Wylie:'phags pa spyan ras gzigs kyis grub chen mi tra dzo ki la gsungs pa'i phyag rgya chen po sems nyid ngal gso'i gzhung 'grel snying po bsdus pa: Difference between revisions

From gDams Ngag mDzod
Jump to navigation Jump to search
No edit summary
m (Text replacement - "volyigtib" to "VolumeLetterTib")
(One intermediate revision by the same user not shown)
Line 17: Line 17:
|volwylie=khri skor sna tshogs pod dang po

|volnumber=16
|volnumber=16
|volyigtib=མ་
|VolumeLetterTib=མ་
|textnuminvol=026
|textnuminvol=026
|totalpages=28
|totalpages=28
Line 76: Line 76:
</onlyinclude>
</onlyinclude>
<headertabs />
<headertabs />
==Other Information==
 
{{Nitartha Thanks}}
 
{{Footer}}

[[Category: 'jam dbyangs mkhyen brtse'i dbang po]] {{DRL Tibetan text categories}} [[Category: Gdams ngag mdzod Shechen Printing]] [[Category: Gdams ngag mdzod Catalog]]

Revision as of 15:10, 2 February 2018

Upload a file
DOWNLOAD ABOVE:
Click the picture above to view the original manuscript.

འཕགས་པ་སྤྱན་རས་གཟིགས་ཀྱིས་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གསུངས་པའི་ཕྱག་རྒྱ་ཆེན་པོ་ ་ ་ ་
'phags pa spyan ras gzigs kyis grub chen mi tra dzo ki la gsungs pa'i phyag rgya chen po sems nyid ngal gso'i gzhung 'grel snying po bsdus pa

Damngak Dzö Volume 16 (མ་) / Pages 525-552 / Folios 1a1 to 14b7

{{#cargo_store: _table=WyliePageContent |TextAuthor='jam dbyangs mkhyen brtse'i dbang po |VolumeNumber=16 |TextNumber=026 |PageNumbers=525-552 |FolioNumbers=1a1 - 14b7 |TibTitle=འཕགས་པ་སྤྱན་རས་གཟིགས་ཀྱིས་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གསུངས་པའི་ཕྱག་རྒྱ་ཆེན་པོ་ ་ ་ ་ }}

Property "Author" has a restricted application area and cannot be used as annotation property by a user.

[edit]
XXX འཕགས་པ་སྤྱན་རས་གཟིགས་ཀྱིས་གྲུབ་ཆེན་མི་ཏྲ་ཛ་ཀི་ལ་གསུངས་པའི་ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་གཞུང་འགྲེལ་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས་སོ། །
XXX ཨོཾ་སྭ་སྟི་སིདྡྷཾ། འཇིག་རྟེན་མགོན་པོ་སྙིང་རྗེའི་གཏེར། །བླ་མ་མཆོག་ལ་གུས་བཏུད་ནས། །རང་གི་སེམས་ཉིད་ངལ་གསོ་བའི། །གཞུང་འགྲེལ་སྙིང་པོ་ཅུང་ཟད་བསྡུ། །འདི་ལ་གཉིས། ལོ་རྒྱུས་དང༌། གདམས་པ་དངོས་སོ། །དང་པོ་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་པ་གྲུབ་ཆེན་མི་ཏྲ་ཛོ་ཀི་ཞེས་འཇིག་རྟེན་ན་ཡོངས་སུ་གྲགས་པ་དེ་ནི་རྒྱ་གར་འཕགས་པའི་ཡུལ་གྱི་ཤར་ཕྱོགས་ར་ཌཱའི་ཡུལ་གྱི་གྲོང་ཁྱེར་ཆེན་པོ་རྒྱལ་རིགས་སུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་དམ་པའི་རིགས་ཡོངས་སུ་སད་དེ་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་བོར་ཏེ་ཆོས་ལ་བྱོན། དེའི་ཚེ་གྲུབ་པ་བརྙེས་པའི་གཏམ་ངོ་མཚར་བ་ཉི་ཤུ་ཞེས་འཕགས་དང་མཁས་པ་རྣམས་ཀྱི་རྣ་བའི་རྒྱན་དུ་གྱུར་པ་ནི་འདི་ཡིན་ཏེ། ཐོག་མར་ཏིལླི་པ་དངོས་ཀྱི་སློབ་མ་རོལ་པའི་རྗེས་སུ་བཟུང་ནས་ཁ་སར་པ་ཎིར་ལོ་བཅུ་གཉིས་སུ་བསྒོམ་པས་རྡོ་རྗེའི་ཤིང་གི་མཎྜལ་མེ་ལོང་ལྟར་འཇམ་པའི་སྟེང་དུ་འཕགས་པ་སྤྱན་རས་གཟིགས་འཁོར་དང་བཅས་མངོན་སུམ་དུ་བྱོན་ནས་ཆོས་བསྟན་
XXX པས་གྲུབ་པ་བརྙེས་པ་ནི་དང་པོ་སྟེ། མཚན་ནི་ཨ་ཛི་ཏ་མི་ཏྲ་གུཔྟ་སྟེ་མི་ཕམ་སྦས་པའི་བཤེས་གཉེན་ཞེས་བྱའོ། །རལ་གཅིག་མས་ཐབས་ལམ་བསྟན་ཏེ་གང་འདོད་ཐམས་ཅད་ཤིང་སྟན་མདུན་དུ་བྱས་ནས་གསོལ་བ་བཏབ་པས་འབྱུང་བ་ནི་གཉིས་པའོ། །ཨོ་ཏནྟ་པཱུ་རི་ན་དགེ་འདུན་སྟོང་ཕྲག་བཅུ་གཉིས་གནས་པ་ནང་མ་མཐུན་པ་ལས་གཅིག་གི་ཕྱོགས་བུར་ཤིང་རྒྱལ་པོས་བྱས་ཏེ་དམག་དྲངས་པ་འཁོར་ལོ་འཕངས་པས་དམག་ཐམས་ཅད་སྐྲག་པར་གྱུར་ཏེ་བྲོས། དགེ་འདུན་དང་གཙུག་ལག་ཁང་ལ་གནོད་པ་མེད་པ་ནི་གསུམ་པའོ། །རྒྱལ་པོ་ཤིང་རྟ་ཅན་གྱི་རིང་ལ་བ་ར་ཎཱ་སའི་དཔུང་ཚོགས་རྡུལ་གྱིས་ཉི་མ་འགྲིབ་པ་ལྟ་བུས་མ་ག་དྷའི་སངས་རྒྱས་ཀྱི་བསྟན་པ་གཞོམ་པར་རྩོམ་པ་ལ་སྐུ་ཅེར་བུས་བྱས་ནས་གད་རྒྱངས་བསྒྲགས་པས་ས་གཡོས་ཤིང་ཕྱུགས་ཐམས་ཅད་རེངས་པར་མཛད་པས་རྒྱལ་པོས་བཟོད་པ་ཕུལ་ཏེ་རེངས་པ་སླར་ཡང་ཕྱིར་བཟློག་པ་ནི་བཞི་པའོ། །རྒྱལ་པོ་གྲགས་པ་སྡེ་བཞི་དཔང་དུ་བཙུགས་ཏེ་ཤིང་སྟན་གུལ་ནས་གསེར་སྲང་སྦྱིན་ཞིང་
XXX སངས་རྒྱས་པ་མུ་སྟེགས་པ་ལ་འཇུག །བསྒུལ་མ་ནུས་ན་མུ་སྟེགས་པ་སངས་རྒྱས་པ་ལ་འཇུག་པའི་ཆད་བྱས་ནས་ཐང་ཡངས་པར་ཤིང་སྟན་བོར་བས་ཅུང་ཟད་ཀྱང་བསྒུལ་མ་ནུས་ཏེ་མུ་སྟེགས་པ་རྣམས་བསྟན་པ་ལ་བཙུད་པ་ནི་ལྔ་པའོ། །རྒྱལ་པོ་ཨུ་པ་ཏྲ་ཞེས་བྱ་བས་མི་གཙང་བའི་དོང་གི་ཁ་གོས་ཀྱིས་གཡོགས་ཏེ་དེར་བླ་མ་བཞུགས་སུ་བཅུག་པས་དོང་དུ་ལྷུང༌། ཁ་ཤིང་དང་རྡོ་བ་མང་པོས་བཅད་པ་ལ་བླ་མ་ཚོང་དུས་བྱོན་ནས། ང་འདི་ནས་རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲངས་ཤིག་གསུངས་པ་ལ་རྒྱལ་པོ་འགྱོད་ནས་ཞབས་སྤྱི་བོས་བླངས་པ་ནི་དྲུག་པའོ། །སླར་རྒྱལ་པོ་དེས་ཤིང་སྲེག་ཏུ་བཅུག་ནས་དེའི་སྟེང་དུ་བླ་མ་བཞུགས་ཏེ་ཞག་གསུམ་དུ་མེ་སྦར་ཡང་མ་ཚིག་པ་ནི་བདུན་པའོ། །ཝ་ར་ཎཱ་སའི་རྒྱལ་པོ་ཟབ་མོའི་ཚིགས་སུ་བཅད་པ་ལྔ་པ་བཀའ་སྩལ་པས་ནམ་མཁའ་ལས་མེ་ཏོག་གི་ཆར་ཕབ། ལྷའི་བུས་བདུད་རྩིའི་བུམ་པ་འདྲེན་པའི་སྣང་བ་བསྟན་ཏེ་བརྒྱད་པའོ། །རྒྱལ་པོས་དབང་ཞུས་བས་རྡུལ་ཚོན་ཐམས་ཅད་རིན་པོ་ཆེ་ལས་བྱ་དགོས་པར་བཀའ་སྩལ་པ་ན། རྒྱལ་པོ་སྒྱུ་མས་བསླུས་ཀྱིས་དོགས་པས་འགྱོད་པ་སྐྱེས་པ་ན་ནམ་མཁའ་ལ་འཕགས་ཏེ་སྤྲིན་གྱིས་དབུས་ན་བཞུགས་པ་བསྟན་པ་ནི་དགུ་པའོ། །དེ་ནས་འགྱོད་པ་དྲག་པོས་ཞག་བདུན་དུ་གསོལ་བ་བཏབ་པས་རྫིང་བུའི་སྟེང་དུ་བཞུགས་པ་ནི་བཅུ་པའོ། །དེ་ནས་རྒྱལ་པོས་གྲོང་ཁྱེར་འབུམ་ཕྲག་བཅུ་དྲུག་བླ་མའི་ཆ་རྐྱེན་དུ་ཕུལ་བས་བླ་མས་སྦྱིན་གཏོང་གི་ཁང་པ་བརྩིགས་ནས་ལོ་གསུམ་དུ་སྦྱིན་གཏོང་མཛད། ལོ་གསུམ་སོང་བ་དང་གར་བཞུད་ཆ་མེད་པ་ནི་བཅུ་གཅིག་པའོ། །དེ་ནས་ལྷོ་ཕྱོགས་ཀུ་རུ་བི་ཧཱ་ར་ཉེ་བའི་གནས་ན་གནོད་སྦྱིན་གཉིས་ཀྱིས་ཉིན་རེ་བཞིན་གྲོང་ཁྱེར་གྱི་རྒན་པ་རེ་དང་གཞོན་པ་རེ་ཟ་བ་ཡོད་པ་བཏུལ། ལྷ་ཁང་ཡང་བཞེངས་ཏེ་བཅུ་གཉིས་པའོ། །དགེ་འདུན་རྣམས་ཀྱི་དད་པ་འཕེལ་བའི་དོན་དུ་ལྟ་སྟངས་མཛད་དེ་ནམ་མཁའི་བྱ་ཐམས་ཅད་ཕྱག་ཏུ་འཕེབས་
XXX བཀའ་བསྒོ་བ་ཡང་ཉན་པ་ནི་བཅུ་གསུམ་པའོ། །ཝ་ར་ཎཱ་སའི་གཙོ་བོ་རྒྱལ་པོ་བརྒྱད་ཅུ་རྩ་བཞི་ལ་གསུང་མ་གནང་ཡང་ཐུགས་གཏད་པ་ཙམ་གྱིས་ཀེང་རུས་སོགས་འདུ་ཤེས་སྐྱེས་ནགས་སུ་ཕྱིན་ཏེ་འཇིག་རྟེན་པའི་འདུ་ཤེས་ལས་སེམས་རྣམ་པར་གྲོལ་བ་ནི་བཅུ་བཞི་པའོ། །དེ་ནས་རྒྱལ་པོ་་ཛ་ཡ་སེན་དང་པཎྜི་ཏ་ཨཱ་ནནྡ་གཉིས་མ་དད་ཅིང་སྐུ་ལ་བསྡོ་བ་ལ་མཉམ་པར་བཞག་པའི་ཕྱག་རྒྱ་འཆར་རུ་བཅུག །ཚིགས་བཅད་གཅིག་གི་དོན་ལ་ཐུགས་གཏད་པས་སྟན་དེ་ཉིད་ལས་མ་ལངས་པར་གྲོལ་བ་ནི་བཅོ་ལྔ་པའོ། །ཝ་ར་ཎཱ་སའི་རྒྱལ་པོ་ལ་ཁྱོད་ང་ལ་ཐེ་ཚོམ་ཟོས་པས་ཚེ་འདིར་དངོས་གྲུབ་མི་འཐོབ་ཀྱང་བར་དོར་དངོས་གྲུབ་འཐོབ་ཐོབ་ཞེས་ལུང་བསྟན་པ་ནི་བཅུ་དྲུག་པའོ། །ཝ་ར་ཎ་སའི་རྒྱལ་པོས་བླ་མ་འདི་གཞན་དུ་མི་གཏང་སྙམས་ནས་གཙུག་ལག་ཁང་གི་ནང་དུ་བཞུགས་སུ་བཅུག །སྒོ་རྒྱས་བསྡམས་པ་ལས་ཕྱིར་ཕ་བོང་གི་སྟེང་དུའང་རྩེད་མོ་མཛད། གཙུག་ལག་ཁང་ན་བཞུགས་པའང་མཐོང་བ་ནི་བཅུ་བདུན་པའོ། །དེ་ནས་ཏ་པ་སིའི་གྲོང་ཁང་དུ་བཞུགས་པ་ན་དགེ་སློང་གཉིས་ཀྱིས་ཕྱིར་བྱུང་བ་དང་ནང་དུ་བཞུགས་པ་གཉིས་ངེས་པར་བྱུང་བ་བུ་གཞིག་ནས་བལྟས་པ་ན་སྡེ་བརྒྱད་ལ་ཆོས་སྟོན་པར་མཐོང་བ་ནི་བཅོ་བརྒྱད་པའོ། །འོད་མའི་གླིང་དུ་དེ་བ་ཌཱ་ཀིས་རྗེས་སུ་བཟུང་ནས་སྤྱན་རས་གཟིགས་དང་མཇལ། རིགས་ཀྱི་བུ་མ་འོངས་པའི་སེམས་ཅན་གྱིས་དོན་དུ་རྒྱུད་སྡེ་བཞིའི་དབང་རྣམས་ཕྱོགས་གཅིག་ཏུ་སྐུར་ཅིག་རྗེས་སུ་གནང་བ་ལྟར་ཕྱག་ལེན་དུ་བཏབ་པས་ད་ལྟའི་བར་དུའང་རྒྱུད་སྡེ་ཆེན་པོ་བརྒྱ་དང་རྩ་བརྒྱད་ཀྱི་དབང་གི་ཆུ་བ་མ་ནུབ་པར་བྱུང་བ་ནི་བཅུ་དགུ་པའོ། །ཝ་ར་ཎཱ་སའི་རྒྱལ་པོས་ཞག་བདུན་དུ་གསོལ་བ་བཏབ་པས་དཀྱིལ་འཁོར་གཅིག་ཏུ་རྒྱུད་སྡེ་ཐམས་ཅད་ཀྱི་དབང་དུས་གཅིག་ལ་བསྐུར་བའི་གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་བསྟན་པ་ནི་ཉི་ཤུ་པའོ། །དེ་ལྟ་བུའི་ངོ་མཚར་དང་ལྡན་པའི་གྲུབ་ཐོབ་ཆེན་པོ་དེ། ཁྲོ་ཕུ་ལོ་རྩ་བ་བྱམས་པའི་
XXX དཔལ་པཎྜི་ཏ་བུདྡྷ་ཤྲཱིའི་སྤྱན་སྔ་ན་ཆོས་གསན་པའི་ཚེ་འཕགས་པ་ཤིང་ཀུན་བྱོན་པར་ཐོས་ནས་ཏཱ་མྦོལ་ཁྱེར་ཏེ་ཕུལ་ཞིང་བསྙུན་རྨེད་པས་ལེན་མ་གནང༌། ཞལ་བོད་དུ་ཕྱོགས་པར་བཞུགས་འདུག་པས་བོད་དུ་སྤྱན་དྲངས་ན་འབྱོན་ནས་སྙམ་ནས་བོད་དུ་འབྱོན་པར་གསོལ་བ་བཏབ་པས་ཞལ་གྱིས་མ་བཞེས། སེམས་པ་སྐྱེད་པ་བསྡུས་པ་གཅིག་གསན་དེར་ལོ་ཙཱ་བ་འགྲོངས་ལ་ཐུག་པའི་ཚད་ནད་ཀྱིས་བཏབ། གྲུབ་ཐོབ་ཆེན་པོ་རྒྱ་གར་ལ་དལ་གྱི་ཐེགས། དེར་བསྙུན་དྲག་འཕྲལ་ལ་ལོ་ཙཱ་བས་ལུས་མ་སོས་ཀྱང་ཕྱིར་བསྙེགས་ཏེ་བྱོན། ས་མཐའི་མཁར་ཞིག་ན་བཞུགས་པ་ལ། ཏི་རཧུ་ཏི་བའི་སྤྱན་འདྲེན་པ་འཇིགས་རུང་བའི་དམག་གིས་སྐོར་འདུག །དེར་ཨ་ཙ་ར་ངོ་ཤེས་ཤིག་གིས་ཁྲིད་དེ་ནང་དུ་བྱོན་མཁར་དེའི་ཐོག་ན་བཞུགས་པ་ལ་འཇལ། དེར་ཡང་བོད་དུ་འབྱོན་པར་གསོལ་བ་བཏབ་པས་ཞལ་གྱིས་མ་བཞེས། དེར་ལོ་ཙཱ་བའི་བསམ་པ་ལ་འདི་ལྟ་བུའི་གྲུབ་ཐོབ་དང་མཇལ་ནས་སྤྱན་མ་འདྲོངས་བར་བོད་དུ་ལོག་འགྲོ་བ་བས་ཤི་ན་རུང་སྙམས་ནས། སྐྱེ་བ་ཕྱི་མ་ལ་རྗེས་སུ་འཛིན་པའི་སྨོན་ལམ་མང་པོ་བཏབ། ཐེ་ཚོམ་མེད་པར་མཁར་གྱི་རྩེ་ནས་མཆོངས་པས་གྲུབ་ཐོབ་ཆེན་པོའི་ཕྱག་གིས་བཟུང་ནས་ཧ་ཧ་དེ་འདྲ་མ་བྱེད་གསུངས་ནས་སྐུ་དྲུང་དུ་བཞག་སྟེ། ང་བོད་དུ་འགྲོ་བ་ལ་ཁྱོད་ཀྱི་སྒྲིབ་པ་དག་དགོས་ཏེ། ཚད་ནད་དེས་སྒྲིབ་པ་མང་པོ་དག །ད་ལན་ང་ཡི་ཆེད་དུ་སྲོག་བཏང་བས་སྒྲིབ་པ་མ་ལུས་པ་དག་པས་ད་ནི་བོད་དུ་འགྲོ་གསུང་ཞལ་གྱིས་བཞེས། དེ་ནས་བོད་དུ་བྱོན་ནས་གཙང་སྟོད་དུ་ཟླ་བ་བཅོ་བརྒྱད་བཞུགས་མཁས་བཙུན་མང་པོ་ལ་ཆོས་གསུངས། ཁྲོ་ཕུའི་གཙུག་ལག་ཁང་དང་ལྷ་ཆེན་བཞེངས་པའི་ས་ཡང་བྱིན་གྱིས་བརླབས། ཁྱད་པར་རྗེ་ཉིད་ཀྱིས་འཕགས་པ་འཇིག་རྟེན་དབང་ཕྱུག་ལ་དངོས་སུ་གསན་པའི་རང་གི་སེམས་ངལ་གསོ་བའི་མན་ངག་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་པ་འདི་ཉིད་
XXX ལ་བརྟེན་ནས་ལོ་ཙཱ་བ་ལ་ཉམས་ཁྲིད་ཡུན་རིང་དུ་བསྐྱར་ཞིང༌། དཔལ་གུ་ལང་གསེར་ཁང་གི་ནག་ཁྲོད་ཨམྦ་རའི་བསིལ་དུ་ལེགས་པ་བསྒྱུར། ལོ་ཙཱ་བ་ཆེན་པོས་ཀྱང་རང་གི་ཐུགས་སྲས་ཁྲོ་ཕུའི་སེམས་དཔའ་ཆེན་པོ་ལ་སོགས་ལ་གནང་ཞིང༌། དེ་ནས་ཁྲོ་ཕུ་བ་མཁས་མཆོག་ཚད་མའི་སྐྱེས་བུ་བསོད་ནམས་མགོན། བླ་མ་ཡང་རྩེ་བ་རིན་ཆེན་སེང་གེ་དེ་ལས་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱིས་གསན་ཏེ་ཐུགས་ཉམས་སུ་བཞེས། སློབ་མའི་མཆོག་རྣམས་ལ་སྙིང་གཏམ་གྲོས་འདེབས་ཀྱི་ཚུལ་དུ་རྩལ་བ་ནས་བཟུང་ད་ལྟའི་བར་ཉམས་ཁྲིད་ཀྱི་བརྒྱུད་པ་བར་མ་ཆད་དུ་བྱུང་བའི་གདམས་པ་ཁྱད་པར་འཕགས་པ་ཡིན་ནོ། །གྲུབ་ཆེན་ཉིད་ནི་སླར་ཡང་རྒྱ་གར་དུ་བྱོན། སྒྱུ་མ་ལྟ་བུའི་རྣམ་འཕྲུལ་སྣ་ཚོགས་པ་བསྟན་ནས་མཐའ་ཡས་པའི་གདུལ་བྱའི་དོན་མཛད་དེ། འཆི་མེད་ཡེ་ཤེས་ཀྱི་སྐུ་བརྙེས་ཏེ་ད་དུང་ཡང་བཞུགས་པ་ཡིན་ལ། མདོར་ན་བོད་དུ་བྱོན་པའི་རྒྱ་གར་གྱི་གྲུབ་ཐོབ་ཞིག་ལ། གྲུབ་པའི་རྟགས་མངོན་གྱུར་དུ་སྟོན་པའི་ཚུལ་བསྟན་པ་སྔར་དར་གྱི་དུས་སུ་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བ་དང༌། ཕྱི་དར་གྱི་སྐབས་ཆེན་འདི་ལ་འགྲན་ཟླ་འོས་པ་ནི་འགའ་འང་མ་བྱུང་ཞེས་མཁས་པ་ཆེན་པོ་དག་གསུངས་པ་དོན་ལའང་གནས་པ་ཉིད་དོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ཏོ། །དང་པོ་ལ་གཉིས། མཚན་བསྟན་པ་དང༌། འགྱུར་གྱི་ཕྱག་གོ །དང་པོ་ནི། རྒྱ་གར་སྐད་དུ། སྭ་ཙིཏྟ་སོགས་བོད་སྐད་དུ་བསྒྱུར་ན། རང་གི་སེམས་ངལ་གསོ་བའི་མན་ངག་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བ་སྟེ། དོན་ནི། རང་གི་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་ཀྱང་དེ་ལྟར་མ་རྟོགས་པས་བཟུང་
XXX འཛིན་གྱི་གཞན་དབང་ལ་བརྟེན་ནས་འཁོར་བའི་རྒྱ་འཚོ་ཡུན་རིང་དུ་དུབ་པར་གྱུར་པ་གཉུག་མ་ཕྱག་རྒྱ་ཆེན་པོ་རིན་པོ་ཆེའི་གླིང་དུ་ངལ་གསོ་བར་བྱེད་པའི་གཞུང༌། ཚིག་ཆུང་ངུས་དོན་ཆེན་པོ་དཔག་པར་དཀའ་བར་བདེ་བླག་ཏུ་སྟོན་པའི་མན་ངག །གཞུང་གི་ཚད་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་ཡོད་པས་ན་དེ་སྐད་ཅེས་བཏགས་པའོ། །གཉིས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ་གོ་སླའོ། །གཉིས་པ་ལ་གཞུང་གི་དོན་ལ་གཉིས། གཞི་གཉུག་མ་ངོ་སྤྲད་པ་དང༌། ལམ་རྣམ་རྟོག་ལམ་དུ་ཁྱེར་བའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ཏོ། །དང་པོ་ནི། སྤྱིར་གདམས་པ་ཟབ་མོ་ཉམས་སུ་བླང་ཞིང་ངོ་སྤྲོད་པའི་ཚུལ་སྙིང་པོར་དྲིལ་བ་ལོ་ཙཱ་བ་ཆེན་པོ་ཉིད་ཀྱི་ཞལ་སྔ་ནས་འདི་ལྟར་གསུངས་ཏེ། འདིའི་དོན་ངོ་སྤྲོད་པ་ལ་རེ་ཞིག་སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་ཀྱི་བྱ་བ་གསུམ་མོ། །དང་པོ་གསུམ་ལས། ཐུང་མོང་གི་སྔོན་འགྲོ་རྒྱུད་སྦྱོང་བ་ཡན་ལག་བདུན་པ་ལ་སོགས་པ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོས་བྱིན་གྱིས་རློབས་པ་རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པའི་སྒོམ་བཟླས་ལ་སོགས་པ་དང། ཁྱད་པར་གྱིས་སྔོན་འགྲོས་ཤེས་རྒྱུད་དབང་དུ་བྱ་བ་ནི་ཡེ་གེ་ལྔ་བཅུ་པས་གསོལ་བ་གདབ་པའོ། །གཉིས་པ་དངོས་གཞི་ལ། ལུས་ཀྱི་ཕྱག་རྒྱ་གནས་དབེན་པར་སྟན་བདེ་བ་ལ་འདུག་ནས་བསམ་གཏན་གྱི་ཡན་ལག་དང་ལྡན་པར་བཅའ། ངག་གི་ཕྱག་རྒྱ་ནི་དབུགས་འགྱུ་བ་སོར་བཞག །ཡིད་ཀྱི་ཕྱག་རྒྱ་དང་པོ་ལྷོད་ཀྱིས་གློད། བར་དུ་ཧྲིག་གེ་བཞག །མཐའ་མ་ཕྱམ་ཙེར་བཏང་ངོ༌། །དང་པོ་ཀློད་པ་ལ་གསུམ་སྟེ། ཀློད་པའི་ཡོན་ཏན་དང༌། མ་ཀློད་པའི་སྐྱོན་དང༌། ཇི་ལྟར་ཀློད་པའི་ཚུལ་ལོ། །ཀློད་པའི་ཡོན་ཏན་ནི་སེམས་ཀྱི་གནས་ལུགས་ཀྱི་འདུག་ཚུལ་ནི་མ་བཅོས་པ་ཉིད་ཡིན་པས་གློད་ན་འདུག་ཚུལ་དེའི་སྟེང་དུ་གྲོ་བས་གནས་ལུགས་ཇི་ལྟར་
XXX ཡིན་པ་རྟོགས་པའི་དགོས་པ་ཡོད་དོ། །མ་ཀློད་པའི་སྐྱོན་ནི་དེ་ལས་བཟློག་པ་སྟེ། ཡིན་ཚུལ་ལས་རང་གི་ནན་ཏན་གྱིས་མ་གློད་པས་ཕྱིན་ཅི་ལོག་གི་སྣང་བ་འབྱམས་ནས་རང་ལ་རང་དབང་མེད་པར་འཁོར་ཞིང་འཁྲུལ་པ་ལ་ལོངས་སྤྱོད་པར་འགྱུར་བའོ། །ཇི་ལྟར་ཀློད་པའི་ཚུལ་ལ་གཉིས་ཏེ། ཀློད་ནས་གཞག་ཐབས་དང༌། ཞར་ལ་གེགས་བསལ་བའོ། །དང་པོ་ནི། འཇིག་རྟེན་གྱི་བྱ་བ་བརྒྱབ་ཏུ་དོར། ཏིང་ངེ་འཛིན་འོང་དུ་རེ་བ་དང༌། མ་བྱུང་གིས་དོགས་པ་ཡེ་མི་བྱ། བློས་རྟོག་དཔྱོད་གང་ཡང་མི་བཏང༌། དགའ་མི་དགའ་མཚན་རྟགས་ཅི་ཡང་མི་བཟུང༌། རྟོག་དཔྱོད་རེ་མ་ཡང་རྣམ་རྟོག་ཉིད་འཁྲུལ་ཡིན་པས་སེམས་ཉིད་རང་གི་ཐོག་ཏུ་རང་ཀློད་དོ། །རང་ལ་རང་ཀློད་དེ་བཞག་པས་ཁོ་ན་ཉིད་ལ་འཆར་ལུགས་གཅིག་ཡོད། འཆར་ལུགས་དེ་གང་ཡིན་ན་བཅའ་བཅོས་ཕྱར་མེད་པ་ཉིད་ཡིན། མ་བཅོས་པ་རྟོག་པ་ལ་མ་བཅོས་པར་ཀློད་པ་ཐབས་ཟབ་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །བཅོས་སུ་མེད་པ་ལ་ཀློད་པས་ཀྱང་ཅི་ཕན་ཞེས་ནི་མི་བསམ་སྟེ། མདའ་འབེན་དུ་ཕོག་པ་ལ་མདའ་ཚ་བར་བརྗོད་པ་ལྟར་མ་བཅོས་པའི་ཐོག་ཏུ་ཀློད་པ་ལ་འབབ་པ་ཞེས་བྱའོ། །དེ་ལྟར་ཡང༌། མ་བཅོས་ཆོས་རྣམས་ཀུན་གྱི་གཞི། །དེ་ཉིད་མཉམ་པར་རྟོགས་འདོད་ན། །ཡུལ་ལ་ཡིད་ནི་མི་སྤྲོ་བར། །ལྷོད་ཀྱིས་ཀློད་ལ་ལྷན་གྱིས་ཞོག །ཅེས་འབྱུང་བ་ལྟ་བུའོ། །གཉིས་པ་གེགས་བསལ་བ་ནི། དེ་ལྟར་ཀློད་ནས་བཞག་པས་རྣམ་རྟོག་གི་འགྱུ་འཕྲོ་ཆད་ནས་ལྷན་ཆམ་གྱིས་མི་རྟོག་པ་རྐྱང་པར་འགྲོ་སྟེ། དེ་ནི་གཉིས་འཛོམས་བཀག་པའི་གླེན་སྒོམ་ཡིན་ནོ། །དེས་ན་དེ་ལ་མི་བཞག་པར་དེའི་གཉེན་པོར་རིག་པ་ཧུར་གདོན་ཏེ་རིག་གེ་ཡེར་རེ་སེང་ངེ་དཔང་གཏོད་ལ་བཞག་གོ །དེའི་ཚེ་ཡང་རིག་པའི་རང་གདངས་ཤར་བས་གསལ་ཆ་སྐྱེས་པ་ལ་འབྲལ་མི་ཕོད་པར་འགྱུར་ཏེ། དེ་ནི་གསལ་བ་མཚན་མར་
XXX འཛིན་པའི་གཉིས་ཆོས་ཡིན་ནོ། །དེས་ན་དེ་ལ་མི་བཞག་པར་དེའི་གཉེན་པོར་ཤེས་པ་འཕངས་སྨད་ལ་སྤུ་རིས་གང་དང་ཡང་མ་འདྲེས་པར་བཞག་གོ །དེའི་ཚེ་ཡང་རིག་པ་ཤེས་སྙོམས་པ་ཅིར་ཡང་མི་རྟོག་པའི་ངང་ན་བདེ་སོང་ངེ་འཆར་ཏེ། དེ་ནི་བློས་བྱས་རང་བྱུང་གི་བདེ་ཉམས་བྱ་བ་ཡིན་ནོ། །དེས་ན་དེ་ལ་ཡང་མི་བཞག་པར་བློ་ཉམས་ཅི་བདེར་རང་ཡན་དུ་བྱམས་ཙེར་བཏང་ངོ༌། །དེ་ཡང་བདེ་ཉམས་སྐྱེས་པ་ལ་མ་ཞེན་སྙམས་ཡང་བདེ་བའི་ཆ་ལ་འབྲལ་མི་ཕོད་པའི་ཞེན་པས་བཅིངས་རྒྱུ་གཅིག་བྱུང་ལ། ཞེན་ན་ཞེན་ཆོས་ཕྲ་མོ་ཁོང་དུ་ཞེན་ཅིང་འདོད་པ་ལས་སྲིད་པའི་ཉོན་མོངས་པ་རྒྱས་པར་འགྱུར་ཏེ། བདེ་ལ་ཞེན་པས་འདོད་པའི་ཁམས་སུ་ལྷུང་ཞེས་བྱའོ། །གསལ་བའི་ཉམས་སྐྱེས་པ་ལ་མ་ཞེན་ཡང་གསལ་བའི་ཆ་ལ་འབྲལ་མི་ཕོད་པའི་ཞེན་པས་བཅིངས་རྒྱུ་གཅིག་བྱུང་ལ། ཞེན་ན་ཞེན་ཆོས་ཕྲ་མོ་ཁོང་དུ་སོང་བས་ཞེན་པ་དང་བཅས་པའི་ལས་ལས་གཟུགས་ཁམས་ཀྱི་སྲིད་པ་འགྲུབ་སྟེ། གསལ་བ་ལ་ཞེན་པས་གཟུགས་ཁམས་དག་ཏུ་གོལ་ཞེས་བྱའོ། །མི་རྟོག་པའི་ཉམས་སྐྱེས་པ་ལ་མ་ཞེན་སྙམ་ཡང་མི་རྟོག་པའི་ཆ་ལ་འབྲལ་མི་ཕོད་པའི་ཞེན་རྒྱུ་གཅིག་བྱུང་བས་ཞེན་ཆོས་ཕྲ་མོ་ཁོང་དུ་མ་སོང་བའི་མི་སྲིད་པས། ཞེན་བཅས་ཀྱི་ལས་ཕྲ་བས་ཀྱང་གཟུགས་མེད་ཀྱི་སྲིད་པ་འགྲུབ་སྟེ། མི་རྟོག་བསྒོམ་པ་ལ་ཞེན་པས་གཟུགས་མེད་དུ་འགྲོ་ཞེས་བྱའོ། །དེ་ལྟར་བདེ་གསལ་མི་རྟོགས་པ་གསུམ་ལ་ཞེན་པ་དང་བཅས་ན་སྲིད་པ་གསུམ་ལས་ཐར་པའི་དུས་མི་སྲིད་པས། ཞག་ལ་འཆར་ཡང་འཆར་བར་མ་ཞེན་པས་རིག་པ་མ་བཅོས་པར་ལྷོད་ཀྱིས་འཇོག་པ་གལ་ཆེའོ། །བཞག་པས་བཞག་རྒྱུ་མེད་དེ་མ་བཞག་པའི་གནས་པ་ཆེན་པོ། གནས་ཀྱང་གནས་པ་མེད་དེ་མི་གནས་པའི་སྒོམ་པ་དམ་པ། བསྒོམ་ཀྱང་བསྒོམ་མཁན་མེད་དེ་མ་བསྒོམ་པའི་ཏིང་ངེ་
XXX འཛིན་བླ་ན་མེད་པའོ། །དེའི་རྗེས་གར་དུ་ཧྲིག་གེ་བཞག་པ་དང༌། ཐ་མར་ཕྱམས་ཙེར་བཏང་བ་ནི་སྔ་མའི་འགྲོས་ཀྱིས་ཤེས་པར་བྱའོ། །དེ་ལྟར་ལས་དང་པོ་པས་མཉམ་པར་འཇོག་པ་ལ་སྐྱེས་བུ་ཁ་ལ་གཉེར་བྱེད་པས་ཁ་ལ་བཅོས་པ་ལྟར་མཐོ་དམན་ཁད་ཀྱིས་མཉམ་ཞིང༌། གསེར་འཇལ་བ་ལེགས་པར་བྱས་པའི་སྲང་ལྟར། མཉམ་ཁད་དེ་གནས་པ་ལ་རང་སེམས་རང་བཞིན་མ་བཅོས་པའི་གཉུག་མ་ངོས་ཟིན་པར་འགྱུར་ཏེ། དེ་ཡང་བླ་མ་དམ་པའི་བྱིན་རླབས་གསུང་གི་བདུད་རྩི་དང་བཅས་པས་རྗེས་སུ་བཟུང་བ་དང་ཡུན་རིང་པོ་ནས་རང་གིས་ལེགས་པར་བསྒྲུབ་པའི་བསོད་ནམས་བསགས་པ་ལས་ངོ་འཕྲོད་པར་གསུངས་སོ། །གསུམ་པ་རྗེས་ཀྱི་བྱ་བ་གསུམ་ནི། ངོ་འཕྲོད་པའི་རྗེས་ཡུན་རིང་དུ་མི་འབྲལ་བའི་ཐབས་དང༌། སྣང་བ་ལམ་དུ་སློང་བའི་ཐབས་དང༌། ཅི་བྱས་གཞན་དོན་དུ་འགྱུར་བའི་ཐབས་དང་གསུམ་ལྡན་དགོས་པ་ལས། །དང་པོ་ནི། དངོས་གཞི་ངོ་སྤྲད་ཉམས་ཀྱི་རྩིས་བཟུང་ལ་སྣང་བ་སྣ་ཚོགས་གང་ཤར་ཤར་ལ་སྦྱར་ཏེ་ཉམས་སུ་བླང་ངོ༌། །གཉིས་པ་ནི། རང་ངོ་འཕྲོད་པས་རང་ངོ་ཤེས་པའི་ངང་ལ་བདེ་སྡུག་ལས་སོག་པ་ཅི་བྱུང་ཚད་དེ་ཉིད་ཀྱི་རྩལ་སྦྱོང་ཞིང་མི་འགོག་པའོ། །གསུམ་པ་ནི། རང་ངོ་ཤེས་པས་རང་གྲོལ་བ་ནི་སེམས་ཅན་ནམ་མཁའ་དག་མཉམ་པ་ཐམས་ཅད་ཀྱང་རང་གྲོལ་དུ་གྱུར་ཅིག་ཅེས་བསྔོས་ལ། ལུས་ངག་ཡིད་གསུམ་གྱི་བྱ་བ་ཐམས་ཅད་ཞེན་མེད་ཀྱི་ངང་ལས་འབྲལ་མེད་ཀྱི་སྙིང་རྗེས་གཞན་དོན་དང་དུ་ལེན་པའོ། །ཞེས་གསུངས་ཏེ། རྒྱས་པར་ཁྲིད་ཡིག་ཏུ་ཤེས་པར་བྱའོ། །གཉིས་པ་ལ། སྤྱིར་དབང་པོ་རབ་འབྲིང་ཐ་མའི་བྱེ་བྲག་གིས་ངོ་སྤྲོད་པའི་ཚུལ་སོ་སོར་གསུངས་པ་ལས། དབང་པོར་བ་ལ་སོར་བཞག་གསུམ་གྱི་ངོ་སྤྲོད་པའི་དང་པོ་ནི་འདི་ཡིན་ཏེ། ཨེ་མ་ཧོ། རང་སེམས་སོགས་ཚིགས་བཅད་གཅིག་གོ །དོན་ནི། འདི་ལྟར་སེམས་ཀྱི་གནས་ལུགས་མ་རྟོགས་པས་འཁོར་བར་འཆིང་ཞིང༌། རྟོགས་ན་གྲོལ་བར་བྱེད་པས་ན་ངོ་མཚར་བའི་
XXX ཕྱིར་ཨེ་མ་ཧོ་ཞེས་ཐོག་མར་གསུངས་སོ། །ངོ་མཚར་བ་དེ་གང་ཞེ་ན། རང་གི་སེམས་ཀྱི་གནས་ལུགས་འདོད་མ་ནས་མ་སྐྱེས་ཤིང༌། ཅིའི་ངོ་བོར་ཡང་མ་གྲུབ་པ་སྟེ། དུས་གསུམ་གྱི་སངས་རྒྱས་རྣམས་བྱོན་རུང༌། མ་བྱོན་རུང༌། བླ་མ་རྣམས་ཀྱིས་ངོ་སྤྲོད་རུང༌། མ་སྤྲོད་རུང༌། གང་ཟག་རྣམས་ཀྱིས་རྟོགས་རུང་མ་རྟོགས་རུང་དེ་ལྟར་དུ་གནས་པ་གང་ཞིག །མ་རྟོགས་ན་འཁོར་བ་དང༌། རྟོགས་ན་མྱ་ངན་ལས་འདས་པར་བྱེད་པའི་རྒྱུའམ་ས་བོན་ཅན་དེ་ནི། ངོ་བོ་རང་ལས་གཞན་ན་བཙལ་དུ་ཡོད་པ་མིན་ཏེ། ཡུལ་རང་གི་སྙིང་གི་དབུས་སུ། དུས་རིག་པ་གང་དང་གང་ཤར་བའི་ཚེ། ཐབས་བླ་མ་དམ་པའི་ཞལ་གྱིས་གདམས་པ་ལ་བརྟེན་ནས་ཉམས་སུ་བླངས་པ་ལས་ཤེས་པར་འགྱུར་རོ། །ཞེས་པའོ། །གཉིས་པ་ལ་གཉིས། ལམ་རིམ་གྱིས་པ་བརྡའི་སྒོ་ནས་གྲོལ་བའི་མན་ངག་དང༌། གཅིག་ཅར་བ་བྱིན་རླབས་དབང་གིས་གྲོལ་བའི་མན་ངག་གོ །དང་པོ་ལ་གཉིས། དབང་པོ་རབ་འགྱུ་བ་རང་སར་སད་པར་བྱེད་པ་དང༌། དབང་པོ་འབྲིང་དང་ཐ་མ་འགྱུ་བ་གཞན་གྱི་ཐབས་ཀྱིས་གྲོལ་བར་བྱེད་པའོ། །དང་པོ་ནི། སོར་བཞག་གསུམ་གྱི་ངོ་སྤྲད་གཉིས་ཏེ། དང་པོ་གང་སྐྱེས་གང་ཤར་དྲན་པའི་ངོ་སྤྲོད་ནི། གང་སྐྱེས་སོགས་ཏེ། རྟོག་པ་གང་སྐྱེས་ཀྱང་རླབས་ཉིད་རྒྱ་མཚོ་ལས་མ་འདས་པ་བཞིན་དུ། གཉུག་མ་འགྲོ་འོང་དང་བྲལ་བ་ཉིད་མ་འདས་པ་ཡིན་པའི་ཕྱིར། གང་ཤར་ཐམས་ཅད་རང་ངོ་ཤེས་པའི་དྲན་པས་མ་བརྗེད་ན། རྣམ་པ་དེ་དང་དེར་ཤར་ཡང༌། ངོ་བོ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་འགྱུར་ཏེ། རྣལ་འབྱོར་གྱི་རྒྱལ་པོར་གདོན་མི་ཟ་བ་སྟེ་ཐེ་ཚོམ་མེད་པར་ངེས་སོ། །དྲན་པས་མི་བརྗེད་པའི་ཚུལ་ནི་གསུམ་སྟེ། དང་པོ་སྣང་མཁན་མ་བརྗེད་པ་དང༌། བར་དུ་འཛིན་མཁན་མ་བརྗེད་པ་དང༌། ཐ་མ་ཞེན་
XXX མཁན་མ་བརྗེད་པའོ། །གཉིས་པ་ནི། གང་ཤར་ཐམས་ཅད་སོགས་ཏེ། རྣམ་པར་རྟོག་པ་གང་ཤར་ཐམས་ཅད་དེ་ཁོ་ན་ཉིད་གཉུག་མའི་དོན་ལས་མ་གཡོས་པ་ཡིན་ཏེ། རང་སེམས་གཉུག་མ་དེ་ནི་ངོ་བོ་གང་དུའང་མ་ཤར་བཞིན། རྣམ་པ་ཅིར་ཡང་འཆར་བ་ཆུ་ཟླ་ལྟ་བུའོ། །དེའི་ཕྱིར་ན་འཁྲུལ་ངོར་གང་སྐྱེས་པ་ལྟར་སྣང་བའི་གསལ་སྣང་དེ་ནི། རིག་ངོར་མ་སྐྱེས་ཀྱང་མ་སྐྱེས་པ་དེ་ཉིད་སྐྱེ་བའི་ཚུལ་ལྟར་སྣང་བའང་མི་འགལ་ཏེ། རྨི་ལམ་དུ་བུ་མོ་སྐྱེས་པར་བདེན་ཀྱང༌། གཉིད་ཀྱིས་བསླད་པའི་ངོར་སྐྱེ་བ་ལྟར་སྣང་བའང་མི་འགལ་བ་བཞིན་ནོ། །འདི་ཡན་གྱི་ཚིགས་བཅད་གསུམ་ལ་རིམ་པར་གཉུག་མ་སྐྱེ་མེད་ཀྱི་ངོ་སྤྲོད། གློ་བུར་རྣམ་དག་གི་ངོ་སྤྲོད། དབྱེར་མེད་ཟུང་འཇུག་གི་ངོ་སྤྲོད་ཅེས་ཀྱང་གསུངས་སོ། །གཉིས་པ་ལ་གཉིས། དབང་པོ་འབྲིང་གི་ངོ་སྤྲོད་དང༌། དབང་པོ་ཐ་མའི་ངོ་སྤྲོད་དོ། །དང་པོ་ལ་གསུམ། དབང་པོ་འབྲིང་གི་རབ་ལས་གསུམ་གྱི་དཔེས་ངོ་སྤྲོད་པ། འབྲིང་གི་འབྲིང་ལ་ཕྱི་ནང་བར་གསུམ་གྱི་དཔེས་ངོ་སྤྲོད་པ། འབྲིང་གི་ཐ་མ་ལ་ཐོག་བབ་གསུམ་གྱིས་ངོ་སྤྲོད་པའོ། །དང་པོ་ལ་གསུམ་ལས། དང་པོ་ས་བླ་ཁྲོ་བོའི་རྣམ་འགྱུར་གྱི་དཔེ་ནི། གཡས་བརྐྱང་སོགས་ཏེ། དེ་ལ་གཡས་བརྐྱང་བ་ནི་ཐབས་སྙིང་རྗེ་ཆེན་པོའི་བློ་རྒྱ་བསྐྱེད་པ། གཡོན་བསྐུམ་པ་ནི་ཤེས་རབ་སྟོང་པ་ཉིད་ཀྱིས་བློ་ནང་དུ་དགུག་པ། སྡིག་མཛུབ་གཏད་པ་ནི་སྟོང་ཉིད་སྙིང་རྗེ་གཉིས་སྒོམ་མཁན་ངོས་བཟུང་བ། རྡོ་རྗེའི་ལྟ་བ་ནི་བལྟ་བྱ་བལྟ་བྱེད་གཉིས་སུ་མེད་པའི་དོན་ལ་དམིགས་པ་མེད་པའི་ཚུལ་གྱིས་བལྟས་ནས་ནི། རྣམ་རྟོག་གི་བཞོན་པར་གྱུར་པ་རླུང་གི་རྟ་མཆོག་ཕྱི་ནང་དུ་དལ་བུས་འགྲོ་བ་དང་འོང་བའི་ཚུལ་ལ་བསླབ་ཅིང༌། རྡོ་རྗེའི་བཟླས་པ་ཟབ་མོ་ལ་གནས་ནས་གློ་བུར་གྱི་རྣམ་རྟོག་དུ་མ་སེམས་ཉིད་
XXX གཉུག་མའི་ངང་དུ་རོ་གཅིག་ཏུ་ཉམས་སུ་ལེན་པར་བྱའོ། །གཉིས་པ་ས་འོག་ཀླུ་རྒྱལ་རོལ་པའི་དཔེ་ནི། རྐང་པ་རྒྱ་མཚོ་སོགས་ཏེ། འདི་ལྟར་ཀླུའི་རྒྱལ་པོ་དག་དུས་བཟང་པོ་ལ་རོལ་ཞིང་རྩེ་བ་ན། རྐང་པ་རྒྱ་མཚོར་བརྐྱངས། ལག་པས་ས་སྟེང་ཀུན་ཉུལ། མིག་ནམ་མཁར་བལྟས་ཀྱང༌། སེམས་རང་གི་གནས་ལས་མི་གཡོ་བ་བཞིན་དུ། རྐང་པ་རྒྱ་མཚོ་ཆེ་ལ་བཞག་པ་ནི། སེམས་མ་བཅོས་པའི་ངང་ལ་རྩེ་གཅིག་ཏུ་གནས་པའི་ཞི་གནས་བསྒོམ་པའོ། །ལག་པས་ས་སྟེང་ཀུན་ཏུ་ཉལ་བ་ནི། རྩལ་སྣང་མ་འགགས་པའི་རོལ་པ་སྣ་ཚོགས་སྣང་བ་ལ་སྣང་སྟོང་དབྱེར་མེད་དུ་རྟོགས་པས་ལོངས་སྤྱོད་པའི་ལྷག་མཐོང་བསྒོམ་པའོ། །མིག་ནི་ནམ་མཁར་བལྟ་བྱ་ཞེས་ཞི་ལྷག་ཟུང་འབྲེལ་གྱི་ངང་ནས་བྱ་བྱེད་ཀྱི་དམིགས་པ་ཅིའང་མེད་པ་ལ། ཅིར་ཡང་སྤྱོད་པའི་ཚུལ་གྱིས་མ་ཡེངས་པར་བལྟ་བ་སྟེ། དེ་ལྟར་ཉམས་སུ་བླངས་ནས། ཡིད་ནི་དུས་དང་རྣམ་པ་ཐམས་ཅད་དུ་བློ་འདས་བྱར་མེད་ཀྱི་རང་མལ་ལས་གང་དུའང་མི་གཡོ་བར་བྱའོ། །གསུམ་པ་ས་སྟེང་རྒྱལ་པོའི་མདུན་ན་འདོན་རྣམས་ཀྱི་དཔེ་ནི། སྒེག་མོའི་མེ་ལོང་སོགས་ཏེ། འདི་ལ་སྦྱོར་བའི་དཔེ་གཉིས། དངོས་གཞིའི་དཔེ་གཉིས། རྗེས་ཀྱི་དཔེ་གཉིས་ཏེ་དྲུག་གི་སྒོ་ནས་སྟོན་པའི་ཚུལ། རང་རིག་དྲི་མ་མེད་པའི་མེ་ལོང་ལ་ཡང་དང་ཡང་དུ་ལྟ་བ་སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུ། མཚན་འཛིན་གྱི་རྣམ་པར་རྟོག་པ་ཐམས་ཅད་རང་གྲོལ་དུ་འཇོམས་པའི་སྟོབས་དང་ལྡན་པས་གྱད་ལྟ་བུ་དང༌། ཉོན་མོངས་པ་རྣམ་རྟོག་གི་འཆིང་བ་ཐམས་ཅད་ལས་ཐར་བར་འདོད་པའི་བསམ་པ་དང་ཉིན་མཚན་དུས་ཀུན་ཏུ་མི་འབྲལ་བས་ཁྲིམས་བཙོན་ལྟ་བུ་དང༌། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཐམས་ཅད་སེམས་ཉིད་ཡེ་ཤེས་ཀྱི་རྒྱལ་པོ་ཉམས་ལེན་གྱིས་མཉེས་པར་འགྱུར་བའི་
XXX ཐབས་སུ་བྱེད་པ་ཡིན་གྱི། ཕལ་པའི་ཆོས་སྤྱོད་འབངས་ཕལ་པ་དང་འདྲ་བའི་ཉན་བཤད་ལ་སོགས་པ་དག་གི་ངོ་སྲུང་པ་ཅི་ཡང་མེད་པ་རྒྱལ་པོའི་བཙུན་མོ་ལ་བུ་དང༌། དགེ་སྡིག་ལ་སོགས་པའི་རྣམ་པར་རྟོག་པ་ཐམས་ཅད་བཟང་ངན་བྱེ་བྲག་མེད་པར་རང་གྲོལ་དུ་ཕྱགས་པ་ལ་བརྩོན་པ་ཕྱགས་དར་ལྟ་བུ་དང༌། སྣང་བ་ཐུག་ཕྲད་གང་ཤར་ལ་རྟོགས་པའི་རྩལ་སྦྱོང་བར་བྱེད་ཀྱི། ཆོས་ཆེ་ཆེ་དང་བཟང་བཟང་སོགས་ལྷག་པར་དོན་དུ་མི་གཉེར་བས་སྨད་འཚོང་མ་བཞིན་ཏེ་དྲུག་གོ །གཅིག་པུའི་གྲོགས་དང་འགྲོགས་པ་ནི། དྲན་པ་གཅིག་སུ་སྣང་བ་སྣ་ཚོགས་ཀྱི་གྲོགས་དང་འགྲོགས་ནས། ཏིང་ངེ་འཛིན་གྱི་རྩལ་སྦྱོང་བར་བྱོས་ཤིག་ཅེས་གདམ་པའོ། །གཉིས་པ་དབང་པོ་འབྲིང་གི་འབྲིང་པོའི་ངོ་སྤྲོད་པ་ལ་གསུམ་ལས། དང་པོ་ཕྱིའི་དཔེ་དགུ་ནི། རྟག་དང་སོགས་ཏེ། དེ་ཡང་ཏིང་ངེ་འཛིན་མ་སྐྱེས་པ་སྐྱེ་བར་བྱེད་པའི་ཐབས་གསུམ། སྐྱེ་བ་ལམ་དུ་འགྱུར་བའི་ཡན་ལག་གསུམ། ལམ་མཐར་ཕྱིན་པར་བྱེད་པའི་གནད་གསུམ་སྟེ། དཔེ་དགུས་བསྟན་པ་ཡིན་ནོ། །དེ་ལ་དང་པོ་རྟོག་པ་དང་ཉོན་མོངས་པ་ཐམས་ཅད་འཇོམས་པ་ལ་དཔའ་ཞིང་མ་ཞུམ་པས་སྟག་ལྟ་བུ་དང༌། བར་དུ་ཕྱི་ནང་གི་བར་ཆད་དང་ཉེ་བར་འཆི་བ་ཅི་བྱུང་ཡང་ཉམས་ང་བག་ཚ་མེད་པ་སེང་གེ་ལྟ་བུ་དང༌། ཐ་མར་བྱིངས་རྒོད་ལ་སོགས་པའི་འགལ་རྐྱེན་སྣ་ཚོགས་གང་གིས་ཀྱང་ལམ་ལས་མི་ལྡོག་པ་གླང་པོ་ཆེ་ཆུར་ཞུགས་ལྟ་བུ་དང་གསུམ་ནི་ཏིང་ངེ་འཛིན་སྐྱེ་བར་བྱེད་པའི་ཐབས་གསུམ་ཡིན་ནོ། །སྐྱེས་པ་དེ་ཡང་ཐེག་པ་ཆེན་པོའི་ལམ་དུ་འགྱུར་བ་ལ། གཞན་ཕན་ཐབས་ལ་མཁས་པའི་ཁྱད་པར་དགོས་ཤིང༌། དེ་ཡང་གཞན་ལ་ཕན་འདོགས་པའི་མཐུ་ལྷ་དང་བླ་མ་ལ་རག་ལས་པས། མོས་གུས་ཀྱི་གདུང་བ་དྲག་པོ་རྔ་མོ་ལྟ་བུ། གཞན་ལ་ཕན་པའི་བསམ་པས་སྙིང་རྗེ་དང༌།
XXX གིས་འབྱུང་བ་རི་དྭགས་ཁྲི་སྙན་ལྟ་བུ། གཞན་ལ་ཕན་པའི་ཐབས་གང་ལ་གང་འདུལ་གྱིས་སྤྲོས་པ་སྣ་ཚོགས་ལམ་དུ་ཁྱེར་བ་སྤྲེའུ་ལྟ་བུ་སྟེ་གསུམ་དང༌། ལམ་མཐར་ཕྱིན་པར་བྱེད་པའི་གནད་གསུམ་ནི། ཞེ་འདོད་ཀྱི་གདུང་བ་བསིལ་བ་དང༌། ཉོན་མོངས་པའི་ཚད་ནད་སེལ་བ་དང༌། ཆོས་ཆེན་པོ་རྣམ་ཀྱི་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་སྟེ། ཆོས་གསུམ་ལྡན་པ་ཙནྡན་ལྟ་བུ། འགལ་རྐྱེན་གྱིས་རྩ་བ་མི་གཡོ་བ་དང༌། མཐུན་རྐྱེན་གྱིས་རྩེ་མོ་མི་འཁྱོག་པ་དང༌། ཤེས་རྒྱུད་ཕལ་མོ་ཆེ་ཐམས་ཅད་ལས་མཐོ་བར་འཕགས་པ་སྟེ། ཆོས་གསུམ་དང་ལྡན་པས་ལྗོན་ཤིང་གི་སྡོང་པོ་ལྟ་བུ། མཚན་འཛིན་གྱི་དབང་པོ་འགགས་པ་དང༌། ཞེན་པའི་སྲོག་དང་བྲལ་བ་དང༌། བླང་དོར་གྱི་རྩིས་གང་བ་མེད་པ་སྟེ། ཆོས་གསུམ་དང་ལྡན་པས་མི་རོ་ལྟ་བུ་སྟེ་དེ་ལྟར་དཔེ་དགུས་མཚོན་ནས། དེས་དོན་ཟབ་མོ་ལ་སྤྱོད་པའི་མཁས་པ་རྣམས་ཀྱིས་སྟོང་བ་ཉིད་རྣལ་འབྱོར་དུ་བྱའོ། །གཉིས་པ་བར་གྱི་དཔེ་དྲུག་ནི། རི་གཟར་ཆུ་དང་སོགས་ཏེ། འདི་ལྟར་རྣམ་རྟོག་རིགས་མི་འདྲ་བ་དུ་མ་ཤུགས་དྲག་ཏུ་བསྐྱེད་པ་དང༌། རྟོག་མེད་དང་བཏང་སྙོམས་ཀྱིས་བར་མ་ཆོད་པ་དང༌། ཤིན་ཏུ་མྱུར་བ་གློག་འགྱུ་བ་ལྟ་བུ་སྟེ། ཆོས་གསུམ་དང་ལྡན་པས་རི་གཟར་གྱི་འབབ་ཆུ་ལྟ་བུ་དང༌། རྣམ་རྟོག་འགྱུས་ཚད་ཐམས་ཅད་ཆོས་ཉིད་ཀྱི་ངང་ལ་རོ་མཉམ་པ་དང༌། རྣམ་པར་རྟོག་པའི་ངང་ལ་གཡོ་བ་མེད་བཞིན་དུ་གནས་པ་དང༌། ཕྱིའི་འགྱུ་བ་སྣ་ཚོགས་ཅི་བྱུང་ཡང་མ་བཅོས་པའི་ངང་དུ་ཞི་བར་འགྱུར་བ་སྟེ། ཆོས་གསུམ་དང་ལྡན་པས་རྒྱ་འཚོ་ཆེན་པོ་ལྟ་བུ་སྟེ། དཔེ་དོན་གཉིས་པ་དེ་ནི་སེམས་གནས་པར་བྱེད་པའི་ཐབས་ཡིན་ནོ། །ཡང་དག་པའི་རྟོགས་པ་ལ་རང་གི་སྙིང་ལས་ལྷག་པར་འཛིན་པ་དང༌། རྟོགས་པ་དེ་དང་ནམ་ཡང་འབྲལ་མི་ཕོད་པ་དང༌། རྟོགས་
XXX པའི་རྩལ་གྱིས་ཅི་བྱུང་སྐྱོན་དུ་མི་བཟུང་བ་སྟེ། ཆོས་གསུམ་དང་ལྡན་པས་བུ་གཅིག་པའི་མ་ལྟ་བུ་དང༌། ཁོངས་གྲིམ་པ་དང༌། འཕྲལ་ལྷོད་པ་དང༌། འགྲོ་ལྡོག་གི་མཚན་ཉིད་ལ་མཁས་པ་སྟེ། ཆོས་གསུམ་དང་ལྡན་པས་གླང་པོ་ཆེ་སྐྱོད་པ་ལྟ་བུ་གཉིས་ནི་གནས་པ་བརྟན་པར་བྱེད་པའི་ཡན་ལག་གོ །ལྟ་བ་དམན་པ་ལ་མ་ཞེན་པས་འཕང་མཐོ་བ་དང༌། གཟུང་འཛིན་གྱི་གདུང་བ་བྲལ་བས་བསིལ་བ་དང༌། གེགས་སྐྱོན་ཅི་བྱུང་ཡང་འགྱུར་བ་མེད་པའི་སོ་ཚུགས་པ་སྟེ། ཆོས་གསུམ་དང་ལྡན་པས་གངས་རི་ལྟ་བུ་དང༌། མངོན་པར་ཞེན་པའི་དྲི་མ་དང་བྲལ་བས་གཙང་བ་དང༌། ཕྱིའི་ཡུལ་སྣང་དང་ནང་གི་རིག་ཆོས་གང་ཡང་མ་བསྒྲིབས་པར་གསལ་བ་དང༌། དད་པ་དང་སྙིང་རྗེ་ཐབས་ལམ་ལ་སོགས་པའི་རྐྱེན་གྱིས་གང་དུའང་བསྒྱུར་དུ་རུང་བ་སྟེ། ཆོས་གསུམ་དང་ལྡན་པས་ཤེལ་སྒོང་དག་པ་བཞིན་ཏེ་དེ་གཉིས་ནི་བརྟན་པ་མཐར་ཕྱིན་པར་བྱེད་པའི་གནད་ཡིན་ནོ། །དེ་ལྟར་གོམས་པས་ཆེད་འཛིན་གྱི་དམིགས་གཏད་དང་བྲལ་བར་སེམས་ངང་གིས་གནས་གྱུར་ན་ཏིང་ངེ་འཛིན་གྱི་གཞི་ཚུགས་པ་ཞེས་བྱའོ། །གསུམ་པ་ནང་གི་དཔེ་གཅིག་ནི། ཐོག་མར་སོང་སྟེ། འདི་ལྟར་འབྱུང་བའི་རྣམ་པར་རྟོག་པ་ཇི་སྙེད་པ་རྣམས་ནི། ཐོག་མ་དང་བར་དང༌། མཐའ་མར་རིམ་བཞིན་དུ། དམིགས་པ་དང༌། བདག་པོ་དང༌། རྒྱུ་དང༌། དེ་མ་ཐག་པའི་རྐྱེན་བཞིའི་རྩ་བ་དང་བྲལ་བས་སྒྱུ་མའི་རྟ་གླང་ལྟ་བུ། རང་གི་ངོ་བོ་དེ་དེ་བཞིན་དུ་མ་གྲུབ་པས་མིང་གིས་བཏག་པ་ཙམ་ལས་དོན་གྱིས་སྟོང་པ་མོ་གཤམ་གྱི་བུ་ལྟ་བུ་བྱེད་ལས་དང་བྲལ་བ་རྨི་ལམ་གྱི་སྟ་རེས་རྨི་ལམ་གྱི་ལྗོན་ཤིང་གཅོད་པ་ལྟ་བུ་སྟེ། མདོར་ན་འདི་ལྟར་སྣང་ཞིང་རྟོག་པའི་ཆོས་ཐམས་ཅད་ནི་རྨི་ལམ་གྱི་སྣང་བ་དང་མཚུངས་ཏེ། མཚུངས་ཆོས་ནི་རྨི་ལམ་
XXX གྱི་སྐབས་སུ་མར་མེ་གསལ་བར་སྣང་ནའང༌། དེའི་རྒྱུའམ་རྩ་བ་ཀོང་བུ་དང༌། སྡོང་བུ་དང༌། སྣུམ་དང༌། མེ་སྟེ་བཞི་དང༌། མར་མེ་རང་གི་ངོ་བོ་དམར་ལམ་ལམ་འབར་བ་དང༌། མར་མེའི་ཕྱེད་ལས་སེལ་བྱེད་ཀྱི་འོད་དང༌། བསལ་བྱའི་མུན་པ་སྟེ་དེ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་བཞིན་དུ་འདི་ལྟར་སྣང་ཞིང་རྟོག་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པར་ཤེས་པའི་ངང་ནས་དམིགས་པ་མེད་པའི་སྙིང་བརྩེ་ཆེན་པོ་མི་གཡོ་བར་གོམས་པས་མཚན་མ་ཐམས་ཅད་རང་སར་གྲོལ་ཞིང༌། དག་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་འགྱུར་རོ། །གསུམ་པ་དབང་པོ་འབྲིང་གི་ཐ་མའི་ངོ་སྤྲོད་ལ་གསུམ་ལས། དང་པོ་ཉམས་མྱོང་ཐོག་བབས་གསུམ་གྱིས་བསྒྲུབ་བྱ་བློ་གྲོས་དྲི་མ་མེད་པར་སད་པའི་ངོ་སྤྲོད་ནི། འགྲོ་འོང་སོགས་ཏེ། འདི་ལྟར་བསྒྲུབ་བྱའི་ཆོས་བདེ་གསལ་མི་རྟོག་པ་གསུམ་དང༌། ཆོས་གསུམ་གྱི་མཚན་ཉིད་འགྲོ་འོང་གནས་གསུམ་དང་བྲལ་བ་གསུམ་དང༌། དེའི་གནས་ལུགས་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྟེ་རྣམ་ཐར་སྒོ་གསུམ་མོ། །དེ་ཡང་རྣམ་པར་རྟོག་པ་འགྲོ་བ་དང༌། འོང་བ་དང༌། གནས་པ་གསུམ་ནི་དང་པོར་སྐྱེ་བའི་རྒྱུ། བར་དུ་གནས་པའི་ངོ་བོ། ཐ་མར་འགགས་པའི་འབྲས་བུའི་རྣམ་རྟོག་ཐམས་ཅད་ཀྱིས་སྟོང་པའི་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོ་གསུམ་དུ་དག་པ་ལ། ཟག་མེད་ཀྱི་བདེ་བ་ཆེན་པོ་དང༌། རང་བཞིན་གྱིས་འོད་གསལ་བ་དང༌། གང་དུའང་རྣམ་པར་མི་རྟོག་པ་སྟེ། དེ་ལྟ་བུའི་བདེ་གསལ་མི་རྟོག་པའི་འབྲས་བུ་མངོན་དུ་གྱུར་པའི་ངང་དུ། ཟབ་མོ་དོན་ལ་བློ་གྲོས་ཀྱི་མིག་རྣམ་པར་དག་པའི་རྣལ་འབྱོར་པ་བཟང་པོ་རྣམས་ཀྱིས་རྟག་ཏུ་མཉམ་པར་བཞག་པར་བྱའོ། །གཉིས་པ་སྦྱོར་བ་ཐོག་བབས་གསུམ་གྱིས་སྒྲུབ་བྱེད་སྒོམ་པ་ཕུན་སུམ་ཚོགས་པར་ངོ་སྤྲོད་པ་ནི། སྙིང་རྗེ་ཆེན་པོ་སོགས་ཏེ། དང་པོ་ཐབས་ཀྱི་སྦྱོར་བ་ནི། ནམ་མཁའ་དང་མཉམ་པའི་འགྲོ་
XXX བ་ལ། རྒྱ་མཚོ་དང་མཉམ་པའི་བསམ་པ་སྙིང་རྗེ་ཆེན་པོ་མདུན་དུ་བཞག་པ་སྟེ་སྔོན་དུ་འགྲོ་བས། རི་རབ་དང་མཉམ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྗེས་སུ་བསྒྲུབ་པར་དམ་བཅའ། གཉིས་པ་ཤེས་རབ་ཀྱི་སྦྱོར་བ་ནི། བསམ་སྦྱོར་དེ་ཉིད་ཀྱི་ངོ་བོ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་ཅིང་དམིགས་པར་ཤེས་པ་ལ་མ་ཡེངས་པར་རྟག་ཏུ་བལྟ་ཞིང༌། གསུམ་པ་བྱིན་རླབས་ཀྱི་སྦྱོར་བ་ནི། ཡིད་དམ་གྱི་ལྷ་བསྒོམ་པ་དང༌། བླ་མའི་རྣལ་འབྱོར་གྱི་སྒོ་ནས་གསོལ་བ་གདབ་པའོ། །དེ་ལྟ་བུའི་སྦྱོར་བ་ཡིས་སྒྲུབ་པ་པོ་རྣམས་རང་གི་སེམས་སྤྲོས་པས་དུབ་པ་བདེ་ཆེན་གྱི་ངང་དུ་ངལ་གསོ་བར་བྱའོ། །གསུམ་པ་རྣམ་རྟོག་ཐོག་བབས་གསུམ་གྱིས་སྒྲུབ་པའི་འགལ་རྐྱེན་ལམ་དུ་སློང་བ་ནི་བུ་ཉོན་སོགས་ཏེ། བུ་ཞེས་རང་གི་སྲས་ལ་ཉེ་བའི་མཚན་ནས་བོས་ཏེ་ཁྱོད་ཉོན་ཅིག་ཅེས་གཞན་དུ་མ་ཡེངས་པར་གདམས་ནས་གང་མཉན་པར་བྱ་བ། དང་པོ་ལམ་དུ་བསླང་བྱ་ནི། ཁྱོད་ཀྱི་རྒྱུད་ལ་གང་དང་གང་ཤར་བའི་རྣམ་པར་རྟོག་པ་ཐམས་ཅད་དོ། །གཉིས་པ་དེ་ལམ་དུ་བསླང་ན་ནུས་པའི་རྒྱུ་མཚན་ནི། རྣམ་པར་རྟོག་པ་དེས་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར་ཐོག་མར་བདག་མ་བཅིངས། མཐར་བདག་མ་གྲོལ་བའི་ཕྱིར་ཏེ། དཔེར་ན་ཆུ་སྣོད་དུ་ཟླ་བའི་གཟུགས་བརྙན་ཤར་བ་ན་ཆུ་སྣོད་ཀྱིས་གཟུགས་བརྙན་བཅིངས་པའང་མེད། སྣོད་ཆགས་ནས་ཆུ་བོ་བ་ན་ཟླ་བའི་གཟུགས་བརྙན་གྲོལ་བའང་མེད་དེ་ནམ་མཁའི་ཟླ་བ་རང་བཞིན་ལས་མ་གཡོས་པ་བཞིན། རྣམ་རྟོག་ཤར་ཙམ་ནས་ཆོས་ཉིད་རང་མལ་ལས་གཡོ་བ་མེད་པའི་ཕྱིར་རོ། །གསུམ་པ་ཇི་ལྟར་སློང་བའི་ཉམས་ལེན་ནི། དང་པོ་མ་ཡེངས་པར་བཞག་པ་རལ་བསྐོར་མཁན་གཡུལ་དུ་ཞུགས་པ་ལྟ་བུ། བར་དུ་མ་བཅོས་པར་བཙའ་བ་ལ་མཁས་པ་གླང་རྫི་མཁས་པས་གླང་པོ་ཆེ་སྐྱོང་བ་
XXX ལྟ་བུ། ཐ་མར་རང་དགར་བཏང་བ་ལ་མཁས་པ་རྫིང་ཐོག་ནས་བྱ་འཕུར་བ་ལྟ་བུ་སྟེ། དེ་རྣམས་ནི་རྒྱས་པར་ཁྲིད་ཡིག་ལས་འབྱུང་བ་ལྟར་རོ། །གདམས་པ་འདི་ནི་གཞུང་འདི་ཉིད་ཀྱི་སྙིང་པོའི་སྙིང་པོ། རྣམ་རྟོག་ལམ་དུ་སློང་བའི་ཐབས་ཁྱད་པར་ཅན་ཡིན་པས་ན། ཀྱེ་ཧོ་ཞེས་ངོ་མཚར་བའི་ཚིག་གིས་མཚམས་སྦྱར་ནས། སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་རང་གི་སེམས་འཁོར་བ་སྡུག་བསྔལ་ཀྱི་རྒྱ་མཚོར་དུབ་པར་གྱུར་པ་ཐབས་འདི་ལྟ་བུ་ལ་བརྟེན་ནས་གཉུག་མ་རང་བཞིན་གྱིས་འོད་གསལ་བའི་དབྱིངས་སུ་ངལ་གསོལ་བར་གྱིས་ཤིག་ཅེས་གདམས་པའོ། །གཉིས་པ་དབང་པོ་ཐ་མའི་ངོ་སྤྲོད་ལ་གསུམ། དབང་པོ་ཐ་མའི་རབ་ལ་རིག་དྲི་མ་མེད་པར་བསྟན་པ་སྦྱོར་བ་གསུམ་ངོ་སྤྲོད། །ཐ་མའི་འབྲིང་ལ་གཟུང་བ་དང་འཛིན་པའི་རྩ་བ་བཅད་པ་སྒོ་མོ་གསུམ་གྱི་ངོ་སྤྲོད། ཐ་མའི་ཐ་མ་ལ་མཚན་མ་དབྱིངས་སུ་བསྟིམ་པ། དགག་སྒྲུབ་གསུམ་གྱི་ངོ་སྤྲོད་དོ། །དང་པོ་ལའང་གསུམ་ལས། དང་པོ་དཔེ་དོན་གསུམ་རོ་སྙོམས་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་དུ་སྟོན་པ་ནི། གཟུགས་བརྙན་སོགས་ཏེ། གཟུགས་བརྙན་དང་གཟུགས་དངོས་དང༌། བྲག་ཅ་དང་སྒྲ་དངོས། དབང་པོས་དངོས་སུ་མཐོང་བ་དང༌། རྨི་ལམ་གྱི་སྐབས་སུ་ཉམས་སུ་མྱོང་བ་རྣམས་རྗེས་སུ་དྲན་པའི་ཡིད་ལ་ལེགས་པར་དཔྱད་པས། རྣམ་པ་ནི་གཟུགས་བརྙན་སོགས་སྣང་ཞིང༌། ངོ་བོ་ནི་གཟུགས་དངོས་སོགས་ཀྱང་རང་བཞིན་གྱིས་མ་གྲུབ་པ་ཆོས་ཐམས་ཅད་སྣང་ཙམ་ནས་བདེན་པ་མེད་པར་ཤེས་པར་བྱས་ཏེ། ཆགས་སྡང་སྐྱེ་བའི་ཡུལ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས་ཡུལ་ཅན་ཤེས་པས་བདེན་མེད་དུ་ཤེས་པ་ན་གཟུང་འཛིན་ཐམས་ཅད་རང་སར་གྲོལ་བར་འགྱུར་བ་ཡིན་ནོ། །དེ་ལ་བརྟེན་ནས་ཏིང་ངེ་འཛིན་རྩེ་གཅིག་ཏུ་གནས་པའི་ཞི་གནས་
XXX འགྲུབ་པས་ན་དེ་དང་དེ་བྱུང་གི་འབྲེལ་བར་གྲུབ་པ་དང༌། མཚན་མ་སྤོང་བྱེད་ཀྱི་ཐབས་ཟད་པར་ལྷག་མཐོང་བསྒོམ་པའི་སྦྱོར་བ་ཉམས་སུ་བླང་པར་བྱ་སྟེ། དང་པོ་བསྒོམ་བྱའི་དངོས་པོ་རྩེ་གཅིག་པས་མདུན་དུ་བྱ། བར་དུ་རྩེ་གཅིག་པ་ཉིད་རང་ངོ་ཤེས་པའི་སྒོ་ནས་སོར་བཞག །མཐར་དེ་ཉིད་ཀྱི་དམིགས་པས་བློའི་སྤུ་རིས་ཟད་པར་བྱའོ། །གཉིས་པ་ཤེས་རབ་གསུམ་གྱི་སྒྲོན་མེ་སྤར་བས་སྒྲིབ་གཡོགས་ཀྱི་མུན་པ་བསལ་བ་ནི། སོ་སོར་རྟོག་དང་སོགས་ཏེ། འགྱུ་བ་གང་ཤེས་ཐམས་ཅད་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པས་རང་བཞིན་མེད་པར་ཤེས་པ་དང༌། མཐར་སོ་སོར་རྟོག་པའི་ཤེས་རབ་ཉིད་ཀྱང་རྟེན་དང་བྲལ་བར་ཤེས་པ་དང༌། ཤེས་བྱ་དང་ཤེས་བྱེད་ཀྱི་བློའི་འཛིན་པ་ཞི་བའི་ངང་རྟག་ཏུ་རྒྱུན་མི་འཆད་པར་བསྒོམས་བྱུང་གི་ཤེས་རབ་རྒྱུད་ལ་བསྟེན་པ་སྟེ། དེ་ལྟ་བུའི་ཤེས་རབ་གསུམ་གྱིས་རིམ་པ་བཞིན་དུ། བསྲེགས་བཅད་བརྡར་བའི་གསེར་བཞིན་དང༌། བུད་ཤིང་ཟད་པའི་མེ་བཞིན་དང༌། སྤྲིན་དང་ཁུག་རྣ་ལ་སོགས་པས་འགྱུར་བ་མེད་པའི་ནམ་མཁའ་བཞིན་དུ་སྤང་བྱ་གཟུང་བའི་གནས་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་པ་དང༌། གཉེན་པོའི་འཛིན་མེད་པའི་རྟོག་པ་ངང་གིས་ཞི་བར་བྱེད་པ་དང༌། གློ་བུར་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པར་བྱེད་པ་ཡིན་ནོ། །གསུམ་པ་སྣང་བ་གསུམ་གྱི་ཡེ་ཤེས་སད་པས་ཡོན་ཏན་རིན་པོ་ཆེའི་སྒོ་དབྱེ་བ་ནི། སྣང་མེད་དེ་སྣང་སོགས་ཏེ། གཞི་རང་བཞིན་གྱིས་སྡང་བ་མེད་ཀྱང་ལམ་དེའི་སྟོབས་ཀྱིས་སྣང༌། འབྲས་བུ་རྐྱེན་གྱིས་བསྒྱུར་པས་སྣ་ཚོགས་སུ་སྣང་བ་གསུམ་གྱི་དཔེ་ནི་རིམ་པར། ནམ་མཁའ་རང་བཞིན་མེད་པ་དང༌། མེ་ལོང་ལ་གཟུགས་བརྙན་འཆར་བ་དང༌། ཤེལ་གོང་དག་པར་ཡུལ་གྱི་རྐྱེན་གྱིས་ཁ་དོག་སྣ་ཚོགས་སུ་སྣང་བ་བཞིན་ནོ། །དེ་ལྟ་བུས་
XXX ཚུལ་ཉམས་འོག་ཏུ་ཚུད་པས་མཉམ་པར་བཞག་པའི་སྟོབས་ཀྱིས་ཡོན་ཏན་རིན་པོ་ཆེའི་གཏེར་སྒོ་བྱེད་པ་ཡིན་ཏེ། སྣང་མེད་མ་བཅོས་པའི་ངང་དུ་སད་པར་བྱེད་པས་དེའི་ངང་ལ་རྩེ་གཅིག་ཏུ་ཏུ་གནས་པའི་ཏིང་ངེ་འཛིན་དང༌། དེ་སྣང་རང་སྣང་དུ་སད་པར་བྱས་པས་རང་སྣང་རང་སར་གྲོལ་བའི་ཡི་གེ་དང༌། རྐྱེན་སྣང་རྟེན་འབྲེལ་གྱི་སྣང་བ་སད་པར་བྱས་པས་རྟེན་འབྲལ་དག་པ་གཟུངས་ཀྱི་སྒོ་འབྱེད་པར་བྱེད་ཅིང༌། དེ་ལྟར་ན་ཏིང་ངེ་འཛིན་གྱི་གཞི་ལས་ཡེ་ཤེས་ཀྱི་ངོ་བོ་གྲུབ་སྟེ་གཟུངས་ཀྱིས་མི་འབྲལ་བར་འཛིན་ལ་དེ་མཐུས་མཐར་ཐུག་རིམ་པ་བཞིན་དུ། ཆོས་སྐུ་དང༌། ལོངས་སྐུ་དང༌། སྤྲུལ་པའི་སྐུ་སྟེ་དེ་རྣམས་ཀྱི་རྟོགས་པ་རྒྱུད་ལ་འཆར་བར་བྱེད་པ་ཡིན་ནོ། །གཉིས་པ་དབང་པོ་ཐ་མའི་འབྲིང་གི་ངོ་སྤྲོད་ལ་གསུམ་ལས། དང་པོ་ལུས་ཀྱི་སྒོ་མོ་དབང་པོ་ལྔ་ལ་བརྟེན་ནས་བཟུང་བ་དང་གཡེང་བ་རྡུལ་སྤོང་བ་ནི། མཐོང་བ་མཉམ་བཞག་སོགས་ཏེ། སྒོ་ལྔའི་དབང་པོ་ལ་བརྟེན་ནས་ཡུལ་ལྔ་མཐོང་བ་ན། མཐོང་མཁན་རང་གི་ངང་དུ་ལྷོད་ཀྱིས་གློད་ལ་ཧད་དེ་མཉམ་པར་བཞག་པས། སྣང་ཡུལ་མ་འགགས་ལ་དེར་འཛིན་དང་བྲལ་བའི་འོད་གསལ་འཆར་བ་ཡིན་ཏེ། དེ་ཚེ་མཐོང་བ་གང་ཡིན་པ་དང་དེ་དོན་གྱིས་མ་མཐོང་བ་ཡིན་པའི་རྒྱུ་མཚན། དེ་ལ་གཟུང་འཛིན་གྱི་ཞེན་པ་མ་སྐྱེས་པའི་ཕྱིར། དེ་ལྟར་ཤིན་ཏུ་རྣམ་པར་མི་རྟོག་པའི་འོད་གསལ་ལ་རྩེ་གཅིག་ཏུ་གནས་པས། མཚན་མའི་རྣམ་པར་གཡེང་བའི་རྡུལ་དང་བྲལ་བ་ཉིད་དོ། །གཉིས་པ་གང་གི་སྒོ་མོ་རླུང་ལ་བརྟེན་ནས་འཛིན་པ་ཡིད་ཀྱི་སྐྱེས་བུ་བསད་པ་ནི། རླུང་ནི་གར་འགྲོ་སོགས་ཏེ། སེམས་ནི་རླུང་གི་བཞོན་པ་ཅན་ཡིན་པས་རླུང་ནི་གར་འགྲོ་བ་དེར་སེམས་འགྲོ་ཞིང་གནས་པས། དེ་ཉིད་ལུས་ཀྱི་ཁྱིམ་དབུ་མའི་ནང་དུ་བུམ་ཅན་གྱི་སྦྱོར་བས་བཙོན་དུ་བཟུང་ནས། ཡིད་ཀྱི་སྐྱེས་བུ་རང་ངོ་
XXX ཤེས་པའི་མཚོན་གྱིས་བསྣུན་ནས་བྱེད་རྩོལ་དང་བྲལ་བའི་དབྱིངས་སུ་བསད་པར་བྱས་པས། རླུང་གི་བཞོན་པ་དེ་མེད་ན། སེམས་ནི་གང་དུ་འགྲོ་སྟེ་མི་འཕྱེ་བོ་བཞིན་དུ་རང་སར་གནས་པར་འགྱུར་རོ། །གསུམ་པ་ཡིད་ཀྱི་སྒོ་མོ་ཀུན་རྟོག་གི་རང་བཞིན་རྟོགས་པས་གཟུང་འཛིན་གཉིས་ཀའི་བག་ཆགས་གཞོམ་པ་ནི། ཐམས་ཅད་རང་བཞིན་སོགས་སྟེ། ཀུན་རྟོག་ཐམས་ཅད་ཀྱི་རང་བཞིན་ནི་མ་བཅོས་པའི་གཉུག་མའི་ངོ་བོ་ལས་མི་འདའ་བས། །རྣམ་པའི་ཀུན་རྟོག་ཐམས་ཅད་ནི་རྐྱེན་གྱི་གཞན་དབང་ལས་བྱུང་བ་ཡིན་ནོ། །དེས་ན་རང་བཞིན་གསུམ་གྱི་དེ་ཁོ་ན་ལེགས་པར་ཤེས་ན། ཀུན་རྟོག་ཤར་ཙམ་ན་ཀུན་རྟོག་ཉིད་རང་བཞིན་མེད་པར་བྱེད་དོ། །དེ་ལ་རང་བཞིན་གསུམ་ནི་ངོ་བོའི་རང་བཞིན་བཅོས་སུ་མེད་པ། རྐྱེན་གྱི་རང་བཞིན་དུ་མར་འཆར་བ། གཉིས་སུ་མེད་པའི་རང་བཞིན་རོ་གཅིག་པའོ། །གསུམ་པ་དབང་པོ་ཐ་མའི་ཐ་མ་ལ་ངོ་སྤྲོད་པའི་ཚུལ་གསུམ་ལས། དང་པོ་ནམ་མཁའ་བསྒོམ་པའི་རྣལ་འབྱོར་ལ་བརྟེན་ནས་གྲུབ་བསལ་གྱི་མཚན་མ་དབྱིངས་སུ་བསྟིམ་པ་ནི། མཐོང་བས་གྲུབ་དང་སོགས་ཏེ། ཤེས་བྱའི་ཡུལ་འདི་རྣམས་མཐོང་བས་གྲུབ་པར་འཇོག་པ་དང༌། ཤེས་རབ་ཀྱིས་གཞིག་པ་ན་མེད་ཅེས་འཇོག་པ་ནི་རྣམ་རྟོག་གིས་ཀུན་ཏུ་བརྟགས་པར་ཟད་ཀྱི། སེམས་ཉིད་ཀྱི་གཤིས་འདི་ལ་འདོད་ནས་ཅིར་ཡང་གྲུབ་པ་མེད་པས། བུ་ཀྱེ་ཞེས་ཉེ་བའི་ཚིག་གིས་བོས་ནས་ནམ་མཁའ་བསྒོམ་པར་བྱོས་ཤིག་ཅེས་གདམས་པའོ། །ནམ་མཁའ་སྒོམ་པའི་ཚུལ་ནི་གསུམ་སྟེ། ཕྱིའི་ནམ་མཁའ་སྒྲིབ་པ་མེད་པ་ལ་མིག་ཆེ་རེ་གཏད་པ་དང༌། ནང་གི་ནམ་མཁའ་སེམས་མ་བཅོས་པ་ལ་བློ་བཞག་པ་དང་གསང་བའི་ནམ་མཁའ་ཕྱི་ནང་ཅིར་ཡང་མི་དམིགས་པས་རང་དགར་བསྒོམ་པའོ། །གཉིས་
XXX པ་རང་དགར་བསྒོམ་པའི་རྣལ་འབྱོར་ལ་བརྟེན་ནས་རྐྱེན་བྲལ་གྱི་མཚན་མ་དབྱིངས་སུ་བསྟིམ་པ་ནི། ག་བུར་དང་ནི་སོགས་ཏེ། འདི་ལྟར་ག་བུར་དང་ནི་དེ་ཡི་དྲི་གཉིས་པོ། ཕན་ཚུན་གཅིག་ལ་གཅིག་བརྟེན་པས་ལྡོག་པ་སོ་སོར་ཕྱེ་འང༌། ངོ་བོ་དབྱེར་མེད་པ་ཡིན་ཏེ། ག་བུར་དེ་མེད་ན་དེའི་དྲི་འང་མེད་ལ། དྲི་མེད་ན་ག་བུར་དེ་ཡང་མེད་ཅིང་མི་དམིགས་པ་བཞིན། སེམས་ཀྱི་རང་བཞིན་ལ་རྐྱེན་སྣང་གློ་བུར་གྱི་འཁྲུལ་པ་དང༌། རྐྱེན་དང་བྲལ་བ་རང་བྱུང་སོ་མའི་ཡེ་ཤེས་གཉིས་ཀྱང་ཕན་ཚུན་སོ་སོར་མ་ཡིན་ཅིང་ཐ་མི་དད་པས་རང་དགར་སྒོམས་ཤིག་ཅེས་གདམས་པའོ། །རང་དགར་ཇི་ལྟར་སྒོམ་པའི་ཚུལ་ནི་གསུམ་སྟེ། གཤིས་གཉུག་མ་རང་དགའ་མ་བཅོས་སོ་མར་འཇོག་པ་དང༌། རྩལ་རྣམ་རྟོག་རང་དགའ་ཅི་སྐྱེས་སྐྱེར་གཏོང་བ་དང༌། ངོ་བོ་སྐྱེ་མེད་རང་དགའ་སྐྱེས་ཙམ་ནས་སྐྱེ་རྒྱུ་མ་དམིགས་པས་མ་སྐྱེས་པར་རོ་སྙོམས་པའོ། །གསུམ་པ་རྣམ་རྟོག་གསོད་པའི་རྣལ་འབྱོར་ལ་བརྟེན་ནས་མཉམ་པ་དང་མི་མཉམ་པའི་མཚན་མ་དབྱིངས་སུ་བསྟིམ་པ་ནི། མཉམ་པའི་སེམས་ཀྱིས་སོགས་ཏེ། དེ་ལ་ནང་མཉམ་ཉིད་ཁྱབ་བརྡལ་ཆེན་པོའི་སེམས་ཀྱིས་གཡོ་བའི་ཡིད་བློ་བུར་བ་འགོག །ཕྱི་མི་མཉམ་པ་དུ་མ་དང༌། སྨིག་རྒྱུ་ལ་སོགས་པའི་སྣང་ཉམས་སྣ་ཚོགས་ཀྱང་མཉམ་ཉིད་ཆེན་པོའི་གདམས་པ་དྲན་པའི་ཐག་པས་འཆིང་བར་བྱེད་དེ་ལྟར་ཉམས་སུ་བླངས་པས་ནམ་ཞིག་གི་ཚེ་མཉམ་པ་དང་མི་མཉམ་པ་གཉིས་ཀར་འཛིན་པ་དང་བྲལ་བ་ནི་མཉམ་བཞག་ཆེན་པོ་སྟེ། དེས་རྣམ་པར་རྟོག་པ་ཐམས་ཅད་གསོད་པར་བྱེད་དོ། །རྣམ་རྟོག་གསོད་པའི་ཚུལ་ལའང་གསུམ་སྟེ། ཐ་མལ་པའི་རྣམ་རྟོག་དྲན་པས་གསོད། དྲན་པའི་རྣམ་རྟོག་རང་ངོ་ཤེས་པས་གསོད། རང་ངོ་ཤེས་པའི་རྣམ་རྟོག་མཉམ་པའི་ཉིད་ཀྱིས་གསོད་པའོ། །
XXX རྩ་བའི་ས་བཅད་གཉིས་པ་གཅིག་ཅར་བ་བྱིན་རླབས་དབང་གིས་གྲོལ་བའི་ངོ་སྤྲོད་ཀྱི་མན་ངག་ལ་བཞི་ལས། དང་པོ་དག་བྱེད་བུམ་དབང་གིས་དྲན་རྟོག་དཔྱིས་ཕྱིན་པར་སྦྱང་བ་ནི། ཁྲུས་བྱས་སོགས་ཏེ། ཕྱི་བུམ་པའི་ཆུས་བཀྲུ་བ་དང༌། ནང་སྭ་བྷ་བ་སོགས་སྔགས་སྦྱང་བ་དང༌། གསང་བ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་མ་དག་པ་ཏིལ་འབྲུ་ཙམ་ཡང་མེད་པར་ཤེས་པའི་ཁྲུས་བྱས་ནས། རིག་པ་གཅེར་བུའི་ངང་དུ་སྦྱངས་པས་དག་པར་འཛིན་པའི་དྲི་ན་འང་བྲལ་བ་ནམ་མཁའི་གོས་གྱོན་ལ། རྣམ་པར་རྟོགས་པ་བརྟེན་མེད་དུ་བསྒོམས་པས་རང་གྲོལ་དུ་བསྲེགས་པའི་སྦྱིན་སྲེག་བྱ་ཞིང༌། བགས་ཆགས་ཕྲ་མོ་དྲན་པའི་ཐལ་བའང་བདེ་བ་ཉམས་སུ་མྱོང་གི་འཇུག་ངོགས། གསལ་བ་ཡེ་ཤེས་ཀྱི་འཇུག་ངོགས་མི་རྟོག་པ་ཏིང་ངེ་འཛིན་གྱི་འཇུག་ངོགས་སུ། བསམ་གཏན་གྱི་ཆུ་དང༌། ཡེ་ཤེས་ཀྱི་རླུང་གིས་ལྷན་ཅིག་ཏུ་སྦྱང་བར་བྱོས་ཤིག་ཅེས་གདམས་པའོ། །གཉིས་པ་ཕོ་ཉ་གསང་བའི་དབང་གིས་དམ་ཚིག་གི་ཕྱག་རྒྱ་དབང་དུ་བྱ་བ་ནི། སྣོད་བཅུད་སོགས་ཏེ། སྣོད་བཅུད་དང་འདྲ་བ་ནི་ལུས་དང་རླུང་སྟེ་རླུང་ལུས་ལ་བརྟེན་ནས་གནས་པས་སོ། །རླུང་དེ་དང་འགྲོགས་པ་ནི་སེམས་ཀྱི་རྒྱུན་ཏེ། དེ་ལྟར་ན་སྔ་མ་ལུས་ནི་བརྟན་པ་དང༌། ཕྱི་མ་རླུང་སེམས་གཉིས་ནི་གཡོ་བ། ནམ་མཁའ་ནི་རང་བཞིན་གྱིས་འོད་གསལ་བའི་དབྱིངས། ཉི་མ་གཏུམ་མོའི་མེ། ཟླ་བ་ཀུནྡ། སྒྲ་གཅན་འཛིན་ནི་རླུང་སེམས་ཁ་སྦྱོར། དེ་ལས་སྐྱེས་པའི་ཉམས་འོད་གསལ་ནི་མེ་ཁྱེར་ཏེ། དེ་ལ་སོགས་པའི་རྟགས་སྣང་འཆར་བའོ། །ཆར་ནི་མི་རྟོག་པ་སྟེ་སྤྲིན་ལས་ཆར་ཆེན་པོ་ཐོགས་མེད་དུ་འབེབས་པ་ལྟར་བདེ་བ་དང་འོད་གསལ་འདྲེས་པའི་རྩལ་ལས་བྱུང་བའོ། །བདེ་བ་ནི་བུང་བ་སྟེ། བུང་བས་སྦྲང་རྩིའི་བཅུད་ལེན་པ་ལྟར་འོད་གསལ་དང་མི་རྟོག་པ་ཟུང་དུ་འཇུག་པའི་དོན་
XXX ཉམས་སུ་མྱོངས་པ་ལས་བྱུང་བའོ། །དེས་མཚོན་པའི་གསང་བའི་དབང་གི་ཡེ་ཤེས་ཀྱིས་དམ་ཚིག་གི་ཕྱག་རྒྱ་རྩ་རླུང་ཐིག་ལེ་དབང་དུ་འགྱུར་བ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ལྷན་ཅིག་སྐྱེས་པའི་རོ་མྱོང་བ་ནི། སྣ་ཚོགས་ཡིད་ཀྱི་སོགས་ཏེ། སྣ་ཚོགས་པའི་ཡིད་ཀྱི་མེ་ཏོག་ནི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱའོ། །དེ་ལ་ཚུལ་བཞིན་དུ་བསྟེན་པས་དགའ་བ། མཆོད་དགའ། ཁྱད་དགའ། ལྷན་སྐྱེས་ཀྱི་དགའ་བ་རྣམ་པ་བཞིའི་བཅུད་བླངས་ཏེ། ཞུ་བདེ་ལྷན་ཅིག་སྐྱེས་པའི་རོ་མྱང་བ་ལ་བརྟེན་ནས། སྒྲུབ་པ་པོའི་ཡིད་ཀྱིས་སྐྱེས་བུ་དཔེས་མཚོན་པའི་ཡེ་ཤེས་ཀྱིས་ཚིམ་པར་བྱེད་དོ། །བཞི་པ་ཕྱག་རྒྱ་རྣམ་པར་རོལ་པའི་དབང་གིས་ཀུན་སྤྱོད་རྒྱུ་ཡན་དུ་སྤྱོད་པ་ནི། ལུས་རླུང་སོགས་ཏེ། དེ་ལ་ལུས་ནི་དག་པའི་ལུས་ལྷའི་སྐུར་བསྒོམ་པ་དང༌། མཆོག་གི་ལུས་སྒྱུ་མར་མོས་པ་དང༌། ཕུན་སུམ་ཚོགས་པའི་ལུས་འོད་གསལ་དུ་དག་པའོ། །རླུང་ནི་གཡོ་བའི་རླུང་ལ་ལས་སྦྱོར་ནུས་པས་ཕྱི་ནང་འགུགས་འདྲེན་སོགས་གྲུབ་པ་དང༌། བརྟན་པའི་རླུང་རྡོ་རྗེར་ལྟར་འཛིན་ནུས་པས་འབྱུང་བའི་གནོད་པས་མི་ཚུགས་པ་དང༌། མི་ཕྱེད་པའི་རླུང་ནམ་འཛིན་པའི་ཚེ་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་འདྲེན་ནུས་པའོ། །རྩ་ནི་སྒྱུ་མའི་རྩ་ཆེན་ཨ་བ་དྷུ་ཏི་སྦྱངས་པ་དང༌། ནམ་མཁའི་རྩ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྒོམ་པ་དང༌། བསམ་གྱིས་མི་ཁྱབ་པའི་རྩ་ཆེན་པོ་ཆོས་ཀྱི་དབྱིངས་མངོན་དུ་གྱུར་པའོ། །དེ་ལྟ་བུའི་ཕྱག་རྒྱ་དེ་ཡིས་ལུས་ངག་ཡིད་ལ་རྒྱས་གདབ་ཅིང་བཅིང་པར་བྱས་པས་དྲོད་ཐོབ་པ་ལ་ཐོགས་པ་མེད་པ་འབྱུང་བ་ཡིན་ནོ། །དྲོད་ནི་བཞི་སྟེ། བདེ་བ་དང༌། གསལ་བ་དང༌། མི་རྟོག་པ་དང༌། རོ་སྙོམས་པའི་དྲོད་དེ། དྲོད་ཐོབ་ནས་ཀུན་སྤྱོད་མཐའ་གཅིག་ཏུ་ངེས་པར་མི་བྱ་སྟེ། གཟའ་
XXX གཏད་མེད་པའི་སྤྱོད་པས་ཕྱོགས་རིས་མེད་པའི་ཕྲིན་ལས་མཁའ་ཁྱབ་ཏུ་བསྐྱང་བར་བྱའོ། །ཞེས་པའི་དོན་ཏོ། །གསུམ་པ་མཇུག་གི་དོན་ལ་གཉིས། གཞུང་གི་རྫོགས་བྱང་དང༌། ལོ་ཙཱ་བའི་འགྱུར་བྱང་ངོ༌། །དང་པོ་ནི། རྣལ་འབྱོར་པ་སོགས་ཏེ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ཟབ་མོའི་དོན་ལ་བློ་སྦྱོར་བར་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱི་རང་གི་སེམས་གཟུང་འཛིན་གྱི་སྤྲོས་པ་སྣ་ཚོགས་པས་དུབ་པ་ངལ་གསོ་བར་བྱེད་པའི་མན་ངག་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བ། བརྗོད་བྱ་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཇི་བཞིན་པ་རྣལ་དུ་མཚོན་པ་བྱེད་པའི་ཐབས། རྗོད་བྱེད་མ་བཅོས་པའམ། ལྷུག་པར་བརྗོད་པས་ན་དོ་ཧ་སྟེ། དེ་ལྟ་བུའི་རྡོ་རྗེའི་ཚིག་གི་གཞུང་ལྷག་མ་མ་ལུས་པར་བསྟན་ཟིན་པས་ན་རྫོགས་སོ་ཞེས་གསུངས་སོ། །གཉིས་པ་ནི། ཇོ་བོ་སྤྱན་རས་གཟིགས་སོགས་ཏེ། ཇོ་བོ་ནི་ཨཱརྻ་ཞེས་པའི་སྒྲ་ལས་དྲངས་ན་འཕགས་པའི་རྗེ་བཙུན་སྟེ་རང་གི་ལྷག་པའི་ལྷ་ཞེས་པའི་སྒྲ་སྦྱར་བའོ། །དེ་གང་ཞེན། སྙིང་རྗེ་ཆེན་པོའི་སྤྱན་རས་གཟིགས་ཀྱིས་འགྲོ་བ་ཀུན་ལ་དུས་རྟག་ཏུ་གཟིགས་པའི་རྒྱལ་བའི་སྲས་པོ་རྣམས་ཀྱི་གཙོ་བོར་གྱུར་པས་ན་སྤྱན་རས་གཟིགས་དབང་ཕྱུག་ཅེས་ཡོངས་སུ་གྲགས་པ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྗོད་བྱ་ཐམས་ཅད་ཆོས་འཕགས་ཀྱི་ལེའུར་ཏིང་ངེ་འཛིན་གྱི་སྒོ་ཉི་ཤུ་རྩ་ལྔར་བསྡུས་པ་དང་རྗེས་སུ་མཐུན་པར། དོ་ཧ་རྡོ་རྗེའི་ཚིགས་སུ་བཅད་པའི་ཉི་ཤུ་རྩ་ལྔ་འདི་ཉིད་དངོས་སུ་གནང་བའི་མོད་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་གྲུབ་པ་བརྙེས་པའི་སྐྱེས་བུ། ཟུང་འཇུག་གི་དོན་ལ་བློ་སྦྱོར་བས་རྣལ་འབྱོར། དེ་རྣམས་ཀྱི་གཙོ་བོར་གྱུར་པས་དབང་ཕྱུག །དེ་ཡང་འཕགས་པའི་ས་བརྙེས་པས་ཆེན་པོ། ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནནྡ་
XXX སྟེ་དཔལ་འགྲོ་བའི་བཤེས་གཉེན་ཀུན་དགའ་ཞེས། རྒྱལ་པོའི་སྲས་སུ་སྐུ་འཁྲུངས་པའི་ཚེ་ཁྲོམ་ཆེན་པོའི་དབུས་སུ་ཡབ་སྲས་མཇལ་བས་ལྷ་མིའི་འགྲོ་བ་ཐམས་ཅད་རབ་ཏུ་དགའ་བས་མཚན་དེ་སྐད་དུ་བཏགས་པ་དང༌། གནུབ་ནམ་མཁའི་སྙིང་པོའི་དཔོན་བརྒྱུད་ལོ་ཙཱ་བ་སྟེ་འཇིག་རྟེན་གྱི་མིག་མཚན་བྱམས་པའི་དཔལ་ཞེས་གྲགས་པ་དེས། བལ་པོའི་ཡུལ་གྱི་བྱེ་བྲག་དཔལ་གུ་ལང་གསེར་ཁང་གི་ནགས་ཁྲོད་ཨམ་བྷ་རི་ཞེས་གྲགས་པའི་སའི་མཐོང༌། མཐོང༌། པརྤ་ཏའི་བསིལ་ཁང་དུ་ལེགས་སྦྱར་གྱི་གཞུང་ལས་བོད་ཀྱི་སྐད་དུ་བསྒྱུར་བའོ། །ཞེས་པའི་དོན་ཏོ། །དེ་ལྟར་གཞུང་འདི་ལ་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོའི་རྣམ་བཤད་རྒྱས་བསྡུས་དང་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་མདོ་རྒྱུད་ཀྱི་ལུང་སྦྱོར་དང༌། བར་སྐབས་ཀྱི་རྣམ་བཤད་འགའ་ཞིག་ཀྱང་སྣང་བ་ལས། ཁྲོ་ལོའི་གསུང་རབ་དག་གི་དོན་གྱི་སྙིང་པོའི་བཅུད་བསྡུས་ཏེ་འབྲུ་འགྲེལ་གཙོ་བོར་བཏོན་པའི་ཚུལ་གྱིས་བྲིས་པ་ཡིན་ལ། འགྲན་ཟླ་དང་བྲལ་བའི་གྲུབ་པའི་ཁྱུ་མཆོག་ཆེན་པོའི་བཀའ་སྲོལ་ལས་བྱུང་བའི་གདམས་ངག་ཁྱད་པར་དུ་འཕགས་པ་འདི་ཉིད་ཐོས་བསམ་གྱིས་གཏན་ལ་ཕབ་ཅིང་བསྒོམ་པས་ཉམས་སུ་བླང་བ་ནི་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པའི་ཐབས་མཆོག་ཏུ་ཤེས་པར་བྱའོ། །ཕྱག་ཆེན་གདམས་པ་ཀུན་གྱི་ཕུལ། །སེམས་ཉིད་ངལ་གསོའི་གཞུང་འགྲེལ་ལས། །སྙིང་པོ་བསྡུས་པའི་ལེགས་བྱས་ཀྱིས། །འགྲོ་ཀུན་ཟུང་འཇུག་མཆོག་བརྙེས་ཤོག། །ཅེས་པའང་མང་དུ་ཐོས་པའི་བྱ་བྲལ་སྤང་བ་པ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཞུང་འགྲེལ་སྙིང་པའི་དགོངས་པ་རང་བཟོའི་རྙོགས་མས་མ་བསླད་པར་མདོར་བསྡུས་ཏེ་ཟིན་བྲིས་སུ་བགྱིས་པ་དགེ་ལེགས་འཕེལ་བར་གྱུར་ཅིག། །།

{{#cargo_store: _table=WyliePageContent

|TibetanContent=

}}

[edit]

WYLIE TEXT WILL APPEAR HERE

Footnotes

Research Information
Translator's notes
Note from Ringu Tulku
The Commentary to the Resting the Mind Mahamudra Instructions Given by Chenrezik to Mitra Yogi by Khyentse Wangpo.
Notes on the text itself
Notes on authorship
Notes on individuals related to text
Other notes
Genre from Richard Barron's Catalog
Instruction manual
Genre from dkar chag
khrid phran
BDRC Link
VolumeI1CZ3979
BDRC Content Information
No note on contents

Related Content
Recensions
Other Translations
Commentary(s) of this Text in the DNZ
Text(s) in the DNZ of which this is a commentary
Related Western Publications
Related Tibetan Publications
Other Information

Information about Unicode Tibetan and the digitization of this text

As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of fall 2017 that project has not been finished. Note that the folio numbers that appear throughout were added by Nitartha Input Center at the time of input.

Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.

{{#cargo_query: tables=WyliePageContent |fields=_pageName,TextAuthor,VolumeNumber,TextNumber,PageNumbers,FolioNumbers,TibetanContent |where=_pageName="Wylie:'phags pa spyan ras gzigs kyis grub chen mi tra dzo ki la gsungs pa'i phyag rgya chen po sems nyid ngal gso'i gzhung 'grel snying po bsdus pa" |format=json }}

JSON Export

{{#cargo_query: tables=WyliePageContent |fields=_pageName,TextAuthor,VolumeNumber,TextNumber,PageNumbers,FolioNumbers,TibetanContent |where=_pageName="Wylie:'phags pa spyan ras gzigs kyis grub chen mi tra dzo ki la gsungs pa'i phyag rgya chen po sems nyid ngal gso'i gzhung 'grel snying po bsdus pa" |format=exhibit |view=tabular }}