Wylie:Rdo rje rnal 'byor ma lhan cig skyes ma'i bskyed rim gyi lha khrid rnam bshad zab mo

From gDams Ngag mDzod
Jump to: navigation, search
Upload a file
Click the picture above to view the original manuscript.

རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་
rdo rje rnal 'byor ma lhan cig skyes ma'i bskyed rim gyi lha khrid rnam bshad zab mo

Damngak Dzö Volume 9 (ཏ་) / Pages 125-165 / Folios 1a1 to 21a7


[[notesforsearch:: Translated by lo tsA ba mar pa chos kyi blo gros at Pushpahari. The Commentary on the Creation Stage of the Vajrayogini Practice, the Essence of "The Profound Explanation". | ]]


[edit]
༡༢༥ རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ་བཞུགས་སོ།། །།
༡༢༦ བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ཐ་མི་དད་པ་ལ་ཕྱག་འཚལ་ལོ། །དེའི་ལྷ་ཁྲིད་ཟིན་བྲིས་གསུམ་གྱི་དགོངས་པ་བཞིན་བཤད་པར་བྱའོ། །དེ་ལ་བརྒྱུད་པའི་ལོ་རྒྱུས་ནི་རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོ་པས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་མན་ངག་མཐའ་དག་རྡོ་རྗེ་རྣལ་འབྱོར་མ་དང་རྡོ་རྗེ་འཆང་དངོས་ལ་གསན་ཏེ་རྗེ་ནཱ་རོ་པ་ལ་གདམས་ཤིང་དེས་ཀྱང་དཔལ་ལྷན་ཅིག་སྐྱེས་མ་དང་དངོས་སུ་མཇལ་ནས་ལྷན་ཅིག་སྐྱེས་མ་དང་རྫོགས་རིམ་རླུང་སེམས་གཉིས་མེད་ཀྱི་མན་ངག་གསན་ནས་སྒྲུབ་ཐབས་ཀྱི་གཞུང་མཛད་དེ་སྲས་ཀྱི་ཐུ་བོ་རྗེ་མར་པ་ལ་གནང་ནས་ད་སྟེ་ཞག་བདུན་ན་དགུན་གྱི་ཉི་མ་ལྡོག །དེ་ནས་ནག་པོའ་ཚེས་བཅུ་ལ་དུར་ཁྲོད་སོ་སའི་གླིང་དུ་སོང་ན་ལྷན་ཅིག་སྐྱེས་མས་རྗེས་སུ་འཛིན་པར་འགྱུར་རོ་གསུངས་ཏེ་དེར་བྱོན་པས་ལྷན་ཅིག་སྐྱེས་མ་མིའི་བུ་མོའ་རྣམ་པར་བསྟན་པ་དང་མཇལ། བསྐྱེད་རྫོགས་དང་བྱིན་རླབས་གནང་། ཤེལ་གྱི་གྲི་གུག་གིས་ཐུགས་ཀ་ཁ་ཕྱེ་ནས་སྔགས་འཁོར་བསྟན། ཁྱོད་རྡོ་རྗེ་གདན་སྐུ་སྟོན་པའི་ཚེམས་མཆེ་བ་ལྟོས་ལ་བོད་དུ་སོང་སྐལ་ལྡན་རྗེས་སུ་ཟུང་ཞིག་པར་ལུང་བསྟན། ཚེམས་
༡༢༧ མཆེ་བ་གཟིགས་པས་ཏ་ལའི་ལོ་མ་ལ་ལི་ཁྲིས་སིངྒ་ལའི་ཡི་གེར་བྲིས་པའི་དཔེ་བྱང་བུ་ཞིག་རྙེད་སྟེ་སྤྱན་དྲངས་པས་བསྐྱེད་རྫོགས་དེ་ཉིད་ཀྱི་དཔེར་སྣང་། དེས་རྗེ་མི་ལ་མཐུ་ཆེན་ལ་བསྐྱེད་རིམ་དང་རྫོགས་རིམ་གྱི་གཙོ་བོ་རྣམས་དངོས་སུ་གནང་། གནད་ཁ་ཅིག་ཤོག་དྲིལ་ལ་ཐམ་གྱིས་མནན་ཏེ། ཁྱོད་ལ་མ་འོངས་པ་ན་རྩ་རླུང་གི་གེགས་ཤིག་འབྱུང་བས་དེའི་ཚེ་ལྟོས་གསུངས་ནས། འཁྲུལ་འཁོར་གནད་ཀྱི་ཁ་བསྒྱུར་ལ། །འབྲས་རིན་ཆེན་སྐྱེ་བའི་སོ་ནམ་ཡོད། །ཅེས་ལུང་བསྟན་ཏེ་གནང་། རྗེ་མི་ལས་དེ་ལ་བརྟེན་ཏེ་གྲུབ་པ་བརྙེས་ནས། རྗེ་སྒམ་པོ་པ་ལ་བསྐྱེད་རིམ་དངོས་སུ་གནང་ནས་རྫོགས་རིམ་ནི་ང་ལ་ཡང་སྒོམ་སྐྱེ་དཀའ་བར་བྱུང་ཡང་འདི་ལ་བརྟེན་ནས་སྐྱེས། ཁྱོད་ལ་ཡང་རྟོག་པ་འཕེལ་འགྲིབ་ཅིག་འབྱུང་དེའི་ཚེ་འདི་དགོས་གསུང་ནས་སྐྱེལ་ཐུང་གི་སར་གནང་། རྗེ་སྒམ་པོ་པས་བཀའ་གདམས་ཀྱི་ཚོགས་སུ་བཞུགས་པས་ཉམས་མྱོང་འགྲིབས་པའི་ཚེ་འདི་ཉམས་སུ་བཞེས་པས་ཆོས་སྐུ་དངོས་སུ་གཟིགས་ཏེ་རྟོགས་པའི་མཐར་ཐུག །དེས་རྗེ་དུས་གསུམ་མཁྱེན་པ་ལ་ཀཾ་པོ་གངས་རར་སོང་ཞིག་
༡༢༨ པའི་འགྲོ་ཆོས་སུ་བསྐྱེད་རྫོགས་གཉིས་གནང་། དེ་ནས་འགྲོ་མགོན་སངས་རྒྱས་རས་ཆེན་ནས་དཔལ་མཁའ་སྤྱོད་པའི་བར་དུ་སྐལ་ལྡན་རེ་རེ་ཙམ་ལས་མི་སྤེལ་བའི་གསང་ཆོས་སུ་བཞུགས་ལ། དཔལ་མཁའ་སྤྱོད་ཞབས་ཀྱིས་བླ་མ་དང་མཁའ་འགྲོ་ལས་རྒྱ་ཆེར་སྤེལ་ཞིག་པའི་གནང་བ་ཐོབ་ནས་གདུལ་བྱ་རིམ་འཇུག་དགོས་པ་རྣམས་དཀྲི་བའི་ཕྱིར་རྗེ་དུས་མཁྱེན་གྱི་བཀའ་འབུམ་ན་བཞུགས་པའི་རྣལ་འབྱོར་མའི་ཆོས་སྐོར་རྣམས་ལས་ཝཾ་སྐྱེད་མ་ལ་ཕྱི་སྒྲུབ་ཏུ་མཛད། གཞུང་ཞལ་གདམས་འདི་ཉིད་ནང་སྒྲུབ་ཏུ་མཛད། གསང་སྒྲུབ་ཞལ་གཉིས་མར་མཛད་དེ་སློབ་མ་རྣམས་རིག་སྤྱོད་ནུས་ངེས་སུ་སྨིན་པར་མཛད་དེ་དེ་ཕྱིན་ལྷ་ཁྲིད་ཀྱི་མཚན་དུ་ཉི་ཟླ་ལྟར་གྲགས་ཤིང་། རྗེ་དེ་བཞིན་གཤེགས་པ་དང་ཆོས་ཀྱི་མིང་ཅན་དང་ལྷ་གཟིགས་པས་ཟིན་བྲིས་སུ་མཛད་པ་སྟེ། ཟིན་བྲིས་གསུམ་གཙོ་བོར་གྲགས་ཅིང་གཞན་ཡང་ཟིན་བྲིས་དུ་མ་བྱུང་བར་སྣང་ངོ་། །དེ་ཡང་གང་བསྒྲུབ་ན་སངས་རྒྱས་ཐམས་ཅད་སྐྱེད་པ་དང་གསོ་བ་དང་བཞེད་དོན་སྒྲུབ་པ་དང་བསྟེན་པའི་ཡུམ་རྡོ་རྗེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཕྱག་རྒྱ་ཆེན་མོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡོངས་སུ་རྫོགས་པ་རྡོ་རྗེ་བཙུན་མོ་དང་སྣ་ཚོགས་ཡུམ་དང་རྡོ་རྗེ་ཕག་མོ་ལ་སོགས་པའི་མཚན་མཐའ་ཡས་པས་བོད་པ་དེ་བསྒྲུབ་པར་བྱའོ། །དེ་ལ་དབྱེ་ན་རྗེ་དོན་ལྡན་ཞབས་ཀྱིས། བརྡ་དོན་རྟགས་ཀྱི་ཕག་མོ་ཞེས་གསུངས་པ་ལྟར་གསུམ་ལས་དོན་གྱི་རྡོ་རྗེ་རྣལ་འབྱོར་མ་ནི་ཆོས་ཉིད་ཀྱི་སྐུ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དངོས་ཏེ་སྐྱེ་མེད་རླུང་སེམས་གཉིས་མེད་ཀྱིས་བསྒྲུབ་ལ། བརྡའི་རྡོ་རྗེ་རྣལ་འབྱོར་མ་ནི། །ལུས་ལ་ཡེ་ཤེས་ཆེན་པོར་གནས། །ཅེས་སམ། ལྟེ་བའི་དབུས་གནས་འབྱུང་བཞི་འཕྲོ། ཞེས་པ་ལྟར་རྡོ་རྗེའི་ལུས་ལ་དམ་ཚིག་པའི་ངོ་བོར་གནས་པའི་ཙཎྜ་ལཱི་སྟེ་གཙོ་བོར་བདེ་ཆེན་རླུང་སེམས་གཉིས་མེད་ཀྱིས་བསྒྲུབ་པ། །རྟགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་ནི་བརྡ་དོན་
༡༢༩ གྱི་རྡོ་རྗེ་རྣལ་འབྱོར་མ་དབྱེར་མེད་པ་ཆོས་སྐུ་རྟགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་དང་། དེ་ཉིད་དཀྱིལ་འཁོར་གྱི་གཙོ་བོའ་ཡུམ་དུ་སྣང་བ་དང་། ལོངས་སྐུ་རྟགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་ནི་ཡུལ་ཉེར་བཞིའམ་ཞེ་བརྒྱད་ལ་སོགས་པར་རྒྱུ་བ་གཙོ་མོ་རབ་གཏུམ་མ་ལ་སོགས་པའི་ཚུལ་དུ་བཞུགས་པའོ། །སྤྲུལ་སྐུ་རྟགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་ནི་ས་འོག་ས་སྟེང་ས་བླ་ཁྱབ་པར་རིགས་སོ་བདུན་སོགས་ཀྱི་སྐུའི་འགྱུར་བ་མཐའ་ཡས་པས་རོལ་པའི་གཙོ་མོ་རིགས་ལྡན་མའི་ཚུལ་དུ་བཞུགས་པ་སྟེ། འདི་རྣམས་ནི་གཙོ་བོར་བསྐྱེད་རིམ་གྱིས་སྒྲུབ་ཅིང་ཤུགས་ཀྱིས་བསྐྱེད་རྫོགས་རེ་རེས་ཀྱང་ཐམས་ཅད་དབྱེར་མེད་དུ་བསྒྲུབ་བོ། །སྒྲུབ་པ་དངོས་ལ་གདུལ་བྱ་རིམ་འཇུག་གི་དབང་དུ་བྱས་ནས་གསུམ་སྟེ། ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ་བོ། །དང་པོ་ནི། དབང་དང་བྱིན་རླབས་ཐོབ་པའི་རྣལ་འབྱོར་པས། སྟན་བདེ་བ་ལ་འདུག་སྟེ། སྐྱབས་སེམས་དང་ཚད་མེད་པ་བཞི་དང་ཡིག་བརྒྱའི་བསྒོམ་བཟླས་ཀྱིས་རྒྱུད་དག་པར་བྱས་ནས། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་བླ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས་པ་ལ་ཕྱག་དང་མཆོད་པ་སོགས་ཡན་ལག་བདུན་པ་བྱས་ལ་ཚོགས་གསག་ཚོགས་ཞིང་གཤེགས་པའམ་རང་ལ་བསྡུས་ཏེ་སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པདྨ་རོ་གདན་ཉི་མའི་སྟེང་དུ་སེམས་ཉིད་ཝཾ་དམར་པོ། དེ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གཅེར་བུ་རུས་རྒྱན་ཅན་གྲི་ཐོད་དང་ཁ་ཊྭཱཾ་ག་འཛིན་པ་གར་སྟབས་ཀྱིས་བཞེངས་པ། ཐོད་སྐམ་གྱི་དབུ་རྒྱན་དང་། ཐོད་རློན་གྱི་དོ་ཤལ་ཅན་ཁྲོ་མོ་སྤྱན་གསུམ་པ་དབུ་སྐྲ་གྱེན་དུ་བརྫེས་ཅིང་མེ་ཕུང་གི་ནང་ན་བཞུགས་པར་བསམ། དེའི་ཐུགས་ཀར་པད་ཉི་ལ་ཝཾ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་བསམ། དེའི་འོད་ཀྱིས་ཡེ་
༡༣༠ ཤེས་པ་སྤྱན་དྲངས་ཏེ་རང་ལ་བསྟིམ། ཡང་འོད་ཀྱིས་དབང་ལྷ་སྤྱན་དྲངས། དབང་བསྐུར་བས་བདུད་རྩིས་སྐུ་གང་། ཆུ་རྒྱུན་སྤྱི་བོར་འཁྱིལ་བས་རྣམ་སྣང་གིས་དབུ་བརྒྱན་པར་བསམ་མོ། །འདི་ལ་ཡེ་ཤེས་པ་དང་དབང་ལྷ་ལྷན་ཅིག་པ་ནང་སྒྲུབ་ལྟར་བྱས་ཀྱང་རུང་ངོ་། །དེ་ནས་ལྷ་སྐུ་གསལ་ལ་རྟོག་པ་མེད་པ་ཅི་ནུས་སུ་བསྒོམ། སྐྱོན་ས་བོན་ལས་འོད་ཟེར་དམར་པོ་འཕྲོས་ལུས་གང་། ནད་གདོན་སྡིག་སྒྲིབ་དག །འོད་ཕྱིར་འཕྲོས་སྣོད་ཆོས་འབྱུང་གི་གཞལ་ཡས་ཁང་དང་བཅུད་ཡི་དམ་གྱི་སྐུར་གྱུར། སངས་རྒྱས་ཐམས་ཅད་ཡི་དམ་གྱི་རྣམ་པར་སྤྱན་དྲངས། ས་བོན་ལ་བསྟིམ་ཞིང་། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་བཛྲ་ཝརྞྞ་ནཱི་ཡཻ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ༀ་གསུམ་མ་དང་ཧ་རི་ནི་ས་སྤངས་པའི་སྙིང་པོ་ཅི་ནུས་བཟླའོ། །མཐར་ས་བོན་ལས་འཕྲོས་པའི་ལྷ་མོས་མཆོད་པར་བསམ་སྟེ་མཆོད་བསྟོད་མདོར་བསྡུས་བྱ། གཏོར་མགྲོན་སྤྱན་དྲངས་ཏེ་གཏོར་ཆོག་ལྟར་གཏོར་མ་འབུལ། བཟོད་གསོལ་བྱས་ནས་སྣོད་བཅུད་བདག་ཉིད་དང་། དེ་ས་བོན། དེ་ནཱ་ད་དང་། དེ་ཡང་མི་དམིགས་པར་བཞག །དེ་ནས་སྒྱུ་མའི་སྐུར་ལངས་ཏེ་རྗེས་ཐོབ་ལྷའི་ང་རྒྱལ་གྱིས་བྱའོ། །དེ་ལྟར་ཐུན་བཞི་སོགས་སུ་བཅད་དེ་འབུམ་ཕྲག་བཞིར་བཟླ་བ་ནི་ཕྱི་སྒྲུབ་སྟེ་བསྙེན་པའི་དོད་ཝཾ་བསྐྱེད་མའི་ཉམས་ལེན་ཡིན་ནོ། །གཉིས་པ་སྒྲུབ་ཐབས་དངོས་ནི་སྐབས་འདིར་ནང་སྒྲུབ་ཅེས་བྱ་ལ། དེ་ཡང་དཔལ་ནཱ་རོའ་གཞུང་ལས། མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །གསོལ་བ་གང་བཏབ་འཐོབ་འགྱུར་བ། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །ཞེས་པས་དགོས་པ་ཕན་ཡོན་དང་བཅས་པའི་རྩོམ་པར་དམ་བཅའ་བ་བསྟན་ཏོ། །འདི་ཉམས་སུ་བླང་བ་ལ་བཞི། ཇི་ལྟར་སྒྲུབ་པའི་ཚུལ། གྲུབ་ནས་སྤྱོད་པ་བྱ་ཚུལ། བསྲུང་བྱའི་དམ་ཚིག །འཐོབ་བྱའི་འབྲས་བུའོ། །དང་པོ་ལ་
༡༣༡ གསུམ། བསྐྱེད་རིམ་གྱིས་སྒྲུབ་པ། རྫོགས་རིམ་གྱིས་སྒྲུབ་པ། ཡན་ལག་གི་དོན་ཏོ། །དང་པོ་བསྐྱེད་རིམ་ལ་བཞི། གང་དུ་སྒྲུབ་པའི་གནས། ནམ་སྒྲུབ་པའི་དུས། སྒྲུབ་པའི་བཀོད་པ་བཤམས། སྒྲུབ་པ་དངོས་སོ། །དང་པོ་ནི། རི་བོའ་རྩེ་དང་དུར་ཁྲོད་དང་། །ཤིང་གཅིག་དྲུང་དང་ཕུག་སྟོང་དང་། །བས་མཐའ་དབེན་པའི་གནས་དག་ཏུ། །ཞེས་པས་གནས་དེ་དག་དང་། རྗེ་མར་པའི་ཞལ་གདམས་ལས། བྲག་དམར་པོ་ཁ་ནུབ་ཏུ་ལྟ་བ་བྱ་ཐལ་གྱིས་མ་གོས་པ་གྲུབ་ཐོབ་གོང་མས་ཞབས་ཀྱི་བཅག་པའི་གནས་ཅེས་གསུངས་པས་ཁྱད་པར་གྱི་གནས་དེ་ལྟ་བུར་སྒྲུབ་སྟེ་འདིས་ནི་ས་བརྟག་པའི་དོན་ཡང་ཚང་ངོ་། །གཉིས་པ་ནི། ཡར་གྱི་ངོ་ཡི་ཚེས་བཅུ་ལ། །ཞེས་པས་དགུ་ཡན་ལ་བཅའ་ག་ཚོགས་པར་བྱས་ཏེ་བཅུ་ནས་སྒྲུབ། གསུམ་པ་ནི། བསང་ཆུའི་དོན་དུ་ཐོག་མར་ལག་མཆོད་བྱ་སྟེ། སྐྱེས་པའི་ཐོད་པ་ཆ་གཅིག་པའམ་ཆ་གསུམ་པར་འབྲས་སོགས་འབྲུ་དང་། རྒུན་འབྲུ་སོགས་ཤིང་ཐོག་དང་། བུ་རམ་སོགས་ཤིང་དང་། སྦྲང་རྩི་སོགས་མེ་ཏོག་ལས་བྱུང་བའི་མྱོས་བྱེད་དེ་ཆང་སྣ་བཞི་གང་རུང་ལ་བདུད་རྩི་རིལ་བུ་སྦྱར་བ་བཞག །རང་ཉིད་ལྷར་གསལ་བའི་སྲིན་ལག་གཡོན་གྱིས་བདུད་རྩི་བླངས་ཏེ་བི་གྷྞཱཾ་བཟླ་བཞིན་འཐོར་བས་བགེགས་བསང་། ལག་པ་སོ་སོའ་སོར་མ་ལྔ་མཐེ་བོང་ས་ནས་མཐེའུ་ཆུང་ནམ་མཁའི་བར་འབྱུང་བ་ལྔར་ལྷུན་གྲུབ་ཏུ་གནས་པའི་གཡོན་གྱི་ཐེབ་སྲིན་ས་རླུང་ཐབས་ཤེས་སུ་སྦྱར་བ་ཆོས་འབྱུང་ལྷུན་གྲུབ་ཏུ་འབྱུང་བ་སྟེང་དུ་བལྟ་བས་བཅས་ཏེ་འོག་ཏུ་སྦུབ་ནས་སྭ་བྷཱ་ཝ་བརྗོད་བཞིན་པས་ཆང་གི་ནང་དུ་མདུན་ནས་གཡོན་ངོས་སུ་ཟླུམ་པོར་བསྐོར་བས་བདུད་རྩིའི་རྒྱ་མཚོ་དཀར་མེར་བསམ་པ་ནི་བདེ་བའི་བརྡའོ། །དེ་ནས་མདུན་ནས་གཡོན་སྐོར་དུ་ཆོས་འབྱུང་གྲུ་གསུམ་པ་བྲི་བཞིན་པས་ༀ་ཨཱཿཧཱུྃ་བརྗོད་པ་ནི་བདེ་བ་སྟོང་པར་རྟོགས་པའི་བརྡའོ། །དེའི་དབུས་སུ་ཧྲཱིཿཧ་རི་
༡༣༢ ནི་ས་ཞེས་ཐིག་ལེ་ལྔ་བྱས་པ་ནི་སྟོང་པ་རང་རིག་འོད་གསལ་དུ་རྟོགས་པའི་བརྡ་སྟེ་གསུམ་མོ། །དེ་ནས་ཆང་ནང་དུ་ལྷ་ལྔ་བརྟེན་པ་བསྐྱེད་པ་ནི་ཆང་གི་དཀྱིལ་འཁོར་རོ། །དེ་བཞིན་དུ་ལག་པ་ཕན་ཚུན་བསང་སྟེ་གཡས་ཀྱི་མཐེབ་སྲིན་སྦྱར་པས་བདུད་རྩི་བླངས་ཏེ་ལག་མཐིས་གཡོན་པར་བརྡ་གསུམ་གྱི་དཀྱིལ་འཁོར་བྲིས་ཏེ་བསྐྱེད་པ་ནི་ལག་པའི་དཀྱིལ་འཁོར་རོ། །དེ་གཉིས་ལ་ཐུན་མོང་དུ་མཆོད་ཡོན་དང་ཉེར་སྤྱོད་ལྔ་རོལ་མོར་བཅས་པས་མཆོད་པ་ཕྱི་མཆོད། ཤ་ལྔ་བདུད་བདུད་རྩི་ལྔས་མཆོད་པ་ནང་། བདེ་སྟོང་གིས་མཆོད་པ་གསང་བ་སྟེ་མཆོད་པ་གསུམ་བྱ། བསྟོད་ནས་གཡས་འབར་བའི་ཕྱག་རྒྱ་ཕྱེད་པ་དཔྲལ་བར་བཞག་སྟེ་རང་བཞིན་གྱིས་གྲུབ་པའི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་མོས་ཏེ་ཕེཾ་ཡིག་བརྗོད། མཆོད་པ་གསུམ་གྱིས་མཆོད། ཡབ་ཡུམ་གྱི་རྐང་བརྒྱད་བོད་སྐད་མས་བསྟོད། འདི་ལ་རྒྱས་པར་ན་ཡབ་ཀྱི་དཀྱིལ་འཁོར་བསྐྱེད། མངོན་བྱང་ལྔ་ལས་གཙོ་བོ་ཡབ་ཡུམ་དང་ས་བོན་ལས་འཁོར་བསྐྱེད་དེ་ལྷ་ལྔའམ་བཅུ་གསུམ་མམ་དྲུག་ཅུ་རྩ་གཉིས་པ་ལྟ་བུ་གང་མོས་བསྐྱེད། གོ་ཆ་བཀོད། ཡེ་ཤེས་པ་གཞུག །དབང་བསྐུར་རིགས་བདག་གི་རྒྱས་གདབ། མཆོད་བསྟོད་བཟླས་པ་བྱེད་དེ་མདོར་ན་རྒྱས་བསྡུས་གང་ཡིན་ཡང་འདི་ནི་ནམ་མཁའི་དཀྱིལ་འཁོར་ཏེ་དཀྱིལ་འཁོར་གསུམ་ཞེས་བྱ་སྟེ་བརྡ་གསུམ་དཀྱིལ་འཁོར་གསུམ་མཆོད་པ་གསུམ་སྟེ་ལག་མཆོད་ཀྱི་དོན་དགུར་ཡི་གེ་རྙིང་པ་རྣམས་ལས་བཤད་དོ། །དེ་ནས་ནམ་མཁའི་དཀྱིལ་འཁོར་ལག་པའི་དཀྱིལ་འཁོར་ལ་བསྟིམ་པས་ཡབ་ཡུམ་རྟེན་བརྟེན་པར་བཅས་པ་དབྱེར་མེད་དུ་ཞུ། དེ་ཆང་ལ་བླུགས་པས་ཆང་གི་དཀྱིལ་འཁོར་ཡང་ཞུ་སྟེ་དབྱེར་མེད་པའི་ཡེ་ཤེས་ཀྱི་རང་བཞིན་སྐུའི་བདུད་རྩིའི་ཟླ་བ་ལྟར་དཀར། གསུང་གི་བདུད་རྩི་ཉི་ལྟར་དམར། ཐུགས་ཀྱི་བདུད་རྩི་་
༡༣༣ མདོག་ལྟར་སྔོ་བར་མོས་ཏེ་རིམ་པས་ༀ་ཨཱཿཧཱུྃ་བརྗོད་བཞིན་པ་ཆོས་འབྱུང་སྐྱེ་གནས་ཀྱི་རྒྱ་གཡོན་དུ་ལན་གསུམ་བསྐོར། ཁ་དོག་དྲི་རོ་ནུས་པ་སྦྱོང་བའི་ཕྱིར་སྡོམ་འབྱུང་ལས་བཤད་པའི་ཧ་ཧོཿཧྲཱིཿཡང་བརྗོད་ན་རུང་ངོ་། །ལག་མཆོད་ཀྱི་བྱ་བ་འདི་ནི་སྡོམ་འབྱུང་ལས། །ཞི་བའི་བཏུང་བ་ལྷ་མོ་སྟེ། །རྡོ་རྗེ་རྣམ་སྣང་མཛད་གཟུགས་གནས། །རྣམ་སྣང་མཛད་མའི་སྐུ་དབུས་སུ། །ཧེ་རུ་ཀ་ནི་ཞུ་བར་གྱུར། །ཞེས་གསུངས་པའི་མན་ངག་སྟེ་ལག་མཆོད་གཞན་ལས་ཁྱད་པར་དུ་འཕགས་ལ། འདིས་བགེགས་བསང་བ་དང་རྫས་སྦྱང་བ་ཐམས་ཅད་བྱེད་དེ། སྡོམ་འབྱུང་ལས། བདུད་རྩི་དྲག་པོའ་གཟུགས་ཅན་མ། །འཕྲོག་དང་བྱ་བ་ལོངས་སྤྱོད་ལ། །དེ་ཕྱིར་སྙིང་པོ་བདུད་རྩི་ཡིན། །ཞེས་སོ། །ཕན་ཡོན་ནི། རྣལ་འབྱོར་མ་ཀུན་སྤྱོད་ལས། ལག་པའི་མཆོད་པས་རྣལ་འབྱོར་པ། །དབུལ་བའི་འདོད་དོན་འགྲུབ་པར་འགྱུར། །སེམས་ནི་གཞན་དུ་གྱུར་པ་དང་། །བཟའ་བཏུང་གོས་སོགས་འཐོབ་པར་འགྱུར། །ལྷ་ཡི་མཆོད་པ་བྱས་ན་ནི། །དེ་ལ་བསམ་པ་རྣམ་འགྲུབ་འགྱུར། །ཞེས་བཤད་དོ། །དེ་ནས་ས་བསླང་བའི་དོན་དུ་གཏོར་མ་ཉེར་སྤྱོད་དང་བཅས་པ་བཤམ། ལག་མཆོད་དང་བི་གྷྞཱཾ་གྱིས་བསང་སྦྱངས་ཏེ་གཏོར་ཆོག་ལྟར་བྱིན་གྱིས་བརླབ། ཕག་མོ་མངོན་པར་འབྱུང་བའི་རྒྱུད་སོགས་མ་རྒྱུད་མང་པོར། མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོ་རྡོ་རྗེ་བརྟན་པོར་སྦྱར་བྱས་ཏེ། །དེ་ནི་དཔྲལ་བའི་དབུས་སུ་རབ་སྦྱར་ནས། །བསྐོར་ཞིང་བསྐོར་ཞིང་ཀུན་ཏུ་བསྐོར་བར་བྱ། །རྐང་པ་མནན་ཞིང་གྱེན་དུ་བལྟ། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་པས། །ཕྱོགས་བཅུའི་འཇིག་རྟེན་ཁམས་གནས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །ཅེས་པ་ལྟར་ཙོག་པུ་རྐང་པ་གཡས་ཀྱི་བྲང་བས་གཡོན་གྱི་བོ་ལ་གོང་མནན། ལག་པ་གཉིས་མཛུབ་མོ་ལྕགས་སྒྲོག་ལྟར་
༡༣༤ མདུད་ཅིང་མཐེ་བོང་གཉིས་དང་གུང་མོ་གཉིས་སོ་སོར་རྩེ་སྤྲད། ལྷག་མ་མེ་རི་ལྟར་བརྒྱངས་པ་འབར་བའི་ཕྱག་རྒྱའམ་དྲ་བའི་ཕྱག་རྒྱ་སྨིན་མཚམས་སུ་གཡོན་དུ་བསྐོར་ཞིང་མིག་གྱེན་དུ་བལྟ་བས་ཕེཾ་ཡིག་གསུམ་མམ་བདུན་བརྗོད་པས་འདས་མ་འདས་ཀྱི་གཏོར་མགྲོན་ཐམས་ཅད་རྣལ་འབྱོར་མའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་པར་མོས་ཏེ་བཛྲ་ཨ་ར་ལི་སོགས་ཀྱི་སྔགས་བརྗོད། མཆོད་ནས་གཏོར་སྔགས་ཀྱིས་དབུལ་གཏོར་མ་གཙང་སར་དོར་ཏེ་གཞི་བདག་ལ་བརྡ་བཀྲོལ་ཞིང་དཀར་ཕྱོགས་ལ་གྲོགས་གཞོལ་བར་བྱའོ། །དེ་ནས་ས་སྲུང་བ་དང་བགེགས་སྦྱང་བའི་ཕྱིར་རང་ཉིད་ཀྱི་སྐུ་ལས་ཁྲོ་མོའ་ཚོགས་དཔག་མེད་སྤྲོས་ཏེ་ནག་པོའ་ཕྱོགས་རྣམས་ལ་བཀའ་བསྒོས་ཏེ་བསྐྲད། མི་འགྲོ་བ་རྣམས་མེ་འོད་ཀྱིས་བསྲེགས་ཏེ་སླར་ཐུགས་ཀ་ནས་རྡོ་རྗེའི་ཚོགས་དཔག་མེད་སྤྲོས་པ་འོག་ཏུ་སྤྲིན་འཁྲིགས་པས་རྡོ་རྗེའི་ས་གཞི། དེ་བཞིན་དུ་ར་བ་དྲྭ་བ་གུར་བླ་རེས་ཕྱི་མེ་ཕུང་དང་བཅས་པའི་སྲུང་འཁོར་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་རྣམ་པ་སྲ་ཞིང་བརྟན་པ་བསམ་སྟེ་ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབ། དེ་ནས་ལྟེ་བའི་ཧྲཱིཿལས་སེང་གདོང་མ་དཀར་མོ་གྲི་ཐོད་འཛིན་པ་དཔག་མེད་སྟེང་ཕྱོགས་སུ་སྤྲོ་ཞིང་མཐེབ་སྲིན་གྱིས་བདུད་རྩི་འཐོར་བཞིན་པས་ༀ་སིངྒ་མུ་ཁ་ཧཱུྃ་ཧཱུྃ་ཕཊ་ཅེས་བརྗོད། དེ་བཞིན་དུ་ཁྭ་གདོང་མ་ནག་མོ་ཤར་དུ་ༀ་ཀཱ་ཀ་སྱཻ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། འུག་གདོང་མ་ལྗང་གུ་བྱང་དུ་ༀ་ཨཱུ་ལུ་ཀ་སྱེ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཁྱི་གདོང་མ་དམར་མོ་ནུབ་ཏུ་ༀ་ཤྭ་ན་ཀ་སྱཻ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཕག་གདོང་མ་སེར་མོ་ལྷོར། ༀ་སཱུ་ར་ཀ་སྱཻ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། སྟག་གདོང་མ་ནག་མོ་འོག་ཏུ་ༀ་བྱཱ་གྷྲྀ་སྱཻ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། གཤིན་རྗེ་བརྟན་མ་དང་ཕོ་ཉ་མ་དང་མཆེ་བ་མ་དང་འཇོམས་མ་རྣམས་ཕྱེད་གཟུགས་ཅན་དཔག་མེད་མེ་ནས་གཡས་སྐོར་དུ་མཚམས་སོ་སོར་སྤྲོ་ཞིང་བཻ་རོ་ཙ་ནཱའམ་ཡང་ན་ༀ་ཡ་མ་དྲྀ་ཌྷ་ཧཱུྃ་ཧཱུྃ་ཕཊ། ཡ་མ་དཱུ་
༡༣༥ ཏྭི། ཡ་མ་དཾཥྚི་ནཱི། ཡ་མ་མ་ཐ་ནཱི། ཞེས་བརྗོད། ཡང་ན་སྒོ་མཚམས་ཐམས་ཅད་བཻ་རོ་ཙ་ནཱི་ཁོངས་སྤྲོས་ཀྱང་རུང་ངོ་། །ལྷ་མོ་དེ་རེ་རེ་ཡང་དཔག་ཏུ་མེད་པས་སྲུང་འཁོར་གྱི་ཕྱི་ནང་གོ་མཚམས་མེད་པར་ཁྱབ་པ་ལ། འདི་ལྟར་ལྷ་མོ་ཡ་མཚན་ཅན། སོགས་ཀྱིས་བཀའ་བསྒོ། ཐམས་ཅད་ཀྱང་ཉི་ཟེར་གྱི་རྡུལ་ལྟར་འཁྲུགས་པས་སྲུང་ཟློག་གི་ལས་མཛད་བགེགས་ཐམས་ཅད་ཕུར་བུས་བཏབ་པར་བསམ་ཞིང་བྷཱ་ཏ་ཡའི་སྔགས་བརྗོད་དོ། །སྲུང་འཁོར་རྒྱས་པར་སྤྲོ་ན་ལྟེ་བའི་ས་བོན་ལས་སྤྲོས་པའི་ཧྲཱིཿལས་གྲི་གུག་གིར་གུར་བླ་རེ། ཧ་ལས་རྡོ་རྗེ། རི་ལས་རིན་ཆེན། ནི་ལས་པདྨ། ས་ལས་རལ་གྲི་སྟེ་ཕྱག་མཚན་ལྔ་དང་། ལམ་ལས་སའི་རང་བཞིན་འཁོར་ལོ་སེར་པོ། ཝཾ་ལས་ཆུ། རྃ་ལས་མེ། ཡྃ་ལས་རླུང་གི་རང་བཞིན་མཚོན་ཆ་སྣ་ཚོགས་པའི་ས་གཞིར་གུར་བླ་རེ་སོགས་བསམ་ཞིང་སྔར་ལྟར་སྒོ་མཚམས་མ་སྤྲོ་སྟེ་སྲུང་འཁོར་དགུ་རིམ་ཞེས་བྱའོ། །དེ་ནས་ས་བྱིན་གྱིས་བརླབ་པའི་ཕྱིར། མཛེས་པའི་མཎྜལ་ཆག་ཆག་གདབ། དྲི་དང་ཆང་གིས་བྱུག་པར་བྱ། ཞེས་པས་མི་རྟ་ཁྱི་གསུམ་གྱི་ཁྲག་དང་དྲི་བཟང་པོ་དང་རང་བྱུང་གི་མཚལ་དང་ལག་མཆོད་ཀྱི་རྫས་བསྲེས་པས་ས་ཕྱོགས་ཐམས་ཅད་ལ་ཆག་ཆག་བྱ་ཞིང་ཡེ་ཤེས་ཀྱི་རང་བཞིན་དུ་བསམ། དབུས་སུ་སྟེགས་བུ་མཎྜལ་དབུས་མཐོ་ཞིང་ཤར་དང་བྱང་དུ་གཞོལ་བ་འཇམ་ཞིང་བརྟན་པ་ཇི་ལྟར་འཚམ་པ་བྱས་ཏེ་བ་བྱུང་ལྔ་དང་རྫས་དེ་དག་གིས་ཀོ་བ་ཙམ་དུ་བྱུག །དཀྱིལ་འཁོར་བྲི་ཚུལ་ནི། ཆོས་འབྱུང་པདྨར་ལྡན་པ་བྲི། །རང་རང་ཕྱག་མཚན་སྟེང་དུ་དགོད། །མེ་ཏོག་དམར་པོའ་ཚོམ་བུའང་དགྲམ། །ཞེས་པས་རྡུལ་ཚོན་དང་། མཚན་དང་ལྡན་པའི་ཀ་པཱ་ལ། །བཏུང་བ་བཟང་པོས་ལེགས་པར་བཀང་། །བདུད་རྩི་ལྔ་དང་རྩ་བརྒྱད་སྟོང་། །རིན་ཆེན་འབྲུ་དང་སྙིང་པོ་ལྔ། །གང་
༡༣༦ འདོད་རྫས་རྣམས་གཞུག་པར་བྱ། །ཞེས་པས་ཐོད་པའི་དཀྱིལ་འཁོར་དང་། །མ་ཉམས་མེ་ལོང་གཙང་མ་ལ། །ཤེས་རབ་མཚལ་དང་ཞེས་པས་མཁའ་འགྲོ་དབང་སྡུད་ཀྱི་དཀྱིལ་འཁོར། སིནྡྷུ་རས། ཆོས་འབྱུང་གྲུ་གསུམ་བསྣོལ་མར་བྲི། །ཞེས་པ་དང་། ལེབ་རྒན་དམར་པོའ་སྟེང་དུ་བཞག །ཞེས་པས་སིནྡྷུ་རའི་དཀྱིལ་འཁོར་གསུངས་ཏེ། དང་པོར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ལྷ་སྟ་གོན་གྱི་དོད་དུ་ནམ་མཁའི་དཀྱིལ་འཁོར་བྲི་བ་ནི། སྟེགས་བུའི་སྟེང་གི་ནམ་མཁའ་བསངས་ཏེ་གཡོན་གྱི་མཐེབ་སྲིན་གྱིས་བདུད་རྩི་བླངས་པས་རང་གི་སྨིན་མཚམས་ནས་རྣ་བ་གཡས་པའི་ཕྱོགས་སུ་བསྐོར་བས་སྦ་བྷཱ་ཝ་བརྗོད་བཞིན་དུ་ཟླུམ་བསྐོར་བྱ། ཡི་གེ་གསུམ་བརྗོད་བཞིན་པས་རྣ་བ་གཡོན་ནས་གཡས་ཀྱི་བར་དང་དེ་ནས་ནུབ་དང་སླར་རྣ་བ་གཡོན་དུ་འཐེན་ཏེ་གདན་ཐབས་ཀྱི་ཆོས་འབྱུང་བསམ། སྨིན་མཚམས་ནས་རླུང་དང་དེ་ནས་བདེན་བྲལ་དེ་ཤར་སྨིན་མཚམས་སུ་ཐེན་ཏེ་ཁང་ཐབས་ཀྱི་ཆོས་འབྱུང་བྲི། སྙིང་པོ་བརྗོད་བཞིན་པས་དབུས་སུ་ཐིག་ལེ་དམར་པོ་བྱ། ༀ་བཛྲ་ཌཱ་ཀི་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱས་ཤར་དུ་ཐིག་ལེ་སྔོན་པོ། དེ་བཞིན་དུ་རཏྣ་ཌཱ་ཀི། པདྨ་ཌཱ་ཀི། ཀརྨ་ཌཱ་ཀི་ཞེས་ཕྱོགས་སོ་སོར་རང་མདོག་གི་ཐིག་ལེ་བྱ། དེ་རྣམས་ཀྱི་འཕྲོ་འདུས་དོན་གཉིས་བྱས་ཏེ་སླར་བདུད་རྩིའི་ཐིགས་པ་སོ་སོར་རེག་བཞིན་པས་ཧྲཱིཿཧ་རི་ནི་ས་བརྗོད་སྟེ་ཡི་གེ་ལྔ་གྱུར་པར་བསམ། དེ་ལས་ལྷ་ལྔར་བསྐྱེད། ས་བོན་བཀོད་དེ་མདུན་བསྐྱེད་ལྟར་སྤྱན་འདྲེན་མཆོད་བསྟོད་དབང་བསྐུར་ཡེ་ཤེས་པ་བསྟིམ་པ་དང་བཟླས་པ་ཅུང་ཟད་བྱས་ཏེ་མཆོད་ཅིང་བསྟོད་ནས་དཀྱིལ་འཁོར་ཕྱི་མའི་གནང་བ་སྩོལ་བར་གསོལ་བ་གདབ། ཕྱོགས་འདིར་དཀྱིལ་འཁོར་བྲིས་ལ་རང་གཞིན་གྱི་དོན་གྱིས་ཤིག་པར་གནང་བ་བྱིན་པར་བསམ། དེ་ནས་སྲད་བུ་ཆལ་དུ་བཅལ་བས་ས་གཞི་ལ་ཐིག་བྱ་སྟེ། ཚངས་ཟུར་བཞི་བོ་ལེགས་
༡༣༧ པར་བཏབ། ཇི་ཙམ་འཚམ་པར་ཟླུམ་པོར་བསྐོར། །དབུས་ནས་ཟླུམ་པོའ་བར་ཚད་དེ། །ཤར་གྱི་ཟླུམ་མཚམས་ཕྲད་པར་བཟུང་། །ལྷོ་བྱང་གཉིས་སུ་མཚན་མ་བྱ། །དེ་སྟེང་གདན་ཐབས་ཆོས་འབྱུང་གདབ། །ནུབ་ཀྱི་ཟླུམ་ཚངས་ཕྲད་པ་ནས། །སྔར་ལྟར་གཞལ་སྟེ་ཁང་ཐབས་གདབ། །ཆ་ཕྲན་ཕྲ་མོ་རེ་རེའི་ཚད། །གཉིས་ཀའི་ནང་ནས་སླར་ཡང་གདབ། །དབུས་ནས་ངོས་ཆེན་ལ་རེག་པར། །ཟླུམ་སྐོར་སླར་ཡང་དེ་ཡི་ནང་། །སུམ་ཆ་ཕྱེད་གཉིས་དོར་བར་བསྐོར། །སླར་ཡང་ཟླུམ་སྐོར་གཉིས་ཀའི་ནང་། །ཆ་ཤས་ཕྲ་བ་རེ་རེ་བསྐོར། །ནང་ནས་རིམ་བཞིན་ཟེའུ་འབྲུ་དང་། །གེ་སར་འདབ་མ་མུ་ཁྱུད་ཡིན། །ཕོ་བྲང་ཁྱམས་ཀྱི་ཟླུམ་པོའ་ཕྱིར། །ཆ་བྲན་གཉིས་དང་གཅིག་དང་བཞིས། །ནང་ནས་རིམ་བཞིན་བསྐོར་བ་ཡིས། །ཐོད་ཕྲེང་རྡོ་ར་མེ་རིའོ། །ཞེས་པ་ལྟར་བཏབ་སྟེ་ཚོན་ཁ་དོག་སྣ་ལྔ་ཡེ་ཤེས་ལྔ་དང་མཁའ་འགྲོ་ལྔར་མོས་པས་སྙིང་པོ་བརྗོད་བཞིན་པས་ཐོག་མར་ཁང་ཐབས་ཀྱི་ཆོས་འབྱུང་གི་རེ་ཁཱ་གཡོན་སྐོར་དུ་བྲི་ཞིང་དེ་ནས་གཞན་རྣམས་ཀྱང་རིམ་པས་བྲི་ཞིང་དགྲམ་མོ། ཁ་དོག་ཡང་ཆོས་འབྱུང་གི་རེ་ཁཱ་དཀར་ནང་དམར་པདྨའི་ལྟེ་བ་དམར་གེ་སར་དམར་སེར་འདབ་བཞི་ཕྱོགས་མདོག་གོང་རས་མཛེས་ཚོན་མུ་ཁྱུད་དང་ཁྱམས་ལྗང་གུ་ཕྱི་རོལ་གཞི་ནག་པོ་ལ་ཐོད་ཕྲེང་གཡོན་དུ་ལྟ་བ་དཀར་པོ། རྡོ་རྗེ་སེར་པོ་བཞི་ཕྱོགས་ཚོན་མེ་རི་མདོག་སྣ་ཚོགས་གཡོན་དུ་འཁྱིལ་པ་ཟུར་བཞིར་རྡོ་རྗེ་ཕྱེད་པ་བཞི་སེར་པོ། པདྨའི་ལྟེ་བར་ཉི་མ་ལ་གྲི་གུག་སོ་སྔོན་པོ་ཡུ་བ་རྡོ་རྗེ་ཕྱེད་པ་སེར་པོ། འདབ་མ་བཞི་ལ་ཤར་དུ་རྡོ་རྗེ་སྔོན་པོ། ལྷོར་རིན་པོ་ཆེ་སེར་པོ། ནུབ་ཏུ་པདྨ་དམར་པོ། བྱང་དུ་རལ་གྲི་ལྗང་གུ་སྟེ་ཕྱག་མཚན་ལྔ་བྲི། ཕྱག་མཚན་སོ་སོའ་ལྟེ་བར་མེ་ཏོག་དམར་པོའ་ཚོམ་བུ་དགོད། ཆོས་འབྱུང་གི་ཁུགས་དྲུག་ཏུ་དགའ་འཁྱིལ་དཀར་པོ་གཡོན་དུ་འཁོར་བ་རེ་བྲིའོ། །
༡༣༨ དེ་ནས་དཀྱིལ་འཁོར་དེ་རྟེན་བརྟེན་པ་དང་བཅས་པར་གསལ་བཏབ་སྟེ་ནམ་མཁའི་དཀྱིལ་འཁོར་ཕབ་ནས་དབྱེར་མེད་དུ་བསྟིམ་མོ། །དེ་ནས་གཞུང་དུ་མ་གསུངས་ཀྱང་ཞལ་གདམས་ཀྱི་བཅུ་གཉིས་པར་གསུངས་པ་ལྟར་བུམ་པའི་དཀྱིལ་འཁོར་ནི། བུམ་པ་གཙང་མ་ལ་གུ་གུལ་གྱིས་བདུག་སྟེ། སེ་བའི་མེ་ཏོག་ཨུཏྤལ་སྔོ། །ཀཎྜ་ཀ་རི་ཤུ་དག་དཀར། །ཙེག་མགོ་སྣ་ན་སྨན་ལྔའོ། །ནས་གྲོ་ཏིལ་དཀར་འབྲས་སོ་བ། །མོན་སྲན་བཅས་པ་འབྲུ་ལྔའོ། །གསེར་དངུལ་ཨིནྡྲ་ནཱི་ལ་དང་། །པད་རག་མུ་ཏིག་མཆོག་ལྔ་སྟེ། །ཡང་ན། གསེར་དངུལ་ཟངས་ལྕགས་གཤའ་ཚོ་སྟེ། །ལྕགས་རིགས་ཁོ་ནའི་རིན་ཆེན་ལྔའོ། །ག་བུར་ལི་ཤི་ཛཱ་ཏི་དང་། །གུར་གུམ་ཙནྡན་དྲི་ལྔའོ། །སྦྲང་རྩི་བུ་རམ་ལན་ཚྭ་མར། །ཨ་རུ་ར་སྟེ་སྙིང་པོ་ལྔའོ། །དེ་ལྟར་རྫས་ཉེར་ལྔ་བོ་ཁྲོལ་བུར་བླུག་གོ་།བདུད་རྩི་རིལ་བུ་སྦྱར་ཆུ་གཙང་གིས་བཀང་། །མགུལ་ཆིངས་སྲོག་ལྔ་པས་བཅིང་། །ཤིང་ལོས་ཁ་བརྒྱན་ཏེ་དཀྱིལ་འཁོར་དབུས་སུ་ཁྲིའུའི་སྟེང་དུ་བཞག་གོ་།དེ་ནས་རིམ་བཞིན་ཐོད་པ་མཚན་ལྡན་དང་། དར་དམར་དང་། ལིའི་མེ་ལོང་བུག་པ་མེད་པ་འབྲུག་ལོ་འབྲུག་ཟླ་འབྲུག་ཉི་ལ་འགར་བ་འབྲུག་ལོ་པས་ཉིན་གཅིག་གིས་ཚར་བར་བྱས་ཏེ་བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པས་ཤ་དྲོད་ལ་ཞག་འགའ་བཅངས་པ་ཞིག་འབྱོར་ན་ལེགས། མ་འབྱོར་ན་ཡང་མེ་ལོང་གཙང་མའི་དང་པོར་ནང་དང་དེ་ནས་ཕྱི་རྣམས་སོ་སོར་ལག་མཆོད་ཀྱིས་བགེགས་བསང་། པང་དུ་བཞག་སྟེ་རང་རང་གི་ཚད་ཙམ་དུ་སྟེང་དུ་ནམ་མཁའི་དཀྱིལ་འཁོར་བྲི་ཞིང་བསྐྱེད་དེ་གནང་བ་གསོལ། སིཧླ་དང་གུར་གུམ་དང་བདུད་རྩི་སོགས་སྦྱར་བས་ཐོད་པའི་ནང་། དར་དམར་གྱི་ངོས། མེ་ལོང་གི་ནང་ངོས་རྣམས་ལ་ཟླུམ་སྐོར་ཆོས་འབྱུང་པདྨ་ས་བོན་ལྔ་དགའ་འཁྱིལ་དྲུག་དང་བཅས་པ་དང་། མེ་ལོང་གི་ཕྱི་ངོས་ལ་ལག་མཆོད་ཀྱི་རྫས་བྱུགས། རྒྱ་གར་
༡༣༩ གྱིའམ་མ་འབྱོར་ན་བོད་ཀྱི་ཡང་རུང་སྟེ། སིནྡྷཱུ་ར་བདལ་བའམ་དར་ཆགས་ཀྱིས་བཏབ་སྟེ་ཟླུམ་སྐོར་སོགས་སྔར་འདྲ་བ་ལས་ཧྲཱིཿའི་མཐར་ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས། རི་ནི་ས་ཧ། ནི་རི་ཧ་ས། ས་ནི་རི་ཧ། ཨཱ་ཀརྵ་ཡ་ཛ་ཛཿ ཞེས་གཡོན་སྐོར་དུ་འབྲི། སོ་སོའ་ནམ་མཁའི་དཀྱིལ་འཁོར་བསྟིམ་སྟེ་བུམ་པའི་ཁ་རྒྱན་གྱི་གསེབ་བམ་ཁྲིའུ་ཆེ་བའི་སྟེང་དུ་ཐོད་པ་བདུད་རྩི་རིལ་བུ་དང་བཅས་པའི་མ་ད་ནའམ། སྨན་དུ་བསྒྲུབ་ན་བཤལ་སྨན་དང་དུག་རིགས་མ་གཏོགས་རྩ་བརྒྱད་སྟོང་གི་སྨན་གང་འབྱོར་བླ་མ་གོང་མའི་བྱིན་རླབས་དང་སྦྱར་བའི་ཕྱེ་མའམ་རིལ་བུས་བཀང་སྟེ་བཞག །དར་དམར་གྱིས་དགབ། སྟེང་དུ་མེ་ལོང་བཞག་སྟེ། དེ་ལྟར་རྡུལ་ཚོན། བུམ་པ། ཐོད་པ། དར་དམར། མཁའ་འགྲོ་དབང་སྡུད། སིནྡྷཱུ་ར་སྟེ་དཀྱིལ་འཁོར་དྲུག་པོ་མདུན་ནུབ་ནས་ཤར་དུ་ཕྱོགས་པར་བརྩེགས། སྟེང་ནས་དར་དམར་གྱི་གུར་ཕུབ། མཐའ་མཆོད་པ་དང་ཤ་སྣ་ཚོགས་ཀྱི་གཏོར་མས་བསྐོར་རོ། །འདི་ལ་དར་དམར་ལ་དཀྱིལ་འཁོར་མི་བྱེད་པ་ཡང་ཡོད་ཅིང་། སྤྱིར་སྒྲུབ་པའི་དུས་དྲུག་བརྩེགས། དབང་བསྐུར་གྱི་དུས་མཁའ་འགྲོ་དབང་སྡུད་མ་གཏོགས་པའི་ལྔ་བརྩེགས། དུས་བཟང་གི་མཆོད་པ་སོགས་ལ། རྡུལ་ཚོན་ཐོད་པ་སིནྡྷཱུ་ར་སྟེ་སུམ་བརྩེགས་ཀྱིས་ཀྱང་ཆོག་གོ། །དེ་ལྟར་བཀོད་པ་ཚར་ནས་སྡོད་ཚུལ་ནི། །བདེ་བའི་སྟན་ལ་འདུག་ནས་ནི། །ཨོ་རྒྱན་ཕྱོགས་སུ་ཁ་བལྟས་ལ། །ཞེས་པས་རྣལ་འབྱོར་པ་སྟན་ཅི་བདེ་བ་ལ་ཁ་དཀྱིལ་འཁོར་དུ་ཕྱོགས་པས་འཁོད། ལག་མཆོད་རྡོ་རྗེ་དྲིལ་བུ་ཌ་མ་རུ་རྣམས་གཡོན་ནས་རིམ་གྱིས་མདུན་དུ་དགོད་དོ། །བཞི་པ་སྒྲུབ་པ་དངོས་ལ་གསུམ། བདག་བསྐྱེད། མདུན་བསྐྱེད། དཀྱིལ་འཁོར་བསྡུ་བའི་ཆོ་གའོ། །དང་པོ་ལ་མཉམ་བཞག་གི་བྱ་བ་དང་རྗེས་ཐོབ་ཀྱི་བྱ་བ་གཉིས། དང་པོ་ལ་ཡང་སྔོན་
༡༤༠ འགྲོ་ཚོགས་གསོག །དངོས་གཞི་སྒོམ་བཟླས་གཉིས་ལས་དང་པོ་ནི། བྱང་ཆུབ་སེམས་བསྐྱེད་སྔོན་འགྲོ་བས། །དཀྱིལ་འཁོར་ཆོ་གས་མཉེས་པར་བྱ། །ཡི་གེ་གསུམ་གྱིས་རང་ལ་བསྡུ། །ཞེས་པས་ཐོག་མར་བདུད་རྩི་རིལ་བུའམ་ལག་མཆོད་ཀྱི་ཐིགས་པ་ལྕེ་ཐོག་ཏུ་བཞག་པས་བདུད་རྩི་མྱང་། སྔོན་འགྲོ་གཏོར་མ་བཏང་། སྲུང་འཁོར་བསྒོམ། མཚམས་བཅད། མཆོད་པ་བྱིན་བརླབ། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་དབྱེར་མེད་པ་སངས་རྒྱས། དེའི་སྙིང་པོ་ལ་སོགས་པ་ཆོས། འཁོར་མཁའ་འགྲོ་རྣམས་དགེ་འདུན་ཏེ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། སེམས་བསྐྱེད་བསྒོམ་མོ། །དེ་ནས་སྤྱི་བོར་པད་ཟླ་ཧཱུྃ་ལས་རྡོར་སེམས་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཞིང་གཡོན་དྲིལ་བུ་བསྙེམས་པས་ཀུར་བརྟེན་པ། དར་དང་རུས་པ་དང་རིན་པོ་ཆེས་བརྒྱན་པ་ཞབས་སེམས་སྐྱིལ་གྱིས་བཞུགས་པའི་པང་དུ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་ཅན་གྱིས་འཁྱུད་པ། གཉིས་ཀའི་གནས་གསུམ་དུ་ཡིག་འབྲུ་གསུམ་དང་ཁྱད་པར་ཡབ་ཀྱི་ཐུགས་ཀར་ཟླ་བ་ལ་ཧཱུྃ་གི་མཐར་ཡི་གེ་བརྒྱ་བ་དཀར་པོས་བསྐོར་བ། དེ་ལས་འོད་འཕྲོས་ཡེ་ཤེས་པ་བསྟིམ། ཡང་འོད་ཀྱིས་དབང་ལྷ་སྤྱན་དྲངས་ཏེ་དབང་བསྐུར་བས་བདུད་རྩིས་སྐུ་གང་དྲི་མ་དག་ཆུ་ལྷག་མ་སྤྱི་བོར་འཁྱིལ་བས་མི་བསྐྱོད་པས་དབུ་བརྒྱན་པར་བསམ། བཅོམ་ལྡན་འདས་བདག་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ནས་སྟོབས་བཞི་དང་ལྡན་པས་ཐུགས་ཀའི་ས་བོན་གྱི་སྔགས་ཕྲེང་ལ་དམིགས་ཏེ་ཡིག་བརྒྱ་བཟླས་པས་ཡིག་བརྒྱ་ལས་བདུད་རྩི་བབ། རྡོར་སེམས་ཀྱི་སྐུ་གང་། སྦྱོར་མཚམས་ནས་ལུད་དེ་རང་གི་སྤྱི་བོ་ནས་ཞུགས་པས་སྡིག་སྒྲིབ་ཉེས་ལྟུང་རྣམ་སྨིན་གྱི་ཕུང་པོ་དང་བཅས་པ་དག་ནས་ལུས་འོད་གསལ་
༡༤༡ ་བར་བསམ་ཞིང་མཐར་རྡོར་སེམས་འོད་དུ་ཞུ་ནས་རང་ཉིད་ལ་བསྟིམ་མོ། །འདི་ལྟར་ཡིག་བརྒྱ་འབུམ་བཟླས་པས་རྩ་ལྟུང་འདག་ཅིང་ཉེར་གཅིག་རེ་ཐུན་རེ་ལ་བཟླས་པས་ནི་སྔགས་ཀྱི་ལྟུང་བ་བྱིན་བརླབ་བོ། །སྤྲོ་ན་ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་གཟུགས་ཕུང་རྣམ་པར་སྣང་མཛད། ཚོར་བ་རྡོ་རྗེ་ཉི་མ། འདུ་ཤེས་པདྨ་གར་དབང་། འདུ་བྱེད་རྡོ་རྗེ་རྒྱལ་པོ། རྣམ་ཤེས་རྡོ་རྗེ་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པ་དཔལ་ལྷན་ཅིག་སྐྱེས་མའོ། །མིག་གཏི་མུག་རྡོ་རྗེ། རྣ་བ་ཞེ་སྡང་རྡོ་རྗེ། སྣ་སེར་སྣ་རྡོ་རྗེ། ཁ་འདོད་ཆགས་རྡོ་རྗེ། ལུས་ཕྲག་དོག་རྡོ་རྗེ། སྐྱེ་མཆེད་དབང་ཕྱུག་རྡོ་རྗེ། ས་ཁམས་ལྟུང་བྱེད་མ། ཆུ་ཁམས་གསོད་བྱེད་མ། མེ་ཁམས་འགུགས་བྱེད་མ། རླུང་ཁམས་གར་གྱི་དབང་ཕྱུག་མ། མཁའ་ཁམས་པདྨ་ཅན་གྱི་བདག་ཉིད་ཏུ་བྱིན་གྱིས་བརླབ་བོ། །དེ་ནས་བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མར་གསལ་བའི་དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོའ་ས་བོན་ལས་འོད་ཟེར་སྤྲོས་ཏེ་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ་ཡན་ལག་བདུན་པས་བསོད་ནམས་ཀྱི་ཚོགས་གསག །མཎྜལ་བྱ། གསོལ་བ་བཏབ་སྟེ་ལྷ་ཚོགས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ལྔའི་བདག་ཉིད་འོད་ཟེར་ཁ་དོག་ལྔ་བྱུང་སྟེ་བདག་ཉིད་ཀྱི་དཔྲལ་མགྲིན་སྙིང་ལྟེ་གསང་བ་སྟེ་ལྔར་ཐིམ་པས་དུག་ལྔ་དག །ཡེ་ཤེས་ལྔ་མངོན་དུ་བྱས་ཏེ་མཁའ་འགྲོ་ལྔའི་གོ་འཕང་ཐོབ་པར་བསམ། ༀ་ཨཱཿཧཱུྃ་ཞེས་ཚོགས་ཞིང་རང་ལ་བསྡུ། སེམས་ཅན་ཐམས་ཅད་ལ་དམིགས་ཏེ་ཚད་མེད་པ་བཞི་བསྒོམ་མོ། །དངོས་གཞི་ལ་སྒོམ་བཟླས་གཉིས་ལས། དང་པོ་རྟེན་བརྟེན་པ་བསྒོམ་པ་ནི། བརྟན་དང་གཡོ་བའི་དངོས་པོ་ཀུན། །སྐད་ཅིག་ཙམ་གྱིས་རྫོགས་པར་བསྒོམ། །སྟོང་པའི་ངང་
༡༤༢ ཡི་གེ་ཧྲཱིཿ །བསྐལ་པའི་མེ་ལྟར་འབར་བའི་འོད། །ཁྲོ་མོ་ཞལ་གཅིག་ཕྱག་གཉིས་མ། །ཛཱ་ཝ་སིནྡྷཱུ་ར་དང་མཚུངས། །སྐུ་ཡི་འོད་ཟེར་སྟོང་གསུམ་ཁྱབ། །དབུ་སྐྲ་ཐོར་ཚུགས་ཚངས་པར་འཁྱིལ། །སངས་རྒྱས་ལྔ་མཚོན་ཐོད་པས་བརྒྱན། །རྡོ་རྗེ་ཐོད་ཁྲག་ཁ་ཊྭཱཾ་བཅས། །དར་དབྱངས་ཅོད་པན་རྣམ་པར་འཕུར། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །མི་མགོ་རློན་པའི་དོ་ཤལ་ཅན། །མེ་ཏོག་ཕྲེང་བའི་རྒྱན་གྱིས་སྤྲས། །པདྨ་རོ་དང་ཉི་མའི་གདན། །གཡས་བསྐུམ་གཡོན་བརྐྱང་གར་གྱིས་བཞུགས། །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །སྐད་ཅིག་ཙམ་གྱིས་རྫོགས་པར་བསྐྱེད། །ཅེས་པས་སྭ་བྷཱ་ཝའི་སྔགས་ཀྱིས་ཆོས་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྲུང་འཁོར་གྱི་ནང་དུ་དུར་ཁྲོད་ཀྱི་ས་གཞི་ཕྱོགས་མཚམས་བརྒྱད་དུ་ཕྱེ་བ། ཤིང་། མེ། ཆུ། སྤྲིན། ཕྱོགས་སྐྱོང་ཞིང་སྐྱོང་སོགས་དུར་ཁྲོད་ཀྱི་མཚན་ཉིད་ཚང་བར་བསྒོམ་པ་ནི་གང་ཟག་ཐ་མལ་མི་རྟག་པ་དང་འབྲིང་ལ་བདག་མེད་དང་རབ་ལ་འཁོར་འདས་རོ་མཉམ་དུ་སྟོན་པའོ། །དེའི་དབུས་སུ་འཁོར་བ་དག་པའི་གདན་ཐབས་ཀྱི་ཆོས་འབྱུང་བཏིང་བའི་སྟེང་དུ་མྱང་འདས་དག་པའི་ཁང་ཐབས་ཀྱི་ཆོས་འབྱུང་གཞལ་ཡས་ཁང་དངོས་ནི་སྲིད་པར་མི་གནས་ཅིང་སྲིད་པ་མི་འདོར་བས་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེངས་ཆེ་བ་གྱེན་དུ་བསྟན་པ་ཕྱི་དཀར་ལ་ནང་དམར་བ་ཆོས་ཀྱི་དབྱིངས་ཀྱི་ཁྱོན་དང་མཉམ་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བར་སྐྱེས་པའི་རོ་སེར་པོ་ཚོ་ཞིང་སྣུབ་པ་དབང་པོའ་སྒོ་ནས་ཁྲག་རྒྱུན་འཛག་པ་དྲོད་མ་ཡལ་བ་ཞིག་མགོ་གཡོན་དུ་བསྟན་ཏེ་གན་རྐྱལ་དུ་འགྱེལ་པའི་སྙིང་གར་ཉི་མའི་དཀྱིལ་འཁོར་དམར་ཞིང་ཟླུམ་པའི་སྟེང་དུ་རང་སེམས་འོད་གསལ་བའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་བཏགས་སྟན་ལ་ཟུག་པ་གུ་གུ་ནམ་མཁའ་ལ་ལྡིང་བ་ཚེག་དྲག་གཉིས་ཀྱིས་བརྟེན་པ་
༡༤༣ དེ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ལ་མཆོད། སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མར་གྱུར། དེ་རྣམས་དང་བཅས་ཏེ་འོད་ཟེར་ཚུར་འདུས་ཧྲཱིཿལ་ཐིམ་པས་ཆུ་ལས་ཉ་ལྡངས་པ་ལྟར་སྐད་ཅིག་གིས་རང་ཉིད་རྡོ་རྗེ་ཕག་མོའ་སྐུར་གྱུར་ཏེ་དེ་ཡང་ཆོས་ཐམས་ཅད་ཀྱི་སྐུ་རོ་གཅིག་པའི་ཕྱིར་ཞལ་གཅིག་དང་ལྡན་པ། ཞེས་པ་ནས། བརྐྱང་བསྐུམ་གྱིས་གར་སྟབས་སུ་བཞུགས་པའོ། །ཞེས་པའི་བར་ཞལ་གདམས་ལྟར་རྣམ་དག་དྲན་པས་བསྒོམ་མོ། །དེ་ནས་ལུས་གནད་བཅས་ཏེ་སྟོང་ར་རྩ་གསུམ་འཁོར་ལོ་བཞི་རྣམས་ཆོས་དྲུག་ལྟར་བསྒོམ། འཁོར་བསྐྱེད་པ་ནི། དེ་ཡི་འཁོར་ལོ་རྣམ་བཞི་ལ། །མཁའ་འགྲོ་སྡེ་བཞི་འཁོར་བཅས་བསྐྱེད། །ཅེས་པས་ལྷ་ཡས་ནས་མར་གསལ་གདབ་པ་ནི་དབུ་མའི་ཡར་སྣའི་རང་བཞིན་སྤྱི་བོར་ཐོར་ཚུགས་ཀྱི་ནང་རྡོ་རྗེ་ཕྱེད་པའི་ལྟེ་བ་སྦུབས་སྟོང་གི་ནང་དུ་བླ་མ་རྣམ་སྣང་འཁོར་ལོས་སྒྱུར་བའམ་རྣམ་སྣང་ཧེ་རུ་ཀའི་རྣམ་པས་པད་ཉི་ལ་བཞུགས་པ། དེའི་འཁོར་དང་ཕྱི་རོལ་གྱི་དུས་པའི་འཁོར་ལོའ་སྟེང་དུ་ཡང་བརྒྱུད་པའི་བླ་མ་དང་གྲུབ་ཐོབ་ཀྱི་ཚོགས་སྤྲིན་ལྟར་དུ་གཏིབས་པ། འཁོར་ལོའ་དབུས་སོ་སོར་པད་ཉི་རེ་རེ་གནས་པའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའ་དབུས་ཀྱི་པད་ཉི་ལ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་རྡོ་རྗེའི་གྲི་ཐོད་ཅན། རྩ་སྒོ་སོ་གཉིས་སུ་འཁོར་རང་འདྲ་རེ་རེ། དེ་བཞིན་དུ་ལྟེ་བར་ས་ལས་ལས་ཀྱི་མཁའ་འགྲོ་ལྗང་མོ་རལ་གྲིའི་གྲི་ཐོད་ཅན། འཁོར་དྲུག་ཅུ་རྩ་བཞིས་བསྐོར་བའི་བར་གཞུང་ལྟར་བསྒོམ། དེ་ནས་གཙོ་མོའ་ནང་གི་གསང་གནས་ཏེ་རྩ་གསུམ་འདུས་མདོར་ཡེ་ཤེས་ཀྱི་མེའི་རང་བཞིན་གྱི་ཆོས་འབྱུང་བསྣོལ་མ་གདན་ཐབས་ཀྱི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཉི་མའི་དཀྱིལ་འཁོར་བསམ་མོ། །དེ་ནས་ས་བོན་གྱི་ཡི་གེ་མས་ནས་དགོད་སྟེ། ཉི་མའི་ལྟེ་བར་ཧྲཱིཿདམར་པོ་དེའི་མཐར་ༀ་
༡༤༤ བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་དམར་པོ་མེ་ལྟ་བུ་ༀ་ནས་གཡས་སུ་བཀོད་དེ་བསྐོར་བ། འདབ་མ་བཞི་ལ་ཧ་རི་ནི་ས། ཁུགས་དྲུག་ཏུ་དགའ་འཁྱིལ་དཀར་པོ་གཡོན་དུ་འཁྱིལ་བ་རེ་བསམ། འཁོར་བཞིའི་གཙོ་མོའ་ཐུགས་ཀར་པདྨ་དང་མདོག་གི་ལྟེ་བ་ཅན་འདབ་བཞིའི་ལྟེ་བར་ཉི་མའི་དཀྱིལ་འཁོར་རེ་བསྒོམ། དེ་ལས་ལྟེ་བའི་ལས་ཀྱི་མཁའ་འགྲོའི་ཐུགས་ཀར་དབུས་སུ་ས་ཡིག་ལྗང་གུ། འདབ་མ་བཞི་ལ་མདུན་ནས་གཡས་བསྐོར་དུ་ཧྲཱིཿཧ་རི་ནི། འཁོར་རྣམས་ཀྱི་ཐུགས་ཀར་ས་རྐྱང་པ་རེ། སྙིང་གའི་པདྨ་མཁའ་འགྲོའི་ཐུགས་ཀར་ནི་དམར་པོ། འདབ་བཞི་ལ་ཧཱིཿཧ་རིས། འཁོར་ལ་ནི་རྐྱང་། མགྲིན་པར་རིན་ཆེན་མཁའ་འགྲོའི་ཐུགས་ཀར་རི་སེར་པོ། འདབ་མ་བཞིར་ཧྲཱིཿཧ་ནི་ས། འཁོར་ལ་རི་ཡིག །སྤྱི་བོའ་རྡོ་རྗེ་མཁའ་འགྲོ་ལ་དབུས་སུ་ཧ་སྔོན་པོ། འདབ་མ་བཞི་ལ་ཧྲཱིཿརི་ནི་ས། འཁོར་ལ་ཧ་ཡིག་རེ་བསམ་མོ། །དེ་ལྟར་ལྷ་བསྐྱེད་ཡི་གེ་བཀོད་ནས་ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་བའི་ཕྱིར་རང་བཞིན་གནས་པའི་ཕོ་བྲང་ནས། སྤྱན་དྲངས་གཉིས་སུ་མེད་པར་བསྟིམ། ཞེས་པས་ས་བོན་གྱི་ཡི་གེ་ཐམས་ཅད་དང་ཁྱད་པར་དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོའ་ཡི་གེ་རྣམས་ལས་འོད་ཟེར་འཕྲོས། ཨོ་རྒྱན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མ་འཁོར་བཅས་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་སྤྲོ་ན་མཆོད་པ་གསུམ་འབུལ། ཡེ་ཤེས་པའི་སྐུ་ལས་སྐུའི་ཚོགས་བྱོན། དམ་ཚིག་པ་ལ་ཐིམ་སུ་དབྱེར་མེད་དུ་བྱས་པས་བུམ་དབང་ངོ་། །ཡེ་ཤེས་པའི་མགྲིན་པ་ནས་ཨཱཿལི་དཀར་པོ་དང་ཀཱ་ལི་དམར་པོའ་ཚོགས་བྱོན་མགྲིན་པར་ཐིམ། གསུང་དབྱེར་མེད་དུ་བྱས་པས་གསང་དབང་ངོ་། །ཐུགས་ཀ་ནས་ཡེ་ཤེས་ལྔའི་བདུད་རྩིའི་རྒྱུན་བྱུང་དམ་ཚིག་པའི་ཐུགས་ཀར་ཞུགས་བདེ་སྟོང་གི་ཡེ་ཤེས་སྐྱེས་ཏེ་ཐུགས་དབྱེར་མེད་དུ་བྱས་པ་དབང་
༡༤༥ གསུམ་པའོ། །དེ་ནས་ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་དབྱེར་མེད་དུ་གྱུར་པ་ནི་དབང་བཞི་པའོ། །གཉིས་པ་བཟླས་པ་ནི། དེ་ཡང་རང་རང་ཐུགས་ཀར་ནི། །གསང་སྔགས་ཡི་གེ་བཀོད་བཟླས་བྱ། །ཞེས་པ་སྟེ་འདི་ལ་སྒོ་གསུམ་གྱི་བཟླས་པ་གསུམ་ལས། དང་པོ་ལུས་ཀྱི་བཟླས་པ་ནི། བོདྷི་ཙིའམ་ཙནྡན་དམར་པོ་ལ་སོགས་པའི་ཕྲེང་བ་ཕྲེང་ཐག་ཟུང་མ་ཡིན་པ་མདུད་འཛིན་གཉིས་བརྩེགས་ཅན་ལག་མཐིལ་གཡོན་པདྨ་འདབ་མ་གསུམ་པར་བསམས་པའི་དབུས་སུ་སྦྲུལ་པ་སྐྱིལ་བ་ལྟར་བཞག །གཡས་རྡོ་རྗེ་རྩེ་ལྔ་པར་མོས་པས་སྟེང་ནས་བཀབ་སྟེ་ཕྲེང་ཐག་སྙིང་པོའ་སྔགས་ཕྲེང་། ཕྲེང་རྡོག་རྣམས་ས་བོན་སོ་སོའ་ཨཱ་ལི་ཀཱ་ལིའི་ཚོགས་ལས་འཁོར་མཁའ་འགྲོའི་ཚོགས་དང་མདུད་འཛིན་འོག་མ་རྡོ་རྗེ་རྣལ་འབྱོར་མའི་རྣམ་པ་གཟུགས་སྐུའི་རང་བཞིན་དང་སྟེང་མ་ཡང་འཁོར་ལོ་སྡོམ་པ་ཆོས་སྐུའི་བདག་ཉིད་དེ་ཁ་སྦྱོར་གྱི་སྐུ་སངས་རྒྱས་དཀོན་མཆོག་གི་ངོ་བོར་མོས་ཏེ་ཡེ་ཤེས་པ་དཔག་མེད་བསྟིམ། མཆོད་ཅིང་བསྟོད་ནས་ཞུ་བ་ལས་རྣམ་པ་འདུ་བྱེད་དག་པའི་ཐོད་རློན་ལྔ་བཅུ་རྩ་གཅིག་གི་ངོ་བོ་སྔགས་ཀྱི་དཀོན་མཆོག་གསུམ་གྱི་བདག་ཉིད་ཏུ་མོས་ཏེ་མཐེ་བོང་གཡོན་པ་རྡོ་རྗེ་ལྕགས་ཀྱུའི་རྣམ་པས་ཕྲེང་རྡོག་རེ་རེ་ཞིང་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་ངོ་བོར་སྤྱན་དྲངས་ཏེ་ལྟེ་བའི་ཧྲཱིཿཡིག་ལ་ཐིམ་པས་ལྷ་དབང་དུ་གྱུར་པར་བསམ་སྟེ་སོར་མོ་བཞི་སྦྱར་བའི་མཛུབ་མོའ་སྟེང་དུ་བགྲང་བར་བྱའོ། །ངག་གི་བཟླས་པ་ནི་སྔགས་དག་ཅིང་གསལ་བས། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྙིང་པོ་བཟླ་ཞིང་བརྟན་པ་ཐོབ་ནས་གཞུང་ནས་གསུངས་པའི་ལས་སྦྱོར་གྱི་སྔགས་ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ནི་རི་ས་ཧ་ནི་རི་ཧ་ས་ས་ནི་རི་ཧ་ཨཱ་ཀརྵ་ཡ་ཧྲཱིཿཛ་ཞེས་བཟླའོ། །སྒོ་གསུམ་ཐུན་མོང་དུ་མི་སྡོད་པ་རྣམ་གསུམ་གྱི་བཟླས་པ་ནི། འོག་རླུང་ཅུང་ཟད་འཐེན་ཏེ་སྟེང་རླུང་གློད་སྟེ་ལུས་མི་
༡༤༦ སྡོད་པ་གཡོ་འགུལ་དང་བཅས་ནས་བཟླ་བ་ནི་ཕྱི་མཁའ་འགྲོ་མའི་སྐུའི་སྲོག་དབང་དུ་བསྡུ་བའོ། །མིང་ཚིག་གི་བར་མ་ཆོད་པར་བཟླ་བ་ནི་ནང་མཁའ་འགྲོ་མའི་གསུང་གི་སྲོག་དབང་དུ་བསྡུ་བའོ། །དང་པོ་དམིགས་པ་ལ་སེམས་རྩེ་གཅིག་ཏུ་སྡུད་ཅིང་མཐར་རྣམ་པར་རྟོག་པ་གཅིག་གིས་ཀྱང་བར་མ་ཆོད་པར་བཟླ་བ་ནི་གསང་བ་མཁའ་འགྲོ་མའི་ཐུགས་ཀྱི་སྲོག་དབང་དུ་བསྡུ་བའོ། །སེམས་ཀྱི་བཟླས་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས་ཐུན་མོང་གི་བཟླས་པ་ནི། དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོའ་དབུས་ཀྱི་ཧྲཱིཿལས་འོད་དམར་པོ་སྤྲོས་ཏེ་སྣོད་བཅུད་སྦྱངས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ནས་རང་དང་ས་བོན་ལ་བསྟིམ་ཞིང་ལུས་ངག་ཡིད་གསུམ་དང་མི་སྡོད་རྣམ་གསུམ་གྱིས་བཟླའོ། །ཐུན་མོང་མ་ཡིན་པའི་བཟླས་པ་ལ་ལྔ་སྟེ། སྐུ་གསལ་གདབ་ཀྱི་བཟླས་པ། འགོག་བཟླས་ཆུང་ངུ་། སྤྲོ་བསྡུའི་བཟླས་པ། རྡོ་རྗེའི་བཟླས་པ། འགོག་བཟླས་ཆེན་པོའོ། །དང་པོ་ནི། དང་པོ་དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོའ་དབུས་ཀྱི་ཧྲཱིཿཡིག་ལ་རྩེ་གཅིག་ཏུ་དམིགས་ཏེ་བཟླ། དེ་ནས་རིམ་བཞིན་སྔགས་ཕྲེང་ཉི་མའི་དཀྱིལ་འཁོར། ཟེའུ་འབྲུ། གེ་སར། ས་བོན་བཞི། འདབ་མ་བཞི། དགའ་འཁྱིལ་དྲུག །ཆོས་འབྱུང་བསྣོལ་མ་དམར་ལ་ཚ་བ་རོ་རྐྱང་གི་མར་སྣ་དབུ་མར་ཆུད་པ། དབུ་མའི་མར་སྣ་རག་དུང་གི་ཁ་ལྟར་ཡངས་པ། དབུ་མའི་ནང་ལྟེ་བའི་ལས་ཀྱི་མཁའ་འགྲོའི་ཐུགས་ཀའི་ས་ཡིག་ལྗང་གུ། ཉི་མ། ཟེའུ་འབྲུ། གེ་སར། ཤར་གྱི་ཧྲཱིཿ ལྷོའི་ཧ། ནུབ་ཀྱི་རི། བྱང་གི་ནི། འདབ་མ་བཞི། ལས་ཀྱི་མཁའ་འགྲོའི་སྤྱི་བོ་རྡོ་རྗེ་ཕྱེད་པ། ཐོར་ཚུགས། འཁོར་ལོ། ཐོད་སྐམ་གྱི་དབུ་རྒྱན། ཞལ་རས། ཕྱག་གཉིས། ཕྱག་མཚན། སྐུ་སྟོད། སྐུ་སྨད། ཞབས་བརྐྱང་བསྐུམ་གྱིས་བཞེངས་པ། རུས་པའི་རྒྱན་ལྔ། ཉི་གདན། རོ་
༡༤༧ སེར་པོ། པདྨ། འཁོར་རྣམས་ཀྱི་ཐུགས་ཀའི་ས་ཡིག །འཁོར་སོ་སོ། །ལྟེ་བའི་རྩ་འཁོར་འདབ་མ་རེ་བཞི་པ་གདུགས་འདེགས་ཀྱི་པདྨ་ལྟར་ཁ་གྱེན་བསྟན་སོགས་རིམ་བཞིན་སྤྱི་བོའ་རྡོ་རྗེ་མཁའ་འགྲོའི་བར་དང་། གཙུག་ཏོར་གྱི་ཐད་དུ་བླ་མ་རྣམ་སྣང་དུ་བཞུགས་པ། དེའི་འཁོར་གྲུབ་ཐོབ་ཀྱི་ཚོགས་གཙུག་ཏོར་གྱི་ཕྱི་དབྱིབས་རྡོ་རྗེ་རྩེ་ལྔ་པ་ཕྱེད་པའི་རྣམ་པ། དབུ་སྐྲ་གནག་ལ་སྣུམ་པ་ཕྱེད་གྱེན་དུ་བརྫེས་ཏེ་འཁོར་ལོའ་ལྟེ་བ་ནས་དྲངས་ཏེ་རལ་པའི་ཅོད་པན་དུ་བྱས་པ། ལྷག་མ་རྒྱབ་དུ་སིལ་བུར་གྲོལ་བ། མི་རུས་ཀྱི་འཁོར་ལོ་རྩིབས་དྲུག་པ་ཕྱི་མུ་ཁྱད་མེད་པ། སྐྲ་མཚམས་སུ་རྡོ་རྗེ་ནག་པོ་ཆུར་ཉལ་བའི་ཕྲེང་བ་བསྒྲིགས་པ། དེའི་སྟེང་དུ་ཐོད་པ་སྐམ་པོ་དཀར་ལ་འཚེར་བ་ཕེཾ་གྱི་སྒྲ་སྒྲོགས་པ་ལྔ་ཡིས་དབུ་བརྒྱན་པ། དེའི་སྟེང་དུ་ལྷ་མིའི་རིན་པོ་ཆེ་སྣ་ཚོགས་ཀྱི་རྩེ་བྲན་ཅན། ཐོད་སྐམ་གྱི་ཁ་ནས་རུས་པའི་ཟ་ར་ཚགས་དྲ་བ་དང་དྲ་ཕྱེད་ཏུ་འཕྱང་བ། འཁོར་ལོའ་རྩིབས་དང་དབུ་རྒྱན་གྱི་རྩེ་རུས་པའི་ཕྲེང་བས་སྦྲེལ་བ། དབུ་སྐྲ་བཅིངས་པའི་དར་དཔྱངས་ཕན་ཚུན་དུ་རླུང་གིས་སྤྱོད་པ། སྐུ་མདོག་མེ་དང་སིནྡྷཱུ་ར་ལྟར་དམར་ཞིང་བསྐལ་པའི་མེ་འོད་འཕྲོ་བས་བརྟན་གཡོ་ཐམས་ཅད་རྡོ་ཁབ་ལེན་གྱི་ལྕགས་ཕྱེ་དང་རྡུལ་འདྲེས་པ་ལས་བཏབ་པ་ལྟར་གཡོ་ཞིང་བཅུད་འཕྲོག་པ། ཞལ་རས་ཉི་མའི་དཀྱིལ་འཁོར་ལྟར་རྒྱས་ཅིང་དམར་བ། སྤྱན་གསུམ་དམར་ཞིང་གཡོ་བ། དཔྲལ་བའི་དབྱེས་ཡངས་པ། སྨིན་མ་དམར་ཞིང་འཁྱུག་པ། ཤངས་དཀྱུས་རིང་ཞིང་མཛེས་པ། མཁུར་ཚོས་རྒྱས་ཅིང་ཁྲག་གིས་ལྕིད་པ། ཞལ་མཆུའི་སྒྲོས་མཛེས་ཅིང་ཡིད་དུ་འོང་བ། ཚེམས་དཀར་ཞིང་ཐག་བཟང་བ་བཞི་བཅུ་ཚང་བ། ཁྱད་པར་མཆེ་བ་བཞི་དགར་ཟླུམ་རྣོ་བ། ཅུང་ཟད་གཙིགས་ཏེ་ཡས་ཀྱི་མཆེ་བས་མ་མཆུ་ནོན་ཙམ་པ། ལྗགས་དམར་ཞིང་སྲབ་ལ་ཡངས་པ་ཡས་རྐན་ལ་དྲིལ་ཏེ་ཧྲཱིཿདང་ཕེཾ་གྱི་སྒྲ་འབྲུག་ལྟར་སྒྲོགས་
༡༤༨ པ། སྙན་གཉིས་སྙན་ཤལ་རིང་པོར་འཕྱངས་ཤིང་སྙན་རྒྱན་གྱིས་མཛེས་པ། མགུལ་པ་འཇམ་ཞིང་མགུལ་རྒྱན་གྱིས་བཀྲ་བ། སྐུ་སྟོད་སེང་གེའི་རྒྱལ་པོ་ལྟར་ཁོ་ལག་ཡངས་ཅིང་བརྟན་པ། ཟླུམ་ཞིང་འབུར་བའི་ནུ་འབུར་ཟུང་ཟླ་བ་ལྟར་རྒྱས་པ། པདྨའི་སྡོང་བུ་ལྟར་འཇམ་ཞིང་གཞོན་མཉེན་པའི་ཕྱག་གཉིས་ཀྱི་མཐིལ་དམར་ཞིང་འཇམ་ལ་སོར་མོ་དྲ་བས་འབྲེལ་བ་ཅན། ཕྱག་གདུབ་དང་དཔུང་གདུབ་དང་སོར་གདུབ་ཀྱིས་མཛེས་པའི་ཕྱག་གཡས་པས་རྡོ་རྗེ་གྲི་གུག་འཕྱར་བ། གཡོན་པས་སྐྱེས་པའི་ཐོད་ཆེན་ཆ་གཅིག་པ་ལྷ་མིན་གྱི་ཁྲག་གིས་བཀང་སྟེ་རྦ་རླབས་འཁྱིལ་བ་ཞལ་དུ་གསོལ་བཞིན་པ། གྲུ་མོ་གཡོན་གྱི་ནང་དུ་ཁ་ཊྭཱཾ་ག་རྩེར་རྡོ་རྗེ་ཕྱེད་པ་དང་བར་དུ་མི་མགོ་སྐམ་རྙིང་རློན་པ་བརྩེགས་པའི་འོག་ཏུ་བདུད་རྩིའི་བུམ་པ་དང་རྡོ་རྗེ་རྒྱ་གྲམ་ལས་དར་དཔྱངས་དང་དྲིལ་བུ་དང་ཌཱ་མ་རུ་འཕྱངས་པ་ལ་ཡུ་བ་བརྒྱད་གཞོགས་སམ་འབྱུང་བ་རིམ་བརྩེགས་ཀྱི་ཚུལ་གྱི་མར་སྣར་རྡོ་རྗེ་ཕྱེད་པ་ཅན་རོའ་ལྟེ་བའི་ཁུང་བུར་ཟུག་ཅིང་སྐུ་ཚད་དང་དཔངས་མཉམ་པ། རྐེད་པ་ཕྲ་ཞིང་ལྡེམ་པ་ལ་རུས་པ་དང་རིན་པོ་ཆེའི་སྐ་རགས་དྲིལ་བུ་གཡེར་ཀ་འཁྲོལ་བས་བརྒྱན་པ་སྐུ་སྨད་རྒྱས་ཤིང་སྒེག་ལ་བཅུད་ཀྱིས་གང་བ། བརླ་ཟུང་ཆུ་ཤིང་ལྟར་སྲ་ཞིང་ཟླུམ་ལ་འདྲིལ་བ། བྱིན་པ་རི་དྭགས་ཨེ་ནྱ་ལྟ་བུར་ཟླུམ་ཞིང་བྱིན་གྱིས་ཕྲ་བ་ཞབས་ལོང་བུ་མི་མངོན་ལ་མཐིལ་མཉམ་ཞིང་དམར་ལ་རྟིང་པ་ཡངས་ཤིང་ཞབས་སོར་རྣམས་དྲ་བས་འབྲེལ་པ་དང་ལྡན་པ། ཞབས་གདུབ་ཀྱིས་མཛེས་པའི་ཞབས་གཡས་བསྐུམས་ཏེ་ཁ་ཊྭཱཾ་ལ་འཁྱུད་ནས་གཡོན་པའི་བརླ་ལ་ཞབས་སོར་གཏད་པ། གཡོན་བརྐྱངས་པས་རོའ་སྙིང་གའི་ཉི་མའི་དཀྱིལ་འཁོར་ལ་ཞབས་ཀྱི་བྲང་བ་རེག་ཙམ་པས་གར་ལིང་ལིང་བྱེད་བཞིན་པ་ལྟ་བུ། སེམས་བྱུང་གི་རྟོག་པའི་རང་བཞིན་མི་མགོ་རློན་པ་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་འཕྱངས་པ། མེ་ཏོག་ཀར་ཝཱི་ར་དམར་པོའ་ཕྲེང་བ་དང་རུས་པ་དང་
༡༤༩ རིན་པོ་ཆེའི་དོ་ཤལ་གྱི་ཚོགས་དུ་མས་བརྒྱན་པ། གདན་ཉི་མའི་དཀྱིལ་འཁོར་དམར་ཟླུམ་ཚ་ཞིང་འོད་ཟེར་འཕྲོ་བ། དེའི་འོག་གི་སྐྱེས་པའི་རོ་སེར་པོ་ཚོ་ཞིང་སྣུམ་པ་གཞོན་ཞིང་ཡིད་དུ་འོང་བ་ཕྱི་དབུགས་ཆད་པ་ནང་དབུགས་མ་ཆད་པས་དྲོད་མ་ཡལ་བ་དབང་པོའ་སྒོ་ནས་ཁྲག་རྒྱུན་འཛག་པ་མགོ་གཡོན་དུ་བསྟན་ནས་གན་རྐྱལ་དུ་བསྒྱེལ་པ། གདན་པདྨའི་ཟེའུ་འབྲུ་དམར་པོ་གེ་སར་དམར་སེར། འདབ་བཞི་ཕྱོགས་མདོག །སྡོང་བུ་འདབ་མ་དང་བཅས་པ། ཁང་ཐབས་ཀྱི་ཆོས་འབྱུང་ཟུར་གསུམ་པ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ། ཕྱི་དཀར་ཞིང་ནང་ཐམས་ཅད་འོད་ཀྱི་རང་བཞིན་དམར་བ་རྒྱ་ཚད་ཆོས་ཀྱི་དབྱིངས་དང་མཉམ་པ། འོག་ཏུ་གདན་ཐབས་ཀྱི་ཆོས་འབྱུང་པདྨ་རཱ་གའི་ས་གཞི་ལྟ་བུར་དམར་ཞིང་འོད་འཕྲོ་བ། ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་དུ་ཤི་ལ་སོགས་ཤིང་ཆེན་པོ་བརྒྱད། ཤིང་དེའི་རྩ་བར་བརྒྱ་བྱིན་སོགས་ཕྱོགས་སྐྱོང་བརྒྱད། ཤིང་གི་ལོ་མའི་དབུས་ནས་ལུས་ཕྱེད་ཐོན་པའི་ཞིང་སྐྱོང་བརྒྱད། གྲུབ་པའི་རི་བརྒྱད་རྩེར་མཆོད་རྟེན་ཆེན་པོ་བརྒྱད། ལོགས་ལ་དངོས་གྲུབ་ཀྱི་ཕུག་ལ་བརྟེན་པའི་གྲུབ་པའི་རྣལ་འབྱོར་པ་བརྒྱད། ཆུ་ཆེན་པོ་བརྒྱད། དེ་ལ་བརྟེན་པའི་ཀླུ་ཆེན་པོ་བརྒྱད། སྟེང་དུ་འབྲུག་སྒྲོགས་ཞིང་ཆར་འབབ་པའི་སྤྲིན་བརྒྱད། གཞན་ཡང་མེ་ཆེན་པོ་དང་ཤ་ཟ་དང་སྲིན་པོ་དང་འབྱུང་པོ་དང་རོ་ལངས་དང་རོ་གསར་རྙིང་གི་ཚོགས་ཀྱིས་ཁྱབ་པའི་དུར་ཁྲོད་ཆེན་པོ་བརྒྱད། དེ་ནས་འོག་རྡོ་རྗེའི་ས་གཞི་སྲ་ཞིང་ལྷུན་སྟུག་ལ་རྒྱ་རྔམས་ཚད་མེད་པ་ལ་སོགས་རྡོ་རྗེའི་ར་བ་དང་དྲ་བ་འཐུག་ཞིང་སྲ་ལ་ཡངས་པ་སྟེང་རྡོ་རྗེའི་གུར་དང་བླ་རེས་སྲ་ཞིང་དཔང་མཐོ་ལ་ནང་ཡངས་པ་ཕྱི་རོལ་ཐམས་ཅད་རྡོ་རྗེའི་འོད་ཟེར་མེ་ལྕེ་གཅིག་ཏུ་འཁྱིལ་བ། སྒོ་མཚམས་ཀྱི་ལྷ་མོ་ཉི་ཟེར་གྱི་རྡུལ་གྲངས་ལྟ་བུས་སྲུང་འཁོར་གྱི་ནང་བར་ཐམས་ཅད་ལང་ལོང་དུ་གོ་མཚམས་མེད་པས་
༡༥༠ སྲུང་ཟློག་གི་ལས་ལ་བརྩོན་པའི་བར་དུ་རེ་རེ་ཞིང་གསལ་བཏབ་སྟེ་གསལ་ཞིང་དྲག་ལ་ཡུན་རིང་བར་བསྒོམ་ཞིང་བཟླ་བ་ནི་ནང་ནས་ཕྱིར་གསལ་གདབ་པའོ། །ཡང་སྒོ་མཚམས་ཀྱི་ལྷ་མོ་ནས་ལྟེ་བའི་ཧྲཱིཿའི་བར་སྔར་ལྟ་བུ་ལས་ཚུར་རིམ་གྱིས་གསལ་གདབ་ཅིང་བཟླ་བ་ནི་ཕྱི་ནས་ནང་དུ་གསལ་གདབ་པའོ། །ལས་དང་པོ་པ་སྐུ་སྤྱི་ལ་དམིགས་མི་ནུས་པ་ཡིན་ན་དང་པོར་ནང་གི་ཡི་གེ་རྣམས་ཁོ་ན་ལ་འོག་ནས་སྟེང་དང་སྟེང་ནས་འོག་ཏུ་གསལ་བཏབ་ཅིང་བཟླ་བ་ལ་ཡི་གེ་གསལ་གདབ་ཅེས་བྱ་ཞིང་ཕྱིས་གོམས་ནས་སྔར་བསྟན་པ་ལྟར་སྒོམ་པ་ལ་སྐུ་གསལ་གདབ་ཅེས་བྱའོ། །འདི་རྣམས་ཀྱིས་དམིགས་པ་གསལ་ཞིང་ལས་སུ་རུང་ལ་རྣམ་རྟོག་གི་གཉེན་པོར་འགྱུར་རོ། །གཉིས་པ་འགོག་བཟླས་ཆུང་ངུ་ནི། དེས་དམིགས་པ་གར་གཏད་དུ་ཟིན་པའི་ཚེ། དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོའ་ཧྲཱིཿལ་སེམས་རྩེ་གཅིག་ཏུ་གློད་སྟེ་བཟླ་ཞིང་དེ་བཞིན་དུ་དོན་སྒྲུབ་འཁོར་ལོ་ཚད་མ་དང་། འཁོར་ལོ་སོ་སོའ་ལྷ་འཁོར་བཅས་དང་། སྤྱི་བོའ་བླ་མ་དང་། སྐུ་ཡོངས་རྫོགས་དང་། རྟེན་བརྟེན་པའི་དཀྱིལ་འཁོར་ཚང་མའི་བར་གྱི་གོང་གསལ་རེ་རེར་རྩེ་གཅིག་ཏུ་བཞག་སྟེ་བཟླ་ཞིང་སྐབས་སུ་དམིགས་པ་སྤོ་ལ་བྱིང་རྒོད་སོགས་བྱུང་ན་སྐུ་གསལ་གདབ་ཀྱི་བཟླས་པ་བྱས་པས་སེལ་ལོ། །འདིས་ནི་རླུང་དང་རྟོག་པ་འགོག་ནུས་པའི་ཕྱིར་འགོག་བཟླས་ཡིན་ལ་རྟོག་པའི་སྒོམ་པ་དང་ཅུང་ཟད་འདྲེས་པས་ན་འགོག་བཟླས་ཆུང་ངུའོ། །འདི་གཉིས་ཀྱིས་ཡུལ། ཡུལ་ཅན་གྱི་གཡོ་བ་འཆིང་ཞིང་བསམ་གཏན་གྱི་ཡན་ལག་གྲུབ་པས་སོར་བསམ་དང་ཆོས་མཚུངས་སོ། །གསུམ་པ་སྤྲོ་བསྡུའི་བཟླས་པ་ནི། དེ་ནས་རླུང་དང་རྟོག་པ་དབྱེར་མེད་པ་འཆིང་བའི་ཕྱིར་དང་པོར་འཁོར་ལོའ་དབུས་ཀྱི་སྔགས་ཕྲེང་ཧྲཱིཿལ་བསྐོར་བའི་ཚུལ་དུ་གཡོན་དུ་གུ་ལུ་ལུ་འགྲོ་བར་བསམ། དེ་ནས་རིམ་གྱིས་ཇེ་དམར་ཇེ་ཚ་ཇེ་མགྱོགས་སུ་སོང་སྟེ་མེ་འབར་ལ་ཁད་པར་གཡོན་དུ་དྲག་ཏུ་འཁོར་ཞིང་སྔགས་དེ་རྣམས་ལས་དུ་བའི་
༡༥༡ ཚུལ་དུ་འོད་དཀར་པོ་སྤོས་རེང་ལས་དུད་པ་ཐོན་པ་ལྟར་སྐྱ་ཐོལ་ཐོལ་བྱུང་། །སྔགས་ཕྲེང་གི་སྟེང་གི་ནམ་མཁར་འོད་དེ་རྣམས་ཕན་ཚུན་འབྲེལ་པས་དངུལ་གྱི་ཨ་ལོང་སྲུབ་མེད་པ་ལྟ་བུའི་འོད་ཀོར་དུ་གྱུར་ཏེ་སྔགས་ཕྲེང་དང་འོད་ཀོར་གཉིས་ག་གཡོན་དུ་དྲག་ཏུ་འཁོར་བ་ལ་དམིགས་ནས་བཟླ་བ་ནི་སྤྲོ་བསྡུའི་གཞི་འཛིན་པའོ། །སྤྲོ་བསྡུ་དངོས་ལ་རྩ་གཡོན་ལམ་སྦྱང་བ་དང་། གཡས་ལམ་སྦྱང་བ། དབུ་མ་ནས་དྲང་བ་སྟེ་གསུམ། རེ་རེ་ལ་ཡང་སྟེང་སྤྲོ་སྟེང་སྡུད། སྟེང་སྤྲོ་འོག་སྡུད། འོག་སྤྲོ་སྟེང་སྡུད། འོག་སྤྲོ་འོག་སྡུད་སྟེ་བཞི་བཞི་ཡོད་པས་དམིགས་པ་བཅུ་གཉིས། དེ་རེ་རེ་ལ་འོད་དམར་པོ་དང་། དཀར་དམར་དང་། དམར་པོ་དང་། སྔགས་ཕྲེང་སྟེ་བཞིར་འགྱུར་བས་དམིགས་པ་བཞི་བཅུ་རྩ་བརྒྱད་དུ་འགྱུར་རོ། །དེ་ཡང་འོད་དཀར་པོ་དེའི་གཡོན་ངོས་ནས་གཡོན་རྐྱང་མའི་རླུང་སེམས་ཀྱི་ངོ་བོ་འོད་སྐུད་དཀར་པོ་དངུལ་གྱི་སྐུད་པ་ལྟ་བུ་ནར་གྱིས་བྱུང་ཐུར་དུ་ལྷུང་རྐྱང་མའི་མར་སྣ་ནས་ཞུགས་གྱེན་དུ་སོང་སྤྱི་བོའ་ཐད་ནས་ཐུར་དུ་བྱུང་སྟེ་སྣ་བུག་གཡོན་ནས་ཐོན་ཏེ་སྨིན་མཚམས་ཀྱི་ནམ་མཁར་སོར་བཅུ་དྲུག་གི་སར་དགའ་འཁྱིལ་དཀར་པོ་ཡོལ་ཐབས་སུ་གཡོན་དུ་འཁོར་བར་གྱུར། དེ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ལུས་དག་པར་བྱས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་འོད་དཀར་པོར་བསྡུས། དགའ་འཁྱིལ་ལ་ཐིམ་པས་འོད་སྐུད་དུ་གྱུར་ཏེ་སྣ་བུག་གཡོན་ནས་ཞུགས་རྐྱང་མ་བརྒྱུད་དེ་འོད་ཀོར་རམ་གཞིའི་སྔགས་ཕྲེང་ཧྲཱིཿབཅས་ལ་ཐིམ་པས་སྐུའི་བྱིན་རླབས་ཞུགས་པར་བསམ་ཞིང་བཟླ་བ་ནི་སྟེང་སྤྲོ་སྟེང་སྡུད་དོ། །གཞན་དེ་ལྟ་བུ་དང་འདྲ་བ་ལ་དགའ་འཁྱིལ་འོད་སྐུད་དུ་གྱུར་པའི་ཚེ་འོད་སྐུད་ཐུར་དུ་སོང་གསང་བའི་སྒོ་ནས་ཞུགས་སྔགས་ཕྲེང་དང་ཧྲཱིཿལ་ཐིམ་པ་ནི་སྟེང་སྤྲོ་འོག་སྡུད་ཏོ། །ཡང་ནང་གི་འོད་ཀོར་གྱི་གཡོན་ངོས་ནས་འོད་སྐུད་ཐུར་དུ་ལྷུང་དབུ་མའི་མར་སྣ་ནས་ཐོན་གསང་གནས་ཀྱི་སྒོ་ནས་ཕྱིར་བྱུང་ཞབས་
༡༥༢ གཡས་ཀྱི་རྟིང་པའི་ཐད་སོར་བཅུ་དྲུག་གི་ནམ་མཁར་དགའ་འཁྱིལ་དཀར་པོ་གདན་ཐབས་གཡོན་དུ་འཁོར་བར་གྱུར། འོད་སྤྲོ་བསྡུ་སྔར་བཞིན་ལ་དགའ་འཁྱིལ་འོད་སྐུད་དུ་གྱུར་པའི་ཚེ་འོད་སྐུད་གྱེན་དུ་བྱུང་སྟེ་སྣ་གཡོན་ནས་འཇུག་ཞིང་ཐིམ་པ་ནི་འོག་སྤྲོ་སྟེང་སྡུད་དང་། འོད་སྐུད་གསང་གནས་ཉིད་ནས་ཞུགས་ཏེ་ཐིམ་པ་ནི་འོག་སྤྲོ་འོག་སྡུད་ཅེས་བྱའོ། །དེ་བཞིན་དུ་འོད་ཀྱི་གཡས་ངོས་ནས་རོ་མ་ཉི་མའི་རླུང་སེམས་ཀྱི་རང་བཞིན་འོད་སྐུད་ལྷུང་རོ་མའི་མར་སྣ་ནས་ཞུགས་ཅིང་སྣ་བུག་གཡས་ནས་སྤྲོས་ཤིང་དགའ་འཁྱིལ་དུ་གྱུར་ཅིང་སེམས་ཅན་གྱི་ངག་སྦྱངས། གསུང་གི་བྱིན་རླབས་བསྡུས་ཏེ་སླར་ཐིམ་པ་སོགས་ཀྱི་གཡས་ལམ་སྦྱང་བའི་དམིགས་པ་བཞིན་ནོ། །འོད་ཀོར་དེའི་ཆ་ཐམས་ཅད་ནས་སྤོས་རེང་ལས་དུ་བ་ཐོན་པ་ལྟར་དབུ་མ་སྒྲ་གཅན་གྱི་རླུང་སེམས་ཀྱི་རང་བཞིན་གྱེན་དུ་དབུ་མའི་ཡངས་པ་ལ་བྱ་མཁར་བརྩེགས་པ་ལྟར་འཁྱིལ་ཞིང་འཁོར། ཕྲས་ནས་མདའ་འཕངས་པ་ལྟར་གྱེན་དུ་ཕྱུར་གྱིས་བྱུང་། ལས་ཀྱི་མཁའ་འགྲོའི་གཙོ་མོའ་གསང་བ་ནས་ཞུགས། ས་ཡིག་ལ་གཡོན་སྐོར་ལན་གསུམ་བྱས་པས་ལས་ཀྱི་མཁའ་འགྲོའི་ལྷ་ཚོགས་ཐམས་ཅད་མཉེས་ཏེ་བདེ་སྟོང་དུ་འུར་འུར་འདུག །སྔགས་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པར་བསམ་ཞིང་བཟླ། ལས་ཀྱི་མཁའ་འགྲོའི་སྤྱི་བོ་ནས་ཐོན་ཏེ་སྙིང་ག་།མགྲིན་པ། སྤྱི་བོའ་ལྷ་ལ་ཡང་དེ་ལྟར་བྱ། དེ་ནས་གྱེན་དུ་སོང་དབུ་མ་ནས་སོང་སྟེ་རྡོ་རྗེ་ཕྱེད་པའི་ནང་གི་བླ་མ་ལ་གཡོན་སྐོར་ལན་གསུམ་བྱས་པས་དམ་ཚིག་ཉམས་ཆགས་དང་། །བདེ་སྟོང་གིས་མཉེས་ཏེ་བྱིན་གྱིས་རློབ་པར་བསམ། སླར་ཐུར་དུ་བྱུང་སྟེ་སྨིན་མཚམས་ནས་ཐོན་ཏེ་སོར་བཅུ་དྲུག་གི་སར་དགའ་འཁྱིལ་དུ་གྱུར། དེ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སེམས་སྦྱངས། སངས་རྒྱས་ཀྱི་ཐུགས་ཀྱི་བྱིན་རླབས་བསྡུས་ཏེ་བསྟིམ། དགའ་འཁྱིལ་འོད་སྐུད་དུ་གྱུར། སྨིན་མཚམས་ནས་ཞུགས་གྱེན་དུ་
༡༥༣ སོང་ནས་བླ་མའི་སྐུ་ལ་གཡོན་སྐོར་གསུམ་སོགས་སྔ་མགོ་ཟློག་པས་མར་ལོག །གཞིའི་རླུང་སེམས་དབྱེར་མེད་པའི་སྔགས་ཕྲེང་ས་བོན་ནམ་འོད་ཀོར་ལ་བསྟིམ་ཞིང་ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམས་ཏེ་བཟླ། དེ་བཞིན་དུ་གཞན་འདྲ་བ་ལས་དགའ་འཁྱིལ་འོད་སྐུད་ཏུ་གྱུར་ཚེ་གསང་གནས་ནས་ཞུགས་ཏེ་ཐིམ་པས་དབུ་མའི་སྟེང་སྤྲོ་འོག་སྡུད་དང་འོད་ཀོར་གྱི་ཆ་ཐམས་ཅད་ནས་སྤྲོས་ཏེ་འོད་སྐུད་ཐུར་དུ་ལྟུང་དབུ་མའི་མར་སྣ་དང་གསང་གནས་ནས་ཕྱུངས་ཏེ་སོར་བཅུ་དྲུག་གི་སར་དགའ་འཁྱིལ་གདན་ཐབས་སུ་འཁོར་བར་གྱུར། སྤྲོ་བསྡུ་བྱས། འོད་སྐུད་དུ་གྱུར་ཚེ་གྱེན་དུ་སོང་སྨིན་མཚམས་ནས་ཞུགས་པ་སོགས་སྔར་ལྟར་བྱས་པས་དབུ་མའི་འོག་སྤྲོ་སྟེང་སྡུད། གསང་གནས་ཉིད་ནས་ཞུགས་ན་དབུ་མའི་འོག་སྤྲོ་འོག་སྡུད་དེ། དེ་ལྟར་འོད་ཀོར་འོད་སྐུད་དགའ་འཁྱིལ་འོད་ཟེར་རྣམས་དཀར་པོ་ལ་བརྟེན་ནས་དམིགས་པ་བཅུ་གཉིས་སོ། །དེ་ནས་བརྟན་པ་ཅུང་ཟད་ཐོབ་པ་ན་དེ་ཐམས་ཅད་དཀར་ལ་དམར་བའི་མདངས་ཆགས་པར་བསྒྱུར་ནས་དམིགས་པ་བཅུ་གཉིས་བྱའོ། །བརྟན་པ་དེ་བས་ཆེར་ཐོབ་ནས་དེ་ཐམས་ཅད་མེ་འོད་ལྟ་བུ་དམར་ཞིང་ཚ་ལ་འབར་བར་བསྒྱུར་བས་དམིགས་པ་བཅུ་གཉིས་བྱའོ། །མཚན་མ་ལེགས་པར་རྙེད་ཅིང་བརྟན་པ་ཆེར་ཐོབ་ནས་འོད་ཀོར་གྱི་འོད་སྐུད་དགའ་འཁྱིལ་འོད་ཟེར་དེ་བཞི་གཡང་འོད་དུ་མི་བྱེད་པར་སྔགས་ཕྲེང་གི་འཁོར་ལོ་སྔགས་ཕྲེང་མདའི་ཤུགས་ལྟ་བུ། སྔགས་ཕྲེང་ཚར་བཞིའམ་གཉིས་སམ་མང་པོ་ལས་གྲུབ་པའི་དགའ་འཁྱིལ་སྔགས་ཀྱི་ཡིག་འབྲུ་བྱེ་མ་གཏོར་བ་ལྟ་བུ་སྟེ་བཞི་ཀའང་ངོ་བོ་རླུང་དང་སེམས་ཐ་མི་དད་པ་རྣམས་སྔགས་ཁ་དོག་དམར་བ་རེག་བྱ་ཚ་བ་འོད་གསལ་བ་མེ་ལྟ་བུ་ཤ་སྟག་ཏུ་བྱས་པའི་དམིགས་པ་བཅུ་གཉིས་བསྒོམ་མོ། །འདི་རྣམས་ཀྱིས་རླུང་སེམས་ཅུང་ཟད་ལས་སུ་རུང་སྟེ་སྲོག་རྩོལ་དབུ་མར་ཚུད་པས་བདེ་སྟོང་གི་མྱོང་བ་ཅི་རིགས་སྐྱེ་བར་འགྱུར་རོ། །བཞི་པ་རྡོ་རྗེའི་བཟླས་པ་ནི།
༡༥༤ རླུང་རོ་ལེགས་པར་བསལ། འཇམ་རླུང་ཁ་སྦྱོར་དུ་བཟུང་། ལྟེ་བར་དགང་དབུ་མར་གཞིལ། མི་ཐུབ་ན་མདའ་ལྟར་འཕང་བའི་སྦྱོར་བ་བཞི་དང་ལྡན་པས་བུམ་ཅན་དུ་འཆིང་། སྔར་གྱི་གཞིའི་སྔགས་ཕྲེང་འཁོར་བ་ལ་དམིགས་པའི་བུམ་ཅན་བདུན། སྟེང་དུ་སྔར་གོང་དུ་སྤྲོས་པའི་འོད་ཀོར་དཀར་པོ་གསལ་བཏབ་ནས་དེ་གཡོན་དུ་དྲག་ཏུ་འཁོར་བཞིན་པས་བུམ་ཅན་བདུན། དགའ་འཁྱིལ་དྲུག་པོ་རང་གནས་སུ་གཡོན་དུ་འཁོར་བར་དམིགས་ནས་བུམ་ཅན་བདུན། ཆོས་འབྱུང་བསྣོལ་མ་ཡང་གཡོན་དུ་འཁོར་ཞིང་དེ་ལས་དགའ་འཁྱིལ་དྲུག་མགྱོགས་པར་འཁོར། དེ་ལས་སྔགས་ཕྲེང་མགྱོགས་དེ་ལས་འོད་ཀོར་མགྱོགས་པར་གཡོན་དུ་དྲག་ཏུ་འཁོར་བར་དམིགས་ཏེ་ཡིད་ཀྱིས་བཟླ་ནུས་ན་ལེགས། མ་ནུས་ཀྱང་སྲོག་རྩོལ་བཅིངས་ཏེ་སྔགས་ཕྲེང་སོགས་བསྐོར་བ་འདི་ཉིད་བཟླས་པ་ཡིན་ནོ། །དེ་ལྟར་བུམ་ཅན་ཉི་ཤུ་རྩ་བརྒྱད་ཀྱིས་བཟླས་པ་ཚར་གཅིག་སྟེ་ཡང་སྔར་བཞིན་བྱའོ། །འདི་ནི་འོད་ཀོར་ཐབས་ཧཾ་ཡིག་གི་ངོ་བོ་སྔགས་ཕྲེང་གཏུམ་མོ་ཨ་ཐུང་གི་ངོ་བོ་དང་། དགའ་འཁྱིལ་དྲུག་ཐབས་དཀར་ཆ་ཆོས་འབྱུང་ཤེས་རབ་དམར་ཆ་སྟེ་ཐབས་ཤེས་གཉིས་སུ་གནས་ལ་འབར་ཞུའི་རྣལ་འབྱོར་རྣམ་པ་གཞན་དུ་བསྒྱུར་བ་སྟེ་བྱང་ཆུབ་ཀྱི་སེམས་མི་འཕོ་བར་བརྟན་པ་འཛིན་པའི་ཡན་ལག་ཡིན་ནོ། །ལྔ་པ་འགོག་བཟླས་ཆེན་པོ་ནི། ཞལ་གདམས་ལས། སེམས་རྣམ་པར་མི་རྟོག་པ་ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་པ་ནི་ནང་ཐུགས་ཀྱི་སྲོག་དབང་དུ་བསྡུ་བའོ། །ཞེས་གསུངས་པའི་མི་སྡོད་པ་གསུམ་པའི་བཟླས་རིམ་དངོས་ཏེ་ལུས་སྣང་ལྷ་སྐུ་སྣང་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོ་ངག་གྲགས་སྟོང་སྔགས་ཀྱི་སྒྲ་དབྱངས་བྲག་ཆ་ལྟ་བུ་སེམས་རིག་སྟོང་འོད་གསལ་གཞི་རྩ་དང་བྲལ་བ་ཆོས་ཉིད་ཕྱག་རྒྱ་ཆེན་པོ་ལས་གཡོ་བ་མེད་པར་བཞག་སྟེ་བཟླས་པ་སྟེ་དབང་པོ་ཡང་རབ་ཡིན་ན་བཟླས་རིམ་འདི་ཁོ་ན་ལ་དང་པོ་ཉིད་ནས་འཇུག་ནུས་པས་གཞུང་ཞལ་གདམས་ཀྱི་དགོངས་པ་དངོས་
༡༥༥ ཡིན་ལ། དེ་ལྟར་མི་ནུས་པའི་ལས་དང་པོ་པ་ལ་བཟླས་རིམ་སྔ་མ་བཞིས་རིམ་གྱིས་དཀྲི་དགོས་པ་ཡིན་ནོ། །དེ་ནས་ཐུན་གྱི་མཐར་ལག་མཆོད་བྱས་བདུད་རྩིའི་ཐིགས་པ་ཕྱི་རོལ་དུ་འཐོར་བས་བགེགས་དང་མ་དག་པ་ཚར་བཅད་ནས་མཁའ་འགྲོ་མའི་དྲ་གུར་དུ་བསམ་པ་ནི་གནས་སྲུང་བའོ། །བདག་ཉིད་ལ་འཐོར་བས་བ་སྤུའི་ཁུང་བུ་ཐམས་ཅད་མཁའ་འགྲོ་མས་གང་བར་བསམ་པ་ནི་བདག་སྲུང་བའོ། །མཆོད་རྫས་ལ་གཏོར་བས་བདུད་རྩིར་བསམ་པ་ནི་རྣལ་འབྱོར་སྲུང་བ་སྟེ་སྲུང་བ་རྣམ་པ་གསུམ་མོ། །དེ་ནས་མཐེབ་སྲིན་གྱིས་བདུད་རྩི་བླངས་ཏེ་སྨིན་མཚམས་ནས་རྩ་བརྒྱུད་ཀྱི་བླ་མ་དང་སྙིང་ག་ནས་ཡི་དམ་ཆོས་སྐྱོང་། པུས་མོ་གཡོན་གྱི་ཐད་ནས་གཞི་བདག་དང་རིགས་དྲུག་ལྷར་གསལ་བ་ལ་ཡི་གེ་གསུམ་གྱིས་དབུལ་ཞིང་མཐར་ཐིགས་པ་ལྕེ་ཐོག་དུ་མྱངས་པས་ལུས་དཀྱིལ་གྱི་ལྷ་མཉེས་པར་བྱེད། དེ་ནས་མཆོད་བཞི་བསྟོད་བཞིའམ་མཆོད་བསྟོད་ཅི་རིགས་བྱས། གཏོར་མ་བྱིན་གྱིས་བརླབས་ཏེ་མདུན་བསྐྱེད་ཡོད་ན་དེ་ལ་དབུལ་ཞིང་མེད་ན་གཏོར་མགྲོན་སྔགས་དང་འབར་རྒྱས་སྤྱན་དྲངས་པ་ལ་གཏོར་ཆོག་ལྟར་དབུལ་ཞིང་ཁ་ཁ་ཁཱ་ཧི་སོགས་དང་ༀ་ཧྲཱིཾ་ཧྲཱིཾ་སོགས་དང་། ཞིང་སྐྱོང་ཆེན་པོ་བརྒྱད་རྣམས་དང་། སོགས་ཀྱིས་མཁའ་འགྲོ་སྤྱི་གཏོར་བཏང་། མགྲོན་བསྡུ་བའམ་གཤེགས། རྗེས་གཏང་རག་གི་མཆོད་བསྟོད་ཅུང་ཟད་བྱ། ཡིག་བརྒྱ་བརྗོད། །མ་འབྱོར་བ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ཏེ། སྒྲུབ་པའི་དུས་སུ་སྲུང་འཁོར་མ་གཏོགས་སྣོད་བཅུད་སྐད་ཅིག་གིས་བསྡུས་ནས་བདག་ཉིད་དང་དེ་འདུས་མདོའ་ཧྲིཾཿདང་དེ་ཡང་ནཱ་ད་དང་དེ་སྟོང་ཉིད་དུ་ཡལ་བ་ལ་བཞག །སྐད་ཅིག་གིས་སྒྱུ་མ་ལྟ་བུའི་སྐུ་རྟེན་བརྟེན་པ་དང་བཅས་པར་ལྡང་ངོ་། །གཉིས་པ་རྗེས་ཐོབ་ཀྱི་བྱ་བ་ནི། སྣོད་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ཆོས་འབྱུང་གི་གཞལ་ཡས་ཁང་དང་བཅས་པར་བསམ། བཅུད་ཀྱི་སེམས་ཅན་རྡོ་རྗེ་རྣལ་འབྱོར་མ་རིགས་ལྔར་བསམ་
༡༥༦ སྒྲ་ཐམས་ཅད་བཻ་རོ་ཙ་ནཱའི་སྔགས་སུ་མས། རང་ཉིད་ལྷའི་ང་རྒྱལ་དང་མ་བྲལ་བས་བཟའ་བཏུང་རྣམས་བདུད་རྩིར་བྱིན་གྱིས་བརླབས་ཏེ་ཚོགས་འཁོར་དུ་སྤྱད། གོས་ཞིང་ཆེན་གྱི་པགས་པ་དང་རྒྱན་རུས་རྒྱན། གདན་པད་རོ་ཉི་མ། གནས་ཁང་ཆོས་འབྱུང་གི་ཁང་པར་བྱས་ཏེ་ལོངས་སྤྱད། ཉལ་བའི་ཚེ་སྣོད་བཅུད་ཧྲིཾཿལ་བསྡུས་ཏེ་ཉལ་བའམ་ཧྲིཾཿཡལ་བར་བྱས་ཏེ་ཉལ། ལྡང་བའི་ཚེ་ནམ་མཁའ་ནས་རྡོ་རྗེ་རྣལ་འབྱོར་མའི་ཚོགས་ཀྱིས་ཌཱ་མ་རུ་དང་སྔགས་ཀྱི་སྒྲས་བསླང་བར་བསམ་སྟེ་ལྡང་ཞིང་སླར་ཡང་ཐུན་གྱི་བྱ་བ་ལ་འཇུག་པ་སྟེ། འདི་ལྟར་དབང་རྣོན་གྱིས་ཐུན་གཉིས། འབྲིང་གིས་ཐུན་བཞི། ཐ་མས་ཐུན་དྲུག་ཏུ་ཉམས་སུ་བླང་ཞིང་ཐུན་རེ་རེའི་མཐའ་འམ་ཡང་ན་ཕྱི་མའི་མཐར་འོག་ནས་འབྱུང་བའི་མདུན་བསྐྱེད་བུམ་བསྐྱེད་ཀྱང་ཅི་རིགས་བྱའོ། །སྔགས་ཀྱི་ཕན་ཡོན་ནི། འབྱུང་བཞི་དབང་སྡུད་ཡི་གེ་བཞི། །སྡེ་བཞི་མཁའ་འགྲོ་གསང་བའི་གནད། །འདོད་དགུ་འགྱུང་བའི་སྔགས་སུ་བཤད། །ཅེས་སྙིང་པོ་སྤྱི་དང་ཁྱད་པར་ཧ་རི་ནི་ས་ནི་དངོས་གྲུབ་མཐའ་དག་འབྱུང་བའི་སྔགས་ཡིན་ནོ། །བསྙེན་ཚད་ནི། གྲངས་ཀྱི་བསྙེན་པ་འབུམ་ཚོ་ལྔས། །ཐ་མལ་ཤེས་པ་བསྒྱུར་བར་ནུས། །ཟླ་བ་དྲུག་ཏུ་བཟླས་པ་ཡིས། །འཁྲུལ་པའི་རྟོག་པ་ཟད་པར་འགྱུར། །ཞེས་གྲངས་བསྙེན་དང་དུས་བསྙེན་གསུངས་ཅིང་། འོག་ནས་འབར་བ་གསུམ་དང་ཚུགས་པ་གསུམ། འདུ་བ་གསུམ་དང་དྲོད་གསུམ་ཐོབ། །ཤེས་པ་གཏིང་ནས་ལྷོངས་པ་དང་། །ལུས་སེམས་གཉིས་འཛིན་མེད་པ་དང་། །ཞེས་པས་སྐབས་འདིར་མཚན་མའི་བསྙེན་པར་ལེན་པ་ཞལ་གདམས་ཀྱི་དགོངས་པའོ། །བསྙེན་ཚད་དེ་རྣམས་ཀྱང་གང་ཟག་གི་དབང་པོ་རིམ་པས་ཞལ་གདམས་ལས་གསུངས་ཏེ་ཇི་སྐད་དུ། དེ་ལ་དུས་ཀྱི་བསྙེན་པ་ནི་རབ་ཟླ་བ་གསུམ་འབྲིང་ལྔ་ཐ་མ་ཡང་བདུན་གྱིས་འགྲུབ་པར་འགྱུར་རོ། །གྲངས་ནི་རབ་འབུམ་ཚོ་ལྔ་འབྲིང་བཅུ་ཐ་མ་ཡང་བཅོ་
༡༥༧ ལྔས་འགྲུབ་པར་འགྱུར་རོ། །ཞེས་གསུངས་སོ། །མཚན་མ་ལ་གཉིས་ལས། ལས་དང་པོ་པའི་མཚན་མ་ནི་ཞལ་གདམས་དང་པོར། མ་དང་སྲིང་མོ་ལ་སོགས་པའམ་བུ་མོ་དང་བུད་མེད་ཆས་བཟང་པོ་དང་ལྡན་པ་རྣམས་ཀྱིས་གླུ་ལེན་པ་དང་ཤོན་རྩེ་བ་དང་ཕྱག་དང་བསྐོར་བ་བྱེད་པ་དང་བཟའ་བཏུང་འདྲེན་པ་དང་བག་ཕེབས་པ་ནི་ཉེ་བའི་རྟགས་ཡིན་ནོ། །ཕོ་མོ་འདྲེས་མ་བྱུང་ན་ཆོ་འཕྲུལ་སྟོན་པ་ཡིན་པས་ཏིང་ངེ་འཛིན་སྦར་རོ། །ཕོ་ཉི་ཚེ་བ་བྱུང་ན་རྒྱལ་པོའ་བར་ཆད་ཡིན་པས་བདུད་རྩི་ལྔའི་སྦྱིན་སྲེག་བྱ་ཞིང་དགེ་སྦྱོར་དྲག་ཏུ་བྱའོ། །ཞེས་སོགས་གསུངས་པས་བུ་མོ་རྒྱན་ཅན་གྱིས་བཟའ་བཏུང་སྟེར་བ་སོགས་དངོས་ཉམས་རྨི་ལམ་དུ་སྣང་ན་དངོས་གྲུབ་ཉེ་བའི་རྟགས་ཡིན་ལ། ཕོ་མོ་འདྲེས་མ་བྱུང་ན་རིག་པ་ངར་བསྐྱེད་སྟེ་བསྒོམ་བཟླས་ལ་འབད། ཕོ་ཉི་ཚེ་བ་བྱུང་ན་བདུད་རྩི་ལྔའི་སྦྱིན་སྲེག་དངོས་སམ་མ་འབྱོར་ན་ཡང་སྲེག་རྫས་རྣམས་བདུད་རྩི་ལྔས་སྦགས་ལ་སྦྱིན་སྲེག་བྱ། སྤྲང་མོར་བྱུང་ན་ཚོགས་གཏོར་ལ་འབད། ཡུགས་ས་མོར་བྱུང་ན་རྐྱེན་ཟློག་དང་རིམ་གྲོ་བྱ། མཛེ་མོར་བྱུང་ན་དམ་ཚིག་ལ་བཤགས་པ་དང་ཚོགས་འཁོར་བྱེད། ཕྱིར་བསྐྱེད་ནས་འདུག་ན་སྒྲུབ་པ་ལ་བརྩོན་འགྲུས་བསྐྱེད། ཤོ་རེ་མར་བྱུང་ན་གྱིས་གསང་བ་མི་བསྐྲག་ཅིང་བསྒྲགས་པ་ལ་བཤགས་པ་བྱའོ། །ཁྱད་པར་གྱི་ལྟས་ནི་ཞལ་གདམས་ལས། མཁའ་འགྲོ་མ་རྣམས་ཀྱིས་ཆོས་གསུང་བ་དང་ལུང་སྟོན་པ་དང་སྐུ་མཐོང་བ་ཌཱ་མ་རུའི་སྒྲ་གྲགས་པ་དང་ཆང་གི་རྒྱུན་འབབ་པ་དང་ཉིན་མོ་མི་འདུ་བ་དང་མཚན་མོ་མཁའ་འགྲོ་མ་འདུ་བ་དང་ནང་ནུབ་ཟས་འདུ་བ་དང་ལུས་ལ་བདེ་བ་འབར་བ་དང་ངག་ལ་ནུས་པ་འབར་བ་དང་སེམས་ལ་རྟོགས་པ་འབར་བས་རང་གཞན་གྱིས་ལུས་ངག་ཡིད་གསུམ་བྱིན་གྱིས་རློབ་ནུས་པ་དང་སྡུག་བསྔལ་ལ་སྲན་ཚུགས་པ་དང་ཉམས་ལ་ཡན་ཚུགས་པ་དང་གདམས་ངག་ལ་རང་བྱན་ཚུགས་
༡༥༨ པའང་། ཕྱིའི་དྲོད་ལུས་ཡོད་དུ་མི་ཚོར་བ་དང་ནང་གི་དྲོད་དབུགས་རྒྱུ་བ་མི་ཚོར་བ་དང་། གསང་བའི་དྲོད་རྟོགས་པ་ལ་གསལ་འགྲིབ་མེད་པ་སོགས་འབྱུང་བར་འགྱུར་རོ། །དེ་དག་ནི་ཁྱད་པར་གྱི་རྟགས་ཐོབ་པའོ་ཞེས་གསུངས་པ་ཉིད་དོ། །གཉིས་པ་མདུན་བསྐྱེད་དུ་སྒྲུབ་པ་ནི། ཞལ་གདམས་ཀྱི་དགོངས་པས། དེ་དབུས་ཧྲིཾཿལས་གྱུར་པ་ཡི། །བདུད་བཞི་ལས་རྒྱལ་ཁོ་མོར་བསྐྱེད། །ཕྱོགས་ཀྱི་པདྨ་འདབ་བཞི་ལ། །འབྱུང་བཞི་བསྐྱེད་པའི་ས་བོན་ལས། །མཁའ་འགྲོ་སྡེ་བཞི་འཁོར་བཅས་བསྐྱེད། །ཅེས་གོང་དུ་གསུངས་པ་འདིར་བླངས་ནས་བདུད་རྩི་དང་བིགྷྣཾ་གྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་བགེགས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་སྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ་ཨེ་ལས་གདན་ཐབས་དང་ཁང་ཐབས་ཀྱི་ཆོས་འབྱུང་གདན་པད་རོ་ཉི་མའི་གདན་སྔར་འདྲ་བ་ལས་ཉི་མའི་སྟེང་དུ་ས་བོན་ཧྲཱིཿདམར་པོ་བསམ་སྟེ་འཕྲོ་འདུ་ལས་གཙོ་མོའ་སྐུ་རྫོགས་པར་བསྒོམ། འདབ་མ་བཞི་ལ་ཧ་རི་ནི་ས་སོ་སོ་ལས་འཁོར་སོ་སོ་བསྒོམ། གཙོ་མོ་ལ་དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོ་དང་འཁོར་བཞིའི་ཐུགས་ཀར་ཧ་རི་ནི་ས་བཀོད། དེའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཏེ་བྱོན་ལེགས་དང་གདན་ཕུལ་ནས་ཕྱི་ནང་གསང་བས་མཆོད། ཅུང་ཟད་བསྟོད་ནས་དེ་རྣམས་ཀྱི་སྐུ་ལས་ཞེས་སོགས་ཀྱི་དབང་བསྐུར་ནས་མཐར་དམ་ཡེ་དབྱེར་མེད་དུ་བསྟིམ་མོ། །དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གསུམ་བརྒྱུད་ཀྱི་བཟླས་པ་ནི། བདག་བསྐྱེད་ཀྱི་དཔྲལ་བ་ནས་སྐུའི་འོད་ཟེར་དཀར་པོ་འཕྲོས། མདུན་བསྐྱེད་ཀྱི་དཔྲལ་བར་ཐིམ། མདུན་བསྐྱེད་གཙོ་འཁོར་གྱི་དཔྲལ་བ་ནས་སྐུའི་འོད་ཟེར་དཀར་པོ་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་དཔྲལ་བར་ཐིམ་པས་དེ་རྣམས་ཀྱི་སྐུའི་ཡོན་ཏན་དང་ནུས་མཐུ་དང་བྱིན་རླབས་ཐམས་ཅད་སྐུའི་
༡༥༩ འོད་ཟེར་དཀར་པོའ་རྣམ་པས་ཚུར་བྱོན་མདུན་བསྐྱེད་གཙོ་འཁོར་གྱི་དཔྲལ་བར་ཐིམ་པས་མདུན་བསྐྱེད་གཙོ་འཁོར་གྱི་སྐུའི་བྱིན་རླབས་ཐམས་ཅད་བསྡུས་ཏེ་དཔྲལ་བ་ནས་འོད་དཀར་པོའ་རྣམ་པས་ཚུར་བྱོན་རང་གི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་ཐམས་ཅད་ཐོབ་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་བདག་ཉིད་ངའོ་ཞེས་ང་རྒྱལ་བརྟན་པས་སྔགས་བཟླའོ། །དེ་བཞིན་དུ་མགྲིན་པ་ནས་འོད་ཟེར་དམར་པོས་གསུང་གསུམ་བརྒྱུད། ཐུགས་ཀ་ནས་སྔོན་པོས་ཐུགས་གསུམ་བརྒྱུད། ལྟེ་བ་ནས་སེར་པོས་ཡོན་ཏན་གསུམ་བརྒྱུད། གསང་བ་ནས་ལྗང་གུས་ཕྲིན་ལས་གསུམ་བརྒྱུད་ཀྱི་བཟླས་པ་བྱའོ། །དེ་ནས་མཆོད་བཞི་བསྟོད་བཞི་དང་ཚོགས་གཏོར་དབུལ་བ་སོགས་བྱའོ། །སྤྱིར་སྒྲུབ་ཚུལ་གསུམ་ལས་བདག་བསྐྱེད་གཙོ་བོར་སྒྲུབ་ན་བདག་བསྐྱེད་ཀྱི་ཐུན་རེ་རེའི་མཐའ་འམ་ཐུན་གཉིས་ཀྱི་མཐའ་འམ་ཡང་ན་ཐུན་ཕྱི་མའི་མཐར་མདུན་བསྐྱེད་ཀྱི་བསྒོམ་བཟླས་བྱེད་ཅིང་བདག་བསྐྱེད་ཀྱི་གཞལ་ཡས་ཁང་གི་ནང་དུ་མདུན་བསྐྱེད་ཀྱི་སྲུང་འཁོར་སོགས་ཆུད་པར་བསྒོམ་ལ། མདུན་བསྐྱེད་གཙོ་བོར་སྒྲུབ་པའི་ཚེ་ཐུན་རེ་རེའི་མགོའམ་ཐུན་དང་པོའ་མགོར་བདག་བསྐྱེད་ཀྱི་བསྒོམ་བཟླས་བྱེད་ལ་བདག་བསྐྱེད་ཀྱི་སྲུང་འཁོར་སོགས་ཀྱང་མདུན་བསྐྱེད་ཀྱི་ཆོས་འབྱུང་གི་ནང་དུ་ཆུད་པར་བྱས་ནས་ཕལ་ཆེར་མདུན་བསྐྱེད་ཉིད་སྒྲུབ་པའོ། །ཆ་མཉམ་དུ་སྒྲུབ་པའི་ཚེ་གཞལ་ཡས་ཁང་ཐ་དད་པའམ་ཡང་ན་བདག་བསྐྱེད་བསྡུས་ནས་མདུན་བསྐྱེད་དུ་འཕོ་བའམ་ཐུན་རེ་བཞིན་ཐུན་སྟོད་བདག་བསྐྱེད་ཐུན་སྨད་མདུན་བསྐྱེད་དུ་སྒྲུབ་པར་གསུངས་ལ། སྤྱིར་དང་པོར་བདག་བསྐྱེད་གཙོ་བོར་སྒྲུབ། གྲངས་བསྙེན་ཙམ་ཐེམས་ནས་ཆ་མཉམ་དང་། བདུད་རྩི་སྒྲུབ་པ་སོགས་ལ་མདུན་བསྐྱེད་གཙོ་ཆེ་བས་བརྟན་པ་ལེགས་པར་ཐོབ་ནས་བདག་མདུན་དང་མཉམ་རྗེས་སོགས་ཐ་དད་མེད་པར་བསྐྱེད་རྫོགས་དབྱེར་མེད་ཀྱིས་བསྒྲུབ་བོ། །གསུམ་པ་བུམ་པ་སོགས་སྒྲུབ་པ་ནི། བཅུ་གཉིས་དབང་
༡༦༠ བསྐུར་གྱི་ཞལ་གདམས་ལས་གསུངས་པ་ལྟར་བྱ་སྟེ། བུམ་པ་སོགས་བསང་སྦྱང་བྱས་ནས། བུམ་ལས་བྱུང་བའི་བུམ་པ་དམར་པོ་མཚན་ཉིད་དང་ལྡན་པའི་ནང་དུ་ཆོས་འབྱུང་གི་གཞལ་ཡས་ཁང་དང་བརྟེན་པ་ལྷ་མོ་ལྔ་བསྐྱེད་ལ་ས་བོན་རྣམས་དགོད། སིནྡྷུ་རའི་མཎྜལ་གྱི་སྟེང་དུ་ཧྲཱིཿཡིག་དམར་པོ་ཚོན་གང་པ་བསམ། ས་བོན་རྣམས་ཀྱི་འོད་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་རྣམ་པས་སྟེང་གི་ནམ་མཁར་ཁྱབ་པར་སྤྱན་དྲངས་ཏེ་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབ་པས་ཧྲཱིཿཡིག་ལ་རྒྱུན་མི་འཆད་པར་ཐིམ་ཞིང་ཧྲཱིཿཡིག་དེ་ལྕི་ཞིང་སྣུམ་པས་བདུད་རྩིའི་རྒྱུན་བབ་སྟེ་སིནྡྷཱུ་རའི་མཎྜལ་གང་ཕྱིར་ལུད་པས་མཁའ་འགྲོ་དབང་སྡུད་ཀྱི་དཀྱིལ་འཁོར་གང་། སླར་ཡང་ལུད་པས་དར་དམར་གྱི་དཀྱིལ་འཁོར་གང་། དེ་ནས་ལུད་པས་ཐོད་པ་གང་། སླར་ལུད་པས་བུམ་པ་གང་ཞིང་མཐར་བུམ་ཐོད་ཀྱི་རྟེན་བརྟེན་པ་ཡང་བདུད་རྩིར་ཞུ་བར་བསམ་ཞིང་སིནྡྷཱུ་རའི་མཎྜལ་གྱི་སྟེང་དུ་གཟུངས་ཐག་རྡོ་རྗེ་བཞག་ལ་གཟུངས་ཐག་ནས་བཟུང་ལ་བཟླས་པ་བྱའོ། །བདུད་རྩི་རིལ་བུའམ་སྨན་དུ་སྒྲུབ་ན་འདི་ཁོ་ན་གཙོ་བོར་བྱེད་ལ། ཐོད་པའི་རྫས་ཁོལ་ཞིང་འཕྱུར་བ་དང་དྲི་བཟང་པོ་བྲོ་བ་དང་མང་དུ་འཕེལ་བ་སོགས་ནི་དངོས་གྲུབ་ཀྱི་ལྟས་ཡིན་ལ། དྲོ་བ་དང་དུ་བ་དང་འབར་བ་གསུམ་ནི་དངོས་གྲུབ་ཐ་མ་དང་འབྲིང་དང་མཆོག་གི་མཚན་མའོ། །སྤྱིར་ལས་དང་པོ་པ་དབང་པོ་ཅུང་ཟད་བརྟུལ་བ་ཡིན་ན་དང་པོར་བསྙེན་པའི་དོད་དུ་དཀྱིལ་འཁོར་མ་བྱས་པར་བདག་བསྐྱེད་རྐྱང་པས་བསྒྲུབས་ནས་ཕྱིས་དཀྱིལ་འཁོར་དང་བཅས་པའི་སྒྲུབ་པ་བྱ་ལ་དཀྱིལ་འཁོར་དང་བཅས་པའི་སྒྲུབ་པའི་ཚེ་འདི་ནི་མཐར་སྒྲུབ་པ་འགྲོལ་ཁར་བདག་འཇུག་བརྒྱ་སྟོང་སོགས་བླང་ངོ་། །བཞི་པ་དཀྱིལ་འཁོར་བསྡུ་བ་ནི། བུམ་ཆུ་དབང་གི་དུས་སུ་དངོས་གྲུབ་ཏུ་བླང་། སིནྡྷཱུ་རའི་ཕྱི་ནང་གི་མཎྜལ་མཐའ་ནས་བསྡུས་ཏེ་ལྟེ་བ་དང་སྙིང་གར་བྱུགས། ལྷག་མ་ཟ་མ་ཏོག་ཏུ་བཅང་ངོ་། །ཐོད་པའི་བཅུད་ནང་མཆོད་ཡིན་ན་དངོས་
༡༦༡ གྲུབ་ཏུ་བཏུང་ཞིང་སྨན་ནམ་རིལ་བུ་ཡིན་ན་གྲུབ་ནས་ཕུད་བླ་མ་ལ་འབུལ་ཞིང་ཆ་གཅིག་སྒྲུབ་པའི་གྲོགས་ལ་ཕྱིན་ལྷག་མ་རིལ་བུ་ཡུངས་ཀར་གྱི་འབྲུ་ཙམ་བྱས་པ་ནང་རེ་བཞིན་མྱང་། ཐོད་པ་སིནྡྷཱུ་ར་དང་མེ་ལོང་དུ་བཅས་པ་དར་དམར་དཀྱིལ་འཁོར་ཅན་དེས་དྲིལ་ཞིང་འགྲོ་ན་མཆན་འོག་གམ་སྡོད་ན་དབེན་པར་བཅང་། རྡུལ་ཚོན་གྱི་དཀྱིལ་འཁོར་མཐའ་ནས་འོད་དུ་ཞུ་བར་བསམ་སྟེ་ཁྱམས་ཀྱི་བར་ཕྱི་ནས་ནང་དུ་ཕྱོགས་ནས་ཁང་ཐབས་ཆོས་འབྱུང་གི་སྟེང་དུ་དྲི་ཞིམ་པོའ་ཤིང་དམར་པོས་ཆོས་འབྱུང་གི་དབྱིབས་རྒྱའི་ཕྱེད་ཀྱི་དཔངས་སུ་བརྩིགས། ལྷ་མཚན་སོགས་ལ་མ་གནོད་པར་དྲི་ཞིམ་པོས་ཅུང་ཟད་བཀང་། དགེ་འདུན་གྱི་ཚང་མང་གི་མེའམ་རྒྱལ་པོའ་མེ་སོགས་ཀྱིས་སྦར་ཏེ་དབུས་སུ་གཞུག །དཀྱིལ་འཁོར་གྱི་ལྷ་ཡེ་ཤེས་ཀྱི་མེ་ལྷར་བཞུགས་པ་ལ་སྨན་སྣ་འབྲུ་སྣ་རིན་པོ་ཆེ་དྲི་སྣ་དར་སྣ་ཚོགས་སོགས་བདུད་རྩིས་སྦགས་པ་རྣམས་ཡེ་ཤེས་ཀྱི་བདུད་རྩིར་བསམ་ནས་ཞལ་དང་ཕྱག་ཏུ་འབུལ་བར་བསམ་སྟེ་གཡོན་གྱི་མཐེབ་སྲིན་ནམ་བླུགས་གཟར་གྱིས་དབུལ་ཞིང་སྙིང་པོའ་སྔགས་ལ་འབྲུ་གསུམ་བཏགས་པ་བརྗོད། དེ་བཞིན་དུ་མར་ཁུ་དང་ཞལ་ཟས་སྣ་ཚོགས་དང་བཏུང་བ་སྣ་ཚོགས་དང་ཚོགས་དང་གཏོར་མ་ཡང་ཐབ་ཏུ་དབུལ། མཆོད་བཞི་བསྟོད་བཞི་བྱ། འདོད་དོན་ལ་གསོལ་བ་བཏབ། འདི་སྒྲུབ་པའི་མཐའ་བསྡུ་བའི་སྦྱིན་སྲེག་བྱ་སླ་ཞིང་ཚེགས་ཆུང་བ་སྟེ། གལ་ཏེ་སྤྲོས་པ་ལ་དགའ་ན་བྲི་ཐབ་བམ་བྲུ་ཐབ་བམ་རྩིགས་ཐབས་གང་ཡང་རུང་པ་ཐབ་ཟུར་དུ་བྱས་ཏེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་རྫས་སྔགས་སོ་སོས་དབུལ་བ་ཡང་བྱར་རུང་ངོ་། །དེ་ནས་མཆོད་པ་ཅི་འབྱོར་བཤམས་ཏེ་གཏང་རག་གི་མཆོད་བསྟོད་རྒྱས་པ་བྱ། ཡིག་བརྒྱ་བརྒྱ་རྩ་སོགས་བཟླ་ཞིང་ནོངས་པ་བཟོད་གསོལ་བྱ། མདུན་བསྐྱེད་ཀྱི་སྣོད་བཅུད་རྟེན་བརྟེན་པ་དང་བཅས་པ་འོད་དུ་ཞུ་སྟེ་གཙོ་མོ་ལ་ཐིམ། དེ་ས་བོན་ཧྲཱིཿཡིག་ལ་ཐིམ། དེ་རང་གི་ཧྲཱིཿཡིག་ལ་བསྡུས་ཏེ་བདག་
༡༦༢ བསྐྱེད་ཀྱང་བསྡུས་ནས་འོད་གསལ་བར་བཞག །སླར་སྒྱུ་མའི་སྐུར་ལངས་ཏེ་དགེ་བ་བྱང་ཆུབ་ཏུ་བསྔོ་ཞིང་ཐལ་བ་དང་རྡུལ་ཚོན་ཕྱགས་ཏེ་རྒྱ་མཚོར་འབབ་པའི་ཆུའམ་རི་བོ་ཆེན་པོའ་རྩེར་དོར། ལས་ཀྱི་རྗེས་མི་མངོན་པར་བྱས་ཏེ་ཤིས་པ་བརྗོད་དོ། །འདི་ན་གཞུང་ཉིད་ལས་གསང་སྒྲུབ་ཀྱི་མཚན་དུ་གསུངས་པ་ཟིན་བྲིས་རྣམས་ལས་ནང་སྒྲུབ་ཅེས་བཤད་པ་ཉམས་སུ་བླང་བའི་དངོས་གཞི་ཡིན་ནོ། །གསུམ་པ་གསང་བའི་སྒྲུབ་པ་ཞལ་གཉིས་མར་བསྒྱུར་བ་ནི། སྤྱིར་ཞལ་གཉིས་མའི་ཡིག་སྣ་མང་བར་བཞུགས་ཀྱང་འདི་ནི་གཞུང་ཞལ་གདམས་ཀྱི་ཡན་ལག་ཏུ་རྗེ་མར་པས་མི་ལ་ལ་གནང་བའི་ཞལ་གདམས་ཤོག་གཅིག་མ་ཞིག་ཡོད་པ་དེ་ལྟར་དུ་བསྒོམ་པ་སྟེ། གནས། དུས། བཀོད་པ། བཤམས་པ། སྒྲུབ་པ་དངོས་རྣམས་གཞན་སྔ་མ་ཞལ་གཅིག་མ་དང་ཁྱད་མེད་ལ། བདག་མདུན་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོ་ཚངས་བུག་ནས་ཐོན་པའི་ཕག་ཞལ་རང་མདོག་ཅན་སྤྱན་གསུམ་ནམ་མཁའ་ལ་ལྟ་བ། ཟེ་པ་མདུན་ཕྱོགས་སུ་ལངས་ཤིང་རྒྱབ་ཏུ་ཞལ་ལྟ་བ། མཆེ་བ་གཙིགས་ཅིང་ངུར་སྒྲ་དྲག་ཏུ་སྒྲོག་པ་རེ་རེ་ཐོན་པར་བསམ་ཞིང་ཐུན་མོང་མ་ཡིན་པའི་བཟླས་རིམ་ལྔ་པོ་སྔར་ལྟར་བྱ་ཞིང་། སྤྲོ་བསྡུའི་བཟླས་པའི་དབུ་མའི་སྟེང་སྤྲོ་དང་སྟེང་སྡུད་ཀྱི་ཚེ་འོད་ཁ་དོག་དམར་པོ་དང་སྔགས་ཕྲེང་ཕག་ཞལ་གྱི་སྤྱན་དབུ་མའམ་ཚངས་བུག་ནས་སྤྲོ་བ་ནི་ཁྱད་པར་ཡིན་ནོ། །མཐར་ཧཱུྃ་གིས་མཁའ་འགྲོ་གནད་ནས་བསྐུལ། ཞེས་པའི་ཞལ་གདམས་དེ་ཉིད་གཙོ་བོར་བསྒོམ་ཞིང་འདི་ལ་ཡང་གྲི་གུག་ལ་བརྟེན་ནས་ཕཊ་ཡིག་དང་། ཐོད་ཁྲག་ལ་བརྟེན་ནས་ཧྲཱིཿཡིག་བརྗོད་པའི་ཁྱད་པར་གསུམ་དུ་ཕྱེ་བས་ཞལ་གདམས་ཧཱུྃ་ཧྲཱིཿཕཊ་གསུམ་ཞེས་ཟིན་བྲིས་སུ་གསུངས་སོ། །མཐར་སྐད་ཅིག་གིས་རང་ཉིད་དཔལ་འཁོར་ལོ་སྡོམ་པའི་ང་རྒྱལ་དུ་འཕོས་ཏེ་ཐུགས་ཀའི་ཧཱུྃ་ལ་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང་དབུ་མའི་ནང་བརྒྱུད་རྡོ་རྗེ་ནོར་བུའི་སྒོ་ནས་ཐོན་ཡུམ་གྱི་སྐུའི་
༡༦༣ དབྱིབས་བརྒྱུད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་སྔགས་ཕྲེང་དང་དབྱེར་མེད་དུ་སྤྱན་དྲངས་ཞལ་ནས་ཞལ་དུ་ཞུགས་ཏེ་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསམ་ཞིང་། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་ཡིག་བདུན་འབུམ་ཕྲག་བཞི་བཟླའོ། །མདོར་ན་ཕྱི་སྒྲུབ་མཚམས་དམ་ལྷོད་ཅི་རིགས་པས་འབུམ་ཕྲག་བཞི། ནང་སྒྲུབ་དང་གསང་སྒྲུབ་མཚམས་དམ་ཞིང་སྐྱེ་བོའ་ཚོགས་དང་མི་བསྲེ་བར་བརྩོན་འགྲུས་ཆེན་པོས་བཅུ་དྲུག་རེ། མཐར་ཡབ་ཀྱི་ང་རྒྱལ་དུ་འཕོས་ནས་ཡིག་བདུན་འབུམ་ཕྲག་བཞི་སྟེ་འབུམ་ཕྲག་བཞི་བཅུས་གྲངས་བསྙེན་ཚར་ཕྱིན་པར་འགྱུར་ལ། དེ་ཐམས་ཅད་ཀྱི་དུས་སུ་ཡང་སྙེམས་ཐག་ཇི་ལྟར་བཅད་པ་ནི། ཡང་མེད་ཅིང་ཚད་བཟུང་མེད། རིག་པ་ངར་དང་བཅས་པ་ཡིས། །མི་ཕོད་བརྫི་ཞིང་ཞེན་པ་ལྡོག །འཁྲི་བ་བཙན་ཐབས་དག་ཏུ་བཅད། །རང་བྱུང་ཡེ་ཤེས་ཡི་གེ་བཞི། །དབྱིངས་སུ་ཤར་ནས་དབྱིངས་སུ་རོལ། །གཟུང་བའི་ཡུལ་དང་འཛིན་པའི་སེམས། །ཡང་དག་དོན་ལ་གྲུབ་པ་མེད། །ཅེས་དང་། ཞལ་གདམས་དྲུག་པར། ཚོགས་དྲུག་གི་སྣང་བ་ཐམས་ཅད་སྐྱེ་མེད་ཆོས་ཀྱི་སྐུར་རྟོགས་པའི་གདིང་དང་ལྡན་པས་དཔའ་རྩལ་ཆེ་བ་སྟག་ལྟ་བུ་དང་། གང་ལའང་ཉམ་ང་དང་བག་ཚ་མེད་པ་སེང་གེ་ལྟ་བུ་དང་། དམིགས་པ་རྣོ་ཞིང་རིག་པ་མྱུར་ལ་འཁྱུག་པ་གློག་ལྟ་བུ་དང་། རིག་པ་ངར་དང་བཅས་ཅིང་རྩལ་དྲག་པ་ཐོག་ལྟ་བུ་དང་། སྔགས་ཀྱི་སྒྲ་གྲགས་ཤིང་དཔའ་བ་འབྲུག་ལྟ་བུ་དང་། གང་ལའང་གཟའ་གཏད་མེད་པར་འགྲོ་བ་སྨྱོན་པ་ལྟ་བུ་དང་། ཆགས་ཞེན་དང་གཟུང་འཛིན་གྱི་མདུད་པ་གྲོལ་བ་ནམ་མཁའ་ལྟ་བུའི་རྟོགས་པ་དང་ལྡན་པས་ཤེས་པ་ཀག་ལངས་སུ་ཧུར་བསླངས་ལ་བརྟུལ་ཞུགས་ཐུག་ཕྲད་དུ་བརྡེག །ནད་ལ་གཟིར་གདོན་ལ་གཟིར་ཉོན་མོངས་ལ་གཟིར་བར་བྱའོ། །ཞེས་གསུངས་པ་ལྟར་རྣམ་པ་བསྐྱེད་རིམ་ངོ་བོ་ཆོས་ཉིད་གཞི་རྩ་དང་བྲལ་བ་དབྱེར་མེད་དུ་ཤེས་པས་སྣང་གྲགས་རྟོགས་གསུམ་གྱི་ཚོགས་ཟིལ་གྱིས་མནན་ལ་ཐད་ཀར་བཅད་པར་བྱའོ།། །།གསུམ་པ་ཡན་ལག་གི་དོན་ནི། །ནད་ལ་སྨན་དང་
༡༦༤ འདྲ་བར་སྤྱད། །ལྟོག་ན་ཟས་དང་འདྲ་བར་སྤྱད། །འཁྱགས་ན་གོས་དང་འདྲ་བར་སྤྱད། །འཇིགས་ན་སྐྱབས་དང་འདྲ་བར་སྤྱད། །གནོད་སྦྱིན་ཕོ་མོའ་གནོད་པ་ལ། །བརྟུལ་ཞུགས་ཐུགས་ཕྲད་ལམ་དུ་ཁྱེར། །ཧཱུྃ་གིས་མཁའ་འགྲོ་གནད་ནས་བསྐུལ། །ལམ་དུ་རྟེན་འབྲེལ་གང་འཕྲད་བསྒྲིག །ཞེས་དོན་ཚན་བདུན་གསུངས་པ་ཞལ་གདམས་གཉིས་པ་ནས་བརྒྱད་པའི་བར་སོ་སོས་སྟོན་ནོ། །གཉིས་པ་རྫོགས་རིམ་གྱི་སྒྲུབ་པ་ནི། འོག་ནས་འབྱུང་བའི་རླུང་དང་མེ་སོགས་ཚིག་རྐང་དྲུག་གིས་བདེ་ཆེན་རླུང་སེམས་གཉིས་མེད་དང་། སྔར་བསྟན་པ། གཟུང་བའི་ཡུལ་དང་ཞེས་པའི་རྐང་པ་གཉིས་ཀྱིས་སྐྱེ་མེད་རླུང་སེམས་གཉིས་མེད་གསུངས་ཏེ་མན་ངག་ལས་རིག་པར་བྱའོ། །གཉིས་པ་གྲུབ་ནས་སྤྱོད་པ་བྱ་ཚུལ་ནི། ནང་གི་གདེང་དང་ལྡན་ནས་ནི། །རིག་པ་བརྟུལ་ཞུགས་སྤྱོད་པ་བྱ། །གཅེར་བུ་སྟག་གི་ཤམ་ཐབས་བྱ། །ཕྱག་རྒྱ་ལྔས་བརྒྱན་ཅང་ཏེའུ། །དྲིལ་བུ་སིལ་སིལ་ཚངས་སྐུད་དང་། །ཐོད་པ་དང་ནི་ཁ་ཊྭཱཾ་ཐོགས། །དུར་ཁྲོད་ཀུན་ཏུ་རྒྱུ་བར་བྱ། །རིགས་ལྔའི་མཁའ་འགྲོ་མ་དག་ཀྱང་། །རྣལ་འབྱོར་དབང་དུ་བསྡུས་ལ་སྤྱད། །རླུང་དང་མེ་དང་བང་བའི་ཁམས། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །བསྐྱིལ་དང་ལྡོག་དང་དགྲམ་ཞིང་བསྟིམ། །དགའ་བཞིའི་ཡེ་ཤེས་རང་ངོས་བཟུང་། །ཞེས་པ་སྟེ་དངོས་གྲུབ་ཀྱི་ཐོད་པ་མཆན་ཁུང་དུ་བཅུག་སྟེ་སིནྡྷཱུ་རས་སྨིན་མཚམས་སུ་ཐིག་ལེ་བྱས་ནས་བཟའ་གཏད་མེད་པར་གྲོང་དང་གྲོང་ཁྱེར་སོགས་སུ་སྤྱད་པས་རང་བཞིན་གྱི་རྣལ་འབྱོར་མས་རྗེས་སུ་བཟུང་སྟེ་སྤྱོད་པ་མཐར་ཕྱིན་པར་འགྱུར་རོ། །གསུམ་པ་བསྲུང་བྱ་དམ་ཚིག་ལ་གཉིས་ལས་དམ་ཚིག་དངོས་ནི། རིགས་ལྔའི་མཁའ་འགྲོ་མ་རྣམས་ཀྱི། །སོ་སོའ་དམ་ཚིག་སྲུང་ཚུལ་ནི། །སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ། །བླ་མ་ལ་གུས་སྤྱི་བོར་བཀུར། །སེམས་ཅན་
༡༦༥ རྣམས་ལ་བྱམས་པ་བསྒོམ། །རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ། །ཤ་ལྔ་བདུད་རྩི་ལྔ་ལ་སྤྱད། །རྣམ་པར་མི་རྟོག་སྟོང་ཉིད་བསྒོམ། །རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ། །ཚོགས་དང་གཏོར་མ་རྒྱ་ཆེན་བཤམ། །ཆགས་ཞེན་སྤངས་ལ་རི་ཁྲོད་འགྲིམ། །པདྨ་མཁའ་འགྲོའི་དམ་ཚིག་ཏུ། །ཕྱག་རྒྱ་བསྟེན་ཅིང་བདེ་བ་བསྒོམ། །མེ་མཆོད་དབུལ་ཞིང་གླུ་གར་བྱ། །ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ། །རྒྱུད་ལ་གང་སྐྱེས་ཤེས་པ་རྣམས། །མི་དགག་ཐད་ཀར་སྤྱད་པར་བྱ། །ཞེས་གསུངས་ཤིང་ཉམས་ན་བསྐང་བའི་ཚུལ་ཡང་། ཉམས་ན་ཚོགས་ཀྱི་འཁོར་ལོ་དང་། །ཡི་གེ་བརྒྱ་པས་བཤགས་པ་བྱ། །ཞེས་པས་ཚོགས་འཁོར་དང་དུས་བཟང་གི་མཆོད་པ་བྱའོ། །མཐར་ཐུག་གི་འབྲས་བུ་ནི། ངོ་བོ་འགྱུར་བ་མེད་པ་དང་། །ཞེས་པས་ལྷན་ཅིག་སྐྱེས་པའི་སྐུ་དང་། རང་བཞིན་སྐྱེ་བ་མེད་པ་དང་། །ཞེས་པས་ཆོས་སྐུ། མཚན་ཉིད་གཉིས་སུ་མེད་པ་དང་། །ཞེས་པས་ལོངས་སྐུ། ཐུགས་རྗེ་འགག་པ་མེད་པར་པར་འཆར། ཞེས་པས་སྤྲུལ་སྐུ་སྟེ་འཁོར་ལོ་བཞིར་སྐུ་བཞིར་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ནོ། །དཔལ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་སློབ་དཔོན་ཆེན་པོ་ནཱ་རོ་པས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁས་པ་ཆེན་པོ་ནཱ་རོ་པཎྜི་ཏའི་ཞལ་སྔ་ནས། ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུཥྤ་ཧ་རིའི་བྱང་ཕྱོགས་སེང་ལྡེང་སྟུག་པོའ་ནག་གསེབ་ཏུ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་རྗེ་ལོ་ཙཱ་བས་མཛད་བྱང་དང་འགྱུར་བྱང་འགོད་པར་མཛད་དོ། །བསྐྱེད་རིམ་ལྷན་ཅིག་སྐྱེས་པའི་ལྷ་ཁྲིད་ཇི་ལྟར་ཉམས་སུ་ལེན་ཚུལ་འདི་ནི་བསྐྱེད་རིམ་གསང་སྒྲུབ་ཀྱི་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་ཏེ་ཟིན་བྲིས་གསུམ་གྱི་དགོངས་པ་བཞིན་དཔལ་གཙུག་ལག་ཕྲེང་བས་བཤད་པ་ལེགས་པར་གྲུབ་བོ། །སརྦ་མངྒ་ལཾ།། །།

Notes


WYLIE TEXT WILL APPEAR HERE

Footnotes



Research Information
Translator's notes
Note from Ringu Tulku
The Commentary on the Creation Stage of the Vajrayogini Practice, the Essence of "The Profound Explanation".
Notes on the text itself
Notes on authorship
Translated by lo tsA ba mar pa chos kyi blo gros at Pushpahari.
Notes on individuals related to text
Other notes
Genre from Richard Barron's Catalog
Instruction manual
Genre from dkar chag
karma kaM tshang
BDRC Link
VolumeI1CZ3971
BDRC Content Information
No note on contents


Related Content
Recensions
Other Translations
Commentary(s) of this Text in the DNZ
Text(s) in the DNZ of which this is a commentary
Related Western Publications
Related Tibetan Publications
Other Information

Information about Unicode Tibetan and the digitization of this text

As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of fall 2017 that project has not been finished. Note that the folio numbers that appear throughout were added by Nitartha Input Center at the time of input.

Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion.