Wylie:Gcod yul zab mo'i khrid yig gnad don snying po
In this practice instruction Tāranātha clearly lays out the main teachings of Severance and the order in which to practice them. To actually utilize this text as a practice, however, one would need the liturgy that should accompany these explanations, called Supplication Liturgy for the Essence of the Vital Meaning: A Practice Manual of Profound Object Severance.[1] Kongtrul did not include that in this volume of the Treasury, perhaps because there were more recent liturgies from other lineage holders.
The Record of Teachings Received affirms that Kongtrul received the guidance or practice manual (khrid yig) “in the style of the transmission guidance (lung khrid) from the sacred writings of Venerable Kunga Drölchok and detailed guidance based on Venerable Jonang Tāranātha Rinpoche’s Essence of the Vital Meaning.”[2]
As is typical of this particular lineage that originated with Machik via Samten Özer, through Kunga Drölchok, Tāranātha, and on to Kongtrul himself, the main practices have the specific designations of “the meaning of the Mother” (yum don) and “severing the four devils in basic space” (bdud bzhi dbyings su gcod). The first is the direct instruction on the nature of mind according to the perfection of wisdom (that is, the Mother), and the second is how to enact and enhance that realization through coping with the problematic experiences of existence, called the four devils. Everything beyond that is considered auxiliary practice to be done as postmeditation activity. This important fact was often lost as the demon-feeding elements gained prominence, which is why Kongtrul emphasized it again and again.
༄༅། །གཅོད་ཡུལ་ཟབ་མོའི་ཁྲིད་ཡིག་གནད་དོན་སྙིང་པོ་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ། དངོས་གྲུབ་འབྱུང་གནས་བླ་མ་རིན་པོ་ཆེ། །སྐྱབས་གནས་ཀུན་འདུས་འགྲོ་མགོན་རིན་པོ་ཆེ། །གནས་ལུགས་དོན་སྟོན་ཆོས་རྗེ་རིན་པོ་ཆེ། །བདུད་བཞི་འཇོམས་མཛད་དཔའ་བོས་བྱིན་གྱིས་རློབས། །འདིར་བདུད་གཅོད་ཟབ་མོ་ཉམས་སུ་ལེན་པའི་གང་ཟག་ནི། །ནམ་འཆི་ཆ་མེད་དྲན་པས་ཚེ་འདི་བློ་ཡིས་ཐོངས། །ཆོས་མིན་བསམ་རྒྱུ་མེད་པས་སྙིང་རུས་ཞེ་བཅད་ཆེ། །བླ་མ་གཅིག་པ་སྒྲུབ་ཅིང་གཉན་ཁྲོད་རི་ལ་ཆུགས། །རྐྱེན་ངན་ཀློང་ལ་བསྲེ་ཞིང་གང་བྱུང་རོ་མཉམ་པས། །གསུངས་པ་ལྟར་དགོས་པ་ལགས། །དེས་ཉམས་སུ་བླང་རྒྱུའི་ཆོས་ནི་འདི་ཡིན་ཏེ། བརྒྱུད་པ་ལ་མོས་གུས་ཆུག །བྱིན་རླབས་འཕོ་བའི་དབང་བསྐུར་ཐོབ་ནས་ཁྲིད་ཀྱི་ངོ་བོ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་མོ། །དང་པོ་ལ། སྐྱབས་འགྲོ། སེམས་བསྐྱེད། མཎྜལ། བླ་མའི་རྣལ་འབྱོར་ཏེ་བཞི་ལས། དང་པོ་ནི། རང་གི་མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་མའི་གདན་ལ་དབུས་སུ་རྩ་བའི་བླ་མ་མདུན་དུ་ཡི་དམ་དང་སངས་རྒྱས། གཡས་སུ་དམ་ཆོས་ཀྱི་ངོ་བོ་
གླེགས་བམ། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན། རྒྱབ་ཏུ་མཁའ་འགྲོ་ཆོས་སྐྱོང་རྣམས་གསལ་བཏབ་ལ། བདག་དང་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ཁྱེད་རང་ཤེས་བསམ་པས། བདག་སོགས་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། སངས་རྒྱས་གཙོ་ལ་སྐྱབས་སུ་མཆི། །དམ་པའི་ཆོས་ལ་སྐྱབས་སུ་མཆི། །དགེ་འདུན་རྣམས་ལ་སྐྱབས་སུ་མཆི། །ཀུན་འདུས་བླ་མར་སྐྱབས་སུ་མཆི། ཞེས་པ་དང་། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་པ་ཆོས་སྐུ་གསུམ་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ཅི་ནུས་བྱ། མཐར་སྐྱབས་ཡུལ་རང་ལ་བསྟིམ། གཉིས་པ་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དུང་བའི་ངང་ནས། མ་རྒན་སེམས་ཅན་འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་མཐའ་དག་
དང་ལྡན་པར་བྱའོ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མཐའ་དག་དང་བྲལ་བར་བྱའོ། །མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱའོ། །ཞེས་ངག་ནས་བརྗོད་ཅིང་ཡིད་ལ་བསམ་མོ། །གསུམ་པ་ནི། རང་གི་མདུན་དུ་བླ་མ་དང་མ་གཅིག་ལབ་སྒྲོན་དབྱེར་མེད་པ། མདུན་དུ་ཡི་དམ་སོགས་སྐྱབས་ཡུལ་བཞིན་གསལ་བཏབ། འཇིག་རྟེན་གྱི་ཁམས་ཐམས་ཅད་མཆོད་རྫས་འདོད་ཡོན་ལོངས་སྤྱོད་ཐམས་ཅད་ཀྱི་ཕྱུར་པོར་བཀང་སྟེ། རང་གི་ལུས་ངག་ཡིད་གསུམ་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་བླ་མ་དཀོན་མཆོག་ལ་ཕུལ་བར་མོས་ལ། མཎྜལ་ཚོམ་བུ་བདུན་མ་གང་མང་འབུལ་ཞིང་། མགོ་ཞབས་སུ་མཎྜལ་རྒྱས་པ་རེའང་ཕུལ། །མཎྜལ་རེ་རེའི་མཐར་བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་བསགས་པའི་དགེ་བ་ཀུན། །བླ་མ་དཀོན་མཆོག་ཁྱེད་ལ་འབུལ། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། ཞེས་པ་ལན་རེ་རེ་བརྗོད། བཞི་པ་ནི། རང་གི་སྤྱི་བོར་བླ་མ་དང་མ་གཅིག་དབྱེར་མེད་པ་བསྒོམས་ལ། སྙིང་ཐག་པས་མོས་གུས་དྲག་པོ་བསྐྱེད་ཅིང་། འདི་ཉིད་ཀྱི་བརྒྱུད་འདེབས་ཀྱང་སྤྲོ་ན་བྱ། ཁྱད་པར་བདག་སོགས་སེམས་ཅན་ཐམས་ཅད་བླ་མ་ལ་མོས་གུས་དྲག་པོས་གསོལ་བ་འདེབས་པར་བསམས་ནས། མཚན་ལྡན་གྱི་བླ་མ་རིན་པོ་ཆེ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། རེ་ས་གཞན་ན་མེད་པས་ད་ལྟ་བྱིན་གྱིས་བརླབས་ཏུ་གསོལ། བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །སྐྱེ་མེད་ཆིག་ཆོད་དུ་རྟོགས་པར །བར་ཆད་དངོས་གྲུབ་ཏུ་ལོངས་པར །བདུད་ཚོགས་རང་སར་ཆོད་པར །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། ཞེས་རྩེ་གཅིག་ཏུ་གསོལ་བ་བཏབ། ཐུན་གྱི་མཇུག་ཏུ་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། བླ་མས་རྗེས་སུ་འཛིན་པར་སྨོན་ལམ་བཏབ་སྟེ་ཅུང་ཟད་ངལ་གསོ། རེ་ཞིག་དེ་
དག་རེ་རེ་ལ་དམིགས་པ་འབྱོངས་འབྱོངས་སུ་བསྒོམས་ནས་སླར་ཡང་སྔ་དྲོ་སྐྱབས་འགྲོ། ཉིན་གུང་སེམས་བསྐྱེད། དགོངས་མོ་མཎྜལ། སྲོད་ལ་བླ་མའི་རྣལ་འབྱོར་རྣམས་དྲག་ཏུ་བསྒོམ་པ། ཞག་བདུན་ནམ་ཟླ་ཕྱེད་ལ་སོགས་པ་བསྐྱངས་པས། དེ་དག་ལ་མྱོང་བ་ཅི་རིགས་པ་ཐོན་ཡོང་ཞིང་། དངོས་གཞི་དང་མཐུན་པའི་སེམས་རྟོགས་ཀྱང་ཐན་ཐུན་སྐྱེ་བ་སྲིད། གང་ལྟར་ན་ཡང་སྔར་སོ་སོར་བསྒོམ་པ་རྣམས་ལ་ཡང་། ཞག་བདུན་བདུན་ཙམ་རེ་བྱ་ཞིང་། ཀུན་དྲིལ་བས་སྔོན་འགྲོ་ལ་མ་མཐའ་ཡང་ཟླ་བ་ཕྱེད་གཉིས་ཙམ་རེ་བྱེད་པ་གལ་ཆེའོ། །གཉིས་པ་དངོས་གཞི་ལ། ཡུམ་དོན་ངོ་སྤྲད་པ་དང་། བདུད་བཞི་དབྱིངས་སུ་གཅོད་པའོ། །དང་པོ་ལ་སེམས་འཛིན་གྱི་གདམས་ངག་དང་། ངོ་སྤྲོད་གཉིས་སོ། །དང་པོ་ནི། ལུས་རྣམ་སྣང་གི་ཆོས་བདུན་བཅས། ངག་རླུང་རང་སོར་བཞག །སེམས་དུས་གསུམ་གྱི་རྟོག་པའི་སྤྲོས་པ་བཅད་ནས། སྔར་གྱི་རྣམ་རྟོག་འགག །ཕྱི་མ་མ་སྐྱེས་པའི་ད་ལྟར་བའི་ཤེས་པ་སྐད་ཅིག་མ་འདི་ལ་སོ་ཁང་དེ་བཞག །རྣམ་རྟོག་ཐོལ་ཐོལ་སྐྱེས་ན། པད་པད་འཕྲོ་བཅད་ལ་སྔར་ལུགས་བཞིན་བསྐྱང་། འོག་འགྱུ་རྒྱ་འབྱམས་སུ་འགྲོ་ན། སྐྱོན་ཆེ་བས་ཕྱིན་ཆད་འདི་ལྟ་བུ་མ་བྱུང་བ་བྱེད་དགོས་སྙམས་པས་ཞེ་བཅད་ཆེན་པོ་བྱས་ལ། ཡང་ཡང་དྲན་པས་བཟུང་སྟེ། སྔར་བཞིན་བསྒོམ་པས་དེ་ཇེ་ཉུང་དུ་འགྲོ། རེ་ཞིག་དེ་ཁ་མ་གཏོགས་ཐབས་གཞན་མི་བྱ། ཡུན་རིང་དུ་བསྒོམས་ཀྱང་རྣམ་རྟོག་ཁོ་ན་འཁྲུགས་པ་བྱུང་ན། རང་གི་མདུན་དུ་གསེར་གྱི་རྡོ་རྗེ་ནས་འབྲུ་ཙམ་ཞིག་གསལ་བཏབ་ལ། ཟན་ཁམ་གསུམ་ཟ་ཡུན་ཙམ་ཞིག་དེ་ལ་རིག་པ་དྲག་ཏུ་གཏད་ཅིང་གཟིར། དེ་འཕྲལ་ལ་སྔར་བཞིན་མ་བཅོས་སོ་མ་བསྐྱང་། ཡང་རྡོ་རྗེ་ལ་སེམས་གཏད། ཡང་སོ་མའི་ངང་བསྐྱང་། ཚུལ་དེ་ལྟ་བུར་བཞུར་ལ་ལན་ཉི་ཤུ་རྩ་གཅིག་ཙམ་བསྒོམ། ཉིན་རེ་བཞིན་དེ་ལྟར་བྱས་པས་རྣམ་རྟོག་ཤུགས་ཆེ་བ་དེ་
དལ་དེང་གི་འགྲོ། གལ་ཏེ་དེས་མ་ཕན་ན་རྡོ་རྗེའི་ཚབས་སུ་བཅོམ་ལྡན་འདས་ཐུབ་པའི་དབང་པོའ་སྐུ་ཆེ་ཆུང་ཚོན་གང་ཙམ་ཞིག་བསྒོམ། གཞན་སྔར་དང་འདྲའོ། །དེས་ཀྱང་མ་ཕན་ན་བླ་མ་དང་མ་གཅིག་དབྱེར་མེད་པ། ཞལ་ནས་ཕཊ་ཀྱི་སྒྲ་དྲག་པོ་ལྷང་ལྷང་སྒྲོགས་པ། སྐུ་ལུས་གནམ་ལྕགས་འབར་བ་བཞིན་དུ་གང་ལའང་ཐོགས་མེད་དུ་འགྲོ་བ། ཚོན་གང་ཙམ་ཞིག་གང་ནས་བྱུང་ཆ་མེད་པར་བྱོན་ཏེ། རང་གི་ལུས་འདི་ལ་ཡར་ཐལ་མར་ཐལ་ཕར་ཐལ་ཚུར་ཐལ་དུ་ཕུག་པ་ལ་སེམས་དྲག་ཏུ་གཏད། དེ་འཕྲལ་མི་རྟོག་པའི་ངང་བསྐྱང་བ་སོགས་གོང་བཞིན་བསྒོམས་པས་རྣམ་རྟོག་གྱ་མ་གྱུ་དང་། གཞན་ཡང་ཏིང་ངེ་འཛིན་སྐྱེ་བ་ལ་བར་ཆད་ཐམས་ཅད་ངེས་པར་སེལ་བ་ཡིན། དེ་ལྟར་ཐབས་དེ་རྣམས་དང་བཅས་པས། སྔར་བཞིན་མཉམ་པར་བཞག་ན། སེམས་གསལ་ཧྲིག་པ་དྭངས་སང་ངེ་ཅི་འདོད་གནས་པར་བྱུང་ཞིང་བསམ་མནོ་སོགས་དགོས་པ་རྣམས་ཀྱང་གང་འདོད་དུ་དྲན་ཐུབ་ཅིང་། མི་འདོད་བཞིན་དུ་རྣམ་རྟོག་འདྲེ་བ་མ་ཡིན་པ། ཞི་གནས་དྲུང་དུ་ཕེབས་པར་འགྱུར་རོ། །སྐབས་འདི་དག་ཏུ་ཤེས་པ་མི་གསལ་ཞིང་མུན་མུན་པ་དང་ཐུན་མཚམས་སུ་རྨོངས་ཤིང་དྲན་པ་མི་གསལ་ན། བྱིང་བ་བསགས་པའི་ནུས་པ་ཡིན་པས་ཁང་སྟེང་རི་རྩེའམ། གཞན་ཡང་ས་བསིལ་ཞིང་ཐད་དཀར་སར་ཕྱིན། མིག་གྱེན་ལ་གཏད། རིག་པ་ཧུར་ཕྱུང་། བསྒྲིམ་སྟེ་བསྒོམ་ན་ངེས་པར་སེལ་བ་ཡིན་ནོ། །གཉིས་པ་ངོ་སྤྲད་པ་ནི། སྔར་གྱི་དེ་ཁའི་ངང་ལ། ཁ་ནང་ལོག་གི་ཤེས་པས་སེམས་ཁོ་རེའི་ངོ་བོ་ལ་ཆེ་རེ་བལྟ། ཕྱི་སྣང་བ་སྣ་ཚོགས་དང་བཅས་པ་ལ་མ་ཡེངས་ཙམ་དུ་གཞིག་པས། ཅི་ཡང་མ་ཡིན་ཞིང་ངོས་བཟུང་རྒྱུ་མེད་པ་དེ་ཁ་ཡང་ཡང་བསྒོམ། དེ་ལ་རང་གི་ཉམས་མྱོང་སྐྱེ་ཚུལ་དང་བསྟུན་ནས། བླ་མས་ངོ་སྤྲད་དགོས་པ་ཡིན་པས། འོན་ཀྱང་ངོ་སྤྲད་པའི་དོན་ཉམས་སུ་ལེན་ཚུལ་ནི། སེམས་འདི་ཉིད་གནས་པའི་དུས་ན་ངོས་བཟུང་གཅིག་ཀྱང་མེད་ཅིང་རང་སྣང་གསལ་གསལ་བ།
ཅི་ཡང་འཆག་ཏུ་བཏུབ་པ། འགྱུ་བའི་དུས་ནའང་འགྱུ་བ་ཉིད་ཀྱི་ངོ་བོ་ཡུལ་ཡུལ་པའི་འགྱུ་སྟོང་། འགྱུ་བའི་སྣང་བ་མི་འགག་ཀྱང་། ངོས་བཟུང་གཅིག་ཀྱང་མེད་ཡུལ་གྱི་སྣང་བ་སྣ་ཚོགས་སུ་འཆར་བའང་། སྣང་ཆ་འགག་མེད་ལམ་ལམ་འཆར་བཞིན་པའི་དུས་ནས་ངོས་བཟུང་མེད་པ། དེ་ལྟར་ཡུལ་སྣང་དང་། རྣམ་རྟོག་དང་སེམས་གནས་པའི་ངོ་བོ་གསུམ། ཐ་དད་དུ་མ་གྲུབ་སྟེ་དབྱེ་བ་མེད། གཅིག་ཏུ་མ་གྲུབ་སྟེ་ཐམས་ཅད་ཡུལ་སྟོང་དེ་ཀ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡིན། དུས་གསུམ་རྒྱལ་བའི་དགོངས་པ་ཡིན། སྟོང་པ་ཉིད་དང་སྤྲོས་བྲལ་དང་། བརྗོད་བྲལ་དང་དོན་དམ་ལ་སོགས་པའི་ཐ་སྙད་ཇི་སྙེད་པ་ཞིག་བཏགས་མོད། དོན་རང་སེམས་སྐད་ཅིག་མ་གཅིག་པོ་དེ་ཡིན་པས། དེ་ཀ་རང་ངོ་ཤེས་པ་ཙམ་གྱི་སྒོ་ནས། གནས་སམ་འགྱུའམ་གང་བྱུང་དེ་ལ་བཟོ་བཅོས་མེད་པར་མཉམ་པར་འཇོག་གོ །གཉིས་པ་བདུད་བཞི་དབྱིངས་སུ་བཅད་པ་ལ་བཞི་ལས། དང་པོ་ཐོགས་བཅས་ཀྱི་བདུད་དབྱིངས་སུ་བཅད་པ་ནི། དགྲ་གཉེན་སོགས་ཆགས་སྡང་གི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་ལ་བརྟེན་ནས། རྣམ་རྟོག་འཛིན་པ་དང་བཅས་པ་སྐྱེས་ཚད་ཐོགས་བཅས་ཀྱི་བདུད་ཅེས་བྱ་བ་ཡིན། ཐོགས་བཅས་ཀྱི་གོ་དོན་གཟུགས་སོགས་ཕྱིའི་དངོས་པོ་ལ་བརྟེན་པའི་དོན་ཡིན་ནོ། །དེ་གཅོད་པར་བྱེད་པ་ནི་དཔེར་ན་དགྲ་ལྟ་བུ་ཞེས་དྲན་ཏེ་ཞེ་སྡང་གི་རྣམ་རྟོག་ཚིག་པ་ཟ་རུམ་གྱི་བྱུང་ན། དེའི་དབང་དུ་མ་ཤོར་བར་སྐད་ཅིག་དེ་ཉིད་ལ་ཕཊ་ཅེས་དྲག་ཏུ་བརྗོད་དོ། །རྣམ་རྟོག་དེ་ལ་སྐྱོན་ཡོན་གང་དུའང་མི་ལྟ་མོད་ལ་འཕྲོ་བདརྦད་ཀྱིས་བཅད། སྔར་གྱི་ཡུམ་དོན་གྱི་དབྱིངས་དེར་ཆམ་མེར་བཞག །དེ་བཞིན་དུ་གཉེན་དང་ནོར་རྫས་སོགས་ལ་ཆགས་སེམས་དང་། གཟུགས་སོགས་ཡིད་དུ་འོང་བ་ལ་ཆགས། མི་འོང་བ་ལ་སྡང་ཞིང་སྐྱུག་ལོག །འགའ་ཞིག་ལ་འཇིགས། འགའ་ཞིག་ལ་སྐྱོ། བར་
མ་རྣམས་ལ་ཡང་ཆགས་སྡང་སོགས་ཀྱི་མཐོ་དམན་མེད་ཀྱང་། དེར་འཛིན་གྱི་རྣམ་རྟོག་དྲག་པོ་སྐྱེ་བ་དེ་ཐམས་ཅད་ལ་སྔར་བཞིན་སྦྱང་། དེ་ཡང་རྣམ་རྟོག་ལམ་གྱིས་བྱུང་བ་ལྷོངས། དེའི་དབང་དུ་ཤོར་ན་བདུད་ཀྱིས་ཁྱེར། དེ་ཉིད་དུ་ཕཊ་ཅེས་བརྗོད་ནས་འཕྲོ་བཅད་པ་ནི་གཅོད། དེའི་རྗེས་སུ་སྔར་གྱི་བསྒོམ་ལ་བོགས་ཐོན་པ་ནི། ཚར་ཚད་དང་ཆོད་ཚད་ཡིན་ནོ། །འདིས་འོག་མ་རྣམས་ལ་ཡང་རིགས་འགྲེ། གཉིས་པ་ཐོགས་མེད་ཀྱི་བདུད་གཅོད་པ་ནི། ཐོགས་མེད་ཀྱི་བདུད་ཀྱི་གོ་དོན་ཕྱི་རོལ་གྱི་རྐྱེན་ལ་མ་རག་པར། རྐྱེན་མེད་ཀྱང་དགའ་བའམ། མི་དགའ་བའམ། སྤྲོ་སྣང་ངམ། སྐྱོ་སྣང་ངམ། འཇིགས་པ་ལ་སོགས་པའི་མཐོ་དམན་གྱི་རྣམ་རྟོག་སྐྱེ་བ་རྣམས་ཡིན་ཏེ། དེ་ཡང་ལམ་གྱིས་ཤར་བ་ན་ཕཊ་ཀྱིས་འཕྲོ་བཅད་ལ་དབྱིངས་སུ་བཞག་གོ །གསུམ་པ་དགའ་བྲོད་ཀྱི་བདུད་གཅོད་པ་ནི། བླ་མ་དང་ཆོས་བརྒྱུད་བཟང་བ་དང་། རང་ལ་དགེ་སྦྱོར་འཕེལ་བའམ། མཐུན་རྐྱེན་འཛོམ་པ་སོགས་ཀྱི་བཟང་འཛིན་དང་། ང་རྒྱལ་ལ་བརྟེན་ནས་དགའ་བྲོད་སྐྱིད་སྣང་སྐྱེས་ན་དགའ་བྲོད་ཀྱི་བདུད་ཡིན་ཏེ། གོང་བཞིན་དབྱིངས་སུ་གཅོད་དོ། །བཞི་པ་སྙེམས་བྱེད་ཀྱི་བདུད་གཅོད་པ་ནི། རྣམ་རྟོག་དང་འཛིན་པ་ཅི་བྱུང་ཐམས་ཅད་སྙེམས་བྱེད་ཀྱི་བདུད་ཡིན། གང་ཤར་ཐམས་ཅད་གོང་བཞིན་ཕཊ་ཀྱིས་དབྱིངས་སུ་བསྐྱལ་བས་ཆོད་པར་འགྱུར་རོ། །འདིར་གོང་མ་གསུམ་ཅར་འདུས། འདི་ཡན་ཆད་ལ་རང་སྟོབས་ཀྱི་ཉམས་ལེན་རྐང་ཚུགས་མྱོང་བ་མེད་པར་གཉན་ཁྲོད་འགྲིམ་པ་སྟོང་སོབ་ཡིན། སྒོམ་གྱི་རྐང་འདི་ཡན་ཆད་ལ་ཚུགས་དགོས། གཉན་ཁྲོད་བྱེད་པ་བོགས་འདོན་དུ་འགྲོ་བའི་དོན་ཡིན་པས། དེ་བཞིན་གོ་དགོས། གསུམ་པ་རྗེས་ཉམས་སྐྱོང་བ་ལ་གསུམ་སྟེ། ཞི་གཅོད། དྲག་གཅོད། ཞི་དྲག་ཕྱེད་མའི་གཅོད་དོ། །དེ་ལ་དང་པོ་ནི། རང་གི་གནས་ཁང་དུ་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་ཐུན་བཞིར་དྲག་ཏུ་
བསྒོམ་ཞིང་། ཐུན་འཇོག་ཁར་དཀར་འགྱེད་ཚར་རེ་བྱེད་པ་གལ་ཆེ། དེ་ཡང་རང་གི་མདུན་དུ་མི་མགོའ་སྒྱེད་པུ་གསུམ་བྱུང་། རང་སེམས་རྡོ་རྗེ་ཕག་མོའ་རྣམ་པར་སྨིན་མཚམས་ནས་ཕྱིར་འཐོན། ཐོད་པ་བྲེགས་ཏེ་སྒྱེད་བུའི་སྟེང་དུ་བཀལ། རང་ལུས་ལྷག་མ་རྣམས་དུམ་བུར་གཏབས་ཏེ་དེར་བླུགས། རྒྱ་ཁྱོན་ནམ་མཁའི་མཐའ་དང་མཉམ་པར་གྱུར་ༀ་ཨཱཿཧཱུྃ། ཞེས་བརྗོད་པས་བདུད་རྩིའི་རྒྱ་མཚོར་སོང་། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་སྤྱན་དྲངས། དེ་ཐམས་ཅད་ལ་མཆོད་པས་དེ་རྣམས་ཐམས་ཅད་ཚིམས་ཤིང་དགེས། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་སྦྱིན་པས། གནས་སྐབས་ཚིམས་ཞིང་མཐར་ཐུག་སྡིག་སྒྲིབ་ཐམས་ཅད་བྱང་། བདུད་རྩིའི་ལྷག་མ་གཏོར་བས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་བྱུང་། མཆོད་པ་བསམ་གྱིས་མི་ཁྱབ་པས་མཆོད་པར་བསམ། དེ་ཐམས་ཅད་རང་སེམས་སུ་ཤེས། དེའི་ངོ་བོ་ལ་ཆེར་གྱིས་བལྟས་ལ་ཕཊ་ཅེས་བརྗོད་ཅིང་དབྱིངས་རིག་བསྲེ། ཡང་དེ་རྣམས་ལམ་སྟེ་དྲན་པར་བྱས་ལ། སླར་ཡང་ཕཊ་ཅེས་དབྱིངས་རིག་བསྲེ། དེ་ལྟ་བུ་ལན་མང་དུ་བྱ། དེ་ལྟར་བསྒོམས་པས་དམིགས་པ་ཅུང་ཟད་འབྱོངས་ནས། རང་ཉིད་གཉན་ཁྲོད་གང་དུ་འགྲོ་དེར་འདུན་པ་བཏང་ལ། སྤྱིར་སེམས་ཅན་དང་བྱེ་བྲག་གཉན་ཁྲོད་དེའི་གཞི་བདག་འབྱུང་པོ་འདྲེ་གདོན་སོགས་ཐམས་ཅད་ལ་བྱམས་སྙིང་རྗེ་དྲག་ཏུ་བསྒོམ་ཞིང་སྔར་གྱི་དཀར་འགྱེད་ཀྱི་དམིགས་པ་དེ་ཀ་ཡང་ཡང་བསྒོམ་པ་ཞག་གཉིས་གསུམ་བྱས་ལ་ལམ་དུ་འགྲོ་བའི་ཚེ་ཡང་། བྱམས་སྙིང་རྗེ་དང་དབྱིངས་རིག་བསྲེ་བསྔེལ་མ་དེ་ཀ་བསྒོམ། གནས་དེར་སླེབས་ནས་ས་གནད་ཆེ་བ་ཞིག་བཙལ་ལ་བསྡད། དེར་ཐོག་མར་གཞི་བདག་དང་འབྱུང་པོ་ལ་བསིལ་གཏོར། མཁའ་འགྲོ་སྤྱི་གཏོར། གཞི་བདག་གཏོར་མ། བགེགས་
གཏོར་སོགས་ཤེས་ཚད་གཏོང་། དེ་དག་ཏུ་ཡང་བྱམས་སྙིང་རྗེ་དྲག་ཏུ་སྒོམ་པ་གལ་ཆེ། དེ་ནས་སྐྱབས་འགྲོ་སོགས་སྔོན་འགྲོ་རྣམ་པ་ཞི་དྲག་ལ་འཇུར་བ་ཡུན་རིང་བ་ཞིག་བྱ། དེ་རྗེས་སུ་སྔར་བཞིན་དཀར་འགྱེད་ཀྱི་དམིགས་པ་དེ་ལན་མང་དུ་བསྒོམ། སླར་སྤྱིར་འགྲོ་དྲུག་གི་སེམས་ཅན། སྒོས་གཉན་ཁྲོད་དེའི་འདྲེ་གདོན་གཙོ་བོར་དམིགས་ནས་བྱམས་སྙིང་རྗེ་དྲག་ཏུ་བསྒོམ། ཡུལ་ཕྱོགས་དེ་དང་། འདྲེ་གདོན་སོགས་སེམས་ཅན་དུ་སྣང་བ་ལམ་ལམ་པ་དེའི་སྟེང་དུ་ཤེས་པ་ཆེར་གྱིས་གཏད་ལ། ཕཊ་ཅེས་དབྱིངས་རིག་བསྲེས་ལ་འཛིན་མེད་དུ་བཞག །ཡང་སྙིང་རྗེ་བསྒོམ། ཡང་དབྱིངས་རིག་བསྲེ་བ་སོགས་དེ་ཁོ་ན་བསྒོམ། ལྟས་དང་ཆོ་འཕྲུལ་ཅི་བྱུང་ན་ཡང་། དབྱིངས་རིགས་སྲེ་བ་དང་སྙིང་རྗེ་བསྒོམ་པ་གཉིས་པོ་རང་ལ་སྒྲིལ། ཆོ་འཕྲུལ་དྲག་པོ་བྱུང་ཡང་རུང་མ་བྱུང་ཡང་རུང་། མཐར་གནས་བག་ཆགས་ཤིང་དགེ་སྦྱོར་བོགས་ཆེ་བ་བྱུང་བའི་ཚེ། ཚར་ཚད་ཆོད་ཚད་འགྲིགས་པ་ཡིན་པས། དགེ་སྦྱོར་བོགས་ཐོན་པའི་གཏང་རག་ཏུ། དམིགས་པའི་སྒོ་ནས་དཀར་འགྱེད་ལན་མང་དུ་བཏང་ཞིང་ཡི་དམ་མཁའ་འགྲོ་ལ་གཏོར་བསྔོས་དང་། གཞི་བདག་རྣམས་ལ་གཏོར་མ་རྒྱ་ཆེར་སྦྱིན། སྨོན་ལམ་ཅི་ཤེས་འདོན། ལམ་དུ་ཡང་སྔར་བཞིན་བསྒོམས་ལ། ངང་གནས་སུ་སླེབ་པ་ན་དཀོན་མཆོག་ལ་གཏང་རག་གི་མཆོད་གཏོར་ཅི་ཤེས་འབུལ་ལོ། །གཉིས་པ་ནི། ཐོག་མར་རང་གི་གནས་ཁང་དུ་ཐུན་གྱི་ཉམས་ལེན་ཞི་གཅོད་དང་འདྲ་བ་ལས། ཐུན་གྱི་མཐར། དམར་འགྱེད་ཀྱི་དམིགས་པ་རེ་བྱ། དེ་ལ་དམར་འགྱེད་ནི་རང་སེམས་སྡང་བཞིན་ཕྱིར་བཏོན་ལ། རང་ལུས་དེ་སྟོང་གསུམ་ཁྱབ་པའི་མི་རོ་ཆོ་བཙུད་སྣུམ་བག་དང་ལྡན་པ་གཅིག་ཏུ་གྱུར། འཇིག་རྟེན་ཁམས་ཀྱི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ་འབོད་པའི་སྐད་བཏང་བས། ཐམས་ཅད་སྐད་ཅིག་ལ་འདུས་ཏེ། ས་དང་ནམ་མཁའ་ཐམས་ཅད་ཁྱབ་པར་བསམ། དེ་ནས་རང་ལུས་དུམ་བུ་དུམ་བུར་གཏུབས། ཁྱེད་ཅག་ཅི་འདོད་ཟོ། གང་འདོད་
ལོངལོངས་ཞེས་བརྗོད་པས། སོ་སོའ་བསམ་པ་དང་མཐུན་པར་ཤ་ཁྲག་རུས་པ་ནང་ཁྲོལ། ཡན་ལག་ཟོས་འཐུང་ཁྱེར་བས་གནས་སྐབས་སུ་ཚིམས་ཤིང་མཐར་ཐུག་ཉོན་མོངས་ཞི་བར་བསམ། སླར་དེ་ཐམས་ཅད་རང་གནས་སུ་སོང་བར་བསྒོམ། དེ་ནས་དེ་ཡང་རང་སེམས་སུ་ཤེས་བཞིན་པས། ཕཊ་ཅེས་དབྱིངས་རིག་བསྲེས་ལ་བཞག །དེ་ལྟ་བུ་ཡང་ཡང་བསྒོམ། དེ་ལ་ཅུང་ཟད་གོམས་ནས། གཉན་ཁྲོད་ཞིག་ལ་དམིགས་ནས། སླར་ཡང་ཞག་གཉིས་གསུམ་བསྒོམ། ལམ་དུ་སྒོམ་ཚུལ་ཞི་གཅོད་དང་འདྲ། གནས་དེར་སླེབས་ནས་ས་གཉན་ས་ཞིག་བཙལ་ནས་བསྡད། སྔོན་འགྲོའི་ཆོས་བཞི་པོ་སྤྱིར་སྔར་དང་འདྲ་བ་ལས། རྩ་བའི་བླ་མ་དང་མ་གཅིག་དབྱེར་མེད་པ། མཁའ་འགྲོ་སྡེ་ལྔའི་ཚོགས་དང་བཅས་པ་བསྒོམ་པ་དང་། བླ་མའི་རྣལ་འབྱོར་གྱི་སྐབས། བླ་མ་དང་མ་གཅིག་དབྱེར་མེད་པ་རང་ལ་ཐིམ་པས། རང་ཉིད་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོར་གྱུར། དེ་ཉིད་ཡེ་ཤེས་ཀྱི་མེ་དྲག་ཏུ་འབར་བ་དང་བཅས་ཏེ། དྲག་པོའ་སྟངས་སྟབས་སྣ་ཚོགས་ཀྱི་གར་མཛད། གསུང་སྐད་དྲག་སྔགས་སྣ་ཚོགས་འབྲུག་ལྟར་བསྒྲག་པར་བསམས་ལ། འདི་སྐབས་མ་གཅིག་གི་ང་རྒྱལ་དང་བཅས་པ་ནི་དགོས་ཤིང་། འདྲེ་གདོན་རྣམས་ལ་གནོད་སེམས་གཏན་མེད་པར་ཐམས་ཅད་སྒྱུ་མ་རྨི་ལམ་དུ་ཤེས་བཞིན་དུ་གང་སྣང་གི་དངོས་པོ་དང་རང་སེམས་ཆེས་ཆར་བསྲེ་བཞིན་ཏུདུ། ཕཊ་དང་བཅས་པར་མཆོངས་རྒྱུག་དང་དྲག་སྔགས་ཤེས་ཚད་འདོན། དེ་ནས་ཡང་སྔར་གྱི་ཤུལ་དུ་འདུག་སྟེ། སྟོང་པ་ཉིད་ཁོ་ན་ལ་མཉམ་པར་བཞག །སེམས་ཀྱི་མཐོ་དམན་དང་འཆར་སྒོ་རྣམ་རྟོག་ཅི་བྱུང་ཡང་། ཕཊ་ཅེས་དབྱིངས་རིག་བསྲེ་བ་ཁོ་ན་བྱ། འཚུབས་དང་ཆོ་འཕྲུལ་ལྷོངས། ཕྱི་མཐོང་སྣང་། ནང་ན་ཚ་གསང་བ་ཉོན་མོངས་ལོག་ལྟ་སོགས་ཅི་སྐྱེས་ཀྱང་། འཁྲུལ་པར་ཤེས་པས་དབྱིངས་རིག་བསྲེ་བ་ཁོ་ན་ལས། གཞན་གང་ཡང་མེ་ཕྱེད་ཅིང་ཡུམ་དོན་ཁོ་ན་
ལ་མཉམ་པར་བཞག །ངག་གི་སྨྲ་བརྗོད་དང་ལུས་ཀྱི་འགུལ་སྤྱོད་སོགས་གཏན་ནས་མི་བྱེད་པའི་དམ་བཅའ་དང་། ཞེ་མནའ་ལག་ཏུ་ལོངས་པར་བྱ། རྣམ་པ་ཐམས་ཅད་དུ་ལུས་སེམས་ལ་གཅེས་འཛིན་རྡུལ་ཙམ་ཡང་མེད་པར་བྱ། ལྷ་འདྲེ་དྲག་པོས་དངོས་སུ་སྡོད་ས་སྤོས་བྱུང་ན། སྔར་གྱི་ཤུལ་དེར་བསྡད་པར་བསམ། དངོས་སུ་གང་དུ་བཞག་བྱུང་ས་དེར་སྡོད། དངོས་གཞི་རང་གི་སྐབས་འདིར་གཞན་ལ་སྐྱབས་ཞུ་བར་མ་སོང་བ། སྲུང་འཁོར་དུ་མ་སོང་བ། འདྲི་འདུལ་དུ་མ་སོང་བ་རེ་དོགས་སུ་མ་སོང་བ་གལ་ཆེ། ཅི་བྱུང་རུང་ཁྱད་མེད་པའི་བློས་བཏང་དང་། དབྱིངས་རིག་བསྲེ་བའི་མི་རྟོག་པ་དང་མ་བྲལ་བ་གལ་ཆེ། གོང་དུ་བཤད་པ་ལྟར་གྱི་ཚར་ལྷོངས་འགྲིགས་ན་དམར་འགྱེད་ཀྱི་དམིགས་པ་འགའ་རེ་བྱ་ཞིང་། རྗེས་ཀྱི་བྱ་བ་ཞི་གཅོད་དང་འདྲ་བ་ལ། ཆབ་གཏོར་ཀླུ་གཏོར་སོགས་གཏོར་མ་ཅི་མང་གཏོང་བ་དང་། སྨོན་ལམ་མང་དུ་འདེབས། ཆོས་བཤད་མདོ་འདོན་པ་ལ་སོགས་ལ་བརྩོན་པ་གལ་ཆེ། དེ་ལྟར་བྱས་པས་ཁོའ་གནས་ལུས་ལོངས་སྤྱོད་ཉམས་པ་གསོས། སྔར་ལས་ཀྱང་ལྷག་པར་སྦྱོང་། བསམ་པ་ཡང་ཆོས་དང་ལྡན་པར་སོང་བར་ཡང་ཡང་བསམ། རྗེས་ཀྱི་བྱ་བ་སྔར་དང་འདྲ། གསུམ་པ་ནི། སྔོན་འགྲོ་སྔ་མ་དང་འདྲ་བ་ལས། དཀར་འགྱེད་དམར་འགྱེད་གཉིས་ཀ་བསྒོམ། གཉན་ཁྲོད་དུ་སླེབས་མ་ཐག་ཏུ་ཞི་གཅོད་ལྟར་གཏོར་མ་རྒྱ་ཆེར་བཏང་། སྔོན་འགྲོ་ཆོས་བཞི་སྔ་ཐུན་གཉིས་ལ་ཞི་གཅོད་ལྟ་བུ་དང་། ཕྱི་ཐུན་གཉིས་ལ་དྲག་གཅོད་ལྟ་བུར་བསྒོམ། དངོས་གཞི་ཉམས་ལེན་ཡང་ཞི་གཅོད་ཀྱི་དམིགས་པ་ལན་མང་དུ་སྔོན་དུ་འགྲོ་བས། མཐར་དྲག་གཅོད་ལྟར་སྟོང་ཉིད་ཁོ་ན་སྒོམ་པའང་ཐུན་རེ་བཞིན་བྱ། ཡུན་རིང་པོར་ལྷོངས་མ་བྱུང་ན། དྲག་གཅོད་ཀྱི་སྐབས་ལྟར་ལྷོངས་སློང་བའི་སྤྲོས་བཅས་ཀྱི་སྤྱོད་ཚུལ་དེ་ལེན་རེ་བྱས་པས། ངེས་པར་ལྷོངས་ཡོང་བར་གདོན་མི་ཟ། རེ་ཞིག་དེ་མ་ཞི་བར་ལ། དྲག་
གཅོད་བཞིན་དུ་སྟོང་ཉིད་ཁོ་ན་བསྒོམ། ལྷ་འདྲེ་དངོས་སུ་རྒོལ་དུ་བྱུང་ན། སྙིང་དམར་ཅུར་གྱིས་བཏོན་ནས་སྟེར་བའམ། མགོ་དང་རྐང་ལག་རྦད་ཀྱིས་བཅད་ནས་སྟེར་པབ་སོགས་ལུས་སེམས་མ་བྲལ་བཞིན་དུ་ལུས་ལ་གཅེས་འཛིན་རྡུལ་ཙམ་མེད་པ་ཕུང་པོ་ཟན་དུ་བསྐྱུར་བ་འདི་གལ་ཆེ། ཚར་ལྷོངས་འགྲིགས་པ་ན། རྗེས་ཀྱི་བྱ་བ་གོང་དང་འདྲའོ། །འདི་དག་ལ་ཉེ་བར་མཁོ་བའི་སྐབས་དོན་ཅུང་ཟད་ཅིག་བརྗོད་ན། ཐོག་མར་གཉན་ཁྲོད་བཀྲ་ཤིས་པའི་དགེ་མཚན་ཅན། །གཞི་བདག་འཇམ་ཞིང་ཆོས་ལ་དཀར་བ་ཞིག་ཏུ་ཞི་གཅོད་ཉམས་སུ་ལེན་དུ་འགྲོ། ཐོག་མ་ནས་དྲག་གཅོད་བྱེད་པ་དང་གནས་རྩུབ་པ་དང་། ནག་ཕྱོགས་ཀྱི་འདྲེ་གདོན་གནས་པའི་སར་འགྲོ་བ་ལམ་དུ་ལོངས་དཀའ་ཞིང་། དེ་ཉིད་རང་ལམ་དུ་སོང་ཡང་། ཆོས་བརྒྱུད་མཆེད་གྲོགས་སོགས་གང་ཅིར་རྟེན་འབྲེལ་མི་ལེགས་པ་ཡིན། དེས་ན་ཐོག་མར་ཞི་གཅོད་ལ་བརྟེན་ནས་གཉན་ཁྲོད་བཀྲ་ཤིས་པ་ལན་གཉིས་གསུམ་འགྲིམ་པའི་རྗེས་སུ་གཉན་ཁྲོད་འབྲིང་པོ་འགའ་རེར་ཞི་གཅོད་བསྒོམ། དེ་ནས་གཉེན་ཁྲོད་རྩུབ་པོ་འགའ་རེར་ཞི་གཅོད་བསྒོམ། དེ་ལྟར་གཉན་ཁྲོད་མང་དུ་བསྒོམ་ཞིང་འབྱོངས་པ་ན། གཉན་ཁྲོད་རྩུབ་པ་འགའ་རེར་ཞི་དྲག་ཕྱེད་མ་ཅི་རིགས་པ་བྱ། འདྲེ་གདོན་གདུག་པ་ཅན་གནས་པར་དྲག་གཅོད་འབའ་ཞིག་ཀྱང་སྐབས་རེ་རེར་བྱེད་པ་ཡིན། སྤྱིར་རྒྱུན་གྱི་ཉམས་ལེན་ཞི་དྲག་ཕྱེེད་མ་ཡིན། ལྷ་འདྲེ་འཇམ་ཞིང་ཆོས་ལ་དཀར་བའི་སར། གཙོ་བོར་ཞི་གཅོད་རང་བྱ་ཞིང་། ཞི་དྲག་ཕྱེད་མའང་སྐབས་དང་བསྟུན་ནས་བྱར་རུང་། དྲག་གཅོད་འབའ་ཞིག་བྱ་མི་ཉན། ཞི་དྲག་ཕྱེད་མའི་སྐབས་འདིར་གོང་དུ་བསྟན་པ་རེ་ལ་སྒྲོས་བཅས་ཟེར་ཞིང་། དེའི་མཇུག་ཏུ་ཞི་གཅོད་བྱམས་སྙིང་རྗེ་དང་དབྱིངས་རིག་བསྲེ་བ་སྤེལ་མ་བསྒོམས་པ་ལ་སྤྲོས་མེད་ཟེར། དེའི་རྗེས་སུ་ཡུམ་དོན་ཁོ་ན་ལ་མཉམ་པར་འཇོག་པ་ལ་ཤིན་ཏུ་སྤྲོས་མེད་ཀྱི་
གཅོད་ཟེར་བ་ཡིན་པས། དེ་དག་ཀྱང་འབྲེལ་ཆགས་སུ་བསྒོམ་པར་བྱའོ། །གཅོད་ལ་འགྲོ་ཁར། ཉོན་མོངས་ཆགས་སྡང་གི་སེམས་དྲག་པོ་སྐྱེས་པ་དང་། བླ་མའི་མོས་གུས་ལ་ལྟེམ་རྐྱང་ཤོར་བ་དང་། མཆེད་གྲོགས་ལ་རྩོད་པ་སོགས་དམ་སེལ་ཞུགས་པ་དང་། ཐིག་ལེ་ཉམས་པ་སོགས་བྱུང་ན་རྟེན་འབྲེལ་འཆུགས་ནས་གཉན་ཁྲོད་འགྲིམ་པ་དེ་ཡི་གནད་དུ་མི་འགྲོ། དེས་ན་གསོལ་འདེབས། སྙིང་རྗེ། བཤགས་པ། སྨོན་ལམ། ཚོགས་མཆོད། གཏོར་མ། རྩ་རླུང་བསྒོམ་པ་སོགས་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས་ནས་འགྲོ་བ་གལ་ཆེ། ལྷོངས་གསུམ་ལས། ཕྱིའི་ལྷོངས་ནི། ས་གཡོ་བ་དང་། རི་འགུལ་བ་དང་། འཇིགས་པའི་མཐོང་སྣང་དང་། །ཐོས་སྣང་འདི་མི་འབྱུང་བྱ་བ་མེད་དོ། །ནང་གི་ལྷོངས། སྙིང་རླུང་། གླད་གཟེར། རྒྱུ་གཟེར་སོགས་ན་ཚ་དྲག་པོ་གློ་བུར་དུ་བྱུང་། གསང་ལྷོངས་སེམས་ལ་འབྱུང་། དགའ་སྣང་དང་སྡུག་སྣང་མི་ཚུགས་པ་ལྟ་བུ་དང་། འཇིགས་སྐྲག་དང་། སྐྱོ་བ་དང་། འདོད་ཡོན་གྱི་རྣམ་རྟོག་དང་། ཆོས་བརྒྱད་ཀྱི་འཆར་སྒོ་སྣ་ཚོགས་པ་དང་། དུག་གསུམ་གྱི་རྣམ་རྟོག་ཆེར་འཕེལ་བ་སོགས་འབྱུང་ཞིང་ཆོས་དང་བླ་མ་ལ་ལོག་ལྟ་ལྡང་། དེ་འདྲའི་རིགས་ཐམས་ཅད་ལྷོངས་སུ་ཤེས་པར་བྱ། ལུས་མི་བསྐྱོད། ཁ་ཏོནབཏོན་གྱི་རིམ་པ་དང་། ཕཊ་སྔགས་བརྗོད་པ་མ་གཏོགས་ཐ་མལ་གྱི་ངག་མི་སྨྲ་བ་ལ་ཟུངས་ཐུབ་པ་དང་། སེམས་ལ་འཆར་སྒོ་ཅི་བྱུང་བ་ཐམས་ཅད་དེའི་དབང་དུ་མི་བཏང་བ་དབྱིངས་རིག་བསྲེ་བ་གལ་ཆེ། ཡང་སྐྱེ་བོ་པང་པོ་འདུས་སར་སྡོད་དགོས་དང་འགྲོ་དགོས་བྱུང་བའི་ཚེ་མི་སྔོན་དུ་དགེ་སྦྱོར་བྱེད་བྱེད་པ་ལྟར་དེ་སྤྱིར་ཡང་དགག་བྱ་ཆེ་ཞིང་། ཁྱད་པར་ཕཊ་སྔགས་དྲག་པོ་བརྗོད་པ་སོགས་མི་མཛེས་པས། ཕཊ་ཅེས་ཤུབ་ཤུབ་པོར་བརྗོད་ཅིང་ཉམས་ལེན་གྱི་སྟངས་གཏན་ནས་མ་ཤོར་བ་གནད་དུ་ཆེ། ཡང་ས་ཆ་ཡུལ་མི་འདྲེ་གདོན་སོགས་མཐོང་བའི་ཡུལ་
དང་སེམས་སྣང་དུ་ལམ་གྱིས་འཆར་བར་བྱས། མི་དང་མི་མ་ཡིན་པ་རྣམས་ལ་སྙིང་རྗེ་དུང་པ་གཅིག་བསྒོམས་ལ་འདི་རྣམས་ཐམས་ཅད་དབང་དུ་བསྡུ་སྙམ་པའི་འདུན་པ་གཅིག་བཏང་། དེ་ནས་ཕཊ་ཅེས་བརྗོད་ལ་ཐམས་ཅད་དབྱིངས་སུ་བསྐྱལ། འདི་ལྟ་བུའི་དམིགས་པ་ཐོ་རངསརེངས་ལ་སོགས་པར་ལན་ཅི་མང་མང་བཏུད་ནས་བསྒོམ། དེའི་མཐར་སྨོན་ལམ་རྒྱ་ཆེན་པོ་བཏབ། གང་ལའང་མ་ཞེན་པར་སྒྱུ་མ་ལྟ་བུར་བསྒོམ་ན། ས་ཕྱོགས་དེ་དག་གི་མི་དང་མི་མ་ཡིན་ཐམས་ཅད་དབང་དུ་འདུ་བར་ངེས་སོ། །དེས་མཚོན་ཏེ་ཕྲིན་ལས་རྣམ་པ་བཞི་གང་བསྒྲུབ་ཀྱང་དམིགས་པའི་གནད་འདིས་རིགས་བསྒྲེ་བར་བྱའོ། །གཞན་ཡང་མོས་གུས་གསོལ་འདེབས་དབྱིངས་སུ་བསྐྱལ་བས། བླ་མས་ཐུགས་རྗེས་འཛིན་ཅིང་བྱིན་རླབས་འཇུག །སྙིང་རྗེ་དབྱིངས་སུ་བསྐྱལ་བས་འགྲོ་དོན་འབྱུང་ཞིང་སེམས་ཅན་དབང་དུ་འདུས། སྐྱོ་ཤེས་ངེས་འབྱུང་དབྱིངས་སུ་བསྐྱལ་བས་རང་རེའི་དགེ་སྦྱོར་གནད་དུ་འགྲོ་ཞིང་གཞན་རྒྱུད་ཆོས་ལ་འཁུལ་ཆེ། བསྐྱེད་རིམ་དབྱིངས་སུ་བསྐྱལ་བས་ནུས་པ་ཆེ་ཞིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་དབང་དུ་འདུ། རྩ་རླུང་ཐིག་ལེའི་རྣལ་འབྱོར་དབྱིངས་སུ་བསྐྱལ་བས། རྟོགས་པ་གོང་ནས་གོང་དུ་འཕེལ་ཞིང་ཕྱི་ནང་གི་མཁའ་འགྲོའི་འདུ་བ་རྒྱུན་མི་འཆད། གཉན་ཁྲོད་འགྲིམ་ཅིང་གནད་དུ་སོང་ན་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་བྲན་དུ་ཁོལ་ཐུབ། གཞན་ཡང་འདོད་ཆགས་དབྱིངས་སུ་བསྐྱལ་ན། འདོད་ཆགས་ཅན་གྱི་འགྲོ་བ་འདུལ་ནུས། འཁོར་འདུ། འོན་ཀྱང་དེ་ཉིད་སྙིང་རྗེས་མ་ཟིན་ན། རང་དང་ཉེ་འཁོར་སོགས་ལ་དེ་ལ་བརྟེན་པའི་བར་ཆད་འབྱུང་བས་འདོད་ཆགས་དབྱིངས་སུ་བསྐྱལ་བའི་སྟོང་ཉིད་སྙིང་རྗེར་བསྐྱལ་བ་གལ་ཆེ། དེས་མཚོན་ཏེ་ཉོན་མོངས་ཀྱི་རྣམ་རྟོག་གཞན་རྣམས་ལ་ཡང་རིགས་འགྲེ། དེ་ཐམས་ཅད་ཀྱང་རྩ་བ་རེ་དོགས་མེད་པ་གལ་ཆེ་བས་སྦྱིར་གཅོད་ཀྱིས་བར་ཆད་ཐམས་ཅད་སེལ་ཞིང་དངོས་
གྲུབ་ཐོབ་པ་ཡིན་ནའང་དངོས་གྲུབ་ཐོབ་ལ་རེ་དང་ཕན་ཡོན་བྱུང་ལ་རེ་ཞེ་འདོད་ལ་གཏན་ནས་མེད་པ་གཅིག་དགོས། བར་ཆད་དང་ཉེས་དམིགས་འབྱུང་གི་དོགས་དང་སིལ་དུ་རེ་བ་གཏན་ནས་མེད་པ་ཞིག་དགོས། བློའི་གདིང་སྐྱོན་མ་ཐོན་ན་དགེ་སྦྱོར་གནད་དུ་མི་འགྲོ། བླ་མ་ལ་ལོག་ལྟ་ཅན་དང་ཆོས་ལ་ཚོད་ཡོང་པོ་དང་། རང་བཟང་འདོད་ངན་མི་འདོད་པ་དང་། ནོར་རྫས་ལོངས་སྤྱོད་ལ་ཤི་སྤར་འཐམས་པ་དང་། རེ་དོགས་ཀྱིས་ཁྱེར་ནས་བློ་ཐག་གཅོད་མི་ནུས་པ་རྣམས་ལ། གཉན་ཁྲོད་ལམ་དུ་ལོངས་པའི་སྒོམ་སྐྱེ་བ་ག་ལ་སྲིད། ལྷ་འདྲེ་གདུག་པ་ཅན་གྱི་ལྷོངས་ཞི་བ་སྐད། ལོངས་སྤྱོད་སྙན་གྲགས་ཐན་ཐུན་འགྲུབ་པ་སྐད། མགོ་སྐོར་གཏོང་བ་མང་བས་གཉན་ཁྲོད་རེ་ལ་དགེ་སྦྱོར་གྱི་བློ་བསྐྱེད་ཆེན་པོ་རེ་མ་བྱུང་བར་ལ། ཚར་ཚད་བརྫུས་མ་སངས་སུད་རེ་ལ་ཡིད་བརྟན་མ་བྱེད་ཅིག །དགེ་སྦྱོར་གྱི་བོགས་བྱུང་ན་གཞན་དེ་ཚོ་བྱུང་མ་བྱུང་འདྲ། འདུན་མ་ལེགས་པའི་ཡང་རྩེ་ཡིན་ནོ། །གཅོད་ཡུལ་ཀུན་གྱི་སྙིང་པོའ་དོན། །དགོངས་ཏེ་དྲིལ་བ་འདི་ཡིན་པས། །ཉམས་ལེན་གྱིས་ཤིག་སྐལ་ལྡན་བུ། །ཙབ་ཙུབ་བློ་སྣ་མ་མང་ཞིག །གཅོད་ཡུལ་ཟབ་མོའ་ཁྲིད་ཡིག་གནད་དོན་ཟབ་མོ་ཞེས་བྱ་བ་འདི་ནི་བྱ་བྲལ་རིན་ཆེན་བཀྲ་ཤིས་ཞེས་བྱ་བས་བསྐུལ་ནས། ཏཱ་ར་ནཱ་ཐས་སྨྲས་པ་སྟེ་སྟག་ལུང་ཐང་གི་ཆོས་གྲྭར་སྦྱར་བའོ། །བཀྲ་ཤིས། །
Footnotes[edit]
- ↑ Tāranātha, Collected Works, vol. 20, pp. 681–707.
- ↑ Tashi Chöpel, Record of Teachings Received, p. 773.
- Translator's notes
- Note from Ringu Tulku
- The Instructions on Chod Called "The Essential Crucial Point".
- Notes on individuals related to text
- I can't find any information on bya bral rin chen bkra shis, who requested this text. His name is listed on the catalog page without an active link.
- Other notes
- Genre from Richard Barron's Catalog
- Instruction manual
- Genre from dkar chag
- yan lag gi chos
- BDRC Link
- VolumeI1CZ3976
- BDRC Content Information
- No note on contents
Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of fall 2017 that project has not been finished. Note that the folio numbers that appear throughout were added by Nitartha Input Center at the time of input.
Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion.