Tibetan:དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་འབྲོ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འབེབས་པ་

From gDams Ngag mDzod
Revision as of 19:17, 29 November 2010 by Adam (talk | contribs)
Jump to navigation Jump to search

Cataloging data for this text

Full Title

Tibetan: ༄༅། །དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་འབྲོ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འབེབས་པ་ཆེན་པོ་ཞེས་བྱ་བ་བཞུགས་སོ༎ ༎
Wylie: @#/_/dpal dus kyi 'khor lo'i rim gnyis 'bro lugs kyi brgyud pa'i gsol 'debs rdo rje 'bebs pa chen po zhes bya ba bzhugs so//_//

Tibetan text

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.



ཤོག་ལྷེ་༣༤༥དཔལ་དུས་ཀྱི་འཁོར་ལོའ་རིམ་གཉིས་འབྲོ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འབེབས་པ་ཆེན་པོ་ཞེས་བྱ་བ་བཞུགས་སོ།། །།



ཤོག་ལྷེ་༣༤༦ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿ །རྣམ་ཀུན་མཆོག་ལྡན་ཐིག་ལེ་སྟོང་པ་དྲུག །འགྱུར་མེད་བདེ་བ་སྟོང་ཆེན་ཡི་གེ་ལྔ། །སྙོམས་ཞུགས་འོད་གསལ་བདེ་གཤེགས་སྙིང་པོ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །ཐོག་མཐའ་དབུས་གནས་དུས་དང་ཡོན་ཏན་མེད། །སྐད་ཅིག་གཅིག་གིས་བྱང་ཆུབ་ཐམས་ཅད་མཁྱེན། །ཡེ་ཤེས་རྡོ་རྗེ་ཕྱག་རྒྱ་ཆེན་མོ་ལ། །གསོལ་བ་འདེབས་སོ །མཆོག་ཏུ་མི་འགྱུར་སྐྱེ་འཇིགས་སྤངས་པའི་བདེ། །རྣམ་པ་ལྔ་ཡིས་བྱང་ཆུབ་ཡེ་ཤེས་སྐུ། །ཐུགས་ཀྱི་རྡོ་རྗེ་དང་པོའ་སངས་རྒྱས་ལ། །གསོལ་བ །གཞོམ་མེད་སྒྲ་བརྙན་བདེན་དོན་བཅུ་གཉིས་པ། །རྣམ་པ་ཉི་ཤུས་བྱང་ཆུབ་ཉིན་མོར་བྱེད། །གསུང་གི་རྡོ་རྗེ་དུས་ཀྱི་འཁོར་ལོ་ལ། །གསོལ་བ །ཞི་བའི་གཟུགས་བརྙན་དེ་ཉིད་བཅུ་དྲུག་རིག །སྒྱུ་དྲྭས་བྱང་ཆུབ་པདྨ་འདབ་རྒྱས་སྤྱན། །སྐུ་ཡི་རྡོ་རྗེ་ཤཱཀྱ་ཐུབ་པ་ལ། །གསོལ་བ །རྡོ་རྗེ་ཟླ་བ་དྲི་མེད་འོད་བཟང་པོ། །ལྷ་

ཤོག་ལྷེ་༣༤༧དབང་གཟི་བརྗིད་ཟླ་བྱིན་ལྷའི་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷ་ཡི་དབང་ལྡན་ལ། །གསོལ་བ །ས་བཅུའི་དབང་ཕྱུག་ཚོགས་ཀྱི་སྤྲུལ་པའི་སྐུ། །འཇམ་དཔལ་གྲགས་པ་པདྨ་དཀར་པོ་སོགས། །རིགས་ལྡན་ཉེར་ལྔ་ཕྱེད་སྐྱོང་དུམ་སྐྱོང་ལ། །གསོལ་བ །འཇམ་པའི་རྡོ་རྗེ་རྒྱུད་ཀྱི་བདག་པོའ་བདག །ཤྲཱི་བྷ་དྲ་སེམས་འགྲེལ་མཁའ་ཁྱབ་སྤེལ། །རྡོ་རྗེའི་སྐུ་བརྙེས་དུས་ཞབས་ཆེ་ཆུང་ལ། །གསོལ་བ །བོ་དྷི་བྷ་དྲ་ལས་ཆེན་ཐོགས་མེད་འགྲུབ། །སོ་མ་ནཱ་ཐ་ཕྲ་རགས་ཟག་པ་ཟད། །མཆོག་གི་གྲུབ་པ་པཎ་ཆེན་རྣམ་གཉིས་ལ། །གསོལ་བ །ཤེས་རབ་གྲགས་པ་གཞོམ་མེད་སྒྲ་སྐད་བསྒྱུར། །སྒོམ་པ་ཀུན་མཆོག་སྤྱན་སྔ་ཆགས་མེད་འཆང་། །སྔགས་མཆོག་རིག་པའི་བདག་པོ་ནམརྣམ་གཉིས་ལ། །གསོལ་བ །སྒྲོ་སྟོན་གནམ་བརྩེགས་འཕོ་ཆེན་་ཏིར་བཅིངས། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་མཁའ་ལ་སྤྱོད། །ཉི་ཟླའི་བགྲོད་པ་དག་པ་རྣམ་

ཤོག་ལྷེ་༣༤༨གཉིས་ལ། །གསོལ་བ །ཆོས་ཀྱི་དབང་ཕྱུག་གཉུག་མའི་ཆོས་གཏེར་བརྡོལ། །ནམ་མཁའ་འོད་ཟེར་མཁྱེན་རྟོགས་གཟི་འོད་འཕྲོ། །ལུང་རྟོགས་ཆོས་ཀྱི་ཕུང་པོ་རྣམ་གཉིས་ལ། །གསོལ་བ །ཌཱ་ཀི་ཇོ་འབུམ་ལྷན་སྐྱེས་ལང་ཚོས་སྒེག །ནམ་མཁའ་རྒྱལ་མཚན་དུས་གསུམ་ས་ལེར་གཟིགས། །ཡེ་ཤེས་ལུས་ཅན་ལྕམ་དྲལ་རྣམ་གཉིས་ལ། །གསོལ་བ །ཤེས་རབ་འོད་ཟེར་ཤེས་དང་ཤེས་བྱའི་བདག །ཆོས་སྐུ་འོད་ཟེར་འོད་གསལ་ཕྱག་རྒྱས་འཁྱུད། །མཆོག་ཐུན་གྲུབ་པའི་རྒྱལ་པོ་རྣམ་གཉིས་ལ། །གསོལ་བ །ཀུན་སྤངས་ཆེན་པོ་ཕྲ་རག་རྡུལ་ཆོས་སྤངས། །བྱང་སེམས་ཆེན་པོ་བྱམས་པའི་གོ་ཆས་གཡོགས། །རིགས་ལྡན་སྤྲུལ་པའི་སྐུ་མཆོག་རྣམ་གཉིས་ལ། །གསོལ་བ །མཁས་བཙུན་ཆེན་པོ་ཡོན་ཏན་རྒྱ་མཚོར་འཁྱིལ། །དུས་གསུམ་སངས་རྒྱས་ཀུན་མཁྱེན་དོལ་པོ་པབ། །རྒྱུད་འགྲོལ་མན་ངག་ཤིང་རྟ་ཆེན་པོ་ལ། །གསོལ་བ །སྒྲ་བསྒྱུར་སྐུ་མཆེད་ནཱ་དའི་རང་སྒྲ་སྒྲོགས། །ཕྱོགས་ལས་རྣམ་རྒྱལ་སྒྲིབ་གསུམ་གཡུལ་ལས་རྒྱལ། །རྒྱལ་ཚབ་ས་བརྙེས་སྐྱེས་ཆེན་རྣམ་གསུམ་ལ། །གསོལ་བ །ཀུན་དགའ་དཔལ་བ་ཤེས་བཅུ་རྣམ་དག་འཆང་། །ཀུན་དགའ་བློ་གྲོས་རྣམ་བཅུའི་དབང་དང་ལྡན། །ནང་གི་ས་བཅུའི་མཐར་སོན་རྣམ་གཉིས་ལ། །གསོལ་བ །དཀོན་མཆོག་བཟང་པོ་གཉིས་འཛིན་འཆིང་བ་བཅད། །ནམ་མཁའ་ཆོས་སྐྱོང་རྟོགས་པ་མཁའ་དང་མཉམ། །རིམ་གཉིས་རྣལ་འབྱོར་དབང་ཕྱུག་རྣམ་གཉིས་ལ། །གསོལ་བ །ནམ་མཁའ་དཔལ་བཟང་རྣམ་ཤེས་རྒྱལ་ཁམས་བརྒལ། །

ཤོག་ལྷེ་༣༤༩རཏྣ་བྷ་དྲ་འཁོར་ལོ་བདེ་བས་གང་། །མཁས་མཆོག་སྨྲ་བའི་སེང་གེ་རྣམ་གཉིས་ལ། །གསོལ་བ །འཇམ་མགོན་གྲོལ་མཆོག་གནས་གསུམ་འདུ་བ་ཐོབ། །ལུང་རིག་རྒྱ་མཚོ་སྲིད་མེད་སྲིད་པར་གནས། །ངེས་པ་དོན་གྱི་མཁས་གྲུབ་རྣམ་གཉིས་ལ། །གསོལ་བ །སྲོག་དང་ཐིག་ལེ་སྟོང་པའི་གཟུགས་ཀྱིས་བཅིངས། །པདྨ་རྡོ་རྗེ་ཉི་ཟླའི་དབུས་སུ་ཞུགས། །གསང་བདག་རྡོ་རྗེ་སེམས་དཔའ་སྒྲོལ་བའི་མགོན། །གསོལ་བ །ཡེ་ཤེས་རྒྱ་མཚོ་དྭངས་མ་སྒྲིབ་བྲལ་སྨིན། །རིན་ཆེན་རྒྱ་མཚོ་སྟོང་གཟུགས་བདེ་བར་གྲུབ། །འགྲན་ཟླ་ཀུན་བྲལ་རྒྱབ་ཚབ་རྣམ་གཉིས་ལ། །གསོལ་བ །བློ་གྲོས་རྣམ་རྒྱལ་བདེན་དོན་མཁའ་ཁྱབ་རྟོགས། །ངག་དབང་ཕྲིན་ལས་བྱིན་བརླབས་གཟི་བྱིན་འབར། །མངོན་སུམ་ལམ་གྱི་སྲོག་འཛིན་རྣམ་གཉིས་ལ། །གསོལ་བ །ཀུན་བཟང་དབང་པོ་ཟག་མེད་བདུད་རྩིས་མྱོས། །ཚེ་དབང་ནོར་བུ་རླུང་སེམས་དབང་དུ་མཛད། །བརྟུལ་ཞུགས་ཕྱོགས་མེད་གྲུབ་པ་རྣམ་གཉིས་ལ། །གསོལ་བ །བསྟན་པའི་ཉིན་བྱེད་ཡེ་ཤེས་འོད་བརྒྱ་འཕྲོ། །ཕྲིན་ལས་རྣམ་རྒྱལ་དགའ་བཞིའི་རྩེ་མོ་འཆང་། །རླབས་ཆེན་འགྲོ་བའི་དེད་དཔོན་རྣམ་གཉིས་ལ། །གསོལ་བ །པདྨ་ཉིན་བྱེད་རྟག་བདེའི་རྒྱལ་ཐབས་སྐྱོང་། །རྩ་བའི་བླ་མ་རིགས་བརྒྱའི་འཁོར་ལོས་སྒྱུར། །སངས་རྒྱས་ཀུན་དངོས་རྩ་བརྒྱུད་བླ་མ་ལ། །གསོལ་བ །ཡང་ན། ངག་དབང་ཕྲིན་ལས་ཀྱི་རྗེས་སུ། ངག་དབང་རྣམ་རྒྱལ་ཡིད་དཔྱོད་མཐའ་ལས་རྒྱལ། །ཀུན་དགའ་ཆོས་འཕེལ་ཀུན་དཱ་འཕེལ་ཞིང་བརྟན། །དེསངེས་དོན་བསྟན་པའི་སྲོག་འཚོ་རྣམ་གཉིས་ལ། །

ཤོག་ལྷེ་༣༥༠གསོལ་བ །ངག་དབང་དྲི་མེད་འཕོ་བའི་དྲི་མ་བཅོས། །ངག་དབང་ཆོས་འཕེལ་འོད་གསལ་མཁའ་ཁྱབ་འཕེལ། །སྦས་པའི་རྣལ་འབྱོར་དབང་ཕྱུག་རྣམ་གཉིས་ལ། །གསོལ་བ །རྡོ་རྗེའི་རྣལ་འབྱོར་སྟོན་མཛད་བཀའ་དྲིན་ཅན། །རྩ་བའི་བླ་མ །སོགས། ཁྱད་ཆོས་བཞི་ལྡན་བརྟགས་པའི་རྣལ་འབྱོར་གྱིས། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་གསལ་སྣང་གི། །རབ་མཐར་ཕྱིན་པས་ཞི་སོགས་ལས་ཆེན་འགྲུད། །སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརློབས། །ལྟོས་མེད་བཞི་ཡིས་རྣམ་པ་ཐམས་ཅད་པའི། །འཆར་སྒོ་འབྱམས་ཀླས་ཉམས་རྩལ་ཕྱོགས་མེད་རྒྱས། །རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་ལ། །ཡིད་ཆེས་རྣམ་གསུམ་ཐོབ་པར་བྱིན་གྱིས །མི་གཡོ་གསུམ་ལྡན་མི་རྟོག་ནང་གི་མཁར། །རྣམ་ཤེས་ཡུལ་དང་ཡུལ་ཅན་འབྲེལ་པ་བཅད། །སྟོང་པའི་ཡུལ་ལ་ཡེ་ཤེས་དབང་པོ་ཞུགས། །འོད་གསལ་རྟགས་བཅུ་རྫོགས་པར་བྱིན །སྲིད་གསུམ་གཟུགས་བརྙན་རང་གི་སེམས་ཉིད་དང་། །རོ་མཉམ་ཡན་ལག་ལྔ་པོ་མཐར་ཕྱིན་པ། །བསམ་གཏན་ཐོག་མར་དགེ་བའི་བསྙེན་པ་ཡིས། །རྡོ་རྗེ་བསླང་བ་འགྲུབ་པར་བྱིན །རྡོ་རྗེ་གསུམ་བཟླས་བྱེད་པ་བཅིངས་པ་ཡིས། །སྲོག་གཟུགས་རབ་གྲུབ་ཉི་ཟླའི་རྒྱུ་པབ་འགག །མུན་ཆེན་དབྱིངས་སུ་སྲོག་ཐུར་མཉམ་པར་འདྲེས། །འཆི་བའི་འཇིགས་པ་འཇོམས་པར་བྱིན །རླུང་གི་གོང་བུ་མི་ཤིགས་དཔྲལ་བར་ཐིམ། །གཞོམ་མེད་སྒྲ་སྒྲོགས་འབར་ཞུའི་བདུད་རྩིའི་བརླན། །བར་དུ་དགེ་བ་ཉེར་སྒྲུབ་རྡོ་རྗེའི་མེ། །ལྷ་སྐུའི་འདུ་འཕྲོ་ཤར་བར །

ཤོག་ལྷེ་༣༥༡ཕྱག་རྒྱ་གསུམ་སྦྱོར་དགའ་བཞི་རྗེས་དྲན་པས། །བདེ་སྟོང་འཕེལ་བརྟན་འཁོར་ལོའ་བདག་པོ་ཡི། །ལུས་ལས་འཕྲོས་པའི་འོད་ཀྱི་དཀྱིལ་འཁོར་དུ། །དག་པའི་གཟུགས་བརྙན་གསལ་བར་བྱིན །ཉི་རྡུལ་ཚོགས་པ་ནོར་བུའི་རྩེ་མོར་བརྟན། །བྱང་སེམས་ཟླ་བ་གཙུག་ཏོར་དབུས་སུ་ཉ། །མཐར་དགེ་ཏིང་འཛིན་སྒྲུབ་པས་དབུགས་འགགས་ནས། །ཞུ་བདེ་འགྱུར་མེད་འགྲུབ་པར་བྱིན་གྱིས་བརློབས། །སྦྱང་གཞི་སྐུ་དང་འོད་གསལ་རྡོ་རྗེའི་བཞི། །སྦྱང་བྱ་འཕོ་བ་ཀུན་སྤྱོད་གནས་སྐབས་བཞི། །སྦྱོང་བྱེད་རྣམ་ཐར་དག་པ་དེ་ཉིད་བཞིས། །སྦྱངས་འབྲས་བྱང་ཆུབ་མཁྱེན་བཞི་མངོན་གྱུར་ཤོག །སྲིད་པའི་རྣམ་པ་གཞོམ་མེད་རབ་སད་ནས། །དངོས་དང་དངོས་མེད་གཅིག་གྱུར་མ་ནིང་དངོས། །ཁམས་གསུམ་དབང་ཕྱུག་མཁའ་ཁྱབ་ཟུང་འཇུག་སྐུ། །དུས་ཀྱི་འཁོར་ལོའ་གོ་འཕང་འགྲུབ་གྱུར་ཅིག །ཅེས་པ་འདི་འང་ཡོངས་རྫོགས་བསྟན་པའི་སྒྲོན་མེ་ཐར་རྩེ་མཆོག་སྤྲུལ་རིན་པོ་ཆེའི་བཀའ་ལྟར་ཡོན་ཏན་རྒྱ་མཚོས་ནག་ཟླའི་གྲལ་ཚེས་བཟང་པོར་གུས་པ་ཆེན་པོས་བྲིས་ནས་གསོལ་བ་བཏབ་པ་དགེ་ལེགས་འཕེལ། ༄༅། །བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་དང་རྣལ་འབྱོར་ཡན་ལག་དྲུག་པ་སྟན་ཐོག་གཅིག་པའི་དམིགས་སྡོམ་ལྷན་སྐྱེས་གྲུབ་སྟེར་ཞེས་བྱ་བ་བཞུགས་སོ།། །།ན་མོ་གུ་རུ་ཤྲཱི་ཀཱ་ལ་ཙཀྲ་ཡ། འདིར་ལུས་ཀྱི་གནས་ལུགས་ལྷ་སྐུ་དང་སེམས་ཀྱི་གནས་ལུགས་བདེ་བར་ཤེས་ཏེ་སྤྲོས་པ་ལ་མི་དགའ་བར་ཡེ་ཤེས་ཀྱི་ལྷ་སྐུ་དང་རྣམ་པ་མཚུངས་པའི་རྫོགས་པའི་རྣལ་འབྱོར་ཉམས་སུ་ལེན་

ཤོག་ལྷེ་༣༥༢པར་འདོད་པས་སྐྱབས་སེམས་སྤྱི་མཐུན་བྱ། །དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བས་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་དག་རྣམ་པའི་སེམས་ཀྱིས་ནི། །རང་བཞིན་མྱ་ངན་འདས་པ་ཉིད། །ལྷ་ཡི་རྣམ་པའི་གཟུགས་ཀྱིས་ནི། །བཞིན་ལག་ཁ་དོག་རྣམ་པར་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །ལུས་ཐོགས་བཅས་རྡུལ་ཆོས་ཀྱི་དབྱིབས་སྤངས་པ་དང་། སེམས་རྟོག་བཅས་བློས་བཏགས་ཀྱི་སྒྲིབ་པ་སྤངས་པ་འགྱུར་བ་མེད་པའི་བདེ་བ་ཆེན་པོ་དང་། སྲིད་པ་གསུམ་ན་གནས་པ་མཐའ་དག་གཟིགས་པའི་སྟོང་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པ་ངོ་བོ་དབྱེར་མེད་པ་ཁ་སྦྱོར་ལྷན་ཅིག་སྐྱེས་པའི་སྐུས་མཚོན་པ་ནི། འབྱུང་བཞི་རི་རབ་པདྨ་ཟླ་ཉི་སྒྲ་གཅན་རྣམས་བརྩེགས་པའི་གདན་ལ། བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་སྤྱན་གསུམ་པ། དྲི་མ་མེད་པའི་འོད་ཟེར་ལྔ་རྣམས་འགྱེད་ཅིང་། ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། མཐེ་བོང་སེར་པོ། །མཛུབ་མོ་དཀར་པོ། །གུང་མོ་དམར་པོ། །སྲིན་ལག་ནག་པོ། །མཐེའུ་ཆུང་ལྗང་གུ། ཕྱག་སོར་རྣམས་ཀྱི་ཚིགས་ཕྲེང་དང་པོ་ནག་པོ། །གཉིས་པ་དམར་པོ། །གསུམ་པ་དཀར་པོ། །རྡོ་རྗེ་སེམས་དཔའ་རང་ཉིད་དུ་མཚོན་པའི་

ཤོག་ལྷེ་༣༥༣དབུ་རྒྱན་ཅན། རལ་པའི་ཐོར་ཚུགས་ཡིད་བཞིན་གྱི་ནོར་བུ་དང་། ཟླ་ཕྱེད་རྡོ་རྗེས་བརྒྱན་པ་རྡོ་རྗེའི་རྒྱན་སྣ་ཚོགས་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡོན་པ་དཀར་པོ་བསྐུམ་པས་དྲག་པོ་དཀར་པོ་དང་། གཡས་པ་དམར་པོ་བརྐྱང་པས་འདོད་ལྷ་དམར་པོའ་སྙིང་གར་མནན་པ། གཉིས་ཀའང་མཚོན་ཆ་སྤངས་པའི་ལག་པ་གཉིས་པ་དམན་པའི་ཚུལ་ཅན། ཁ་དོག་ལྔ་པའི་མེའི་དབུས་ན་ཁྲོ་ཆགས་འདྲེས་པའི་ཉམས་ཀྱིས་བཞུགས་པའོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ་གྲི་གུག་དང་ཐོད་པ་འཛིན་པ། གཅེར་མོ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་དབུ་སྐྲ་ཕྱེད་གྲོལ་པབ། གཡོན་བརྐྱང་གིས་བཅོམ་ལྡན་འདས་ལ་སྙོམས་པར་ཞུགས་པའོ། །གཉིས་ཀའི་དཔྲལ་བར་ༀ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་སྔོན་པོ། །ལྟེ་བར་ཧོ་སེར་པོ། །གཙུག་ཏོར་དུ་ཧཾ་ལྗང་གུ། གསང་བ་རྐྵཿསྔོན་པོ་རྒྱལ་བ་རིགས་དྲུག་གི་དཀྱིལ་འཁོར་མ་ལུས་པ་འདུས་པའི་བདག་ཉིད་དུ་གྱུར། ཡང་ན། གསང་བར་སྭཱ་སྔོན་པོ། །གཙུག་ཏོར་དུ་ཧཱ་ལྗང་གུ་བསྒོམ། ཐུགས་ཀར་ཟླ་ཉི་སྒྲ་གཅན་གྱི་སྟེང་དུ་བརྟན་གཡོ་འཁོར་འདས་མ་ལུས་པ་གཅིག་ཏུ་འདུས་པ་དུས་ཀྱི་འཁོར་ལོའ་རྩ་བའི་སྙིང་པོ་རྣམ་བཅུ་དབང་ལྡན་བརྩེགས་པ་མཆོག་གི་དོན་དུ་སྔོན་པོའམ། ལས་ཐམས་ཅད་པར་ཁ་དོག་ལྗང་གུར་གནས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་དུས་ཀྱི་འཁོར་ལོའ་ལྷ་ཚོགས་སུ་གསལ། སླར་

ཤོག་ལྷེ་༣༥༤འདུས་ཏེ་སྙིང་པོར་ཐིམ་པར་བསམ་ལ། ༀ་ཧཀཾ།།།སྭཱ་ཧཱ། ཞེས་ཅི་ནུས་བཟླས་པའི་མཐར། སྣོད་བཅུད་སྟོང་ཉིད་འོད་གསལ་དུ་བསྡུས་ནས་མཉམ་པར་བཞག་ཅིང་། སླར་གཉུག་མའི་ལྷ་སྐུ་རུ་ལྡང་། རིགས་སུ་སྐྱེ་དང་སོགས། ལག་པས་རྡོ་རྗེ་སོགས། ལྷ་མོ་ཚད་མ་སོགས་ཐུན་མོང་མིན་པའི་སྨོན་ལམ་དང་། །དགེ་བ་འདི་ཡིས་མྱུར་དུ་བདག །དུས་ཀྱི་འཁོར་ལོ་འགྲུབ་སོགས་དགེ་བསྔོ་བྱའོ། །འདི་ནི་བསྐྱེད་རྫོགས་ཐུན་མོང་ལ་ལྟོས་པ་སྟེ་རྫོགས་རིམ་ཁོ་ནའི་སྔོན་འགྲོར་ལྷན་སྐྱེས་བསྒོམ་ན་སྣོད་བཅུད་སྦྱངས་བསྡུའི་རྗེས་སུ་ལྷ་སྐུ་ལ་སེམས་འཛིན་པ་མ་གཏོགས་བཟླས་པའི་རྩོལ་བ་མི་དགོས་སོ། །ཞེས་པ་ནི་བསྡུས་པའི་ཚུལ་གྱིས་ལྷན་སྐྱེས་སྒོམ་པའི་ཐབས་སོ།། ༈ །སྤྲོས་པ་བྲལ་ཡང་དོན་དུ་གསལ། །གཅིག་ཉིད་རྣམ་པ་ཐམས་ཅད་ལ། །རྟོག་པ་མེད་ལ་འགྱུར་མེད་བདེ། །ཟུང་འཇུག་དེ་ལ་ཕྱག་འཚལ་ལོ། །དབེན་པར་འཆི་བས་རྒྱུད་བསྐུལ་ཏེ། །གསུམ་ལ་སྐྱབས་སུ་འགྲོ་བ་བརྩམ། །སེམས་བསྐྱེད་པས་ནི་གཞན་དོན་གཉེར། །ཚོགས་བསགས་སྒྲིབ་པ་སྦྱོང་བའི་ཐབས། །བྱང་ཆུབ་འདོད་པས་དེ་འདོད་བྱ། །ཁྱད་པར་རྡོ་རྗེ་ཐེག་པའི་ལམ། །བླ་མའི་རིམ་པ་ལས་འོངས་པས། །གང་ལ་མོས་པའི་ཤུགས་ཡོད་པ། །དེ་ལ་ཡེ་ཤེས་ལྷག་པར་འབར། །ཉོན་མོངས་རླན་དང་མ་བྲལ་བའི། །ལུས་སེམས་ཚང་ཚིང་མྱུར་དུ་བསྲེག །དམ་པའི་དོན་ཉིད་མཐོང་བར་འགྱུར། །རྗེས་སུ་དཔག་པའི་འདྲ་འབག་གིས། །མངོན་སུམ་ལམ་གྱི་གཞི་བཏིང་སྟེ། །གཉུག་མ་ལྷན་ཅིག་སྐྱེས་

ཤོག་ལྷེ་༣༥༥པ་ཡི། །བསྐྱེད་པའི་རིམ་པས་རྟོག་བཅས་བསྒོམ། །ལུས་ངག་སེམས་དང་འཕོ་བ་ལ། །རྣམ་པར་མི་རྟོག་ལྟོས་མེད་པར། །བྱ་བྱེད་སྨྲ་བརྗོད་རྣམ་རྟོག་གིས། །དབེན་པ་གསུམ་ལ་ཐོག་མར་བསླབ། །ཕྱིས་ནས་རྡོ་རྗེ་རྣལ་འབྱོར་ནི། །དྭངས་བའི་ཆུ་ལ་གཟུགས་བརྙན་བཞིན། །དབེན་ལས་རབ་ཏུ་སྐྱེ་བར་འགྱུར། །ལམ་གྱི་གཞི་དགོང་པ་རྣམས་སོ། །དང་པོར་མུན་པའི་ཁང་བུ་རུ། །རྡོར་སྐྱིལ་ཁུ་ཚུར་བརླ་སྟེང་བཞག །རྒལ་ཚིགས་བསྲང་ལ་རོ་སྟོད་འགྱེད། །མགྲིན་དགུག་ལྕེ་རྩེ་རྐན་ལ་སྦྱར། །ཧ་ཅང་འབྱེད་འཛུམ་བྲལ་བ་ཡི། །མིག་དག་སྟེང་དུ་བཟློག་ནས་ནི། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །སྨིན་མའི་དབུས་སུ་སེམས་བྱས་ཏེ། །མི་བཟང་མུན་པ་ལྟ་བུར་ནི། །ཉི་མ་གཅིག་ཏུ་ཡོངས་སུ་བརྟག །དུ་བ་སྨྲིག་རྒྱུ་མཁའ་མར་མ། །སྒྲུབ་པོས་དང་པོར་མཐོང་བར་འགྱུར། །དེ་ནས་སྤྲིན་བྲལ་ནམ་མཁའ་ལ། །འབར་བ་ཟླ་ཉི་རྡོ་རྗེ་དང་། །མཆོག་གི་ཆ་དང་ཐིག་ལེའོ། །རླུང་སེམས་འགྱུ་བ་སོ་སོར་བཅད། །ངག་ལ་སྔགས་ཀྱིས་བྱིན་གྱིས་བརླབས། །ཡན་ལག་དང་པོའོ། །སྟོང་པའི་གཟུགས་ལ་སེམས་བསྡུས་ཏེ། །དེ་ཉིད་བློ་ཡིས་མ་རེག་པར། །མཉམ་རྗེས་ངོ་བོ་གོམས་པ་ལས། །སྤྲོས་བྲལ་ཤེས་རབ་དང་པོར་སྐྱེ། །སེམས་སུ་རྟོགས་པ་གཉིས་པའོ། །མཚན་བྲལ་སྤྱོད་པ་གསུམ་པ་སྟེ། །ལུས་སེམས་དགའ་བ་བཞི་པའོ། །འདྲེས་ལས་ཤིན་ཏུ་སྦྱངས་པ་ཡི། །བདེ་བས་བསམ་གཏན་ཡན་ལག་རྫོགས། །ཆོས་ལྔ་ལྡན་པའི་ཐིག་ལེའི་དབུས། །སངས་

ཤོག་ལྷེ་༣༥༦རྒྱས་གཟུགས་སུ་དུ་མར་སྣང་། །མངོན་ཤེས་ལྔ་པོ་འགྲུབ་པར་འགྱུར། །ཡན་ལག་གཉིས་པའོ། །བྱེད་བཅིངས་བགེགས་མཐར་བྱེད་པས་བལྟ། །རྡོ་རྗེའི་བཟླས་པས་རྩ་ལམ་སྦྱོང་། །རླུང་གཟུགས་སེམས་གསུམ་ཆ་མཉམ་སྟེ། །འཇམ་རྩུབ་གང་བཏང་བུམ་ཅན་གྱིས། །སྲོག་ནི་དབུ་མར་གཞུག་ཅིང་འཆིང་། །བཙན་ཐབས་སྦྱོར་བས་ཉི་ཟླ་བཀག །ཟླ་བ་དྲུག་གིས་ཡོན་པོ་འགག །ཡེ་ཤེས་སྣང་བའི་ཡོན་ཏན་སྤྱོད། །ཡན་ལག་གསུམ་པའོ། །འཁོར་ལོ་ལྔ་རུ་བུམ་ཅན་བསྒྲུབ། །རླུང་སེམས་ཨ་བ་་ཏིར་བཀག །མི་ཤིགས་པ་ཡི་ཐིག་ལེར་བསྟིམ། །གཏུམ་མོ་སྦར་བས་སྲོག་ཐུར་བསྲེ། །ལྕེ་གསུམ་བསྐྱོད་པའི་སྦྱོར་བ་ཡིས། །ནང་གི་བདུད་རྩིའི་བཅུད་མྱོང་བྱ། །བདེ་དྲོད་ཉམས་དང་གཞོམ་མེད་སྒྲ། །སྲིད་གསུམ་སྣང་བརྙན་རབ་འབྱམས་མཐོང་། །ཡན་ལག་བཞི་པའོ། །འདུག་སྟངས་འཁྲུལ་འཁོར་བཟུང་བཟློག་རྣམས། །འབྱངས་ནས་ཡེ་ཤེས་རང་གི་ལུས། །ལས་ཀྱི་ཕྱག་རྒྱར་དབང་པོ་གཉིས། །བསྲུབས་པའི་སྦྱོར་བས་ལུགས་འབྱུང་དང་། །ལུགས་ཟློག་སྐད་ཅིག་མ་བཞི་པོ། །སྟོང་གཟུགས་ཕྱག་རྒྱ་ཆེན་མོར་བསྲེ། །ཞུ་བདེ་འཛག་པ་མེད་ལ་བསླབ། །རྩ་འདབ་སྐ་བའི་ཐིག་ལེས་གང་། །རང་ལུས་འོད་ཀྱི་དཀྱིལ་འཁོར་དང་། །རང་སེམས་ལྷ་སྐུ་ཕྱག་རྒྱར་གྲུབ། །ཡན་ལག་ལྔ་པའོ། །སྤྲོས་བཅས་སྤྱོད་ལ་རྟག་གནས་པས། །ཆགས་པ་ཆེན་པོའ་ཐིག་ལེ་ཡི། །འགྲོས་ལས་ཤར་བའི་ལྷན་སྐྱེས་དང་། །སྟོང་གཟུགས་ཕྱག་རྒྱ་ཆེན་མོ་འདྲེས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས། །འགགས་

ཤོག་ལྷེ་༣༥༧ལས་ཁྱབ་བདག་དེ་སྙེད་འཕེལ། །འཕོ་བ་བཅུ་གཉིས་འགགས་པས་སོ། །ཀུན་ཏུ་འོད་ལ་སོགས་པ་ཐོབ། །ཡས་མར་དཀར་དམར་བརྟན་པ་ལས། །བདེན་དོན་བཅུ་གཉིས་དེ་ཉིད་ནི། །རྣམ་པ་བཅུ་དྲུག་ཀུན་ཏུ་འགྱུར། །ཡན་ལག་དྲུག་པ་སྟེ་རྫོགས་སོ།། །།ཐོག་མཐའ་བར་དུ་དགེ་བ་ཡི། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ནི། །ཡན་ལག་དྲུག་གི་རྣལ་འབྱོར་གྱིས། །རྡུལ་མུན་སྙིང་སྟོབས་འཛག་བདེ་དག །མི་ཕྱེད་རྡོ་རྗེ་བཞི་ཡི་དངོས། །སེམས་དཔའ་སྲིད་པ་གསུམ་གྱི་བདག །སྐྱེ་འདི་ཉིད་ལ་མངོན་ཏུདུ་འགྱུར། །དད་བརྩོན་བརྟུལ་ཞུགས་ལྡན་པས་སོ། །གལ་ཏེ་དམ་ཚིག་ལ་གནས་ན། །གཡེང་བས་འབྲས་བུ་མ་ཐོབ་ཀྱང་། །ཡང་སྲིད་བདུན་ལས་མི་འདའ་བར། །མཆོག་གི་གོ་འཕང་ཉིད་ལ་སྦྱོར། །སྟོན་པའི་བསྟན་པ་མཁའ་འདྲ་ཡང་། །འདི་ལས་ཟབ་པའི་རྣལ་འབྱོར་མེད། །རྩ་བའི་རྒྱུད་ལས་ཤིན་ཏུ་གསལ། །ས་བཅུ་པ་ཡི་འགྲེལ་པས་བཀྲལ། །གྲུབ་བརྙེས་དུ་མས་ཐུགས་སུ་བསྟར། །བྱིན་བརླབས་བརྒྱུད་པ་བར་མ་ཆད། །བསྒོམ་ན་ཡིད་ཆེས་རྟགས་ཚད་སྐྱེ། །འདི་འདྲར་འཇུག་པ་སྐལ་པ་རབ། །དགེ་བས་བརྟན་གཡོ་ཀུན་གྱི་སྲོག །ཟུང་འཇུག་རྡོ་རྗེ་སེམས་དཔའ་ཡི། །གོ་འཕང་བདག་གཞན་མ་ལུས་པས། །རྩོལ་བ་མེད་པ་འགྲུབ་པར་ཤོག །ཅེས་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་དང་། རྡོ་རྗེའི་རྣལ་འབྱོར་གྱི་བསྒོམ་དོན་རྩ་བའི་ཚིག་ཐོ་ཙམ་བཀོད་པ་འདི་དག་ཀྱང་། ཞབས་དྲུང་རིན་པོ་ཆེའི་བཀའ་ལྟར་བློ་གྲོས་མཐའ་ཡས་ད་རི་དྲཱས་ས་ཟླའི་ཚེས་བཅོ་ལྔའི་ཐུན་མཚམས་སུ་དབེན་ཁྲོད་ཀུན་བདེ་གླིང་དུ་བྲིས་པ་དགེ་

ཤོག་ལྷེ་༣༥༨ལེགས་འཕེལ།། ༄༅། །སྦྱོར་དྲུག་སྟན་ཐོག་གཅིག་མའི་དམིགས་ཁྲིད་མདོར་བསྡུས་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །འགྱུར་མེད་བདེ་བའི་ཐིག་ལེ་ནི། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །དངོས་པོ་ཀུན་གྱི་སྲོག་ཏུ་འགྲོ། །མངོན་སུམ་ཉིད་དུ་མཐོང་བས་འདུད། །དེ་ལ་འདིར་རྫོགས་རིམ་ཐམས་ཅད་ཀྱི་མཐར་ཐུག་པ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་རིམ་པ་མདོར་བསྡུས་པ་བརྗོད་པར་བྱ་སྟེ། དེའང་ཇོ་ནང་ཀུན་སྤང་ཆེན་པོ་ལ་སྦྱོར་དྲུག་བཀའ་སྲོལ་མི་འདྲ་བ་བཅུ་བདུན་གྱི་རྒྱུན་བཞུགས་ཤིང་ཐམས་ཅད་ཐུགས་ཉམས་སུ་བཞེས་པ་ལས་ཁྱད་པར་དུ་འཕགས་པ་འབྲོ་ལུགས་ཀྱི་མན་ངག་ལ། རི་ཁྲོད་ཞབས་ཀྱི་བཀའ་གསར་པ་བསྣན་པས་གདམས་ངག་གི་ཟབ་ཁྱད་དང་བྱིན་བརླབས་ཀྱི་དྲོད་ཚད་ཁྱད་པར་དུ་འཕགས་པ་རྗེ་བཙུན་སྒྲོལ་བའི་མགོན་པོའ་ཁྲིད་གཞུང་མ་བུ་རྣམས་སུ་གསལ་བར་གསུངས་པ་ཉིད་མྱོང་ཁྲིད་དུ་རྫོགས་པ་ཞིག་གི་དབང་དུ་བྱས་ཏེ། ཐུན་གཅིག་གི་ཁོང་ངམ། ཉིན་ཞག་གཅིག་ལ་རྫོགས་པར་ཉམས་སུ་ལེན་པར་སྤྲོ་བ་གང་གིས། ཐོག་མར་སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར། ལྷན་སྐྱེས་བདག་བསྐྱེད་བཅས་ཡུན་རིང་ཐུང་ལོང་ཁྱབ་དང་བསྟུན་ནས་རྫོགས་པར་བཏང་། གལ་ཏེ་སྔོན་འགྲོ་ཚད་མ་མ་འགྲུབ་ཚེ་སྐྱབས་སེམས། བླ་མའི་རྣལ་འབྱོར་བཅས་ངེས་པར་མེད་དུ་མི་རུང་བས་མོས་གུས་ཀྱིས་རྒྱུད་འཁུལ་ངེས་བྱ། དེ་ནས་ལུས་གནད་ལྟ་སྟངས་སོར་སྡུད་དངོས་གཞི་དང་མཚུངས་པར་བྱས་ནས། ལུས་བྱེད་རྩོལ། ངག་སྨྲ་བ། སེམས་

ཤོག་ལྷེ་༣༥༩དུས་གསུམ་སྤྲོས་པ། འཕོ་བའི་བག་ཆགས་འཛག་བདེའི་ཆགས་རྟོག་ལ་མི་ལྟོས་པའི་ལྟོས་མེད་བཞི་ལ་བརྟེན་ནས་ལུས་བྱ་བྱེད། ངག་སྨྲ་བརྗོད། སེམས་རྣམ་རྟོག་གི་སྤྲོས་པས་དབེན་པའི་དབེན་གསུམ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ན་ཆོས་སྤྱི་སྐད་དུ་ཞི་ལྷག་ཟུང་འབྲེལ་དང་། འདི་ཉིད་ཐུན་མོང་མིན་པའི་རང་སྐད་དུ་སོར་བསམ་གྱི་གཞི་ཐེངས་པ་ཡིན་པས་ཐོག་མར་གོམས་ཤུགཤུགས་ཆུང་བའི་སྐབས་ཐུན་གྱི་ཕྱེད་ཆ་ཙམ་དབེན་གསུམ་ཁོ་ན་ལ་བསྒྲིལ་བ་གནད་དུ་ཆེ་ཞིང་། དེ་ལྟ་ན་སོར་སྡུད་ཀྱི་ཉམས་མྱོང་རང་ཤུགས་སུ་འཆར་བར་འགྱུར། དངོས་གཞི་སོར་སྡུད་ལ། མཚན་མོའ་རྣལ་འབྱོར་ནི་འབྱོར་ན་མུན་ཁང་དུ། མ་འབྱོར་ན་ཤིན་ཏུ་གནག་པའི་མུན་པར། རྐང་པ་སྐྱིལ་ཀྲུང་བཅའ། ལག་པ་ཁུ་ཚུར་བརླར་བཞག །རྒལ་པ་མདུན་རྒྱབ་དགྱེ་རྒུ་མེད་པར་དྲང་པོར་བསྲང་། མགྲིན་པས་ཨོལ་མདུད་མནན། ལྕེ་ཡ་རྐན་ལ་སྦྱར། མིག་སྨིན་མཚམས་སོར་བཅུ་དྲུག་གི་ནམ་མཁར་ཧ་ཅང་འབྱེད་པ་དང་བཙུམ་པ་མ་ཡིན་པར་མུན་པ་ནག་ཐིང་དེ་ལ་གྱེན་དུ་བཟློག་པའི་ཚུལ་གྱིས་བལྟ། ཡུན་ཐུང་དུ་ལའང་དམ་པོ་གྲུབ་ན་ལེགས། ཐོག་མར་རླུང་རོ་ལན་གསུམ་འཇམ་པར་དབྱུང་། དེ་མཚམས་རང་བབ་རྒྱུ་རུ་གཞུག །སེམས་གནང་གང་ཡང་ཡིད་ལ་མི་བྱེད་པར་རྟོག་མེད་དུ་ཅི་གནས་བཞག །དབེན་གསུམ་གོམས་ཤུགས་ཆུང་བའི་དབང་གིས་བསམ་མེད་ཀྱི་རྣལ་འབྱོར་གནད་དུ་མ་སོང་བར་བྱིངས་རྒོད་ཀྱི་དབང་དུ་གྱུར་ན་རིག་པ་ཅུར་ཕྱུངས་ཏེ་ལྟ་སྟངས་ཀྱི་ལམ་ནས་ནམ་མཁའི་དབུས་སུ་ཤེས་པ་དྲག་ཏུ་གཏད། ད་ལྟར་བའི་ཤེས་པ་ལ་བཟོ་མ་བཅོས་པར་རྩོལ་མེད་དུ་བཞག་ཤེས་ན་མཉམ་བཞག་གི་སྐྱོན་འབྱུང་བའི་ཡུལ་

ཤོག་ལྷེ་༣༦༠མེད་པས་བཟོ་མེད་དུ་འཇོག་པ་ལ་རྩ་བར་བྱ། ལུས་གནད་དགྱེ་རྒུ་སོགས་དང་སེམས་གནད་བྱིངས་རྒོད་སོགས་ཀྱི་སྐྱོན་ཐེབས་པ་ལ་ཡུན་རིང་དུ་བསྒོམས་ཀྱང་མྱོང་རྟགས་མི་སྐྱེ་བ་མ་ཟད་གེགས་ལྡང་བ་མང་བས་ཐོག་མ་ནས་ལུས་སེམས་གནད་ལེགས་པར་བཅོས་ཤིང་བཏང་སྙོམས་དབང་དུ་མ་ཤོར་བ་ཤིན་ཏུ་གལ་ཆེ། གནད་དུ་སོང་ན་རིང་པོར་མི་ཐོགས་པར་རླུང་དབུ་མར་ཞུགས་པས་བདེ་གཤེགས་སྙིང་པོའ་རང་བཞིན་ཕྱོགས་ཙམ་མཐོང་བའི་མཚོན་བྱེད་དུ། དུ་བ། སྨྲིག་རྒྱུ། མཁའ་སྣང་། མར་མེ་བཅས་མཐོང་བར་འགྱུར་ཏེ་མཚན་མོའ་རྣལ་འབྱོར་རོ། །དེ་ཉིད་ཅུང་ཟད་འགྱངས་ནས་སྤྲིན་དང་སེར་བུ་མེད་པའི་སྐབས་ནམ་མཁའ་དྭངས་ཤིང་རྒྱ་ཆེ་བར་མཐོང་བའི་སར། རང་གི་ལུས་གྲིབ་མར་བསྡད་ནས་ཉི་འོད་མི་ཕོག་པར་བྱས། སྔ་གྲོདྲོ་ཁ་ནུབ། དགོངས་མོ་ཤར་དུ་ཕྱོགས་པས་མིག་ལའང་ཉི་འོད་དང་གངས་རི་སོགས་མ་ཕོག་པར་ཤིན་ཏུ་གདངས་ཏེ་འབྲུ་ཚུགས་སུ་ལྟ་བ་ཁྲོ་བོའ་ལྟ་སྟངས་ཀྱིས་སྤྲིན་མེད་ནམ་མཁའ་སྔོ་སང་ངེ་བ་ལ་བལྟས་ཏེ་རང་སེམས་གསལ་སྟོང་དང་དབྱེར་མེད་དུ་མཉམ་པར་བཞག་པས། འབར་བ། ཟླ་བ། ཉི་མ། རྡོ་རྗེ། མཆོག་གི་ཆ། ཐིག་ལེ་སྟེ་རྟགས་དྲུག་པོ་འཆར། སྔ་ཕྱི་བསྡམས་པའི་རྟགས་བཅུ་པོ་དེ་ངེས་པའི་རྟགས་ཡིན་ཞིང་། དབང་པོའ་ཁྱད་པར་གྱིས་མ་ངེས་པའི་རྟགས་སྣང་མཐའ་ཡས་པ་འཆར་ནའང་སོར་སྡུད་ཀྱི་རྟགས་སྣང་སྟོང་གཟུགས་མཐོང་བ་ལམ་རྟགས་ཉིད་ཡིན་གྱི་བཟང་ངན་གང་དུའང་རྟོག་པར་མི་བྱའོ། །འདི་སྐབས་སྟོང་གཟུགས་ཇི་ཙམ་མཐོང་རུང་དེ་ལ་མིག་དང་སེམས་མི་གཏོད་པར་ནམ་མཁའ་

ཤོག་ལྷེ་༣༦༡རྟོག་མེད་དུ་བཞག་པ་ཁོ་ན་ཆེད་དུ་དགོས་སོ། །བསམ་གཏན་ནི། ལུས་གནད་ངག་གནད་སྔ་མ་དང་འདྲ། སེམས་གནད་སྟོང་གཟུགས་ཀྱི་སྣང་བ་གང་གསལ་གཅིག་ལ་སེམས་བཟོ་མེད་གསལ་རིག་དང་ལྟ་སྟངས་བཅས་ཆེ་རེ་གཏད། ལྟ་མཁན་མཐོང་མཁན་གྱི་རིག་པ་རང་ངོ་ཤེས་ཙམ་ལ་དགག་སྒྲུབ་མེད་པར་བཞག་པས་ཤེས་པ་ནང་དུ་མ་ལུས། སྣང་བ་ཕྱི་རུ་མ་ལུས། བརྗོད་མེད་སྤྲོས་བྲལ་ལ་ངོ་ཤེས་ཀྱི་དྲན་པ་རྒྱུན་ཆགས་པ་ནི་ཤེས་རབ་ཀྱི་ཡན་ལག །སྟོང་གཟུགས་རང་སེམས་ཀྱི་སྣང་ཆར་མྱོང་བ་རྟོག་པའི་ཡན་ལག །དེའང་ཡུལ་ཡུལ་ཅན་སོགས་སྤྲོས་མཚན་ཐམས་ཅད་ལས་འདས་པར་ཤེས་པ་དཔྱོད་པའི་ཡན་ལག །ལུས་སེམས་ལ་སྔར་མེད་བདེ་བས་ཁྱབ་པ་བདེ་བའི་ཡན་ལག །ཏིང་ངེ་འཛིན་ཉིད་བདེ་བར་ཤར་བ་གཡོ་མེད་བདེ་བ་ཤིན་ཏུ་སྦྱངས་པའི་ཡན་ལག་སྟེ། ཡན་ལག་ལྔ་ཆར་ཡར་ལྡན་ཏུ་རྫོགས་པ་ན་བསམ་གཏན་གྱི་རྣལ་འབྱོར་རྫོགས་པ་ཡིན་ཞིང་། ཐུན་མོང་མ་ཡིན་པའི་རྟགས་ཀྱང་། འོད་འཕྲོ་བ། ཕྲ་བ། འཚེར་བ། འདར་བ། གཞིག་དཀའ་བ་སྟེ་ཆོས་ལྔ་ལྡན་གྱི་ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་གཟུགས་བརྙན་དུ་མ་ཅན་གྱིས་མཚན་པའི་གཟུགས་སྒྲ་དྲི་རོ་རེག་བྱ་རྡོ་རྗེའི་སྣང་བརྙན་སྣ་ཚོགས་པ་འཆར་བས། ཀུན་རྫོབ་ལས་སྣང་སྒྱུ་མ་ལྟ་བུར་རང་ཤུགས་སུ་རྟོགས་པའོ། །འདི་སྐབས་ཐོག་མར་སྟོང་གཟུགས་གཏད་ས་དེར་མི་བརྟན་ཡལ་ཡོལ་བྱེད་ན་དེའི་རྗེས་སུ་མི་འབྲང་བར་ལྟ་སྟངས་རིག་པ་ཐོག་མར་གང་དུ་གཏད་པ་དེ་ཀར་གཟིར་བས་རིམ་གྱིས་སེམས་གཏད་པ་དེར་སྟོང་

ཤོག་ལྷེ་༣༦༢གཟུགས་འདུས་ཤིང་བརྟན་པ་ཐོབ་པ་འོང་བས་འདི་གལ་ཤིན་ཏུ་ཆེ། ཤེས་རབ་ཀྱི་ཡན་ལག་སྐྱེས་ནས་ཐོག་མར་རྡེའུ་ནག་པོ་ལྟ་བུ་མིག་ལམ་དུ་མི་གཟན་པའི་དངོས་པོ་ཆུང་ངུའི་ལས་སྣང་དང་བསྲེས་ལ་གོམས་ནས་ལས་སྣང་རྒྱ་ཇེ་ཆེར་བསྲེས་པས། མཐར་སྣང་བ་ཐམས་ཅད་སྟོང་གཟུགས་སུ་འཆར་བར་འགྱུར་བའི་སྒྲ་སོགས་ལའང་དེ་བཞིན་དུ་བསྲེའོ། །སྟོང་གཟུགས་ལ་བརྟན་པ་མ་ཐོབ་ན་མཉམ་བཞག་ཏུ་སོར་སྡུད་ཁོ་ན་ལ་གཟིར། རྗེས་ཐོབ་ཏུ་ལས་སྣང་གང་རུང་ལ་ཆེ་རེ་ལྟ་བའི་མཐོང་བྱ་མཐོང་བྱེད་དབྱེར་མེད་པའི་རང་བཞིན་གསལ་ལ་ངོས་བཟུང་མེད་པ་དེ་རང་ངོ་ཤེས་ཙམ་བྱས་ཏེ་བསྐྱང་བར་བྱའོ། །འདི་སྐབས་རྣམས་སུ་ཡེ་ཤེས་ཕེབ་པའི་ལུས་ཉམས་ངག་ཉམས་སེམས་ཉམས་བྱུང་ཚེ་སྨྱོ་བ་དང་རླུང་ནད་སོགས་སུ་བཟུང་ནས་བཅོས་བྱས་ན་གེགས་ཤིན་ཏུ་ཆེ་བས་ཉམས་བྱུང་རྒྱལ་དུ་བསྐྱང་ན་ལེགས་པའི་ཡོན་ཏན་ཡར་ངོའ་ཟླ་བ་ལྟར་འཕེལ་ལ། སྤྱིར་ཐུན་མཚམས་རྣམས་སུའང་ལྟ་སྟངས་མི་གཡོ་ཞིང་། དྲན་ཤེས་རྒྱུན་ཆགས་སུ་བརྟེན་ན་ལམ་གྱི་ཡོན་ཏན་མྱུར་དུ་སྐྱེ་བར་འགྱུར་ཏེ། དེ་དག་གི་སྐུ་རྡོ་རྗེ་སོར་བསམ་གྱི་བསྙེན་པ་ཐོག་མར་དགེ་བའི་རྒྱུ་དང་འབྲས་བུའི་ཡན་ལག་གཉིས་སོ། །སོར་བསམ་ལེགས་པར་མ་འབྱོངས་བར་དུ་ཡན་ལག་ཕྱི་མ་བསྒོམ་ཀྱང་གཞུང་མཐུན་གྱི་ཡོན་ཏན་རྒྱུད་ལ་མི་སྐྱེ་བས་ལག་ལེན་ལའང་དེ་འདྲའི་རྒྱུན་མེད་ཀྱང་ཐུན་གཅིག་གི་ཁོངས་སུ་དམིགས་པའི་རྣམ་གྲངས་ཙམ་ལ་དགའ་བས་འབྲེལ་འཇོག་ལྟ་བུ་བྱེད་པར་སྤྲོ་ན། བྱེད་བཅིངས་སྔ་མ་དང་འདྲ། ལྟ་སྟངས་ཐད་ཀ་ལས་གྱེན་དུ་ཅུང་ཟད་ཕྱོགས་པ་སྨིན་མཚམས་སུ་ཐད་ཀར་ཧྲིག་གེར་

ཤོག་ལྷེ་༣༦༣བལྟ། དངོས་གཞི་མན་ལུང་པའི་མཚན་བརྗོད་སྦྱོར་དྲུག་ལུགས་འདི་ལ་གནད་ཐམས་ཅད་ཚང་ཞིང་ལག་ལེན་བདེ་བས། ཐོག་མར་སྣ་གཡས་གཡོན་དབུས་གསུམ་ནས་རླུང་རོ་དལ་བ་དང་དྲག་པོ་དང་ཤིན་ཏུ་དྲག་པོ་གསུམ་གསུམ་སྟེ་དགུ་ཕྲུགས་སུ་འབུད་ལ་ཕྱི་འཛིན་ཅུང་ཟད་ཀྱི་ཚེ། འོག་སྒོ་བསྡམས་ལ་ཐུར་སེལ་ཤུགས་དྲག་པོས་ལྟེ་བར་འཐེན། སྟེང་རླུང་དལ་བུས་རྔུབ་པ་དེ་ཉིད་ༀ་གྱི་སྒྲར་མོས་ལ་ལྟེ་བར་མནན། སླར་འོག་རླུང་འཐེན་ཞིང་སྟེང་རླུང་མི་ཐུབ་ན་རྔུབ་ཆུང་དང་བཅས་ཁ་སྦྱོར་བུམ་ཅན་འཛིན་པ་དེ་ཧཱུྃ་གི་སྒྲ་གདངས་སུ་སེམས་གཏད། ཅིས་ཀྱང་མི་ཐུབ་ཚེ་དལ་བུས་རྒྱུ་བ་མི་མངོན་པ་ཙམ་ཕྲ་ལ་རེང་བར་ཨཱཿའི་ཡིད་བཟླས་བཅས་ཕྱིར་བཏང་། དེ་ལྟ་བུ་བརྒྱའམ་ཉེར་གཅིག་ལ་སོགས་པ་གང་འགྲུབ་བྱ། གོམས་པ་ནས་གནས་པ་ཇེ་རིང་ལ་འགྲོ་བས་ཚར་གྲངས་ཉུང་དུ་བྱ། གལ་ཏེ་སྟོང་གཟུགས་གསལ་ན། རླུང་ཕྱིར་བཏང་བའི་ཚེ་སྟོང་གཟུགས་ལ་སེམས་དྲག་ཏུ་གཏད། ནང་དུ་འཇུག་དུས་རླུང་གཟུགས་སེམས་གསུམ་མཉམ་ཉིད་དུ་བསྲེ། གནས་པའི་དུས་སུ་འདྲེས་པའི་མྱོང་བའམ་བཤིགས་ཏེ་ཚོར་མཁན་གྱི་ཤེས་པ་དབྱིངས་སུ་ཡལ་བ་ལ་མཉམ་པར་བཞག་པ་ཤིན་ཏུ་གལ་ཆེ་བའི་ཟབ་གནད་དོ། །ལག་ལེན་ཤེས་ན་ཐུན་མཚམས་སུ་འཕུར་མཉེ། རྩ་སྦྱོང་སོགས་འཁྲུལ་འཁོར་སྐབས་བསྟུན་བྱས་པས་དབུ་མར་རླུང་སེམས་རྣམས་ཆུག་ཅིང་ལྟེ་བའི་བུམ་པ་ཅན་འགྲུབ་པར་འགྱུར་རོ། །རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་གདབ་སྟེ་ཡས་རིམ་གྱིས་ལྟེ་བ་ལ་སོགས་པའི་འཁོར་ལོ་བཞིའི་མི་ཤིགས་པའི་ཐིག་ལེ་ལ་རླུང་རྣམས་ཐིམ་པར་མོས་ཏེ་བུམ་པ་ཅན་སྔ་མ་ལྟར་བསྒོམ་

ཤོག་ལྷེ་༣༦༤པ་ནི་འཛིན་པའི་མོས་བསྒོམ་རྗེས་མཐུན་པ་སྟེ་འདི་ལས་གཏུམ་མོའ་འབར་སྣང་སྟོབས་སུ་གྱུར་པས་བདེ་དྲོད་དང་གཞོམ་མེད་ཀྱི་སྒྲ་སོགས་འབྱུང་བ་ཡིན་ནོ། །དེ་དག་ནི་གསུང་རྡོ་རྗེ་ཉེ་བར་བསྙེན་པ་སྲོག་འཛིན་བར་དུ་དགེ་བའི་རྒྱུ་དང་འབྲས་བུའི་ཡན་ལག་གཉིས་སོ། །རྗེས་དྲན་ཀྱང་མོས་སློབ་ཀྱི་དབང་དུ་བྱས་ཏེ་ལུས་གནད་སྤྱི་ལྟར་ལ་ལག་པ་ཁུ་ཚུར་སྙིང་གར་བསྣོལ། ལྟ་སྟངས་ཐད་ཀར་གཡོ་མེད་དུ་བལྟ། བདག་ཉིད་དུས་ཀྱི་འཁོར་ལོར་གསལ་བ་དང་། ལས་རྒྱའམ་ཡེ་རྒྱ་གང་རུང་སྣ་ཚོགས་ཡུམ་དུ་གསལ། །གཉིས་ཀའང་སྟོང་གཟུགས་དང་རོ་གཅིག་ཏུ་བསྲེས་ནས་ཡིད་མི་གཡོ་བར་ཅུང་ཟད་བཞག །སྟོང་གཟུགས་ཀྱིས་རྒྱས་གདབ་མ་ནུས་ན་ལྷ་སྐུ་གསལ་སྟོང་ལ་སེམས་བཟུང་། སྤྱི་མགྲིན་སྙིང་ལྟེ་གསང་བ་གཙུག་ཏོར་དྲུག་ཏུ་ༀ་ཨཱཿཧཱུྃ་ཧོཿསྭཱ་ཧཾ་དཀར་དམར་ནག་སེར་སྔོ་ལྗང་གི་རྒྱས་བཏབ། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཕྲ་མོས་མཚན་པ། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་སྟེ་བར་ཨཱཿལས་བྱུང་བའི་པདྨ་འདབ་བརྒྱད་དམར་པོ་ཕྲ་མོས་མཚན་པར་གསལ་བཏབ། རྗེས་ཆགས་ཀྱི་སྤྱོད་པ་དང་དབང་པོ་མཉམ་པར་སྦྱོར་བས་དགའ་བ་བཞི་རིམ་པར་སྐྱེ་བ་རེ་རེ་ལའང་བཟུང་བཟློག་ཁྱབ་པའི་གནད་དང་ལྡན་པའི་མཐར། ནོར་བུར་སླེབ་པ་ན་ཐུར་སེལ་དྲག་ཏུ་གློད་ཅིང་སྲོག་ཕྱིར་བསལ། མ་ནིང་གི་རླུང་ཤུགས་ལྡན། ནང་གི་གཏུན་བརྡུང་། སེམས་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག་པ་སྟེ་སྒོ་གསུམ་ལ་གནད་བཞི་དང་ལྡན་པས་རྩ་ལྟེམས་རླུང་ལྡོག །རྦ་རླབས་བཞི་ནས་འཕོ་མེད་

ཤོག་ལྷེ་༣༦༥དུ་གནས་པ་ན་ཧཱུྃ་རིང་དང་ཐུལ་སེལ་བསྣོལ་མའི་ཁོང་འདྲེན་གྱིས་ལུག་ཟློག་ཏུ་བཟློག །འཁོར་ལ་དྲུག་པོ་རེ་རེར་བཟློག་པའི་མཐར་ཡང་སྟོང་གཟུགས་ལ་སེམས་བཞག་སྟེ་ལུས་ཀྱི་གནས་རྣམས་དྲག་ཏུ་གཅུད་ཅིང་སྤྲུགས་ལ་བཀྲམ་སྟེ་ཁྱབ་པར་བྱས། མཐར་བུམ་ཅན་བསྒོམ་ཞིང་ཞུ་བདེའི་ཉམས་དང་འོད་གསལ་སྟོང་གཟུགས་ལ་དམིགས་ནས་མི་གཡོ་གསུམ་ལྡན་གྱི་ངང་སྐྱོང་བས་འཛིན་འདྲེན་བཀྲམ་པ་གསུམ་པ་གསུམ་ཀ་རང་ཤུགས་སུ་འགྲུབ་བོ། །འདིའི་ཡན་ལག་ཏུ་གཏུམ་མོའ་དམིགས་པ་བསྒོམ་པར་འདོད་ན། རང་ལུས་ལྷ་སྐུ་ཁོངས་སྟོང་དུ་གསལ་བའི་དབུས་སུ་རྩ་དབུ་མ་མདའ་སྨྱུག་ཙམ་པ་ལྗང་གུ་གཡས་རོ་མ་དམར་མོ། །གཡོན་རྐྱང་མ་དཀར་པོ་དབུ་མ་ལས་ལྡབ་འགྱུར་ཕྲ་བ། དབུ་མའི་ཡར་སྣེ་ཚངས་བུག་དང་རོ་རྐྱང་སྣ་བུག་ལ་ཟུག་པ། ལྟེ་བ་མན་ཆད་དབུ་མའི་མར་སྣེ་སྔོན་པོ་གཡས་རོ་མ་ནག་པོ། །གཡོན་གྱི་ཆར་ཡོད་པ་ཉིས་གཤིབ་མར་སྣེ་ཅུང་ཟད་འཁྱོག་ནས་གསང་བར་ཟུག་པ། རྐྱང་མའི་མར་སྣེ་སེར་པོ་དབུས་ཀྱི་ཕྱོགས་བཟུང་ནས་བཤང་ལམ་དུ་ཟུག་པ། དབུ་མའི་ཡས་སྣ་ནས་སོར་གང་ཙམ་གྱི་འོག་གཙུག་ཏོར་གྱི་འཁོར་ལོ་ལྗང་གུ། དཔྲལ་བ་ནག །མགྲིན་པ་དམར། སྙིང་ག་དཀར། ལྟེ་བ་སེར་པོ་སྟེ་འཁོར་ལོ་ལྔ་པོ་རྩ་འདབས་བཞི་བཞི། རྒྱུ་ཞབས་ཕྱོགས་སུ་གསང་འཁོར་སྔོན་པོ་རྩ་འདབ་དྲུག་པ། འཁོར་ལོ་སོ་སོའ་ཐད་དུ་རོ་རྐྱང་གི་ལག་རེ་རེ་དབུ་མ་དང་སྦུབ་འབྲེལ་བ། འཁོར་ལོ་རྣམས་རྩ་གསུམ་ལ་སྐེད་དཀྲིས་བྱས་པ་ལས་ཡལ་ག་སྦུབ་ཅན་སྐྱེས་

ཤོག་ལྷེ་༣༦༦པ་ལྟ་བུ། གཙུག་སྤྱི་མགྲིན་གསུམ་ཁ་ཐུར་བསྟན། སྙིང་སྟེ་གྱེན་བསྟན་བསྒོམ། གཙུག་ཏོར་གྱི་དབུ་མའི་ནང་དུ་ཐིག་ལེ་དཀར་པོ་བའི་ནུ་མ་ལྟ་བུ། ལྟེ་བར་གཏུམ་མོ་དབྱུག་པའི་གཟུགས་ཅན་དམར་པོ་གཉིས་ཀའང་སོར་བཞི་པ་གསལ་བཏབ། རླུང་བུམ་ཅན་དགང་བས་གཏུམ་མོའ་མེ་འོད་རབ་ཏུ་རྒྱས་ཏེ། རྩ་འཁོར་དང་ལུས་ནད་ཐམས་ཅད་དམར་འུབ་ཁྱབ་ཅིང་དྲོད་ཚ་འུར་གྱིས་སྐྱེས། ཐིག་ལེ་ཞུ་བར་དབུ་མར་བབ་པའི་འོད་དཀར་ལམ་ཁྱབ་ཅིང་བདེ་ཁྲིལ་ཁྲིལ་བྱུང་བར་བསམ། ལན་ཁ་ཤས་བསྒོམ་མཐར་འབར་འཛག་གཏུམ་མོ་ལ་བསྟིམས་ནས་མི་རྟོག་པར་བཞག་གོ །འདི་དངོས་བསྐྱེད་རིམ་གྱི་ཕྱོགས་སུ་གཏོགས་ཀྱང་རྫོགས་རིམ་གྱི་བོག་འདོན་ཁྱད་པར་ཅན་ཡིན་པས་འདིའི་ཡན་ལག་ཏུ་བཞག་ཅིང་ལས་དང་པོ་པ་ལ་གལ་ཆེའོ། །འདི་དག་གིས་ཞུ་བདེ་འཛག་མེད་བསྒྲུབ་པ་ནི་ཡོན་ཏན་ནོ། །ཏིང་འཛིན་ནི། ལུས་གནད་གཞན་འདྲ་བ་ལས་ལག་པ་མཉམ་བཞག་བྱ། ལྟ་སྟངས་སྣ་རྩེར་དབབ། རྗེས་དྲན་ལྟར་ཡས་བརྟན་དགའ་བཞི་རྫོགས་ནས། མས་བརྟན་སྐབས་འཁོར་ལོ་སོ་སོར་བུམ་ཅན་བསྒོམ་ཞིང་། འཁོར་ལོ་རེ་རེར་ས་གཉིས་གཉིས་ཐོབ་ནས་གཙུག་ཏོར་དུ་བུམ་ཅན་བསྒོམ་པ་ན་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་མཐར་ཕྱིན་པར་མོས། བུམ་ཅན་ཚད་ལྡན་མ་གྲུབ་ན་རྩ་འཁོར་སོ་སོར་སྟོང་གཟུགས་དང་བདེ་བ་དབྱེར་མེད་པ་ལ་སེམས་འཇོག་སྟེ་ཁུ་རྡུལ་རླུང་སེམས་ཀྱི་ཚོགས་པ་དག་ནས་འཁོར་བའི་ལུས་ངག་ཡིད་གསུམ་འཛག་བདེའི་བག་

ཤོག་ལྷེ་༣༦༧ཆགས་བཅས་སྤངས་ཏེ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་རྡོ་རྗེའི་སེམས་དཔའི་གནས་ཐོབ་པའི་མོས་པ་བྱ་སྟེ། དེ་དག་ནི་ཐུགས་རྡོ་རྗེ་དྲན་ཏིང་གི་སྒྲུབ་པ་ཆེན་པོ་ཐ་མར་དགེ་བའི་རྒྱུ་དང་འབྲས་བུའི་ཡན་ལག་གོ །འདིར་མཁོ་བ་སོར་བསམ་སྐབས་བྱེད་བཅིངས་བཙན་ཐབས་དང་། སྲོག་རྩོལ་སྐབས་སྲོག་ཐུར་བསྲེ་བ་རླུང་གི་སྤོག་ཆོག །རྗེས་དྲན་འཁྲུལ་འཁོར་ཁྱད་པར་སོགས་རྗེ་བཙུན་སྒྲོལ་མགོན་ཞབས་ཀྱི་གསུང་སྦྱོར་དྲུག་ཁྲིད་རྒྱས་པ་དང་སྟན་ཐོག་གཅིག་མར་གསལ་ཞིང་། །འོན་ཀྱང་ལས་དང་པོ་པའི་མོས་སློབ་ལ་ནི་འདི་ཙམ་ལས་ལག་ཏུ་ཐེབ་པར་དཀའ་བས་འདིར་ཡི་གེ་མང་གི་དོགས་པས་མ་བྲིས་སོ། །འགྲོ་འཆག་ཉལ་འདུག་སྐྱིད་སྡུག་བཟང་ངན་གང་གི་ཚེ་ཡང་མི་གཡོ་གསུམ་ལྡན་གྱི་དངངང་མ་ཤོར་བར་བསྐྱང་བ་ནི་ལམ་ཁྱེར་མཆོག་ཡིན་ལ་རྨི་ལམ་འོད་གསལ་འཕོ་བ་སོགས་ཀྱི་དམིགས་ཕྲན་གཞན་བསྒོམ་པར་འདོད་ཚེ་ཁྲིད་གཞུང་ཉིད་དུ་གསལ་ཞིང་། སྤྱིར་ཡན་ལག་དྲུག་པོ་སྔ་ཕྱི་རྒྱུ་འབྲས་ཀྱི་འབྲེལ་པར་གནས་པས་སྔ་མ་སྔ་མ་རྒྱུད་ལ་ཚད་ལྡན་སྐྱེས་ན་ཕྱི་མ་ལ་དཀའ་ཚེགས་མེད་པས་ཐོག་མར་སོར་སྡུད་གནད་དུ་སོང་ནས་བརྟན་པ་ཐོབ་ཚེ་རྨི་ལམ་སོགས་གདམས་པའི་ཡན་ལག་རྣམས་ཤུགས་ཀྱི་ཉམས་འོག་ཏུ་ཚུད་པར་འགྱུར། ལས་དང་པོ་པའི་མོས་སྒོམ་ཡལ་ཡོལ་ཙམ་ལ་ནི་གེགས་དང་བོག་གཉིས་ཀ་ཧ་ཅང་མི་འབྱུང་ལ། ལམ་རྟགས་གཞུང་ཚུགས་པ་ན་གེགས་སེལ་བོག་འདོན་ཏུ་མཁོ་བའི་གདམས་ངག་གཞན་ཏུ་གསལ་ཏེ་གལ་ཡང་ཆེའོ། །སྔོན་

ཤོག་ལྷེ་༣༦༨འགྲོ་དངོས་གཞིའི་གདམས་ངག །རང་གི་ཉམས་མྱོང་། བླ་མས་ངོ་སྤྲད་ཚུལ་རྣམས་ཤིན་ཏུ་གསང་ཞིང་གདམས་ངག་འདི་ཉིད་མ་ཐོབ་པ་ལ་དཔེ་ཡང་བསྟན་པར་མི་བྱ། གཉིད་སོགས་སྒྲིབ་པ་ལྔའི་དབང་དུ་མི་གཏོང་། ཁྱད་པར་བླ་མ་དང་ཆོས་ལ་ཐེ་ཚོམ་ཅུང་ཟད་ཀྱང་མི་བྱ། རྟགས་སྣང་གང་བྱུང་ལའང་དགའ་སྤྲོ་སྐྲག་འཇིགས་སོགས་སྤངས་ཏེ་གདམ་ངག་ངེས་ཤེས་བསྐྱེད། རྩ་བའི་དམ་ཚིག་མ་ཉམས་པར་བསྲུང་། ཡན་ལག་རྣམས་ཀྱང་ཅི་ནུས་ཀྱིས་བསྲུང་ཞིང་ཉམས་ཆགས་སུ་གྱུར་པ་ལ་ཡིག་བརྒྱ་བདག་འཇུག་ཚོགས་བསྐང་མེ་མཆོད་སོགས་ཀྱིས་ཕྱིར་བཅོས་ཤིང་བཤགས། དུས་རྟག་ཏུ་ཐུན་མོང་མིན་པའི་ཟབ་གསང་ལ་ཡིད་ཆེས་ཤིང་སྙིང་ནས་དད་པས་སྨོན་ལམ་ཟབ་མོ་རྣམས་ཡང་ནས་ཡང་དུ་བཏབ་པས་སྐྱེ་བ་འདིའམ་གཞན་ཏུ་མཆོག་ཏུ་མི་འགྱུར་བའི་བདེ་བ་དང་རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་སྐུ་གདོན་མི་ཟ་བར་མངོན་ཏུ་བྱེད་པར་འགྱུར་རོ། །དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཐུགས་ཀྱི་བཅུད། །གྲུབ་བརྙེས་བྱེ་བའི་གཤེགས་ཤུལ་ཟླ་མེད་པ། །མཁས་གྲུབ་ཀུན་གྱིས་མགྲིན་གཅིག་གསལ་མཛད་པ། །རྨོངས་པའི་སླད་ཀྱིས་ཅི་བྱར་རང་མཉམ་ཕྱིར། །དམ་པའི་གསུང་བསྐུལ་མ་ལྡོག་ཙམ་བྲིས་པས། །ནོངས་པ་བཤགས་ཤིང་དགེ་བས་སྲིད་པ་གསུམ། །

ཤོག་ལྷེ་༣༦༩འཕོ་བའི་འཇིགས་བཅོམ་མི་འགྱུར་བདེ་ཐོབ་ཤོག །ཅེས་པའང་སེང་གེ་དང་ནཱ་དའི་སྒྲ་དབྱངས་ཅན་འོད་གསལ་ཕྱག་རྒྱ་ཆེན་པོས་འཁྱུད་པ་མཉྫུ་ཤྲཱིའི་བཀའ་ནན་ཕེབས་པ་མ་ལྡོག་ཙམ་དུ་རྣལ་འབྱོར་གྱི་གནས་ལ་མོས་པ་ལམ་དུ་བྱེད་པ་གུ་ཎས་བྲིས་པ་དགེ་ལེགས་འཕེལ།། །།

ཤོག་ལྷེ་༣༧༠

Notes