བྱས་པའོ། །ཁམས་བཅུ་པོ་སྒྲིབ་པ་མེད་པར་བྱས་པ་ནི་རྩིགས་མེད་དྭངས་མའི་ལུས་སུ་གྱུར་པའོ། །ཐོགས་
༥༧༢ བཅས་ཤེས་པ་ནི། ཕུང་པོ་དང་། ཁམས་དང་། ཡུལ་རྣམས་ནི་བསྟན་དུ་ཡོད་པའི་ཕྱིར་རོ། །དེ་རྣམས་དངོས་པོ་སྟེ་དངོས་པོའ་འཛིན་པ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་བདུད་དུ་བརྗོད་པས། བདུད་དེ་རྣམས་ལས་རྒྱལ་བའི་བདུད་དང་བྲལ་བས་ཏེ། དངོས་པོའ་བདུད་དང་བྲལ་པས། འཇའ་ལུས་ཤེས་མཚོན་ལྟ་བུའི་རྡོ་རྗེའི་སྐུ། །མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ་མཆོག་གི་མཛད་པ་དང་བཅས་པ་ལམ་འདི་ཉིད་ཀྱིས་འགྲུབ་པར་འགྱུར་ཞེས་པའོ། །གཞུང་འདིའི་བདུད་རྩི་བཟའ་ཐབས་ཐམས་ཅད་ཀྱི་ལག་ལེན་ལ། རྗེ་རིན་པོ་ཆེ་ཉིད་ཀྱིས་བསྟན་བཅོས་ཡོད་པ་དེར་ཤེས་པར་བྱའོ། །རྡོ་རྗེའི་གཞུང་འདི་ཉིད་ཡི་གེར་འབྲི་བའི་རྒྱུ་མཚན་གསུངས་པ། འདི་དོན་བྱིན་རླབས་སྟོབས་ཀྱིས་གནང་པ་རྣམས། །རང་གི་རྟོག་དཔྱོད་བློ་ཡིས་མ་འདྲེས་པར། །རྟོག་དཔྱོད་བརྗེད་པར་འཇིགས་པས་ཡི་གེར་བཀོད། །ནོངས་ཤིང་འཁྲུལ་པ་ཡོད་ན་བཟོད་པར་གསོལ། །ཞེས་པས། འདི་དོན་ཞེས་པས་གཞུང་འདི་ཉིད་ཀྱི་བརྗོད་པར་བྱ་བའི་དོན་ཟབ་ཅིང་རྒྱ་ཆེ་བའོ། །བྱིན་བརླབས་ནི། ཨོ་རྒྱན་སྤྲུལ་པའི་ཞིང་གི་རྣལ་འབྱོར་མ་རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པའོ། །དེའི་སྟོབས་ཀྱིས་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་ཨུ་རྒྱན་པ་ཆེན་པོའ་སྐུ་གསུང་ཐུགས་བདེ་བ་ཆེན་པོར་མངོན་སུམ་བྱས་པའི་གསལ་སྣང་ལ་རྩོལ་བ་མེད་པར་ཐུགས་ལ་ཤ་ར་ར་བྱུང་བ་ཡིན་གསུངས། དེ་ལ་རྟོག་དཔྱོད་དང་ཡིད་དཔྱོད་ཀྱིས་མ་འདྲེས་ཤིང་། ཟབ་ཅིང་རྒྱ་ཆེ་བའི་དོན་འདི་ཉིད་མ་འོངས་པ་ན་བརྗེད་པར་གྱུར་ན། དེ་ཚེ་རྟོག་དཔྱོད་ཀྱི་བློ་ཡིས་ཟབ་མོའ་དོན་ལ་བསླད་པར་གྱུར་ན་མི་རུང་ཞེས་དགོངས་པ་
༥༧༣ དང་། སུ་ལུང་ཆོ་ལ་བཞུགས་པའི་དུས་སུ་གཞུང་ཡི་གེར་འབྲི་བ་རྗེས་སུ་གནང་བ་ཐོབ་ནས་ཡི་གེར་བྲིས་པ་ཡིན་གསུངས། ནོངས་ཤིང་ཟབ་མོའ་དོན་ཉམས་སུ་བླང་བར་བྱས་པ་ཡིན་གསུངས། ཡི་གེར་འབྲི་བར་མི་འོས་པ་དང་། འཁྲུལ་པ་ནི། བཅོམ་ལྡན་འདས་མའི་གསུང་ལས་ལོགས་སུ་གྱུར་པ་གལ་ཏེ་ཡོད་སྲིད་ན། དེའི་ཚེ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཉིད་ལ་བཟོད་པར་གསོལ་བའོ། །གང་གི་རྟོགས་དཀའ་བླ་མེད་རྒྱུད་ཀྱི་དོན། །བདག་བློའི་སྟོབས་ཀྱིས་འགྲོལ་བར་ག་ལ་ནུས། །འོན་ཀྱང་ཆོས་ཀྱི་རྒྱལ་པོའ་ཐུགས་རྗེ་ཡིས། །གདམས་པ་སྙིང་པོའ་གནད་རྣམས་གནང་བ་དང་། །གསུང་གི་རྒྱུན་འགའ་རང་གིས་ཟིན་པ་དང་། །མཆེད་པོ་གོང་མའི་ཟིན་བྲིས་ལ་བསྟེན་ཏེ། །བླ་མ་མཁའ་འགྲོའི་ཚོགས་ལ་གསོལ་བཏབ་ནས། །རྡོ་རྗེ་གསུམ་གྱི་གཞུང་དོན་ཅུང་ཟད་བཀྲོལ། །ནོངས་པ་བླ་མ་མཁའ་འགྲོ་ཡིས། །ཆོས་ཉིད་ངང་དུ་བཟོད་པར་མཛོད། །སེམས་ཅན་རྗེས་སུ་བཟུང་མཛད་ནས། །ཚུལ་བཞིན་སྒྲུབ་པའི་གང་ཟག་ལ། །མ་ཉིད་བུ་ལ་བརྩེ་བ་བཞིན། །སྐྱོངས་ནས་བར་ཆད་མེད་གྱུར་ཅིང་། །རྟོགས་པ་གོང་དུ་རབ་རྒྱས་ཏེ། །དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡུམ་རྡོ་རྗེ་རྣལ་འབྱོར་མས། ཨུ་རྒྱན་སྤྲུལ་པའི་ཞིང་དུ་གྲུབ་ཐོབ་ཆེན་པོ་ཨུ་རྒྱན་པས་གནང་བའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཅེས་པའི་འགྲེལ་བཤད་བསྙེན་སྒྲུབ་གསལ་བར་བྱེད་པའི་མེ་ལོང་འདི་ཉིད། རྒྱལ་ཁམས་པ་ཟླ་བ་སེང་གེས་དཔལ་ནགས་རྒྱལ་གྱི་ཡང་དབེན་དུ་བྲིས་པའོ། །གདམས་པ་འདི་ཁོ་རང་གི་ལུགས་ཀྱི་སོར་སྡུད་ལོ་གཅིག་འདྲིས་མེད་དུ་བསྒོམ་མི་ནུས་པ་ལ་
༥༧༤ སྦྱིན་དུ་མེད་དོ། །ཚོགས་འཁོར་དང་གསེར་གྱི་མེ་ཏོག་ཐད་དཀརཀར་མི་འབུལ་བ་ལ་སྦྱིན་དུ་མེད་དོ། །གདམས་པ་གཞན་འགུགས་པའི་ཕྱག་རྟེན་འདིས་བྱེད་པ་དང་། དཔེ་ཆ་གཞན་འགུགས་པའི་ལྕགས་ཀྱུ་འདིས་བྱེད་པ་ལ་སོགས་པ། ཆོས་བརྒྱད་ཀྱིས་ཀུན་ནས་བསླངས་ནས། དམ་བཅའ་འདི་རྣམས་དང་འགལ་ཞིང་། ཆོས་འདི་ལ་ཡང་ཟོང་བྱེད་པར་བྱུང་ན། དེའི་སྙིང་ཁྲག་ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་གཏོར་བར་རིགས་སོ། །གནད་ཀྱི་འགྲེལ་བཤད་རེ་ཞིག །སྤེན་ཟླ་བ་མ་ཏི་འགྲན་ཟླ་བྲལ་བས་བཞེངས་པའོ། །མངྒ་ལཾ།། །།

Notes


WYLIE TEXT WILL APPEAR HERE

Footnotes



Research Information
Translator's notes
Note from Ringu Tulku
The Commentary to the Nyen Drub Called "Wish-fulfilling Jewel".
Notes on the text itself
A commentary on grub thob chen po u rgyan pa's text rdo rje gsum gyi bsnyen sgrub.
Notes on authorship
Notes on individuals related to text
Other notes
Genre from Richard Barron's Catalog
Instruction manual
Genre from dkar chag
gdams ngag
BDRC Link
VolumeI1CZ3977
BDRC Content Information
Commentary on the approach and accomplishment practices of the threefold vajra


Related Content
Recensions
Other Translations
Commentary(s) of this Text in the DNZ
Text(s) in the DNZ of which this is a commentary
Related Western Publications
Related Tibetan Publications
Other Information

Information about Unicode Tibetan and the digitization of this text

As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of fall 2017 that project has not been finished. Note that the folio numbers that appear throughout were added by Nitartha Input Center at the time of input.

Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion.