Tibetan:འདུས་པ་ཆེན་པོ་མདོའི་ངང་སྒོམ་གྱི་ཁྲིད་རིམ་ཁོལ་ཕྱུང་དུ་བཀོད་པ་ཤེལ་དཀར་ཕྲེང་མཛེས་

From gDams Ngag mDzod
Revision as of 15:42, 19 February 2019 by Jeremi (talk | contribs) (Text replacement - "<onlyinclude>{{TibetanContent| " to "<onlyinclude>{{TibetanContent|content= ")
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Upload a file
DOWNLOAD ABOVE:
Click the picture above to view the original manuscript.
འདུས་པ་ཆེན་པོ་མདོའི་ངང་སྒོམ་གྱི་ཁྲིད་རིམ་ཁོལ་ཕྱུང་དུ་བཀོད་པ་ཤེལ་དཀར་ཕྲེང་མཛེས་
'dus pa chen po mdo'i ngang sgom gyi khrid rim khol phyung du bkod pa shel dkar phreng mdzes
Damngak Dzö Volume 1 (ཀ་) / Pages 105-145 / Folios 1a1 to 21a6

Tibetan Text

༡༠༥འདུས་པ་ཆེན་པོ་མདོའི་ངང་སྒོམ་གྱི་ཁྲིད་རིམ་ཁོལ་ཕྱུང་དུ་བཀོད་པ་ཤེལ་དཀར་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
༡༠༦ན་མོ་གུ་རུ་བྷྱཿ སྲིད་ཞིའི་སྤྱི་དཔལ་བླ་མེད་བཅོམ་ལྡན་འདས། །ཁམས་གསུམ་སྒྲོལ་བྱེད་དམིགས་མེད་ཐུགས་རྗེའི་རྒྱལ། །གདོད་ནས་རྣམ་གྲོལ་སྒྱུ་འཕྲུལ་རོལ་མོ་ཡིས། །འཁོར་འདས་ཀུན་ཏུ་ཁྱབ་པ་དེ་ལ་འདུད། །གང་ཞིག་འདེགས་ཡུལ་གདུལ་བྱ་གསུམ་སྣང་བར། །འདེགས་བྱེད་རྩལ་ལྡན་ཐེག་པ་གསུམ་པོ་ཡིས། །འདེགས་ཐབས་གསུམ་ལས་གཉེན་པོ་ཐབས་ཀྱི་མཆོག །དོན་དམ་ངེས་པའི་ཐེག་པའི་སྒོམ་རིམ་སྤྲོ། །དེའང་གདུལ་བྱ་འཁོར་བ་ལས་ངེས་པར་འབྱུང་བར་འདོད་པ་ལ་འདུལ་བའི་ཐབས་གཉེན་པོ་ཐབས་ཀྱི་ཐེག་པ་བསྟན་ཅིང་། དེ་ལའང་བློའི་རིམ་པ་ལྟར་ཉོན་མོངས་སྤོང་བ་དང་སྦྱོང་བ་དང་དབང་དུ་བྱེད་པའི་ཁྱད་པར་གྱིས་ཐེག་པ་རིམ་པ་དགུར་སྣང་བ་སྟེ། གདུལ་བྱ་བློ་རབ་འབྲིང་ཐ་གསུམ་རེ་རེ་ལའང་ནང་གསེས་སུ་ཐ་མའི་ཐ་མ་ནས་རབ་ཀྱི་རབ་ཏུ་གྱུར་པའི་བར་གསུམ་གསུམ་དུ་དབྱེ་བས་དགུའི་རིམ་པ་དང་མཐུན་པའོ། །གདུལ་བྱ་ཤིན་ཏུ་སྐལ་བ་དམན་པ་ལམ་སྟེགས་ལ་སྦྱོར་བའི་ཐབས་སུ་ལྷ་དང་
༡༠༧མིའི་ཐེག་པ་སྔོན་དུ་འགྲོ་བ་དོན་གྱིས་ཐོབ་པས་དེ་དག་ལམ་སྦྱོང་ཞིང་ཉམས་སུ་ལེན་པའི་ཚུལ་རྒྱ་ཆེར་མཆིས་པ་ལས། འདིར་སྣོད་བཅུད་ཀྱི་ཆོས་ཐམས་ཅད་དག་མཉམ་ཆེན་པོར་གཏན་ལ་ཕབ་སྟེ་ཉོན་མོངས་པ་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་དབང་སྒྱུར་བས་སྔགས་ནང་པ་དབང་སྒྱུར་ཐབས་ཀྱི་ཐེག་པ་རྒྱུད་ལུང་མན་ངག་གཙོར་བཏོན་པ་གསུམ་གྱི་ནང་ཚན། རྫོགས་པ་ཨ་ནུ་ཡོ་ག་འདུས་པ་མདོའི་བཀའ་སྲོལ་ལས་བྱུང་བའི་ཁྲིད་རྣམས་སྟོན་པ་ཡིན་ལ། ལུགས་སྲོལ་འདིར་ཐོས་པའི་ཤེས་རབ་ཅན་ལ་དབང་བསྐུར་དུ་བྱེད་པ། བསམ་པའི་ཤེས་རབ་ཅན་ལ་བཤད་པ་བྱེད་པ། སྒོམ་པའི་ཤེས་རབ་ཅན་ལ་ཁྲིད་དུ་འདེབས་པའི་ལུགས་གསུམ་དུ་གསུངས་པ་ལས་སྐབས་འདིར་ཁྲིད་ཀྱི་ལུགས་སུ་འདེབས་པ་སྟེ། འདི་དག་སོ་སོ་ལ་ཨ་ནུ་ཡོ་ག་རང་གི་ཁྱད་པར་གྱི་ཆོས་ཐེག་དགུའི་སྨིན་བྱེད་སོ་སོའི་རྗེས་འབྲེལ་དུ་གདམས་ངག་འབོགས་དགོས་པ་ཡིན་ཀྱང་དེ་དག་དམིགས་བསལ་མ་ཐོབ་ཀྱང་བཀའ་གཏེར་གཞན་དག་ལས་
༡༠༨འབྱུང་བའི་ཐེག་དགུའི་དབང་རིམ་རྒྱས་བསྡུས་གང་རུང་ཐོབ་ན་སྤྲོས་པ་ཆེ་ཆུང་ཙམ་ལས་འདི་དང་དོན་མཚུངས་པ་ཡིན་པས་ཉམས་སུ་ལེན་ཆོག་པ་ཡིན་ནོ། །ཁྲིད་རིམ་ཐམས་ཅད་ཀྱི་ཐོག་མར་ལམ་ལ་འཇུག་པའི་སྒོར། ཚེ་འདི་དང་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་ཡིད་ངེས་པར་འབྱུང་བའི་སྐྱོ་ཤས་དང་། ལས་འབྲས་བསླུ་བ་མེད་པར་ཡིད་ཆེས་པའི་ངེས་ཤེས་དྲག་པོ་དང་ལྡན་པའི་སྒོ་ནས། གསུམ་ལ་སྐྱབས་སུ་འགྲོ་བའི་གདམས་པ་བཟུང་ནས་ལམ་ཁྱེར་བཞི་ལས། དང་པོ་སྐྱབས་འགྲོའི་བསླབ་བྱ་ལམ་དུ་ཁྱེར་བ་ནི། དོན་དམ་པར་བདག་དང་། སེམས་ཅན་དང་། སྡུག་བསྔལ་གསུམ་རང་བཞིན་གྱིས་མི་དམིགས་ནའང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་འཁོར་བ་འདིར་སྡུག་བསྔལ་གྱིས་མནར་ཞིང་། སྐྱབས་མེད་མགོན་མེད་ཡིན། དེ་རྣམས་ཀྱི་སྡུག་བསྔལ་བླ་མ་དཀོན་མཆོག་གིས་སྐྱོབ་ནུས་པར་ངེས་ཤེས་ཁྱད་པར་ཅན་བསྐྱེད་ནས། དེའི་ཕན་ཡོན་དྲན་པས་རྟག་ཏུ་རང་ཉིད་སྐྱབས་འགྲོར་འབད་ཅིང་། སྙིང་རྗེ་ཆེན་པོས་སྐྱེ་བོ་གཞན་རྣམས་སྐྱབས་སུ་འགྲོར་གཞུག །བླ་མ་དང་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པས་དད་པ་སྒོམ་ཞིང་གསོལ་བ་འདེབས། བཀའ་དྲིན་དྲན་པས་ཕྱག་མཆོད་དང་བསྟོད་པ་བྱ། ཉེས་དམིགས་དྲན་པས་སྲོག་ལ་བབས་ཀྱང་སྐྱབས་ཡུལ་མི་སྤོང་། ཡིད་ཆེས་དྲན་པས་བདེ་སྡུག་ཅི་བྱུང་ཡང་བླ་མ་དང་དཀོན་མཆོག་ལ་མི་འཁང་ཞིང་གཞན་ལ་བློ་མི་གཏོད། དཀོན་མཆོག་གསུམ་གྱི་རྟེན་ལའང་དཀོན་མཆོག་དངོས་སུ་འདུ་ཤེས་པས་ཕྱག་མཆོད་འབུལ་ཞིང་། འོ་བརྒྱལ་སར་མི་འཇོག །གཏའ་མར་འཇོག་པ་དང་བཙོངས་ཏེ་གླུད་ཟ་བ་སོགས་མ་གུས་པའི་ལས་ཐམས་ཅད་སྤང་བར་བྱ་སྟེ། དགག་སྒྲུབ་ཀྱི་བསླབ་བྱ་རྒྱས་པ་ཁྲིད་རིམ་
༡༠༩སྤྱི་ལྟར་ཤེས་པར་བྱ། གཉིས་པ་དམ་ཚིག་ལམ་དུ་ཁྱེར་བ་ནི་དབང་དང་དངོས་གྲུབ་ཐོབ་པའི་གེགས་བརྒྱད་སྤངས་དགོས་ཏེ། དེའང་འདི་ལྟར། སྔོན་འབྱུང་སྟོན་པ་སློབ་དཔོན་ལ། །བཀའ་གཅག་བརྙས་པ་བྱེད་པ་ནི། །དབང་དང་དངོས་གྲུབ་དང་པོའི་གེགས། །བླ་མེད་འགྲོ་བའི་རྡོ་རྗེ་སྤུན། །འཁུ་ལྡོག་གདུང་བའི་སེམས་མེད་ན། །དབང་དང་དངོས་གྲུབ་གཉིས་པའི་གེགས། །བྱང་ཆུབ་སེམས་ལ་འདུད་མེད་ཅིང་། །ཐར་ལམ་འདྲེན་པའི་ལྷ་སྤོང་བ། །དངོས་གྲུབ་འབྱུང་བའི་གེགས་གསུམ་པ། །སྙིང་རྗེའི་ཡུལ་གྱུར་སེམས་ཅན་ལ། །ཐག་པ་གཅོད་པ་གེགས་བཞི་པ། །གསང་སྔགས་གསང་བའི་ལྟ་སྤྱོད་རྣམས། །ཡོངས་ལ་སྦྱིན་པ་ལྔ་པའི་གེགས། །ཐར་ལམ་སྟོན་ལ་འདུད་མེད་ཅིང་། །སེར་སྣས་བཅིངས་པ་དྲུག་པའི་གེགས། །གཟུ་ལུམས་དབང་མེད་ལས་ལ་སྤྱོད། །དངོས་གྲུབ་འབྱུང་བའི་གེགས་བདུན་པ། །འདོད་པ་ཁེ་གྲགས་ལྷུར་ལེན་ཅིང་། །གསང་བའི་དམ་ཚིག་སྤོང་བ་ནི། །འདི་ནི་བརྒྱད་པའི་གེགས་སུ་བསྟན། །ཉམས་པ་འདི་དག་སུས་སྤོང་པ། །དངོས་གྲུབ་དབང་གི་སྣོད་དུ་བཤད། །ཅེས་གསུངས་པས་དེ་རྣམས་དབང་དང་དངོས་གྲུབ་ཐོབ་པ་གཉིས་ཀའི་གེགས་སུ་གྱུར་པ་ཡིན་པས་རྟག་ཏུ་མི་འབྱུང་བ་ལ་བརྩོན་པར་བྱ། གསུམ་པ་ལྷ་དང་བཞི་པ་སྙིང་པོ་ལམ་དུ་ཁྱེར་བ་ནི། འདུས་མདོ་ལས། ངན་སོང་གནས་འདྲེན་གྱི་དབང་དང་འབྲེལ་བའི་དབང་དུ་མཛད་དེ། གསང་བདག་བསྒོམ་ཞིང་དེའི་སྙིང་པོ་བཟླ་བར་གསུངས་ཀྱང་འདིར་སྤྱི་ཙམ་དུ། མདུན་གྱི་ནམ་མཁར་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་སྤྲིན་གཏིབས་པ་ལྟར་བསམ་ལ་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་འགྲོའི་ཚིག་བརྒྱ་སྟོང་ལ་སོགས་པ་བརྗོད། རྗེས་འབྲེལ་
༡༡༠དུ། གནས་ལུགས་མ་རྟོགས་པའི་སེམས་ཅན་རྣམས་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྙིང་ནས་བསྐྱེད་པ་དང་། བྱིན་རླབས་ཀྱི་འཇུག་སྒོ་བླ་མའི་རྣལ་འབྱོར་བསྒོམ་ཞིང་མོས་གུས་དྲག་པོས་གསོལ་འདེབས་དང་ལམ་དབང་ལེན་པ་རྣམས་ཀྱིས་ཐུན་ཐམས་ཅད་ཀྱི་མགོ་བཟུང་བར་བྱ་བ་ཡིན་ནོ། །ཁྲིད་དངོས་ལ། སྒྱུ་འཕྲུལ་རྩ་རྒྱུད་ལས། ཐེག་པ་བཞི་ཡིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པས་དང་པོ་ལྷ་མིའི་ཐེག་པས་རང་གི་འབྲས་བུའི་མི་མཐུན་ཕྱོགས་ངན་སོང་གིས་འཇིགས་ཏེ་མཐོ་རིས་ཀྱི་བདེ་འབྲས་དོན་དུ་གཉེར་ནས་མངོན་མཐོའི་རྟེན་སྒྲུབ་པ་སྐྱེས་བུ་ཆུང་ངུའི་ལམ་དང་། ཉན་ཐོས་དང་རང་རྒྱལ་གྱི་ཐེག་པ་ནི་འཁོར་བས་འཇིགས་ནས་རང་དོན་དུ་ཞི་བདེའི་འབྲས་བུ་མྱང་འདས་དོན་དུ་གཉེར་བ་སྐྱེས་བུ་འབྲིང་གི་ལམ་དང་། བྱང་སེམས་ཐེག་པ་ནི་སྲིད་ཞིའི་མཐའ་གཉིས་ལ་འཇིགས་ནས་མི་གནས་པའི་མྱང་འདས་དོན་དུ་གཉེར་བ་སྐྱེས་བུ་ཆེན་པོའི་ལམ་སྟེ་བཞི་པོ་རྣམས་ཀྱིས་ངེས་པར་འབྱུང་བའི་མཐར་ཐེག་པ་གཅིག་པུ་པ་སྔགས་ཀྱི་ཐེག་པ་ལ་རིམ་གྱིས་ཁྲིད་པར་བྱེད་དེ། དེའང་སྐྱེས་བུ་ཆེན་པོའི་ལམ་གཞིར་བཞག་པའི་བདེ་མྱུར་གྱིས་ཁྱད་པར་དུ་བྱས་པས་མི་ཚེ་བཅུ་དྲུག་ནས་ཚེ་གཅིག་གིས་སངས་རྒྱས་ཀྱི་ས་ལ་སྦྱོར་བར་བྱེད་པ། སྔགས་ཕྱི་པ་བྱ་སྤྱོད་རྣལ་འབྱོར་གསུམ། ནང་རྒྱུད་ཡོ་ག་རྣམ་གསུམ་ལྟ་སྤྱོད་གོང་ནས་གོང་དུ་འཕགས་པའི་ཚུལ་གྱིས་ཉམས་སུ་བླང་བར་བྱ་བ་ཡིན་ནོ། །ཐེག་རིམ་དགུ་པོའ་ཁྲིད་རྣམས་ཀྱང་སྤྱིར་ཐེག་པ་ལམ་ཁྱེར། ལྷ་ལམ་ཁྱེར། སྙིང་པོ་ལམ་ཁྱེར། བསླབ་བྱ་ལམ་ཁྱེར་བཞི་ལ་རྟེན་བྱས་ནས་བྱེ་བྲག་སོ་སོའི་ངང་སྒོམ་ཉམས་སུ་ལེན་དགོས་ཤིང་། ལམ་ཁྱེར་བཞིའི་དང་པོ་ཐེག་པ་ལམ་དུ་ཁྱེར་བ་ལ། བདེ་འདུས་
༡༡༡སྤྱི་ཆིངས་ལས། འཇུག་སྒོ་ལྟ་བ་ཚུལ་ཁྲིམས་དང་། །སྒོམ་པ་ཕྲིན་ལས་འབྲས་བུ་རྣམས། །རིམ་པ་བཞིན་དུ་ཤེས་བྱ་སྟེ། །ཞེས་པ་ལྟར་དོན་ཚན་དྲུག་རེས་བསྟན་པ་ལྟར་རིམ་པ་བཞིན་དུ་འཆད་པར་བྱ་བ་ཡིན་ནོ། །དེ་ལྟར་སྨོས་པའི་ཁྲིད་རིམ་དངོས་ལ་བཅུ། ལྷ་མི། ཉན་ཐོས། རང་རྒྱལ། བྱང་སེམས། བྱ་སྤྱོད། རྣལ་འབྱོར། མ་ཧཱ། ཨ་ནུ། ཨ་ཏི། ཞར་བྱུང་ཚེ་ཁྲིད་བཅས་པའོ། །དང་པོ་ལྷ་མིའི་ཐེག་པ་ནི། སློབ་དཔོན་སངས་རྒྱས་གསང་བས། གཞི་ཡི་ཐེག་པ་དང་པོར་ཞོག །ཅེས་གསུངས་པ་ལྟར་ཐེག་པ་ཐམས་ཅད་ཀྱི་གཞིའམ་ཕྱི་མོར་གྱུར་པ་སྔོན་དུ་འགྲོ་བ་སྟེ། དེ་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ལམ་ཁྱེར་བཞིའི་ཐོག་མ་ཐེག་པ་ལམ་དུ་ཁྱེར་བ་ལ། འཇུག་པའི་སྒོ་ནི། ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས་མཐོ་རིས་ཀྱི་བདེ་འབྲས་འདོད་པས་མི་དགེ་བཅུ་སྤོངས་པའི་སྒོ་ནས་འཇུག་སྟེ། དེ་ལ་མི་དགེ་བཅུ་ནི། ལུས་ཀྱི་ལས་སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་ལོག་དང་གསུམ། ངག་གི་ལས་རྫུན་ཕྲ་མ། ངག་འཁྱལ། ཚིག་རྩུབ་དང་བཞི། ཡིད་ཀྱི་ལས། བརྣབ་སེམས། གནོད་སེམས། ལོག་ལྟ་དང་གསུམ་སྟེ། སློབ་དཔོན་རྟ་དབྱངས་ཀྱིས། ལུས་ཀྱི་དབྱེ་བ་རྣམ་གསུམ་སྟེ། །ངག་གི་དབྱེ་བ་རྣམ་པ་བཞི། །ཡིད་ཀྱི་རབ་ཏུ་དབྱེ་བ་གསུམ། །མི་དགེ་བཅུ་རུ་དེ་དག་འདོད། །ཅེས་གསུངས་སོ། །ལྟ་བ་ནི། འཇིག་རྟེན་ཕ་རོལ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་སོ། །ཚུལ་ཁྲིམས་ནི། མི་དགེ་བཅུ་སྤོང་གི་གཏན་ཁྲིམས་
༡༡༢སམ། དུས་ཁྲིམས་ཡན་ལག་བརྒྱད་པའི་གསོ་སྦྱོང་ངོ་། །སྒོམ་པ་ནི། སྤྱིར་རང་གི་འབྲས་བུ་འབྱིན་ནུས་ཀྱི་བར་དུ་གོམས་པར་བྱེད་པ་ཡིན་ལ། བྱེ་བྲག་ཁམས་གོང་མར་སྐྱེ་བ་ལ། རང་རང་གི་ས་འོག་མ་ལ་རགས་པར་ལྟ་ཞིང་། རང་ས་ལ་ཞི་བར་ལྟ་བས། ས་འོག་མའི་ཆགས་པ་བྲལ་བྱེད་ཀྱི་ལམ་ཚད་མེད་བཞི་དང་། བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་བརྒྱད་སྒོམ་པའོ། །སྤྱོད་པ་ནི། ཟག་པ་དང་བཅས་པའི་དགེ་བཅུའི་ལས་ལམ་འཁོར་བཅས་ལ་སྤྱོད་པ་སྟེ། དེའང་ལུས་ཀྱི་ལས། སེམས་ཅན་གྱི་སྲོག་སྐྱོབ་པ། སྦྱིན་པ་གཏོང་བ། ཚུལ་ཁྲིམས་བསྲུང་བ་དང་གསུམ། ངག་གི་བདེན་པར་སྨྲ་བ། མི་མཛའ་བསྡུམ་པ། ཞི་ཞིང་ངེས་པར་སྨྲ་བ། གཞན་གྱི་ཡོན་ཏན་བརྗོད་པ་དང་བཞི། ཡིད་ཀྱི་ཆོག་ཤེས་པ། གཞན་ལ་བྱམས་པ། ལས་འབྲས་ལ་ཡིད་ཆེས་བསྐྱེད་པ་དང་གསུམ་མོ། །འབྲས་བུ་ནི། དགེ་བའི་ལས་སྟོབས་ཆེ་ཆུང་གིས་གླིང་བཞིའི་མི་དང་འདོད་ལྷ་རིས་དྲུག་སྟེ། མཐར་ཐུག་མིའི་འཁོར་ལོས་བསྒྱུར་རྒྱལ་དང་། འདོད་ལྷའི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོའི་བར་བགྲོད་ཅིང་། གཟུགས་ལ་ཆགས་བྲལ་མ་ཐོབ་ཅིང་བསམ་གཏན་བཞིའི་རོ་ལ་ཆགས་པས་གཟུགས་ཁམས་ཀྱི་ལྷ་དང་། གཟུགས་མེད་པའི་སྙོམས་འཇུག་མིང་བཞི་ལ་ལྡན་པའི་ཏིང་ངེ་འཛིན་ལ་བདག་ཏུ་བཟུང་བས་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷར་སྐྱེ་བ་ཡིན་ནོ། །འདི་སོགས་ཐེག་པ་འོག་མའི་རང་འབྲས་རྣམས་སྐབས་འདིར་ཆེད་དུ་བསྒྲུབ་པར་བྱ་བ་མ་ཡིན་ཀྱང་སོ་སོའི་རང་སྐལ་ཙམ་དུ་བཤད་པའོ། །གཉིས་པ་ལྷ་ལམ་ཁྱེར་ནི། ངན་སོང་སྦྱོང་བའི་ལྷ་ཀུན་རིག་རྣམ་སྣང་། ལས་སྒྲིབ་སྦྱོང་བའི་ལྷ་མི་འཁྲུགས་པ། དུས་བཟང་གསུམ་ལ་སྟོང་གི་ལྷ་མུ་གེའི་སྐལ་བ་ལས་ཐར་བྱེད་ཤཱཀྱ་ཐུབ་པ།
༡༡༣ཉའི་ལྷ་མཚོན་གྱི་སྐལ་བ་ལས་ཐར་བྱེད་སྣང་བ་མཐའ་ཡས། ཚེས་བརྒྱད་ཀྱི་ལྷ་ནད་སྐལ་ལས་ཐར་བྱེད་སྨན་བླ་སྟེ་ལྷ་དེ་དག་སོ་སོའི་སྐུའི་རྣམ་པ་དྲན་ཅིང་ཡོན་ཏན་ལ་དད་ཅིང་མོས་པས་རྒྱལ་བའི་བཀའ་ལས་མི་འདའ་བར་བསླབ་པར་བྱའོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། རྣམ་སྣང་གི་དུརྒ་མི་འཁྲུགས་པའི་ཀཾ་ཀ་ནི། ཐུབ་པའི་མུ་ནི། སྣང་མཐའི་པདྨ་དྷ་རི། སྨན་བླའི་བྷཻ་ཥ་ཛྱའི་གཟུངས་རྣམས་བཟླ་ཞིང་། གཟུངས་མི་ཤེས་ན་ལྷ་སོ་སོའི་མཚན་ནས་བརྗོད་པའི་སྐྱབས་འགྲོ་ལ་འབད་དོ། །དེ་ཡང་དུས་བཟང་གི་ལྷ་གསུམ་ནི་དུས་དེ་དང་དེའི་ཚེ་སྔ་དྲོ་གསོ་སྦྱོང་བླངས་ནས་སོ་སོའི་ལམ་ཁྱེར་གཉིས་ལ་བསླབ་པ་ཡིན་པས། རྒྱུན་དུ་རྣམ་སྣང་དང་མི་འཁྲུགས་པའི་ལམ་ཁྱེར་ལ་གཙོ་བོར་དྲིལ་བས་ཆོག་གོ །བཞི་པ་བསླབ་བྱ་ལམ་དུ་ཁྱེར་བ་ནི། སྤྱིར་ངོ་ཚ་ཁྲེལ་ཡོད་ཀྱིས་ཀུན་ནས་བསླངས་ཏེ་ལུས་ངག་གི་བྱ་བ་ཡ་རབས་ཀྱི་ཚུལ་དང་མཐུན་པའི་སྤྱོད་པ་གསུམ་ལ་བསླབ་དགོས་ཏེ། དམ་པའི་རྒྱན་ལས། བཀུར་བར་འོས་པ་ལེགས་ཁུར་ཞིང་། །མགོན་མེད་རྣམས་ལ་ལྷག་པར་བྱམས། །བྱས་ལ་དྲིན་ལན་མི་བརྗེད་པ། །དམ་པ་རྣམས་ཀྱི་མཛད་སྤྱོད་ཡིན། །ཞེས་གསུངས་པ་ལྟར་རོ། ཁྱད་པར་མི་ཆོས་བཅུ་དྲུག་ལ་བསླབ་སྟེ། འབྱེད་པ་ལེའུ་ཆུང་ལས། དཀོན་མཆོག་གསུམ་ལ་དད་པ་སྐྱོ་ངལ་མེད་པར་བྱེད་པ་དང་། དོན་དམ་པར་དམ་པའི་ཆོས་བཙལ་བ་དང་། གཙུག་ལག་བཟང་པོ་ལ་མཁས་པར་སློབ་པ་དང་། ཅི་ལའང་དྲན་ཅིང་ཚོད་ཟིན་པ་བྱ་བ་དང་། མ་བཅོལ་བའི་ལས་ལ་གཏོགས་འདོད་མི་བྱེད་པ་དང་། མིག་མཐོ་སར་བལྟ་ཞིང་གོང་མ་རྣམས་ཀྱི་རྗེས་སྙེགས་པ་དང་། དུས་གསུམ་གྱི་ཕ་མ་ལ་དྲིན་ལན་བསླན་པ་དང་། ཕུ་ནུ་དང་ཕ་ཚན་ནང་དུ་ཤོངས་
༡༡༤ཡངས་ཆེ་བ་དང་། རིམ་པས་རྒན་པ་ལ་བཀུར་སྟི་བྱ་བ་དང་། ཁྱིམ་མཚེས་ལ་བྱམས་པར་བྱ་བ་དང་། གཉེན་གྲོགས་ཀྱི་དགེ་བཤེས་ལ་དཀའ་ལས་ཀྱི་ཕན་འདོགས་པ་དང་། སྲིད་ཀྱིས་འབྲེལ་བའི་ཉེ་རིང་ལ་ཆབ་གང་མཐར་དབྱུང་བ་དང་། རིག་བྱེད་བཟོ་ལ་མཁས་པས་གཞན་ལ་ཕན་པ་དང་། ལྟོས་པའི་མི་དྲིན་གྱིས་སྐྱབས་འོག་ཏུ་གཞུག་པ་དང་། ངན་བྱེད་ཀྱི་གྲོས་བཀག་ནས་རྒྱལ་ཁམས་བདེ་ཡངས་ཀྱི་གྲོས་གཞི་འདིང་བ་དང་། ལས་མཐའ་ཆོས་ལ་གཏད་དེ་ཕྱི་མར་བུ་སྨད་ཀྱིས་བྱང་ཆུབ་ཀྱི་གཞི་ཐོབ་པར་བྱའོ། ཞེས་པ་ལྟར་མིའི་ཆོས་ལུགས་གཙང་མ་ལ་བསླབ་པར་བྱ་དགོས་སོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ནི། རང་གི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྟག་ཏུ་ཞུགས་པར་མོས་ལ། དེ་ཉིད་ཡང་ནས་ཡང་དུ་གསལ་གདབ་ཅིང་རྗེས་སུ་དྲན་པའི་སྒོ་ནས་རང་གི་བྱ་བྱེད་ཀྱི་བླང་དོར་ཐམས་ཅད་དེས་བསྟན་པའི་བཀའ་ལས་མི་འདའ་བར་བསླབ་པར་བྱའོ། ཞེས་དྲན་པ་དང་ཤེས་བཞིན་གྱིས་མཉམ་པར་འཇོག །དེ་ནས་སེམས་ཅན་ཐམས་ཅད་བདེ་བ་ཚད་མེད་པ་དང་ལྡན་པར་གྱུར་ཅིག་སྙམ་དུ་དྲན་པ་རྩེ་གཅིག་ལ་མཉམ་པར་འཇོག་པ་སོགས་ཚད་མེད་བཞི་སྒོམ་པར་བྱ། དེ་ནས་ངང་སྒོམ་ཆུང་ངུ་ནས་འབྱུང་བ་ལྟར་བསམ་གཟུགས་ཀྱི་ཏིང་ངེ་འཛིན་སྒོམ་སྟེ། འདི་ལྟར། འདོད་ཡོན་གྱི་ཉེས་དམིགས་དང་བསམ་གཏན་གྱི་ཕན་ཡོན་ཤེས་པར་བྱས་ནས། སྟན་བདེ་བ་ལ་ལུས་གནད་གཡོ་མེད་དུ་བཅིངས། དམིགས་པའི་གནད་སེམས་ཕྱིར་མི་གཡེང་བར་ནང་དུ་བླན་ཏེ་དམིགས་པ་ལ་དང་པོར་རྩེ་གཅིག་ཏུ་འཇོག །དེ་ནས་རྣམ་རྟོག་སྐྱེར་མི་འཇུག་པར་དེ་ཉིད་ཀྱི་སྟེང་དུ་མ་བཅོས་པར་འཇོག་པ་ནི་རྒྱུན་དུ་འཇོག་པ་ཞེས་བྱ་ཞིང་། དེ་ནས་རིམ་པར་
༡༡༥བསླན་ཏེ་འཇོག་པ། ཉེ་བར་འཇོག་པ། འདུལ་བར་བྱེད་པ། ཞི་བར་བྱེད་པ། ཉེ་བར་ཞི་བར་བྱེད་པ། རྩེ་གཅིག་ཏུ་བྱེད་པ། མཉམ་པར་འཇོག་པ་སྟེ་སེམས་གནས་པའི་ཐབས་དགུ་ལ་མན་ངག་དང་ལྡན་པས་མཉམ་པར་གཞག་པས། འདོད་ཡོན་ལ་ཆགས་སྡང་དང་བྲལ་བའི་ཏིང་ངེ་འཛིན་རྩེ་གཅིག་པ་དང་། ལུས་སེམས་ལ་ཤིན་སྦྱངས་ཐོབ་པའི་དགའ་བདེ་སྐྱེ་ཞིང་། འདོད་ཡོན་ཕྲ་མོས་གོས་མ་གོས་ཀྱི་རྟོག་དཔྱོད་དང་བཅས་པ་སྟེ་བསམ་གཏན་དང་པོའོ། །དེ་ཉིད་བརྟན་ནས་ནང་དུ་ཤེས་པ་རང་ལུགས་སུ་བཞག་སྟེ་སྦྱངས་པས། སྔར་གྱི་རྟོག་དཔྱོད་ཀྱི་ཞེན་པ་ནུབ་ཅིང་ལུས་སེམས་ལ་དགའ་བདེ་སྔར་ལས་ལྷག་པ་སྐྱེས་པ་ནི་བསམ་གཏན་གཉིས་པའོ། །དེ་ནས་དགའ་བ་ལ་ཞན་མེད་ཀྱི་རྣལ་འབྱོར་སྒོམས་པས་ལུས་ཀྱི་དགའ་བདེའི་ཞེན་པ་ནུབ་ནས་སེམས་བདེ་གཡོ་མེད་ཀྱིས་ཁྱབ་པའི་ཏིང་ངེ་འཛིན་ནི་བསམ་གཏན་གསུམ་པའོ། །དེ་ནས་སེམས་ཀྱི་བདེ་བ་ལ་ཆགས་ཞེན་མེད་པའི་རྣལ་འབྱོར་བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་ཅན་བསྒོམས་པས་རླུང་གི་གཡོ་བ་འགགས་ཤིང་བདེ་བའི་ཞེན་པ་ནུབ་ནས་སེམས་གསལ་དྭངས་ལ་རྩེ་གཅིག་ཏུ་གནས་པ་ནི་བསམ་གཏན་བཞི་པའོ། །དེ་ལྟར་སློབ་དཔོན་སངས་རྒྱས་གསང་བས། ཚད་མེད་བཞི་དང་བསམ་གཏན་བཞི། །རིམ་པས་སོ་སོར་བདག་འཛིན་ཅིང་། །གཟུགས་རྣམས་ཀུན་ལ་བདག་ཏུ་རྟོག །འདི་ནི་ཚངས་གནས་རིམ་པར་སྐྱེ། །ཞེས་གསུངས་སོ། །དེ་ནས་བསམ་གཏན་གཞིའི་འདུ་ཤེས་ལ་ཡིད་བྱུང་ནས། གཟུགས་མེད་པའི་སྙོམས་འཇུག་བཞི་སྒོམ་སྟེ། དེ་ལ་གཟུགས་སྣང་སྣ་ཚོགས་པ་འདི་དག་ནམ་མཁའ་དང་འདྲ་བའོ་ཞེས་སྣང་མེད་ཀྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བཞག་པས་སྣང་བ་ཐམས་ཅད་རིམ་གྱིས་
༡༡༦ནུབ་ནས་ནམ་མཁའ་ལྟ་བུའི་སྟོང་ཉིད་ཀྱི་ངང་ལ་གནས་པ་ནི་ནམ་མཁའ་མཐའ་ཡས་སོ། །དེ་ལས་འདས་ནས་སེམས་རང་གི་ངོ་བོ་ལ་གཡོ་མེད་དུ་བཞག་པས་སྔར་གྱི་སྟོང་འཛིན་གྱི་འདུ་ཤེས་དེ་ཡང་ནུབ་ནས་རྣམ་ཤེས་རིག་ཙམ་མཐའ་དབུས་མེད་པ་ལ་གནས་པ་ནི་རྣམ་ཤེས་མཐའ་ཡས་སོ། །དེ་ནས་རྣམ་ཤེས་ཀྱི་ངོ་བོ་ཡང་སྟོང་ཉིད་དངོས་མེད་ཅི་ཡང་མེད་པའོ་ཞེས་རྩེ་གཅིག་ཏུ་བསྒོམས་པས་རྣམ་ཤེས་ཀྱི་འཛིན་པའང་རིམ་གྱིས་ནུབ་ནས་གཟུགས་སེམས་ཀྱི་མཚན་མ་ཅུང་ཟད་ཀྱང་མེད་པའི་ངང་ལ་གནས་པ་ནི་ཅི་ཡང་མེད་པའོ། །དེ་ལས་འདས་ནས་ཆོས་གང་ལའང་ཡོད་པ་དང་མེད་པའི་འཛིན་པ་དོར་ཏེ་ཅི་ཡང་ཡིད་ལ་རྩོལ་མེད་དུ་བཞག་པས། ཅི་ཡང་མེད་པའི་འཛིན་པའང་གྲོལ་ནས་འཇིག་རྟེན་པའི་མི་རྟོག་རབ་ཀྱི་རྩེ་མོར་ཕྱིན་པ་ནི་སྲིད་རྩེའི་སྙོམས་འཇུག་གོ །དེ་ལྟར་ཡང་སྔ་མ་ལས། མཉམ་དང་གཟུགས་མེད་མ་རྟོགས་ནས། །མིང་གཞི་ཡིན་པར་མ་ཤེས་ཏེ། །སྐྱེ་མཆེད་བཞི་ལ་གནས་གྱུར་ན། །སྲིད་པའི་རྩེ་མོའ་ས་རུ་སྐྱེ། །ཞེས་གསུངས་སོ། །དེས་ན་ཇི་སྐད་དུ། འཇིག་རྟེན་དང་པོ་བསམ་གཏན་བཞི། །སྙོམས་འཇུག་བཞི་གོལ་ས་དགུ་སྟེ། །ཞེས་པས་བསམ་གཟུགས་བརྒྱད་ཀྱི་སྟེང་དུ་འདོད་ཁམས་ཀྱི་ས་གཅིག་སྟེ་གོལ་ས་དགུར་ལམ་རིམ་དུ་གསུངས་མོད། དེ་ལྟར་ནའང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གྱི་རྟེན་དུ་འགྱུར་བ་མི་འགལ་ཞིང་། ཁྱད་པར་དུའང་ལམ་གོང་མིའི་ཡོན་ཏན་གྱི་རྟེན་དུ་འགྲོ་བ་ལ་བསམ་གཏན་བཞིའི་ཏིང་ངེ་འཛིན་བཟང་པས་དེ་ཉིད་བསྒོམ་པ་ལ་ཐོག་མར་འབད་པར་བྱའོ། །གཉིས་པ་ཉན་ཐོས་ཀྱི་ཐེག་པའི་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ལ་ལམ་ཁྱེར་བཞིའི་ཐོག་མ་ཐེག་པ་ལམ་དུ་ཁྱེར་བ་ལ་འཇུག་པའི་སྒོ་ནི། འཁོར་བའི་ཉེས་
༡༡༧དམིགས་མཐོང་ནས་རང་ཉིད་ཞི་བདེ་འདོད་པས། འཕགས་པའི་བདེན་པ་བཞིས་བསྡུས་པའི་རྣམ་པ་བཅུ་དྲུག་ལ་དམིགས་པའི་རྒྱུ་འབྲས་སྤང་བླང་གི་སྒོ་ནས་འཇུག །ལྟ་བ་ནི། གཟུང་ཡུལ་དངོས་པོ་རགས་སྣང་དང་འཛིན་པ་སེམས་ཀྱི་རྒྱུན་འདི་རང་བཞིན་མེད་པར་འདོད་པས་གང་ཟག་གི་བདག་མེད་རྟོགས་ནའང་། རགས་སྣང་རྩོམ་གཞི་རྡུལ་ཕྲན་བྱེ་སྨྲས་ཆ་ལྡན་སིལ་བུ་དང་། མདོ་སྡེ་པས་རེག་ལ་མ་འབྱར་བའི་ཆ་མེད། འཛིན་སེམས་སྐད་ཅིག་མ་བྱེ་མདོ་གཉིས་མཐུན་པར་དུས་ཀྱི་ཆ་དང་བྲལ་བར་འདོད་པས་ན། གཟུང་འཛིན་ཕྲ་བ་དོན་དམ་བདེན་པར་ལྟ་བས་ཆོས་ཀྱི་བདག་མ་རྟོགས་པ་སྟེ། ལྟ་རིམ་ལས། ཆོས་ཙམ་ལྟ་བའི་ཉན་ཐོས་པ། །མདོ་སྡེ་པ་དང་བྱེ་བྲག་གཉིས། །ཕྱི་རོལ་རྡུལ་ལ་རྩོད་བྱེད་ཅིང་། །ཤེས་པ་སྐད་ཅིག་སྣང་བྱེད་མཐུན། །ཞེས་གསུངས། །ཚུལ་ཁྲིམས་ནི། སོ་ཐར་རིགས་བརྒྱད་གང་རུང་སྟེ། །མཛོད་ལས། སོ་སོ་ཐར་ཞེས་བྱ་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཐ་དད་དེ་དག་འགལ་བ་མེད། །སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤང་བ་ནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེ་དང་དགེ་སློང་ཉིད། །ཅེས་སོ། །སྒོམ་པ་ནི། ཉན་ཐོས་ཀྱི་སྡེ་སྣོད་ཐོས། ཐོས་དོན་བསམ། བསམ་པའི་དོན་སྒོམ་པ་ལ་འཇུག་པ་སྟེ། དེ་ལ་ཞི་གནས་ནི། ཉོན་མོངས་པ་གང་དང་གང་ཤས་ཆེ་བ་དེ་དང་དེའི་གཉེན་པོར་རིམ་བཞིན། འདོད་ཆགས་ལ་མི་སྡུག་པ། ཞེ་སྡང་ལ་བྱམས་སྙིང་རྗེ། གཏི་མུག་ལ་རྟེན་འབྲེལ་གྱི་རབ་དབྱེ། རྣམ་རྟོག་ལ་དབུགས་འབྱུང་རྔུབ་བགྲང་བ། ང་རྒྱལ་ལ་ཁམས་ཀྱི་རྣམ་པའི་རབ་དབྱེ་རྣམས་སྒོམ་པས་སེམས་ལས་སུ་རུང་བར་བྱས་རྗེས། ལྷག་མཐོང་ནི། བདེན་བཞིའི་
༡༡༨རྣམ་པ་བཅུ་དྲུག་སྒོམས་པས། ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བས་སྤོང་བ་སོགས་ཡེ་ཤེས་བཅུ་དྲུག་གིས་སྤོང་སྟེ། བདེན་བཞི་རེ་རེ་ལའང་། ཆོས་ཤེས། ཆོས་བཟོད་དང་། རྗེས་ཤེས། རྗེས་བཟོད་དེ་བཅུ་དྲུག་གོ །སྤྱོད་པ་ནི། སྦྱང་ཡོན་བཅུ་གཉིས་ལ་གནས་པས་རང་དོན་གཙོ་བོར་སྤྱོད་པའོ། །འབྲས་བུ་ནི། ལམ་ལྔ་བྱང་ཕྱོགས་སོ་བདུན་གྱི་རིམ་པས་བགྲོད་པའི་འཕགས་ལམ་ནི་དགེ་སྦྱོང་གི་འབྲས་བུ་བཞི་སྟེ། རྒྱུན་ཞུགས་དང་། ལན་གཅིག་ཕྱིར་འོང་དང་། ཕྱིར་མི་འོང་དང་། དགྲ་བཅོམ་པ་སྟེ་སྐྱེས་བུ་ཟུང་བཞི་དང་། རེ་རེ་ལའང་ཞུགས་གནས་གཉིས་གཉིས་སུ་བྱེ་བས་ཡ་བརྒྱད་དུ་འདོད་དོ། །དེའང་ཉན་ཐོས་ཀྱི་རྟོགས་བྱ་ཐམས་ཅད་འདིར་ཡང་རྟོགས་དགོས་མོད། ཐོབ་བྱ་རྣམས་ནི་ཐེག་ཆེན་གྱི་གོལ་ས་ཡིན་པའི་ཕྱིར། ལམ་སྟེགས་སུ་མངོན་དུ་བྱེད་དགོས་པ་མ་ཡིན་ནོ། །གཉིས་པ་ལྷ་ལམ་ཁྱེར་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མདུན་དུ་སྤྱན་དྲངས་ཏེ། བཞུགས་པ་ལས་དམིགས་ནས་ཕྱག་མཆོད་འབུལ་བ་སོགས་ཀྱིས་ཚོགས་བསག་གོ །གསུམ་པ་སྙིང་པོ་ལམ་ཁྱེར་ནི། ལྷ་རྣམས་ཀྱི་སྐུ་ལས་འཕྲོས་པའི་འོད་ཀྱིས་ལུས་སེམས་ཀྱི་སྐྱོན་སྦྱངས་ཤིང་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ། མུ་ནིའི་གཟུངས་བཟླ་བའོ། །བཞི་པ་བསླབ་བྱ་ལམ་ཁྱེར་ནི། མི་དགེ་བཅུ་དགྲ་ལྟར་སྤོང་ཞིང་། དགེ་བཅུ་འཆི་གསོས་ཀྱི་སྨན་མཆོག་ལྟར་བརྟེན་པར་བྱའོ། །དེའང་ཐུན་མོང་དུ་འདུ་ཤེས་བཅུ་སྟེ། སྲོག་གཅོད་པ་ལ་བཙན་དུག་ལྟ་བུའི་འདུ་ཤེས་དང་། ཉོན་མོངས་པ་ལ་དུག་སྦྲུལ་ལྟ་བུའི་འདུ་ཤེས་དང་། ཁ་ཟས་ལ་རྒན་རྒོན་བུ་ཤ་ཟ་བ་ལྟ་བུའི་འདུ་ཤེས་དང་། གོས་ལ་སྨད་དཀྲིས་ལྟ་བུའི་འདུ་ཤེས་དང་། སྙེད་བཀུར་ལ་རྒྱ་དང་
༡༡༩རྙི་ལྟ་བུའི་འདུ་ཤེས་དང་། བླ་མ་དང་དཀོན་མཆོག་ལ་ནོར་བུ་རིན་པོ་ཆེ་ལྟ་བུའི་འདུ་ཤེས་དང་། ཆོས་ལ་ལམ་བཟང་པོ་ལྟ་བུའི་འདུ་ཤེས་དང་། སངས་རྒྱས་ཀྱི་བསྟན་པ་ལ་གསེར་ལྟ་བུའི་འདུ་ཤེས་དང་། ཚུལ་ཁྲིམས་ལ་རྒྱན་ལྟ་བུའི་འདུ་ཤེས་དང་། ཆོས་ཉིད་མངོན་དུ་གྱུར་པ་ལ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་འདུ་ཤེས་རྣམས་ལ་བསླབ་པར་བྱའོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ལ། ཐོག་མར་ཞི་གནས་ནི། ཚེ་འདི་དང་འཁོར་བ་ལ་ཡིད་འབྱུང་བའི་སྐྱོ་ཤས་ཀྱིས་འདུ་འཛི་དང་མི་དགེ་བའི་སེམས་སྤངས་ཏེ། བསྒོམ་བྱའི་ངོ་བོ་ནི། རང་གི་དཔྲལ་བར་རུས་པའི་ཐིག་ལེ་ཡུངས་འབྲུ་ཙམ་ཞིག་བསྒོམ། དེ་ལ་ཤེས་པ་གཏད་དེ་བཞག་པས། ཐིག་ལེ་དེ་ཇེ་ཆེ་ཇེ་ཆེར་འཕེལ་བས་སྣང་བ་ཐམས་ཅད་ཀེང་རུས་སུ་སྐྱ་ཁྲོལ་གྱིས་སོང་བ་ལ་རྩེ་གཅིག་ཏུ་མཉམ་པར་གཞག་དེ་ལས་ཡང་སྡུད་པའི་སྦྱོར་བས་རང་ལུས་ཙམ་ཀེང་རུས་སུ་དམིགས་ནས་བསྒོམ་སྟེ། མཛོད་ལས། ཀེང་རུས་ཆགས་བཅས་ཐམས་ཅད་ལ། །རུས་པ་རྒྱ་མཚོའི་བར་དུ་ནི། །སྤྲོ་ཞིང་སྡུད་པ་ལས་དང་པོ། །ཞེས་པས་འདི་ནི་ལས་དང་པོ་པའི་མི་སྡུག་པ་སྒོམ་ཚུལ་ཏེ། དེ་ལ་བརྟེན་ནས་སྤྲོ་བ་སྔར་བཞིན་ལས་བསྡུ་བ་ན་རྐང་རུས་བོར་བ་ནས་ཐོང་ཕྱེད་ཀྱི་བར་དང་། ཤིན་ཏུ་བརྟན་ནས་ཐོད་ཕྱེད་ཀྱང་བསྡུས་ལ་སྨིན་མ་གཉིས་ཀྱི་བར་དུ་སེམས་འཛིན་པ་སྟེ། དེ་ལས། རྐང་རུས་ནས་ནི་ཐོད་ཕྱེད་བར། །བཏང་བས་སྦྱང་བ་བྱས་པར་བཤད། །སྨིན་མའི་བར་དུ་སེམས་འཛིན་པས། །ཡིད་ལ་རྫོགས་པ་བྱེད་པ་ཡིན། །ཞེས་གསུངས། དེ་ལྟར་མི་སྡུག་པའི་ཏིང་ངེ་འཛིན་གྱིས་ཆགས་སྡང་འགགས་ནས་སེམས་ལས་སུ་རུང་བ་དང་། དེ་ནས་ལྷག་མཐོང་སྒོམ་སྟེ། ལམ་ལྔར་བྱང་ཕྱོགས་སོ་བདུན་ནམ། བདེན་གཞི་
༡༢༠རྣམ་པ་བཅུ་དྲུག་ཏུ་ཕྱི་ནས་བསྒོམ་པ་ཡིན་ནའང་། འདིར་ལམ་གོང་མའི་སྟེགས་སུ་གང་ཟག་གི་བདག་མེད་བསྒོམ་པའི་ལྟ་ཁྲིད་ཙམ་ཞིག་བསྟན་པར་བྱའོ། །དེ་ཡང་རང་ལུས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་འདི་ལ་བདག་ཏུ་སྒྲོ་བཏགས་ནས་ངར་འཛིན་འཇུག་པས། དེ་སུན་དབྱུང་བའི་དོན་དུ་འདི་ལྟར་བསྒོམ་སྟེ། ངའོ་ཞེས་རྣམ་པར་བཏགས་པའི་ཡུལ་ལ་དམིགས་ན་ང་ཞེས་བྱ་བ་གྲུབ་པ་མེད་དེ། ལུས་རྣམས་རྡུལ་ཕྲན་གྱི་བར་དུ་བཤིག་ཅིང་། སེམས་ཀྱང་སྐད་ཅིག་གི་བར་དུ་རྣམ་པར་བཤིགས་པ་ན། ལུས་སེམས་གཉིས་ཀྱང་ང་མ་ཡིན་ལ། དེ་གཉིས་ཀྱི་ཚོགས་པའང་མ་གྲུབ་པས་ང་མ་ཡིན། དེ་གཉིས་ལས་ལོག་པའང་མེད་པའི་ཕྱིར། གང་ཟག་མེད་པར་རྟོགས་པ་ན། དེའི་ངང་ལ་མཉམ་པར་གཞག་པར་བྱའོ། །དེ་ལྟར་གཏན་ལ་ཕབ་སྟེ་སྒོམ་པས། ངའམ་བདག་ཏུ་འཛིན་པ་ལོག་པས་ནི། ང་ཡིར་འཛིན་པའམ་བདག་གིར་འཛིན་པ་མི་འབྱུང་ཞིང་། དེ་ལྟར་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་དང་བདག་གིར་འཛིན་པ་ལོག་པས་ནི་ཉོན་མོངས་པ་ལྡོག །དེ་ལོག་པས་ལས་ཟད་པར་འགྱུར་ལ། ལས་དང་ཉོན་མོངས་པ་ཟད་པས་ནི་སྐྱེ་བ་ཟད་པར་འགྱུར་བས་ན་རྣམ་པར་གྲོལ་བ་ཐོབ་པར་འགྱུར་ཏེ། དབུ་མ་ལས། ལས་དང་ཉོན་མོངས་ཟད་ལས་ཐར། །ཞེས་གསུངས་པ་ལྟར་ཡིན་པས་བརྩོན་པས་བསླབ་པར་བྱའོ། །གསུམ་པ་རང་རྒྱལ་ཐེག་པའི་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ལ་ལམ་ཁྱེར་བཞིའི་ཐོག་མར་ཐེག་པ་ལམ་དུ་ཁྱེར་བ་ལ། འཇུག་པའི་སྒོ་ནི། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཇུག་སྟེ། རྒྱུ་དང་འབྲེལ་བ་ས་བོན་ནས་འབྲས་བུའི་བར་དྲུག །རྐྱེན་དང་འབྲེལ་བ་འབྱུང་ལྔ་དུས་ཀྱི་འགྱུར་བ་དང་དྲུག་གིས་ཕྱིའི་རྟེན་འབྲེལ་བཅུ་གཉིས། རྒྱུ་ཡོད་ན་འབྲས་བུ་འབྱུང་བའི་ལུགས་འབྱུང་
༡༢༡དང་། ལོག་ན་ལྡོག་པའི་ལུགས་ལྡོག་དཔེར་བྱས་ཏེ། ནང་གི་རྟེན་འབྲེལ་དུར་ཁྲོད་ཀྱི་རུས་པ་ལ་བརྟེན་ནས། དེ་རྒ་ཤི་ལས་བྱུང་བ་སོགས་རིམ་གྱིས་བརྟགས་པས། འདི་ལྟར་འཁོར་བའི་རྩ་བ་མ་རིག་པར་རྟགས་ཏེ། དེ་ལོག་ན་འདུ་བྱེད་ནས་རྒ་ཤིའི་བར་ལྡོག་པར་ཤེས་ནས་འཇུག་སྟེ། དེའང་བསྐལ་ཆེན་བརྒྱའི་བར་ཚོགས་བསགས་ལ། སྲིད་པ་ཐ་མའི་ཚེ་མཁན་སློབ་མེད་པར་རང་བྱུང་གི་དགེ་སློང་དུ་གྱུར་ནས་དུར་ཁྲོད་དུ་ཕྱིན་པ་ན། རུས་པ་མཐོང་མ་ཐག་རྟེན་འབྲེལ་འབྱུང་ལྡོག་གི་འགྲོས་རྟོགས་པའི་སྒོ་ནས་སོ། །ལྟ་བ་ནི། གང་ཟག་གི་བདག་མེད་རྟོགས་པའི་སྟེང་དུ་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པ་བསྣན་པས་བདག་མེད་ཕྱེད་དང་གཉིས་རྟོགས་ཏེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས། ཚུལ་ཁྲིམས་ནི། ཉན་ཐོས་དང་འདྲའོ། །སྒོམ་པ་ནི། ཉན་ཐོས་ཀྱི་བདེན་བཞི་རྣམ་པ་བཅུ་དྲུག་གི་སྟེང་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་བསྣན་ནས་སྒོམ། སྤྱོད་པ་ནི། རང་དོན་གཙོ་བོར་སྤྱོད་ཅིང་། གཞན་ལ་ཆོས་སྟོན་པ་ན་ངག་གི་རྣམ་རིག་ལ་མི་བརྟེན་པར་རྫུ་འཕྲུལ་གྱི་བཀོད་པས་ལུས་ཀྱི་རྣམ་རིག་གིས་སྟོན་ནོ། །འབྲས་བུ་ལ་མཚམས་སྦྱོར་བྱེད་རང་རྒྱལ་དུ་སྨོན་ལམ་བཏབ་པ་ལྟར། བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་ཆེན་པོ་དང་ཆུང་ངུ་རྣམས་རིམ་པར་ལམ་ལྔ་དང་། བཞི་དང་། གསུམ་སྟན་ཐོག་གཅིག་ཏུ་མངོན་དུ་རྫོགས་ནས་རང་རྒྱལ་དགྲ་བཅོམ་གྱི་གོ་འཕང་ལ་སྦྱོར་བ་སྟེ། ཐོབ་བྱ་དེ་ཉིད་འདིའི་ལམ་སྟེགས་སུ་མངོན་དུ་བྱེད་མི་དགོས་ཀྱང་། རྟོགས་བྱ་ཐམས་ཅད་འདིར་ཡང་རྟོགས་དགོས་པ་ཡིན་ནོ། །གཉིས་པ་ལྷ་ལམ་ཁྱེར་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ་
༡༢༢ལ་འཁོར་འཕགས་པ་རང་སངས་རྒྱས་ཀྱི་དགེ་འདུན་དང་བཅས་པ་སྤྱན་དྲངས་ཏེ་བཞུགས་པའི་སྤྱན་སྔར་ཚོགས་བསགས་པའོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། ལྷ་དེ་རྣམས་ཀྱི་སྐུ་ལས་འཕྲོས་པའི་འོད་ཟེར་དཀར་པོས་ལུས་སེམས་ཀྱི་སྐྱོན་སྦྱངས་ཤིང་། རྒྱུད་བྱིན་གྱིས་རླབས་པར་བསམས་ལ། མུ་ནི་དང་རྟེན་འབྲེལ་སྙིང་པོའི་གཟུངས་བཟླ་བའོ། །བཞི་པ་བསླབ་བྱ་ལམ་ཁྱེར་ནི། སྤྱིར་ཉན་ཐོས་ལྟར་དགེ་མི་དགེའི་ལས་ཀྱི་བླང་དོར་མ་ནོར་བར་བྱ་ཞིང་། ཁྱད་པར་མཁས་པར་བྱ་བའི་ཆོས་དྲུག་ལ་མཁས་པར་སློབ་པ་སྟེ། ཆོས་དྲུག་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། གནས་དང་གནས་མ་ཡིན་པ་དང་། བདེན་པ་རྣམས་སོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ནི། རང་གི་སྤྱི་བོར་ཐིག་ལེ་དམར་པོ་དང་། དེ་ལས་ཁྲུ་གང་ཙམ་གྱིས་མཐོ་བར་ཐིག་ལེ་དཀར་པོ་སྟེ། གཉིས་ཀ་ཆེ་ཆུང་སྲན་མ་ཙམ་དུ་བསྒོམ། དེ་ལྟར་གསལ་ཐེབས་པ་དང་། ཐིག་ལེ་དམར་པོ་དེ་ལ་ཤེས་པ་གཏད་པས། དེ་ཇེ་ཆེ་ཇེ་ཆེར་འཕེལ་ནས་སྣང་བ་ཐམས་ཅད་དམར་ལམ་གྱིས་སོང་བ་ལ་རྩེ་གཅིག་ཏུ་མཉམ་པར་གཞག །ཡང་ཐིག་ལེ་དཀར་པོ་ལ་ཤེས་པ་གཏད་པས། དེ་ཇེ་ཆེ་ཇེ་ཆེར་འཕེལ་ནས་སྣང་བ་ཐམས་ཅད་དཀར་ལམ་གྱིས་སོང་བ་ལ་རྩེ་གཅིག་ཏུ་འཇོག་སྟེ། དམར་དཀར་གཉིས་པོ་དེ་རྟེན་འབྲེལ་ལུགས་འབྱུང་ལྡོག་གི་ཆོས་སུ་ཤེས་པར་བྱ། དེ་ནས་དཀར་དམར་གཉིས་འདྲེས་པ་སྤྱི་བོ་ནས་བབས་ཏེ་སྙིང་གར་ཐིམ་པའི་ངང་ལ་མ་བཅོས་པ་མཉམ་པར་གཞག་གོ །དེ་བརྟན་ནས་ལྟ་ཁྲིད་ནི། ལུས་སེམས་རྡུལ་ཕྲན་དང་སྐད་ཅིག་མའི་བར་དུ་བཤིགས་པ་ཉན་ཐོས་ལྟར་ལས། དོན་དུ་སྣང་བ་རྡུལ་ཕྲན་དུ་བསིལ་བ་དེ་ཡང་རྣམ་པར་བཤིགས་པས་མཐའ་མེད་དུ་གྱུར་ནས་ཅིར་ཡང་མ་གྲུབ་པའི་ངང་ལ་མཉམ་པར་གཞག །དེ་ལྟར་
༡༢༣བསྒོམས་པས་གང་ཟག་གི་བདག་མེད་རྟོགས་པའི་སྟེང་དུ། གཟུང་བ་ཆོས་ཀྱི་བདག་མེད་ཀྱང་རྟོགས་པར་འགྱུར་བ་ཡིན་ནོ། །བཞི་པ་བྱང་སེམས་ཀྱི་ཐེག་པའི་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་བ། །དང་པོ་ལ་ལམ་ཁྱེར་བཞིའི་ཐོག་མར་ཐེག་པ་ལམ་དུ་ཁྱེར་བ་ལ། འཇུག་སྒོ་ནི། བདེན་པ་གཉིས་ཀྱི་སྒོ་ནས་འཇུག་སྟེ། དོན་དམ་པར་ཆོས་ཐམས་ཅད་དབྱིངས་རང་བཞིན་གྱི་སྤྲོས་པ་དང་བྲལ་བའི་གཤིས་ལུགས་རྟོགས་པའི་ངང་ནས། ཀུན་རྫོབ་ཏུ་རྟེན་འབྲེལ་མ་འགགས་པའི་འཆར་སྒོ་སྒྱུ་མ་ལྟར་སྣང་ཙམ་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ཏེ། དགེ་མི་དགེ་ལ་འཇུག་ལྡོག་གི་ཚུལ་གྱིས་ཐབས་ཤེས་ཟུང་འབྲེལ་གྱི་སྤྱོད་པས་འཇུག་གོ །ལྟ་བ་ནི། བདག་མེད་གཉིས་རྟོགས་པའོ། དེའང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་མེད་བཞིན་དུ་སྣང་བ་ཆུ་ཟླ་ལྟར་རྟོགས་ཤིང་། དོན་དམ་པར་སྤྲོས་པ་ཐམས་ཅད་ཞི་བའི་ཚུལ་དུ་རྟོགས་པས་ན་བདེན་གཉིས་ཀྱི་གནས་ལུགས་རྟོགས་པ་སྟེ། ལམ་རིམ་ལས། མཉམ་པའི་དོན་ཉིད་མི་ཤེས་ཤིང་། །ཀུན་རྫོབ་དོན་དམ་གཉིས་འབྱེད་ལ། །ཆོས་དང་གང་ཟག་བདག་མེད་ན། །འདི་ནི་བྱང་ཆུབ་སེམས་དཔའ་ཡིན། །ཞེས་གསུངས། ཚུལ་ཁྲིམས་ནི་གསུམ་སྟེ། ཉེས་སྤྱོད་ལས་ལྡོག་པ་སྡོམ་པའི་ཚུལ་ཁྲིམས། བསམ་སྦྱོར་ཐམས་ཅད་གཞན་དོན་དུ་སྤྱོད་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། ཕྱིན་དྲུག་གིས་བསྡུས་པའི་ལེགས་སྤྱོད་སྒྲུབ་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སོ། །སྒོམ་པ་ནི། སྤྱིར་སློབ་པའི་ལམ་བཞིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། མཐར་ལམ་དུ་གཟུངས་ཀྱི་སྒོ་ལྔ་བརྒྱ་དང་། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ལ་སོགས་པ་སྒོམ་པ་ཡིན་མོད། སྙིང་པོར་དྲིལ་ན། ཞི་ལྷག་ཟུང་དུ་འབྲེལ་བའི་རྣམ་པར་མི་རྟོག་པའི་ལམ་སྒོམ་པ་སྟེ། སྤྱོད་འཇུག་ལས།
༡༢༤ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱ་སྟེ། །ཞེས་སོ། །སྤྱོད་པ་ནི། ཕར་ཕྱིན་བཅུ་དང་བསྡུ་བའི་དངོས་པོ་བཞི་གཞན་དོན་དུ་སྤྱོད་པའོ། །འབྲས་བུ་ནི། རང་ལམ་གྱིས་བསྐལ་པ་གྲངས་མེད་གསུམ་ནས་མི་སློབ་པའི་ལམ་ཀུན་ཏུ་འོད་ཀྱི་ས་ཐོབ་པར་འདོད་མོད། སྔགས་ཀྱི་ཐེག་པ་ལས་ནི། ཕར་ཕྱིན་ཐེག་པའི་ལམ་གྱིས་མཐར་ཕྱིན་པར་བསྒྲུབས་ཀྱང་ས་བཅུ་པའི་བྱང་སེམས་ཀྱི་གོ་འཕང་ལས་ལྷག་པ་མི་ཐོབ་ཀྱང་། སྐབས་དེར་སྔགས་ལམ་ལ་ངེས་པར་ཞུགས་ནས་སངས་རྒྱས་ཐོབ་པས་ན། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་གསུངས་སོ། །གཉིས་པ་ལྷ་ལམ་ཁྱེར་ནི། དོན་དམ་པར་འཕགས་བཞིའི་ཡུམ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལ་བསལ་བཞག་མེད་པར་བསྦྱངས་པས་ཡེ་ཤེས་ཀྱི་ཚོགས་དང་། ཀུན་རྫོབ་ཏུ་བརྡའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བའི་སྐུའི་རྣམ་པ་གསལ་བཏབ་ནས། ཕྱག་མཆོད་འབུལ་བ་ལ་སོགས་པས་བསོད་ནམས་ཀྱི་ཚོགས་བསགས་པའོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། ལྷ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས། འཕགས་པ་རྣམས་སེམས་ཅན་གྱི་དོན་ལ་བསྐུལ་ཞིང་། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་ལམ་དང་འབྲས་བུའི་བདེ་བ་ལ་བཀོད། འོད་ཟེར་དེས་བདག་ལ་རེག་པས་གཞན་དོན་སྒྲུབ་པའི་མཐུ་ཐོབ་པར་བསམ་ལ། ཏདྱ་ཐཱ། ག་ཏེ་ག་ཏེ་སོགས་བཟླ་བའོ། །བཞི་པ་བསླབ་བྱ་ལམ་ཁྱེར་ནི། འདི་བྱང་ཆུབ་སེམས་དཔའི་མཛད་པ་ཉི་ཤུའི་དབང་ཡིན་པས། དེ་དང་རྗེས་སུ་མཐུན་པར་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་དགོས། དེ་ལ་སྤང་བྱ་བྱང་སྡོམ་གྱི་མི་མཐུན་ཕྱོགས་རྩ་བའི་ལྟུང་བ་ནི། བསླབ་བཏུས་
༡༢༥ལས། རྒྱལ་པོ་ལ་ངེས་པ་ལྔ། བློན་པོ་ལ་ངེས་པ་ལྔ། ཕལ་པ་ལ་ངེས་པ་བརྒྱད། ཐུན་མོང་དུ་སྨོན་སེམས་བཏང་བ་དང་བཅུ་དགུ་གསུངས། སྡོམ་པ་ཉི་ཤུ་པར། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོ་བས་གཞན་ལ་འཚོགས་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་རྩ་ལྟུང་བཞིར་བཤད། ཉེས་བྱས་ཕྲ་བ་ནི་བསླབ་བཏུས་སུ་བརྒྱད་ཅུ་དང་། སྡོམ་པ་ཉི་ཤུ་པར་ཞེ་དྲུག་གསུངས་ཏེ། དེའང་བག་ཡོད། དྲན་པ། ཤེས་བཞིན་གསུམ་དང་ལྡན་པས་ལྟུང་བ་དེ་དག་གིས་མི་གོས་པ་ལ་བསླབ་པ་དང་། ཉིན་མཚན་དུས་དྲུག་ཏུ་རྒྱུན་བཤགས་བྱ་ཞིང་། སྨོན་པའི་བསླབ་བྱ་བདག་གཞན་མཉམ་པ་དང་། བདག་གཞན་བརྗེ་བ་དང་། གཞན་གཅེས་པར་འཛིན་པའི་བྱང་ཆུབ་ཀྱི་སེམས་གསུམ་སྒོམ་པ་དང་། འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ནི། བསམ་གཏན་གྱི་འདུག་སྟངས་ཆོས་བདུན་དང་ལྡན་པས། རང་གི་སྙིང་དཀྱིལ་དུ་ཐིག་ལེ་ཅོག་སྒོང་ཙམ་པ་འོད་ཀྱི་རྣམ་པ་ཁ་དོག་གང་ཡང་མ་ངེས་པ་ཞིག་བསྒོམ། དེ་ཡང་། ཐིག་ལེ་སྟོང་པ་སྐྱེ་བ་མེད། །ཅེས་པས་ཐིག་ལེ་དེ་ལ་བརྟགས་པ་ན་ཁ་དོག་གི་རྣམ་པ་མ་འགགས་པར་ཅིར་ཡང་སྣང་ལ། ཁ་དོག་དེ་དག་ལ་བརྟགས་པས་གང་དུའང་མ་གྲུབ་པའི་ངང་ལ་རྩེ་གཅིག་ཏུ་འཇོག་གོ །དེ་ལྟར་དཔྱད་ཅིང་བསྒོམས་པས་བློ་གནས་པ་ན། དཔེ་དེ་དང་འདྲ་བར། བསྒོམ་བྱ་སྒོམ་བྱེད་སྒོམ་པ་ལ་སོགས་པའི་བྱ་བྱེད་ཀྱིས་མཚོན། ཕྱི་ནང་གི་སྣང་བའི་དངོས་པོ་འདི་དག་རྟེན་འབྲེལ་ཙམ་དུ་མ་འགགས་པར་ཤར་ཡང་།
༡༢༦སྣང་ཙམ་ཉིད་ནས་དོན་ལ་ཅུང་ཟད་ཀྱང་གྲུབ་པ་མེད་པ་རྨི་ལམ་གྱི་སྣང་བ་ལྟ་བུ་དང་། དེ་ལྟར་ཉམས་སུ་མྱོང་མཁན་རང་སེམས་ཀྱི་ངོ་བོ་ལ་ཆེར་གྱིས་བལྟས་ཤིང་བཙལ་བ་ན་དབྱིབས་ཁ་དོག་སོགས་ཅིའི་ངོ་བོར་མ་གྲུབ་པས་འཛིན་མེད་སྟོང་པར་ཐག་བཅད་ནས། ཡུལ་དངོས་མེད་སྟོང་གཟུགས་དང་། ཡུལ་ཅན་འཛིན་སེམས་སྐད་ཅིག་ཆ་མེད་དོ། །ཞེས་མྱོང་མཁན་གྱི་གཉེན་པོ་ཁོ་རང་གི་ངོ་བོ་ལའང་ཆེ་རེ་བལྟས་པས་གཏད་མེད་དུ་སངས་ཏེ། གཟུང་འཛིན་གང་དུའང་མ་གྲུབ་པའི་སྟོང་གསལ་ནམ་མཁའ་ལྟ་བུའི་རིག་པ་སྨྲ་བསམ་བརྗོད་མེད་བློ་བྲལ་དུ་འཆར་ན། དེ་ཀའི་ངང་ལ་བསལ་བཞག་མེད་པར་གློད་པས་བདག་མེད་གཉིས་ཀྱི་དོན་རྟོགས་པར་འགྱུར་ལ། དེ་ལྟར་མཉམ་གཞག་ཏུ་བདག་མེད་གཉིས་རྟོགས་པ་དེ་རྗེས་ཐོབ་ཏུ་དྲན་ཤེས་ཀྱིས་བསྐྱང་བ་ནི། སྣང་བ་གང་ཤར་ཀྱང་མེད་པ་གསལ་སྣང་སྒྱུ་མ་ལྟ་བུར་ཐག་བཅད་ནས་དེ་ཉིད་ལྷ་རྗེས་དྲན་གྱི་སྒོར་དག་པའི་སྣང་བ་ཡུམ་ཤེར་ཕྱིན་གྱི་སྐུའི་རྣམ་པར་ཝལ་གྱིས་གསལ་བཏབ་ནས་རྒྱུན་ཆགས་སུ་བསྐྱང་བར་བྱ་བ་ཡིན་ནོ། །ལྔ་པ་བྱ་སྤྱོད་ཐུན་མོང་གི་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ལ་ལམ་ཁྱེར་བཞིའི་ཐོག་མར་ཐེག་པ་ལམ་དུ་ཁྱེར་བ་ལ། འཇུག་སྒོ་ནི། ཁྲུས་དང་གཙང་སྦྲའི་སྤྱོད་པ་དང་དག་པ་གསུམ་གྱི་སྒོ་ནས་འཇུག་གོ །ལྟ་བ་ནི། དོན་དམ་མཐའ་བཞི་དང་བྲལ་བའི་དག་པ་སྟོང་གསལ་གྱི་ཡེ་ཤེས་ཆེན་པོར་རྟོགས་པས། དེའི་ཡོན་ཏན་ཀུན་རྫོབ་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་དག་པར་འདོད་དེ། ལམ་རིམ་ལས། གཉིས་མེད་མཉམ་པ་མ་ཤེས་པས། །དོན་དམ་དག་པ་ཆོས་ཉིད་ཙམ། །ཡེ་ཤེས་བཞི་ཡོན་ཀུན་རྫོབ་ལྷ། །ཞེས་སོ། །ཚུལ་ཁྲིམས་ནི། གསང་བ་སྤྱི་རྒྱུད་དུ་སྤྱིའི་དམ་ཚིག་གསུམ་དང་། བྱེ་བྲག་གི་དམ་ཚིག་བཅུ་གསུམ་དུ་བཤད་པ་སོགས་
༡༢༧སོ། །སྒོམ་པ་ནི། བྱ་རྒྱུད་ཙམ་པོ་རྣམས་སུ་བདག་ཉིད་ལྷར་སྒོམ་པ་མི་འབྱུང་ཡང་། འདིར་བྱ་རྒྱུད་ཁྱད་པར་ཅན་སྤྱོད་རྒྱུད་དང་ཐུན་མོང་པའི་སྒྲུབ་ཚུལ་ལ། སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ཏེ། །ཞེས་པ་ལྟར་ལྷ་དྲུག་གི་སྒོ་ནས་དམ་ཚིག་པ་བསྐྱེད་པ་བྲན་ནམ་འབངས་ལྟ་བུའི་མདུན་དུ། ལྷ་ཡེ་ཤེས་པ་སྤྱན་དྲངས་པ་རྗེ་དཔོན་རྒྱལ་པོ་ལྟ་བུར་བལྟས་ཏེ་མཆོད་ལ། དམ་ཚིག་གི་ཕྱག་རྒྱས་བཏབ་ནས། བཟླས་བརྗོད་ལ་སོགས་པ་བྱེད་པའམ། བློ་ཆེན་སྤྱོད་རྒྱུད་ཁྱད་པར་ཅན་ཡོ་ག་ཙམ་པོ་དང་ཐུན་མོང་གི་སྒྲུབ་ཚུལ་དམ་ཚིག་པ་དང་མདུན་གྱི་ཡེ་ཤེས་པ་གཉིས་གྲོགས་པོའི་ཚུལ་དུ་མཆོག་དམན་མེད་པར་ལྟ་བ་གང་རིགས་ཀྱི་སྒོ་ནས་དངོས་གྲུབ་སྒྲུབ་པའོ། །སྤྱོད་པ་ནི། བྱ་བ་དྲུག་སྟེ། འཇུག་པའི་དུས་དང་། ཟས་དང་། གོས་དང་། གཙང་སྦྲ་དང་། དམིགས་རྟེན་དང་། བཟླས་བརྗོད་སྔགས་ཀྱི་བྱ་བ་རྣམས་སོ། །འབྲས་བུ་ནི། རིགས་གསུམ་རྡོ་རྗེ་འཛིན་པའི་ས་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་གོ་འཕང་མི་ཚེ་བདུན་དང་རིང་ནའང་བསྐལ་པ་གསུམ་མམ་བརྒྱད་ནས་ཐོབ་པར་འདོད་མོད། འདིར་ཡང་གསང་སྔགས་བླ་མེད་ལས་ནི། བྱ་སྤྱོད་ཀྱི་ཐེག་པའི་རང་ལམ་གྱིས་ས་བཅུ་པའི་བྱང་སེམས་ལ་སངས་རྒྱས་སུ་བརྗོད་པ་ལས། མཐར་ཐུག་གི་རྫོགས་པའི་སངས་རྒྱས་ཐོབ་པར་མི་བཞེད་དོ། །ཡང་ཨུ་པ་ཡའི་ཐེག་པའི་ཁྱད་པར་ནི། ལྟ་རིམ་ལས། གཉིས་ཀ་རྒྱུད་ཀྱི་འདོད་པ་ནི། ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། །ཞེས་ཀྲི་ཡོག་གཉིས་ཀ་ལ་བརྟེན་པའི་ཐེག་པ་ཡིན་པར་མ་ཟད། འདིར་ཤིང་རྟ་ཆེན་པོ་སློབ་དཔོན་བདེ་བ་གསལ་མཛད་དང་། སློབ་དཔོན་སངས་རྒྱས་གསང་བའི་བཞེད་པས་ཕྱི་རྒྱུད་ལ་ཀྲི་ཡོག་གཉིས་སུ་འབྱེད་པའི་ལུགས་ཡིན་པས་ལོགས་སུ་འཆད་མི་དགོས་པར་བཞེད་
༡༢༨དོ། །གཉིས་པ་ལྷ་ལམ་ཁྱེར་ནི། ཆོས་ཅན་སྣང་བ་ཀུན་རྫོབ་ཀྱི་བདེན་ངོར་ལྷ་དྲུག་གི་སྒོ་ནས་རིགས་གསུམ་མགོན་པོའི་སྐུར་བསྒོམས་ལ། ཡེ་ཤེས་པ་སྤྱན་དྲངས་ནས་རྗེ་ཁོལ་ལམ་གྲོགས་པོ་ལྟ་བུའི་ཚུལ་གྱིས་སྒྲུབ་ཅིང་། ལྷ་སྒོམ་པ་དེའང་མི་དམིགས་པ་མཐའ་བཞི་དང་བྲལ་བའི་སྟོང་གསལ་གྱི་ངང་ལ་འཇོག་པ་ནི་དོན་དམ་བདེན་པའི་ཉམས་ལེན་ཏེ། བདེན་གཉིས་སྔ་ཕྱི་རེས་འཇོག་ཏུ་ཉམས་སུ་ལེན་པའོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། བདག་མདུན་གྱི་ལྷ་གཉིས་ཀའི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་སྔགས་ཕྲེང་བཀོད་པ་སྒྲ་གདངས་སྒྲོག་པ་ལ་རྩེ་གཅིག་ཏུ་དམིགས་ཏེ། ༀ་ཝཱ་གཱི་ཤྭ་རི་མུཾ། ༀ་མ་ཎི་པདྨེ་ཧཱུྃ། ༀ་བཛྲ་པཱ་ཎི་ཧཱུྃ། ཞེས་བཟླས་པས་ཐུགས་རྒྱུད་བསྐུལ་བའོ། །བཞི་པ་དབང་ལམ་ཁྱེར་ནི། ཀྲི་ཡའི་དབང་ཉི་ཤུ་རྩ་དྲུག་སྟེ། དེ་དང་རྗེས་སུ་འབྲེལ་བའི་ཀྲི་ཡའི་དམ་ཚིག་བཅུ་གསུམ་སོགས་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་བསླབ་དགོས་པ་ཡིན་ནོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ནི། འདིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར། ཀུན་རྫོབ་སྣང་ཚོད་དུ་བདེན་པར་མི་འཇོག་པར་བཏགས་ཡོད་ཙམ་དུ་སྣང་བ་དེ་ལྷར་བསྒྱུར་ནས་ཉམས་སུ་ལེན་པ་སྟེ། བློ་ཆུང་ན་རང་རྣམ་སྨིན་གྱི་ལུས་འདི་དྭངས་གསལ་སྒྲིབ་ཐོགས་མེད་པ་འཇའ་ཚོན་ལྟ་བུའི་ལུས་སུ་བསམ་པའམ། བློ་ཆེ་ན་དེ་ཉིད་འཇམ་དཔལ་དབྱངས་ལྟ་བུའི་ལྷའི་སྐུར་བསྒོམ་མོ། །དམིགས་པའི་གཞི་དེ་གཉིས་གང་རིག་གསལ་ཐེབས་པ་དང་། དེའི་སྤྱི་བོར་ཡས་ནས་མར་ཐིག་ལེ་དཀར་དམར་མཐིང་གསུམ་བརྩེགས་མར་བསམས་པ་ལ་མཉམ་པར་གཞག །དེ་བརྟན་པ་དང་། ཐིག་ལེ་དཀར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྡིག་སྒྲིབ་སྦྱངས། དེ་བཞིན་གཤེགས་པ་རྣམས་ལ་སྐུ་མཉེས་པའི་མཆོད་པ་ཕུལ། འོད་དེ་ཚུར་འདུས་ནས་རང་
༡༢༩གི་སྤྱི་བོར་ཐིམ་པས། སྤྱི་བོར་འཇམ་དབྱངས་གསེར་བཙོ་མའི་མདངས་ཅན་རལ་གྲི་དང་ཨུཏྤ་ལ་གླེགས་བམ་གྱིས་མཚན་པ་ཞིག་སྒོམ། ཡང་ཐིག་ལེ་དམར་པོ་ལས་འོད་འཕྲོས། སེམས་ཅན་གྱི་ངག་སྒྲིབ་སྦྱངས། འཕགས་པའི་གསུང་མཆོད། ཚུར་འདུས་པས་རང་གི་མགྲིན་པར་སྤྱན་རས་གཟིགས་དཀར་པོ་ཕྱག་བཞིའི་དང་པོ་གཉིས་ཐལ་སྦྱར། འོག་མ་གཉིས་ཤེལ་འཕྲེང་དང་པད་དཀར་འཛིན་པ་ཞིག་སྒོམ། ཡང་ཐིག་ལེ་མཐིང་ག་ལས་འོད་འཕྲོས། སེམས་ཅན་གྱི་ཡིད་སྒྲིབ་སྦྱངས། འཕགས་པ་རྣམས་ཀྱི་ཐུགས་མཆོད། ཚུར་འདུས་པས་རང་གི་སྙིང་གར་ཕྱག་རྡོར་སྔོན་པོ་རྡོ་རྗེ་དང་སྡིགས་མཛུབ་ཅན་ཁྲོས་པའི་ཉམས་དང་ལྡན་པ་ཞིག་སྒོམ། དེ་ལྟར་ལུས་ངག་ཡིད་གསུམ་ལ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱིས་རྒྱས་བཏབ་ནས་མཉམ་པར་འཇོག་པ་ནི་མཚན་བཅས་སོ། །མཚན་མེད་ནི། ལྷའི་སྣང་བ་དེ་ཡང་མི་དམིགས་པར་སྦྱངས་ནས། སེམས་ཉིད་དག་པ་སྟོང་གསལ་གྱི་ཡེ་ཤེས་མཐའ་བཞི་དང་བྲལ་བའི་ངང་ལ་བསལ་བཞག་མེད་པར་བསྐྱང་བར་བྱ་སྟེ། ལ་ཤན་ལས། སྣང་སྟོང་རིམ་གྱིས་བརྟན་པར་བྱེད། །ཅེས་པ་ལྟར་བདེན་གཉིས་རེས་འཇོག་ཏུ་ཉམས་སུ་ལེན་པ་ཡིན་ནོ། །དྲུག་པ་ཡོ་གའི་ཐེག་པའི་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ལ་ལམ་ཁྱེར་བཞིའི་ཐོག་མ་ཐེག་པ་ལམ་དུ་ཁྱེར་བ་ལ། འཇུག་སྒོ་ནི། མཚན་བཅས་དང་མཚན་མེད་ཀྱི་ཏིང་འཛིན་གྱི་སྒོ་ནས་འཇུག །ལྟ་བ་ནི། དོན་དམ་མཚན་མ་མེད་པའི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བར་རྟོགས་པས། དེའི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་རང་སྣང་བར་འདོད་དེ། ལྟ་རིམ་ལས། ཡོ་ག་དོན་དམ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །རྟོགས་པའི་བྱིན་རླབས་ལྷར་སྣང་བ། །དེ་ཕྱིར་
༡༣༠སྐྱེ་བོ་ལྟར་སྣང་འཁྲུལ། །ཞེས་གསུངས། ཚུལ་ཁྲིམས་ནི། བཤད་རྒྱུད་གཙོ་བོར་བྱས་པ་རིགས་ལྔའི་དམ་ཚིག་དང་། རྩ་རྒྱུད་གཙོ་བོར་བྱས་པ་ལྷ་ལྔའི་དམ་ཚིག་གཉིས་གསུངས་ཤིང་། དེ་ཡང་རྟེན་གྱི་གང་ཟག་གི་བློ་རིམ་དང་འཚམས་པར་བསླབ་པ་སྟེ། རྩེ་མོ་ལས། གལ་ཏེ་རབ་ཏུ་བྱུང་བ་ན། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའོ། །ཁྱིམ་པའི་ཚུལ་དུ་བྱ་བ་ནི། །རིགས་ལྔ་རྒྱལ་པོ་རྟག་ཏུ་བསྲུང་། །ཞེས་སོ། །སྒོམ་པ་ནི། འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་པ་ལམ་བྱེད་མངོན་བྱང་ལྔ་སོགས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་བསྒོམ་ཞིང་། ཐུན་མཐར་ཕྱག་རྒྱ་བཀྲོལ་ནས་ཡེ་ཤེས་པ་གཤེགས། སུ་གསོལ་བ་ལ་སོགས་པ་སྟེ། དེའང་རང་ཤར་ལས། ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང་། །སྤུན་དང་གྲོགས་པོའ་ཚུལ་དུ་འདོད། །ཅེས་པས་བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་གཉིས་མཆོག་དམན་མེད་པར་བལྟ་བ་སྤྱོད་རྒྱུད་ཁྱད་པར་ཅན་ནམ་ཡོ་ག་ཙམ་པོའ་སྒྲུབ་ཚུལ་དང་། བློ་ཆེན་བདག་ཉིད་དམ་ཚིག་པར་བསྐྱེད་པ་ལ་ཡེ་ཤེས་པ་བཅུག་སྟེ་གཉིས་སུ་མེད་པར་སྒྲུབ་པ་ཡོ་ག་ཁྱད་པར་ཅན་གྱི་རྣལ་འབྱོར་གང་རུང་ལ་བརྟེན་ནས་དངོས་གྲུབ་སྒྲུབ་པའོ། །སྤྱོད་པ་ནི། ལས་ཚོགས་ཀྱི་སྐབས་འགའ་རེ་མ་གཏོགས་གཙང་སྦྲ་དང་དཀའ་སྤྱད་སོགས་ལ་གཙོ་བོར་མི་བརྟེན་ཅིང་། དེ་དག་གི་གྲོགས་དང་ལྡན་པས་ལྷའི་ཏིང་ངེ་འཛིན་ལ་གཙོ་བོར་བརྟེན་ནས་རང་བཞན་གྱི་དོན་སྤྱོད་པ་སྟེ། རྩེ་མོ་ལས། ལྷ་ཡི་ཏིང་འཛིན་ལ་གནས་ཏེ། །སེམས་ཅན་ཐམས་ཅད་ཡོངས་མི་གཏོང་། །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །རྟག་ཏུ་སངས་རྒྱས་མཆོད་པ་མཆོག །ཅེས་སོ། །འབྲས་བུ་ནི། སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་རིགས་ལྔ་སྟུག་པོ་བཀོད་
༡༣༡པའི་ས་མི་ཚེ་གསུམ་མམ་བཅུ་དྲུག་ན་རང་ལམ་གྱི་ས་ཐོབ་པར་འདོད་མོད་ཀྱང་། བླ་མེད་ལས་ནི་དེ་ཉིད་རྫོགས་པའི་སངས་རྒྱས་སུ་མི་བཞེད་དོ། །གཉིས་པ་ལྷ་ལམ་ཁྱེར་ནི། ཆོས་ཅན་སྣང་བ་ཀུན་རྫོབ་ཀྱི་བདེན་ངོར་རིགས་ལྔས་གཙོ་བྱས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཕྱག་རྒྱ་བཞི་ལྡན་དུ་བསྒོམ་ཞིང་། མཐར་དེའང་མི་དམིགས་པ་སྟོང་ཉིད་ཀྱི་ངང་ལ་འཇོག་པ་ནི་དོན་དམ་བདེན་པའི་ཉམས་ལེན་ཏེ། བདེན་གཉིས་རེས་འཇོག་ཏུ་ཉམས་སུ་ལེན་པའོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། ལྷའི་ཐུགས་ཀར་ཟླ་དཀྱིལ་ལ་སྔགས་ཕྲེང་བཀོད་པ་ལས་འོད་ཟེར་སྤྲོ་བསྔས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་སྦྱངས་བར་བསམ་ཞིང་། ༀ་བུདྡྷཱ་བཻ་རོ་ཙ་ན་ༀ། ༀ་བཛྲ་ཨཱཀྵོ་བྷྱ་ཧཱུྃ། ༀ་རཏྣ་སཾ་བྷ་བ་ཏྲཱཾ། ༀ་པདྨ་ཨ་མི་ཏཱ་བྷ་ཧྲཱིཿ ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཨཱ༔། ཞེས་བཟླས་པས་ཐུགས་རྒྱུད་བསྐུལ་བའོ། །བཞི་པ་དབང་ལམ་ཁྱེར་ནི། ཡོ་གའི་དབང་དྲུག་ཅུ་རྩ་གཉིས་ཏེ། དེ་དང་རྗེས་སུ་འབྲེལ་པའི་རིགས་ལྔ་དང་ལྷ་ལྔའི་དམ་ཚིག་སོགས་བསླབ་བྱ་རྣམས་ལ་བརྩོན་པས་སློབ་པ་ཡིན་ནོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ནི། རང་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་འམ། རྣམ་སྣང་གི་སྐུར་བསྒོམ། དེ་གསལ་བ་དང་རང་གི་སྙིང་དཀྱིལ་དུ་དྭངས་མ་མི་ཤིགས་པ་ལྔ་གདོད་ནས་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་གནས་པ་ཉིད་རྣམ་པ་ཐིག་ལེ་སྲན་མ་ཙམ་པ་འོད་ལྔའི་གོང་བུ་ཅན་ཞིག་གསལ་བཏབ་སྟེ། ཐེབས་པ་ན་རང་གི་སྤྱི་བོར་ཐིག་ལེ་དཀར་པོ་རིལ་མ་ཙམ་ཞིག་བསྒོམ། དེ་ཡང་། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །ཞེས་པས་ཐིག་ལེ་དཀར་པོ་དེ་མར་བབས་ནས་སྙིང་དཀྱིལ་གྱི་དྭངས་མ་མི་ཤིགས་པའི་ཐིག་ལེ་ལ་ཕྲུག་གིས་འདྲེས་ཏེ་གཉིས་སུ་མེད་པའི་ངང་ལ་བསལ་བཞག་མེད་
༡༣༢པར་བཞག་པས། ཅིའི་ངོ་བོར་ཡང་མ་གྲུབ་པའི་སྟོང་གསལ་དུ་ལྷག་གེ་འཆར་ཏེ། དོན་དམ་མཚན་མ་མེད་པའི་ངོ་བོ་ཉིད་དོ། །དེའི་བྱིན་རླབས་ཀྱིས་གང་ཤར་གྱི་སྣང་བ་ཐམས་ཅད་རིགས་ལྔ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གནས་པ་ལྟར་ལམ་དུ་ཁྱེར་བས་ལྷའི་རྣམ་པར་སྣང་བ་ནི་ཀུན་རྫོབ་ཡེ་ཤེས་ཀྱི་སྣང་བ་སྟེ། དེ་ལྟར་གཉིས་སུ་མེད་པའི་ངང་ལ་བློ་མ་བཅོས་པར་གནས་པ་ནི་དབང་ཆགས་པའི་རྟེན་ཡིན་པར་གསུངས་སོ། །དེ་ནས་འཆད་འགྱུར་གྱི་ཡོ་ག་གསུམ་ནི་སོ་སོ་རང་རང་གི་རྒྱུད་གཞུང་ལས་ཕྱུངས་བ་མ་ཡིན་ཏེ། ཨ་ནུ་ཡོ་གའི་ནང་གསེས་ལས་ཕྱེ་བའི་ཟབ་པའི་བསྐྱེད་རིམ་གཙོར་བཏོན་པ་རྣམས་ཐེག་པ་འོག་མ་མ་ཧཱ་དང་ཆ་མཐུན་པར་བཀྲལ་བ་ཨ་ནུའི་མ་ཧཱ་དང་། ཟབ་མོའི་བསྐྱེད་རྫོགས་རང་གཞུང་ལྟར་བཀྲལ་བ་ཨ་ནུ་རང་གཞུང་དང་། ཤིན་ཏུ་ཟབ་པའི་རྫོགས་རིམ་གཙོ་བོར་སྟོན་པའི་ཆ་རྣམས་ཐེག་པ་གོང་མ་ཨ་ཏི་དང་མཐུན་པར་བཀྲལ་བ་ཨ་ནུའི་ཨ་ཏི་བསྐྱེད་རྫོགས་རྫོགས་ཆེན་གསུམ་དུ་དབྱེ་བ་ལྟར་འཆད་པར་བྱ་སྟེ། དེ་ལ་བདུན་པ་མ་ཧཱ་ཡོ་གའི་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ལ་ལམ་ཁྱེར་བཞིའི་ཐོག་མ་ཐེག་པ་ལམ་དུ་ཁྱེར་བ་ལ། འཇུག་སྒོ་ནི། ཤེས་རབ་སྟོང་པ་ཆེན་པོ་དང་། ཐབས་སྙིང་རྗེ་སྒྱུ་མ་དང་ཕྱག་རྒྱ་ཕྲ་རགས་ཏེ། ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་འཇུག །ལྟ་བ་ནི། ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་རྟོགས་པ་སྟེ། སྒྱུ་འཕྲུལ་ལམ་རྣམ་བཀོད་ལས། ལྷག་པའི་མཉམ་ཉིད་དབྱེར་མེད་དོན། །མིང་གྲངས་ཅིར་ཡང་བསྟན་མོད་ཀྱང་། །དོན་དུ་སྨྲ་བསམ་ཡུལ་ལས་འདས། །ཞེས་གསུངས། ཚུལ་ཁྲིམས་ནི། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། ཡན་ལག་གི་དམ་ཚིག་ལྔ་ཚན་ལྔ་སྟེ་ཉི་ཤུ་རྩ་བརྒྱད་ལ་སོགས་པ་རྣམས་བསྲུང་ཞིང་སྒྲུབ་པ་ལས་མི་འདའ་བར་སྡོམ། སྒོམ་པ་ནི་
༡༣༣ཐབས་བསྐྱེད་པའི་རིམ་པ་གཙོ་བས་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་མ་དག་པའི་སྣང་བ་དབྱིངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་འཁོར་ལོ་དང་། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་སྒོམ། སྤྱོད་པ་ནི། གཙང་རྨེའི་རྟོག་པ་ལྡོག་པའི་ཕྱིར་བླང་དོར་མེད་པའི་ཐབས་ཀྱིས་དམ་རྫས་ལྔ་སོགས་ལ་སྤྱོད། འབྲས་བུ་ནི། ཚེ་འདིའམ་བར་དོར་ལམ་གཞན་ལ་མ་ལྟོས་པར་པདྨ་ཅན་གྱི་ས་ནོན་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པའོ། །གཉིས་པ་ལྷ་ལམ་ཁྱེར་ནི། འདིར་ནང་དབང་དང་སྒྲུབ་དབང་གཉིས་དཀྱིལ་འཁོར་གཅིག་ཏུ་བསྐུར་བའི་ལུགས་ལ་ལྷ་ཐ་དད་པ་མེད་པས། རྒྱུད་ལུང་འདྲ་བར་སྔར་མེ་ཏོག་གང་ལ་ཕོག་པའི་ལྷའམ། ཡང་ན་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཉིད་ཡི་དམ་གྱི་ལྷ་ཡིན་པར་ངོ་སྤྲད། དེ་ཡང་རང་སེམས་དབྱིངས་དང་ཡེ་ཤེས་དབྱེར་མེད་ཉིད་གདོད་ནས་ལྷ་ཡབ་ཡུམ་ཟུང་འཇུག་གི་ངོ་བོ་ཡིན་པ་ལ་ཡིན་པར་ཤེས་པས། སྣང་བ་ཐམས་ཅད་ལྷ་དང་ལྷ་མོའི་རོལ་པར་ལམ་དུ་ཁྱེར་རོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། མེ་ཏོག་ཕོག་པའི་ལྷའི་སྙིང་པོའམ། ཡང་ན་སྤྱི་སྔགས་གུ་ཧྱ་ཛྙཱ་ན་ཉིད་བཟླ་བྱའི་སྔགས་སུ་ངོ་སྤྲད། དེ་ཡང་སྒྲར་གྲགས་ཐམས་ཅད་གྲགས་སྟོང་གཞོམ་མེད་ཀྱི་སྔགས་སྒྲར་ལམ་དུ་ཁྱེར་རོ། །བཞི་པ་དབང་ལམ་ཁྱེར་ནི། ཆུ་བོ་བཞིས་བསྡུས་པའི་དབང་མཆོག་སུམ་ཅུ་རྩ་དྲུག་སྟེ། དེ་དང་རྗེས་སུ་འབྲེལ་བའི་བསླབ་བྱ་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་ཀྱི་བསྲུང་མཚམས་ལས་མི་འདའ་བ་ལ་སོགས་པ་སྟེ། མདོ་འགག་སྣང་གྲགས་འགྱུ་གསུམ་ཐམས་ཅད་དབྱིངས་སྐྱེ་བ་མེད་པ་ཉིད་ཅིར་ཡང་མ་འགགས་པའི་ཡེ་ཤེས་ཀྱི་རོལ་རྩལ་དུ་ཐག་བཅད་ནས། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་
༡༣༤དང་། སྒྲར་གྲགས་ཐམས་ཅད་སྔགས་ཀྱི་སྒྲ་གདངས། དྲན་རྟོག་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་དུ་བལྟ་ཞིང་སྒོམ་པའི་སྤྱོད་པ་ལས་མཉམ་རྗེས་ཐམས་ཅད་དུ་མི་འདའ་བས་གང་ཤར་དག་སྣང་དུ་སྦྱོང་བའི་ཐབས་ལ་བསླབ་ཅིང་། དེ་སྟོན་པའི་བླ་མ་དམ་པ་ལ་དད་གུས་དང་དེ་ལྟར་ཉམས་སུ་ལེན་པའི་མཆེད་རྣམས་ལ་དུང་སེམས་རྒྱུན་མི་ཆད་པར་བྱའོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ལ་གཉིས། ལྷ་སྒོམ་པ་དང་། མན་ངག་སྒོམ་པའོ། །དང་པོ་ལྷ་སྒོམ་པའི་ཐབས་ནི། ངང་སྒོམ་ཆུང་ངུ་སྟེ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བདག་གི་ཕུང་ཁམས་སྐྱེ་མཆེད་དུ་འདུ་ཞིང་། དེ་ཐམས་ཅད་ལྷའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པའོ་ཞེས་དར་ཅིག་མཉམ་པར་གཞག །དེའི་ངང་ལས་མེ་ཏོག་གང་ལ་ཕོག་པའི་ལྷའམ་དཀྱིལ་འཁོར་གྱི་གཙོ་བོ་ཆེ་མཆོག་ལྟ་བུ་གང་བསྒོམས་ཀྱང་རུང་སྟེ། རང་གི་བསྐྱེད་སྔགས་ཆོས་ཉིད་ཀྱི་རང་སྒྲར་བསྒྲགས་པའི་རྐྱེན་གྱིས་དྭངས་པའི་མཚོ་ལ་གཟུགས་བརྙན་ཤར་བ་ལྟར་བཀྲ་ལམ་གྱིས་གསལ་བཏབ་ནས་ལྷའི་སྣང་ཞེན་ལ་ཡུན་རིང་དུ་བསླབ། དེ་གསལ་བརྟན་དུ་གྱུར་པ་ན། དེའི་སྤྱི་བོར་ཐིག་ལེ་དམར་པོ་དང་། དེ་ལས་ཁྲུ་གང་ཙམ་གྱིས་མཐོ་བར་ཐིག་ལེ་དཀར་པོ་སྟེ། གཉིས་ཀ་སྲན་མ་ཙམ་པ་འོད་འབར་བ་ཞིག་སྒོམ། དེ་གསལ་བ་དང་སྣ་བུག་གཡོན་ནས་འོད་ཀྱི་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་འཕྲོས། སྤྱི་བོའི་ཐིག་ལེ་དམར་པོ་ལ་ཕོག་པས། དེ་ལས་ཀྱང་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས། སངས་རྒྱས་མཆོད་ཅིང་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཞུ་བ་འོད་དང་འགྲོགས་ཏེ་ཚུར་འདུས་ཐིག་ལེ་དམར་པོ་ལ་ཐིམ་པས། དེ་ཡང་འོད་དུ་ཞུ་སྟེ་ལྟེམ་མེ་གནས་པར་བསམ། ཡང་སྣ་བུག་གཡས་ནས་འོད་
༡༣༥ཀྱི་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་འཕྲོས། དེའི་སྟེང་གི་ཐིག་ལེ་དཀར་པོ་ལ་ཕོག་པས། དེ་ལས་འོད་ཟེར་སྤྲོས་ཏེ་དོན་གཉིས་བྱས། འཁོར་འདས་ཞུ་བ་དང་འགྲོགས་ཏེ་ཚུར་འདུས་ཐིག་ལེ་དཀར་པོ་ལ་ཐིམ་པས། དེ་ཡང་འོད་དུ་ཞུ་སྟེ་ཐིག་ལེ་དཀར་པོ་དམར་པོ་ལ་ཞུགས་པ་ཚངས་བུག་ནས་སྙིང་དཀྱིལ་དུ་བསྟིམ་ཞིང་བདེ་སྟོང་གཉིས་མེད་ཀྱི་ངང་ལ་བློ་སྐྱུར་ཏེ་བཞག་གོ །གཉིས་པ་མན་ངག་སྒོམ་པ་ནི། ངང་སྒོམ་འབྲིང་པོ་སྟེ། དེ་ལའང་གཉིས་ལས། སྟེང་སྒོ་སྒོམ་ཐབས་ནི། རང་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་སུ་རྩ་ཨ་བ་དྷཱུ་ཏི་མདའ་སྨྱུག་འབྲིང་བོ་ཙམ་པ་ཕྱི་དཀར་ལ་ནང་དམར་བ་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་དྲང་ཐལ་ལེར་གནས་པ། དེ་ལས་སྤྱི་བོ། མགྲིན་པ། སྙིང་ག ལྟེ་བ་རྣམས་སུ་འཁོར་ལོའི་རྩ་འདབ་དངོས་སུ་སྒོམ་པའམ། མ་བསྒོམས་ཀྱང་རུང་སྟེ། དབུ་མ་བསྒོམས་པས་དེ་འཁོར་ལོ་བཞི་ཀའི་ལྟེ་བ་ཡིན་པའི་ཕྱིར། དོན་ལ་བསྒོམས་པར་འགྱུར་བ་ཡིན། ལྟེ་འོག་སོར་བཞིའི་ཐད་དུ་མེའི་འཁོར་ལོ་དང་། དེའི་འོག་ཏུ་གཤང་ཁ་རླུང་གི་འཁོར་ལོ་རྣམས་ཀྱང་གསལ་བཏབ། དེ་ཡང་དབུ་མ་སྲོག་ཤིང་། རླུང་མེའི་འཁོར་ལོ་ཁྲི་འཕང་། ལྟེ་བ་བང་རིམ། སྙིང་འཁོར་བུམ་པ། མགྲིན་པ་བྲེ་དང་ཆོས་འཁོར། སྤྱི་བོའི་འཁོར་ལོ་གདུགས་ཏེ། ལུས་མཆོད་རྟེན་གྱི་ངོ་བོར་མོས་པར་བྱ། དེ་ནས་སྤྱི་བོར་མི་ཤིགས་པའི་ཐིག་ལེ་ཧཾ་གི་རང་བཞིན་སྲན་མ་ཙམ་པ་ཞིག་གསལ་བཏབ་ལ། འཇམ་རླུང་རང་བབས་སུ་བཟུང་བས། གཏུམ་མོ་འབར་བའི་འོད་གྱེན་དུ་སོང་བ་སྤྱི་བོའི་ཐིག་ལེ་ལ་ཕོག་པས་དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། སངས་རྒྱས་ཀྱི་མཛད་པ་སྒྲུབས། འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཞུ་ནས་ཚུར་འདུས་ཏེ། སྤྱི་བོའི་ཐིག་ལེ་ལ་
༡༣༦ཐིམ། དེ་ཡང་ཞུ་བ་ལས་རང་གི་རྩ་བའི་བླ་མ་སྐུ་བདེ་བའི་ཉམས་རྒྱས་ཤིང་གཟི་བྱིན་འབར་བ་གྱུར་པ་ཏོག་གི་ཚུལ་དུ་བཞུགས་པར་བསྒོམ། དེ་ལ་སེམས་ཡུན་རིང་དུ་བཟུང་བས། བླ་མ་ཡང་བདེ་བ་ཆེན་པོའི་ངོ་བོར་ལྟེམ་གྱིས་ཞུ་བ་ཚངས་བུག་ནས་བབས་ཏེ། སྙིང་གར་སིབ་ཀྱིས་ཐིམ། བླ་མའི་ཐུགས་དང་རང་སེམས་རོ་གཅིག་ཏུ་འདྲེས་པའི་ངང་ལ་མ་བཅོས་པར་སྐྱུར་བས་སྣང་བ་ཐམས་ཅད་བདེ་བར་འཆར་རོ། །གཉིས་པ་འོག་སྒོ་བདེ་བ་སྒོམ་ཐབས་ནི། རང་གི་སྤྱི་བོར་ཐིག་ལེ་དམར་པོ་སྲན་མ་ཙམ་པ། དེའི་སྟེང་གི་མདའ་གང་ཙམ་དུ་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་གསལ་བཏབ་ལ། འཇམ་རླུང་ཅུང་ཟད་བཟུང་ཞིང་། སྤྱི་བོའི་ཐིག་ལེ་དམར་པོ་ལ་ཤེས་པ་གཏད་པས། དེ་ཆགས་པའི་རང་བཞིན་དུ་འདར་ཕྲི་ལི་ལི་གཡོ་ཞིང་འབར་བས་རྐྱེན་བྱས་ཏེ། ཐིག་ལེ་དཀར་པོ་དེའང་འདར་བཞིན་དུ་ལྟེམ་གྱིས་ཞུ་ནས་ཐིག་ལེ་དམར་པོ་ལ་རོ་གཅིག་ཏུ་འདྲེས། དེ་ཚངས་བུག་ནས་བདེ་ཕྲི་ལི་ལི་བབས་པ་སྙིང་དཀྱིལ་དུ་ཐིམ་པའི་ངང་ལ་མ་བཅོས་པར་བཞག་བས་བདེ་སྟོང་དབྱེར་མེད་ཀྱི་ཉམས་འཆར་རོ། །བརྒྱད་པ་ཨ་ནུ་ཡོ་གའི་ཐེག་པའི་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ལ་ལམ་ཁྱེར་བཞིའི་ཐོག་མ་ཐེག་པ་ལམ་དུ་ཁྱེར་བ་ལ། །འཇུག་སྒོ་ནི། དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་སྒོ་ནས་འཇུག །ལྟ་བ་ནི། ཆོས་ཐམས་ཅད་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི་རང་བཞིན་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་འདོད་དེ། སྤྱི་མདོ་ལས་ཐམས་ཅད་དེ་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་གསུངས། ཚུལ་ཁྲིམས་ནི།
༡༣༧བསྲུང་མཚམས་མེད་པ་ཆོས་ཉིད་ཀྱི་དམ་ཚིག་དང་། བསྲུང་མཚམས་ཅན་སྙིང་རྗེའི་དམ་ཚིག་རྣམས་བསྲུང་ཞིང་སྒྲུབ་པ་ལས་མི་འདའ་བར་སྡོམ། སྒོམ་པ་ནི། དོན་གྱི་རྗེས་སུ་འཇུག་པ་མཚན་མེད་རྣམ་པར་མི་རྟོག་པ་དང་། ཡི་གེའི་རྗེས་སུ་འཇུག་པ་མཚན་བཅས་ལྷའི་ཏིང་ངེ་འཛིན་སྒོམ། སྤྱོད་པ་ནི། དབྱིངས་དང་ཡེ་ཤེས་མཉམ་པ་ཉིད་ཀྱི་ངང་ནས་སྤྱོད། འབྲས་བུ་ནི། ཚེ་གཅིག་གིས་ལམ་གཞན་ལ་མ་ལྟོས་པར་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གཉིས་པ་ལྷ་དང་། གསུམ་པ་སྙིང་པོ་དང་། བཞི་པ་དབང་ལམ་ཁྱེར་རྣམས་ནི་སྔ་མ་དང་མཚུངས་སོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ལ་གཉིས། ལྷ་སྒོམ་པ་དང་། མན་ངག་སྒོམ་པའོ། །དང་པོ་ནི། ངང་སྒོམ་ཆུང་ངུ་སྟེ་སྔ་མ་ལྟར་རོ། །གཉིས་པ་ནི། ངང་སྒོམ་ཆེན་པོ་སྟེ། རང་གི་སྙིང་གི་དཀྱིལ་དུ་ཐིག་ལེ་དཀར་པོ་ཕུག་རོན་གྱི་སྒོ་ང་ཙམ་པ་འོད་འབར་བ་ཞིག་སྒོམ་དེ་གསལ་ཐེབས་པ་དང་། དེ་ལས་འོད་ཀྱི་ཐིག་ལེ་སྐར་མདའ་འཕངས་པ་ལྟར་ཡར་སྤྱི་གཙུག་ནས་ཐོན། དེ་ལས་ཀྱང་ཐིག་ཕྲན་བསམ་གྱིས་མི་ཁྱབ་པ་འཕྲོས་པས་བློས་འཁྱུད་ཚད་ཀྱི་ནམ་མཁའི་ཁྱོན་གང་བ་ལ་སེམས་བཟུང་། ཡང་མཁའ་ཁྱབ་ཀྱི་ཐིག་ཕྲན་རྣམས་ཚུར་འདུས། འཕྲོ་གཞིའི་ཐིག་ལེ་དང་རོ་གཅིག་ཏུ་འདྲེས་པའི་ངང་ལ་བལྟ་བྱ་ལྟ་བྱེད་མེད་པར་བཞག་པས། ཡུལ་དབྱིངས་དང་ཡུལ་ཅན་རིག་པའི་ཡེ་ཤེས་དབྱེར་མེད་བདེ་བ་ཆེན་པོར་ལྷག་ལྷག་འཆར་ཏེ། དེ་ཀའི་ངང་ལ་ཞེན་འཛིན་མེད་པར་བསྐྱང་བར་བྱ་བ་གནད་དོ། །དགུ་པ་ཨ་ཏི་ཡོ་གའི་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ལ་ལམ་ཁྱེར་བཞིའི་ཐོག་མ་ཐེག་པ་ལམ་ཁྱེར་ལ། འཇུག་སྒོ་ནི། ཅིར་ཡང་
༡༣༨འཇུག་ཏུ་མེད་པའི་སྒོ་ནས་འཇུག །ལྟ་བ་ནི། རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་སུ་གྲུབ་པ་མེད་པས་ཡེ་གྲོལ་སྤང་བླང་ལས་འདས་པར་འདོད་དེ། སེམས་ལུང་ཆེན་པོའི་མདོ་ལས། རང་བྱུང་ཡེ་ཤེས་བཙལ་མེད་པས། །རྩོལ་མེད་དམ་པ་ཞི་བ་ཡིན། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་གསུངས། ཚུལ་ཁྲིམས་ནི། མེད་པ་དང་ཕྱལ་བ་ལ་སོགས་པའི་དམ་ཚིག་ལས་མི་འདའ་བར་སྡོམ། སྒོམ་པ་ནི། རང་བྱུང་གི་ཡེ་ཤེས་ལ་གང་སྣང་ཆོས་ཉིད་ཀྱི་རོལ་པར་ཤར་བས་དམིགས་གཏད་དང་བྲལ་བའི་སྒོམ་པ་སྟེ། ཀུན་འདུས་ལས། མ་བཅོས་བྱང་ཆུབ་དེ་བཞིན་ཉིད། །སྒོམ་དུ་མེད་པའི་ཆོས་ཉིད་ལ། །སྒོམ་པ་དམིགས་སུ་མེད་པ་སྟེ། །ཏིང་འཛིན་ཞེས་ནི་གདགས་སུ་མེད། །ཅེས་གསུངས། སྤྱོད་པ་ནི། ཅིར་སྣང་ཆོས་ཉིད་ཀྱི་རོལ་པར་ཤར་བས་བླང་དོར་མེད་པའོ། །འབྲས་བུ་ནི། མ་བསྒྲུབས་ལྷུན་གྱིས་གྲུབ་པའི་འབྲས་བུ་ཡེ་ཤེས་བླ་མའི་ས་ལ་གནས་པའོ། །གཉིས་པ་ལྷ་ལམ་ཁྱེར་ནི། དབྱིངས་དང་ཡེ་ཤེས་གཉིས་མེད་བདེ་བ་ཆེན་པོའི་རོལ་པ་ལྷ་སྐུ་ཡབ་ཡུམ་གྱི་རྣམ་པར་ཤར་བ་ན་མ་འདྲེས་ཡོངས་རྫོགས་སུ་ལམ་དུ་ཁྱེར་རོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། རླུང་འཇུག་གནས་ལྡང་གསུམ་འབྲུ་གསུམ་གྱི་གདངས་སུ་འཆར་བས། ཨས་སྣང་སྲིད་ཐམས་ཅད་སྐྱེ་མེད་དུ་ངོ་སྤྲད། ཧཱུྃ་གིས་འགག་མེད་དུ་ངོ་སྤྲད། ༀ་གྱིས་གཉིས་མེད་དུ་ངོ་སྤྲད་དེ། སྤྱི་མདོ་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །སྣ་ཚོགས་ཡི་གེ་ཧཱུྃ་དུ་གསལ། །རྒྱལ་བ་ཡི་གེའི་རང་བཞིན་ཏེ། །ཕྱག་རྒྱ་ཡི་གེ་ༀ་ལ་རྫོགས། །ཐམས་ཅད་ཡི་གེའི་རང་བཞིན་ཏེ། །མ་སྐྱེས་གསང་བའི་ཡི་གེ་ཨཿ ཞེས་པ་ལྟར་ལམ་དུ་ཁྱེར་རོ། །བཞི་པ་དབང་ལམ་དུ་ཁྱེར་བ་ནི། གསང་དབང་རྫོགས་པའི་ཆུ་བོ་རྣམ་པ་གཉིས་ཏེ། དེ་དང་རྗེས་སུ་འབྲེལ་བའི་རྫོགས་རིམ་
༡༣༩ཟབ་མོའི་ལམ་རྣམས་ལ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བསླབ་པར་བྱའོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ལ་གཉིས་ལས། དང་པོ་ཀུན་རྫོབ་བྱང་སེམས་ཀྱི་དབང་དང་འབྲེལ་བའི་རྫོགས་རིམ་ལ། ཐོག་མར་སྒྲོལ་མ་བཟུང་བའི་མན་ངག་ལ་བསླབ་སྟེ། རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་སྐུའི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་སུ་རྩ་དབུ་མ། གཡས་གཡོན་དུ་རོ་རྐྱང་གཉིས་ཡས་སྣེ་སྣ་བུག་ལ་ཟུག་ཅིང་། མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་དབུ་མར་ཆུད་པར་མོས་ལ། སྤྱི་བོར་བླ་མ་ཡབ་ཡུམ་བསྒོམས་ཏེ་གསོལ་བ་བཏབ། དེ་ནས་ནད་གདོན་སྡིག་སྒྲིབ་རྣམས་སང་གིས་དག་པར་མོས་ཏེ་རླུང་རོ་བསལ། བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་རླུང་གི་རྣམ་པར་རྔུབས་ཏེ། སྲོག་ཐུར་ལྟེ་འོག་ཏུ་ཁ་སྦྱར་ལ་མ་ཡེངས་པར་བཟུང་བས་རླུང་དབུ་མའི་ནང་དུ་ཞུགས་ནས་གསལ་བདེ་མི་རྟོག་པའི་ཉམས་སྐྱེས་པར་བསྒོམ། ཅུང་ཟད་མི་བདེ་ན་གཞིལ་བར་བྱ་ཞིང་། མི་ཐུབ་པ་ན་སང་གིས་གཏོང་བ་གནད་དོ། །དེ་ལྟར་སྦྱངས་པའི་ཡོན་ཏན་ནི། རྡོ་རྗེ་བཞད་པས་མཛད་པའི་འདིའི་མན་ངག་ལས། རྟེན་པའི་སྒྲོལ་མ་ཟིན་ན། རིག་པའི་ཕུར་བུ་ཐེབས་པས། དེ་ལས་མི་དམིགས་པར་ཡང་འགྱུར་ལ། དེས་ཉི་ཟླ་འཛིན་ཅིང་འགྲིམས་པར་འགྱུར་རོ། །ཞེས་སོ། །གཉིས་པ་བདེ་བ་ཐིག་ལེའི་མན་ངག་ལ་གཉིས་ལས། དང་པོ་སྟེང་སྒོ་འཇུ་འདུལ་གྱི་མན་ངག་ནི། གཞན་སྔར་ལྟར་ལས། སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་བཞི་དང་། ལྟེ་འོག་ཏུ་མེ་འཁོར་གྱི་དབུས་སུ་མེའི་དྭངས་མ་རཾ་ཡིག་འབར་བ། གཤང་ཁར་རླུང་གི་འཁོར་ལོ། སྤྱི་བོར་ཧཾ་ཡིག་དཀར་པོ་བདེ་བའི་རང་བཞིན་ཅན་རྣམས་སྒོམ། དེ་ནས་རླུང་སྔར་ལྟར་བཟུང་བས། སྟེང་རླུང་རོ་རྐྱང་བརྒྱུད་དེ་འོངས་པ་
༡༤༠དང་གཤང་ཁའི་རླུང་དཀྱིལ་གཡོས་པ་གཉིས་མེ་དཀྱིལ་གྱི་རཾ་ལ་ཕོག་པས། མེ་ལྕེ་ཚ་བ། རྣོ་བ། ཕྲ་ཞིང་གསལ་བ་དབུ་མའི་ནང་ནས་ཡར་འབར་བས་ཧཾ་ལ་རེག །སྤྱི་བོའི་བླ་མ་བདེ་དྲོད་ཀྱིས་མཆོད། དགྱེས་པ་ཆེན་པོས་བདུད་རྩིར་ཞུ་བ་ཧཾ་ལ་ཐིམ། ཧཾ་ལས་བྱང་སེམས་དྭངས་གསལ་བདེ་བའི་རང་བཞིན་ཕྲ་མོ་བ་ཐག་ལྟར་བབས་པ་རཾ་ལ་ཐིམ་པས་མེའི་གསོས་བྱས་ཏེ་ཆེས་ཆེར་འབར། དེས་ཟླ་བ་བདུད་རྩིར་བཞུ་བའི་དྭངས་མས་ལུས་ཀུན་གང་བའི་འབར་འཛག་ལ་སེམས་རྩེ་གཅིག་ཏུ་བཟུང་བས་ལུས་བདེ་བ་ཆེན་པོར་ངང་གིས་འཆར་རོ། །གཉིས་པ་འོག་སྒོ་ཁམས་གསུམ་རོལ་བའི་མན་ངག་ནི། བདག་ཉིད་རིགས་འདུས་རྡོ་རྗེ་སེམས་དཔའི་གནས་ལྔར་རིགས་ལྔ་དང་། ཡན་ལག་བཞིར་སྒོ་བ་བཞི། ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་གང་ཡིན་ཀྱང་རུང་སྟེ། རྡོ་རྗེ་དབྱིངས་ཕྱུག་མར་གསལ་བའི་གནས་ལྔར་ཡུམ་ལྔ་དང་། ལག་པ་གཉིས། ཞལ་དང་བྷ་ག་རྣམས་སུ་གསང་ཡུམ་བཞི། མཁའ་གསང་ཧཱུྃ་ལས་རྡོ་རྗེ་འབྲུ་གསུམ་དང་། ཨཿལས་པདྨ་ཟེའུ་འབྲུར་ཧྲཱིཿས་མ་ཚན་པར་བྱིན་གྱིས་རླབས། ཡུམ་གྱི་པདྨའི་དབུས་སུ་ཧེ་རུ་ཀ་ལྷ་དགུའི་དཀྱིལ་འཁོར་གསལ་བཏབ། དེ་ནས་རྗེས་ཆགས་ཀྱི་སྤྱོད་པ་སྔོན་དུ་འགྲོ་བས་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་ཏེ། སྙོམས་འཇུག་གི་སྒྲས་བཀུག་པའི་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་འདོད་ཆགས་ཆེན་པོས་ཞུ་བ་བདག་ཉིད་རིག་མར་བཅས་པ་ལ་ཐིམ། རྗེས་ཆགས་ཀྱི་མེས་དཀར་ཆ་ཞུ་བའི་བྱང་སེམས་རིམ་པར་བབས་པས་མགྲིན་པ་ལ་སོགས་པའི་གནས་བཞིར་དགའ་བཞི་ངང་གིས་སྐྱེ་བར་འགྱུར་ལ། རེ་རེ་ལའང་བཟུང་ལྡོག་དགྲམ་པའི་གནད་རེ་ཚང་བར་བྱ་ཞིང་། དེ་ཡང་བྱང་སེམས་རྡོ་རྗེ་ནོར་བུར་འོངས་པ་ན་དེས་པདྨའི་དཀྱིལ་འཁོར་མཆོད་ནས་འཛག་
༡༤༡མེད་དུ་བཟུང་བས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་བ་ལ་མཉམ་པར་གཞག །སླར་ཡང་ཧཱུྃ་འདྲེན་དྲག་པོ་དང་འགྱུར་བཞི་ལ་སོགས་པས་ཉི་ཟླ་གཉིས་འདྲེས་གྱེན་དུ་དྲངས་པས་ལྟེ་བ་ལ་སོགས་པར་མས་བརྟན་གྱི་དགའ་བཞིའི་ཐ་མ་སྤྱི་བོར་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་ཞིང་། རེ་རེའི་མཐར་ཡང་གཅུད་ཅིང་སྤྲུགས་པས་ཁྱབ་པར་དགྲམ་མོ། །བདེ་བ་ཐིག་ལེའི་མན་ངག་གི་སྐབས་འདིར་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེ་བའི་རིམ་པ་ལ། ཐབས་ལམ་རང་གི་སེམས་བཅུ། སྐབས་བཅུ་དཔེ་རྟགས་བཅུ་དང་སྦྱར་ནས་འབྲས་བུ་ལ་བགྲོད་པ་སྟེ། སྤྱི་མདོའི་ལྗོན་ཤིང་གི་ལེའུ་ལྟར་ཤེས་པར་བྱའོ། །དེ་ཡང་གསང་དབང་རྫོགས་པའི་ཆུ་བོ་གཉིས་ཞག་སོ་སོར་བཅད་དེ་བསྐུར་བའི་ཚེ་རླུང་ཐིག་གི་མན་ངག་གཉིས་པོ་འདི་དབང་སྔ་མའི་རྗེས་སུ་སྦྱར་ན་འབྲེལ་ཆགས་ཤིང་། དམིགས་ཐུན་གཅོད་ལུགས་ཀྱང་ཡང་ལྕི་སྙོམས་པས་བདེ་བ་ཡིན་ནོ། །གཉིས་པ་དོན་དམ་བྱང་སེམས་ཀྱི་དབང་དང་འབྲེལ་བའི་རྫོགས་རིམ་ལ། རྟེན་བཅས་དང་། རྟེན་མེད་གཉིས་ལས། དང་པོ་རྟེན་ཅན་ལ་མན་ངག་ལུགས་གསུམ་སྟེ། གླན་རྡོར་འོད་ཀྱི་ཕྱག་བཞེས་འགོས་ཀྱི་ཡི་གེར། དབང་གི་དམིགས་པར་བཤད་མ་ཐག་པ་ལྟར། སྙིང་གར་པད་འདབ་བཅུ་དྲུག་ལ་བཀོད་པའི་ཨ་ཡིག་བཅོ་བརྒྱད་རིམ་གྱིས་བསྡུས་ཏེ། བདེ་གསལ་རྩིས་གདབ་མེད་པའི་ངང་ལ་འཇོག་པ་དང་གཅིག །ཟུར་ཧཾ་གྱི་ཕྱག་བཞེས་སྨྱལ་པའི་ཡི་གེར། སྙིང་གར་གཞིའི་ཐིག་ལེ་དཀར་པོ་ལྔ་ཚོམས་སུ་བསྒོམ་པའི་ཁྱད་པར་ཙམ་མ་གཏོགས། གཞན་དེ་ལས་འོད་ཀྱི་ཐིག་ཕྲན་སྤྲོ་བསྡུ་སོགས་སྔར་སྒྲུབ་དབང་དང་འབྲེལ་བ་ཨ་ནུའི་ངང་སྒོམ་དུ་བཤད་པ་ཇི་ལྟ་བ་བཞིན་མཛད་པ་དང་གཉིས། སློབ་དཔོན་རྡོ་
༡༤༢རྗེ་བཞད་པའི་མན་ངག་ལས་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ནས་འོད་གསལ་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོ་སྒྲུབ་པ་དང་གསུམ་ལས། འདིར་ཕྱི་མ་ལྟར་འཆད་དེ། ལུས་གནད་དང་ལྟ་སྟངས་མི་གཡོ་བར་བཅིངས་ལ། རང་གི་སྙིང་མཆོང་གུར་ཕུབ་པ་ལྟ་བུ་ཁོང་སྟོང་གི་དབུས་ན་རྩ་བརྒྱད་པོ་པདྨ་དཀར་པོ་འདབ་མ་བརྒྱད་པའི་རྣམ་པར་གྱེས་པའི་ལྟེ་བ་ལ། རྩའི་དྭངས་མ་ཤེལ་གྱི་བ་ཐག་ལྟ་བུའི་ནང་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་འོད་ལྔའི་གོང་བུ་ཡུངས་འབྲུ་ཙམ་པ་དྭངས་གསལ་འབར་བའི་རྣམ་པ་ཅན་ལ་སེམས་གཏད་དེ། མ་ཡེངས་པར་སལ་ལེ་མཉམ་པར་གཞག་པ་ན། རླུང་སེམས་ཀྱི་དྭངས་མ་ཐམས་ཅད་དེར་ཐིམ་པས། དབྱིངས་རིག་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་སུ་འཆར་ཞིང་། དེས་ཡུལ་དང་ཡུལ་ཅན་གྱི་འཛིན་པ་ཞིག་སྟེ་ཁམས་གསུམ་བདེ་བ་ཆེན་པོར་གྲོལ་བར་འགྱུར་རོ། །གཉིས་པ་རྟེན་མེད་ཀྱི་མན་ངག་ནི། ལུས་མི་གཡོ། ངག་མི་བརྗོད། སེམས་དུས་གསུམ་ཀྱི་སྤྲོས་པ་ཐམས་ཅད་བཅད་ནས་སྤྲིན་མེད་ཀྱི་ནམ་མཁའ་ལྟར་རྣམ་པར་མི་རྟོགས་པའི་ངང་ལ་བཞག་པས། གང་ཡང་ཡིད་ལ་མི་བྱེད་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བ་ནི། ཀུན་ཏུ་བཟང་མོ་ཆོས་ཉིད་དོན་གྱི་ཡེ་ཤེས་ཏེ། དབྱིངས་སྐྱེ་བ་མེད་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་རོ། །གསལ་རིག་རྗེན་ནེ་བའི་སྣང་ཆ་ནི། ཀུན་ཏུ་བཟང་པོ་ཆོས་སྐུ་གཞིའི་ཡེ་ཤེས་ཏེ། ཡེ་ཤེས་འགག་བ་མེད་པ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །དེ་གཉིས་དབྱེར་མེད་པའི་རིག་པ་ནི། དབྱིངས་དང་ཡེ་ཤེས་ཟུང་འཇུག་གཉུག་མའི་ཡེ་ཤེས་ཏེ། སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་ཡང་སྤྱི་མདོ་ལས། ཀྱེ་འདུས་བའི་ཚོགས་རྒྱལ་བའི་སྲས་
༡༤༣རྣམས། རང་རང་གི་དེ་ཁོ་ན་ཉིད་མཐོང་བར་འདོད་ན། དཀྱིལ་འཁོར་ཆེན་པོ་གསུམ་གྱི་སྒོ་འབའ་ཞིག་ཏུ་འཇུག་པར་བྱའོ། །དེ་ཡང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འབའ་ཞིག་གི་སྒོར་འཇུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་ཆེན་པོ་གསུམ་དང་རང་རང་གི་དེ་ཁོ་ན་ཉིད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་ཡང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འདུས་པའི་ཕྱིར་རོ། །ཞེས་གསུངས་སོ། །བཅུ་པ་མཐའ་རྒྱས་འཆི་མེད་ཚེའི་ཁྲིད་ཀྱི་གདམས་ངག་ངང་སྒོམ་ནི། །ཞོག་པ་སྐྱ་རེངས་དང་པོ་འཆར་བའི་ཚེ། རང་ཉིད་སྟན་བདེ་བ་ལ་བསམ་གཏན་གྱི་འདུག་སྟངས་གྱིས་ཁ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྣང་མཐའ་ཚེ་དཔག་མེད་དུ་ལམ་གྱིས་བསྒོམ། དེའང་མི་དམིགས་པའི་ངང་ལས་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་རང་ཉིད་ཨ་ལས་བཅོམ་ལྡན་འདས་སྣང་མཐའ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ་གསལ་འཚེར་འབར་བ། ཕྱག་གཡས་པདྨ་དཀར་པོ་དང་། གཡོན་འཆི་མེད་བདུད་རྩིས་གང་བའི་བུམ་པ་འཛིན་པ་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ་རང་འདྲའི་ཡུམ་གོས་དཀར་མོ་པདྨའི་སྐྱིལ་ཀྲུང་གིས་འཁྲིལ་བ། གཉིས་ཀ་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་ཉམས་དགུའི་སྒེག་པའི་ཡབ་ཀྱི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་བའི་དབུས་སུ་ཚེ་རྟེན་བྱང་ཆུབ་སེམས་ཀྱི་རང་བཞིན་ཐིག་ལེ་དམར་པོ་གསལ་འཚེར་འབར་བའི་རྣམ་པར་སྒོམ། རླུང་རོ་བསལ་བས་ནད་གདོན་སོགས་ཚེའི་འགལ་རྐྱེན་ཐམས་ཅད་སང་གིས་སོང་བར་བསམས། དེ་ནས་ཤར་ཕྱོགས་ཀྱི་ནམ་མཁའི་མཐས་གཏུགས་པའི་ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་ཚེ་དང་བསོད་ནམས་ཐམས་ཅད་རླུང་དང་ལྷན་
༡༤༤ཅིག་རྔུབས་ནས་ཐུབ་ཐང་དུ་བཟུང་བས། དབུ་མའི་ནང་དུ་སིབ་ཀྱིས་སོང་ནས་ཙིཏྟ་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་བསམས། མི་ཐུབ་པ་ན་སྣ་ནས་དལ་བུས་སང་གིས་བཏང་ངོ་། །དེ་བཞིན་དུ་ཕྱོགས་མཚམས་གཞན་ལའང་སྦྱར་ཏེ། རབ་ལོ། འབྲིང་ཟླ་བ། ཐ་མ་ཞག་བཅོ་ལྔའམ། ཞག་བདུན་འབད་པས་ཚེ་བསྲིང་བར་འགྱུར་ཏེ། རྩ་རྒྱུད་ལས། རྣལ་འབྱོར་རིག་འཛིན་གང་ཞིག་རྣམས། །མི་འཕོ་བར་ནི་གནས་འདོད་པས། །ལོ་གཅིག་གམ་ནི་ཟླ་གཅིག་གམ། །དེ་བཞིན་ཞག་གི་རྣམ་གྲངས་ཀྱང་། །བཅོ་ལྔའམ་ཡང་ན་བདུན་པར་དུ། །ཐོ་རེངས་ཐུན་ཐ་དང་པོའི་ཚེ། །ཞེས་པ་ནས། དེ་ལྟར་མང་པོ་སྒྲུབ་པ་དེས། །དཔལ་ཚེ་གཟི་བྱིན་ཐམས་ཅད་ཐོབ། །ཅེས་དང་། བཤད་རྒྱུད་རྡམ་གློག་ལས་ཀྱང་། ཕྱོགས་བཅུར་དེ་ལྟར་གོམས་བྱས་ན། །དཔལ་ཆེན་གཟི་བྱིན་ཐམས་ཅད་ཐོབ། །ཅེས་གསུངས་པ་ལྟར་བྱ་སླ་ལ་ཐབས་ཟབ་ཅིང་དགོས་པ་ཆེན་པོ་དང་ལྡན་པ་ཡིན་ནོ། །ཐེག་རིམ་འདི་རྣམས་དེ་དང་དེ་སྟོན་པའི་མདོ་རྒྱུད་སོ་སོ་ནས་བསྡུས་ཏེ་གཞུང་གཅིག་ཏུ་བྱས་པ་མ་ཡིན་གྱི། ཨ་ནུ་དང་ཨ་ཏི་གཉིས་ཀའི་རྒྱུད་ལུང་རྣམས་ནས་རང་གཞུང་སོ་སོའི་ས་ལམ་བགྲོད་པའི་ཁྱད་པར་གྱིས་ཐེག་དགུའི་སྨིན་གྲོལ་གྱི་གདམས་པ་མང་དུ་འབྱུང་བ་ལས་འདིར་ཨ་ནུ་ཡོ་ག་རང་ལུགས་ཀྱི་ས་དང་པོ་འགྱུར་བ་མ་ངེས་པ་ནས་ས་བཅུ་པ་རྫོགས་པ་སྤྱིར་ཆིབ་ཀྱི་བར་ནོན་པར་བྱ་བའི་ཕྱིར་དུ་ལྷ་མི་ནས་བརྩམས། རྫོགས་རིམ་ཨ་ཏིའི་བར་ཐེག་པའི་རིམ་པ་བཅུར་བྱུང་བ་དེ། བྱ་སྤྱོད་གཅིག་ཏུ་བསྡུས་ནས་ཐེག་པ་དགུ་ཞེས་གྲགས་ཤིང་། ལམ་སྟེགས་ཀྱི་ཐེག་པ་སོ་སོའི་ལམ་དང་ཚུལ་འདྲ་རུང་དུ་བྱུང་ཡང་འབྲས་བུའི་ཐེག་པའི་ཐབས་མཁས་ཀྱིས་ཟིན་པས་དབང་དང་གདམས་ངག་འདི་ལ་བརྟེན་ནས་ལམ་སོ་སོའི་ཉམས་རྟོགས་
༡༤༥མཐར་ཕྱིན་པའི་མཐུས། ཐེག་པ་རང་རང་གི་སྤང་ཐོབ་དང་རིགས་མཚུངས་པའི་ཡོན་ཏན་དེ་དང་དེ་དག་སྐྱེ་བའི་མྱུར་ལམ་ཁྱད་པར་ཅན་དུ་འགྱུར་པས། སྔར་དབང་གི་ས་བོན་རྒྱུད་ལ་ཐེབས་པ་དེ་ཉིད་སོ་སོའི་ལམ་ཁྱེར་དང་གདམས་ངག་ངང་སྒོམ་གྱིས་ལེགས་པར་བསྐྱངས་པས་འབྲས་བུ་ཕྱི་དུས་ལ་མ་འགྱང་བར་བདེ་མྱུར་གྱི་སྒོ་ནས་ས་ལམ་བགྲོད་ཅིང་མཐར་ཐུག་གི་འབྲས་བུ་སྐུ་བཞིའི་བདག་ཉིད་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་མངོན་དུ་བྱེད་པར་འགྱུར་ཏེ། ཇི་སྐད་དུ། ཨ་ནུ་ཡོ་གའི་ཐེག་པ་ནི། །བར་མ་ཆོད་པ་ཚེ་གཅིག་གིས། །སངས་རྒྱས་ས་ལ་ངེས་པར་འགྲོ། །ཞེས་འབྱུང་ངོ་། །འགྲོ་བའི་ཁམས་དབང་མོས་པ་ཐ་དད་པས། །རྒྱལ་བས་ཐབས་མཁས་ཚུལ་གྱིས་ལགས་གསུངས་པ། །ཐེག་སྒོ་སོ་སོའི་རང་འབྲས་ལེགས་པར་གྲུབ། །མཐར་ཐུག་འཁོར་ལོ་ཚོགས་ཆེན་སར་ཕྱིན་ཤོག །ཆོས་དབྱིངས་སྐྱེ་བ་མེད་པ་ཡི་ཇི་བཞིན། །ཡེ་ཤེས་འགགས་མེད་རང་བཞིན་ལྷུན་གྱིས་གྲུབ། །ཟུང་འཇུག་བདེ་ཆེན་རྩ་བ་བྱང་ཆུབ་སེམས། །དཀྱིལ་འཁོར་རྣམ་གསུམ་གཅིག་ཏུ་འགྲུབ་གྱུར་ཅིག །ཅེས་ལུང་ཨ་ནུ་ཡོ་ག་རང་རྐང་ཚུགས་པའི་ཁྲིད་ཡིག་བཀའ་གཏེར་སྤྱི་ལ་དཀོན་པས་ཆོས་ཀྱི་རྒྱུན་དང་འབྲེལ་ཐོགས་ཙམ་ལ་ཕན་པར་རེ་བའི་ལྷག་པའི་བསམ་པས་མཚམས་སྦྱར་ཏེ་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་སྔ་འགྱུར་བསྟན་པའི་སྣང་བྱེད་ཆེན་པོ་ངག་གི་དབང་ཕྱུག་དྷརྨ་ཤྲཱིའི་གསུང་རབས་ལས་ཁོལ་ཕྱུང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

{{#cargo_store: _table=WyliePageContent

|TibetanContent=

}}

Notes

Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.