Tibetan:ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་འཁྲིད་ཡིག་མཐོང་བ་དོན་ལྡན་: Difference between revisions

From gDams Ngag mDzod
Jump to navigation Jump to search
m (Text replacement - "|<ref>=[ref]|</ref>=[/ref]}}| ]]</onlyinclude>" to "}}</onlyinclude>")
m (Text replacement - "<onlyinclude>{{TibetanContent| " to "<onlyinclude>{{TibetanContent|content= ")
 
(2 intermediate revisions by the same user not shown)
Line 1: Line 1:
{{Text Tibetan}}
{{Text Tibetan}}
==Tibetan Text==
==Tibetan Text==
<onlyinclude>
<onlyinclude>{{TibetanContent|content=
  <div class="folio"><span class="shoglhe">༡༣༣</span>
  <div class="folio"><span class="shoglhe">༡༣༣</span>
༄༅། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་འཁྲིད་ཡིག་མཐོང་བ་དོན་ལྡན་ཞེས་བྱ་བ་བཞུགས་སོ།། །།</div>
༄༅། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་འཁྲིད་ཡིག་མཐོང་བ་དོན་ལྡན་ཞེས་བྱ་བ་བཞུགས་སོ།། །།</div>

Latest revision as of 14:52, 19 February 2019

Upload a file
DOWNLOAD ABOVE:
Click the picture above to view the original manuscript.
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་འཁྲིད་ཡིག་མཐོང་བ་དོན་ལྡན་
zab lam rdo rje'i rnal 'byor gyi 'khrid yig mthong ba don ldan
Damngak Dzö Volume 15 (བ་) / Pages 133-231 / Folios 1a1 to 49a4

Tibetan Text

༡༣༣ ༄༅། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་འཁྲིད་ཡིག་མཐོང་བ་དོན་ལྡན་ཞེས་བྱ་བ་བཞུགས་སོ།། །།
༡༣༤ ༄༅། །ཨོ་སྭ་སྟི། ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་འཁྲིད་ཡིག་མཐོང་བ་དོན་ལྡན་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མི་འགྱུར་བའི་བདེ་བ་དང་། ཕྱག་རྒྱ་ཆེན་པོ་ཟུང་དུ་འཇུག་པའི་ཡེ་ཤེས་ལ་ཕྱག་འཚལ་ལོ། །གྲུབ་པ་མཆོག་གི་བདུད་རྩིས་ཡང་དག་པར་ངོམ་པའི་དམ་པ་རྣམས་ལའང་ཕྱག་འཚལ་ལོ། །གང་ཞིག་ཕུན་ཚོགས་ཀུན་གྱི་གཞི། །བླ་མེད་གོ་འཕང་ཡིད་བཞིན་ངོར་། །འགྲོ་བ་ཀུན་ལ་ཉེར་སྩོལ་བ། །བླ་མའི་ཞབས་ལ་གུས་པས་འདུད། །ཀུན་ཁྱབ་དབྱིངས་ནི་རྣམ་པ་ཐམས་ཅད་པ། །སེམས་ཉིད་རང་བཞིན་ཡོན་ཏན་ཀུན་གྱི་གཏེར། །དབྱེར་མེད་གདོད་ནས་རྣམ་གྲོལ་ཆོས་ཀྱི་སྐུ། །ནང་རིག་འགྱུར་མེད་དོན་དམ་རྒྱལ་གྱུར་ཅིག །གང་ཡང་རྒྱུད་སྡེའི་ཆུ་བོ་འབུམ་ཕྲག་གིས། །བློ་ཡི་མཚོ་ཆེན་བྲེས་ལས་མངོན་འཕགས་པ། །དེ་ལས་སྙིང་གི་བུམ་པ་གང་གྱུར་པའི། །གདམ་པའི་རྒྱུན་གྱིས་ཕྱོགས
༡༣༥ འདི་སྐལ་བཟང་བྱ། །འདིར་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་བླ་ན་མེད་པ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་མཐར་ཐུག །རྣལ་འབྱོར་གྱི་དབང་ཕྱུག་མ་ལུས་པའི་འཇུག་ངོགས། ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས་དང་ལྡན་པའི་གང་ཟག་རྣམས་ཚེ་གཅིག་ལུས་གཅིག་སྐྱེ་བ་གཅིག་ཉིད་ཀྱིས་སངས་རྒྱས་ཀྱི་འབྲས་བུ་མཆོག་ལ་ཡང་དག་པར་འགོད་ནས་པའི་ཉེ་ལམ་མྱུར་ལམ་ཁྱད་པར་ཅན་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་གཞན་དུ་མ་རྣམས་སུ་རྡོ་རྗེའི་ཚིག་གིས་སྒས་པའི་དོན། །དཔལ་དུས་ཀྱི་འཁོར་ལོའ་རྒྱུད་དུ་མ་སྦས་ཤིང་གསལ་བར་བསྟན་ལ། མཆོག་གི་དང་པོའ་སངས་རྒྱས་ལ་སོགས་པ་རྩ་བའི་རྒྱུད་རྒྱས་པ་ཐམས་ཅད་དུ་དགོངས་པ་གཅིག་དང་དབྱངས་གཅིག་གིས་བསྟན་པའི་དོན་མཆོག །ཕྱག་རྒྱ་ཆེན་པོའ་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའམ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཞེས་བྱ་བ་འདི་ནི་ཡིད་ཆེས་པ་རྣམ་པ་གསུམ་དང་ལྡན་པའི་ལམ་
༡༣༦ ཡིན་ནོ། །འདི་ལྟ་བུས་འཁྲིད་པར་བྱེད་པ་ལ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྣོད་དུ་རུང་བར་བྱེད་པ་སྔོན་འགྲོའི་འཁྲིད་དང་། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་དངོས་གཞི་སྒོམ་པའི་རིམ་པ་དང་། རྗེས་ལམ་གྱི་ཡན་ལགསལག་མཚམས། །རྣལ་འབྱོར་གྱི་ཚོགས་པ་དང་བཅས་པ་སྟེ་གསུམ་ལས། །དང་པོ་ལ་ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ཐུན་མོང་གི་སྔོན་འགྲོ་ལ། ཆོས་སྤྱོད་ཐམས་ཅད་ཀྱི་སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད། སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། ཚོགས་རྫོགས་ཤིང་བྱིན་རླབས་འཇུག་པར་བྱེད་པ་མཎྜལ་བླ་མའི་རྣལ་འབྱོར་དང་བཅས་པ་ཞེས་དམིགས་བསྐོར་གསུམ་དུ་མཛད་པའི་ལུགས་ཀྱང་ཡོད་མོད་ཀྱི། རིམ་པས་མྱོང་འཁྲིད་སྐྱོང་བ་ལ་དམིགས་བསྐོར་ལྔར་བྱས་ན་བདེ་བས། འདི་ལྟར་བྱ་སྟེ། ཆོས་སྤྱིའི་རྩ་བ་སྐྱབས་འགྲོའི་འཁྲིད། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་ཀྱི་འཁྲིད། སྡིག་སྒྲིབ་སྦྱང་བ་ཡིག་བརྒྱའི་འཁྲིད། ཚོགས་བསགས་པ་མཎྜལ་གྱི་འཁྲིད། བྱིན་རླབས་ཀྱི་རྩ་བ་བླ་མའི་རྣལ་འབྱོར་གྱི་འཁྲིད་དེ་ལྔའོ། །དང་པོ་ནི། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་བཀྱུས་མཐུན་ཙམ་བཅས། སེམས་རྣལ་དུ་ཕབ་ནས། རང་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་དག་པའི་ཞིང་ཁམས་ཆེན་པོ་ཡངས་ཤིང་རྒྱ་ཆེན་པོར་གྱུར་པའི་དབུས་སུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་བཟང་གཞལ་མེད་ཁང་རྒྱ་དང་ཚད་ཡོངས་སུ་ཆད་པ་མེད་པ། །དེའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་རབ་ཏུ་རྒྱས་པ། དེའི་རྩེ་མོ་ལ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་མ་ཟླ་བ་རྣམས་བརྩེགས་པའི་གདན་དཔངས་མཐོ་
༡༣༧ ཞིང་རྒྱ་ཆེ་བ་ལ། རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བསྐོར་བ་དང་། ཤིང་དེའི་རྩ་བ་ན། མཁའ་འགྲོ་ཆོས་སྐྱོང་བའི་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་བསྟན་བསྲུང་རྒྱ་མཚོའ་ཚོགས་རྣམས་ཀྱང་བདག་ལ་སྐྱོབ་པའི་ཚུལ་གྱིས་བཞུགས་པ་དང་། དཔག་བསམ་གྱི་ཤིང་གི་ཕྱོགས་བཞིར་གཞལ་ཡས་ཁང་གི་ནང་གི་ས་གཞི་ལ་སེང་ཁྲི་པདྨ་ཉི་ཟླའི་གདན་དཔངས་མཐོ་ཞིང་རྒྱ་ཆེ་བ་རེ་རེ་གསལ་བཏབ་སྟེ། བླ་མའི་སྐུའི་མདུན་གྱི་ཕྱོགས་སུ། །དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སོགས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་རྣམས་དང་། གཡས་ཕྱོགས་སུ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། གཡོན་ཕྱོགས་སུ་ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་དང་རང་སངས་རྒྱས་འཕགས་པའི་ཚོགས་དང་། རྒྱབ་ཕྱོགས་སུ་ཆོས་དཀོན་མཆོག་རྣམས་རྣམ་པ་གླེགས་བམ་གྱི་ཚུལ་ཅན་རྣམས་བཞུགས་པར་མོས། ཡང་ན་རྒྱབ་ཏུ་སངས་རྒྱས་དང་། མདུན་དུ་དམ་ཆོས་བཞུགས་པར་མོས་ཀྱང་ཆོག་སྟེ། བློ་ལ་གང་བདེ་བ་ཞིག་བྱའོ། །དེ་ནས་རང་དང་ལྷན་ཅིག་ཏུ་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱང་། བླ་མ་དཀོན་མཆོག་སྐྱབས་གནས་རྒྱ་མཚོའ་ཚོགས་ལ་མོས་གུས་ཀྱི་གདུང་བ་ཆེན་པོས་སྐྱབས་འགྲོ་བྱེད་པར་མོས་ཤིང་། ཁྱད་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། འདི་རྣམས་འཁོར་བའི་སྡུག་བསྔལ་ལས་སྐྱབས་ཏུ་གསོལ་སྙམ་པ་ཆེད་ཐང་དུ་གསལ་བཏབ་ནས། །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། །ཆོས་རྗེ་དཔལ་ལྡན་
༡༣༨ བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་།རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་།དམ་པའི་ཆོས་རྣམས་ལ་སྐྱབས་།འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་།མཁའ་འགྲོ་ཆོས་སྐྱོང་བསྲུང་མ་རྣམ་ཡེ་ཤེས་གྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་ཅིང་བླ་མ་དཀོན་མཆོག་གི་ཡོན་ཏན་དྲན་པ་དང་། འཁོར་བའི་སྡུག་བསྔལ་གྱི་འཇིགས་པས་དཀོན་མཆོག་ལ་བློ་ལིངས་ཀྱིས་བཀལ་ནས་སྐྱབས་འགྲོ་ཅི་ནུས་སུ་བྱའོ། །ཐུན་འཇོག་ཁར། བླ་མ་དཀོན་མཆོག་རིན་པོ་ཆེ་རྣམས་ཀྱི་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཅེས་ལན་གསུམ་གསོལ་བ་གདབ། སྐྱབས་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་ཐིམ། སྐྱབས་འགྲོའི་དགེ་བ་བསྔོ་བ་ཡང་བྱ་སྟེ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་པ་ལ་སོགས་པ་ཇི་ལྟར་རིགས་པ་བརྗོད། དམིགས་བསྐོར་དང་པོ་སྐྱབས་འགྲོའི་འཁྲིད་ཚར། །དེ་ལྟར་དམིགས་པ་ཕོག་རྗེས་སློབ་མ་རྣམས་ཞག་གསུམ་སོགས་ཅི་རིག་པར་སྐྱབས་འགྲོའི་དམིགས་པ་སྐྱང་དུ་འཇུག །གཞན་ཡང་སློབ་མ་ཉན་པར་སྤྲོ། བླ་མ་འཆད་པར་སྤྲོ། སློབ་མས་གོ་རུ་རུང་། སློབ་དཔོན་གྱིས་འཆད་ཤེས་དགོས་དོན་གལ་ཆེ་བ་བཤད་ན་གོ་ཞིང་བློ་ཆོས་སུ་འགྱུར། མ་བཤད་ན་སྔར་མ་གོ་བས་བློ་སྣ་ཆོས་ལ་མི་འགྱུར་བ་སོགས། ངེས་པར་བཤད་དགོས་པའི་རིགས་ཡིན་ན། སློབ་མ་རྣམས་དམིགས་པ་སྐྱོང་བའི་སྐབས་སུ། ཉིན་རེ་བཞིན་མདོ་དང་སྔགས་སམ། ཐེག་པ་ཆེ་ཆུང་གི་སྐྱབས་འགྲོའི་གོ་དོན་རྣམས་བློ་ལ་འབྱོར་ངེས་པ་རིམ་གྱིས་བཤད་དོ། །
༡༣༩ འདི་སྐབས་ཉལ་བའི་རྣལ་འབྱོར་ནི། སྐྱབས་ཡུལ་རྣམས་མ་བསྡུས་པར་བླ་མའི་སྐུའི་མདུན་གྱི་ཕྱོགས་ཀྱི་ས་གཞི་ལ་པད་ཟླའི་གདན་ལ་རང་ཉིད་ཉལ་བར་མོས་ཏེ། སྐྱབས་ཡུལ་ལ་མོས་སྒོམ་བཞིན་པས་གཉིད་དུ་འགྲོ་བར་བྱའོ། །ཞར་བྱུང་གི་མན་ངག་གོ །གཉིས་པ་ནི། སྐྱབས་འགྲོ་སྔར་བཞིན་ལས། ལན་མང་ཉུང་རན་ཙམ་བྱས་ཏེ། སྐྱབས་ཡུལ་རང་ལ་བསྟིམ་པའི་རྗེས་སུ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་བློས་གཞིག་འབྲེལ་ཞིག་བཏང་ལ། ཕྱོགས་བཅུ་ག་ལ་ཕྱིན་ཀྱང་ནམསནམ་མཁའ་ལ་མཐའ་མེད་པ་བཞིན་དུ་འཇིག་རྟེན་གྱི་ཁམས་ལ་མཐའ་མེད། འཇིག་རྟེན་གྱི་ཁམས་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། སེམས་ཅན་དེ་ཐམས་ཅད་དྲིན་ཅན་གྱི་ཕ་མ་ཡིན། དེ་ཐམས་ཅད་འདོད་ནི་བདེ་བ་འདོད་ཀྱང་། བདེ་བ་སྒྲུབས་པའི་ཐབས་ལ་ནི་མི་མཁས་པས། སྡུག་བསྔལ་འབའ་ཞིག་ལ་སྤྱོད་པ་སྙིང་རེ་རྗེ། །དེ་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས། ཐར་པ་རྣམས་ཀྱི་མཆོག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མྱུར་དུ་འགོད་པར་བྱ། །ད་ལྟ་དེའི་ནུས་པ་བདག་ལ་མེད་པས་ནུས་པ་དང་ལྡན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། །དེའི་ཕྱིར་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བགྱིའོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་བརྗོད་ཅིང་དོན་བསམ་པ་ཅི་ནུས་སུ་བྱ། ཐུན་འཇོག་ཁར་དགེ་བ་བསྔོ་བ་སྐྱབས་འགྲོའི་སྐབས་བཞིན་ནོ། །དམིགས་
༡༤༠ བསྐོར་གཉིས་པ་སེམས་བསྐྱེད་ཀྱི་འཁྲིད་ཚར། འདིར་ཡང་སྤྲོ་ཞིང་དགོས་ན། ཞག་གསུམ་སོགས་སེམས་བསྐྱེད་བསྒོམ་པའི་རིང་ལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་དོན་ཞིབ་མོར་བཤད་པར་བྱའོ། །གསུམ་པ་ནི། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སེམས་བསྐྱེད་ཀྱི་སྐབས་ལྟར་ལས། དེ་རྣམས་དམིགས་པ་གསལ་ཞིང་འཇུར་ལ་ཡུན་ཐུང་བ་རེ་བྱས་ནས། ཚད་མེད་བཞི་བསྒོམས་པའི་དེ་མ་ཐག་དུཏུ། རང་གི་སྤྱི་བོར་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལ་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ་དེསྟེ་འོད་དུ་ཞུ་བ་ཡོངས་སུ་གྱུར་བ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱི་བརྒྱན་པ། རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གི་བཞུགས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟིལྟེ་བར་ཧོཿ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་སྤྱན་དྲང་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་བསྟིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ༀ་ཤྲཱི་བཛྲ་ཧེ་རུ་ཀ་ས་མཱ་ཡ། མ་ནུ་པ་ལཱ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ།
༡༤༡ སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ལ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མི། །ཙིཏྟཾ་ཤྲི་ཡཾ། ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། བཛྲ་ཧེ་རུ་ཀ་མ་མེ་མུཙྪ། ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་མཐར། །བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའ་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་སྟེ་རང་ལ་ཐིམ། །སྐབས་འདིར་དགེ་བ་བསྔོ་བ་ནི། །དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་པ་དང་། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་གོང་བཞིན། དམིགས་བསྐོར་གསུམ་པ་ཡི་གེ་བརྒྱ་པའི་འཁྲིད་ཚར། །འདི་ལ་ལོང་སྐབས་ཡོད་ཅིང་ནུས་ན། །ཟླ་བ་གཅིག་གཉིས་སུ་བསྒོམ་བཟླས་བྱེད་དུ་བཞུག་དགོས། །སྡིག་སྒྲིབ་དག་པའི་རྟགས་བྱུང་བྱུང་དུ་བསྒོམ་དགོས་པ་ཡིན། །དེ་ལ་རྟགས་ནི་ནམ་མཁའ་ལ་འཕུར་བ་དང་། ཁྲུས་བྱས་པ་དང་། ཆུ་བོ་ཆེན་པོ་ལས་བརྒལ་བ་དང་། །འཁྲུ་སྐྱུགས་དང་། ལུས་ལསནས་རྣགསརྣག་ཁྲག་ཟགཟགས་པ་ལ་སོགས་པ་ཉམས་ཀྱི་ཚུལ་དུ་བྱུང་བའམ། །རྨི་ལམ་ཤིན་ཏུ་གསལ་བ་ལ་ལན་མང་དུ་བྱུང་ན་ཡིན། །གཞན་
༡༤༢ ཡང་འདི་བསྒོམ་པས་དངོས་སུ་སྔར་ལས་རིག་པ་དྭངས་པ་དང་། དམིག་པ་གསལ་བ་དང་། །ལུས་ཡང་བ་དང་། དད་པ་དང་སྙིང་རྗེ་ངེས་འབྱུང་སོགས་ཆེར་སོང་བ་དང་། །གཉིད་རྨུགས་ལེ་ལོ་ཆགས་སྡང་སོགས་ཆུང་དུ་སོང་བར་མངོན་ན་སྡིག་སྒྲིབ་དག་པའི་རྟགས་མཆོག་ཡིན་ནོ། །ཡང་མགྱོགས་ཁྲིད་ཀྱི་སྐབས་ཞག་གཉིས་གསུམ་སོགས་ལས་བྱེད་ལོང་མ་བྱུང་ན། །འཁྲིད་གྲོལ་གྱི་བར་ལ། །ཐུན་འགོ་ལ་འདི་མ་ཆག་པར་རྟག་ཏུ་སྒོམ་དགོས་སོ། །འདིར་ཡང་སྤྲོ་ཞིང་དགོས་ན། སྡིག་པའི་ཉེས་དམིགས་དང་། །བཤགས་བསྡམ་བྱེད་ཚུལ་དང་། སྒོམ་བཟླས་ཀྱི་གོ་དོན་རྣམས་ཀྱང་ཞིབ་མོར་བཤད་དོ། །བཞི་པ་ནི། སྐྱབས་སེམས་གོང་བཞིན་སྔོན་དུ་འགྲོ་བས། །མདུན་གྱི་ནམ་མཁའ་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་སྐྱབས་ཡུལ་གྱི་སྐབས་ལྟར་ཡིད་ཀྱིས་གསལ་བཏབ། དེ་ནས་ཕྱག་འཚལ། སྐྱབས་འགྲོ། མཎྜལ་རྣམས་བྱ་བ་ནི། གང་གིས་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་པའམ། །གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི། །དེ་ཉིད་རིན་ཆེན་འོད་ཀྱི་ཚོགས་ཀྱིས་མུན་བཅོམ་ནས། །མིག་སྐྱོན་མེད་རྣམས་རོལ་པར་བཅས་པས་སྟེང་དུ་ནི། །ལྟ་གྱུར་བླ་མ་ཉི་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང་། །ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པོ་ཕན་དང་སྡིག་འཕྲོག་ཁྱོད་ནི་གོ་འཕང་ཕུན་སུམ་ཚོགས་པ་ཡང་། །ཁྱོད་ནི་འབའ་ཞིག་གནས་དང་ཁྱོད་ནི་ཡོན་ཏན་མཆོག་གི་གནས་ཏེ་སྐྱོན་རྣམས་བཅོམ་པ་ཁྱོད་ཉིད་དེ། །ཁྱོད་ནི་དམན་
༡༤༣ པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུ་རྒྱལ་བའི་དབང་པོ་ཁྱོད་ལ་བདག་སྐྱབས་མཆི། །ཞེས་པའམ། །བསྡུ་ན། །དཔལ་ལྡན་བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་པས་སྐྱབས་འགྲོ་བྱ། །དེ་ནས་ལུས་ཀྱི་ལས་སུ་མཎྜལ་གྱི་ཚོམ་བུ་བཀོད། །ཡིད་ཀྱི་དམིགས་པ། འོག་གཞི་འབྱུང་བ་བཞིའི་དཀྱིལ་འཁོར་ལ་རྟེན་པའི་གླིང་བཞི་རི་རབ་འཁོར་ཡུག་དང་བཅས་པ། །སྟེང་ཕྱོགས་སྲིད་པའི་རྩེ་མོ་མན་ཆད་ཁམས་གསུམ་ཡོངས་སུ་རྫོགས་པའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་ལ་སོགས་པ་ལྷ་དང་མིའི་དངོས་པོ་བཟང་ལ་གྱ་ནོམ་པས་གོ་མཚམས་མེད་ཅིང་ཕྱུར་བུར་བཀང་སྟེ། །བླ་མ་དཀོན་མཆོག་གསུམ་ལ་ཕུལ། །དེའི་རྗེས་སུ་བདག་མྱུར་དུ་སངས་རྒྱས་ཐོབ་པ་དང་། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཉམས་རྟོགས་སྐྱེ་བར་གསོལ་བ་འདེབས་པ་ཡིན། དེ་དག་གི་སྐབས་ངག་ཏུ་འདི་སྐད་ཅེས། །ༀ་བཛྲ་བྷུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ། །ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གི་བསྐོར་བའི་དབུས་སུ། །ཧཱུྃ་རིའི་རྒྱལ་པོ་རི་རབ། །ཤར་ལུས་འཕགས་པོ། །ལྷོ་འཛམ་བུ་གླིང་། བྱང་སྒྲ་མི་སྙན། །ནུབ་བ་ལང་སྤྱོད། སྒྲ་གཅན། ཉི་མ། ཟླ་བ། དུས་མེ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་གང་ཡང་མ་ཚང་བ་མེད་པའི་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་
༡༤༤ བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱི་བརླབ་ཏུ་གསོལ། །བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་དམིགས་ནས་བླ་མ་དཀོན་མཆོག་རྣམས་ལ་འབུལ། །ཐུགས་རྗེའི་དབང་གི་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའམ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་བརྗོད། ཚུལ་དེས་མཎྜལ་ཅི་ནུས་སུ་འབུལ། །ཐུན་འཇོག་ཁར། །མཆོད་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་གཉིས་སུ་མེད་པར་ཐིམ། །དགེ་བ་བསྔོ་བ་གང་སྐྱབས་འགྲོའི་སྐབས་བཞིན་བྱ། །དམིགས་བསྐོར་བཞི་པ་མཎྜལ་གྱི་འཁྲིད་ཚར། །འདི་ཡང་འཁྲིད་ཀྱི་དངོས་གཞིའི་ཉམས་རྟོགས་སྐྱེ་བའི་རྒྱུ་གསར་དུ་ཚོགས་བསགས་ཐུབ་པའི་རྟགས་བྱུང་བྱུང་དུ་བྱེད་དགོས་པས་ཟླ་བ་ལ་སོགས་པར་སྐྱོང་དགོས། །རྟགས་ནི་སེང་གེའི་ཁྲི་ལ་འདུག་པ་དང་། །ཅོད་པན་བཅིངས་པ་དང་། ཆས་གོས་བཟང་པོ་དང་། སྐྱེ་བོ་མང་པོས་རང་ལ་ཕྱག་འཚལ་བ་སོགས་ཉམས་དང་རྨི་ལམ་དུ་བྱུང་ན་ཡིན། །དངོས་ཀྱི་རྟགས་ནི་སྡིག་སྒྲིབ་དག་པའི་རྟགས་དང་འདྲ། །མགྱོགས་ཁྲིད་ལ་ཞག་གསུམ་སོགས་ལས་བྱེད་ལོང་མ་བྱུང་ན། །འཁྲིད་རྫོགས་ཀྱི་བར་དུ་ཐུན་འགོ་ལ་འདི་ཡང་བྱེད་དགོས་ལ། །སྐབས་འདིར་ཡང་སྤྲོ་ཞིང་དགོས་ན། །མཎྜལ་གྱི་ཕན་ཡོན་དང་དུས་འཁོར་རང་ལུགས་ཀྱི་འཇིག་རྟེན་ཁམས་གྱི་བཀོད་པ་དང་། །བསོད་ནམས་ཀྱི་ཚོགས་སྒོ་དུ་མ་ནས་བསགས་དགོས་པའི་རྒྱུ་མཚན་ཞིབ་མོར་བཤད་དོ། །
༡༤༥ ལྔ་པ་ནི། སྐྱབས་སེམས་སྔར་བཞིན། །གནས་ཁང་དག་པའི་ཞིང་དུ་གསལ་བའི་དབུས་སུ། །སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཁར་བསྣོལ་ནས་བཟུང་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། །དར་དང་རིན་པོ་ཆེའི་རྒྱན་ཐམ་ཅད་ཀྱིས་བརྒྱན་པ། །མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། །རང་ལ་དགྱེས་པའི་ཞལ་འཛུམ་བག་དང་ལྡན་པ། །འོད་དང་འོད་ཟེར་གྱིས་ཚོགས་མཐའ་ཡས་པ་འཕྲོ་བའི་སྐུ་ཅན། །མཐའ་སྐོར་དུ་བརྒྱུད་པའི་བླ་མ་རྣམས་དང་། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། །སངས་རྒྱས་བྱང་སེམས། འཕགས་པ་ཉན་རང་། ཆོས་སྐྱོང་སྲུང་མ་ཐམས་ཅད་བཞུགས་པར་གྱུར། སྤྲོས་པ་ལ་དགའ་ན་ཕྱག་མཆོད་ཡན་ལག་བདུན་པ་རྒྱས་པར་བྱ། བསྡུ་ན་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བསམ་གྱིས་མི་ཁྱབ་པ་བློས་ཕུལ་ཏེ། དཔལ་ལྡན་བླ་མ་དམ་པ་ལ་བདག་ཕྱག་འཚལ་ལོ། །མཆོད་དོ། །སྡིག་པ་བཤགས་སོ། །དགེ་བ་ལ་རྗེས་སུ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །སྐྱབས་སུ་མཆིའོ། །བྱང་ཆུབ་ཏུ་སེམས་བསྐྱེད་དུ། བླ་ན་མེད་པའི་ལམ་བསྟན་པར་བགྱིའོ། །བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །ཞེས་བརྗོད་ཅིང་དོན་བསམ། བར་འདིར་སྤྲོ་ན་རྩ་བརྒྱུད་ཀྱི་བླ་མའི་གསོལ་འདེབས་ལོགས་ན་ཡོད་པ་རྣམས་བྱ་ཞིང་། བསྡུས་པ་ལ་དགའ་ན་མ་བྱས་ཀྱང་ཆོག །ངེས་པར་གདུང་བ་དྲག་པོས་གསོལ་བ་འདི་ལྟར་གདབ་སྟེ།
༡༤༦ སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཆོས་རྗེ། དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དེ་བཞིན་ཏུདུ་སྦྱར་ཏེ། སྐུ་བཞིའི་བདག་ཉིད་བླ་མ སྐྱབས་མཆོག་མཚུངས་མེད །འདྲེན་མཆོག་མཚུངས་མེད ཐར་པའི་ལམ་སྟོན དངོས་གྲུབ་འབྱུང་གནས མ་རིག་མུན་སེལ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། བདག་རྩེ་གཅིག་སྒྲུབ་པ་ནུས་པར་སྒྲུབ་པ་ལ་བར་ཆད་མི་འབྱུང་བར སྒྲུབ་པ་སྙིང་པོ་ཉམས་སུ་ལོངས་པར སྒྲུབ་པ་རབ་ཀྱི་མཐར་ཕྱིན་པར བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པར ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལ་དབང་ཐོབ་པར་ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་མཐར་ཕྱིན་པར ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བླ་མའི་སྐུའི་དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་ཧོཿ རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོ་ཞུགས། ༀ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། སྐུའི་བྱིན་བརླབ་ཞུགས། །ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་དང་། །གསང་བའི་དབང་ཐོབ། གསུང་གི་བྱིན་བརླབ་ཞུགས། ཧཱུྃ་ལས་འོད་ཟེར་མཐིང་ནག་འཕྲོས། རང་གི་སྙིང་ཁར་ཐིམ། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་བརླབ་ཞུགས། ཧོཿལས་འོད་ཟེར་སེར་པོ་འཕྲོས།
༡༤༧ རང་གི་ལྟེ་བར་ཐིམ། ཆགས་རྟོག་གི་བག་ཆགས་དག །བཞི་པ་ཡེ་ཤེས་རྡོ་རྗེའི་དབང་ཐོབ། ཡེ་ཤེས་རྡོ་རྗེའི་བྱིན་བརླབ་ཞུགས། སླར་ཡང་མོས་གུས་དུང་པ་དང་ཡིད་ཀྱིས་གསོལ་བ་བཏབ་པས། སངས་རྒྱས་བྱང་སེམས་འཁོར་གྱི་ཚུལ་དུ་བཞུགས་པ་རྣམས་བླ་མ་ཉིད་ལ་ཐིམ། དེ་ཉིད་ཤིན་ཏུ་དགྱེས་པའི་ཚུལ་གྱིས་རང་གི་སྤྱི་བོར་བྱོན། འོད་ཟེར་རམ་བདུད་རྩིའི་ཚུལ་དུ་ཞུ་སྟེ་རང་ལ་ཐིམ། བླ་མ་དང་རང་སེམས་དབྱེར་མེད་པའི་ངང་ལ་ཅུང་ཟད་མཉམ་པར་གཞག །དེ་ལྟ་བུ་བསྐྱར་འདབ་བྱེད་ཀྱིན་ཅི་ནུས་སུ་བསྒོམས། རྗེས་དགེ་བ་བསྔོ་བ་གོང་དང་འདྲ། །གཞན་ཡང་སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་ཅི་རིགས་པའང་བརྗོད། དམིགས་བསྐོར་ལ་པཕ་བླ་མའི་རྣལ་འབྱོར་གྱི་འཁྲིད་ཚར། སྔགས་ལམ་གྱི་ཉམས་རྟོགས་ཐམས་ཅད་བླ་མའི་བྱིན་བརླབས་ཀྱི་སྒོ་ནས་ལམ་དུ་བྱེད་དགོས་པས། འདི་ཡང་ལོ་དང་ཟླ་བསྒོམ་དགོས། མགྱོགས་ཁྲིད་ཀྱི་སྐབས་ཞག་གཉིས་གསུམ་ཙམ་ལས་སྒོམ་ལོངསལོང་མ་བྱུང་ན། འདི་ཡང་འཁྲིད་ཡོངས་སུ་རྫོགས་མཚར་གྱི་བར་དུ་ཐུན་འགོར་མ་ཆག་པ་སྒོམ་པ་གལ་ཆེ། སྐབས་འདི་དག་ཏུའང་སྤྲོ་ཞིང་དགོས་ན། བླ་མའི་མོས་གུས་ལམ་དུ་བྱེད་དགོས་ཚུལ། མོས་གུས་ཀྱི་ཕན་ཡོན། བླ་མའི་མཚན་ཉིད། བླ་མ་བསྟེན་ཚུལ་སོགས་ཞིབ་ཏུ་བཤད་དོ། །དམིགས་པ་འདིའི་ཡན་ལག་ཉལ་བའི་རྣལ་འབྱོར་ནི། རང་གི་སྙིང་པདྨ་འདབ་བརྒྱད་ཀྱི་ལྟེ་བ་ལ་བླ་མ་སྐུ་ཚད་མཚོན་གང་ཙམ་དགྱེས་པའི་འཛུམ་ཞལ་དུ་བཞུགས་པ་ལ་མོས་གུས་དུང་ངེ་བའི་ངང་ལས་གཉིད་དུ་འགྲོ་བར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་དང་། རྫོགས་རིམ་གྱི་ཉེར་བསྡོགས་ཁྱད་པར་ཅན་དབེན་པ་གསུམ་བསྟེན་པ་གཉིས་ལས་
༡༤༨ དང་པོ་ནི་བསྐྱེད་རིམ་ལ་གཙོ་བོར་ཕྱེད་པའི་སྐབས་ཡིན་ནོ། །སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ནས། ལྷ་ལྔའམ་ལྷ་དགུ་མའི་བར་དུ་རྒྱས་བསྡུས་སྣ་ཚོགས་པ་ཡོད་པ་བསྙེན་སྒྲུབ་ཡན་ལག་བཞི་ཚང་བའི་ཚུལ་གྱིས་བསྒོམ་པ་ཡིན་ཀྱང་། འདིར་རྫོགས་རིམ་གཙོ་བོར་བྱེད་པའི་སྐབས་ཡིན་པས་གཙོ་བོ་ཡབ་ཡུམ་ཙམ་གྱི་ལྷའི་རྣལ་འབྱོར་བསྡུས་པས་ཆོག་ཅིང་ཀྱང། དེ་ལས་ཀྱང་ལྷག་པར་བསྡུས་པ་ལྷན་སྐྱེས་ཉིད་བསྔགས་པས། དེའི་སྒོམ་ཚུལ་ནི། སྐྱབས་སེམས་སྔར་བཞིན་བསྒོམ། ༀ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས། རང་སྐད་ཅིག་གི་དུས་འཁོར་ལྷན་སྐྱེས་སུ་གྱུར་པ་ནི། འབྱུང་བཞི་རི་རབ་པད་ཟླ་ཉི་མ་སྒྲ་གཅན་རྣམས་བརྩེགས་པའི་གདན་ལ། བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་པ་དཀར་པོ་བསྐུམ་པས་དབང་ཕྱུག་དཀར་པོ་དང་། གཡས་པ་དམར་པོ་བརྒྱད་པས་འདོད་ལྷ་དམར་པོའ་སྙིང་ཁར་མནན་པ། རལ་པའི་ཐོར་ཚུགས་དང་། ཡིད་བཞིན་གྱི་ནོར་བུ་དང་། ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ། རྡོ་རྗེའི་རྒྱན་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཕྱག་སོར་རྣམས་ཁ་དོག་ལྔ་པ་དང་། སོར་ཚིགས་རྣམས་ཁ་དོག་གསུམ་པ། རྡོ་རྗེ་སེམས་དཔས་དབུ་བརྒྱན་ཅིང་། མེ་རི་ཁ་དོག་སྣ་ལྔ་པའི་དབུས་ན་བཞུགས་པ། ཁྲོ་ཆགས་འདྲེས་པའི་ཉམས་ཅན་ནོ། །དེ་འཁྲུད་པའི་སྣ་ཚོགས་ཡབ་ཡུམ་སྐུ་མདོག་སེར་མོ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡས་གྲི་གུག་དང་། གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་ཅིང་། ཞབས་གཡས་བསྐུམ་གཡོན་བརྐྱང་པས་ཡབ་དང་སྦྱོར་བ། གཅེར་བུ་རུས་པའི་ཕྱག་རྒྱ་
༡༤༩ ལྔས་བརྒྱན་ཅིང་། དབུ་སྐྲ་ཕྱེད་གྲོལ་བའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། གསང་གནས་སུ་སྭཱ། གཙུག་ཏོར་དུ་ཧཱ་རྣམས་འཁོད་པར་གྱུར། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་དུས་ཀྱི་འཁོར་ལོའ་ལྷ་ཚོགས་སུ་གྱུར། དེ་ཐམས་ཅད་འོད་དུ་ཞུ་ནས། རང་ལ་ཐིམ། ལྷ་སྐུ་གསལ་སྟོང་དེ་ལ་ཅི་ནུས་སུ་མཉམ་པར་གཞག །དེ་ལྟར་ཡང་ཡང་བསྒོམས་ཀྱང་ལེགས། ཐུན་འཇོག་པའི་ཚེ་ལྷ་སྐུ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་སྦྱང་། དགེ་བ་འདི་ཡིས་མྱུར་དུ་བདག །དུས་ཀྱི་འཁོར་ལོ་སོགས་དང་། གོང་བཞིན་དགེ་བ་བསྔོ། འདི་འཁྲིད་ཀྱི་སྐབས་ཡིན་པས་ལྷ་སྐུ་ལ་སེམས་འཛིན་པ་མ་ཏོགགཏོགས་བཟླས་པ་བྱེད་མི་དགོས། འོན་ཀྱང་ཅུང་ཟད་སྔགས་བཟླ་བར་སྤྲོ་ན། བཟླས་ཀྱང་མི་འགལ་བས་ལྷ་སྐུ་སྟོང་ཉིད་དུ་བསྡུ་བའི་སྔོན་དུ། ༀ་།།།སྭཱ་ཧཱ། ཞེས་པ་ཉིད་ཅི་རིགས་པར་བཟླ་བ་ཡིན། འདི་ལ་ཡེ་ཤེས་དགུག་གཞུག་དང་དབང་བསྐུར་རྒྱས་གདབ་རྒྱས་པའི་སྲོལ་ཡང་གདའ་བ། དེ་ལྟར་བྱས་ན་རྒྱས་པའི་ལུགས་སུ་འགྱུར་བས་ཤིན་ཏུ་རུང་མོད། རོལ་པའི་རྡོ་རྗེའི་གཞུང་ལས་འདི་ཙམ་ལས་མ་བཤད་ཅིང་། ལྷན་སྐྱེས་ཀྱི་ཕྱོགས་ལ་འདི་ཁོ་ནས་གོ་ཆོད་པས། འཇུག་པ་བདེ་བ་འདི་ལེགས་སོ། །བླ་མ་གོང་མ་འགའ་རེས་ཡི་དམ་ཀུན་གྱི་སྨར་འཁྲིད་ཀྱི་མན་ངག་འདི་ལ་སྦྱར་བ་ཡང་ཡོད་དོ། །དམིགས་བསྐོར་དྲུག་པ་བསྐྱེད་རིམ་གྱི་འཁྲིད་ཚར། བསྐྱེད་རིམ་གྱི་གོ་དོན་རྒྱས་པ་སྐབས་འདིར་བཤད་ཀྱིས་མི་ལོང་ཞིང་ལོགས་སུ་ཡོད་པས་འདིར་མི་འཆང་། སྤྲོ་ཞིང་དགོས་ན་ལྷན་སྐྱེས་སྒྲུབ་ཐབས་ཀྱི་གོ་དོན་ཞིབ་ཏུ་བཤད་དོ། །གཉིས་པ་ནི། བར་འདིར་རྫོགས་རིམ་གྱི་ཡེ་ཤེས་མ་སྐྱེས་པ་བསྐྱེད་པའི་དོན་དུ། མཆོག་
༡༥༠ དབང་གོང་མ་བླ་མའི་མན་ངག་དང་ལྡན་པ་བསྐུར་དགོས་ཏེ། དེའི་ཡི་གེ་ལོགས་སུ་ཡོང་པ་ལྟར་ཡིན་ལ། དེ་ཡང་དབྱེ་ན་གསུམ་གྱི། རྗེས་སོ་སོར་བསྡུད་པའི་སྔོན་དུ་བྱེད་པ་ཐོབ་ཐང་གི་དུས་སྐབས་ཡིན་བྱངཞིང་དེང་སང་དེ་ལག་ལེན་མི་བདེ་བས་སྐབས་འདིར་བྱེད་པའི་ལག་ལེན་གཙོ་ཆེའོ། །དེ་ནས་འཁྲིད་འབོགས་པ་ནི་རྒྱུད་ལས་བདུད་རྩི་ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་རྣམས་དང་སྔགས་ཀྱི་བཟླས་པ་སོགས་ཀྱིས་བསྙེན་པ་སྟེ། ཞེས་གསུངས་པའི་དོན་འགྲེལ་བར་ལྟོས་མེད་བཞི་ལྡན་དུ་གསུངས་ཤིང་། གསང་འདུས་ལས་ཀྱང་ལུས་ངག་སེམས་རྣམས་སྒོམ་པ་ནི། རྣམ་པར་མི་རྟོག་མི་དམིགས་པ། །གང་ནའང་མི་གནས་མཉམ་པ་ཉིད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་སྒོམ། །ཞེས་གསུངས་པའི་མན་ངག་སྟེ། ལྟོས་མེད་བཞི་ལྡན་ནམ། དབེན་པ་གསུམ་ལྡན་ཞེས་བྱའོ། །དེ་ཡང་ལུས་ཀྱི་ལོངས་སྤྱོད་དང་། །བདེ་སྡུག་སོགས་གང་ལའང་ཆགས་སྡང་སྤངས་ཤིང་། ཇི་སྙམ་པ་མི་བྱེད་ལ། དགག་སྒྲུབ་བླང་དོར་གྱི་རྟོགས་པ་སྤངས་པ་ནི། ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་ཞེས་བྱ་བ་ཡིན། དེ་བཞིན་དུ་ངག་དང་། ཡིད་དང་། འཕོ་བའི་ལོངས་སྤྱོད་ལའང་སྦྱར་བས། ལྟོས་མེད་བཞི་ལྡན་གྱི་གདམས་པ་ཞེས་བྱ་ལ། སྔོན་འཁོར་བ་ཐོག་མ་མེད་པ་ནས་ལུས་ངག་ཡིད་གསུམ་བྱ་བྱེད་ཁོ་ན་ལ་འདས་ཀྱང་དོན་མེད་དང་དོན་ལོག་པར་སོང་ནས། ཡང་དག་པའི་འབྲས་བུ་གང་ཡང་མ་གྲུབ། ད་ཕྱིན་ཆད་བྱར་མེད་དུ་བཞག་ན། གྲུབ་བཔ་དང་བདེ་བ་བླ་ན་མེད་པ་ཐོབ་ངེས་པས། ནང་གི་ཁམས་འཁྲུགས་པ་སོགས་གེགས་དང་གོལ་ས་སྤང་བའི་ཕྱིར་དུ། ལུས་གནད་བཅའ་ཞིང་། རླུང་རོ་གསལ་བ་དང་། །ཡང་དག་པའི་དོན་ལ་སེམས་གནས་པའི་ཕྱིར་དྲན་པ་བསྟེན་རྩམཙམ་མ་གཏོགགཏོགས །མི་དགེ་བ་དང་ལུང་མ་བསྟན་ལྟ་ཅི་སྨོས། །ཏིང་ངེ་འཛིན་འདི་ལ་བརྟན་པ་ཅུང་ཟད་མ་ཐོབ་ཀྱི་བར་དུ་དགེ་ལས་ཀྱི་སྤྲོས་པ་ཡང་ཕལ་ཆེར་བསྐྱུངས་ནས་ལུས་བྱ་བྱེད་ཀྱིས་དབེན་པ། ག་
༡༥༡ སྨྲ་བརྗོད་ཀྱིས་དབེན་པ། སེམས་རྣམ་རྟོག་གི་དབེན་པ་གཅིག་རྣམས་དགོས་པས། དབེན་པ་གསུམ་བསྟེན་པ་ཞེས་བྱ་བ་ཡིན་ནོ། །དེ་ལ་འདི་སྐབས་སུ། མུན་ཁང་དང་བལྟ་སྟངས་ངེས་པ་ཅན་ལ་སོགས་པ་མཐའ་གཅིག་ཏུ་དགོས་པ་མ་ཡིན་ཡང་དངོས་བཞི་སོར་བསྡུད་ལ་མྱུར་དུ་འཇུག་དགོས་པས་དེའི་ལམ་བྱང་བར་འགྱུར་བའི་ཕྱིར། མུན་ཁང་དང་བལྟ་སྟངས་ངེས་པ་ཅན་ཡང་ཕྱག་ལེན་ལ་མཛད་པར་གདའ། དེས་ན་འདི་ལྟར་བྱ་སྟེ། གནས་སྤྱིའི་མཚན་ཉིད་ནི། དུས་འཁོར་རྩ་རྒྱུད་ལས། གང་ནས་སྐྱོང་ཆོས་ལྡན་ཞིང་། གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། བདེ་བ་གནས་ས་འཛིན་རྩོད་མེད་པ། དེར་ནི་རྣལ་འབྱོར་ཡང་དག་བཙམས། །ཞེས་གསུངས་པ་ལྟར་གྱི་ཡུལ་ཕྱོགས་དང་མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་པ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོན་ཏན་ལྡན། །ཅེས་དང་། ཇི་སྐད་དུ། ལས་དང་པོ་ཡི་གང་ཟག་གིས། །ལུང་དབེན་པ་ལ་མ་བརྟེན་པར། །སེམས་དབེན་རྙེད་པར་མི་འགྱུར་བས། །འདྲིས་སྤངས་དབེན་པར་གནས་པར་བྱ། །འདྲིས་པས་འདྲིས་ཤིང་ཆགས་པར་བྱེད། །དེ་ཡིས་འཁོར་བའི་འཁོར་ལོ་བསྐོར། །དེ་བས་འདྲིས་པ་སྤང་བ་ལ། །རྟག་ཏུ་བག་དང་ལྡན་པར་བྱ། །ཞེས་པ་ལྟར། ཉིན་མོ་སྐྱེ་བོའ་རྒྱུ་འགྲུལ་མེད་པ། །མཚན་མོའ་བརླག་ཅོར་མེད་པ། འཚེ་བའི་འཇིགས་པ་མེད་ཅིང་། འཐུང་རྒྱུའི་ཆུ་ལུས་ལ་མི་གནོད་པ་ཅིག་དགོས། ཐུན་མོང་མ་ཡིན་པའི་གནས་ཀྱི་ཁང་པར་འབྱོར་ལྡན་ཡིན་ན། སྟེང་ཁང་ངམ་བར་ཁང་མུན་ཁང་སྒོ་ཁྱོག་རིམ་པ་གསུམ་པ། སྐར་ཁུང་ཕྱི་ཆུང་ལ་ནང་ཡངས་པ། ཕྱི་ན་མཐོང་དཀར་ཞིང་། དེ་འབོ་རྡོ་སོགས་ཀྱིས་བཀག་ན་སྣང་བ་རྟ་རྔ་ཙམ་ཡང་མི་འབྱུང་བ་ཞིག་དགོས་པ་ཡིན་ལ། ཀུན་སྤངས་ཀྱི་གནས་ནི། ས་ཕུག་དང་། བྲག་ཕུག་དང་། ཁྱིམ་ལ་སོགས་པ་
༡༥༢ ཇི་ལྟར་རིགས་པ་སྟེ། འོན་ཀྱང་སྐམ་ཞིང་ས་རླངས་མེད་པ་མུན་པ་ཤིན་ཏུ་གནག་པ་ཞིག་དགོས་ལ། དེ་ལྟར་ཡོད་ན་གང་དུའང་རུང་ངོ་། །གནས་དེར་སྔོན་འགྲོ་སྒོམ་པའི་ཚུལ་ནི། ཐུན་དང་པོ་ལ་སྐྱབས་འགྲོ་སེམས་བསྐྱེད། བླ་མའི་རྣལ་འབྱོར་བསྐྱེད་རིམ་རྣམས་ལུས་གནད་ཅི་བདེ་བའི་ངང་ནས་བྱ། ཐུན་ཕྱི་མ་རྣམས་ལ་སྐྱབས་འགྲོ་སེམས་བསྐྱེད་བསྡུས་པ་དང་། བླ་མ་ལ་མོས་གུས་དུང་ཙམ་བྱས་པས་ཆོག །སྔར་བསགས་སྦྱང་གི་འཁྲིད་གཉིས་ལ་ཉམས་མྱོང་མ་སྐྱེས་ན། ཐུན་དང་པོ་ལ་ཡིག་རྒྱ་དང་མཎྜལ་ཡང་བྱེད་དགོས་པས། སྐྱབས་འགྲོ་སེམས་བསྐྱེད་གྲུབ་མ་ཐག་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་། དེའི་རྒྱུན་ལ་མཎྜལ་དང་། བླ་མའི་རྣལ་འབྱོར་དང་། ཤུནྱ་ཏས་སྟོང་པར་སྦྱང་བ་ནས། སེམས་འཛིན་པའི་བར་གྱིས་བསྐྱེད་རིམ་ཀྱང་བྱེད། དེའི་ནང་ནས་ཀྱང་ཅུང་ཟད་རྒྱས་པ་ལ་སྤྲོ་ན་སྔར་བཤད་པ་བཞིན་དང་། བསྡུ་ན་སྐྱབས་འགྲོའི་སྐབས་སྐྱབས་ཡུལ་རང་ལ་མ་བསྟིམ་པར་མདུན་དུ་བཞུགས་སུ་གསོལ་བ་ལ། མཎྜལ་གྱི་སྐབས་སུ་མཎྜལ་འབུལ་བ་དང་། དེ་ཁོ་ལ་གསོལ་འདེབས་མན་ཆད་ཀྱི་བླ་མའི་རྣལ་འབྱོར་རྣམས་བྱས་པས་ཟོར་ཡང་ཞིང་གནད་ལ་འབྱོར་བར་འོང་། ཐུན་གྱི་སྔོན་འགྲོ་ཉམས་སུ་ལེན་ལུགས་དབེན་གསུམ་གྱི་སྐབས་འདིར་མ་ཟད། འདི་མན་ཆད་དངོས་གཞིའི་སྐབས་སོགས་ཐམས་ཅད་དུ་འདྲ་བ་ཡིན་ནོ། །དབེན་གསུམ་གྱི་ཉམས་ལེན་དངོས་ནི། མུན་ཁང་དེར་བསམ་གཏན་འབོལ་ཆུང་བཏིངས་ནས། ལུས་གནད་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་། སྒལ་ཚིགས་དང་ལྟག་པ་བསྲང་། ལྐོག་མས་ཨོལ་མདུད་ནོན་ཙམ་གྱིས་མགྲིན་པ་དགུག །སོ་མཆུ་རང་བས་བཞག །ལྕེ་རྩེ་རྐན་ལ་སྦྱར། མིག་གི་ལྟ་སྟོང་ས་དང་ལག་པ་ནི་སྐབས་འདིར་ཇི་ལྟར་བདེ་བ་ཡིན་མོད་ཀྱང་། དངོས་བཞིའི་སྐབས་ལག་པ་ཁུ་ཚུར་བརླར་བཞག་དགོས་པས་དེ་འབྱོངས་པའི་ཕྱིར་འདིར་ཡང་བྱ་སྟེ།
༡༥༣ མཐེ་བོས་སྲིན་ལག་གི་རྩ་བ་མནན་པ་ལ་སོར་མོའ་རྣམས་ཀྱིས་ཕྱི་ནས་བསྡམས་པའི་ཁུ་ཚུར་ཀྱིས་བརླའི་རྩ་བར་མནན་ལ་ལག་ངར་བསྲང་། མིག་ཀྱང་དངོས་གཞི་དང་ཕྱོགས་མཚུངས་པར་སྟེང་ཕྱོགས་ཀྱི་ནམ་མཁའ་ལ་བལྟ་བའི་ཚུལ་གྱི་གྱེན་དུ་བསྒྲིལ་ནས་འབྱེད་འཛུམ་སོགས་མི་བྱེད་པར་གཡོ་མེད་དུ་བཞག །དེ་དེ་ལྟར་ལུས་གནད་བཅས་མ་ཐག་ཏུ་སྔར་རླུང་འཁྲུགས་པ་དང་འཁྱམས་པ་སེལ་ཅིང་ཕྱིས་རླུང་སྐྱོན་མི་འབྱུང་བའི་ཕྱིར་རླུང་རོ་ལན་གསུམ་སྣ་སྒོ་ནས་སངས་ཀྱིས་འབུད། དེ་རྗེས་ནས་ཐུན་གྲོལ་གྱི་བར་དུ་རླུང་རང་བབས་སུ་བཞག །ཅི་བདེར་རྒྱུ་རུ་གཞུག །སེམས་ཀྱི་གནད་གང་ཡང་བསམ་དུ་མེད་པ། ཅི་ཡང་ཡིད་ལ་མི་བྱེད་པ། ཆེད་དུ་མ་སྒྲིམ། ཆེད་དུ་མ་གློད། བར་ནམ་མཁའ་སོགས་ལ་ཆེར་གྱིས་བལྟ་བ་ཡང་མ་ཡིན། ཚུར་རང་ཉིད་ལ་ཆེད་དུ་ལྟ་བ་ཡང་མ་ཡིན། གང་ལ་ཡང་མི་བརྟེན་ཅིར་ཡང་འཆར་རུང་ཙམ་དེ་ལ། བཟོ་བཅོས་མེད་པར་ལྷོད་དེ་བཞག །དེ་ཁ་ལ་གནས་ཤིང་སྒོམ་དུ་བཏུབ་ན་ལེགས། གལ་ཏེ་སེམས་འཕྲོ་ན་དེའི་གཉེན་པོ་བརྟེན་དགོས། དེ་ལ་འཕྲོ་ལུགས་གཉིས་ཏེ། སེམས་གནས་འཕྲོ་ལ་རྣམ་རྟོག་ཐོལ་ཐོལ་སྐྱེ་ཞིང་གཟུགས་སོགས་ཡུལ་གྱི་རྣམ་པ་ཡིད་ལ་ཝལ་ཝལ་འཆར་ལ། ཤར་མ་ཐག་ཏུ་སེམས་འཕྲོས་པ་རང་གི་ཤེས་ཀྱིན་འདུག་ན། དེ་ལ་དགའ་མི་དགའ་དང་རྟོག་དཔྱོད་གང་ཡང་མི་བྱ་བ་དེ་ཉིད་འཕྲོ་རྦད་ཀྱིས་བཅད་ནས། སེམས་འཇོག་ཚུལ་སྔར་གྱི་དེ་ཁ་བསྐྱངས་པས་ཆོག །ཡང་རྣམ་རྟོག་གཅིག་ལ་གཅིག་བརྒྱུད་པ་སྣ་ཚོགས་པ་འཕྲོ་ཞིང་ཡུན་རིང་པོར་འབྱམས་འགྲོ་ན་སྐྱོན་ཆེ་སྟེ། འོན་ཀྱང་འདི་ལ་ནམ་དྲན་པས་ཟིན་མ་ཐག་ཏུ། ད་ཕྱིན་ཆད་འོག་འགྱུ་རྒྱརྒྱུ་འབྱམས་སུ་འགྲོ་བ་འདི་མ་བྱུང་བ་བྱེད་དགོས། ནམ་འཕྲོ་བ་ན་དྲན་པས་ཟིན་པར་བྱའོ་སྙམ་པའི་འདུན་པ་དྲག་པོས་སྐབས་
༡༥༤ སྐབས་སུ་བཏང་། གང་ཡང་བསམ་དུ་མེད་པའི་ངང་ནས་རིག་པ་ཁོང་སྒྲིམ། སེམས་གནས་སམ་མི་གནས། འཕྲོ་འམ་མི་འཕྲོ་སྙམ་པའི་དྲན་ཤེས་ཀྱི་བྱ་ར་ཡང་ཡང་བཏང་བས། འོག་འགྱུ་རྒྱརྒྱུ་འབྱམས་ཀྱི་སོང་བ་དེ་ཇེ་ཆུང་ཇེ་ཆུང་ལ་སོདསོང་པ། མི་རིང་བ་ན་སོངས་ཏེ་འགྲོ། །དེ་ལྟར་རྩེ་གཅིག་ཏུ་འཇུར་ལ་སྒོམ་ཞིང་། ཐུན་འཇོག་ཁར་དགེ་བ་བསྔོ་བ་གོང་དང་འདྲ། ཐུན་མཚམས་སུའང་སེམས་བཟོ་མེད་ཀྱི་གདངས་དང་མ་བྲལ་བ་བྱ་ཞིང་། གཏམ་ཅལ་ཅོལ་མི་སྨྲ། སྐུ་མཉེ་དང་ཁ་ཟས་ཀྱི་ལྕག་གིས་བསྐུལ། །འདི་ལྟར་བསྒོམ་པས་ལུས་ཉམས། ངག་ཉམས་སེམས་ཉམས། མཐོང་ཉམས། རྨི་ལམ་སོགས་གང་བྱུང་ཀྱང་། ཉམས་ཀྱི་སྣེ་མི་བསྐྱིལ་མི་བཀག་པར་རང་བབས་ལ་གང་བྱུང་དེ་ཀ་བྱུང་རྒྱལ་ལྷུག་པར་བསྐྱང་དགོས། ཇི་སྐད་དུ། གང་ལའང་སྐྱོན་དུ་མི་བལྟ་ཞིང་། །ཅི་ཡང་མ་ཡིན་ཉམས་སུ་བླངས། །དྲོད་རྟགས་ལ་སོགས་འདོད་མི་བྱ། །སྒོམ་དུ་མེད་པར་བསྟན་མོད་ཀྱང་། །ལེ་ལོ་བཏང་སྙམས་དབང་མི་བཏང་། །ཞེས་གསུངས་པ་ལྟར་ཡིན། ཐུན་ཐུན་མཚམས་ཐམས་ཅད་དུ་བཟང་དུ་རེ་བ་དང་། སྐྱོན་གྱིས་དོགས་པ་མི་བྱ། སྤྱོད་ལམ་དྲག་ཤུལ་དང་། འདོད་ཡོན་ལ་དགའ་བ་སོགས་ཀྱི་རྣམ་རྟོག་སྤངས། ཀུན་ཏུ་བྱང་ཆུབ་ཀྱི་སེམས་མ་ཉམས་པར་བསྲུང་། གོས་སོགས་གྲང་དྲོ་རན་པ་དང་། མཚན་མོའ་གཉིད་ཚིམ་པར་ལོག །ཉིན་མོའ་གཉིད་སྤངས། ཐུན་གྱི་སྐབས་རྩེ་གཅིག་ཏུ་ཤུགས་ཕྱུང་ལ་སྒོམ་ཞིང་། ཐུན་ཡུན་བསྲིང་བ་ལེགས་སོ། །དམིག་བསྐོར་བདུན་པ་དབེན་གསུམ་གྱི་འཁྲིད་ཚར། འདི་སྐབས་ཞག་གཉིས་གསུམ་སྒོམ་དུ་བཅུག་ཅིང་། དེ་བར་ལ་སྤོ་ཞིང་དགོས་ན། དབེན་པའི་ཕན་ཡོན་དང་། ཞི་ལྷག་གི་རང་བཞིན། དབེན་གསུམ་གྱི་གནད་རྣམས་ཞིབ་མོར་བཤད། དེ་ལྟར་ལེགས་པོར་ངེས་སུ་བཅུག་
༡༥༥ ནས་ལག་ལེན་བསླབ། བྱིན་རླབས་བྱ། ལག་ལེན་སྤྲོས་པ་ལ་དགའ་ན། བྱིན་རླབས་འབེབས་ཤིང་གཏོར་དབང་ཡང་བསྐུར་ཏེ། དེའི་ཚུལ་ནི་བླ་མ་གོང་མ་རྣམས་ཀྱིས་ལོགས་སུ་ཡི་གེ་མཛད་པ་ལྟར་ཤེས་པར་བྱའོ། །དེ་རྗེས་ནས་མུན་འཁྲིད་ཀྱི་མཚམས་ལ་འཇུག །འཁྲིད་ལྟ་ཡང་ཡང་བྱ་ཞིང་། གནད་དུ་མ་འབྱོར་བ་རྣམས་བཅོས། གེགས་སེལ་དང་ངོ་སྤྲོད་པ་སོགས་སྐབས་སུ་གང་བབ་བྱའོ། །དེ་དག་གིས་ནི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་འགྲོའི་འཁྲིད་རྣམས་ཚར་བ་ཡིན་ནོ། །གཉིས་པ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་དངོས་བཞི་སྒོམ་པའི་རིམ་པ་ནི། དུས་འཁོར་རྩ་རྒྱུད་དང་། གསང་འདུས་རྒྱུད་ཕྱི་མ་ལས། སོ་སོར་བསྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་ཤིང་། བདེ་མཆོག་རྩ་རྒྱུད་ལས། སྔགས་བཟླས་པ་དང་བསམ་གཏན་དང་། བདེ་བས་ཀྱང་ནི་འགྲུབ་པར་འགྱུར། ཅེས་དང་། དགྱེས་རྡོར་ལས་ཀྱང་། ཡན་ལག་དྲུག་བསྒོམ་རྣལ་འབྱོར་བས། །ཞེས་སོགས་མང་དུ་གསུངས་ཏེ། མདོར་ན་ཡན་ལག་དྲུག་ནི། སོར་སྡུད་གྱི་ཡན་ལག་བསམ་གཏན་སྲོག་རྩོལ་འཛིན་པ། རྗེས་དྲན་ཏིང་ངེ་འཛིན་གྱི་ཡན་ལག་སྟེ། དྲུག་པོ་དེ་ཡིན་ལ་དེ་དག་རྡོ་རྗེ་བཞིའི་རྣལ་འབྱོར་གྱི་དབང་དུ་བྱས་ན། སོར་བསམ་སྐུ་རྡོ་རྗེའི་རྣལ་འབྱོར། སྲོག་འཛིན་གསུང་རྡོ་རྗེའི་རྣལ་འབྱོར། རྗེས་དྲན་ཐུགས་རྡོ་རྗེའི་རྣལ་འབྱོར། ཏིང་ངེ་འཛིན་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་རོ། །བསྙེན་བསྒྲུབ་ཡན་ལག་བཞི་ལྟར་ན། །སོར་བསམ་བསྙེན་པ། སྲོག་འཛིན་ཉེར་སྒྲུབ། རྗེས་དྲན་སྒྲུབ་པ། ཏིང་ངེ་འཛིན་སྒྲུབ་ཆེན་ནོ། །དགེ་བ་གསུམ་ལྟར་ན། སོར་བསམ་ཐོག་མར་དགེ་བ། སྲོག་འཛིན་བར་དུ་དགེ་བ། དྲན་ཏིང་ཐ་མར་དགེ་བའོ། །རྒྱུ་འབྲས་གཉིས་ལྟར་ན། །སོར་སྡུད་སྲོག་
༡༥༦ རྩོལ་རྗེས་དྲན་གསུམ་རྒྱུའི་ཡན་ལག་བསམ་གཏན་འཛིན་པ། ཏིང་ངེ་འཛིན་གསུམ་འབྲས་བུའི་ཡན་ལག་གོ །ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོའ་རྣལ་འབྱོར་དུ་གཅིག་ལ། ཡན་ལག་དངོས་རྣམས་ནི་སྔ་མ་སྔ་མ་མཐར་ཕྱིན་ནས་ཕྱི་མ་ཕྱི་མ་རྒྱུད་ལ་སྐྱེ་བས་ཐོག་མར་སྐྱེ་བའི་དུས་སྐབས་རིམ་ཅན་དུ་གནས་ཤིང་། དེ་དག་སྐྱེ་བའི་རྒྱུ་ཚོགས་ལ་བསླབ་པ་ཡན་ལག་དྲུག་རྗེས་མཐུན་པ་ནི། ཐོག་མར་སོ་སོར་ཞུས་ཤིང་སྦྱང་ནས། དེ་རྗེས་སྟན་ཐོག་གཅིག་ཏུ་རྫོགས་པར་ཉམས་སུ་ལེན་ནོ། །དེས་ན་སྐབས་འདིར་དངོས་གཞི་ལ། ཐོག་མར་དགེ་བའི་འཁྲིད། བར་དུ་དགེ་བའི་འཁྲིད། ཐ་མར་དགེ་བའི་འཁྲིད་དེ་གསུམ་ལས། དང་པོ་ལ། སོ་སོར་བསྡུད་པའི་འཁྲིད་དང་། བསམ་གཏན་གྱི་འཁྲིད་དོ། །དང་པོ་ནི། གོང་མ་མང་པོ་དག་དུས་ཞབས་སྙན་བརྒྱུད་ལས། ཀུན་ལའང་དྲུག་ཏུ་ཤེས་བྱ་སྟེ། ཞེས་པའི་གོ་དོན་དུ་མཛད་ནས། ཡན་ལག་ཐམས་ཅད་ལ་ས་བཅད་དྲུག་གིས་འཆད་པ་གདའ། ས་བཅད་ནི་བཤད་པ་ཡིན་པས་ཇི་ལྟར་སྦྱར་ཀྱངཡང་རུང་མོད། སྐབས་འདིར་གོང་མའི་གསུང་ལས་ཀྱང་མི་འདའ་ཞིང་། གོ་བདེ་བར་སྦྱར་ན་འདི་ལྟར་ལེགས་ཏེ། སོར་སོར་བསྡུད་པའི་འཁྲིད་སྟོན་པར་བྱེད་པ་ལ། ཉམས་ལེན་དམིགས་པའི་གནད་དང་། སྒོམ་དོན་བློ་ལ་འགོད་པ་གཉིས་སོ། །དང་པོ་ལ། སོར་བསྡུད་དངོས་དང་། བོགས་འདོན་སྤོགས་པའི་ཆོ་ག་གཉིས་སོ། །དང་པོ་སོར་བསྡུད་དངོས་ལ། མཚན་མོ་གསེང་མེད་ནམ་མཁའི་རྣལ་འབྱོར་དང་། ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་འབྱོར་རོ། །དང་པོ་ནི། རྒྱུད་ལས། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། ཅེས་གསུངས་ཏེ། སྔོན་འགྲོ་སྔར་བཞིན་བཏང་། གནས་ཁང་སྐབས་འདིར་ངེས་པར་མུན་ཁང་ཁོ་ན་ཡིན་ཅིང་། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་ངེས་པར་དགོས་ཏེ། དྲི་མེད་འོད་
༡༥༧ ལས། བླ་མའི་ངེས་པའི་དབང་གིས་སྒོམ་པའི་དུས་དང་། འདོད་པའི་ལྷ་ལ་བསྟོད་པའི་དུས་སུ་གྲགས་བཞིན་དུ་སངས་རྒྱས་པ་རྣམས་ལ་རྡོ་རྗེའི་གདན་བསྔགས་ཤིག །ཅེས་གསུངས། ལག་པའང་མཉམ་བཞག་གམ་ཁུ་ཚུར་བརླར་བཞག་གང་རུང་ཞིག་དགོས་པར་གསུངས་པས་གཞན་མི་བྱ། ལྟ་སྟངས་ནི་རྒྱུད་ལས་བསྙེན་པ་ལ་ནི་དང་པོའ་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའ་ལྟ་བས་སོ། །ཞེས་འབྱུང་བས། གཙུག་ཏོར་འཁོར་ལོས་བསྒྱུར་བའི་ལྟ་སྟངས་ཞེས་བྱ་བ། སྨིན་མཚམས་ནས་སོར་བཅུ་དྲུག་གཞལ་བའི་སྟེང་གི་ནམ་མཁའ་ལ་ལྟ་བ་འདི་ཁོ་ན་དགོས། དེ་ཡང་དབང་མདོར་བསྟན་ལས། བཀབ་དང་མ་བཀབ་མིག་དག་གིས། །ཞེས་གསུངས་པས། མིག་ཧ་ཅང་གདངས་པ་མ་ཡིན་པ། །ཧ་ཅང་བཙུམ་པ་མ་ཡིན་པ། །རང་བབས་ཀྱི་ངང་ནས་མིག་འབྲས་གྱེན་ལ་བཟློག་པ་ཡིན། དམིགས་གསལ་ཅན་རྣམས་མ་ཏོགས། སོར་བསམ་གཉིས་ཀྱི་སྐབས་ཐམས་ཅད་དུ་ལུས་གནད་ལྟ་སྟངས་འདི་ཁོ་ནར་ངེས་སོ། །དེ་ལྟར་ལུས་གནད་བཅས་ནས། བྱ་བ་གཞན་སྤངས་ཏེ་བཞག་པས་རྩ་རྣམས་གཡོ་མེད་དུ་གནས་པ་ནི་ལུས་མི་གཡོ་བ། ངག་གནད་དབེན་གསུམ་གྱི་སྐབས་བཞིན་བྱས་པས་ངག་མི་གཡོ་བ། སེམས་ཀྱི་གནད་ཀྱང་ཕལ་ཆེར་དབེན་གསུམ་དང་འདྲ་བ་ལས། གང་དུ་མིག་ལྟ་བའི་ཐད་ནམ་མཁའི་མུན་པ་ལ་སེམས་ཆེ་རེ་གཏད་ནས་འཇོག་པ་ཡིན་ཏེ། དྲི་མེད་འོད་ལས། དང་པོར་སྟོང་ཉིད་བྱང་ཆུབ་ནི་མུན་པ་ལ་ཅི་ཡང་བསམ་པར་མི་བྱའོ། །ཞེས་གསུངས་ཏེ། ཡིད་མི་གཡོ་བའོ། །དེ་ལྟར་ན། གྲུབ་ཐོབ་ཤཱ་ཝ་རི་པའི་ཞལ་ནས། མི་གཡོ་བ་ནི་གསུམ་ལྡན་གྱིས། དྷུ་ཏཱིར་རླུང་བཅུ་ཚུད་གྱུར་པས། ཕྱི་ནང་རྟོག་འགགས་རྟགས་བཅུ་འབྱུང་། སོ་སོར་གཅོད་པའི་ཡན་ལག་ཡིན། །ཞེས་གསུངས་པའི་དོན་ཚང་བར་བྱ་ཞིང་། དཔལ་ས་ར་ཧས་ཀྱང་།
༡༥༨ མང་དུ་སྨྲས་པས་ཅི་ཞིག་བྱ། །ཆོས་ཀྱི་ཚང་ནི་འདི་ཡིས་ཆོག །སིག་ཕྱེད་གྱེན་དུ་ལྟ་བ་ན། མཐོང་བ་བརྟན་པ་ཏིང་གྱིས་ཤེས། ཞེས་དང་། །བར་སྣང་ལ་ནི་ཡིད་དང་རླུང་དང་མིག །དུས་གཅིག་ཏུ་ནི་གལ་ཏེ་ངེས་སྦྱར་ན། །རིན་ཆེན་རྒྱལ་བའི་ཡོན་ཏན་ངེས་པར་སྐྱེ། །འདི་དག་མཐའ་དག་དེ་བཞིན་གཤེགས་པས་གསུངས། །ཞེས་དང་། ལྟ་སྟངས་ངེས་པར་གྱེན་དུ་བལྟ་དགོས་པ་ཡང་། འབྲེལ་ཆེན་ལས། མིག་མི་འཛུམ་པར་སྟེང་དུ་ལྟ་བས། མཚན་མར་འགྱུར་བ་ཡིན་ཏེ། ཞེས་གསུངས་སོ། །དེ་ལྟར་ན། ལུས་གནད་བྱེད་བཅིང་དང་ལྡན་པས་ཡིད་མིག་རླུང་གསུམ་གཙུག་ཏོར་ཐད་ཀྱི་ནམ་མཁའ་དང་དབྱེར་མེད་དུ་བསྲེས་ཏེ། གང་ཡང་ཡིད་ལ་མི་བྱེད་པར་སྒོམ་དགོས་སོ། །སོར་སྡུད་ཀྱི་དམིགས་པ་དངོས་ཏེ། དངོས་བཞིའི་དམིགས་པ་དང་པོའོ། །ཡང་པཎ་ཆེན་བོ་དྷུ་ཏི་ཙནྡྲའི་མན་ངག་ལས། དམིགས་པ་གཏོད་ཚུལ་མི་འདྲ་ཙམ་བཞི་བྱུང་བའི་མན་ངག་ནི་འདི་ཡིན་ཏེ། སོར་སྡུད་ཀྱི་དམིགས་པའི་རྩ་བ་སྔར་བཤད་པ་དེ་ཉིད་བསམ་མེད་ཀྱི་རྣལ་འབྱོར་ཞེས་བྱ་བ། དཔེ་ལྷ་ཁང་ནང་གི་ལྡེལྡེབ་བཟོ་ལྟ་བུ་ཟེར། དེ་སྐབས་སེམས་མ་གཞུར་བའི་སྐྱོན་གྱིས་རྟོག་པ་འཕྲོ་བའམ། སྒོམ་སྐྱོན་ཅན་ཐེབས་ཏེ། ཤེས་པ་ལྟེང་པོར་སོང་ནས་སྒོམ་མིན་གཉིད་མིན་དུ་འགྲོ་ན། །ལྟ་ལྟངསསྟངས་ཀྱི་ལམ་ནས། དྲངས་ཏེ། ནམ་མཁའི་དབུས་སུ་སེམས་ཐིམ་འགྲོ་བ་ལྟ་བུ་ཤེས་པ་དྲག་ཏུ་གཏད། རིམ་པ་ཧུར་ཕྱུང་ཏེ་སྒྲིམས་ནས་སྒོམ་པ་ནི། རྩེ་གཅིག་པའི་རྣལ་འབྱོར་ཞེས་བྱ་སྟེ། སྤྲེའུ་སྒོ་གཅིག་ཏུ་གཏགས་པ་ལྟ་བུའོ། །དམིགས་བསྐོར་གཉིས་པའོ། །དེ་ལྟར་སྒོམས་པས་རླུང་སྟོད་དུ་འཚང་བ་དང་། མིག་རུས་ན་བ་དང་། ཡེ་ཤེས་ཕེབས་པ་མ་ཡིན་པར་བརྒྱལ་བ་དང་། ཟུག་གཟེར་སྐྱེ་བ་སོགས་བྱུང་ན། བྱེད་བཅིང་སྔར་ལས་མ་གཡོས་བཞིན་དུ་སེམས་གསལ་རིག་གི་སྟེང་
༡༥༩ ཆེ་རེ་བཟོ་བཅོས་མེད་པར་བཞག་ཅིང་། འདས་མ་འོང་གི་རྣམ་པར་རྟོག་པར་སྤངས་ཏེ། ད་ལྟར་བའི་ཤེས་པ་སོ་མ་ལ་རང་ངོ་ཤེས་པའི་དྲན་པ་བསྟེན་པ་ནི། རང་གྲོལ་གྱི་རྣལ་འབྱོར་ཏེ། དཔེ་སྤུན་གསུམ་གྱི་བར་མ་དང་འགྲོགས་པ་ཞེས་བྱ་སྟེ། དམིགས་བསྐོར་གསུམ་པའོ། །དམིགས་པ་དེ་ཉིད་ཀྱི་སྐབས་སུ། སེམས་སྒྲིམས་པས་ཡུད་ཙམ་རེ་གནས་ཤིང་། དེའི་འཕྲོ་ལ་ཇི་ཙམ་སྒྲིམས་ཀྱིན་འཕྲོ་རྐོང་དུ་སོང་ན། ཧ་ཅང་གྲིམས་དྲགས་པའི་སྐྱོན་ཡིན་པས། མ་ཡེངས་པའི་དྲན་པའི་བྱ་ར་ཙམ་བཞག་ནས། གང་ཡང་མི་བསྒོམ་པར་ལྷོངལྷོད་ཀྱིས་གློད་དོ། །འདི་ནི་རྩོལ་བྲལ་ཀྱི་རྣལ་འབྱོར་ཏེ། དཔེ་རྔ་མོམོང་བཏགས་གྲོལ་ལྟ་བུའོ། །དམིགས་བསྐོར་བཞི་བའོ། །དམིགས་པ་ཕྱི་མ་གསུམ་པོ་འདི་རྣམས་ཀྱང་དང་པོའ་སྟེང་དུ་ཚང་བར་བྱ་སྟེ། རེས་འགའ་སྒིམ། རེས་འགའ་གློད། རེས་འགལ་སེམས་གསལ་རིག་གི་ངོ་བོ་ལ་ལྟ། ཕལ་ཆེར་རྩོལ་བྲལ་བཟོ་མེད་དུ་འཇུག་པ་ཉིད་མཐིལ་དུ་བྱས་དེ་སྒོམ་མོ། །དམིགས་བསྐོར་ལྔ་པའོ། །མཚན་མོའ་རྣལ་འབྱོར་གྱི་དམིགས་པ་དང་པོ་ཕོག་པའི་མཚམས་སམ། སྐབས་འདི་གཉིས་གང་འོས་ཤིག་ཏུ་དངོས་གཞིའི་མུན་འཁྲིད་དམ་པོ་ལ་འཇུག་པར་བྱའོ། །གཉིས་པ་ནི། ཉིན་མོའ་རྣལ་འབྱོར་ཡིན་ཏེ། དེ་ལ་གནས་ཀྱི་ཁྱད་པར་ནི། འབྱོར་ལྡན་གྱི་གནས་ཕྱེད་གཡབ་ཁ་ཤར་བསྟན་དང་ནུབ་བསྟན་ལྟ་བུ་ཡིན་ལ། ཀུན་སྤངས་ཀྱི་གནས་ནི། སྐྱོར་འམ། བྲག་དང་ཤིང་ལ་སོགས་པས་རང་གི་ལུས་ལ་གྲི་མ་མ་འབྱུང་ཞིང་། སྐྱེ་བོ་གཞན་གྱིས་ཚུར་མི་མཐོང་བ་ཞིག་དགོས་ལ། གཉིས་ཀ་ལ་ཡང་མཚུངས་པར་ནམ་མཁའ་རྒྱ་ཆེན་པོ་མཐོང་བའི་སར་སྒོམ་དགོས་པ་ཡིན་ནོ། །མིག་ལམ་ན་མར་ཆུ་འབབ་པ་དང་། མཚོ་རྫིང་སྟེང་ཀ་སོགས་མཐོང་སར་མི་སྒོམ། ཞེས་བླ་མ་གོང་མ་འགའ་ཞིག་བཞེད་ཅིང་། ནུབ་བྱང་ལ་མི་ལྟ་ཞེས་ཀྱང་ཁ་ཅིག་འདོད་ལ།
༡༦༠ ཉི་འོད་དང་། གངས་རི་སོགས་འོད་འཚེར་བས་མིག་ལ་གནོད་པས། དེ་དག་ཀྱང་མིག་ལམ་དུ་མི་འབྱུང་བའི་སའོ། །དུས་ནི་སྔ་གྲོདྲོ་ཉི་མར་རྒྱབ་ཕྱོགས་ཏེ། །ཕྱི་དྲོ་ཡང་ནི་དེ་བཞིན་ནོ། །ཉི་ཕྱེད་མིག་ལ་གནོད་པས་སྤངས། །ཞེས་པ་ལྟར། སྔ་དྲོ་ཁ་ནུབ་ཏུ་ཕྱོགས། །ཕྱི་དྲོ་ཁ་ཤར་དུ་ཕྱོགས་པར་སྒོམ་ཞིང་། ཕྱེད་གཡབ་བྱང་བསྟན་ནམ། བྲག་དང་རྩིག་པ་ལ་སོགས་པའི་གྲིབ་མ་ཆེ་བར་ཡོད་ན། ཉིན་གུང་ཡང་བྱང་དུ་ཕྱོགས་པས་སྒོམ་དུ་རུང་། དེ་དག་ཀྱང་སྤྲིན་སེར་བུ་ལ་སོགས་པ་མེད་པའི་དུས་སུ་སྒོམ་ཞེས་གསུངས་པ་ལྟར་ཡིན་པས། སྲོད་ཐོ་རངས་ཉིན་གུང་རྣམས་དང་། གཞན་ཡང་སྤྲིན་དང་རླུང་པོ་ཡོང་བའི་དུས་ཉིན་མོའ་རྣལ་འབྱོར་མི་སྒོམ་སྟེ། མུན་ཁང་དུ་མཚན་མོའ་རྣལ་འབྱོར་ཉིད་བསྒོམ་པར་བྱས་ལ། གནས་དུས་སོགས་མཐུན་རྐྱེན་འཛོམ་ན་འདི་ཉིད་སྒོམ་པ་ཡིན་ནོ། །བསྒོམ་བྱ་དངོས་ནི་གོང་དུ་བསྟན་པའི་མི་གཡོ་གསུམ་ལྡན་དེ་ཉིད་ཡིན་ལ་རྩེ་གཅིག་པའི་རྣལ་འབྱོར་སོགས་གནད་ཕྱི་མ་གསུམ་པོ་དེའང་གེགས་སེལ་གཉིད་འདོན་དུ་དགོས་པ་བྱུང་ན་བསྒོམས་པས། བསྒོམ་བྱ་དངོས་ཉིད་མཚན་གྱི་རྣལ་འབྱོར་གཅིག་པ་ཡིན་ལ། འོན་ཀྱང་མི་འདྲ་བའི་ཁྱད་པར་ནི་རྒྱུད་ལས། ནམ་མཁའ་ཆུ་འཇིནའཛིན་བྲལ་བ་བདག་ཉིད་ནི་རྣལ་འབྱོར་པབ་ཡི་བགྲད་པའི་མིག་གིས་ལྟ་བར་བྱ་བ་སྟེ། ཞེས་གསུང་པས་ཉིན་མོའ་རྣལ་འབྱོར་བསྟན་ཏེ། ལྟ་སྟངས་ཀྱི་གནད་ཁྲོ་བོའ་ལྟ་བ་སྣང་མིག་འབྲུ་ཚུགས་སུ་ལྟ་ཚུལ་དགོས་པ་ཡིན། དེ་བཞིན་དུ་དམིགས་པའི་ཡུལ་གྱི་གནད་ཀྱང་མུན་ནག་གི་ནམ་མཁའ་ལྟ་བའི་ཚབ་ཏུ། སྤྲིན་མེད་ཀྱི་ནམ་མཁའ་སྔོ་སང་ངེ་བ་དང་། རང་སེམས་གསལ་ཧྲིག་གེ་བ་དབྱེར་མེད་པ་ལྟ་བུ་ལ་འཇོག་གོ །དངོས་གཞིའི་དམིགས་བསྐོར་དྲུག་པའོ། །གཉིས་པ་བོགས་འདོན་སྤོགས་ཆོག་ལ། ཉིན་པར་དང་འབྲེལ་པའི་སྤོགས་ཆོག་དང་། མཚན་མོ་གཉིས་ཀྱི་འོད་
༡༦༡ གསལ་འཛིན་པའོ། །དང་པོ་ནི། དེ་ལ་སྤྱིར་ཡན་ལག་དྲུག་ཀར་གྱི་སྤོགས་ཆོག་བཙན་ཐབས་སྦྱོར་བ་རྣམ་པ་གསུམ་ཡིན་པར་རྒྱུད་ལས་གསུངས། དེ་དག་རྒྱས་པར་གཞན་དུ་ཤེས་པར་བྱ་ལ། འདིར་དང་པོའ་ལས་ཅན་ལ་སོར་སྡུད་ཁོ་ན་དང་འབྲེལ་བ་ནི། དུས་ཞབས་སྙན་རྒྱུད་ལས། སོ་སོར་བསྡུད་པའི་སྤོགས་པ་ནི། བྱེད་བཅིང་དྲག་ཏུ་བརྩམ་པར་བྱ། ཞེས་པ་དང་། བྱེད་བཅིང་གང་ལ་ཟེར་ན། རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ལས། མཚན་མོ་གསེང་མེད་ཁྱིམ་དུ་ནི། ཤིན་ཏུ་མཉམ་བཞག་སྒྲུབ་པ་པོས། །བྱེད་པ་ལྔ་ལ་བཅིང་བ་གཉིས། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་བལྟར་ཡིན་པས། འདི་ཡང་རྒྱུད་ལས་གསུངས་པའི་སྤོགས་ཆོག་བཙན་ཐབས་ཀྱི་སྦྱོར་བའི་ནང་དུ་གཏོགགཏོགས་པ་ཡིན་ནོ། །དེ་ཡང་བྱེད་པ་ལྔ་ནི་དབང་པོ་ལྔའི་རླུང་། བཅིང་བ་གཉིས་ནི་སྲོག་དང་ཐུར་སེལ་བཅིང་བ་ཡིན་པས། འདིར་ལག་ལེན་ནི་ཉིན་མཚན་གྱི་རྣལ་འབྱོར་གང་གི་སྐབས་ཡིན་ཡང་འདྲ། མིག་གཉིས་ལྟ་ས་རྒྱ་ཆེན་པོ་མ་ཡིན་པ་ཕྲ་མོ་གཅིག་ལ་དྲག་ཏུ་བསྒྲིལ། ལྕེ་ཕུགས་སུ་བཟློག །མཆུ་དང་སྣ་དང་རྣ་བ་གསུམ་བཅུད། བཞིན་ཁྲོ་བོའ་གདོང་དུ་བྱ། ལུས་ཉྭ་བཞི་བསྒྲིམ་ཞིང་རྐང་སོར་རྣམས་བཀུག །ཁུ་ཚུར་དང་སྐྱིལ་ཀྲུང་དམ་དུ་བྱ། དཔུང་པ་དྲག་ཏུ་རྒྱངས། །དེས་དབང་པོ་ལྔའི་རླུང་འཆིང་། ལྟོ་བ་ཚིགས་བཔ་ལ་གཅེར་བ་དང་། ཕྱིར་འཕེལ་ཁ་བསྐྱེད་པ་གཉིས་རེས་མོས་བྱ། །དེ་ཡང་རེ་མོས་མྱུར་པོབོ་མ་ཡིན་པར་ཆུ་ཚཽད་རེར་ཙམ་སྤེལ་དགོས། དེས་སྲོག་ཐུར་གཉིས་བཅིངས་པར་འགྱུར། དེ་ལྟ་བུ་ཐུན་གྱི་གསུམ་ཆའམ་བཞི་ཆ་ཙམ་རེ་བསྒོམ། ཐུན་གྱི་ལྷག་མ་རྣམས་དཀྱུས་བཞིན་བསྒོམ་པས། སོར་སྡུད་ཡུན་རིང་དུ་བསྒོམས་ཀྱང་ཉམས་རྟོགས་མ་སྐྱེས་པ་རྣམས་སྐྱེ། དང་པོ་ཅུང་ཟད་སྐྱེས་ཀྱང་ཉམས་པ་རྣམས་གསོ་ཐུབ། སྔར་ཅུང་
༡༦༢ ཟད་སྐྱེས་པ་མ་ཉམས་ཀྱང་དང་པོ་སྐྱེས་བ་དེ་ལས་ཡར་བསྐྱེད་མ་བྱུང་ནའང་། འདི་བསྒོམས་པས་གོང་འཕེལ་དུ་འགྲོ། དེས་ན་སྤོགས་པའི་ཆོ་ག་ཞེས་བྱའོ། །ཐོག་མ་ཉིད་ནས་འདི་བསྒོམས་ཀྱང་ཚེགས་ཆེ་ཞིང་གེགས་སྡང་ལ། ཕྱིས་བོགས་སྐྱེད་ཆུང་བར་ཡོང་བས། གོང་གི་གནས་སྐབས་གསུམ་པོ་དེ་བྱུང་ན་སྒོམ་གྱི་གཞན་མི་དགོས་སོ། །དམིགས་བསྐོར་བདུན་པའོ། །ཡང་རྩ་མི་དང་། ་ལོའ་མན་ངག་ལས། སྒརསྐར་ཁུང་ལ་ལྟ་བ་དང་། སྣོད་ཆུས་གང་བ་ལ་ལྟ་བའི་མན་ངག་རེ་ཡོད་ཀྱང་སྟོང་གཟུགས་ཀྱི་སྤོགས་ཆོག་ཏུ་ཅུང་ཟད་འགྲོ་མོད་ཀྱི། གནད་གལ་ཆུང་བར་མངོན་ནོ། །གཉིས་པ་ནི། མཚན་མོ་ཉལ་བའི་སྐབས་སོར་སྡུད་ཀྱི་ལུས་གནད་མ་འབྱོངས་མར་དུ་ནི། རང་བབས་སུ་བཞག་པ་ཉིད་ལེགས་ལ། ལུས་གནད་ལྟ་སྟངས་འབྱོངས་ནས། ཙོག་པུ་འམ། གློ་གཡས་པ་འོག་ཏུ་བཅུག་པ་སེང་གེའི་ཉལ་སྟབས་གྱིས་ཉལ་ཞིང་། མིག་བཙུམ་ནས་མིག་འབྲས་གྱེན་ལ་བཟློག་པའི་ལྟ་སྟངས་དང་། སེམས་ཀྱི་གནད་ལྟ་སྟངས་ཀྱི་ལམ་ནས་དྲངས་ཏེ་ནམ་མཁའ་ལ་ལྟ་བ་ཉིད་ཡིན་པས། དེའི་ངང་ནས་གཉིད་དུ་འགྲོ་བར་བྱའོ། །ཉིན་མོའ་སྒོམ་ཤུགས་དང་། གཉིད་དུ་འགྲོ་ཁར་མཚམས་སྦྱར་བའི་རྐྱེན་གྱིས། ཞག་བདུན་ནམ། ཟླ་བ་ཕྱེད་དམ། ཟླ་བ་གཅིག་ལ་སོགས་པ་ནས་གཉིད་ཀྱི་འོད་གསལ་ཟིན་པར་འགྱུར། ཅི་སྟེ་མ་ཟིན་ན། རང་དུས་འཁོར་ལོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་འོད་དུ་ཞུ། འོད་ཕུང་གི་མཐའ་ནས་རིམ་གྱིས་ཡལ། སྙིང་ཁའི་ཐད་དུ་ཏིལ་འབྲུ་ཙམ་མམ་སྤུ་ཤང་ཙམ་ལ་རིགས་དུ་སེམས་བཟུང་། །དེ་ཡང་ཡལ་ཏེ་ནམ་མཁའ་སྟོང་པ་ལ་སེམས་གཏད། དེ་ལྟ་བུ་ལན་བདུན་ཙམ་བསྒོམས་ནས་སྔར་བཞིན་བྱས་པས་མྱུར་དུ་ཟིན་པར་འགྱུར་རོ། །
༡༦༣ དེ་ལ་གཉིད་ཀྱི་འོད་གསལ་ཟིན་པའི་ཚད་མང་པོ་ཡོད་ཀྱང་། རེ་ཞིག་གཉིད་འཐུག་པོའ་སྐབས་སུ་གསལ་སྟོང་གི་རིག་པ་རྣམ་རྟོག་གི་གཡའ་དང་བྲལ་ཞིང་། རང་ངོ་སྐྱོང་ཤེས་པ་ལ་རྟགས་སྣང་སྣ་ཚོགས་པ་འཆར་བ་ཞིག་བྱུང་ན་གཉིད་ཀྱི་འོད་གསལ་ཟིན་པའི་གྲངགྲངས་སུ་ཆུད་པ་ཡིན་ནོ། །དམིགས་བསྐོར་བརྒྱད་པའོ། །གཉིས་པ་སྒོམ་དོན་བློ་ལ་འགོད་པ་ནི། གང་ཟག་ཤིན་ཏུ་བློ་དམན་པཔར་བཤད་ཀྱང་མི་གོ་བ་དང་། བློ་གྲོས་ཆེན་པོའ་རིགས་བཤད་མི་དགོས་པ་དང་། མགྱོགས་ཁྲིད་བྱེད་པའི་སྐབས་རྣམས་སུ་མ་བཤད་ཀྱང་ཆོག །གནས་སྐབས་གཞན་དུ་ཅི་རིགས་པར་འཆད་པ་བླ་མ་རྣམས་ཀྱི་ཕྱག་ལེན་གྱི་རྒྱན་ཡིན་ཅིང་། གལ་ཡང་ཆེ་བ་ཡིན་ཏེ་འོག་མ་རྣམས་ལའང་དེ་དང་འདྲའོ། །དེ་ཡང་མདོ་ཙམ་སྨོས་ན། སོ་སོར་བསྡུད་པའི་མཚན་དོན། སྒོམ་པའི་དུས་མཚམས། སྒོམ་ཚུལ་གྱི་ཡན་ལག །བསྒོམ་པའི་རྟགས་ཚད། དག་བྱ་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་པའི་འབྲས་བུ་སྟེ་དྲུག་གོ །དང་པོ་ནི། ལེགས་པར་སྦྱར་བ་སཾ་སྐྲྀ་ཏའི་སྐད་དུ། པྲ་ཏི་སོ་སོར། ཨཱ་ཧ་ར་སྐབས་ཐོབ་ཀྱིས་བསྡུད་པ། སྤོང་བ། ཟ་བ། གཅོད་པ་ལེན་པ་སོགས་ལ་འཇུག་པ་ལས། སྐབས་འདིར་བསྡུད་པ་སྟེ། མཚམས་སྦྱར་བས་པྲ་ཏྱ་ཧ་ར་སོ་སོར་བསྡུད་པའོ། །ཐ་མལ་པའི་དབང་པོ་ལྔ་དང་ཡུལ་ལྔའི་འབྲེལ་པ་གཅོད་ཅིང་ཡུལ་ལ་རྣམ་ཤེས་ཡན་པ་བསྡུད་པ་དང་། ཡེ་ཤེས་ཀྱི་རང་བཞིབཞིན་གྱི་དབང་པོ་གཞན་ལྔ་འོད་གསལ་གྱི་རང་བཞིན་གྱི་ཡུལ་ལྔ་ལ་ལོངས་སྤྱོད་ཅིང་ཟ་བ་དང་ལེན་པའི་དོན་ཡིན་ཏེ། མདོར་ན་ཐ་མལ་གྱི་སྣང་བ་ལ་སེམས་བསྡུད་ནས་ཡེ་ཤེས་ཀྱི་སྣང་བ་ལ་འཇུག་པའི་དོན་ནོ། །དེ་ལྟར་ཡང་རྒྱུད་ལས། སོ་སོར་བསྡུད་པ་ལུས་ལ་ཡུལ་དང་ཡུལ་
༡༦༤ ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །ཞེས་སོ། །གཉིས་པ་ནི་སོར་སྡུད་ཐོག་མར་རང་སྒོམ་པའི་སྐབས་ཀྱི་ལན་གཅིག་པོ་དེ་ལ། རླུང་སྣ་བུག་གཡོན་ནས་གཡས་སུ་འཕོས་མ་ཐག་པས་རླུང་འབབ་པའི་དུས་དེར་བསྒོམས་ན། གཡས་ཀྱི་འཕོ་བ་རྣམས་འབྱུང་བ་སྡུད་རིམ་གྱི་རྒྱུ་བ་ཡིན་པས་མ་དག་པའི་སྣང་བ་དབྱིངས་སུ་བསྡུ་བའི་རྟེན་འབྲེལ་ཁྱད་པར་ཅན་དུ་འགྱུར། གཞན་ཡང་ལས་དང་པོ་པས་གཉིད་ཀྱི་དུས་མ་གཏོགས་འབད་ནས་སྒོམ་པ་གལ་ཆེ་ཞིང་ལུས་གནད་འབྱོངས། ཏིང་ངེ་འཛིན་གྱི་ཉམས་ཅི་རིགས་པ་བརྟན་ནས་ཉིན་གུང་དང་། ཕྱི་ཕྲེང་ཀྱི་དུས་ཐུན་མཚམས་ཀྱི་རྣལ་འབྱོར་ཙམ་སྒོ་ནས་བསྐྱོངས་ན་གེགས་མི་སྡང་ཞིང་བོགས་ཆེ་བ་ཡིན་ནོ། །གསུངས་སོ། །གསུམ་པ་ལས། སོར་སྡུད་ཀྱི་ངོ་བོ་ནི་རྣམ་པར་མི་རྟོག་པ་མི་གཡོ་གསུམ་ལྡན་གྱིས་རླུང་དབུ་མར་སྡུད་པའི་ནུས་པ་ཅན་ཞིག་སྟེ། ཉིན་མཚན་གྱི་རྣལ་འབྱོར་གཉིས་ནི་སྣོད་ཀྱི་འཇིག་རྟེན་ལ་ཆགས་འཇིག་གཉིས། བཅུད་ཀྱི་སེམས་ཅན་ལ་སྐྱེ་འཆི་གཉིས། ལོ་ལ་བགྲོད་པ་གཉིས། ཟླ་བ་ལ་ཕྱོགས་གཉིས། ཞག་ལ་ཉིན་མཚན་གཉིས། ཁམས་འཕོ་བ་ལ་གཡས་གཡོན་གཉིས། དུས་སྦྱོར་དང་རླུང་གི་འཕོ་བ་ལའང་མཉམ་པ་དང་མི་མཉམ་པ་གཉིས་སོགས་ཐབས་ཤེས་ཀྱི་དབྱེ་བའི་དག་པས་ཉིན་མཚན་གྱི་རྣལ་འབྱོར་གཉིས་ངེས་པར་དགོས་པ་ཡིན་ནོ། །དེ་ལྟར་ཡང་རྒྱུད་ཕྱི་མ་ལས། མཚན་མོ་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་ནམ་མཁའ་ལ་ནི་འབར་བ་ལ་སོགས་ཀྱང་། ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང་། ཀོའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེས་ནམ་མཁའ་ལ་རྣལ་འབྱོར་དུ་བྱའོ། །ཀོའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་
༡༦༥ དུ་བྱེད་པ་དེས་བླ་གམ་མེད་པ་ལ་རྣལ་འབྱོར་དུ་བསླབ་པར་བྱའོ། །ཅེས་གསུངས་པས། གནས་ལུགས་རྟོགས་པའི་ཐབས་ལ་ཉིན་མཚན་གྱི་རྣལ་འབྱོར་གཉིས་ཚང་པ་དགོས་པ་མདོ་སྔགས་གཉིས་ཀའི་དགོངས་པ་ཡིན་ཅིང་ཞིང། འོན་ཀྱང་ལུས་ལ་གནད་དུ་བསྣུན་པ་སོགས་ཐབས་ཁྱད་པར་ཅན་གཞན་གྱི་སྒོ་ནས་གསང་སྔགས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཁྱད་པར་དུ་ཡང་འདིའི་གནད་ནི། མཚན་མའི་རྣལ་འབྱོར་གྱི་གཡས་ཀྱི་དཀྱིལ་འཁོར་ལྔ་དང་། ཉིན་མོའ་རྣལ་འབྱོར་གྱིས་གཡོན་གྱི་ལྔ་རྣམས་དབུ་མར་བསྡུས་པས་མཚན་རྟགས་ངེས་པ་རྟགས་བཅུ་སོགས་འཆར་བ་ཡིན་ཏེ། གཙོ་ཆེ་བའི་དབང་དུ་བྱས་པའོ། །བཞི་པ་ནི། སོ་སོར་སྡུད་པའི་ཏིང་ངེ་འཛིན་གྱི་ཡུལ་རྟགས་བཅུ་སྟེ། རྒྱུད་ལས། སྟོང་པ་ལ་ནི་དུ་བ་སྨྲིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། ཞེས་མཚན་མོའ་རྣལ་འབྱོར་གྱི་རྟགས་བཞི་དང་། འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། ཞེས་ཉིན་མོའ་རྣལ་འབྱོར་གྱི་རྟགས་དྲུག་སྟེ། རྟགས་བཅུ་ངེས་པའི་རྟགས་ཡིན་ལ། བཅུ་པོ་དེ་དག་གང་རུང་རེའི་ཁོངས་སུ་གཏོགས་པ་ཡིན་ཀྱང་། རྣམ་པ་མ་ངེས་པའི་རྟགས་ནི་མཐའ་ཡས་པ་ཞིག་གོ །སྣ་ཚོགས་གཟུགས་བརྙན་མཐོང་བ་ཞེས་བྱའོ། །དེ་ཡང་ཆོས་ཉིད་དོན་དམ་པའི་ཡེ་ཤེས་རང་ལ་བཞུགས་ཤིང་། ལམ་བསྒོམ་པས་དེ་མངོན་དུ་གྱུར་པ་ལ་ཡིད་ཆེས་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རྟགས་ཞེས་བྱ་ཡིས། ཀུན་རྫོབ་འཁྲུལ་སྣང་གི་རྟགས་ཙམ་ནི་མ་ཡིན་ནོ། །དེ་ལྟར་རྟགས་དེ་རྣམས་མཐོང་བའི་ཤེས་པ་ནི་ཚད་མ་སྟེ། དེ་ཡང་རྒྱུད་ལས། ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམས་པ་
༡༦༦ གཉིས་སུ་འགྱུར་བ་སྟེ། མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། ཞེས་གསུངས་པ་ལྟར་བསྐྱེད་རིམ་གྱི་ཚད་མ་ནི་རྗེས་དཔག་ཡིན་ལ། རྣལ་འབྱོར་ཡན་ལག་དྲུག་གི་ཚད་མ་ཐམས་ཅད་མངོན་སུམ་ཡིན་ནོ། །མངོན་སུམ་ཡང་མཚན་ཉིད་ཀྱི་སྒོ་ནས་རྣམ་པ་བཞི་ཡོད་ལ། ངོ་བོའ་སྒོ་ནས་མངོན་སུམ་གཅིག་ཡིན་པས། ཡན་ལག་དྲུག་པོ་སོ་སོའ་སྐབས་ཀྱི་མངོན་སུམ་ཐམས་ཅད་ལ་མངོན་སུམ་བཞི་ཅར་གྱི་མཚན་ཉིད་ཆ་ཤས་རེ་ཚང་ཡོད་ཀྱང་། སྐབས་འདིར་དབང་པོའ་མངོན་སུམ་གྱི་མཚན་ཉིད་གཙོ་ཆེ་བ་ཡིན་ལ། དེའི་བརྟེན་དབང་པོ་ཡང་སྤྱན་ལྔ་ལས་ཤའི་མིག་ཡིན་ནོ། །དེ་ལྟར་ཡང་དྲི་མེད་འོད་ལས། འདིར་དང་པོར་ལས་དང་པོའ་རྣལ་འབྱོར་པསབས་མངོན་པར་ཤེས་པ་མེད་པར་ཤའི་མིག་གིས་སྣ་ཚོགས་མཐོང་ངོ་། །ཞེས་སོ། །མིག་གི་སྒྲ་ནི། ཨཱཀྵ་ཞེས་བྱ་བའི་སྒྲ་ལས་དྲངས་ན། དབང་པོ་ཐམས་ཅད་ལའང་འཇུག་པས། གཟུགས་ཀྱི་རྣམ་ཆ་མཐོང་བའི་རྟེན་ཁོ་ན་ལ་མི་བཟུང་གིས། སྟོང་པ་ཉིད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་འཛིན་པ་མཐའ་དག་ལ་འཇུག་གོ །འོག་མ་རྣམས་ལའང་འདིས་རིགས་འགྲེའོ། །ལྔ་པ་ནི། ཡན་ལག་དྲུག་པོ་ཐམས་ཅད་ཀྱིས་དྲི་མ་སྦྱང་བར་བྱ་བའི་གཞི་ནི་ཆོས་ཉིད་བདེ་གཤེགས་སྙིང་པོ་ཁོ་ན་ཡིན་པས་དབྱེ་བ་མང་ལ། དག་བྱ་ལ་དབྱེ་ན་སྤྱིར་ཕུང་ཁམས་སུམ་བཅུ་སོ་དྲུག་ཡོད་པ་ལས། སོ་སོར་བསྡུད་པའི་ངོ་སྐལ་གྱི་དག་བྱ་ཡེ་ཤེས་ཀྱི་ཕུང་པོ་ལ་སོགས་པ་ཡེ་ཤེས་ཀྱི་ཁམས་དྲུག་ཚན་གཅིག་པོ་དེ་ཡིན་ལ། དག་བྱེད་སོར་སྡུད་ཉིད་ལ་དབྱེ་ན་བཅུ་སྟེ། རྟགས་བཅུ་རིམ་པས་འཆར་བའི་དབང་གིས་ཉམས་རྟོགས་མཐོ་དམན་གྱི་དབྱེ་བ་བཅུ་ཡོད་པས་སོ། །དྲུག་པ་ནི། གནས་
༡༦༧ སྐབས་ཀྱི་འབྲས་བུ་བདེན་ཚིག་འགྲུབ་པ་དང་། སྔགས་འབྲས་གྲུབ་པ་སྟེ། སོ་སོར་བསྡུད་པས་རྣལ་འབྱོར་པབ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ། ཅེས་གསུངས། མཐར་ཐུག་གི་འབྲས་བུ་ནི། ནམ་ཞིག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དུས་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་ཡེ་ཤེས་ཁམས་པ་དྲུག་ཚན་གཅིག་གི་དཀྱིལ་འཁོར་རབ་འབྱམས་འབྱུང་བའོ། །དེ་ལྟར་སོར་སྡུད་ཀྱི་སྒོམ་དོན་བློ་ལ་འགོད་པ་འདི་བསྡུ་ན་ཐུན་གཅིག་ལ་ཚང་བར་བྱ། རྒྱས་པ་ལ་སྤྲོ་ན་ཐུན་མང་པོར་བཤད་དེ། །མཐའ་ཆོད་ལ་ངེས་པ་བརྟན་པོར་བྱའོ། །དེས་སོ་སོར་བསྲུང་བའི་འཁྲིད་ཚར་རོ། །དེ་ཙམ་གྱིས་ཆོག་ཤེས་པར་བྱེད་ན། འོག་ཏུ་འཆད་པར་འགྱུར་བའི་རྗེས་ཀྱི་འཁྲིད་རྣམས་སྐབས་འདིར་བཤད་དེ། རེ་ཞིག་འཁྲིད་རྫོགས་པའི་ལུགས་སུ་བྱས་ལ། ཡང་སྐབས་འདི་ནས་བསམ་གཏན་གྱི་འཁྲིག་སྟོན་པར་འདོད་ན། སོར་སྡུད་ཀྱི་སྒོམ་དོན་བློ་ལ་འགོད་པ་སོང་བའི་རྗེས་ཐོགས་ཁོ་ནར་བསམ་གཏན་གྱི་འཁྲིད་རིམ་གྱིས་འབོགས་པ་བྱའོ། །གཉིས་པ་བསམ་གཏན་གྱི་འཁྲིད་སྟོན་པར་བྱེད་པ་ལ། ཉམས་ལེན་དམིགས་པའི་གནད་དང་། སྒོམ་དོན་བློ་ལ་འགོད་པའོ། །དང་པོ་ལ། བསམ་གཏན་དངོས་དང་། སྤོགས་ཆོག་བོགས་འདོན་དང་བཅས་སྟེ་གཉིས་སོ། །དང་པོ་ནི། མཚན་མོའ་རྣལ་འབྱོར་གྱི་གནས་སུ་བསྒོམས་པ་གཙོ་ཆེ་ཞིང་། སྤྱིར་ཉིན་མཚན་གྱི་རྣལ་འབྱོར་གྱི་གནས་གཉིས་ཀར་དུ་བསྒོམས་སྟེ། ལུས་གནད་ངག་གནད་གཉིས་པོ་སྔར་སོར་སྡུད་ཀྱི་སྐབས་དང་འདྲ། སེམས་གནད་ཀྱང་མི་གཡོ་བར་འཇོག་ཚུལ་སོགས་ཕལ་ཆེར་འདྲ་མོད་ཀྱིས་ཁྱད་པར་ཅུང་ཟད་ཡོད་པ་ནི། སྔར་སོར་སྡུད་ཀྱི་སྐབས་སུ་ནི། སྟོང་གཟུགས་མ་མཐོང་ན་ལྟ་ཅི་སྨོས། །
༡༦༨ མཐོང་བའི་དུས་ནའང་སྟོང་གཟུགས་ལ་སེམས་མི་འཇོག་པར། ནམ་མཁའ་ཁོ་ན་ལ་སེམས་གཏོད་པ་ཡིན་ལ། འདིར་ནི་ནམ་མཁའ་ལ་སེམས་འཇོག་པའི་ཚབ་ཏུ་སྟོང་གཟུགས་ལ་སེམས་འཇོག་པ་སྟེ། སྟོང་གཟུགས་མཐོང་བའི་དུས་དེ་ཉིད་དུ། རིག་པ་སྟོང་གཟུགས་ལ་ཆེ་རེ་གཏད་ཅིང་། འདིར་ཡིན་འདི་མིན་སོགས་ཀྱི་སྤྱོད་པ་དང་། རྣམ་རྟོགས་ཡེ་མི་བྱེད། ལྟ་མཁན་གྱི་རིག་པ་ཁོ་རང་གིས་རིག་ག་བ་ཁོ་རང་ལ་ལྟ་ཤེས་ཙམ་བྱའོ། །འདི་སྟོང་གཟུགས་བརྟན་པ་ཐོབ་ནས་སྒོམས་པ་ཡིན་པས། སྒོམ་ལ་བཞག་པའི་དུས་སྟོང་གཟུགས་མེད་པ་ཆེར་མི་ཡོད་ལ། ཅི་སྟེ་མེད་པའ་སྐབས་སེང་ཅུང་ཟད་བྱུང་ན། །སོར་སྡུད་བཞི་སྒོམ། སྟོང་གཟུགས་གཡས་གཡོན་སྟོང་འོག་སོགས་སུ་ཡལ་ཡོལ་བྱེད་ན་ཡང་དེའི་རྗེས་སུ་མིག་དང་སེམས་གཉིས་ཀ་མི་འབྲང་བར། ལྟ་སྟངས་རིག་པ་ཐོག་མིའི་གཏད་ས་དེ་ཁར་གཏོད་དགོས། དེ་ལྟར་བྱས་པས་སེམས་གཏོད་པ་དེ་ཁར་རིམ་གྱིས་སྟོང་གཟུགས་འདུས་འོང་། དེ་གཡོ་བའི་རྗེས་སུ་ལྟ་སྟངས་དང་སེམས་འབྲངས་ན། བྱེད་བཅིང་དང་དམིགས་པའི་གནས་འཆུགས་པས་སྟོང་གཟུགས་རང་ཡང་མི་བརྟན་པ་འགྲོ་བ་ཤས་ཆེ། མ་སོང་ཡང་དམིགས་པའི་གནད་ལ་བརྟན་པ་མི་ཐོབ་པ་རེ་ཞིག་ལྟ་སྟངས་དང་། སེམས་གཏོད་པ་གཡོ་མེད་དུ་བྱེད་པ་གལ་ཆེའོ། །དམིགས་བསྐོར་དགུ་པའོ། །གཉིས་པ་ལ། སྤོགས་ཆོག་དང་། བོགས་འདོན་གཉིས་སོ། །དང་པོ་ནི། དུས་ཞབས་སྙན་བརྒྱུད་ལས། བསམ་གཏན་སྟོང་གཟུགས་དྲག་ཏུ་སྒོམ། །ཞེས་གསུངས། སོར་སྟུང་གྱི་སྤོགས་ཆོག་ལྟར་བྱེད་པ་ཅིངབཅིང་དྲག་པོ་བཙན་ཐབས་ཀྱི་སྦྱོར་བ་དེ་བྱེད་ཅིང་དམིགས་པ་ཡང་སྟོང་ས་གཟུགས་ཀྱི་ཆ་ཤས་ཕྲ་མོ་ཞིག་གི་དབུས་སུ་སེམས་ཞུགས་འགྲོ་བ་ལྟ་བུར་དྲག་ཏུ་
༡༦༩ གཟིར་བ་ཉིད་དོ། །དམིགས་བསྐོར་བཅུ་པའོ། །གཉིས་པ་ལ། ཉིན་མོའ་རྣལ་འབྱོར་དང་འབྲེལ་བ་དང་གཉིད་ཀྱི་འོད་གསལ་དང་འབྲེལ་པའོ། །དང་པོ་ནི། ཡེ་ཤེས་སྤྱན་སྒྲུབ་ལ། སྣང་བའི་སྟོང་དུ་འོད་གསལ་བཟུང་། ཕྲ་བའི་འོད་ལ་བརྟེན་ནས་ནི། རགས་པའི་འོད་ཅན་ངོ་སྤྲད་པས། རྟོགས་མེད་འོད་ལས་སྲིད་འདས་སྣང་། ཞེས་གསུངས་པའི་མན་ངག་ནི། སྣང་བ་གསལ་པོ་དང་བཅས་པའི་ཕྱོགས་སུ་ཡང་སྟོང་གཟུགས་བརྟན་པོ་འཆར་ན། ལྟ་སྟངས་སྔར་གྱི་ལས་ཅུང་ཟད་སྨད་ནས་ཞག་གསུམ་བཞི་ཙམ་པ་སྒོམས་པ་ན། སྔར་གྱི་ལས་རྟགས་སྣང་ཅུང་ཟད་མི་གསལ་དུ་འགྲོ་ཡིན་འདུག་ན། ད་དུང་བོགས་འདོན་དེ་བསྒོམ་མ་རན་པ་ཡིན་པས། ལྟ་སྟངས་སྟེང་ངེ་སྔར་བཞིན་ཞག་ཤས་འཇུར་དུ་སྒོམ། ཡང་སྔར་བཞིན་ལྟ་སྟོངས་སྨད་ནས་བསྒོམས་པས། དེ་ལ་སྟོངས་གཟུགས་བརྟན་པོར་ཡོང་། དེ་བཞིན་དུ་རིམ་གྱིས་རིམ་གྱིས་ལྟ་སྟངས་ཕབ་ཀྱིན་བསྒོམས་པས་མི་རིང་བར་ཐད་ཀར་ལྟ་བ་དང་། ཐུར་དུ་ལྟ་བ་སོགས་ཐམས་ཅད་ལ་སྟོང་གཟུགས་བརྟན་པོར་འགྲོ་སྟེ། དེ་ནས་རྡོ་ནག་པོའམ། བོང་བ་ལ་སོགས་པ་མིག་ལ་མི་གནོད་པའི་དངོས་པོ་ཧ་ཅང་ཆེ་བ་མ་ཡིན་པ་ཞིག་རང་གི་མདུན་དུ་བཞག་ལ། ལྟ་སྟངས་ཀྱི་ལམ་ནས་རིམ་པས་སྟོང་གཟུགས་དེ་དངོས་པོ་དེའི་སྟེང་དུ་ཕབ་ལ། དངོས་པོ་དེ་ཡང་མཐོང་བཞིན་པའི་ངང་ནས་སྟོང་གཟུགས་ལ་སེམས་གཞུར་ཏེ་སྒོམ་མོ། །དེ་ལྟར་བསྒོམས་པས་སྟོང་གཟུགས་དང་ལས་སྣང་གི་དངོས་པོ་དེ་གཉིས་ཀར་ཆ་མཉམ་དུ་མཐོང་གིན་འདུག་ན་འཆར་ཚུལ་ཐ་མ་ཡིན་ཏེ། བོགས་ཆེ་རྒྱུ་མེད་ནའང་ཡུན་རིང་གོམས་ན་གནད་དུ་འགྲོ། འགའ་ཞིག་དེ་མ་ཐག་ལས་སྣང་གི་དངོས་པོ་དེ་མི་མཐོང་བར། འོད་གསལ་གྱི་རྟགས་དེ་མཐོང་བ་ཞིག་ཡོང་སྟེ། འཆར་ཚུལ་
༡༧༠ བཟང་བཟང་འབྲི་སྟེ་འབྲིང་ཡིན་པས། བསྐྱེད་ཧ་ཅང་ཆེ་བ་མི་ཡོང་། ཡང་རྟགས་སྣང་དང་ལས་སྣང་གཉིས་ཀར་དུས་གཅིག་ཏུ་ཡལ་ཏེ། རེ་ཞིག་གང་ཡང་སྣང་བ་མེད་པ་ཞིག་བྱུང་ན་མྱུར་དུ་ལས་སྣང་འགག་ཅིང་། འོད་གསལ་གྱི་སྣང་བ་རབ་འབྱམས་འཆར་བར་འགྱུར། འདིའི་རིགས་བོགས་ཆེ་ཞིང་འཆར་སྒོ་བཟང་བ་ཡིན་ནོ། །རྟགས་སྣང་ཡལ་ནས་ལས་སྣང་འདུག་པའམ། རྟགས་སྣང་མི་གསལ་དུ་སོང་ཞིང་ལས་སྣང་གསལ་དུ་སོང་ན། བོགས་འདོན་བསྒོམ་མ་རན་པ་ཡིན་པས། དམིགས་པའི་རྩ་བ་ཉིད་སྒོམ་པར་བྱའོ། །དེ་ལ་གོམས་ནས་དངོས་པོ་རྒྱ་ཇེ་ཆེ་ཇེ་ཆེ་ལ་བསླབས་པས། མཐར་རི་ཆེན་པོ་སོགས་སྟོང་གཟུགས་སུ་འཆར་བས་མཚོན་ཏེ་སྣང་བ་ཐམས་ཅད་ལ་སྦྱར་རོ། །དམིགས་བསྐོར་བཅུ་གཅིག་པའོ། །དྷུ་ཏིའི་ནང་དུ་འོད་གསལ་གཟུང་བ་དང་། སྲོག་རྩོལ་གྱི་སྒོར་འོད་གསལ་བཟུང་བ་གཉིས་ནི། སྲོག་རྩོལ་གྱི་གདམས་ངག་དང་འབྲེལ་བ་ཡིན་ཅིང་། །བསམ་གཏན་ལ་ཤིན་ཏུ་བརྟན་པ་ཐོབ་པ་ཡིན་ན་མ་གཏོགས། ལས་དང་པོ་པས་འགྲུབ་དཀའ་བས་སྐབས་འདིར་མ་བཤད་དོ། །སྟོང་པའི་སྒྲ་ཐོས་པ་བརྟན་པོ་ཡོད་ན་ལས་སྣང་གི་སྒྲ་དང་བསྲེ་ཏེ། འབབ་ཆུའི་སྒྲ་ལྟ་བུ་དང་། སྟོང་པའི་སྒྲ་གཉིས་ཀ་ཚོར་བར་བྱས་ཏེ། དེ་གཉིས་མཉམ་པོ་ལ་སེམས་གཏད། དེས་འབབ་ཆུའི་སྒྲ་འགགས་ཏེ་སྟོང་པའི་སྒྲ་འབའ་ཞིག་ཏུ་འགྱུར། དེ་ནས་སྐྱེ་བོ་མང་པོ་འདུས་པའི་སྒྲ་ལྟ་བུ་ལ་སྦྱང་། །དེ་ནས་རང་གཞན་གྱི་སྒྲ་ཐམས་ཅད་ལ་སྦྱངས་པས། །སྒྲ་ཕལ་ཆེར་སྟོང་པའི་སྒྲར་འགྱུར། །འདིས་དྲི་རོ་རེག་བྱ་གསུམ་ལའང་རིགས་འགྲེ་མོང་མོད། རེ་ཞིག་མ་སྨོས་སོ། །དམིགས་བསྐོར་བཅུ་གཉིས་པའོ། །གཉིས་པ་ནི། སོར་སྡུད་ཀྱི་སྐབས་དང་ཕལ་ཆེར་འདྲ་
༡༧༡ བ་ལས། ཉལ་བའི་ཚེ་སྟོང་གཟུགས་ཉིད་ལ་སེམས་གཏད་ཅིང་། རྣམས་རྟོག་གིས་བར་མཆོད་པར་གཉིད་དུ་འགྲོ་བར་བྱས་པས། གཉིད་ཀྱི་འོད་གསལ་མྱུར་དུ་ཟིན་ཡོང་ལ། སྟོང་གཟུགས་རང་ལུས་ཀྱི་ནང་དུ་འཆར་ཐུབ་ཀྱི་ཡོད་ན། སྟོང་གཟུགས་སྙིང་ཁར་དྲངས་ནས། དེ་ལ་སེམས་གཏད་པའི་ངང་ནས་གཉིད་དུ་འགྲོ་བར་བྱས་ན། དུས་དེ་ཉིད་དུ་གཉིད་ཀྱི་འོད་གསལ་ཟིན་པར་ཐེ་ཚོམ་མེད་དོ། །དམིགས་བསྐོར་བཅུ་གསུམ་པའོ། །གཉིས་པ་སྒོམ་དོན་བློ་ལ་འགོད་པ་ལ། བསམ་གཏན་གྱི་མཚན་དོན། སྒོམ་པའི་དུས་མཚམས། སྒོམ་ཚུལ་གྱི་ཡན་ལག །བསྒོམས་པའི་རྟགས་ཚད། དག་བྱ་དག་བྱེད་ཀྱི་དབྱེ་བ་བསྒོམ་པས་ཐོབ་པའི་འབྲས་བུ་སྟེ་དྲུག་ལས། དང་པོ་ནི། དྷཱུ་ན་ཞེས་པ། དམིགས་པ་ལ་སེམས་གཡོ་བ་མེད་པའི་དོན་ཏེ། དེ་ཡང་སྒོ་གཏན་ལེགས་པོ་བཙུད་ན། སྒོ་གླེགས་ཁྱར་ཁྱོར་དུ་མི་གཡོ་བར། སྒོ་འབྱེད་གཅོད་ལ་རང་དབང་ཐོབ་པ་ལྟར། དམིགས་པ་ལ་དབང་བར་བྱེད་པའི་དོན་ཏེ། དྲི་མེད་འོད་ལས། ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ་སྣ་ཚོགས་གཟུགས་ལ་བསམ་གཏན་པའོ། །ཞེས་གསུངས་པས། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་འོད་གསལ་དེ་ལ་སེམས་རྩེ་གཅིག་ཏུ་བྱེད་ཅིང་། གནས་པ་དང་འགྱུ་བ་ལ་རང་ཅི་འདོད་དུ་དབང་ཐོབ་པར་བྱེད་པའི་དོན་ཏེ། ཐེག་པ་སྤྱི་ལྡོག་ནས་ཀྱང་བསམ་གཏན་གྱི་དོན་དམིགས་པ་ལ་རྩེ་གཅིག་ཏུ་བཤད་པ་དང་འདྲའོ། །གཉིས་པ་ནི། སོར་སྡུད་མཐར་ཕྱིན་ན་རབ་ཡིན་ལ། མིན་ནའང་འོད་གསལ་གྱི་རྟགས་སྣང་བརྟན་པོ་ཤར་བའི་དུས་སོ། །གསུམ་པ་ནི། དབང་མདོར་བསྟན་ལས། རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར། །
༡༧༢ རྟག་ཏུ་གཟུགས་དེ་བསྒོམ་པར་བྱ། །ཅེས་བསམ་གཏན་གྱི་ངོ་བོ་ནི། འོད་གསལ་རྟགས་སྣང་ལ་རྩེ་གཅིག་དམིགས་པའི་ཏིང་ངེ་འཛིན་ཏེ། དེའི་ཡན་ལག་ནི། བསྡུས་རྒྱུད་ལས། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་པ་དེ་བརྩེ་གཅིག་སེམས་དཔའ་འོ། །ཞེས་གསུངས་ཏེ། དེ་ཡང་འོད་གསལ་རྟགས་བཅུ་ལ་རྩེ་གཅིག་པའི་ཤེས་རབ་ཡིན་ལ། ཇི་སྐད་དུ་རྟོག་པ་ཞེས་པ་ནི་དངོས་པོ་འཛིན་པའོ། །ཞེས་པས་དངོས་པོའ་མིང་ཅན་སྟོང་གཟུགས་ཀྱི་མཚན་ཉིད་ཤེས་པ་ནི་རྟོག་པ་ཡིན་ལ། མཚན་ཉིད་ཤེས་ཚུལ་ཡང་རང་སེམས་ཙམ་ཡིན་པར་ཉམས་སུ་མྱོང་བའོ། །སེམས་ཉིད་སྟོང་གཟུགས་སུ་ཤར་བ་དེ་ལ་གཟུང་འཛིན་ནམ། ཡུལ་ཡུལ་ཅན་གྱི་རྣམསརྣམ་རྟོག་དང་སྤྲོས་པའི་མཚན་མ་གང་གིས་ཀྱང་མ་གོས་པར་མྱོང་ཞིང་ངེས་པ་ནི་སྤྱོད་པའི་ཡན་ལག་ཡིན་ནོ། །ཏིང་ངེ་འཛིན་གྱིས་དྲངས་པའི་སེམས་ཀྱི་བདེ་བ་ཕྱི་ལ་དམིགས་པ་དང་ནང་ལ་དམིགས་པ་གཉིས་རིམ་གྱིས་འབྱུང་བའི། ཕྱི་ལ་དམིགས་པ་ནི་སྔར་མེད་ཀྱི་ནོམ་པ་ཆེན་པོ་རྙེད་པ་ལྟར་དགའ་ཞིང་སྐྱིད་སྣང་ཤར་བ་སྟེ་བདེ་བའི་ཡན་ལག་ཡིན་ལ། ནང་ལ་དམིགས་པ་ནི་ཏིང་ངེ་འཛིན་དེ་ཉིད་བདེ་བར་ཤར་བ་མྱོང་བ་ཡིན་ཏེ་གཡོ་མེད་བདེ་བའི་ཡན་ལག་ཡིན། དེས་རྐྱེན་བྱས་ནས་ལུས་ལ་ཤིན་ཏུ་སྦྱངས་པའི་བདེ་བ་ཁྱད་པར་ཅན་གྱིས་ཁྱབ་པ་ནི་གཡོ་མེད་བདེ་བའི་ཡང་ཕན་ཡོན་ནོ། །དེ་ཡང་དང་པོར་ཤེས་རབ་རྐྱང་པ་སྐྱེ། དེས་ནས་རྟོག་པ་དང་གཉིས་ལྡན་དུ་འབྱུང་། དེ་བཞིན་དུ་སྤྱོད་པ་དང་གསུམ་ལྡན། དགའ་བ་དང་བཞི་ལྡན། གཡོ་མེད་བདེ་བ་དང་ལྔ་ལྡན་དུ་འབྱུང་སྟེ། དེ་ཙམ་ན་བསམ་གཏན་གྱི་ཡན་ལག་རྫོགས་པར་རྒྱུད་ལ་སྐྱེས་པ་ཡིན་པས། དེ་ཉིད་རྒྱུན་བསྲིངས་ཏེ་བསྒོམས་ན་མཐར་ཕྱིན་པའི་ཡོན་ཏན་རྣམས་མྱུར་དུ་སྐྱེ་བར་འགྱུར་
༡༧༣ རོ། །བཞི་བ་ནི། རྒྱུད་ལས། དེའི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམས་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། ཞེས་གསུངས་པ་འདིས་བསམ་གཏན་གྱི་ཐུན་མོང་མ་ཡིན་པའི་རྟགས་བསྟན་པ་ཡིན་ཏེ། རྟགས་བཅུས་བསྡུས་པ་སྲིད་པ་གསུམ་མཐའ་དག་གི་གཟུགས་བརྙན་སྔར་སོར་སྡུད་སྐབས་སུ་མཐོང་བ་ལས་ཆེས་ལྷག་པ། གཟུགས་སྒྲ་དྲི་རོ་རེག་བྱ་སྣ་ཚོགས་པའི་སྣང་བརྙན་ཁ་དོག་སྣ་ཚོགས་པ་དེ་དག་ཀྱང་། འོད་ཟེར་འཕྲོ་བ། ཆ་ཕྲ་བ། འཚེར་བ། འདར་བ། གཞིག་པར་དཀའ་བ། ཅེས་པ་ཆོས་ལྔ་ལྡན་རྣམས་ཐིག་ལེ་དུ་མས་མཚན་པ་མཐོང་ཞིང་། ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་གཟུགས་བརྙན་དུ་མ་འཆར་བ་ཡིན་ལ། དེ་ཡང་སེམས་ཉིད་དག་པའི་སྣང་བར་རྟོགས་པས། ཀུན་རྫོབ་ལས་སྣང་ཐམས་ཅད་སྒྱུ་མ་ལྟ་བུར་རང་འཆར་བ་ཡིན་ཏེ། རྒྱུད་ཕྱི་མ་ལས། དེ་ལ་སེམས་ནི་བརྟན་པའི་བསམ་གཏན་གྱིས་ཀྱང་ཕྱི་རོལ་གྱི་ནི་དངོས་པོ་རྣམ་པར་སྤོང་བ་བྱེད། ཅེས་སོ། །ཚད་མ་ནི་སོར་སྡུད་དང་མཚུངས་པ་ལས། དེའི་རྟེན་དབང་པོ་ནི་ལྷའི་སྤྱན་ཏེ། འདིའི་རྒྱུ་མཚན་ཀྱིས་མངོན་ཤེས་ལྔ་འགྲུབ་པའང་ཡིན་ནོ། །ལྔ་པ་ལ། དག་གཞི་ནི་སྔར་སོར་སྡུད་ཀྱི་སྐབས་སུ་བཤད་པ་བཞིན་ཡིན་ལ་དག་བྱ་ལ་དབྱེ་ན། རྣམ་ཤེས་ཀྱི་ཕུང་པོ་སོགས་ཕུང་ཁམས་ནམ་མཁའི་ཁམས་པ་དྲུག་ཚན་གཅིག་ཏུ་དབྱེ། དག་བྱེད་བསམ་གཏན་གྱི་ཡན་ལག་ཉིད་ལ་དབྱེ་ནའང་ཡུལ་ཅན་བསམ་གཏན་གྱི་ཡན་ལག་ལྔ་དང་། དེའི་ཡུལ་སྟོང་གཟུགས་ལྔ་སྟེ་བཅུའོ། །དྲུག་པ་ནི་རྒྱུད་ལས། མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །ཞེས་གསུངས་པས། བསམ་གཏན་མཐར་
༡༧༤ ཕྱིན་པས་གནས་སྐབས་ཀྱི་འབྲས་བུ་མངོན་ཤེས་ལྔ་རང་ཤར་དུ་འབྱུང་བ་ཡིན་ཅིང་། མཐར་ཐུག་གི་འབྲས་བུ་རྒྱལ་བ་མི་བསྐྱོད་པ་ལ་སོགས་པ་ལྷ་ནམ་མཁའི་ཁམས་པ་དྲུག་ཚན་གཅིག་མངོན་དུ་འགྱུར་པབ་ཡིན་ནོ། །འདིར་འཕྲོས་དོན་གྱི་མན་ངག་ཅུང་ཟད་ཙམ་བརྗོད་ན། ཤེས་རབ་ཀྱི་ཡན་ལག་རྒྱུད་ལ་སྐྱེས་པས། སེམས་གང་དུ་གཏད་སར་སྟོང་གཟུགས་འཆར་བ་ཞིག་འབྱུང་ལ། དེ་ནས་སྣང་བའི་སྟེང་དུ་འོད་གསལ་འཛིན་པའི་གདམ་ངག་བསྒོམས་པས། ཕྱི་རོལ་གྱི་སྣང་བ་གང་ལ་སེམས་བཞག་པ་དེར་སྐད་ཅིག་ལ་ལས་སྣང་འགགས་ཏེ་འོད་གསལ་གྱི་སྣང་བར་འགྱུར་བ་ཞིག་ཡོང་ན། དེས་སྔ་དྲོ་ཕྱི་དྲོའི་དུས་སུ་རང་གཅེར་བུར་ཕྱུང་བའི་གྲིབ་གཟུགས་ཀྱི་སྙིང་ཁ་ལ་ལྟ་བའམ། ཉིན་གུང་ལྗོན་ཤིང་གི་གྲིབ་མ་ལ་ལྟ་བས་ཀྱང་རུང་སྟེ། མིག་སྤྲིད་སྤྲིད་དུ་གཡོ་བ་མེད་པར་ལྟ། དེ་ནས་ནམ་མཁའ་ལ་བལྟས་པས། གྲིབ་གཟུགས་ཀྱི་རྣམས་སའི་དབུས་སུ་རྟགས་སྣང་དཔག་ཏུ་མེད་པར་འཆར། ཟླ་བ་དྲུག་ཏུ་འདི་ཡང་ཡང་བསྒོམས་པས་ས་འོག་གི་གཏེར་སོགས་ཀྱང་མཐོང་བར་འགྱུར། དེ་བཞིན་དུ་ཁང་པའི་སྐར་ཁུང་སོགས་ལ་སྦྱངས་པས། ཁྱིམ་ནང་གི་དངོས་པོ་ལྐོག་གྱུར་ཡང་མཐོང་བ་ཡོད་ཅིང་། དེ་བཞིན་དུ་ལས་སྣང་གི་སྒྲ་སྟོང་པའི་སྒྲར་ཐིམ་འགྲོ་ན། སྟོང་པའི་སྒྲ་དང་། འགྲོ་བ་སྣ་ཚོགས་པའི་སྐད་བསྲེས་པ་ལ་མཉམ་པར་བཞག་བཟླ་བ་དྲུག་བསྒོམས་པས་རྣ་བའི་མངོན་ཤེས་ཅི་རིགས་པར་ཐོབ་པར་འགྱུར་རོ། །རང་གི་སྙིང་ཁ་ཆོས་འཁོར་གྱི་རྩ་ཆུ་ཤིང་གི་མེ་ཏོག་ལྟ་བུའི་ནང་དུ་སྟོང་གཟུགས་ཤར་བ་ལ་སེམས་གཏད་ན་སྔོན་གྱི་རྗེས་སུ་དྲན། དེ་ཉིད་གཞན་ལ་སྤོས་ན། གཞན་གྱི་སེམས་ཤེས་ཏེ། ཉི་མ་ལ་ནི་རྒྱབ་ཀྱིས་ཕྱོགས་ནས། ཞེས་སོགས་དང་། སྒྲ་ནི་གང་ཞིག་སྙིང་གི་ཕྱོགས་ན་ཞེས་སོགས། རྒྱུད་ཀྱི་ལུང་
༡༧༥ དང་སྦྱར་རོ། །དེ་ལྷར་གྲིབ་གཟུགས། ཤིང་གྲིབ་སྒྲ་སྐད། རང་དང་གཞན་གྱི་སྙིང་ཁའི་རྩ་ལ་དམིགས་པ་སྟེ། ལྔ་པོ་འདི་རྣམས་དམིགས་ཕྲན་ཡིན་པས་དཀྱུས་ཀྱི་དམིགས་བསྐོར་ལ་མི་འདྲེན་ནོ། །སྒོམ་དོན་བློ་ལ་འགོད་པ་འདི་ལ་ཐུན་གཅིག་ལ་སོགས་པའོ། །དེས་བསམ་གཏན་གྱི་འཁྲིད་ཚར་རོ། །རེ་ཞིག་སྲོག་རྩོལ་མན་ཆད་མི་འབོགས་ཤིང་། དེ་ཙམ་གྱིས་ཆོག་ཤེས་པར་བྱེད་ན། རྗེས་ཀྱི་འཁྲིད་རྣམས་སྐབས་འདིར་བླངས་པར་བྱའོ། །གཉིས་པ་བར་དུ་དགེ་བའི་འཁྲིད་ལ། ལས་རླུང་ཨ་ཝ་དྷཱུ་ཏིར་འགག་པར་བྱེད་པ་དང་། དབུ་མའི་ནང་དུ་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་བྱེད་པའི་དབྱེ་བ་གཉིས་ལས། སྲོག་རྩོལ་གྱི་འཁྲིད་དང་། འཛིན་པའི་འཁྲིད་དོ། །དང་པོ་སྲོག་རྩོལ་གྱི་འཁྲིད་སྟོན་པར་བྱེད་པ་ལ། ཉམས་ལེན་དམིགས་པའི་གནད་དང་། སྒོམ་དོན་བློ་ལ་འགོད་པའོ། །དང་པོ་ནི། སྲོག་རྩོལ་གྱི་ཡན་ལག་དངོས་མཚན་ཉིད་ཚང་བ་དང་། སྲོག་རྩོལ་རྗེས་མཐུན་པ་ལས་དང་པོས་བསྒྲུབ་པར་བྱ་བ་གཉིས་སུ་འགྱུར་རོ། །རེ་ཞིག་ཕྱི་མའི་དབང་དུ་བྱས་ནས་བཤད་པར་བྱ་སྟེ། དེ་ལ་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་གདམས་ངག་དང་། པཎ་ཆེན་ཟླ་བ་མགོན་པོའ་མན་ངག་འབྲོ་ལུགས་སུ་གྲགས་པ་དང་། ཇོ་བོས་མནྟ་ཤྲཱིའི་མན་ངག་ར་ལུགས་སུ་གྲགས་པ་སྟེ། གསུམ་པོ་འདི་གཞུང་ཤིང་དུ་བྱ་ལ། ལུགས་གཞན་ཐོར་བུ་བ་རྣམས་ཀྱང་ཕལ་ཆེར་དེ་དག་དང་མཐུན་ཅིང་། ཅུང་ཟད་ཁྱད་པར་ཡོད་པ་རྣམས་འཆད་པར་ཡང་འགྱུར་རོ། །དེ་ལས་པཎ་ཆེན་ཤཱཀྱ་ཤྲཱིའི་མན་ངག་འདི་ལ། སྔོན་འགྲོ་རྡོ་རྗེའི་བཟླས་པས་རྩ་ལམ་སྦྱང་བ། འབྱོངས་ནས་འཇམ་རླུང་དགང་བཏང་གི་སྦྱོར་བས་སྲོག་དབུ་མར་གཞུག་པ། ཞུགས་ནས་རྩུབ་རླུང་བུམ་པ་ཅན་གྱི་སྦྱོར་བས་སྲོག་དབུ་མར་འཆིང་བ། མཆུད་ཅིང་མ་འཆིངས་ན་བཙན་ཐབས་ཀྱི་སྦྱོར་
༡༧༦ བས་ཉི་ཟླའི་ལམ་དགག་ཅིང་། བཀག་པས་འོག་སྒོ་བཙན་ཐབས་སུ་འགགས་ན་སྟེང་གི་སྦྱོར་བས་དགྲོལ་བ། ལྕེ་གསུམ་སྤྱོད་པའི་སྦྱོར་བས་ནང་གི་བདུད་རྩིའི་བཅུད་མྱང་བ། གཏུམ་མོ་སྦར་བའི་སྦྱོར་བས་སྲོག་ཐུར་བསྲེ་ཞིང་འཆི་མེད་བསྒྲུབ་པ་སྟེ་རྡོ་རྗེའི་ཚིག་དྲུག་ཅེས་བྱ་བ་ཡིན་པ་ལས། དང་པོ་བཞི་པོ་སྲོག་རྩོལ་གྱི་མན་ངག་དང་། ཕྱི་མ་གཉིས་འཛིན་པའི་མན་ངག་ཏུ་འཛད་དོ། །སྐབས་འདིར་འདི་ལྟར་བྱ་སྟེ། སྲོག་རྩོལ་གྱི་མན་ངག་དངོས་དང་། བོགས་འདོན་གེགས་སེལ་དང་བཅས་པའོ། །དང་པོ་ལ། ལུས་སྦྱོངས་འཁྲུལ་འཁོར་གྱི་ཡི་གེ་ལོགས་སུ་བཀོད་པ་ལྟར། སྔོན་འགྲོའི་འཁྲུལ་འཁོར་དང་བཅས་བཞིན་དུ་འདི་རྣམས་སྒོམ་ཏེ། དེ་ཡང་། པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱི་དབང་དུ་བྱས་ན། སྔར་བཤད་པའི་རླུང་སྦྱོར་དང་པོ་གསུམ་སྟེ། དེ་ལ་དང་པོ་རྡོ་རྗེའི་བཟླས་པས་རྩ་ལམ་སྦྱང་བ་ནི། ལྟ་སྟངས་ཀྱི་ཁྱད་པར་ནི། བགེགས་མཐར་བྱེད་དམ་བདུད་རྩི་འཁྱིལ་པའི་ལྟ་སྟངས་ཞེས་བྱ་བ། ཐད་ཀ་ལ་ཅུང་ཟད་གྱེན་དུ་ཕྱོགས་པ། སྨིན་མཚམས་སུ་ཧྲིག་གེ་ལྟ་བ་ཡིན། དམིགས་བསལ་ཅན་རྣམས་མ་གཏོག་སྲོག་རྩོལ་འཛིན་པའི་སྐབས་ཀྱི་ལྟ་སྟངས་ཐམས་ཅད་འདི་ཁོ་ནར་ངེས་སྟེ། རྒྱུད་ལས། བགེགས་མཐར་བྱེད་པའི་ལྟ་བ་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བར་བསྒྲུབ་པ་ཡན་ལག་དྲུག །ཅེས་གསུངས་སོ། །ལུས་གནད་གཞན་རྣམས་སྔར་དང་འདྲ། རླུང་རོ་ལན་གསུམ་བསལ་ལ། དང་པོར་རླུང་ཕྱི་འགྲོ་ནང་འགྲོ་གནས་པ་གསུམ་ལ་སེམས་མ་འཁྲུལ་བར་གཏོད་དེ། རྡོར་བཟླས་ཀྱི་དམིགས་པ་དང་པོའོ། །དེ་ནས་བརྩ་གསུམ་གསལ་གདབ་སྟེ། ལུས་ཀྱི་ནང་དུ་རྩ་དབུ་མ་སྔོན་པོ་སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་ཡར་སྣེ་གཙུག་ཏོར་དུ་ཟུག །མར་སྣ་ལྟེ་བར་གནས་པ། །དེའི་གཡས་སུ་རོ་མ་དམར་པོ་དང་། །གཡོན་དུ་རྐྱང་མ་དཀར་པོ་སྟེ། དེ་གཉིས་དབུ་མ་ལས་ལྡབས་འགྱུར་གྱིས་ཕྲ་བ། །དབུ་མ་དང་སུམ་གཞིབས་སུ་འདུག་པར་མོས། རླུང་ཕྱིར་འགྲོ་དུས་ལྟེ་
༡༧༧ བ་ནས་བརྩམས་ཏེ་དབུ་མ་དང་རོ་མ་གཉིས་ནས་སོང་། མགྲིན་པ་ནས་སྤྱི་བོའ་བར་གྱི་རྩ་གཉིས་པོའ་ཆ་ཐམས་ཅད་ནས་ཐོན། སྣ་བུག་ནས་ཕྱིར་འགྲོ་བར་བསམ། ནང་དུ་ཡོང་དུས་སྣ་བུག་ནས་ཞུགས། གཙུག་ཏོར་ནས་མགྲིན་པའི་བར་གྱི་དབུ་མ་དང་རྐྱང་མའི་བར་གྱི་ཆ་ཐམས་ཅད་ནས་ཐོགས་མེད་དུ་སོང་སྟེ། རྩ་གཉིས་པོའ་ལམ་བརྒྱུད་ལྟེ་བར་ཕྱིན། གནས་པའི་ཚེ་དབུ་མ་ཁོ་ནའི་ནང་གང་བར་བསམ། ཐོག་མར་འབྱུང་འཇུག་གནས་གསུམ་མཉམ་བཙམ་བྱས་པས། རིམ་གྱིས་གནས་པ་ཇེ་རིང་ལ་འགྲོའོ། །དེ་ཡང་སྣ་བུག་གཡས་ནས་རྒྱུ་བའི་སྐབས་ཡིན་ན། རླུང་རྣམས་འོད་དམར་པོ་དང་། གཡོན་ནས་རྒྱུན་དཀར་པོ་དང་། མཉམ་རྒྱུར་འདུག་ན་ལྗང་ཁུའམ་སྔོན་པོ་འགྲོ་འོད་གནས་གསུམ་བྱེད་པར་སྒོམ་པ་སྟེ། རྡོར་བཟླས་ཀྱི་གཉིས་པའོ། །འབུད་པའི་ཚེ་སྣ་བུག་གཡོན་འགགས་པ་དང་། རྔུབ་པའི་ཚེ་གཡས་འགགས་པ་ལག་ལེན་ཁ་ཅིག་ལ་འདུག་ཀྱང་། རྡོར་བཟླས་ཀྱི་སྐབས་དེ་ལྟར་མི་དགོས་སོ། །དེ་ནས་སྔར་དང་འདྲ་བ་ལས་ཕྱིར་འགྲོ་བའི་ཚེ་འོད་ཟེར་ཨཱཿའི་སྒྲ་དང་བཅས། འོད་ཟེར་གྱི་སྣེ་ལ་ཨཱ་ཡིག་དང་བཅས་ཏེ་འགྲོ་བ་དང་། དེ་ཉིད་ནང་དུ་འོང་བའི་ཚེ་ༀ་གྱི་སྒྲ་དང་བཅས་པ། ཚུར་འོང་བའི་སྣེ་ལ་ༀ་ཡིག་དང་བཅས་ཏེ་འོང་བར་བསམ། ཡི་གེ་དེ་གཉིས་རོ་རྐྱང་ནས་འགྲོ་འོང་མི་བྱེད་དེ་དབུ་མ་ཁོ་ན་ནས་འགྲོ་བར་བསམ། གནས་པའི་སྐབས་དབུ་མའི་ནང་དུ་ཧཱུྃ་གི་སྒྲ་དང་བཅས་ཤིང་ལྟེ་བར་ཧཱུྃ་ཡིག་ལ་སེམས་གཏད་དོ། །ཡི་གེའི་ཁ་དོག་ཀྱང་རླུང་དང་འདྲ་བར། གཡས་གཡོན་མཉམ་རྒྱུའི་དབྱངས་དམར་དཀར་སྔོ་བའོ། །དེ་དག་ནི་དམིགས་བཅས་ཀྱི་རྡོ་རྗེའི་བཟླས་པ་སྟེ། རྡོར་བཟླས་ཀྱི་གསུམ་པ་དངོས་གཞི་ཡིན་ལ། དེ་གསུམ་ཀར་བསྡོམས་པ་དམིགས་ཆེན་གཅིག་ཡིན་པས། དངོས་གཞིའི་དམིགས་བསྐོར་བཅུ་བཞི་པའོ། །ད་ལྟ་ལས་དང་པོ་པའི་རྡོ་རྗེའི་བཟླས་པ་ནི། འདི་ལྟ་བུ་ལས་འོས་མེད་ལ། དོན་དམ་རྡོ་རྗེའི་བཟླས་པ་ནི། རླུང་གི་འགྲོ་འོང་གནས་གསུམ་དང་། སྟོང་
༡༧༨ གཟུགས་ཕྱག་རྒྱ་ཆེན་མོ་དབྱེར་མེད་དུ་ཤེས་པ་ན་མིང་ཚིག་བརྗོད་པ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པའི་མིང་ངོ་། །གཉིས་པ་འཇམ་རླུང་དགང་གཏང་གི་སྦྱོར་བས་སྲོག་དབུ་མར་གཞུག་པ་ནི། རླུང་གང་ནས་རྒྱུ་བརྟགས་ཏེ། སྣ་བུག་གཡོན་ནས་རྒྱུ་ན། ལག་པ་གཡས་པའི་ཐལ་མོས་མཆན་ཁུང་གཡོན་ནུ་མ་དང་བཅས་ཏེ་བསྡམ་པའི་སྟེང་ནས། བར་ལྷུ་གཡོན་པས་མནན། རླུང་རོ་བསལ་གཡོན་པའི་འཛུམ་མོས་སྣ་བུག་གཡས་པ་བཀག་སྣ་བུག་གཡོན་ནས་རླུང་ཤུགས་ཆེ་ལ་རིང་བར་རྔུབས་ཏེ་ལྟེ་བར་མནན། ཅུང་ཞིག་བསྡམས་ནས་མི་བདེ་བ་འབྱུང་ཚད་པ་ནས། སྣ་བུག་གཡོན་འཛུབ་མོ་གཡོན་པས་བཀག་ནས། གདོད་གཡས་སུ་ཕྱོགས་པས་སྣ་གཡས་ནས་རླུང་དྲག་ཏུ་འདུད། ཡང་སྣ་བུག་གཡས་པ་བཀག་གཡོན་ནས་རྔུབས་པ་སོགས་གང་བཞིན་བསྐྱར་གྱིན་སྦྱང་། འདི་སྐབས་རྐང་པ་བརྐྱང་བསྐུམ་གྱི་འདུག་སྟངས་བཤད་ནའང་སྐྱིལ་ཀྲུང་ཉིད་ཀྱིས་ཆོག་ལ། འོག་རླུང་རང་གནས་སུ་བཅིང་དགོས་ཤིང་། དེས་རླུང་སྣ་བུག་གཡས་སུ་འཕོ་བའམ། མཉམ་རྒྱུར་འགྱུར་བ་དང་། ཡང་སྣ་བུག་གཡས་ནས་རྒྱུ་ན་ཕྱག་རྒྱ་དེ་ཉིད་གོ་བཟློག་པས་གཡོན་རྒྱུའམ་མཉམ་རྒྱུར་འགྱུར་བ་དང་། གཡས་གཡོན་ཕན་ཚུན་དུ་ལན་འགའ་རེ་སྤྲོས་ན་ངེས་པར་མཉམ་རྒྱུར་འགྱུར་ལ། མཉམ་རྒྱུར་སོང་ནས་ལུགས་འདི་ལ་རྡོར་བཟླས་བྱེད་ཅིང་། ཡང་གཡས་གཡོན་དུ་ཡོ་ན། སྔ་མའི་སྦྱོར་བ་ཡོན་པོ་སྲོང་ངོ་། །ཞེས་བཞེད་ལ། འོན་ཀྱང་མཉམ་རྒྱུར་ནམ་སོང་བའི་ཚེ། དགང་པའི་རྣལ་འབྱོར་རམ། བུམ་ཅན་བསྒོམས་ན་བཟང་བས། བར་འདིར་དགོང་བའི་རླུང་སྦྱོར་ཞིག་བཅུག་ན་ལེགས་པར་མཐོང་ངོ་། །འདི་ཚེ་རིང་པོ་སྒྲུབ་པ་ལ་ལྷག་པར་བསྔགས་སོ། །དམིགས་བསྐོར་བཅོ་ལྔ་པའོ། །གསུམ་པ་རྩུབ་རླུང་བུམ་པ་ཅན་གྱི་སྦྱོར་བས་སྲོག་རླུང་དབུ་མར་འཆིང་བ་ནི། ཐོག་མ་ནས་
༡༧༩ མཉམ་རྒྱུར་འདུག་ན་ལེགས། ཡོན་པོར་འདུག་ན་གོང་གི་སྦྱོར་བས་མཉམ་རྒྱུར་བཏང་སྟེ། རྐང་པ་ཟླུམ་པོའ་འདུག་སྟངས་དང་། ལག་པ་ཁུ་ཚུར་སྙིང་ཁར་བསྣོལ་བར་བཤད་ནའང་། རྐང་པ་སྐྱིལ་ཀྲུང་གི་སྟེང་ནས་བྱས་པས་ཆོག་གཡས་གཡོན་དབུས་གསུམ་ནས། རླུང་རོ་དལ་བ་དང་། དྲག་པོ་དང་། ཤིན་ཏུ་དྲག་པོའ་ཚུལ་གྱིས་ལན་གསུམ་གསུམ་སྟེ། དགུ་ཕྲུགས་སུ་བུས། འདི་སྐབས་ཐུར་སེལ་གྱི་རླུང་འཐན་གྱིས་བྱ། །དེ་ནས་སྟེང་རླུང་ཅུང་ཟད་མྱུར་བར་རྔུབས་ཏེ་ལྟེ་བར་བསྐྱུར་སྟབས་སུ་མནན་པ་དང་ལྷན་ཅིག་མཆིལ་མ་མིད། དེ་རྗེས་ཐུར་སེལ་གཡས་གཡོན་དབུས་གསུམ་ནས་དྲངས་ཏེ། ཁ་སྦྱོར་ལྟེ་བར་ཐུབ་ཚད་ཟུང་། མི་ཐུབ་པ་འདྲ་ན་ཕྱིར་མ་ཤོར་བར་རྔུབ་ཆུང་ལན་གསུམ་བྱས་ཏེ་མནན། དེ་ནས་ཀྱང་མི་ཐུབ་པ་འདུག་ན་དལ་བུས་ཕྱིར་བཏང་ལ་མཐར་སངས་ཏེ་འབུད་དོ། །འདི་ལག་ལེན་བཞིན་པུས་མོ་ལ་བསྐོར་ཏེ་སེ་གོལ་ཏོག་པ་སོ་དྲུག་ཁོགས་ན་ཐ་མ། དོན་གཉིས་ཁོགས་ན་འབྲིང་བརྒྱ་བརྒྱད་ཁོགས་ན་ཆན་པོའ་ཞེས་གྲགས་སོ། །འདི་དག་ལ་དམིགས་པའི་གནད་ནི། ལུས་ནང་དུ་འོད་གསལ་རྟགས་སྣང་འཆར་ན་ལྟེ་བར་སྟོང་གཟུགས་ཤར་བ་ལ་སེམས་གཏོད་པ་ཡིན། དེ་བཞིན་མ་ཡིན་ནོ། །སེམས་སྟོང་གཟུགས་གང་དུ་ཤར་ས་དེར་གཏོད་ཅིང་། མ་ཤར་བའི་བར་བར་ལ་བློས་བཅོས་ཏེ་སྒོམ་པའི་དམིགས་རྟེན་ནི་མི་དགོས། ལུས་ཀྱི་དབུས་ལྟེ་བའི་ཐད་ཙམ་དུ་སེམས་ཀྱི་གཏད་སོ་ཙམ་བྱའོ། །དམིགས་བསྐོར་བཅུ་དྲུག་པའོ། །པཎ་ཆེན་ཟླ་མགོན་གྱི་མན་ངག་འབྲོ་ལུགས་ཀྱི་བླ་མ་གོང་མ་རྣམས་ཀྱི་བཞེད་པ་ནི། རྡོ་རྗེའི་བཟླས་པ་དང་། དགུགས་པ་དང་། དགང་བ་དང་རེངས་པ་དང་། རྡུལ་མཐའ་ཅན་ཏེ་ལྔ་ཡོད་པ་ལས། ཕྱི་མ་སྦོགས་ཆོག་ཡིན་པས་མན་ངག་དངོས་གཞི་སྔ་མ་བཞིའོ། །རྡོ་རྗེའི་བཟླས་པ་ནི་སྔ་མ་དང་འདྲ་བ་ལས། རོ་རྐྱང་ནས་འགྲོ་བའི་དམིགས་པ་མི་མཛད། གཡས་
༡༨༠ གཡོན་མཉམ་རྒྱུ་གང་ཡིན་ཡང་འདྲ་སྟེ། ཕྱིར་འགྲོ་བ་དམར་པོ། ནང་དུ་འཇུག་པ་དཀར་པོ། གནས་པ་ནག་པོར་སྒོམ་པ་དང་། རྡོར་བཟླས་ཀྱི་སྔོན་འགྲོ་གཉིས་པོ་མི་དགོས་པའོ། །འདི་སྔ་མ་དང་དོན་གཅིག་པས་དམིགས་སྐོར་ལོགས་པར་མི་འདྲེན་ནོ། །རྡོར་བཟླས་འདི་གྲུབ་ཆེན་ཡུ་མོའ་དབང་པོ་རབ་འབྲིང་གསུམ་གྱི་སྒོར་དྲུག་ན་གསལ་བར་ཡོད་སྤྱིར་འགྲོས་གོང་མ་རྣམས་བུམ་པ་ཅན་ཉིད་ལ་རྡོར་བཟླས་ཚང་བར་བཞེད་དེ་རྒྱུད་དོན་དང་ཤིན་ཏུ་འབྱོར་རོ། །གཉིས་པ་འགུག་པ་ནི། སྣ་བུག་གཡས་ནས་རླུང་རྒྱུ་བའི་སྐབས་ལྟ་སྟངས་ཅུང་ཟད་གཡས་ཕྱོགས་སུ་སྒྱུར་ཞིང་། རླུང་ནང་དུ་དལ་བུས་དྲངས་ནས་གསང་གནས་སུ་མནན་ལ་ཐུབ་ཚད་དུ་བསྡམ། མི་ཐུབ་ན་སུད་ཙམ་སུད་ཙམ་བར་བཅད་ཀྱིན་བཅད་ཀྱིན་མཐར་སངས་ཀྱིས་བཏང་ངོ་། །དམིགས་བསྐོར་བཅུ་བདུན་པའོ། །གསུམ་པ་དགང་བ་ནི། སྣ་བུག་གཡོན་ནས་རླུང་རྒྱུ་བའི་ཚེ། །ལྟ་སྟངས་ཅུང་ཟད་གཡོན་དུ་སྒྱུར། ནང་དུ་ཅུང་ཟད་མགྱོགས་པར་ཤར་ཏེ་རྔུབས་ལ་གསུས་པ་ལྡིར་གྱི་དགང་། གཏོར་བ་སྔར་དང་འདྲ། །དམིགས་བསྐོར་བཅོ་བརྒྱད་པའོ། །བཞི་པ་རེངས་པ་ནི། སྔར་གྱི་འཇམ་རླུང་དགང་གཏང་དང་ཕྱོགས་མཚུངས་ཤིང་། ལུགས་འདིའི་བུམ་པ་ཅན་ཡང་འདིས་འགྲུབ་པར་བཞེད་ལ། དོན་ལ་བར་འཇམ་རླུང་གི་བུམ་ཅན་ཡིན་ནོ། །དེ་ཡང་རླུང་རོ་བསལ་ལ་སྣ་བུག་གཡོན་ནས་རྒྱུ་ན་ལྟ་སྟངས་གཡས་སུ་བསྒྱུར། འོག་སྒོ་བསྡམས་གཡས་ནས་དལ་ལ་རིང་བར་རྔུབས་ཏེ། གསང་གནས་སུ་བཟུང་ལ་མཐར་གཡས་ནས་བཏང་གཡས་ནས་རྒྱུ་ན་ལྟ་སྟངས་གཡོན་དུ་བསྒྱུར། གཡོན་ནས་དལ་བུས་རྔུབས། འོག་སྒོ་བསྡམས། ལྟོ་བ་ལྟིར་གྱིས་བྱ། མཐར་གཡོན་ནས་བཏང་ངོ་། །དེ་ལྟར་རེ་མོས་སུ་སྤེལ་གྱིན་བསྒོམ། མཉམ་རྒྱུར་འདུག་ན་ལྟ་སྟངས་ཐད་ཀར་བྱས་ལ་མྱུར་བར་རྔུབས། ལྟེ་བར་ཁ་སྦྱོར་དྲག་པོའ་ངང་ནས་ལྟེ་བ་ཅུང་ཟད་ཚིག་པ་ལ་གཅེར། ཕྱིར་དལ་བུས་གཏོང་། དེ་ལྟར་ན་བུམ་པ་ཅན་ཏེ་
༡༨༡ དམིགས་བསྐོར་བཅུ་དགུ་པའོ། །ལུགས་འདི་ཡང་སྲོག་རྩོལ་གྱི་མན་ངག་ཆ་ཚང་བ་གཅིག་གོ །གྲུབ་ཆེན་མན་ལུང་པའི་བཞེད་པ་ཡིན་གསུངས། རྗེ་ཕྱོགས་ལས་རྣམ་རྒྱལ་དང་བུ་སྟོན་སོགས་གདམས་བསྐྱར་བཟློས་མཛད་པ་དེ་ཡང་ཕལ་ཆེར་འདི་དང་འདྲའོ། །རྭ་ལུགས་ཀྱི་མན་ངག་ནི། དང་པོ་སྲོག་རླུང་དངོས་གཞུག་པ་ནི། ལུས་གནད་སོགས་སྤྱི་དང་འདྲ་བ་ལས། དང་པོ་སྣ་བུག་གཡས་ལྟ་བུ་ཞིག་འཛུམ་མོས་བཀག་ནས་རླུང་བུས་ཤིང་རྔུབས། འོག་རླུང་བག་ཙམ་བསྡམས་པའི་བུམ་པ་ཅན་བཟུང་། ཡང་སྣ་བུག་གཡོན་བཀག །གཡས་ནས་འབུད་ཅིང་བཟུང་བ་སོགས་བུམ་ཅན་འཛིན་པ་གཡས་གཡོན་སྤེལ་གྱིན་སྒོམ། དམིགས་བསྐོར་ཉི་ཤུ་པའོ། །ཐུར་སེལ་གྱི་རླུང་དངོས་སུ་གཞུག་པ་ནི། སྟེང་རླུང་སྔ་མ་བཞིན་དུ་བྱས་ལ། འོག་སྒོ་འབྱེད་འཛུམ་དྲག་པོའ་སྦྱོར་བས་ༀ་ཨཱཿདང་ལྷན་ཅིག་དྲག་ཏུ་འཐེན་པ་དེ་སྟེང་རླུང་དང་ལྷན་ཅིག་གསང་གནས་སུ་གཟིར་བར་བྱའོ། །འདིའི་མན་ངག་གི་ཡི་གེ་ལས། སྲོག་དང་ཐུར་སེལ་གྱི་བུམ་ཅན་དེ་འཁོར་ལོ་གཞན་རྣམས་སུའང་དྲག་ཏུ་འདྲེན་པར་བཤད་དེ། །ལྟེ་བར་བརྟན་པ་ཐོབ་པའི་དབང་དུ་བྱས་པ་ཡིན་ལ། དེ་བཞིན་དུ་སྲོག་རླུང་གི་བུམ་ཅན་བཅོ་བརྒྱད་འགྱུར་ཐུར་སེལ་གྱི་བུམ་ཅན་ལ་བྱེད་པ་སོགས་ཀྱང་རླུང་ལ་དབང་ཐོབ་པའི་དབང་དུ་བྱས་པ་ཡིན་པས། དེ་དག་རེ་ཞིག་ལས་དང་པོ་པ་ལ་མི་དགོས་ཤིང་། འགའ་ཞིག་རང་ཤུགས་ཀྱིས་འགྲུབ་ལ། འགའ་ཞིག་ཞོར་ལ་འོག་ཏུ་སྟོན་པར་ཡང་འགྱུར་རོ། །དམིགས་བསྐོར་ཉེར་གཅིག་པའོ། །འདིར་ཡང་དེ་ཙམ་གྱི་སྐབས་འདིར་སྲོག་རྩོལ་གྱི་མན་ངག་ཆ་ཚང་བར་འགྱུར་ལ། སྔར་གྱི་འཕྲོས་ལས་མཉམ་གནས་ཀྱི་རླུང་གཞུག་པ་ནི། གཞན་སྔར་དང་འདྲ་བ་ལས་སྣ་བུག་གཉིས་ཀར་ནས་འབུད་རྔུབ་བྱ། གཙུག་ཏོར་མ་གཏོགས་པའི་འཁོར་ལོ་ལྔ་དང་། ཡན་ལག་ཉིནཉིང་ལག་གི་རླུང་རྣམས་ཐམས་ཅད་གཅིག་ཏུ་འདུས་པར་བསམ་ཞིང་། ༀ་ཞེས་འོག་
༡༨༢ སྒོ་དྲག་ཏུ་བསྡམས་ལ་སྟེང་དུ་དྲངས། ཨཱཿཞེས་འོག་སྒོ་དབྱེ་བས་ཐུར་དུ་བསྡིགས་པ་དང་། གྱེན་རྒྱུ་གཞུག་པ་དེ་དང་འདྲ་བ་ལས། མགྲིན་པ་དང་རོ་སྟོད་དྲག་ཏུ་གཅུད། ཁྱབ་བྱེད་གཞུག་པ་ཡང་དེ་དང་འདྲ་བ་ལས་སོར་མོ་རྣམས་བསྐུམ། ཉ་བཞི་སྒྲིམ་མོ་ཞེས་བཤད་ནའང་། དེ་གསུམ་པོ་ཡན་ལག་གི་དམིགས་པ་ཡིན་པ་དང་། དིངདེང་སང་ཉམས་འཁྲིག་མི་སྐྱོང་བས་དམིགས་བསྐོར་ལོགས་པར་མི་འདྲེན་ནོ། །མན་ལུང་བའི་མཚན་བརྗོད་སྦྱོར་དྲུག་གི་ལུགས་ནི། དལ་བུས་རྔུབས་པ་ན་ༀ་གྱིས་ཡིད་བཟླས་དང་། ཁ་སྦྱོར་བུམ་ཅན་རྔུབས་ཆུང་དང་བཅས་ཏེ་འཛིན་པ་ན་ཧཱུྃ་གི་ཡིད་བཟླས་དང་། དལ་བུས་རྒྱུ་བ་མི་མངོན་པ་ཙམ་དུ་འབུད་པ་ན་ཨཱཿའི་ཡིད་བཟླས་བྱ་བར་བཞེད་དེ། འབོ་ལུགས་ཀྱི་བླ་མ་གོང་མ་རྣམས་ཀྱང་དོན་གྱིས་འདི་ཉིད་བཞེད་དེ། འདི་ནི་རླུང་སྦྱོར་གཅིག་ལ་རྡོར་བཟླས་བུམ་ཅན་གཉིས་ཀ་ཚང་པའི་ལུགས་ཏེ། ཤིན་ཏུ་ལེགས་པར་མངོན་ནོ། །དེ་བཞིན་དུ། གྱི་ཅོ། ཁྲོམ་ལོ། ཙ་མི། ་ལོ་ལུགས་གཞན་གྱི་དགང་བ་དང་། དབྱུང་བ་དང་། བུམ་པ་ཅན་རྣམས་ཀྱང་དེ་རྣམས་ལ་དོན་ཚང་བར་ཤེས་པས་ལོགས་སུ་བཤད་མི་དགོས་སོ། །འདི་ཐམས་ཅད་ལ་ཐུན་མོང་དུ་མན་ངག་སྦྱར་བ་ནི། རླུང་ཕྱིར་འགྲོ་དུས་རྟགས་སྣང་ལ་དག་ཏུ་སེམས་གཏད། ནང་དུ་འཇུག་དུས་སེམས་ཉིད་དང་བསྲེ། གནས་པའི་དུས་སུ་སེམས་དང་སྟོང་གཟུགས་བསྲེས་པའི་མྱོང་བ་དང་འཛིན་པ་དེ་བཤིག་པར་བྱ་སྟེ། ཤིན་ཏུ་ཟབ་པའི་ཉམས་ལེན་ཏིང་འཛིན་སེམས་ཀྱི་གནད་རྣ་བ་ནས་རྣ་བ་དང་། ཞལ་ནས་ཞལ་དུ་བརྒྱུད་པ་རྒྱུད་གཞུང་ཚད་ལྡན་ཀུན་གྱི་དགོངས་པ་རྨ་མེད་པའོ། །དམིགས་བསྐོར་ཉེར་གཉིས་པའོ། །གཉིས་པ་ལ་སྤོགས་ཆོག་བོགས་འདོན་དང་། སྲོག་རྩོལ་ཉིད་ཀྱི་སྒོ་ནས་གེགས་བསལ་བ་གཉིས་སོ། །དང་པོ་ནི། མ་ཆུད་ཅིང་མ་འཆིངས་ན། བཙན་ཐབས་ཀྱི་སྦྱོར་བས་ཉི་ཟླའི་
༡༨༣ ལམ་དགག་པ་ནི་སྤོགས་ཆོག་ཡིན་ཏེ། པཎ་ཆེན་ཤཱཀྱ་ཤྲཱིའི་བཞེངས་པས། ལུས་གནད་ལྟ་སྟངས་སྤྱི་དང་མཐུན་པར་བཅས། རླུང་རོ་བསལ་རྗེས་རླུང་རང་སོར་བཞག །རྩ་བཟང་ན་ལག་པ་གཉིས་གང་རུང་གཅིག་གི་མཐེབ་མཛུབ་ཀྱིས་མགྲིན་པའི་འཕར་རྩ་མནན། རྩ་ངན་ན་གཡས་ཀྱི་མཐེ་བོས་གཡས་ཀྱི་འཕར་རྩ་དང་། གཡོན་གྱི་མཐེ་བོས་གཡོན་གྱི་འཕར་རྩ་མནན། སོར་མོ་ལྷག་མ་རྣམས་ཀྱིས་ལྟག་པ་ནས་བརྟེན་ཏེ། རན་པར་གཙིར་བས། རབ་ལ་བདེ་སྟོང་གི་ཉམས་དང་འོད་གསལ་གྱི་ཉམས་ཁྱད་པར་ཅན་སྐྱེ། འབྲིང་ལ་རྣམས་རྟོག་འགག་ཅིང་རྟགས་སྣང་གསར་པ་ཅུང་ཟད་འཆར། ཐ་མལ་ལའང་རྣམ་རྟོག་ཅུང་ཟད་འགག་གོ །དང་པོར་ཤུགས་ཆུང་བ་མི་འགྱེལ་ཙམ་དུ་མནན་ཅིང་། ཕྱིས་ཤུགས་ཇེ་དྲག་ཇེ་དྲག་ཏུ་མནན་པས་ཉམས་ཇེ་བཟང་ཇེ་བཟང་དུ་འགྱུར་རོ། །འབྲོ་ལུགས་ཀྱི་མན་ངག་ལས་ནི། འདི་ལ་རྡུལ་མཐའ་ཅན་ཟེར་ཞིང་། རྟིང་པ་གཡས་པས་བཤང་ལམ་དགག །བརླ་དང་བྱིན་པའི་བར་དུ་གསང་རྩ་ལྟེམ་པའམ། རྟིང་པ་གཡས་པས་གསང་རྩ་ལྟེམ། ལག་པ་ཕྱོགས་གཅིག་གདན་ལ་བརྟེན། ཅིག་ཤོས་ཀྱིས་གཉིད་ལོག་མནན། རླུང་ཡོངས་རྫོགས་བཟུང་བའམ། ཅུང་ཟད་ཅིག་ཕྱིར་བཏང་བའི་ལྷག་མ་བཟུང་བ་གང་བདེ་བྱ། ཞེས་བཤད་དོ། །འདི་ལས་འཕྲོས་པའི་འཕོ་བའི་གདམས་པ་ནི་འོག་ཏུ་བསྟན་པར་བྱའོ། །དམིགས་བསྐོར་ཉེར་གསུམ་པའོ། །བོགས་འདོན་ནི། ཡེ་ཤེས་སྤྱན་སྒྲུབ་ལས་འབྱུང་བའི་མན་ངག་གཉིས་ལས། དང་པོ་ནི། དྷཱུ་ཏཱིའི་ནང་དུ་འོད་གསལ་བཟུང་། །རྟོག་མེད་སེམས་ཀྱི་དེ་ཉིད་ཤེས། །རྡོ་རྗེའི་ལུས་ཀྱི་དེ་ཉིད་མཐོང་། །གསང་སྔགས་ཆོས་ལ་མཁས་པར་འགྱུར། །ཞེས་གསུངས་ཏེ། བུམ་པ་ཅན་དང་སྟོང་གཟུགས་ལ་མཉམ་པར་གཞག་པ་ཡང་ཡང་གོམས་པས་ལུས་ཀྱི་ནང་དུ་སྟོང་གཟུགས་འཆར། དེའི་རྒྱུན་གོམས་པས་ལུས་ཀྱི་ནང་གང་འདོད་དུ་
༡༨༤ འཆར་ཐུབ། དེ་སྐབས་ནས། ལྟེ་བ་སྤྲུལ་འཁོར་གྱི་དབུས་དབུ་མ་གང་དུ་ཡོད་པའི་ཐད་དེ་ཙམ་དུ་སྟོང་གཟུགས་ཤར་བ་ལ་སེམས་རྩེ་གཅིག་ཏུ་གཏད་པས་དྲོད་ཚ་འུར་བ་སོགས་བདེ་དྲོད་ཀྱི་ཉམས་འཕྲལ་དུ་ཤར་བྱུང་ན་གནད་དུ་སོང་བ་ཡིན། བདེ་དྲོད་མི་སྐྱེ་བ་དང་། སྟོང་གཟུགས་མི་གསལ་དུ་སོང་ན་གནད་འཕྱུགས་པ་ཡིན་པས། རྩ་དབུ་མའི་གནས་ཚུལ་ངེས་པར་བྱས་ཏེ་བསྒོམས་པས། དེའི་ནང་དུ་སྟོང་གཟུགས་ཤར་བ་ན་སྔར་བཞིན་བསྒོམ། དེ་ནས་ཉམས་ཀྱི་ཚུལ་གྱིས་རྩ་དབུ་མར་རྩ་འཁོར་སོགས་ཅི་རིགས་པ་མཐོང་བ་འབྱུང་། དེ་བཞིན་དུ་སྙིང་ཁ་ལ་སོགས་པ་རྩ་གནས་གཞན་ལའང་སྦྱར་གྱིན་བསྒོམ། དེས་རྩ་གནས་རགས་པ་ཕལ་ཆེ་བའི་རྣམས་པ་ཉམས་ཀྱི་ཚུལ་དུ་འཆར་ལ། དེ་ནས་ཡུན་བསྲིངས་ཏེ་བསྒོམས་པས་རྩ་རླུང་ཐིག་ལེའི་གནས་ཚུལ་མངོན་སུམ་དུ་མཐོང་བར་འགྱུར་རོ། །དམིགས་བསྐོར་ཉེར་བཞི་པའོ། །ཡང་ཇི་སྐད་དུ། སྲོག་རྩོལ་སྒོ་རུ་འོད་གསལ་བཟུང་། །རྒྱུ་བ་རླུང་གི་དདེ་ཉིད་ཤེས། །རླུང་ལྔའི་ཁ་དོག་མཐོང་བར་འགྱུར། །ཞི་རྒྱས་ལ་སོགས་དབང་དུ་འདུ། །ཞེས་གསུངས་ཏེ། སྣ་བུག་ནས་སོར་བཅུ་དྲུག་གི་སྟེང་གི་ནམ་མཁར་སྟོང་གཟུགས་ཤར་བ་ལ་སེམས་གཏོད། དེ་ལ་གཏནགཏད་ན་རིམ་གྱིས་ཇེ་ཉེ་ཇེ་ཉེ་ལ་གཏད་སྟེ། མཐར་སྣའི་ནང་དུ་སྟོང་གཟུགས་ཤར་བ་ལ་སེམས་གཏོད་པའི་བར་དུ་བྱ། དེ་ནི་ནམ་མཁའི་རླུང་གི་ལམ་ལ་སྒོམ་པ་ཡིན་ལ། དེ་བཞིན་དུ་འབྱུང་བ་གཞན་གྱི་རླུང་ལའང་སྦྱར་ཏེ་སྒོམ། མཐར་ཐམས་ཅད་དུ་འབྱོངས་པ་ན་སྣའི་བར་ཐད་དུ་སྟོང་གཟུགས་ཤར་བ་ལ་སེམས་གཏད་དོ། །དབུགས་དང་འགྲོགས་ཏེ་སྟོང་གཟུགས་ཡལ་ཡོལ་བྱེད་ཀྱང་དེའི་རྗེས་སུ་མི་འབྲང་བར་ཐོག་མ་སེམས་བཞག་པ་དེ་ཀར་བསྒྲིམ། འདི་བསྒོམས་པས་སྣ་སྒོར་སྟོང་གཟུགས་རྟག་ཏུ་གནས་པ་འབྱུང་། དེ་ལ་རྩེ་གཅིག་ཏུ་གོམས་པ་ལས། རིམ་པས་རླུང་རྣམས་ཀྱི་ཁ་དོག་དང་དབྱིབས་དང་། ཚད་དང་རྒྱུ་བའི་གྲངས་ཀྱི་རྣམས་པ་ངེས་པ་འབྱུང་།
༡༨༥ དེ་བྱུང་ནས་ཀྱང་བུམ་པ་ཅན་དང་ལྷན་གཅིག་བསྒོམས་ན་ཟླ་བ་དྲུག་ལ་སོགས་པས་བརྟན་པ་ཐོབ་པར་འགྱུར། དེ་ནས་རླུང་རྒྱུ་བ་དང་བསྟུན་ཏེ་འདུན་པ་བསྒྱུར་བ་ཙམ་གྱིས་ཀྱང་ཞི་རྒྱས་ལ་སོགས་པའི་ལས་ཆེན་བརྒྱད་ཐོགས་མེད་དུ་འགྲུབ་པ་ཡིན་ནོ། །འདི་ནི་མཚོན་པ་ཙམ་སྟེ། གཞན་ཡང་གཏུམ་མོ་དང་། ལས་རྒྱ་དང་། བཙན་ཐབས་ཀྱི་སྦྱོར་བ་མང་པོ་ཞིག་སྲོག་རྩོལ་གྱི་བོགས་འདོན་ཏུ་འབྱུང་ངོ་། །དམིགས་བསྐོར་ཉེར་ལྔ་པའོ། །སྐབས་འདིར་སྲོག་རྩོལ་ཉིད་ཀྱི་སྒོ་ནས་གེགས་བསལ་བ་དང་། པཎ་ཆེན་རྡོ་རྗེའི་ཚིག་ལྔ་པའི་འཕྲོས་ལ་བཀག་པས། འོག་སྒོ་བཙན་ཐབས་སུ་འགགས་ན་སྟེང་གི་སྦྱོར་བས་ལ་བརྟེན་ཏེ་གྲོལ་བ་ཡང་ཤེས་དགོས་ལ། གཞན་ཡང་སྲོག་རྩོལ་བསྒོམས་པས་ཐོད་པ་འགོགས་པ་སྙམ་བྱེད་པ་དང་། མགོ་དང་སྙིང་ཁ་ན་བ་དང་། ལྟེ་བ་གཟེར་ཞིང་སྤྱི་གཙུག་གི་པགས་པ་ལ་ཁབ་བཙུགས་པ་ལྟ་བུར་བྱུང་བ་དང་། ཁོག་པར་ཤིང་བཅུག་པ་ལྟ་བུར་འོད་ཟེར་གྱི་འཁོར་ལོ་ལུས་ནང་དུ་དྲག་ཏུ་འཁོར་ན། སྦྱོར་བས་དབུ་མར་འཛུད་དགོས་པ་ཡིན་ཀྱང་དེ་མི་འགྲུབ་ན། རེ་ཞིག་སྲོག་རྩོལ་སྒོམ་པའི་རྩོལ་བ་གློད་ན། སྐུ་མཉེ་དང་ཁ་ཟས་བཟང་དུ་བསྟེན། འབེབས་ཀྱི་འཁྲུལ་འཁོར་དང་། ཧ་འཕྲ་བ་དང་། རླུང་ཕྱིར་འདོན་པ་མང་དུ་བྱས་པས་སེལ་བར་འགྱུར་རོ། །སྤྱིར་གེགས་བསལ་བ་དང་། གེགས་ཆུང་ངུ་ལ་སེལ་བྱེད་ཀྱང་ཞི་བ་དང་། བར་པབ་ལ་བར་པབ་དང་། ཆེན་པོ་ལ་ཤུགས་དྲག་པོ་རྣམས་གལ་ཆེ། དེ་ལས་བཟློག་ན་ཆུང་ངུ་ཆེན་པོར་འགྱུར་བ་དང་། ཆེན་པོ་བཅོས་དཀའ་བ་རྣམས་སུ་འགྱུར་རོ། །ཉིན་དང་ཉིན་ལ་ཡེ་ཤེས་ཀྱི་ཉམས་ཕེབས་པར་འགྱུར་ན་དེ་ཉིད་བྱུང་རྒྱལ་དུ་བསྐྱངས་པས་གེགས་ཕལ་ཆེར་སེལ་བར་འགྱུར་ལ། གཞན་དུ་གེགས་སེལ་གྱི་གདམས་ངག་ལ་ཡང་མཁས་པ་དང་། ལུས་སྦྱོངས་ལ་བརྩོན་པར་བྱེད་དགོས་ཏེ། དེ་དག་གི་ཡི་གེ་ལོགས་སུ་ཡོད་པ་ལྟར་ཉམས་མྱོང་ཅན་གྱི་ལག་ཁྲིད་དང་བཅས་ཏེ་ཤེས་པར་བྱའོ། །གཉིས་པ་སྒོམ་དོན་བློ་ལ་འགོད་
༡༨༦ པ་ལ། སྲོག་རྩོལ་གྱི་མཚན་དོན། སྒོམ་པའི་དུས་མཚམས། སྒོམས་ཚུལ་གྱི་ཡན་ལག །བསྒོམ་པའི་རྟགས་ཚད། དག་བྱ་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་པའི་འབྲས་བུ་སྟེ་དྲུག་ལས། དང་པོ་ནི། རྒྱ་གར་གྱི་སྐད་དུ། པྲ་ཎ་ཅེས་བསྲོག །ཨཱ་ཡ་མ་ཅེས་པ་འགོག་པའམ། རྩོལ་བའམ། རིང་དུ་བྱེད་པ་ལ་འཇུག་པས། དེ་མཚམས་སྦྱར་བས། པྲ་ཎཱ་ཡ་མ་ནི་སྲོག་རྩོལ་ལམ། སྲོག་འགོག་པ་ཅེས་བྱའོ། །དེ་ལ་སྲོག་ནི་རླུང་གི་མིང་ཡིན་ལ། དེ་འགོག་པའམ་རྩོལ་བ་ནི་འཇུག་པར་བྱེད་པའི་དོན་ནོ། །གཉིས་པ་ལ་སྲོག་རྩོལ་གྱི་ཡན་ལག་དངོས་ནི། བསམ་གཏན་གྱི་ཡན་ལག་ལྔ་པ་རྒྱུད་ལ་སྐྱེས་ནས་བསྒོམ་པ་ཡིན་ལ། རྗེས་མཐུན་པ་ནི་ལས་དང་པོ་པས་ཀྱང་བསྒོམ་དུ་རུང་ཞིང་། ཁྱད་པར་དུ་ཡང་ཐོག་མར་དགེ་བའི་སོར་བསམ་གང་རིགས་ལ་ཉམས་མྱོང་ཅུང་ཟད་རེད་ནས་བསྒོམ་ནས་ཤིན་ཏུ་ལེགས་སོ། །གསུམ་པ་བསྒོམ་ཚུལ་གྱི་ཡན་ལག་ལ་དོན་ཚན་ལྔའི་དང་པོ་སྲོག་རྩོལ་གང་ལ་བྱ་བའི་ཡུལ་ནི། སྤྱིར་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་མཐའ་དག་ཡིན་ལ། དེའི་གཙོ་བོ་ལྟེ་བ་ཡན་ཆད་ན་རོ་རྐྱང་དབུ་མ་གསུམ། ལྟེ་བའི་འོག་ཏུ་བཤང་གཅི་ཁུ་བའི་རྩ་གསུམ་སྟེ་དྲུག །རླུང་སྲོག་དང་ཐུར་སེལ་གཉིས་རྣམས་ཏེ། སྤྲོ་ན་སྐབས་འདིར་རྩ་རླུང་ཐིག་ལེའི་གནས་ཚུལ་རྒྱས་པར་བཤད་ན་ལེགས་སོ། །དོན་ཚན་གཉིས་པ་སྲོག་རྩོལ་བསྒོམ་པའི་དགོས་པ་ནི། རྒྱུད་ལས། དེ་ཕྱིར་ལུས་ཀྱི་དོན་གྱི་རྒྱུད་ནི། ཉིན་ཞག་སོ་སོའ་དུས་སུ་རྩའི་སྦྱོར་བ་བསྒོམ་པར་བྱ། ཞེས་དང་། དུས་ཞབས་པའི་མན་ངག་ལས་ཀྱང་། །མི་འགྱུར་བདེ་བ་སྐྱེ་བའི་ཕྱིར། །སྲོག་རྩོལ་ཡན་ལག་བསྒོམ་པར་བྱ། །ཞེས་པ་ལྟར་འགྱུར་མེད་བདེ་བ་རྒྱུ་ཚོགས་ཀྱི་ཕྱོགས་གཅིག་སྟོང་གཟུགས་ཕྱག་ཆེན་ཡིན་པ་སོར་བསམ་གྱི་དུས་ནས་ཀྱང་བསྒྲུབས་པ་ཡིན་ལ། ཕྱོགས་གཅིག་ཤོས་རླུང་ལས་རྣམ་པར་རྒྱལ་བ་ཐོབ་ཅིང་། ཨ་ཝ་དྷཱུ་ཏཱིར་བཅིངས་པས་རྡོ་རྗེའི་ལུས་རྣམ་པར་དག་པ་གྱུར་ནས་
༡༨༧ འཆི་བ་མེད་པ་དང་། ཐིག་ལེ་ལ་དབང་འབྱོར་པར་བྱེད་པ་ནི་སྲོག་རྩོལ་གྱི་དགོས་པའོ། །དོན་ཚན་གསུམ་པ་སྲོག་རྩོལ་དུ་ས་ཇི་ཙམ་གྱི་བར་དུ་སྒོམ་པ་ནི། རྣལ་འབྱོར་བསྒོམ་པའི་ཚེ་རླུང་རྣམས་དབུ་མ་འབའ་ཞིག་ནས་འབབ་པར་འགྱུར་གྱི་བར་དུ་སྟེ། དེས་བྱང་ཆུབ་ཀྱི་སེམས་རགས་པ་བཟུང་བཟློག་ལ་དབང་ཐོབ་པར་འགྱུར་ཞིང་། དབང་པོ་རྣོན་པོས་ཟླ་བ་དྲུག་གིས་དེ་འགྲུབ་པའི་དབང་དུ་མཛད་ནས། རྒྱུད་ལས། ཟླ་བ་དྲུག་གིས་སྡོམ་བརྩོན་རྣམས་ལ་རེག་བྱས་དམན་པའི་བདེ་བ་མཉམ་པ་ལམ་གྱི་སེམས་སུ་འགྱུར། ཞེས་གསུངས། དོན་ཚན་བཞི་པ་སྲོག་རྩོལ་གྱི་ངོ་བོ་ནི། སྲོག་རྩོལ་དག་ཀྱང་ལམ་ནི་གཉིས་པོ་བསྒྱེལ་ཞིང་དབུ་མར་སྲོག་ནི་རབ་ཏུ་ཞུགས་པ་དག་ཏུ་འགྱུར། ཞེས་གསུངས་ཏེ། རོ་རྐྱང་གི་རླུང་དབུ་མར་དགག་ཅིང་འོག་ཏུ་བཤང་གཅིའི་རྩར་རྒྱུ་བའི་རླུང་ཡང་དུང་ཅན་མར་དགག་པ་ཡིན་ལ། དེ་བཞིན་དུ་དབུ་མར་རྒྱུ་བའི་སྲོག་དང་། དུང་ཅན་མར་རྒྱུ་བའི་ཐུར་སེལ་ཡང་གཅིག་ཏུ་བསྡུ་བར་བྱེད་པའི་ཏིང་ངེ་འཛིན་ནོ། །དོན་ཚན་ལྔ་པ་སྲོག་རྩོལ་ཇི་ལྟར་སྒོམ་པའི་ཚུལ་ལ། རྡོ་རྗེའི་བཟླས་པ་ནི། རྒྱུད་ལས། ཟླ་བ་ཉི་མས་ཨ་སོགས་ཀ་སོགས་རྣམས་ཀྱི་རྣམ་གསུམ་བགྲོད་གནས་སྐུ་ཡི་རྡོ་རྗེ་སོགས་བཟླས་པ། ཞེས་པས་བསྟན་ཅིང་། འཇམ་རླུང་གང་གཏོང་གི་དབུགས་ཡོ་བ་བསྲང་བ་ནི། ཇི་སྐད་དུ། མཆན་ཁུང་གཡས་དང་གཡས་མིན་དག་ལས་ནུ་མ་དག་ཀྱང་སྟོབས་ལྡན་མནན་ཏེ་སྲོག་ནི་བཀག་པ་ལས། གཡས་ནས་གཡོན་པའི་རྩར་ནི་འཕྲལ་ལ་རབ་འབབ་གཡོན་པའི་མཆན་ཁུང་ལས་ཀྱང་གཡས་སུའོ། །ཟླ་བ་ཕྱེད་ཀྱིས་ཀྱང་ནི་འཆི་སྟེར་འཆི་ལྟས་འཕྲོག་སྟེ་རྣལ་འབྱོར་ལྡན་པའི་རྣལ་འབྱོར་པབ་ཡིས་སོ། །ཞེས་པས་བསྟན། དགང་བ་དང་བུམ་པ་ཅན་ནི། ཁ་ཡང་བཙུམ་སྟེ་སྣ་ཡི་བུ་ག་གཉིས་པོ་དག་ནས་ཕྱི་རོལ་དག་གི་རླུང་ནི་མ་ལུས་པ། སྲོག་གི་ཤུགས་ཀྱིས་བཀུག་སྟེ་དྲི་མ་མེད་པའི་
༡༨༨ གློག་དང་མཚུངས་པར་ཐུར་སེལ་རླུང་དང་སྦྱར་བྱས་ཏེ། ཞེས་པས་བསྟན་ཅིང་། དེའི་ཕན་ཡོན་ཡང་། ལུས་ལ་ཟས་ལ་སོགས་པ་དང་ནི་བཀྲེས་དང་སྐོམ་པ་འཕྲོག་ཅིང་འཆི་བ་མེད་པ་ཉིད་ཀྱང་སྟེ། ཞེས་སོ། །གཞན་ཡང་དྲི་མེད་འོད་ལས། དབྱུང་བ་དང་དགང་བ་དང་། བུམ་པ་ཅན་གྱི་སྦྱོར་བས་ནི་རྟག་ཏུ་བསྙེན་པའོ། །ཞེས་གསུངས་པས། སྲོག་རྩོལ་གྱི་མན་ངག་ཐ་དད་པ་ཐམས་ཅད་ཀྱང་བསྟན་པ་ཡིན་ནོ། །འདིར་བུམ་པ་ཅན་གཙོ་བོ་ཡིན་པས་ངེས་པར་དགོས་ལ། གཞན་དག་ནི་ཇི་ལྟར་རིགས་པར་ཡང་སྦྱར་རོ། །གནས་སྐབས་སུ་སྲོག་གེགས་མི་འབྱུང་བའི་དོན་དུ། རླུང་སྟོབས་རྒྱས་པ་དབུ་མར་འཛུད་པའམ། གེགས་སེལ་གཞན་ཡང་རུང་སྟེ། དེའི་དུས་བསྟན་པ་ནི། སྲོག་རྩོལ་རབ་ཏུ་བྱ་སྟེ་སྙིང་ཁ་དེ་བཞིན་མགོ་བོ་དག་ནི་ཇི་སྲིད་མེ་ཡིས་གདུང་གྱུར་པ། ཞེས་པ་སོགས་པའོ། །བཞི་པ་ནི། སྲོག་རྩོལ་གྱི་རྟགས་ཐམས་ཅད་གཡས་གཡོན་གྱི་རླུང་བཅུ་དབུ་མར་འགགས་པའི་མཐུ་ལས་བྱུང་བའི་ལུས་ཉམས། ངག་ཉམས། སེམས་ཉམས། མཐོང་ཉམས། རྨི་ཉམས་ཏེ་རྣམས་པ་ལྔར་འདུས་པ་ཡིན་ནོ། །ཚད་མ་ནི། །རྣམ་རྟོག་གི་རྒྱུ་རླུང་རྣམས་དབུ་མར་འགགས་པའི་ཡེ་ཤེས་ཡིན་པས་ཡིད་ཀྱི་མངོན་སུམ་གཙོ་བོར་གྱུར་པའི་མངོན་སུམ་བཞིའོ། །ལྔ་པ་ནི། དག་བྱ་ལ་དབྱེ་ན་འདུ་ཤེས་སོགས་ཕུང་ཁམས་དྲུག་ཚན་གཅིག་ཡོད་ལ། དག་བྱེད་སྲོག་རྩོལ་ཉིད་ལ་དབྱེ་ན། གཡས་གཡོན་གྱི་དཀྱིལ་འཁོར་བཅུ་དབུ་མར་འདྲེས་པའི་དབྱེ་བས་བཅུའོ། །དྲུག་པ་ལས། གནས་སྐབས་ཀྱི་འབྲས་བུ་ནི། རྒྱུད་ལས། སྲོག་རྩོལ་གྱིས་ནི་དག་པ་རི་བོང་ཅན་དང་ཉི་མ་རྣམས་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། ཅེས་གསུངས་པ་ལྟར། རོ་རྐྱང་དུ་རྒྱུ་བའི་རླུང་ཡོན་པོ་འགགས་པའི་ཕན་ཡོན་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུང་སྟོན་ཅིང་བྱིན་གྱིས་རློབས། ཡེ་ཤེས་ཀྱིས་སྣང་
༡༨༩ བར་གྱུར་པའི་གཟུགས་སོགས་ཡུལ་དྲུག་གི་འདོད་ཡོན་ལ་སྤྱོད། །དབང་པོ་དྲུག་གི་མངོན་ཤེས་སྐྱེ། མི་དང་མི་མ་ཡིན་པ་དབང་དུ་འདུ་བ་ཡིན་ལ། མཐར་ཐུགས་གི་འབྲས་བུ་ནི། དོན་ཡོད་གྲུབ་པ་སོགས་ལྷ་རླུང་ཁམས་པ་དྲུག་ཚན་གཅིག་ཐོབ་པར་འགྱུར་པ་ཡིན་ནོ། །སྒོམ་དོན་བློ་ལ་འགོད་པ་འདི་ལ་ཐུན་གཅིག་ལ་སོགས་པའོ། །དེས་སྲོག་རྩོལ་གྱི་འཁྲིད་ཚར་རོ། །གཉིས་པ་འཛིན་པའི་འཁྲིད་སྟོན་པར་བྱེད་པ་ལ། ཉམས་ལེན་དམིགས་པའི་གནད་དང་། སྒོམ་དོན་བློ་ལ་འགོད་པའོ། །དང་པོ་ལ་འཛིན་པའི་མན་ངག་དངོས་དང་། བོགས་འདོན་སྤོགས་པའི་ཆོ་གའོ། །དང་པོ་ནི། །གང་དུ་ཇི་སྐད་བསྟན་པ་ལྟར། བུམ་པ་ཅན་གྱི་སྦྱོར་བས་སྲོག་དབུ་མའི་ཐིག་ལེ་ལ་ཐིམ་པར་བྱེད་པ་ཡིན་ཏེ། སྲོག་རྩོལ་དང་འཛིན་པའི་སྐབས་ཀྱི་བུམ་ཅན་ནི་བུམ་པ་ཅན་ཙམ་དུ་འདྲ་ཡང་སྲོག་རྩོལ་གྱི་བུམ་ཅན་ནི། རོ་རྐྱང་གི་ལམ་དགག་པ་དང་། སྲོག་ཐུར་འདྲེ་བའི་ཕྱིར་སྒོམ་པ་ཡིན་ལ། འདིར་ནི་སྲོག་ཐུར་འདྲེས་ཟིན་པའི་རླུང་དེ་ཉིད་དབུ་མའི་ཐིག་ལེར་ཐིམ་པར་བྱེད་པའི་དོན་ཡིན་ནོ། །དེ་ལ་ལྟེ་བའི་བུམ་ཅན་ནི་སྔར་དང་འདྲ་སྟེ། འོན་ཀྱང་འཛིན་པའི་རྗེས་མཐུན་པ་བསྒོམ་པའི་སྐབས་འདིར་རླུང་རྣམས་ལྟེ་བའི་ཐིག་ལེ་ལ་ཐིམ་པའི་མོས་པ་ཙམ་ཡང་ཡང་བྱེད་པ་ནི་ཁྱད་པར་རོ། །དམིགས་བསྐོར་ཉེར་དྲུག་པའོ། །དེ་བཞིན་དུ་སྙིང་ཁའི་བུམ་ཅན་ཡང་ཕལ་ཆེར་དེ་དང་འདྲ་བ་ལས། ལྟེ་བའི་བུམ་ཅན་བཅས་ཟིན་འཚམས་ནས་སྙིང་ཁར་འདྲེན་པ་དང་། ལག་པ་གཉིས་རྒྱབ་ཏུ་བསྣོལ། རྡོ་རྗེའི་སྐྱིལ་ཀྲུང་གི་མཐེ་བོང་གཡས་གཡོན་ནས་འཐེན་པའི་ལུས་གནད་སྦྲགས་ཏེ་བྱའོ། །དམིགས་བསྐོར་ཉེར་བདུན་པའོ། །མགྲིན་པའི་བུམ་ཅན་ནི། རྐང་པ་སྐྱིལ་ཀྲུང་བཅས་ཏེ། པུས་མོའ་ནང་ཁུགས་སུ་གྲུ་མོ་བཙུགས། སོར་མོ་བསྣོལ་བས་ལྟག་པ་ནས་མནན་ཏེ་མགོ་བསྒྱུར། རླུང་ཁ་ནས་རྔུབས་ཏེ། ལྟག་པའི་ཐད་ཀར་ཐུགས་བསྒྱིལ་ལ་ལྐོག་མས་ཨོལ་མདུད་མནན།
༡༩༠ ཐུར་སེལ་མགྲིན་པའི་ཐད་ཀར་ཕུལ་ལོ། །དམིགས་བསྐོར་ཉེར་བརྒྱད་པའོ། །དཔྲལ་བའི་བུམ་ཅན་ནི། ཕལ་ཆེར་དེ་དང་འདྲ་བ་ལ་ལག་པ་གཉིས་སྔར་བཞིན་ལས་སྤྱི་བོ་ནས་འཐེན། རླུང་ཡང་ཁ་ནས་རྔུབས་པ་རྐན་གྱི་ཕུགས་སུ་ཡར་བསྒྱིལ་བ་ནི་ཁྱད་པར་རོ། །དམིགས་བསྐོར་ཉེར་དགུ་པའོ། །གཙུག་ཏོར་གྱི་བུམ་ཅན་ཡང་དམིགས་པ་གཙུག་ཏོར་དུ་བྱེད་པའི་ཁྱད་པར་མ་གཏོགས་དེ་དང་འདྲའོ། །དམིགས་བསྐོར་སུམ་བཅུཅུ་པའོ། །མན་ངག་ཁོ་ན་ལས་འབྱུང་བའི་གསུངས་བུམ་ཅན་ནི། རྟིང་པ་གཅིག་གིས་བཤང་སྒོ་རྟེན། གཅིག་གིས་གསང་བ་ནས་མནན། ལག་པ་གཉིས་གཞུག་ཆུང་ནས་ཕར་འཁྱིད་གང་ཙམ་གཞལ་བའི་སར་གཙུགས། གདོང་གྱེན་དུ་ཕྱོགས་པས་རླུང་དྲག་ལ་རིང་བར་མནན། བཤང་སྒོ་དང་གསང་སྒོ་གཉིས་ཀ་ནས་ཐུར་སེལ་ལན་མང་དུ་དྲངས་པ་དེ་དང་སྟེང་རླུང་གཉིས་ཀར་རྒྱུ་ཞབས་ཀྱི་འོག་ཏུ་མནན་ཏེ་བཞག་པའོ། །དམིགས་བསྐོར་སོ་གཅིག་པའོ། །འགའ་ཞིག་སྙིང་ཁ་ཡན་ཆད་ཀྱི་བུམ་ཅན་ལས་དང་པོ་པས་སྒོམ་དུ་མི་རུང་བར་འདོད་ནའང་། རིན་ཙམ་སྒོམ་པ་ལ་སྐྱོན་མེད་ཅིང་། ལས་དང་པོ་པས་སྒོམ་ན་ལག་ལེན་འདི་ལྟར་བྱེད་དེ། ལྟེ་བའི་བུམ་ཅན་ཉི་ཤུ་ཙམ་སོང་ནས་སྙིང་ཁའི་བུམ་ཅན་ལན་གཅིག་གཉིས་ཙམ་བྱེད་པ་སྟེ། ལྟེ་བའི་བུམ་ཅན་དེ་སྙིང་ཁར་དྲང་དྲངས། སྔར་ཡང་ལྟེ་བར་ཕབ་ནས་རླུང་གཏོང་། མགྲིན་པ་དཔྲལ་བ་གཙུག་ཏོར་རྣམས་ལ་ལྟེ་བའི་བུམ་ཅན་ཡང་མི་འདྲེན་ཡང་། རླུང་གཏོང་ཁར་བུམ་ཅན་ལྟེ་བར་འབེབས་དགོས་སོ། །སླར་ཡང་དེ་རྣམས་ཀྱི་མཐར་གསང་བའི་བུམ་ཅན་ཚར་རེ་བྱ། རླུང་རོ་འཁྱིམས་ཀྱི་དོགས་པ་ཡོད་ན་སྙིང་ཁའི་བུམ་ཅན་གྱི་མཐར་རོ་སྟོད་གཅུད་ཅིང་ཧ་འདོན། མགྲིན་པའི་མཐར་ཁ་བཙུམ་ནས་མགྲིན་པའི་རླུང་དྲངས་ཏེ་འབུད། དཔྲལ་བ་དང་གཙུག་ཏོར་གྱི་མཐར་སྣ་བཀག་ནས་ཐོད་པའི་རླུང་དྲངས་ནས་འབུད་པ་སོགས་ཀྱང་ལགས་ལེན་བཞིན་ཤེས་པར་བྱའོ། །གཉིས་པ་
༡༩༡ ལ། རླུང་གི་སྤོགས་ཆོག་ནི། རྡོ་རྗེའི་ཚིག་དྲུག་གི་གཏུམ་མོ་སྦར་བའི་སྦྱོར་བས་སྲོག་ཐུར་བསྲེ་ཞིང་འཆི་མེད་སྒྲུབ་པ་སྟེ། འཛིན་པའི་མན་ངག་སྔར་བསྟན་པ་དེ་ལྟར་བསྒོམས་ཀྱང་ཡོན་ཏན་སྐྱེ་མ་འདོད་ན། བུམ་ཅན་ཙམ་གྱི་སྲོག་ཐུར་བསྲེ་མ་ཐུབ་པ་ཡིན་པས། སྐྱིལ་ཀྲུང་གཡས་གཡོན་གྱི་རོལ་སྟབས་སམ། རྡོ་རྗེའི་སྐྱིལ་ཀྲུང་གིས་ཀྱང་ཆོག་ལ། ལག་པ་པུས་མོ་ལ་བཀབ། ཐོག་མར་འོག་སྒོ་སྟེང་དུ་འཐེན། སྟེང་རླུང་ཧཱུྃ་རིང་གི་གདངས་ཀྱིས་ཕྱིར་འབུད། སླར་ནང་དུ་ཧུཾ་ཐུང་གིས་མནན་ཏེ་ཅུང་ཟད་སོང་ནས་གསང་རླུང་ཧཱུྃ་གི་ཁོང་སྒྲ་དང་བཅས་ཏེ་ཡར་དྲངས། ལྕེ་རྩེ་རྐན་ལ་སྦྱར། ཕཊ་ཅེས་ཡིད་ལ་དྲན་པས་ཁ་སྦྱོར་དྲག་པོ་དེ་ལྟེ་བར་བཟུང་བཞིན་པས། ལྟོ་བ་ཕྱིར་འཕུལ་བ་ལན་འགའ་བྱ། དེ་ནས་འབུད་པ་སོགས་སྔར་དང་འདྲ་སྟེ། དེ་ཉིད་ཡང་ཡང་སྒོམ་པ་ཡིན་ནོ། །འདི་ནི་པཎ་ཆེན་ཤཱཀྱ་ཤྲིའི་མན་ངག་ཡིན་ལ། གྲུབ་ཐོབ་ཤཱ་བཱ་རི་པའིབའི་མན་ངག །བི་བྷུ་ཏི་ཙནྡྲའི་ཉེ་རྒྱུད་ལ་སྲོག་ཐུར་བསྲེ་བའི་མན་ངག་གསུམ་ཡོད་པ་ནི་གཞན་དུ་བཤད་པར་བྱའོ། །དམིགས་བསྐོར་སོ་གཉིས་པའོ། །འཁྲུལ་འཁོར་གྱི་སྤོགས་ཆོག་ནི། རླུང་གནད་སྔ་མ་དང་འདྲ་བ་ལས། རླུང་ཕྱིར་འབུད་པའི་ཚེ། རྐང་སོར་ནས་ལག་པས་འཇུས་ཏེ་སྒུར་ལངས་སུ་བྱེད། ནང་དུ་རྔུབས་ཏེ་བཟུང་བའི་སྐབས་སུ་འཕོང་། སྟན་གྱི་སྟེང་དུ་བཞག་སྟེ་ཙོག་སུཏུ་བྱ། གསང་རླུང་འཐེན་སྐབས་ལུས་བསྒྱུར། ལྟོ་བ་ཕྱིར་འཕུལ་བའི་སྐབས་ལྟག་པ་སྤྱོད་དོ། །དམིགས་བསྐོར་སོ་གསུམ་པའོ། །རྩའི་སྤོགས་ཆོག་ནི། གོང་དུ་བཤད་པའི་བཙན་ཐབས་ཀྱི་སྦྱོར་བས་ཉི་ཟླའི་ལམ་དགག་པ་ཉིད་དོ། །ཐིག་ལེའི་སྤོགས་ཆོག་གཙོ་བོ་ནི། དམིགས་བཅས་ཀྱི་གཏུམ་མོ་ཡིན་ཡང་འོག་ཏུ་འཆད་པར་འགྱུར་བས་འདིར་མི་བརྗོད་ལ། རྡོ་རྗེའི་ཚིག་དྲུག་གི་ལྕེ་གསུམ་ག་སྐྱོད་པའི་སྦྱོར་བས་ནང་གི་བདུད་རྩིའི་བཅུད་མྱང་བ་ནི། དམིགས་
༡༩༢ མེད་དང་དམིགས་བཅས་གཉིས་ལས། འདིར་དམིགས་བཅས་ཀྱི་དབང་དུ་བྱས་ན། ལག་གཉིས་ས་གནོན་བྱ། གཞན་ལུས་གནད་སྤྱི་དང་འདྲ། དཔྲལ་བར་ཧཾ་དཀར་པོ་ལ་དབྱངས་བཅུ་དྲུག་དཀར་པོས་བསྐོར་བའམ། ཡི་གེ་གསལ་མི་ཐེབས་ན་ཐིག་ལེ་དཀར་པོ་བསྒོམས་ཀྱང་རུང་ངོ་། །ཐུར་སེལ་འཐེན་བྱས་པས་རླུང་དྲོད་ཀྱི་རང་བཞིན་ཙནཙམ་ཁོགས་པ་ནས་ཡར་སོང་། ཡི་གེའམ་ཐིག་ལེ་ལ་ཕོག་པས་བདུད་རྩི་དཀར་པོ་རླན་དྲོད་ཀྱི་རང་བཞིན་ཅན་འོ་མའི་རྒྱུན་ལྟར་བབས། ཡ་ཐོད་ཁེངས། རླུང་རོ་བསལ་ལ། རླུང་ཁ་ནས་ཤིད་ཀྱི་སྒྲ་དང་བཅས་ཏེ་ལྕེ་ཐོག་ཏུ་དྲངས། མཆིལ་མ་དང་ལྷན་ཅིག་མིག །ལྕེ་རྩེ་ཕུགས་སུ་བཟློག་ནས་ལྕེའུ་ཆུང་ལ་རེག །རླུང་སྟོད་སྨད་དུ་མཉམ་པར་དགགས་ཞིང་བཟུང་། ལྕེ་ཆུང་ལས་བདུད་རྩིའི་རྒྱུན་བབས། རྩའི་ནང་ཐམས་ཅད་ཁེངས་པར་མོས། དེ་ཉིད་ཡང་ཡང་བསྒོམས་པས། ལྕེའུ་ཆུང་ལས་རང་བྱུང་གི་བདུད་རྩི་བབས་པར་འགྱུར་རོ། །གཞན་ཡང་ལས་དང་པོ་པས་བུམ་ཅན་རྣམས་སྒོམ་པའི་སྐབས་རླུང་འདུས་པའི་རྟགས་འགོར་ན། དམིགས་པ་འདི་ལྟ་བུ་སྒོམ་པར་བཤད་དེ། རྩ་འཁོར་སོ་སོར་བཤད་ཚོད་དང་མཐུན་པར་སྒོམ་ཐུབ་ན་ལེགས། མ་ཐུབ་ན། རྩ་འཁོར་རྣམས་ཀྱི་འཁོར་ལོ་ནང་ཁོ་ན་གསལ་བཏབ་པས་ཆོག་པ། ལྟེ་བ་སོགས་འཁོར་ལོ་ལྔ་ལ་རྩ་འདབ་བཞི་བཞི་ཡིན་ལ། གསང་གནས་ལ་དྲུག་གོ །དེ་ཡང་ལྟེ་བའི་བུམ་ཅན་སྒོམ་ན། ལྟེ་བ་སྤྲུལ་འཁོར་སེར་པོ་རྩ་འདབ་བཞི་པའི་ལྟེ་བར་དབུ་མའི་ནང་དུ་ཟླ་བ་ལ་ༀ་དཀར་པོ་གསལ་བཏབ། དེར་གཡས་གཡོན་སྲོག་ཐུར་གྱི་རླུང་རྣམས་ཐིམ་པར་མོས་པར་བྱེད། དེ་བཞིན་དུ། སྙིང་ཁའི་འཁོར་ལོ་དཀར་པོ་དང་། མགྲིན་པོའ་འཁོར་ལོ་དམར་པོ་དང་། སྤྱི་བོའ་འཁོར་ལོ་ནག་པོ་དང་། གཙུག་གཏོར་གྱི་འཁོར་ལོ་ལྗང་གུ་དང་། གསང་བའི་འཁོར་ལོ་སྔོན་པོ་རྣམས་སྒོམ་པའི་ཁྱད་པར་མ་ཏོགས། བུམ་ཅན་གཞན་རྣམས་
༡༩༣ ལའང་དམིགས་པ་སྔར་མས་རིགས་འགྲེའོ། །ཐིག་ལེའི་རྣལ་འབྱོར་དྲུག་པོ་དེ་རྣམས་དམིགས་བསྐོར་གཅིག་ཏུ་བསྡུ་སྟེ། དམིགས་བསྐོར་སོ་བཞི་པའོ། །སྤྱིར་ནས་འཛིན་པའི་བོགས་འདོན་ནི། སྲོག་རྩོལ་གྱི་བོགས་འདོན་དང་འདྲ་ཞིང་། འདིའི་སྤོགས་ཆོག་བོགས་འདོན་རྣམས་ཀྱང་སྲོག་རྩོལ་གྱི་སྐབས་སུ་འཇུག་པ་ཡིན་ནོ། །གཉིས་པ་སྒོམ་དོན་བློ་ལ་འགོད་པ་ལ། འཛིན་པའི་མཚན་དོན། སྒོམ་པའི་དུས་མཚམས། སྒོམ་ཚུལ་གྱི་ཡན་ལག །བསྒོམས་པའི་རྟགས་ཚད། དག་བྱ་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་པའི་འབྲས་བུ་སྟེ་དྲུག་ལས། དང་པོ་ནི། དྷཱ་ར་ཎ་ཞེས་འཛིན་པ་དང་། གཟུང་བྱ་གཉིས་ཀ་ལ་འཇུག་པས་སྣ་ཚོགས་སུ་བསྒྱུར་བ་ཡོད་ཀྱང་། འདིར་ནི་རླུང་འགྲོ་འོང་དང་བྲལ་བ་འཛིན་པའི་དོན་ནོ། །འཛིན་པའི་ཡན་ལག་དངོས་ཀྱི་དབང་དུ་བྱས་ན། རླུང་དབུ་མར་རྟག་ཏུ་བབས་ཅིང་སྲོག་དང་ཐུར་སེལ་འདྲེས་པའི་དུས་ན་འཛིན་པ་སྒོམ་མོ། །རྗེས་མཐུན་པ་ནི་སྲོག་རྩོལ་དང་འདྲའོ། །གསུམ་པ་སྒོམ་ཚུལ་གྱི་ཡན་ལག་ལ་དོན་ཚན་ལྔའི་དང་པ་འཛིན་པ་གང་ལ་བྱ་བའི་ཡུལ་ནི། བདེ་བའི་རླུང་སྟེ། མི་ཤིགས་པའི་ཐིག་ལེ་དང་འདྲེས་པའི་རླུང་ངོ་། །གཉིས་པ་བསྒོམས་པའི་དགོས་པ་ནི། བྱང་ཆུབ་ཀྱི་སེམས་གཡོ་མེད་དུ་འཆིང་བ་དང་། མི་འགྱུར་བ་བདེ་བ་དངོས་སུ་འདྲེན་པའི་སྟོང་གཟུགས་ཁྱད་པར་ཅན་འབྱུང་བའི་རྩ་བ་གཏུམ་མོའ་འབར་སྣང་བསྒྲུབ་པའི་ཕྱིར་ཡིན་ནོ། །གསུམ་པ་དུས་ཇི་ཙམ་གྱི་བར་དུ་སྒོམ་པ་ནི་འཁོར་ལོ་ལྔའམ་དྲུག་ཏུ་བུམ་ཅན་ཇི་ལྟར་འདོད་པ་དགང་ནུས་པ་ལ་དབང་འབྱོར་བར་དེ་སྲིད་དུའོ། །བཞི་པ་འཛིན་པ་རང་གི་ངོ་བོ་ནི། རྒྱུད་ལས། ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་ལ་འཛིན་པའོ། །ཞེས་གསུངས་སྟེ། སྤྱིར་འཁོར་ལོ་ལྔའམ་དྲུག་གི་གནས་སུ་དབུ་མའི་ཐིག་ལེ་ལ་སྟེང་འོག་གཡས་གཡོན་གྱི་རླུང་རྣམས་
༡༩༤ ཐིམ་པ་དང་། ཁྱད་པར་མཐར་ཕྱིན་པ་ན། དཔྲལ་བའི་ཐིག་ལེ་ལ་སྲོག་རབ་ཏུ་ཞུགས་པས་ཐིག་ལེ་འཛག་མེད་དཔྲལ་བར་བརྟན་པ་ལ་སེམས་ཟིན་པའི་ཏིང་ངེ་འཛིན་ནི། ལྔ་པ་འཛིན་པ་ཇི་ལྟར་སྒོམ་པའི་ཚུལ་ལ། ལས་དང་པོ་པས་འཛིན་པ་རྗེས་མཐུན་པ་སྒོམ་ཚུལ་ནི་གོང་དུ་བཤད་པ་དེ་ཉིད་ཡིན་ཅིང་། དངོས་ནི་བུམ་པ་ཅན་གྱི་རྣལ་འབྱོར་གྱིས་འཁོར་ལོ་དྲུག་ཏུ་སྔར་གཡས་གཡོན་སྲོག་ཐུར་འདྲེས་ཟིན་པའི་དབུ་མའི་རླུང་དེ་ཉིད་ཐིག་ལེ་ལ་ཞུགས་པའི་ཚུལ་གྱིས་སྟོང་པར་ཐིམ་པས་གཏུམ་མོ་འབར་བར་བྱེད་པ་སྟེ། འདི་ལ་རྒྱུད་འགྲེལ་གྱིས་འཛིན་པ་སྟོན་པའི་སྐབས་ཕལ་ཆེར་ན། འཁོར་ལོ་བཞིའི་རྣམ་བཞག་ལས་མ་གསུངས་པ་མང་ལ། དབྱེ་བ་རྣམ་པ་བཅུའི་སྐབས་ན་གཙུག་ཏོར་གྱི་འཁོར་ལོར་ཡང་འགྲོ་བ་བཤད་པས། གཙུག་ཏོར་དུ་ཡང་འཛིན་པ་སྒྲུབ་དགོས་པ་ནི་ཡིན་ལ། དེས་ན་ལྟེ་བ་སྙིང་ཁ་མགྲིན་པ་སྤྱི་བོ་གཙུག་ཏོར་ཏེ་ལྔ་ལ་སྔར་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་རེ་དང་། སྔར་ཐོབ་ཟིན་བརྟན་ཅིང་གོང་ནས་གོང་དུ་འཕེལ་བའི་ཐབས་རེ་སྟེ་གཉིས་གཉིས་ཡོད་དོ། །དེས་ན་དཔྲལ་བའི་ཐིག་ལེ་ཞེས་བྱ་བ་ཡང་དབུ་མའི་ཡལ་ག་ཞིག་གཙུག་ཏོར་ནས་སྨིན་འཚམས་སུ་འཁྱོགས་པའི་གནས་ཡིན་པ་ཤེས་པར་བྱ་ཞིང་། གསང་བའི་བུམ་ཅན་ནི། རྒྱུད་འགྲེལ་ནས་དངོས་སུ་མ་གསུངས་ཀྱང་དོན་ལ་གནས་ཤིང་སྔ་མ་རྣམས་ཀྱི་གེགས་སེལ་བོགས་འདོན་དུ་འགྱུར་བ་ཡིན་པས་ངེས་པར་སྒྲུབ་ནི་དགོས་ལ། ལོགས་སུ་མི་བགྲང་བ་ནི་གཙུག་ཏོར་གྱི་བུམ་ཅན་གྱི་ཆ་ལག་ཏུ་སྦྱོར་བས་སོ། །བཞི་པ་ནི། སྤྱིར་སྔ་མ་རྣམས་དང་འདྲ་བ་ལས། ཁྱད་པར་རྒྱུད་ལས་རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་གྱུར་གྱི་བར་དུའོ། །ཅེས་དབུ་མ་རེ་ཁཱ་ནག་པོ་འཆར་བ་དང་། གཏུམ་མོའ་འབར་སྣང་དང་། གཞོམ་མེད་ཀྱི་སྒྲའི་སྒོ་ནས་ཆེས་ལྷག་པ་ཡིན་ལ། ཚད་མ་ནི་སྲོག་རྩོལ་དང་འདྲའོ། །ལྔ་
༡༩༥ པ་ནི་དག་བྱ་ལ་དབྱེ་ན། ཚོར་བའི་ཕུང་པོ་སོགས་ཕུང་ཁམས་མེ་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་བྱེད་འཛིན་པའི་ལམ་ཉིད་ལ་དབྱེ་ན། ཇི་སྐད་དུ། དྲི་མེད་འོད་ལས། སྲོག་གི་འཛིན་པ་ལྟེ་བ་དང་། སྙིང་ཁ་དང་། མགྲིན་པ་དང་། དཔྲལ་བ་དང་། གཙུག་ཏོར་གྱི་པདྨ་ལ་འགྲོ་བ་དང་འོང་བའི་དབྱེ་བས་རྣམས་པ་བཅུའོ། །ཞེས་པ་ལྟར། འཛིན་པ་ལ་ཉམས་རྟོགས་མཐོ་དམན་གྱི་དབྱེ་བ་བཅུ་ཡོད་དོ། །དྲུག་པ་ལ་གནས་སྐབས་ཀྱི་འབྲས་བུ་ནི་རྒྱུད་ལས། བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། །ཞེས་པ་ལྟར། རྒས་པ་དང་ནད་ལ་སོགས་པ་ཕུང་པོའ་སྡུག་བསྔལ་སེལ། ཉོན་མོངས་པའི་རང་བཞིན་ཤེས་པས་ལམ་དུ་བྱེད་ནུས། ཚེ་ལ་ཅུང་ཟད་དབང་ཐོབ། འདོད་ཡོན་གྱི་ཞེན་པས་མི་འཆིང་བས་བདུད་བཞི་ཅུང་ཟད་ཆོམས་པ་ཡིན་ལ། ཉོན་མོངས་པའི་དབང་དུ་མི་འགྱུར་བའང་ཡིན་ནོ། །རླུང་བཅུ་ཐིམ་པའི་མཐུ་ལས། ལུས་ངག་སེམས་ཀྱི་སྟོབས་ཁྱད་པར་ཅན་ཡང་གྲུབ་སྟེ། དུས་ཞབས་སྙན་བརྒྱུད་ལས། །མ་ཟོས་འཀྲེསབཀྲེས་མེད་ཟོས་ཀྱང་འཇུ། །ཐུར་སེལ་མི་འཛག་བདེ་བ་རྒྱས། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ལུས་ཡང་ལ་སོགས་མི་རྟོག་བདེ། །ཞེས་པ་དང་། ཚེ་རིང་ནད་མེད་ཁམས་ཆ་སྙོམས། །ཞེས་གསུངས་མཐར་ཐུག་གི་འབྲས་བུ་ནི། །རིན་ཆེན་འབྱུང་ལྡན་སོགས་ལྷ་མེ་ཁམས་པ་དྲུག་ཚན་གཅིག་མངོན་དུ་འགྱུར་བ་ཡིན་ནོ། །སྒོམ་དོན་འདི་ལ་ཐུན་གཅིག་ལ་སོགས་པའོ། །དེས་འཛིན་པའི་འཁྲིད་ཚར་རོ། །རེ་ཞིག་རྗེས་དྲན་གྱི་འཁྲིད་མི་འབོགས་ཤིང་དེ་ཙམ་གྱིས་ཆོག་པར་བྱེད་ན། རྗེས་ཀྱི་འཁྲིད་རྣམས་སྐབས་འདིར་བླང་བར་བྱའོ། །གསུམ་པ་ཐ་མར་དག་པའི་འཁྲིད་ལ་གཉིས་ཏེ། རྗེས་དྲན་དང་། ཏིང་ངེ་འཛིན་ནོ། །དང་པོ་ལ་ཉམས་ལེན་དམིགས་
༡༩༦ པའི་གནད་དང་། སྒོམ་དོན་བློ་ལ་འགོད་པའོ། །དང་པོ་ལ་རྗེས་དྲན་དངོས་ནི། ལུས་སྦྱོར་དང་རླུང་གི་རྩོལ་བ་སོགས་ལ་མ་ལྟོས་ཏེ། འཁོར་ལོ་དྲུག་པའི་རྩ་མདུད་གྲོལ། བདེ་བའི་རླུང་ལ་དབང་ཐོབ། གཏུམ་མོའ་འབར་སྣང་ལ་ཅི་དགར་སྤྱོད་པའི་སྐབས་ཡིན་པས། རྒྱུད་ཀྱི་དངོས་བསྟན་ལས་ཇི་སྐད་བཤད་པ་ཁོ་ན་ཉམས་སུ་བླངས་པས་ཆོག་གོ །འདིར་རྗེས་མཐུན་པའི་དབང་དུ་བྱས་ཏེ་འཁྲིད་པ་ལ། དངོས་དང་ཡན་ལག་གོ །དང་པོ་ནི། སོར་བསམ་ལ་མྱོང་བ་ཅི་རིགས་པར་ཐོན་པ། སྲོག་འཛིན་གྱིས་བུམ་ཅན་ཕལ་བ་ཡན་ཆད་ལེགས་པར་འབྱོངས་པ། སྲོག་ཐུར་བསྲེ་བ་ལ་མྱོང་བ་ཐོན་པ་ཞིག་གི་དབང་དུ་བྱས་ནས་སྒོམ་མོ། །དེ་ལ་སྔོན་འགོའགྲོ་རླུང་སྤྱངས་པ་དང་། དངོས་གཞི་ཇི་ལྟར་སྒོམ་པའི་ཚུལ་ལོ། །དང་པོ་ལ། འདུག་སྟངས་ལ་བསླབ་པས་སྲོག་ཐུར་བསྲེ་བ་བརྟན་པོར་བྱེད་པ་དང་། དེའི་ཡན་ལག་བཟུང་བཟློག་སོགས་ཀྱི་རླུང་སྦྱང་བ་དང་། བྱེད་བཅིང་ལུས་ཀྱི་འཁྲུལ་འཁོར་ལ་བསླབ་པ་སྟེ་གསུམ་མོ། །དང་པོ་ལ། ཁྲོ་བོ་སེང་གེའི་འདུག་སྟངས་ནི། རྐང་པ་བཤང་སྒོར་བསྣོལ། པུས་མོ་བསྲངས་ཏེ་ཙོག་པུ་བྱ། སྒལ་ཚིགས་བསྲང་། ལག་པ་ཐབ་འགལ་བྱ། ཡང་ན། པུས་བཙུགས་རྐེད་པ་བསྲང་། ལག་གཉིས་བརླ་སྦོམ་ཕྲའི་མཚམས་སུ་གཏད་ཅེས་ཀྱང་གཞན་ལས་བཤད། གང་ལྟར་མཇིང་པ་བསྟུང་ཞིང་ལྟ་སྟངས་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །འདི་མདུན་རྩ་ལ་གནད་དུ་བསྣུན་པ་ཡིན། ཡང་དེ་ཉིད་ལས། པུས་མོ་དང་གྲུ་མོས་ལ་འཛུགས་པའམ་ཡང་ན་སྐྱིལ་ཀྲུང་སྐེད་པ་བསྲང་། ལག་པ་གཉིས་དཔྱི་མགོའ་ཐད་ཀྱིས་ལ་འཛུགས། ལུས་སྒྱེད་ཅིང་མགྲིན་པ་དགུག །འདི་རྒྱབ་ཀྱི་རྩ་ལ་གནད་དུ་བསྣུན་པ་ཡིན། ཞི་མ་ཁྲོ་གླང་པོ་ཆེའི་འདུག་སྟངས་ནི། པུས་བཙུགས་ལག་གཉིས་ཁུ་ཚུར་གྱིས་འགྲམ་
༡༩༧ པ་སྐྱོར། གྲུ་མོ་སྟེགས་བུ་ལ་གཙུགས་པའམ་ཡང་ན་རྐང་པ་བརྐྱང་བ་སྟེ། འདི་ནི་མཉམ་པའི་རླུང་སྦྱོར་གྱི་སྟེང་ནས་ཐུར་སེལ་སྟེང་དུ་འགྲོ་བར་བྱེད་པའོ། །ཡང་སྐྱིལ་ཀྲུང་ལུས་ལྟག་སྒྱེད་དུ་བྱེད་པ་ལས། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་གྱིས་སྐེད་པའི་རྒྱབ་ནས་བརྟེན་པའམ། ཡང་ན་གན་རྐྱལ་རྐང་པ་གཉིས་ཅུང་ཟད་བརྐྱང་པ་པདྨའི་ཁ་སྦྱོར་དང་། ལག་པ་ཁུ་ཚུར་སྙིང་ཁ་བསྣོལ་བ་སྟེ་སྲོག་ཐུར་དུ་འདྲེན་པར་བྱེད་པའོ། །འདི་གཉིས་ལ་ལྟ་སྟངས་ནི་བདུད་རྩི་འཁྱིལ་པའོ། །ཞི་བ་དྲང་སྲོང་གི་འདུག་སྟངས་ལ། སེང་གེའི་འདུག་སྟངས་དང་འདྲ་བ་ལས་རྡོ་རྗེ་ཁུ་ཚུར་སྙིང་ཁར་བསྣོལ་བ་དང་། ཡང་ན་ཙོག་པུ་རྟིང་པ་བཏེག །ལག་པ་ཁུ་ཚུར་བསྣོལ་བས་རྣ་བ་ནས་བཟུང་བ་དང་། ཟླུམ་པོའ་རྐང་སྟབས་ལ། རྡོ་རྗེའི་ཁུ་ཚུར་བརླའི་རྩ་བར་བཙུགས་ཞེས་ཀྱང་བཤད་དེ། འདི་དག་ཀྱང་སྟོད་སྨད་གཉིས་ཀྱི་རྩ་ལ་སོ་སོར་གནད་དུ་བསྣུན་པ་ཡིན་ལ། འདི་གཉིས་ལ་ལྟ་སྟངས་ནི་ཐུར་དུ་བལྟ་བའོ། །དེ་ལྟར་ནི་འདུག་སྟངས་དེ་དག་ཀྱང་གཉིས་སྡེབས་གཉིས་བསྡེབས་ཀྱིས་ཆོག་པར་བཞེད་ཀྱང་། དྲུག་པ་ཐམས་ཅད་བྱས་ན་ལེགས་ལ། དྲུག་ཀ་ལ་ལུགས་གཉིས་བྲིས་པའི་སྔ་མ་རྣམས་ནི། ཆོས་རྒྱལ་ཕྱོགས་ལས་རྣམས་རྒྱལ་ལ་སོགས་པའི་གསུངས་བཞིན་ཡིན་ལ། །ཡང་ན་ཞེས་པ་རྣམས་གྲུབ་ཆེན་ཡུ་མོའ་མན་ངག་ཐོར་བུ་བ་དང་། ཀུན་སྤངས་ཆེན་པོའ་ཐུགས་སྲས་ལ་སྟོད་པ་དབང་རྒྱལ་ལ་སོགས་པའི་ལག་ལེན་འགའ་ཞིག་ལ་སྣང་བ་ལྟར་བཀོད་པ་ཡིན་པ་ལས། ཕྱི་མ་འདི་རྣམས་འཆུན་ཆེ་ཆེ་ཙམ་དུ་སྣང་ཞིང་། དྲུག་ཚན་གཉིས་པོ་འདི་གང་རུང་ཞིག་གིས་ཆོག་པས། གཉིས་ཀ་ཕྲུགས་གཅིག་ལ་སྦྱོར་མི་དགོས་སོ། །འདི་ལ་ཐུན་གསུམ་དུ་བྱེད་པའང་ཡོད་ལ། མགྱོགས་འཁྲིད་ལ་ཐུན་གཅིག་ཏུ་བྱས་པས། དམིགས་བསྐོར་
༡༩༨ སོ་ལྔ་པའོ། །དེ་ནས་དག་འདྲེན་ནི། འོག་རླུང་འཐེན་ཅིང་ཧཱུྃ་རིང་གིས་སྟེང་རླུང་ཕྱིར་བསལ། ཛཿཧཱུྃ་བཾ་ཧོཿཧི་ཞེས་པས་འཁོར་ལོ་ལྔ་ལ་རིམ་པས་དམིགས་ཤིང་། སྟེང་རླུང་དྲག་ཏུ་མནན། ལཱྀ་ཨཱུ་རཱྀ་ཨཱི་ཨཱ། ཞེས་པས་ཁོང་སྒྲ་དང་བཅས་ཏེ་འཁོར་ལོ་ལྔ་ལ་རིམ་པས་དམིགས་ཤིང་། གསང་རླུང་དྲག་ཏུ་སྟེང་དུ་དྲངས། དེ་མ་ཐག་ཁ་སྦྱོར་ལྟེ་བར་བཟུང་ལ་ཕྱིར་བསྐྱེད། འོག་སྒོ་བསྡམས་ཤིང་ཤེས་པ་དཔྲལ་བར་གཏད་དོ། །སྔར་གྱི་ལུས་གནད་དྲུག་པ་སོ་སོའ་སྟེང་དུ་རླུང་སྦྱོར་འདི་རྣམས་ལ་འབད་དགོས་ཏེ། ལུས་གནད་ཀྱི་ཁྱད་པར་མ་གཏོགགཏོགས །རླུང་གནད་ནི་འཛིན་པའི་སྤོགས་ཆོག་དང་ཕལ་ཆེར་འདྲ་བ་ཡིན་ནོ། །དམིགས་བསྐོར་སོ་དྲུག་པའོ། །ཡང་སྒོམ་སྟེགས་དང་པུས་འཁྱུད་བཅུག །མེ་ཐབ་དྲུག་ཆིངས་སུ་གྲགས་པ་བྱས་ལ་ཧཱ་རིང་དང་བསྟུན་ལག་པ་ཁུ་ཚུར་བཅང་། གྲུ་མོ་པུས་མོ་ལ་ཐུག་གི་བར་དུ་ལག་པ་བརྐྱང་སྟེ་རླུང་ཕྱིར་འབུད། དེ་ལྟར་ལན་བདུན་བདུན་ན་ལག་པ་ཐབ་འགལ་བྱས། འཇམ་རླུང་བཟུང་སྟེ་ངལ་གསོ་ལེནལན་རེ་བྱའོ། །དམིགས་བསྐོར་སོ་བདུན་པའོ། །དེ་དག་མ་མཐའ་ཡང་ཟླ་བ་ཙམ་སྒོམ་མོ། །གཉིས་པ་ནི། ཙོག་པུ་འཕོང་སྟེགས་བཅུག །ལག་པ་བརླ་ནང་ནས་འཁྱུད་དེ་ངར་གདོང་བཟུང་། རླུང་ཁ་ནས་ཕྱིར་དྲག་ཏུ་བུས། འོག་སྒོ་གློད། ཡང་རྔུབས་ཏེ་ལྟོ་བ་ཕྱིར་བསྐྱེད་པའི་ངང་ནས། སླར་ཡང་འོག་སྒོ་གློད་དེ་རླུང་གང་ཐུབ་བཟུང་ངོ་། །རླུང་གནད་དང་པོ་ཡིན་ཅིང་འོག་ལ་བསྲེ་བ་དང་འཛིན་པ་སྟེ་དབྱེ་བསྡུད་ཅེས་བྱའོ། །ཡང་དེ་དང་འདྲ་བ་ལས། དགང་གཏོང་གཉིས་ཀའི་སྐབས་ལྟོ་བ་ཚིགས་པ་ལ་བཅར་ཞིང་ཐུར་སེལ་དྲག་ཏུ་དྲངས། རོ་སྟོད་འཐེན། ངར་གདོང་མནན་པའོ། །རླུང་གནད་གཉིས་པ་ཡིན། སྟེང་ལ་བསྲེ་བ་དང་བསྐྱིལ་བ་སྟེ། སྒོ་གླེགགླེགས་ཅེས་བྱའོ། །ཡང་ལུས་གནད་དེའི་ངང་ནས།
༡༩༩ ཐུར་སེལ་དྲག་ཏུ་བསྣོལ་རྗེས་ཕྱིར་བུས་ཏེ། སྟོང་འདྲེན་དྲག་ཏུ་བྱ། ཡང་རྔུབས་ཏེ་ཁ་སྦྱོར་དགང་འཐེན་གྱི་ངང་ནས་ལྟོ་བ་བསྐྱོད་སྒྱེད་བསྐྱོག །རོ་སྟོད་གཅུ། ལག་པ་བརྐྱང་ནས་ལག་སོར་གཅུད། མགྲིན་པ་གཅུ་ཞིང་མགོ་སྤྲུགས་ནས་རླུང་ཕྱིར་འབུད། ཕྱིར་བཟུང་ཀ་བ་བཙུགས་ནས་མགོ་དགུག་བསྐྱོད། མགྲིན་པ། རོ་སྟོད། ལྟེ་བའི་བར་སྔར་བཞིན་བྱ། དེ་དག་ཐམས་ཅད་ལ་འདར་སྤྲུག་དང་། མཇུག་ཏུ་འབེབས་བྱ། རླུང་གནད་གསུམ་པ་ཡིན། འདི་ལ་ཀུན་འདུས་ཅེས་བྱའོ། །སྐྱིལ་ཀྲུང་ལག་གཉིས་ཁུ་ཚུར་བརླ་གནོན་བྱ། ཅུང་ཟད་སྒུར་ནས་ཧཱུྃ་ཞེས་ཐུར་སེལ་འཐེན། སྟོང་འདྲེན་གཡས་གཡོན་དབུས་གསུམ་དུ་བྱ། ཡང་རླུང་ཁ་སྦྱོར་གྱེན་འཐེན་མགོ་སྒྱེད་ཅིང་སྤྲུལ་པ་ཡང་གཡས་གཡོན་དབུས་གསུམ་དུ་བྱའོ། །རླུང་གནད་བཞི་པ་ཡིན་ནོ། །འདི་ལ་འདུས་པ་ཅེས་བྱ་སྟེ། དེ་གཉིས་འདྲེན་ཁྱབ་བོ། །དེ་རྣམས་གཅིག་རྟིང་ལ་གཅིག་བྱ་ཞིང་། ལུས་སྦྱོང་ལའང་འབད་པར་བྱའོ། །དམིགས་བསྐོར་སོ་བརྒྱད་པའོ། །འདི་དག་མགྱོགས་འཁྲིད་ཀྱི་དབང་དུ་བྱས་པ་ཡིན་གྱི། འགྲུབ་ན་རླུང་སྦྱོར་རེ་ལ་དམིགས་བསྐོར་རེར་བྱེད་པ་ལེགས་ཤིང་། དེ་ཐམས་ཅད་ལ་ཡང་སེམས་ཀྱི་བཞག་སྟངས་ནི། མི་གཡོ་གསུམ་ལྡན་གྱི་ངང་ནས་སྟོང་གཟུགས་ལ་དམིགས་ཤིང་། དེའི་ངང་ནས་རླུང་གི་གནད་གང་དུ་གཅུད་པ་དེར་སེམས་གཏད་ཅིང་ལྷོད་ཀྱིས་གློད་པར་བྱེད་དགོས། དམིགས་པ་དེ་དང་རླུང་སྦྱོར་དེ་དག་སྦྲགས་ནས་སྒོམ་པ་ཆུ་ཚོད་གཅིག་གཉིས་ཀྱི་ཡུན་རེ་བྱ་ཞིང་། ལྷག་མ་བུམ་ཅན་གྱི་རྣལ་འབྱོར་ལ་བརྩོན་པར་བྱེད་དགོས་ཏེ། དམིགས་བསྐོར་སོ་དགུ་པའོ། །དེ་དག་ལ་ཡང་ཟླ་གཅིག་ཙམ་མ་མཐར་སྒོམ་མོ། །འདི་སྐབས་དམིགས་གསལ་མེད་པ་རྣམས་ལ་ལྟ་
༢༠༠ སྟངས་ཐད་ཀར་ལྟ་བ་གཙོ་ཆེ་ལ་འོག་དངོས་གཞིའི་སྐབས། ཡན་ལག་མེད་པའི་ལྟ་བ་ཞེས་བྱ་བ། བདེ་བ་གང་དུ་སྐྱེས་པའི་ཕྱོགས་ལ་ལྟ་བ་ཡིན་པས་གཅིག་ཏུ་མ་ངེས་སོ། །གསུམ་པ་ནི། དེ་ནས་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་འཁྲུལ་འཁོར་རྣམས་བྱ་སྟེ། དེ་ཡང་། སྦྱོར་བ་དྲུག་པ་སྟག་མོའ་སྐྱུག །གླང་ཆེན་འགྱིང་བ་ཝ་ཡི་བསྣོལ། །སེང་གེ་རྣམས་གྲོལ་ཁོང་དཀྲུགས་དང་། །པྲེ་ཏ་ཀ་དང་ཡོངས་འཛིན་དང་། །འདྲེན་ཆུང་ཁོང་འདྲེན་འདྲེན་ཆེན་དང་། །སྤགས་འདྲེན་འཕར་གཡོ་ཕུར་འདོན་དང་། །རབ་བརྐྱང་དང་ནི་སེང་གེའི་རྩལ། །གཅུ་འཐེན་དང་ནི་གསུམ་འདྲེན་དང་། །སེང་གེའི་འགྱིད་དང་རྨ་བྱའི་འགྱུར། །ཞེས་པ་ལྟར་གྱི། འཁྲུལ་འཁོར་ལག་ལེན་རིམ་པས་བསླབས་ནས། བུམ་པ་ཅན་དང་སྔར་གྱི་རླུང་སྦྱོར་རྣམས་དང་བཅས་པ་སྒོམ་དུ་གཞུག་དགོས་པ་ལས། སོར་བསམ་སྲོག་འཛིན་རྣམས་ལ་མྱོང་བ་ཅུང་ཟད་ཐོན་པ་ཞིག་གིས། ཐུན་དྲུག་ཏུ་འཁྲུལ་འཁོར་དེ་དག་ཚར་རེ་རེ་ནུས་ན། ཟླ་གཅིག་ཙམ་ན་དངོས་གཞི་སྒོམ་དུ་རུང་བའི་རྟགས་རྣམས་འབྱུང་ངོ་། །རྩོལ་བ་ཆེ་ཆུང་ལ་ལྟོས་ཏེ་ཡུན་རིང་ཐུང་ཇི་ལྟར་བསྐྱང་དགོས་པའང་འདིས་རིགས་འགྲེ་སྟེ། དམིགས་བསྐོར་བཞི་བཅུ་པའོ། །གཉིས་པ་དངོས་གཞི་ལ། རྗེས་དྲན་གྱི་ཡན་ལག་རྗེས་མཐུན་པའི་དབང་དུ་བྱས་ཏེ། ཕྱག་རྒྱ་ཆེན་མོ་གཅིག་སྦྱོར་མོས་པའི་ཡུལ་དུ་བཞག་ནས། འདིར་གསུམ་སྟེ། སྒོམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བསླབས་པ་རང་ལུས་ལག་པའི་ཕྱག་རྒྱ་ལ་བསླབ་པ། གཞན་ལུས་ལས་ཀྱི་ཕྱག་རྒྱ་ལ་བསླབ་པའོ། །དང་པོ་ནི། ལུས་གནད་སྤྱི་དང་འདྲ་བ་ལས། །ལག་པ་ཁུ་ཚུར་སྙིང་ཁར་བསྣོལ། །ལྟ་སྟངས་ཐད་ཀར་གཡོ་མེད་དུ་ལྟ་བའོ། །རང་ཉིད་དུས་འཁོར་ལྷན་སྐྱེས་ཡབ་ཡུམ་ལ་སོགས་པར་གསལ་
༢༠༡ གདབ། དེའི་ཤུལ་དུ་སྟོང་གཟུགས་ཀྱི་སྣང་བ་ལེགས་པར་དྲངས། ལྷ་སྐུར་སྣང་བ་སྟོང་གཟུགས་ཀྱིས་ཁྱབ་པར་བྱས་ལ། དེ་ལ་ཡིད་མི་གཡོ་བར་ཅུང་ཟད་བཞག །སྟོང་གཟུགས་ཀྱི་སྣང་བ་དེ་ལྟར་འདྲེན་མི་ཐུབ་ན། ལྷ་སྐུ་གསལ་སྟོང་ལ་དམིགས་ཏེ་ཅུང་ཟད་བཞག །དེ་ནས་དཔྲལ་བར་ༀ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་ནག་པོ། །ལྟེ་བར་ཧཾཿསེར་པོ། །གསང་བར་སྭཱ་སྔོན་པོ། གཙུག་ཏོར་དུ་ཧཾ་ལྗང་ཁུའོ། །ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཕྲ་མོས་མཚན་པ། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བའི་ནང་དུ་ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་བརྒྱད་ཕྲ་མོས་མཚན་པ་གསལ་བཏབ། དེ་ནས་འཁྱུད་པ་ལ་སོགས་པ་རྗེས་ཆགས་ཀྱི་སྤྱོད་པ་མཛད་པས་གཙུག་ཏོར་གྱི་ཐིག་ལེ་ཞུ་ནས་དཔྲལ་བའི་འཁོར་ལོ་ཡན་ཆད་གང་བར་མོས་སྟོང་གཟུགས་དང་བསྲེ། ལུས་གནད་དེ་ཀའི་སྟེང་ནས་གཙུག་ཏོར་དང་དཔྲལ་བའི་བུམ་ཅན་ཡུན་ཐུང་ངུ་རེ་བྱ། དགའ་བ་དང་པོའ་སྐད་ཅིག་མའོ། །རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བས་སྔར་གྱི་ཐིག་ལེའི་རྒྱུན་དེ་ཉིད་ཆེར་རྒྱས་ཤིང་ཞུ་སྟེ། མགྲིན་པ་དང་སྙིང་ཁའི་འཁོར་ལོ་ཡན་ཆད་གང་བར་མོས། སྟོང་གཟུགས་དང་བསྲེ། མགྲིན་པ་དང་སྙིང་ཁའི་བུམ་ཅན་སྔ་མ་གཉིས་ལས་ཡུན་རིང་ཙམ་རེ་བཟུང་། མཆོག་ཏུ་དགའ་བའི་སྐད་ཅིག་མའོ། །དབང་པོ་གཉིས་སྲུབ་པའི་སྦྱོར་བ་ལས། བྱང་ཆུབ་ཀྱི་སེམས་སྔ་མའི་རྒྱུན་ལས་ཀྱང་ཆེར་རྒྱས་ཤིང་ཞུ་བས། ལྟེ་བ་དང་། གསང་བའི་འཁོར་ལོ་ཡན་ཆད་གང་བར་བསམ་ལ་ལྟེ་བ་དང་གསང་བའི་བུམ་ཅན་ཡུན་རིང་བར་བསྒོམ། ཁྱད་པར་དགའ་བའི་སྐད་གཅིག་མའོ། །
༢༠༢ ཡང་དྲག་ཏུ་སྲུབ་པ་ལས། གསང་བ་ནས་རྡོ་རྗེ་ནོར་བུས་བར་དུ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་མོས། སྟོང་གཟུགས་ལ་རིང་དུ་མཉམ་པར་འཇོག་བཞིན་པས། བུམ་པ་ཅན་གྱི་སྦྱོར་བ་གཅིག་དང་། སྦྱོར་བ་དྲུག་པ་ཞེས་བྱ་བའི་འཁྲུལ་འཁོར་བཅས་པས་རྡོ་རྗེ་ནོར་བུར་བྱང་ཆུབ་ཀྱི་སེམས་ཕྱིར་འཕོ་བ་འགགས་ཏེ་ཁྱིལ་ལི་ལི་འཁྱིལ་བར་བསམ། ལྷན་སྐྱེས་དགའ་བའི་སྐད་ཅིག་མའོ། །དེ་ནས་ཐོག་མར་ཡོངས་འཛིན་གྱི་འཁྲུལ་འཁོར་གྱིས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པར་མོས། དེའི་རྗེས་སུ། ཁོདཁོང་འདྲེན་དང་། འདྲེན་ཆེན་དང་། སྦགས་འདྲེན་དང་། སྟག་མོ་དང་། གླང་ཆེན་དང་། ཝ་སྣོམ་རྣམས་ཀྱིས་གཙུག་ཏོར་གྱི་བར་དུ་བཟློག་པར་བསམ། དེ་ནས་པྲ་ཏ་ཀ་དང་རྣམསརྣམ་གྲོལ་དང་། གཡང་སྤྲུགས་དང་། འཕར་གཡོ་དང་། ཕུར་འདོན་དང་། རབ་བརྐྱང་རྣམས་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པར་བྱས་པར་བསམ། སེང་གེའི་རྩལ་དང་། གཅུད་འཐེན་དང་། གསུམ་འགྲེམས་དག་སེང་གེ་འགྱིང་དང་། རྨ་བྱའི་འགྱུར་རྣམས་ཀྱིས་གཟུང་བཟློག་འགྲེམས་གསུམ་ཀར་བྱས་པར་བསམ། སྤྱིར་ནི་བཟུང་ཞིང་བཟློག །བཟློག་ཅིང་འགྲེམས། འགྲེམས་ཤིང་རླུང་དང་བསྲེ། བསྲེ་ཞིང་ཡེ་ཤེས་ཆེན་པོར་བསྐྱལ་ཞེས་བྱ་བ་ཡིན་པས། གོང་གི་རིམ་པ་རྣམས་ནི་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། རེ་རེ་ལའང་གནད་བཞི་ཅར་ཚང་བའི་མན་ངག་གིས་གནད་དུ་འགྲོ་བར་བྱའོ། །ཅི་སྟེ་དམིག་པ་གསལ་བས་དངོས་སུ་ཞུ་བདེ་བསྐྱེད་ཐུབ་ན། སྦྱོར་བ་དྲུག་པོས་བཟུང་མ་ཐག་ཏུ་འཁྲུལ་འཁོར་སྤང་བའི་རླུང་སྦྱོར་རྣམས་ཀྱིས་བཟུང་བཟློག་ཁྱབ་པ་རྣམས་བཏུད་མར་སྦྱངས་ལ། དེའི་རྗེས་སུ་འཁྲུལ་འཁོར་རྣམས་བྱ་ཞིང་། ཐོག་མར་སྤྱོད་པའི་སྐབས་ཞུ་བདེ་བསྐྱེད་ཐུབ་རུང་མི་ཐུབ་རུང་། དེ་ཐམས་ཅད་རྫོགས་པར་བྱ་དགོས་ལ། ཕྱིས་ཤིན་ཏུ་བྱང་ནས་བཟློག་པ་དང་འགྲམ་པ་གནད་ཆ་བ་རེ་ཙམ་གྱིས་ཆོག་གོ །གང་ལྟར་ཡང་། མཐར་རླུང་དང་
༢༠༣ བསྲེ་བའི་ཕྱིར་བུམ་པ་ཅན་མང་དུ་སྒོམ་ཞིང་། ཡེ་ཤེས་ཆེན་པོར་སྐྱེལ་བའི་ཕྱིར་ཞུ་བདེའི་ཉམས་དང་འོད་གསལ་རྟགས་སྣང་ལ་དམིགས་ནས་མི་གཡོ་གསུམ་ལྡན་གྱི་ངང་བསྐྱང་བར་བྱའོ། །དམིགས་བསྐོར་ཞེ་གཅིག་པའོ། །གཉིས་པ་ནི། རྒྱུད་ལས། བསྟེན་པའི་དོན་དུ་ལག་པའི་ཕྱག་རྒྱ་རང་གི་སྙིང་གི་དབང་པོའ་སྐྱོན་རྣམས་ཀུན་ལས་རྣམ་པར་གྲོལ། ཞེས་གསུངས་པ་ལྟར། ལག་པའི་ཕྱག་རྒྱ་སྟེ། གནད་རྣམས་གོང་ཡི་རྒྱ་དང་འདྲ་ལ། འདི་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱའི་མཚམས་སྦྱོར་བ་ཡིན་ལ། ཕྱག་རྒྱ་གསུམ་གྱི་ནང་ནས་ཡེ་ཤེས་ཀྱི་ཕྱག་རྒྱར་གཏོགས་སོ། །དམིགས་བསྐོར་ཞེ་གཉིས་པའོ། །གསུམ་པ་ནི། འགྲེལ་ཆེན་དུ་རྩ་རྒྱུད་ཀྱི་ལུང་དྲངས་པ་ལས། །བཅུ་དྲུག་ལོ་ལོན་རིགས་ཅན་མ། །གཟུགས་དང་ལང་ཚོས་བརྒྱན་པ་ལ། །དང་པོར་ལེགས་པར་བསླབ་བྱས་ནས། །དབང་བསྐུར་ནས་ནི་བསྒྲུབ་པར་བརྩམ། སྐུ་གསུང་ཐུགས་དང་ཆགས་པ་ནི། །དཔྲལ་བ་ལ་སོགས་རྣམས་སུ་དགོད། །སྭཱ་ཧཱ་གསང་བ་གཙུག་ཏོར་ཆེ། །ཅེས་སོགས་དང་། དེ་ནས་རྡོ་རྗེ་འཛིན་པའི་སྙེམས། །འཛིན་ཅིང་རྣལ་འབྱོར་ཧཱུྃ་ཕཊ་བྱ། །བྷ་གར་ལིང་ག་རབ་བཀོད་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །ལྟེ་བ་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་མ་མིག་ལ་སོགས་པ་ཡང་། །བསྲེགས་ནས་རི་བོང་ཅན་ཧཾ་འཛག །བདུད་རྩི་ཁུ་བའི་ཆོས་ཅན་ནི། །ཐིག་ལེའི་གཟུགས་ཀྱིས་འཛག་པར་བྱེད། །ཐིག་ལེའི་རྣལ་འབྱོར་ཞེས་པར་གྲགས། །ཞེས་གསུངས་པ་ལྟར་ཏེ། སྔར་ཡེ་ཤེས་ཀྱི་ཕྱག་རྒྱའི་སྐབས་སུ་བཤད་པ་
༢༠༤ ཡིད་ངོར་སྒོམ་པ་དང་། འདིར་དངོས་སུ་སྒྲུབ་པའི་ཁྱད་པར་ཏེ་གཞན་ནི་ཕལ་ཆེར་འདྲའོ། །དེ་ལྟར་ན་ཡིད་ཀྱི་ཕྱག་རྒྱ་དང་། ལག་པའི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་གསུམ་ཅར་ལ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་། བསྲེ་བ་ཡོད་ན་ནི་དྲན་རྗེས་མཐུན་པར་འགྱུར་ལ། སྟོང་གཟུགས་དང་བསྲེ་བ་མེད་ན་སྤྱིར་གནད་དུ་འགྲོ་བ་ཡོད་ཀྱང་རྗེས་དྲན་གྱི་ཕྱོགས་སུ་ནི་མི་གཏོགས་ལ། ཡན་ལག་སྔ་མ་རྣམས་ཀྱི་བོགས་འདོན་སྤོགས་ཆོག་ཏུ་འགྱུར་བ་ནི་ཡོད་དོ། །ལས་རྒྱ་ད་ལྟ་དངོས་སུ་མི་འགྲུབ་ཀྱང་། ལམ་གྱི་འགང་གཅིག་ཡིན་པས་ཆོས་མཐུན་གཅིག་སྟེ། དམིགས་བསྐོར་ཞེ་གསུམ་པའོ། །གཉིས་པ་ཡན་ལག་གི་དམིགས་པ་ནི། གཏུམ་མོའ་རྣལ་འབྱོར་ཏེ། དེ་ཡང་ལུས་གནད་སྔར་དང་མཐུན་པའམ། ལག་པ་རྡོ་རྗེ་བསྡམས་པས་སྤྱི་བོ་བཀག །ལྕེ་རྐན་ལ་སྦྱར། ལྟོ་བ་ཚིགས་པ་ལ་བཅེར་བར་འདོད་པ་ཡོད་པ་ལྟར་བྱས་ཀྱང་རུང་། རྩ་འཁོར་རྣམས་ལ་དམིགས་པ་གསལ་ན་རྡོ་རྗེ་ལུས་ཀྱི་གནས་ཚུལ་དང་མཐུན་པར་རྒྱས་པ་སྒོམ་སྟེ། ལྟེ་བ་ལ་ནང་བསྐོར་འདབ་མ་བཞི། དེའི་ཕྱི་རོལ་བརྒྱད། དེའི་ཕྱི་རོལ་བཅུ་གཉིས། དེའི་ཕྱི་བསྐོར་དྲུག་ཅུའམ་དྲུག་ཅུ་རྩ་བཞིའོ། དེ་བཞིན་དུ། སྙིང་ཁའི་ནང་བསྐོར་ལ་བཞི། ཕྱི་བསྐོར་ལ་བརྒྱད། མགྲིན་པའི་ནང་བསྐོར་ལ་བཞི། བར་བསྐོར་ལ་བརྒྱད། ཕྱི་བསྐོར་ལ་སུམ་ཅུ་སོ་གཉིས། སྤྱི་བོའ་ནང་བསྐོར་ལ་བཞི། བར་བསྐོར་ལ་བརྒྱད། ཕྱི་བསྐོར་ལ་བཅུ་དྲུག་གོ །གཙུག་ཏོར་ལ་ཕྱི་བསྐོར་ནང་བསྐོར་གྱི་དབྱེ་བ་མེད་དེ་འདབ་མ་བཞིའོ། །གསང་བའི་ནང་བསྐོར་ལ་དྲུག །བར་བསྐོར་ལ་བཅུ། ཕྱི་བསྐོར་ལ་བཅུ་དྲུག་གོ །འོན་ཀྱང་དེ་ཙམ་གསལ་འདེབས་པ་དཀའ་བ་བྱུང་ན། འཁོར་ལོ་
༢༠༥ ལྔ་པོ་རྣམས་ལ་རྩ་འདབ་བཞི་བཞི་དང་། གསང་གནས་ཀྱི་འཁོར་ལོ་ལ་རྩ་འདབ་དྲུག་པ་རྣམས་གསལ་བཏབ་པས་ཆོག །སྐབས་དེར་བསྡུས་པ་འདིའི་དབང་དུ་བྱས་ན། འདི་ལྟར་སྒོམ་ཏེ། རང་ལུས་ལྷ་སྐུར་གསལ་བ་ཁོང་སྟོང་དུ་གནས་པའི་གཡས་གཡོན་གང་ལ་ཡང་མ་ཡོ་བར་དབུས་དྲང་ཐད། མདུན་དུ་རྒྱབ་གཉིས་ལས་རྒྱབ་ལ་ལྷག་པར་ཉེ་བ་ན། རྩ་དབུ་མ་ལྟེ་བ་སྤྲུལ་འཁོར་ཡན་ཆད་ལ་ཁ་དོག་ལྗང་ཁུ་ཡར་སྣ་སྤྱི་བོ་ཚངས་བུག་ལ་ཟུག་པ། དེའི་གཡས་སུ་རོ་མ་དམར་པོ་དང་། གཡོན་དུ་རྐྱང་མ་དཀར་པོ་དབུ་མ་ལས་པ་ལྡབསལྡབ་འགྱུར་གྱིས་ཕྲ་བ། དེ་གསུམ་སུམ་གཞིབས་སུ་གསལ་འདེབས་ལ། ཡས་སྣ་ནས་སོར་གང་ཙམ་གྱི་འོག་ཏུ་གཙུག་ཏོར་གྱི་འཁོར་ལོ། །སྨིན་མཚམས་ཏེ་དཔྲལ་བའི་གུང་སྨད་ཀྱི་ཚད་ཙམ་ན་དཔྲལ་བའམ་སྤྱི་བོའ་འཁོར་ལོ། །ཕྲག་པ་གཡས་གཡོན་སྐྱེ་བའི་མཚམས་ཀྱི་ཐད་དུ་མགྲིན་པའི་འཁོར་ལོ། །ནུ་མ་གཉིས་ཀྱི་བར་ཀའི་ཐད་ཙམ་དུ་སྙིང་ཁའི་འཁོར་ལོ། །ལྟེ་བའི་ཁུང་བུའི་ཐད་ཙམ་དུ་ལྟེ་བའི་འཁོར་ལོ། །འཁོར་ལོ་རྣམས་ཀྱི་ཐད་དུ་རོ་རྐྱང་གི་ལག་རེ་དབུ་མ་དང་སྤུབས་འབྲེལ་བ། ཕྱི་རོལ་རོ་རྐྱང་དབུ་མ་གསུམ་ལ་རྩའི་རྐེད་དཀྲིས་བྱས་པ་ལྟ་བུ། སྐེད་དཀྲིས་དེ་ལས་རྩ་འདབ་རྣམས་ཡལ་ག་སྦུབས་ཅན་ལྟ་བུ་སྐྱེས་པར་བསྒོམ་ལ། དེ་ཡང་གཙུག་ཏོར་དང་། སྤྱི་བོ་དང་། མགྲིན་པའི་འཁོར་ལོ་རྣམས་གདུགས་ཀྱི་རྩིབས་མ་བཞིན་དུ་ཁ་ཐུར་བསྟན་དང་། སྙིང་ཁ་དང་། ལྟེ་བ་གདུགས་འདེགས་བཞིན་དུ་ཁ་གྱེན་བསྟན་ནོ། །འཁོར་ལོ་རྣམས་ཀྱི་ཁ་དོག་སྐབས་འདིར་གཙུག་ཏོར་གྱི་ལྗང་ཁུ། སྤྱི་བོའ་ནག་པོ། །མགྲིན་པའི་དམར་པོ། སྙིང་ཁའི་དཀར་པོ། ལྟེ་བའི་སེར་པའོ། །མིའི་ལུས་ཀྱི་དབང་དུ་བྱས་ན་ལྟེ་བ་ནས་འོག་ཏུ་སོར་
༢༠༦ བརྒྱད་དམ་བཅུ་ཙམ་གཞལ་ལ། རྒྱུ་ཞབས་ཀྱི་ཕྱོགས་ལུས་ཀྱི་དབུས་ནད་གསང་གནས་བདེ་སྐྱོང་གྱི་འཁོར་ལོ་ཁ་དོག་སྔོན་པོ་ཁ་གྱེན་བསྟན་ཞིག་བསྒོམ། །དེའི་བར་གྱི་དབུ་མའི་མས་སྣ་ནི་དུང་ཅན་མ་སྟེ། ཁ་དོག་སྔོན་པོ་དང་། རོ་རྐྱང་གཉིས་པོ་ལྟེ་བའི་འཁོར་ལོའ་འོག་འཚམས་ནས་གསང་གནས་ཀྱི་འཁོར་ལོའ་བར་དུ་གཡས་སུ་རོ་མའི་མས་སྣ་ནག་པོ་དང་། གཡོན་དུ་བརྐྱང་མའི་མས་སྣ་སེར་པོ་སྟེ། རྩ་གསུམ་སུམ་གཞིབས་སོ། །དེ་ལྟར་འཁོར་ལོ་དྲུག་ལ་དབུ་མ་ཡང་སྦོམ་ཕྲ་མདའ་སྨྱུག་ཙམ་བསམ། གསང་གནས་ཀྱི་འཁོར་ལོའ་ལྟེ་བའི་འོག་ནས་དབུ་མའམ་དུང་ཅན་མའི་མས་སྣ་ཆ་ཕྲ་བ་གཡས་ཀྱི་ཕྱོགས་དང་། རོ་མའི་མས་སྣ་གཡོན་གྱི་ཕྱོགས་བཟུང་སྟེ། ཉིས་གཞིབས་ལྟ་བུར་བྱས་ནས་ཅུང་ཟད་མདུན་དུ་འཁྱོགས་ཏེ་གསང་བར་ཟུག་ལ་རྐྱང་མའི་མས་སྣ་འཁོར་ལོའ་ལྟེ་བ་ནས་དབུས་ཀྱི་ཕྱོགས་བཟུང་ནས་ཅུང་ཟད་རྒྱབ་ཕྱོགས་སུ་འཁྱོགས་ཏེ་བཤང་སྒོ་ལ་ཟུག་པར་སྒོམ། དབུ་མའི་ནང་གསང་བའི་འཁོར་ལོའ་དབུས་སུ་ཨཱཿསྔོན་པོ་དང་། ལྟེ་བར་ཧོཿཡིག་སེར་པོ་ཡི་གེའི་མགོ་ལྟེ་བའི་འཁོར་ལོའ་ནང་དུ་ཚུད་ཙམ། དེའི་སྟེང་སོར་གང་ཙམ་མ་རེག་པ་ཡི་གེ་ལྀ་ཡིག་སེར་པོ། སྙིང་གར་ཨུ་ཡིག་དཀར་པོ། མགྲིན་པར་རི་ཡིག་དམར་པོ། །སྤྱི་བོ་ཨི་ཡིག་ནག་པོ། གཙུག་ཏོར་གྱི་འཁོར་ལོའ་འོག་མཚམས་སུ་ཨ་ཡིག་ལྗང་ཁུ། གཙུག་ཏོར་གྱི་འཁོར་ལོའ་ལྟེ་བར་ཀླད་ཀོར་ཆུད་ཅིང་གཙུག་ཏོར་གྱི་འཁོར་ལོའ་སྟེང་ནས་ཡི་གེའི་གཟུགས་མགོ་ཞབས་བཟློག་པའི་ཧཾ་ཡིག་དཀར་པོ་རྣམས་གསལ་བཏབ། དེ་ནས་བུམ་པ་ཅན་བསྒོམས་པས་གསང་བའི་དབུས་ཀྱི་ཨཱཿལས་རླུང་དྲོད་ཀྱི་རང་བཞིན་ཅན་དུང་ཅན་མ་ནས་སོང་། དེ་ནས་ཧོ་ཡིག་བསྐུལ་བས་དེ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་ཕྲ་བ། འཚོར་བ། མཁྲང་བ། རྣོ་བ། ཚྭ་བ། རྩུབ་པ།
༢༠༧ གསེར་གྱི་ཁ་དོག་ཅན་གཙོ་ཆེ་བའི་ཁ་དོག་སྣ་དྲུག་པ་འབར་བས། འཁོར་ལོ་ལྔ་ལ་གནས་པའི་ལྀ་ཨུ་རྀ་ཨི་ཨ་རྣམས་ཕུག་ཅིང་བསྲེགས། ཧཾ་ལ་རེག་པས་བྱང་ཆུབ་ཀྱི་སེམས་ཞུ་སྟེ། ཨ་ཨི་རི་ཨུ་ལྀ་རྣམས་ཀྱང་རིམ་པས་གསོས་ལ། དེ་རྣམས་ཀྱི་དྭངས་མ་ཞུ་བའི་བདུད་རྩི་དང་འདྲེས་ཏེ་ཧོཿཡིག་ལ་ཁྲུས་གསོལ་ཞིང་རྩ་འཁོར་ལོ་དྲུག་གང་བར་མོས། དམིགས་བསྐོར་ཞེ་བཞི་པའོ། །ཡང་གཏུམ་མོ་བསྡུས་པ་ནི། རྩ་འཁོར་ལོ་དྲུག་གསལ་བཏབ། གཙུག་ཏོར་གྱི་དབུ་མའི་ནང་དུ་ཐིག་ལེ་དཀར་པོ་བའི་ནུ་མ་ལྟ་བུ་རིང་ཐུང་སོར་བཞི་ཙམ་དང་། ལྟེ་བར་གཏུམ་མོ་དབྱུག་པའི་གཟུགས་ཅན་ཁ་དོག་དམར་པོ་སོར་བཞི་པ་གསལ་བཏབ་ལ། བུམ་པ་ཅན་བཟུང་བའི་གཏུམ་མོའ་མེ་འོད་རབ་ཏུ་རྒྱས་ཏེ། རྩ་འཁོར་ལོ་དྲུག་སོགས་ལུས་ཀྱི་ནང་ཐམས་ཅད་ཁ་དོག་དམར་ལམ་པ་དང་། དྲོད་ཚ་འུར་བྱུང་བར་མོས། རིམ་པས་སྤྱི་བོའ་ཐིག་ལེ་ཞུ་བས་དབུ་མར་བབས་པས། དེའི་འོད་ཀྱིས་ལུས་ནང་ཐམས་ཅད་དཀར་ལམ་པ་དང་། བདེ་ཆིལ་གྱིས་བྱུང་བར་བསམ། མཐར་ཐིག་ལེ་གཏུམ་མོ་ལ་ཐིམ། མི་རྟོག་པར་ཅུང་ཟད་བཞག །གཏུམ་མོའ་རྣམ་གྲངས་གཞན་ནི། སྙིང་ཁའི་འཁོར་ལོ་ནག་པོ་དང་། ལྟེ་བའི་འཁོར་ལོ་སེར་པོ་ཁ་སྦྱོར་གྱི་འབར་འཛག་དང་། མགྲིན་པར་དམར་པོ་དང་སྤྱི་བོ་དཀར་པོ་ཁ་སྦྱོར་གྱི་འབར་འཛག་དང་། གཙུག་ཏོར་ལྗང་ཁུ་དང་གསང་བ་སྔོན་པོ་ཁ་སྦྱོར་གྱི་འབར་འཛག་བྱེད་པའང་ཡོད་དོ། །གཏུམ་མོ་འདི་ལྟ་བུ་ལ་སོགས་པ་དམིགས་བཅས་དང་མོས་སྒོམ་གྱི་རྫོགས་རིམ་དུ་གྲགས་པ་འདི་རྣམས་ངོ་བོ་བསྐྱེད་རིམ་དུ་གཏོགས་ཀྱང་། རྫོགས་རིམ་གྱིས་ཡེ་ཤེས་སྐྱེ་བའི་རྒྱུ་ཁྱད་པར་ཅན་བྱ་བའི་ཕྱིར་དེའི་ཐ་བསྙད་བརྟགས་པ་སྟེ། ལས་དང་པོ་པ་རྣམས་ལ་ངེས་
༢༠༨ པར་དགོས་ཤིང་། རྫོགས་རིམ་དངོས་ཀྱི་ཡེ་ཤེས་སྐྱེས་ནས་ཀྱང་འདི་དག་བོགས་འདོན་དུ་འགྱུར་བའི་ཕྱིར། ཅི་རིགས་པར་སྒོམ་པར་བྱ་བ་ཁོ་ནའོ། །དམིགས་བསྐོར་ཞེ་ལྔ་པའོ། །རྗེས་དྲན་དངོས་རྒྱུད་ལ་སྐྱེས་པའི་དུས་རྡོ་རྗེའི་ལུས་ལ་གཏུམ་མོ་ཡོངས་རྫོགས་སུ་འབར་ཞིང་། དགའ་བཞི་ཡོངས་རྫོགས་འདྲེན་ཐུབ་པ་ཡིན་ལ། ད་ལྟ་གཏུམ་མོ་སྒོམ་པ་ནི་དེ་ལྟ་བུའི་རྣམ་པ་ལམ་བྱེད་དང་། དེ་ཡང་སྟོང་གཟུགས་དང་བསྲེ་ཐུབ་ན་ནི་རྗེས་དྲན་རྗེས་མཐུན་པ་ཡིན་ནོ། །གཉིས་པ་སྒོམ་དོན་བློ་ལ་འགོད་པ་ལ་རྗེས་དྲན་གྱི་མཚན་དོན། སྒོམ་པའི་དུས་མཚམས། སྒོམ་ཚུལ་གྱི་ཡན་ལག །བསྒོམས་པའི་རྟགས་ཚད། དག་བྱ་དག་བྱེད་དབྱེ་བ། བསྒོམས་པས་ཐོབ་པའི་འབྲས་བུ་སྟེ་དྲུག་ལས། དང་པོ་ནི། རྒྱ་སྐད་དུ། ཨ་ནུ་ཞེས་པ་རྗེས་སུ་དང་། སྨྲྀ་ཏི་ཞེས་པ་དྲན་པར་བསྒྱུར་ལ། །ཨ་ནུའི་སྒྲ་ནི་དམན་པ་དང་། ལྷག་པ་ལ་འཇུག་པ་གཉིས་ལས། སྐབས་འདིར་ལྷག་པའི་དོན་ཏེ། ཨ་ནུ་སྨྲྀ་ཏི་ཞེས་པ་རྗེས་སུ་དྲན་པ་ལྷག་པར་དྲན་པའི་དོན་ཏེ། སྔར་བསྒོམས་བསླར་ཡང་དྲན་ཞིང་ཤིན་ཏུ་དྲན་པ་སྟེ། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་ཡང་ཡང་སྒོམ་ཞིང་དྲག་ཏུ་རྩོལ་བའི་དོན་ནོ། །གཉིས་པ་ནི། འཛིན་པ་མཐར་ཕྱིན་པས་རྩ་རླུང་ཐིག་ལེ་གསུམ་ལ་དབང་འབྱོར། གཏུམ་མོའ་སྣང་བ་རྣམ་ཀུན་མཆོག་ལྡན་གྱི་ལྷ་སྐུ་རབ་འབྱམས་སུ་ཤར་ན་ངེས་པར་རྗེས་དྲན་སྒོམ་རན་པའོ། །གསུམ་པ་སྒོམ་ཚུལ་གྱི་ཡན་ལག་ལ། དོན་ཚན་ལྔ་ལས་རྗེས་དྲན་གང་ལ་བྱ་བའི་ཡུལ་ནི། སྤྱིར་རྩ་རླུང་ཐིག་ལེ་ཐམས་ཅད་དང་། གཙོ་བོ་གཏུམ་མོའ་འབར་སྣང་གི་སྟོང་གཟུགས་དང་། རྟེན་འཁོར་ལོ་བཞིའམ་དྲུག་གི་ཐིག་ལེ། བརྟེན་པ་ཞུ་བདེ་དང་བཅས་པའོ། །དོན་ཚན་གཉིས་པ་དགོས་པ་ནི། །མི་འགྱུར་པའི་བདེ་བ་དངོས་སུ་སྒྲུབ་པའི་ཕྱིར་ཏེ། །ཞུ་བདེ་འཛག་མེད་ལ་བསླབ་པའོ། །དོན་
༢༠༩ ཚན་གསུམ་པ་དུས་ཇི་ཙམ་གྱི་བར་དུ་སྒོམ་པ་ནི། མི་འགྱུར་བའི་བདེ་བ་སྐད་ཅིག་མ་དང་པོ་མ་སྐྱེས་ཀྱི་བར་དུའོ། །མི་འགྱུར་བའི་བདེ་བ་སྐྱེས་ཟིན་པའི་རྗེས་སུ་ཡང་རྗེས་དྲན་གྱི་རྒྱུན་བོར་ནས། དམིགས་རྣམ་མི་འདྲ་བའི་ལམ་གསལ་པོ་སྒོམ་དུ་མེད་ཀྱི། རྗེས་དྲན་གྱི་རྒྱུན་ཉིད་ཏིང་ངེ་འཛིན་དུ་གནས་གྱུར་པ་ཡིན་ནོ། །དོན་ཚན་བཞི་པ་རྗེས་དྲན་རང་གི་ངོ་བོ་ནི། རྒྱུད་ལས། གཏུམ་མོའ་སྣང་བར་གང་ཞིག་གྱུར་པ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། ཞེས་གསུང་ཏེ། གྲོགས་ཕྱག་རྒྱ་གཞན་ཡོད་ཀྱང་རུང་། མེད་ཀྱང་རུང་། གཏུམ་མོའ་འབར་སྣང་གི་ལྷ་ཡབ་ཡུམ་མཉམ་སྦྱོར་གཙོ་བོར་གྱུར་པའི་སྟོང་གཟུགས་ཕྲ་རགས་སྲིད་པ་གསུམ་གྱི་རྣམསརྣམ་པ་ཅན་ལ་རྟོག་བྲལ་མ་འཁྲུལ་བའི་ཚུལ་གྱིས་མཉམ་པར་གཞག་པས། ཞུ་བདེ་འཛག་མེད་ཡང་ཡང་བསྐྱེད་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །དོན་ཚན་ལྔ་པ་རྗེས་དྲན་ཇི་ལྟར་སྒོམ་པའི་ཚུལ་ནི། རྒྱུད་ལས། འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོའ་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་མཆོག་རྣམས་སོ། །ཞེས་གསུངས་པ་ལྟར། དང་པོ་དབང་པོ་བརྟུལ་ཞིང་ཐིག་ལེ་སླ་བའི་གནས་སྐབས་ན། ལས་ཀྱི་ཕྱག་རྒྱ་ལ་མ་བསྟེན་པར། དགའ་བཞི་རྫོགས་པར་འདྲེན་མི་ཐུབ་པའི་སྐབས་ན། ལས་དང་ཡེ་ཤེས་ཕྱག་ཆེན་གསུམ་ཀར་གཅིག་ཏུ་དྲིལ་བའི་རྗེས་དྲན་སྒོམ། དེ་ནས་དབང་པོ་ན་འཕོས་ཏེ་བར་སྐབས་དེར་དབང་པོ་འབྲིང་དུ་གྱུར་པ། ཐིག་ལེ་ཅུང་ཟད་བསྐ་བའི་གནས་སྐབས་སུ་སོང་བ་ན། ཕྱག་ཆེན་ཁོ་ནས་ནི་བདེ་བ་རྫོགས་པར་འདྲེན་མི་ཐུབ་ལ། ལས་རྒྱ་ནི་མེད་ཀྱང་ཆོག་པའི་སྐབས་སུ། ལས་རྒྱ་སྤངས་ཏེ། ཡེ་རྒྱ་དང་ཕྱག་ཆེན་གཅིག་ཏུ་དྲིལ་བའི་རྗེས་
༢༡༠ དྲན་སྒོམ། ཡང་དབང་པོ་ན་འཕར་ཏེ་རྣོན་པོར་སོང་། བྱང་ཆུབ་ཀྱི་སེམས་ཤིན་ཏུ་བསྐ་བའི་གནས་སྐབས་སུ་གྱུར་པ་ན། ཕྱག་ཆེན་ཁོ་ནས་ཞུ་བདེ་རྫོགས་པར་ནི་འདྲེན་ཐུབ། མི་འགྱུར་བའི་བདེ་བ་མ་ཐོབ་པའི་སྐབས་དེར་ཕྱག་ཆེན་ཁོ་ན་ལ་བརྟེན་པའི་རྗེས་དྲན་སྒོམ། དེ་དག་ཀྱང་མཉམ་བཞག་གཙོ་ཆེ་བའི་དབང་དུ་བྱས་ཀྱི། རྗེས་ཐོབ་ཏུ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་འབྲེལ་བ་ལ་ནི་ངེས་པ་མེད་དོ། །གནས་སྐབས་གསུམ་པོ་འདི་རྣམས་ལ་ཕྱག་ཆེན་བཞི་སྦྱོར་དང་། ཕྱག་རྒྱ་གསུམ་སྦྱོར་དང་། ཕྱག་རྒྱ་གཉིས་སྦྱོར་ཞེས་འདོད་པ་དང་། ཡང་གསུམ་སྦྱོར། གཉིས་སྦྱོར། གཅིག་སྦྱོར་ཞེས་རིམ་པས་སྦྱོར་བའང་ཡོད་དོ། །བཞི་པ་ལས། རྟགས་ནི་དགའ་བཞི་རྫོགས་པར་འདྲེན་ཐིངས་རེ་ལས་གཏུམ་མོའ་འབར་སྣང་མཐའ་ཡས་པ་འཕྲོ་ཚུལ་གོང་ནས་གོང་དུ་ཁྱད་ཞུགས་པར་འབྱུང་ལ། ཀུཎྜ་བྱང་ཆུབ་ཀྱི་སེམས་ལྷུང་བར་རྩོལ་ཀྱང་མི་ལྷུང་སྟེ། ནོར་བུ་ནས་ཤུགས་དྲག་པོས་གྱེན་ལ་རང་བཟློག་ཏུ་འགྲོ་བ་དང་། རང་གི་ལུས་ཀྱང་སྟོང་གཟུགས་འོད་ཀྱི་དཀྱིལ་འཁོར་དུ་སྣང་བ་དང་། དག་པ་དང་མ་དག་པའི་སྲིད་པ་གསུམ་གྱི་གཟུགས་བརྙན་རྟག་པར་སྤྲོ་ཞིང་བསྡུ་བའོ། །ཚད་མ་ནི་མངོན་སུམ་བཞི་ཅར་ཚད་ཡང་ནང་གི་བདེ་བ་དམ་པ་ཉམས་སུ་མྱོང་ཞིང་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར། རང་རིགས་མངོན་སུམ་གཙོ་ཆེའོ། །ལྔ་པ་ནི། དག་བྱ་ལ་དབྱེ་ན་འདུ་ཤེས་ལ་སོགས་པ་ཕུང་ཁམས་ཆུའི་ཁམས་པ་དྲུག་ཚན་གཅིག་ཏུ་དབྱེ། དག་བྱེད་རྗེས་དྲན་གྱི་ཡན་ལག་ལ་དབྱེ་ན་བཅུ་སྟེ་རྒྱུད་ལས། བསམ་དང་འདོད་དང་ལུས་ལ་རིམས་དང་ཁ་མཆོག་པདྨ་སྐམས་དང་ཟས་ལ་རབ་ཏུ་མི་འཇུག་དང་། འདར་དང་སྨྱོ་དང་རབ་ཏུ་རྨོངས་པར་འགྱུར་དང་ཡིད་ནི་རྣམས་པར་འཁྲུལ་དང་དྲག་ཏུ་བརྒྱལ་བ་དག །རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་
༢༡༡ རྟེན་དུ། རབ་ཏུ་གསལ་ཞིང་ངེས་པ་དེ་རྣམས་ཡིད་གསུམ་གནས་སྐབས་སུ་ཞིག་རྒྱལ་བར་འདོད་པ་དེ་ནི་སུ། ཞེས་གསུངས་པ་ལྟར་ཏེ། རྟགས་བཅུའི་དབྱེ་བ་ཅན་གྱི་སྟོང་གཟུགས་སོ་སོས་རིམ་པས་བདེ་བ་འདྲེན་པ་ན། བསམ་པའི་གནས་སྐབས་དང་མཚུངས་ཤིང་། དེ་རྣམ་པར་དག་པའི་བདེ་བ་དང་པོ་ཐོབ་པ་ལ་སོགས་པ། བདེ་བ་མི་འདྲ་བ་བཅུ་རིམ་གྱིས་ཐོབ་པ་ཡིན་ནོ། །དྲུག་པ་ལས། གནས་སྐབས་ཀྱི་འབྲས་བུ་ནི། རྒྱུད་ལས། རྗེས་སུ་དྲན་པས་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །ཞེས་པ་ལྟར། རྩ་ནང་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་གང་བས་ཕྱི་ནང་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་གྱིས་ཁྱབ་པ་དང་། རྣམ་སྨིན་གྱི་ལུས་གནས་མ་འགྱུར་ཡང་རང་སེམས་ལྷ་སྐུར་དངོས་སུ་གྱུར་པ་དང་། གཞན་ཡང་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པ་མཐའ་ཡས་པ་ཐོབ་ཅིང་། བདེ་སྟོང་གི་ཉམས་མྱོང་རྒྱུན་མི་འཆད་པ་ཡིན་ལ་མཐར་ཐུག་གི་འབྲས་བུ་ནི། རྒྱལ་བ་འོད་དཔག་མེད་ལ་སོགས་ལ་ལྷ་ཆུ་ཁམས་པ་དྲུག་ཚན་གཅིག་གི་དཀྱིལ་འཁོར་མངོན་དུ་འགྱུར་རོ། །སྒོམ་དོན་འདི་ལ་ཐུན་གཅིག་ལ་སོགས་པའོ། །དེས་རྗེས་དྲན་གྱི་འཁྲིད་ཚར་རོ། །གཉིས་པ་ཏིང་ངེ་འཛིན་གྱི་འཁྲིད་སྟོན་པར་བྱེད་པ་ལ། ཉམས་ལེན་དམིགས་པའི་གནད་དང་། སྒོམ་ཚུལ་བློ་ལ་འགོད་པའོ། །དང་པོ་ཏིང་ངེ་འཛིན་གྱི་ཡན་ལག་དངོས་ཀྱི་དབང་ལྟར་བྱས་ནས། ཕྱག་ཆེན་ཁོ་ནའི་རྗེས་དྲན་དང་ཕལ་ཆེར་འདྲ་བ་ལས། སྦོགས་ཆོག་ཏུ་ལས་ཀྱི་ཕྱག་རྒྱ་ཐ་དད་པ་མང་དུ་སྒྲུབ་པར་བཤད་པ་ཡིན་ལ། འདིར་ནི་མོས་པ་ལམ་བྱེད་ཙམ་དུ་སྒོམ་ན། རྗེས་དྲན་རྗེས་མཐུན་པ་དང་འདྲ་བ་ལས། ལག་པ་མཉམ་བཞག་གི་ཕྱག་རྒྱ་དང་། ལྟ་སྟོངས་སྣ་རྩེ་རང་བབ་པའི་ཚུལ་གྱིས་ལྟ་གསུང་། དམིགས་པའི་སྐབས་སུ་ཡས་བརྟེན་དགའ་
༢༡༢ བཞི་ནི་རྗེས་དྲན་དང་འདྲ། མས་བརྟན་ལ་རྩ་འཁོར་སོ་སོར་བུམ་ཅན་ཡུན་རིང་དུ་སྒོམ་ཞིང་། སྟོང་གཟུགས་དང་བདེ་བ་ལ་མཉམ་པར་འཇོག །ཏིང་ངེ་འཛིན་གྱིས་བཅུ་གཉིས་ཐོབ་པར་མོས་པ་ཙམ་བྱའོ། །དམིགས་བསྐོར་ཞེ་དྲུག་པའོ། །དམིགས་བསྐོར་འདི་མཐའ་གཅིག་ཏུ་མ་བྱས་ཀྱང་ཆོག་མོད། བླ་མ་གོང་མ་རྣམས་ཀྱིས། ཡན་ལག་དྲུག་གི་དམིགས་པའི་ས་བཅད་མི་སྟོངས་པའི་ཕྱིར་མཛད་པའོ། །གཉིས་པ་སྒོམ་དོན་བློ་ལ་འགོད་པ་ལ། ཏིང་ངེ་འཛིན་གྱི་མཚན་དོན། སྒོམ་པའི་དུས་མཚམས། སྒོམ་ཚུལ་གྱི་ཡན་ལག །བསྒོམས་པའི་རྟགས་ཚད། དག་བྱ་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་པའི་འབྲས་བུ་སྟེ་དྲུག་ལས། དང་པོ་ནི། རྒྱ་གར་སྐད་དུ། ས་མ་དྷི་ཞེས་པ་ཏིང་ངེ་འཛིན་ཏེ། དེ་ཡང་མཉམ་པར་ཀུན་ཏུ་འཛིན་པའི་དོན་ཡིན་པས། གཟུང་འཛིན་དང་བྲལ་ཞིང་། ཡུལ་ཡུལ་ཅན་དབྱེར་མེད་པ་སེམས་གནས་པའི་དོན་ནོ། །གཉིས་པ་ནི། རྗེས་དྲན་གྱི་ཡན་ལག་མཐར་ཕྱིན་ཏེ། མི་འགྱུར་བའི་བདེ་བ་འཕྲལ་དུ་བསྐྱེད་ནུས་པ་ནའོ། །གསུམ་པ་ལ། དོན་ཚན་ལྔའི་དང་པོ་ཏིང་ངེ་འཛིན་གྱི་ཡུལ་ནི། སྟོང་གཟུགས་དང་བདེ་ཆེན་གཉིས་ཡིན་ལ། དོན་ཚན་གཉིས་པ་བསྒོམ་པའི་དགོས་པ་ནི། མི་འགྱུར་བའི་བདེ་བ་གོང་ནས་གོང་དུ་འཕེལ་བའི་དོན་དང་། རྣམ་པར་སྨིན་པའི་ལུས་དབྱིངས་སུ་དག་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །དོན་ཚན་གསུམ་པ་དུས་ཇི་ཙམ་གྱི་བར་དུ་བསྒོམ་པ་ནི། ཏིང་ངེ་འཛིན་གྱི་ཐོག་མ་མི་འགྱུར་བའི་བདེ་བ་སྐད་གཅིག་གཅིག་ཐོབ་ནས། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོངས་སུ་རྫོགས་པར་ཐོབ་ཀྱི་བར་དུའོ། །དོན་ཚན་བཞི་པ་ཏིང་ངེ་འཛིན་གྱི་ངོ་བོ་ནི་རྒྱུད་ལས། ཤེས་རབ་ཐབས་
༢༡༣ ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན་ནི། ཞེས་ཏེ། ཡེ་ཤེས་གཅིག་ཉིད་ལ། ལྡོག་ཆའི་དབྱེ་བས་ཤེས་རབ་མི་འགྱུར་བའི་བདེ་བ་དང་། ཐབས་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཀྱི་སྐུ་གཉིས་སོ་སོར་མཐོང་བའི་གཉིས་སྣང་གི་ཆ་མེད་པར་ཟུང་འཇུག་ཏུ་ཉམས་སུ་མྱོང་བའི་ཏིང་ངེ་འཛིན་ཏེ། ཞུ་བདེ་འཛག་མེད་མཐར་ཕྱིན་པས་རྐྱེན་བྱས་ནས། ལས་རླུང་གཅིག་འགགས། རྩ་གསུམ་བཅུ་ཆ་གཅིག་དབུ་མར་ཐིམ། ཁམས་དཀར་དམར་གྱི་བགྲོད་པ་རེ་རེ་དབུ་མའི་ནང་དུ་གཡོ་མེད་དུ་བརྟན་ཞེས་བྱ་སྟེ། དེ་ལྟར་རྩ་དང་། རླུང་དང་། ཁམས་རྣམས་ཕྱིན་ཆད་དུ་འཇིག་ཏུ་མེད་ཅིང་རྒྱུན་མི་འཆད་པའི་སྟོང་གཟུགས་སུ་གྱུར་པ་ན། དེ་དང་ངོ་བོ་གཅིག་པའི་ཡེ་ཤེས་ནི། མི་འགྱུར་བའི་བདེ་བ་ཞེས་བྱའོ། །དེ་ཕྱིར། སྟོང་གཟུགས་བདེ་བས་རིག་པ་ལ། །བདེ་བ་ཆེན་པོ་རང་གི་རིག །ཅེས་གསུངས་སོ། །དོན་ཚན་ལྔ་པ་ཏིང་ངེ་འཛིན་ཇི་ལྟར་བསྒོམ་པའི་ཚུལ་ནི། རྒྱུད་ལས། བདེ་བ་མ་ཉམས་གཅིག་པུ་ཞི་བ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདིར་ནི་སྒྲུབ་པ་ཆེན་པོ་ལ། ཞེས་དང་། དུས་ཞབས་སྙན་བརྒྱུད་ལས་ཀྱང་། སྒོམ་པ་དམིགས་བཅས་སྟོང་གཟུགས་དང་། །དམིགས་མེད་བདེ་བ་རོ་མཉམ་ལ། །སེམས་ནི་མི་གཡོ་བརྟན་པར་གནས། །དངོས་པོ་ཐམས་ཅད་བདེ་བར་འཆར། །ཞེས་པ་ལྟར་སྔར་གནས་གྱུར་ཟིན་གྱི་ཐིག་ལེ་རྣམས་ཀྱི་མི་འགྱུར་བའི་བདག་དང་། ཕྱིས་གནས་འགྱུར་རྒྱུད་ལྟ་གནས་མི་འགྱུར་བའི་ཐིག་ལེ་དབབ་བཟློག་གི་ཞུ་བདེ་འཛག་མེད་གཉིས་ཚོགས་པ་གཅིག་ཏུ་གྱུར་པས། སེམས་བདེ་བ་ཐོབ་པའི་ངང་ན། སྟོང་གཟུགས་ལ་རབ་ཏུ་ཆགས་པས་ཞུ་བདེ་འཛག་མེད་ཡང་ཡང་བསྒྲུབ་པར་ཡིན་ལ། རྗེས་ཐོབ་
༢༡༤ ཏུ་སྤྲོས་བཅས་ཀྱི་སྤྱོད་པ་རྟག་ཏུ་སྤྱོད་པའམ། །བོགས་འདོན་སྤོགས་ཆོག་གི་ཚུལ་དུ་ཅི་རིགས་པར་སྤྱོད་དགོས་པ་ཡིན་ནོ། །བཞི་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཅིག་གི་མཐར་ཐུག་པ་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་ནས། འཇིག་རྟེན་གྱི་ཁམས་སྟོང་དང་ཉི་ཤུ་རྩ་བཞིའི་དོན་ཡང་དག་པར་མཐོང་བའི་བར་དུ་སྟེ། ཚད་མ་ནི་མངོན་སུམ་བཞི་ཙར་ཚང་བ་ལས། ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་དབང་དུ་བྱས་ནས། འཕགས་པའི་ཡེ་ཤེས་རྗེས་མཐུན་པ་ཡིན་པས་རྣལ་འབྱོར་མངོན་སུམ་ཞེས་བྱའོ། །ལྔ་པ་ནི། དག་བྱ་ལ་དབྱེ་ན་གཟུགས་ཕུང་སོགས་ཕུང་ཁམས་ས་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་བྱེད་ཏིང་ངེ་འཛིན་ལ་དབྱེ་ན། འཁོར་ལོ་དྲུག་ཏུ་ལས་རླུང་འགགས་པའི་དབྱེ་བས་ས་བཅུ་གཉིས་སམ། །ཏིང་ངེ་འཛིན་རྣམ་པ་བཅུ་ནི་རླུང་བཅུ་པོ་རྣམས་འགོག་པའི་ཕྱིར་རོ། །ཞེས་པས། ཐུར་སེལ་ལ་སོགས་པའི་རླུང་བཅུ་ཕྱིན་ཆད་མི་སྐྱེ་བའི་ཆོས་ཅན་དུ་རྩ་བ་ནས་འགགས་པའི་དབྱེ་བས་རིམ་པ་བཅུའོ། །དྲུག་པ་ལ་གནས་སྐབས་ཀྱི་འབྲས་བུ་ནི། རྒྱུད་ལས། དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཉེན་ཞག་འགའ་ཞིག་རྣམས་ཀྱི་ཡེ་ཤེས་སྐུ་ནི་འགྲུབ་པར་གྱུར། །ཞེས་གསུངས་ཏེ། ཏིང་ངེ་འཛིན་དང་པོ་སྐྱེས་པ་ནས། རྒྱུན་མ་ཆད་པར་བསྒོམ་ན། ལོ་གསུམ་དང་ཕྱོགས་གསུམ་གྱིས་གནས་ལུགས་ཡང་དག་པ་བདེན་པའི་ས་མངོན་དུ་བྱེད་ཅིང་རྣམ་པར་སྨིན་པའི་ལུས་དབྱིངས་སུ་ཐིམ་ནས། གཉིས་སུ་མེད་པ་ཟུང་འཇུག་ཡེ་ཤེས་ཆེན་པོའ་སྐུ་འགྲུབ་བོ། །དེ་ནི་དབང་བཅུ་ལ་སོགས་པ་ཡོན་ཏན་དུ་མས་བརྒྱན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ལ། མཐར་ཐུག་གི་འབྲས་བུ་ནི། རྒྱལ་བ་རྣམ་པར་སྣང་མཛད་
༢༡༥ ལ་སོགས་པ་ལྷ་ས་ཁམས་པ་དྲུག་ཚན་གཅིག་གི་དཀྱིལ་འཁོར་མངོན་དུ་འགྱུར་རོ། །སྒོམ་དོན་འདི་ལ་ཐུན་གཅིག་ལ་སོགས་པའོ། །དེས་ཏིང་ངེ་འཛིན་གྱི་འཁྲིད་ཚར་ཏེ། སྦྱོར་བ་ཡན་ལག་དྲུག་གི་དངོས་གཞིའི་དམིགས་པ་རྣམས་བསྟན་ཟིན་ཏོ། །གསུམ་པ་རྗེས་ལམ་གྱི་ཡན་ལག །ས་མཚམས། རྣལ་འབྱོར་གྱི་ཚོགས་པ་དང་བཅས་པ་ལ་གསུམ་སྟེ། ལམ་གྱི་ཡན་ལག་དང་། ས་ལམ་འབྲས་བུ་དང་བཅས་པ་དང་རྣལ་འབྱོར་མི་ཉམས་ཤིང་འཕེལ་བའི་ཡན་ལག་གོ །དང་པོ་ནི། ཉེར་མཁོ་ཅུང་ཟད་བརྗོད་པ་ལ། །ཉལ་བ་གཉིད་ཀྱི་རྣལ་འབྱོར་དང་། །འཆི་བ་འོད་གསལ་ངོས་འཛིན་དང་། །འདའ་ཁ་འཕོ་བའི་གདམས་ངག་དང་། །བར་དོ་འདུན་པས་འཛིན་པ་དང་། །ཐུན་སྒོམ་གྱིས་མཉམ་རྗེས་བསྲེ་བ་སྟེ་ལྔ་ལས། དང་པོ་ནི། སྤྱིར་གཉིད་ཀྱི་རྣལ་འབྱོར་ལ་གཉིད་འཐུག་པོའ་འོད་གསལ་འཛིན་པ་དང་། རྨི་ལམ་གྱི་གདམས་ངག་གཉིས་ཡོད། གཉིད་འཐུག་པོའ་འོད་གསལ་འཛིན་པ་ལ། ལས་དང་པོ་པས་འོད་གསལ་འཛིན་ཚུལ་ནི། སྔར་སོར་བསམ་པའི་སྐབས་སུ་བསྟན་པ་དེ་ཡིན་ལ། ཐབས་དེས་གཉིད་ཀྱི་འོད་གསལ་ཟིན་པའི་རྣལ་འབྱོར་པབ་ལ་ནི། སྲོག་རྩོལ་ཕན་ཆད་དུ་གཉིད་ཀྱི་འོད་གསལ་འཛིན་པའི་གདམས་ངག་ལོགས་པར་མི་དགོས་མོད། སྤྱིར་ནི་ལུགས་འདི་ལ་མགྲིན་སྙིང་ཁ་སྦྱོར་གྱིས་འོད་གསལ་འཛིན་པའི་མན་ངག་དང་། ལྟེ་སྙིང་ཁ་སྦྱོར་གྱིས་འོད་གསལ་སྤེལ་བའི་མན་ངག་ཀྱང་ཡོད་དོ། །དེས་ན་སྐབས་འདིར་རྨི་ལམ་གྱི་གདམས་ངག་ནི། རང་གི་མགྲིན་པའི་འཁོར་ལོའ་
༢༡༦ དབུས་སུ་ར་ཡིག་དམར་པོ་དང་། སྤྱི་བོའ་འཁོར་ལོའ་དབུས་སུ་ཐིག་ལེ་དཀར་པོ་གསལ་བཏབ་ནས། འཇམ་རླུང་བག་ཙམ་བཟུང་བས་རྀ་ཡིག་ལས་གཏུམ་མོ་འབར། ཐིག་ལེ་ལ་རེག །དེ་ནས་བདུད་རྩིའི་རྒྱུན་བབས་ཏེ། རྀ་ཡིག་ལ་ཐིམ་པར་བསམ་ལ། དོ་ནུབ་ཅིས་ཀྱང་རྨི་ལམ་ཟིན་པར་བྱའོ། །ཞེས་འདུན་པ་དྲག་པོ་བཅུ་གནས་བསྒོམས་ནས་མྱུར་དུ་རྨི་ལམ་ཟིན་པར་འགྱུར་རོ། །དམིགས་བསྐོར་ཞེ་བདུན་པའོ། །རྨི་ལམ་ཟིན་ཅིང་ཟིན་པ་དེ་ཡང་བརྟན་པོར་སོང་ན། མགྲིན་པར་སྟོང་གཟུགས་དྲངས་ཏེ། སྔར་གྱི་དམིགས་པ་དེ་དང་བསྲེས་ནས། དོ་ནུབ་ཀྱིས་ཀྱང་རྨི་ལམ་དུ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བྱའོ། །ཞེས་འདུན་པ་དྲག་པོ་བཏང་བས། རྨི་ལམ་དུ་སར་བསམ་ལ་སོགས་པ་རྡོ་རྗེའི་རྣལ་འབྱོར་སྒོམ་པའི་འདུན་པ་སྐྱེས་ཏེ། དམིགས་པ་ལ་སེམས་གཏད་པའི་ཚེ་སྟོང་གཟུགས་མང་པོ་བདེ་ཉམས་དང་བཅས་ཏེ་འཆར་བའང་ཡོད། དང་པོ་ཉིད་ནས་རྨི་ལམ་དང་སྟོང་གཟུགས་འདྲེས་མར་འཆར་བའང་ཡོད། རྩ་བཟང་ཞིང་དབང་པོ་རྣོ་བ་དང་། ཕྱིས་ཤིན་ཏུ་གོམས་པར་གྱུར་ན། དབང་པོ་རྣོ་བརྟུལ་ཐམས་ཅད་ལ་ཡང་འཆར་སྟེ། གཉིད་ཀྱི་འོད་གསལ་དྲན་མེད་དེ་གསང་མ་ཐག་ཏུ་རྨི་ལམ་གྱི་དོད་ལ་སྟོང་གཟུགས་འབའ་ཞིག་འབར་བའང་ཡོད་དོ། །དམིགས་བསྐོར་ཞེ་བརྒྱད་པའོ། །གཉིས་པ་ལ། འཆི་ཀའི་གདམས་ངག་དངོས་དང་། སྒོམ་འཕྲོ་ལ་ཤི་ཡང་རྣལ་འབྱོར་གོམས་སྟོབས་འཇུག་པར་བསྟན་པའོ། །དང་པོ་ནི། ད་ལྟའི་དུས་ནས་བདག་འཆི་བའི་ཚེ། ས་ཆུ་ལ་ཐིམ་པས་དུ་བ་ཞེས་པ་ལ་སོགས་
༢༡༧ པའི་རྟགས་སྣང་མང་པོ་དང་། བྱིང་བ་དང་། སྦྲིད་པ་དང་། འཕར་གཡོ་ལ་སོགས་པའི་ལུས་ཉམས་དུ་མ་དང་། དབུགས་འདར་བ་དང་། རྔམ་རྒོད་ལ་སོགས་པའི་དག་ཉམས་དུ་མ་དང་། གསལ་བ་དང་མི་གསལ་བ་དང་། ཁྲོ་བ་དང་། ཆགས་པ་ལ་སོགས་པ་སེམས་ཉམས་དུ་མ་འབྱུང་བར་འདུག་པ་ལ། དེ་རྣམས་རང་ངོ་ཤེས་པར་བྱས་ནས། སེམས་འོད་གསལ་དུ་འཇུག་དགོས་པར་འདུག་སྙམས་དུ་འདུན་པས་མཚམས་སྦྱོར་ལ། རང་འཆི་བའི་དུས་སུ་ཡང་སྒོམ་ཚུལ་འདི་ལྟ་བུ་ཡིན་སྙམ་པས། ཡན་ལག་དྲུག་པོ་གོང་སྐབས་སུ་བབ་པ་དེ་སྒོམ་ལ། ལུས་ཉམས། ངག་ཉམས། སེམས་ཉམས། མཐོང་ཉམས་གང་བྱུང་ཡང་འཆི་ཁའི་སྒོམ་ཚུལ་ཡང་འདི་ལྟ་བུ་བྱེད་སྙམས་པས། ཉམས་གང་ཤར་དེ་ལ་སྐྱེ་འགག་གནས་གསུམ་དང་བྲལ་བར་ངོས་གཟུང་ལ་མཉམ་པར་གཞག །ཁྱད་པར་གཉིད་དུ་འགྲོ་ཁ་དང་། གཉིད་ཀྱི་འོད་གསལ་ལ་ཡང་འདུན་པ་དེ་བཞིན་དུ་སྦྱོངས་བ་གལ་ཆེ། དམིགས་བསྐོར་ཞེ་དགུ་པའོ། །ནམ་ཞིག་འཆི་བ་མངོན་དུ་བབས་པའི་ཚེ། མཐོང་སྣང་གང་ཤར་ཡང་དེ་ལ་མི་གཡོ་གསུམ་ལྡན་དུ་བཞག་པའི་ངང་ནས། སྐྱེ་འགགས་གནས་གསུམ་དང་བྲལ་བའི་དབྱིངས་དེ་ངོས་ཟིན་པར་བྱ། དེ་བཞིན་དུ་ལུས་ངག་ལ་བདེ་སྡུག་གི་ཉམས་གང་བྱུང་ཡང་འདྲ། སེམས་ལ་དགའ་སྡུག་ཆགས་སྡང་ཅི་ཤར་ཡང་འདྲ། རྣ་བར་སྒྲ་ཇི་ལྟར་ཐོས་ཀྱང་རུང་སྟེ་དེ་དང་དེ་ལ་མི་གཡོ་བ་གསུམ་ལྡན་གྱི་སྒོ་ནས་རིག་པ་གཏད་དེ། རང་བཞིན་ཅིར་ཡང་མ་གྲུབ་པ་དེ་རིག་ཐོག་ཏུ་བསྐྱང་ངོ་། །སྲོག་རྩོལ་མན་ཆད་གོམས་པའི་
༢༡༨ རྣལ་འབྱོར་པ་ཡིན་ན། འཆི་ལྟས་བྱུང་ཞིང་འཆི་བ་མི་བཟློག་པར་ཤེས་པ་ཙམ་ན། བུམ་པ་ཅན་དང་སྟོང་གཟུགས་ལ་མཉམ་པར་འཇོག་པ་ལ་འབད་རྩོལ་བསྐྱེད། རླུང་སེམས་དྲག་ཏུ་དབུ་མར་འཇུག་པའི་ཐབས་རྣམས་བྱ། དེས་འོད་གསལ་གྱི་རྟགས་སྣང་དང་བདེ་སྟོང་གི་ཉམས་རྒྱ་ཆེར་མཆེད་ནས་རྒྱ་འབྱམས་སུ་འགྲོ། དེའི་ངང་ལ་དབྱིངས་སུ་འཕོ་ཐུབ་པའང་ཡོད། དེ་སྐབས་མ་འཕོས་ཀྱང་རུང་སྟེ་སྔར་གྱི་རྒྱུན་དེ་ཀ་བསྒོམ། ཐིམ་རིམ་རྣམས་ཤར་པའི་མགོ་བརྩམས་དུས་ནས་རྡོ་རྗེའི་བཟླས་པ་ཅི་འགྲུབ་བྱ། དེས་ངེས་པར་འཆི་བ་འོད་གསལ་རང་ངོ་འཕྲོད་པར་འགྱུར་བ་ཡིན་ནོ། །འདི་སྐབས་སུ་སྤྲོ་ཞིང་དགོས་ན། ཁམས་ཐིམ་རིམ་རྣམས་དང་། སྣང་བ་བཞིའི་རྣམ་བཞག་ཞིབ་མོར་བཤད་དོ། །དམིགས་བསྐོར་ལྔ་བཅུ་པའོ། །གཉིས་པ་རྣལ་འབྱོར་གོམས་སྟོབས་འཇུག་པར་བསྟན་པ་ནི། ཆེས་སྐལ་པ་དམན་པའམ། ཚེ་གཏུགས་ནས་ཉམས་རྟོགས་ཁྱད་པར་ཅན་ཚེ་འདི་ལ་མ་སྐྱེས་ཀྱང་། ཆོས་འདི་དང་མ་བྲལ་པ་བཞིན་དུ་དུས་ལས་འདས་ན། སྐྱེ་བ་ཕྱི་མ་ལ་ངེས་པར་གྲོལ་བ་ཐོབ་སྟེ། རྣལ་འབྱོར་དབང་པོ་རྣལ་འབྱོར་མ་ཐོབ་ཞེས་སོགས་ཀྱི་ལུང་དང་སྦྱར་རོ། །གསུམ་པ་ནི། ཆོས་རྗེ་ཀུན་སྤངས་ཆེན་པོའ་གསུང་གི། དབུ་ཡི་ནང་ས་བོན་རང་སེམས་ཧཾ་ཨ་ཧཱུྃ། ཟླ་ཉི་ནམ་མཁའི་མདོག་ཅན་གཙུགས་གསང་སྙིང་། །སྲོག་རྩོལ་བསུ་སྐྱེལ་གཅིག་ཏུ་བསྡུས་བྱས་ནས། །འདུན་པ་རྩེ་གཅིག་གང་འདོད་གནས་སུ་འཕོ། །ཞེས་གསུངས་ཏེ། ལུས་གནད་སྤྱི་དང་མཐུན། ལུས་ཀྱི་ནང་དུ་རྩ་དབུ་མ་ཡང་གོང་དུ་བཤད་པ་བཞིན་དབུ་མའི་ནང་སྤྱི་བོར་ཧཾ་དཀར་པོ་མགོ་བོ་མཐུར་བསྟན། ལྟེ་བ་ཨ་དམར་
༢༡༩ པོ་དང་། སྙིང་ཁ་ཧཱུྃ་སྔོན་པོ་གཉིས་མགོ་གྱེན་བསྟན། སྤྱི་བོའ་སྟེང་དུ་བླ་མའམ་ཡི་དམ་བཞུགས་པར་བསམ། རླུང་ཁ་སྦྱོར་ཞིག་བཟུང་། སྟེང་རླུང་མནན་པས། ཧི་ཧཱུྃ་ལ་ཐིམ། འོག་རླུང་ཐེནའཐེན་པས་ཨ་ཡང་ཧཱུྃ་ལ་ཐིམ། ཧུཾ་དེ་ཡང་འདར་ཁྲིལ་ལི་ལི་ཐིག་ལེ་ཁྲ་བོ་ཞིག་ཏུ་གྱུར་པར་བསམ། ཡང་འོག་རླུང་འཐེན། སྟེང་རླུང་སངས་ཀྱིས་བུས་པས་ཐིག་ལེ་དེ་དབུ་མའི་ལམ་བརྒྱུད། སྤྱི་གཙུག་ནས་རྒྱངས་ཀྱིས་ཐོན། བླ་མའི་ཐུགས་ཁར་ཐིམ། དེ་དང་འོད་གསལ་རྟགས་སྣང་འདྲེས་པ་ལ་ཅུང་ཟད་མཉམ་པར་གཞག །དེ་འདྲ་བ་ལ་ལན་འགའ་རེ་སོང་བ་ན། བླ་མའི་ཐུགས་ཀ་ནས་ཡི་གེ་རྣམས་བབས་ཏེ། སྔར་བཞིན་རང་གནས་སུ་གནས་པར་བསམ། བླ་མ་ཡེ་ཤེས་ཀྱི་བདུད་རྩིར་ཞུ་ནས་རང་ལ་ཐིམ། སྤྱི་གཙུག་ཚངས་པའི་བུ་ག་ཡང་ཟུམ་པར་མོས། དེ་ལྟར་ཡུན་རིང་དུ་སྦྱངས་པས་རྟགས་འབྱུང་ཞིང་། ཅི་སྙེ་མ་བྱུང་ན་ཡར་འཕོ་བའི་དམིགས་པ་དང་བསྟུན་དྲག་རླུང་བཙན་ཐབས་ཀྱི་སྦྱོར་བ་བྱས་པས་འཕྲལ་དུ་རྟགས་འོང་། ཧ་ཅང་དྲགས་ཏེ་ཐལ་གྱིས་དོགས་པའམ། སྟོད་མཚང་དང་། མགོ་ལ་ཟུག་གཟེར་དྲག་པོ་འཕྲལ་དུ་སྐྱེ་བ་བྱུང་ན། དབུ་མའི་ནང་ནས་གསེར་གྱི་རྡོ་རྗེ་ལྗིད་དང་ལྡན་པ་ཞིག་ཐུར་དུ་སོང་། བཤང་སྒོ་ནས་ཐོན། ས་འོག་ཐག་རིང་པོར་ཤུགས་དང་བཅས་ཏེ་སོང་ནས། དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ་གསེར་གྱི་འཁོར་ལོ་ཆེན་པོ་གཅིག་གི་ལྟེ་བར་ཐམས་ཀྱིས་ཟུག་པར་བསམ། དེ་ཡང་ཡང་བསྒོམས་པས་སེལ། འབེབས་སོགས་སྤྱི་དང་འདྲ། དེ་ཡན་ཆད་འཕོ་བ་སྦྱང་
༢༢༠ བའི་གདམས་ངག་ཡིན། ལས་ལ་སྦྱར་བའི་སྐབས་ནི་ཡར་འཕོ་བ་འབའ་ཞིག་ལས་མར་འབེབས་པ་མི་བྱེད། དྲག་རླུང་བཙན་ཐབས་ཀྱི་སྦྱོར་བའང་སྐབས་སུ་བབ་ན་བྱའོ། །འདིའི་གདམ་ངག་གི་ཡི་གེ་འགའ་ཞིག་ལས་ཨ་ཧུཾ་ལ་ཐིམ། ཧུཾ་ཧཾ་ལ་ཐིམ། དེ་ཐིག་ལེ་ཁྲ་བོར་གྱུར་བ་འདར་ཁྲིལ་ལི་ལི་འདུག །ཡང་རླུང་ལྟེ་བར་མནན་པས་ཡིག་འབྲུ་རྣམས་སྔར་ལུགས་བཞིན་འཁོད། དེ་ནས་འོག་རླུང་འཐེན། སྟེང་རླུང་འབུད་པས་ཧི་ཀྲ་དང་བཅས་པའམ། མེད་ཀྱང་རུང་སྟེ། ཡིག་འབྲུ་རྣམས་མས་རིམ་གྱིས་ཐིམ། དེ་ཐིག་ལེ་ཁྲ་བོར་གྱུར། སྤྱི་གཙུག་ནས་བླ་མའི་ཐུགས་ཁར་འཕོ་ཞེས་བཤད་དེ། དམིགས་པ་འདི་ངོས་རྣམ་པ་གསལ་བ་ཙམ་སྣང་ངོ་། །དེ་ལྟར་ན་འཕོ་བའི་གདམས་ངག་སྟེ། དམིགས་བསྐོར་ང་གཅིག་པའོ། །བཞི་པ་ནི། ཅི་སྟེ་འཆི་བ་འོད་གསལ་ངོ་འཕྲོད་ཀྱང་། གོམས་ཤུགས་ཆུང་ཞིང་སྒོམ་ཡུན་ཐུངས་པས་མ་གྲོལ་ན། བར་དོའ་སྣང་བ་འཆར་བར་འགྱུར་བས། དེར་ལམ་བསྒོམས་ན་གྲོལ་བར་འགྱུར་རོ། །དེ་ཡང་ད་ལྟ་ནས་འདུན་པས་མཚམས་སྦྱོར་དགོས་ཏེ། ནམ་ཞིག་བར་དོའ་སྣང་བ་ཤར་བའི་སྐབས་སུ་ཐ་མལ་གྱི་ཞེན་པ་དང་འགྲོགས་ན་འཁོར་བ་འཁྱམས་པས། གནས་སྐབས་དེར་ཡང་འདི་ལྟར་སྒོམ་སྙམ་དུ་མཚམས་སྦྱར་ནས། ཡན་ལག་དྲུག་པོ་གང་ཡང་རུང་བ་བདག་ཉིད་གང་ལ་གཙོ་བོར་བྱེད་པ་དེ་བསྒོམ། །བར་དོར་འདི་ལྟར་བསྒོམ་སྙམ་པའི་འདུན་པ་ཡང་ཡང་བཏང་། རེས་འགའ་ནི། འདི་ཐམས་ཅད་བར་དོ་ཡིན་པར་འདུག །སྐབས་འདིར་མ་འཁྲུལ་བར་བྱ་དགོས་སྙམ་པའི་འདུན་པ་རྒྱུན་ཆགས་སུ་བསྟེན་ཅིང་།
༢༢༡ ཆགས་སྡང་ལ་སོགས་པའི་བློ་སྤངས་ནས་རྡོ་རྗེའི་རྣལ་འབྱོར་ཉིད་བསྒོམ། རེས་འགའ་ན་བར་དོའ་མཚན་ཉིད་ལུས་ལ་གྲིབ་མ་མེད་པ་དང་། ཉེ་དུ་ལ་སོགས་པས་ངོ་མི་ཤེས་པ་དང་། ཡ་ང་བའི་གཡང་ས་གསུམ་འཇིགས་པའི་སྒྲ་བཞིའམ་ལྔ། མ་ངེས་པའི་རྣམ་འགྱུར་རྣམ་པ་དྲུག །འགྲོ་བའི་ལམ་བཞི་ལ་སོགས་པ། བར་དོའ་ལུས་དང་སྣང་བའི་མཚན་ཉིད་འདི་དང་འདི་ལྟ་བུ་དག་ཡིན་ན། ད་ལྟ་དེ་ལྟ་བུ་རེ་རེ་ནས་ཡོད་དམ་མེད། །ཚང་ངམ་མ་ཚང་ཞེས་བརྟག་ཅིང་། །འཁོར་བའི་ཉེས་དམིགས་དྲན་པ་དང་། བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་ཆགས་སྡང་སྤངས་ཏེ། །རྡོ་རྗེའི་རྣལ་འབྱོར་ཉིད་སྒོམ་མོ། །ཁྱད་པར་ཐུན་མཚམས་འགྲོ་ཆགས་ཉལ་འདུག །ཟས་སྤྱོད་ལམ། གཏམ་སྨྲ་བརྗོད། དགྲ་གཉེན་གྱིས་འབྲེལ་པ་སོགས། སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་འཆར་བའི་སྐབས་སུ། ཡང་ཡང་དྲན་པས་ཟིན་པར་བྱས་ཏེ། འདི་རྣམས་སྒོམ་པ་གལ་ཆེ། དེ་ལྟར་ཉིན་མོ་སད་དུས་སུ་བསྒོམས་པས། རྨི་ལམ་དུའང་ཕལ་ཆེར་འཆར་ཀྱིན་འདུག་ན། བར་དོར་ལམ་བསྒོམས་པས་གྲོལ་བར་ཐེ་ཚོམ་མེད་དོ། །དམིགས་བསྐོར་ང་གཉིས་པའོ། །ལྔ་པ་ནི། མུན་ཁང་གསུམ་ལ་རིམ་གྱིས་བསླབ། བདེ་སྡུག་རྐྱེན་རྣམས་ཀུན་ལ་བསྲེ། །ཤུགས་ཆད་ལ་སོགས་རང་སར་བསྐྱོང་། །ལོངས་སྤྱོད་སྤྱོད་ལམ་ཀུན་ལ་བསླབ། །ཅེས་པ་ལྟར་ཏེ། དེ་ཡང་། དང་པོར་མུན་ཁང་དངོས་སུ་རྟགས་སྣང་རྟག་ཏུ་འོང་ཞིང་བརྟན་པོར་སོང་ན། མུན་ཁང་འབྲིང་པོ་ཞེས་བྱ་བ། གོས་ཀྱིས་མགོ་གཏུམས་ཏེ་ལུས་གནད་སྔར་དང་འདྲ་
༢༢༢ བའི་སྟེང་ནས་བསླབ། ཐོག་མར་རྟགས་སྣང་རྣམས་མུན་ཁང་ལས་ཅུང་མི་གསལ་ཙམ་འབྱུང་། ཅུང་ཟད་གོམས་ནས་མུན་ཁང་དང་ཁྱད་མེད་པར་འཆར། །དེ་ནས་ལུས་གནད་གཞན་རྣམས་སྤྱི་དང་འདྲ་བར་བཅས། མིག་བཙུམ་སྟེ། མིག་འབྲས་གྱེན་ལ་བཟློག་པས་ནང་དུ་ལྟ་སྟངས་ཀྱི་གནད་མ་འཁྲུལ་བར་ཡོང་། དེ་ལྟར་བསྒོམས་པས་ཐོག་མར་རྟགས་སྣང་ཉུང་བ་ཙམ་འབྱུང་ཞིང་། གསལ་མི་གསལ་ལ་སྔར་དང་ཁྱད་མི་འདུག་ན། དེ་ཁ་བསྒོམ་པས་ཞག་འགའ་ཞིག་ནས་རྟགས་སྣང་ཤིན་ཏུ་མང་བ་འབྱུང་། ཡང་སྔར་ལས་སྟོང་གཟུགས་མི་གསལ་དུ་སོང་སྙམ་བྱེད་ན། ད་དུང་མུན་ཁང་ཆུང་ངུ་སྒོམ་མ་རན་པ་ཡིན་པས། རེ་ཞིག་སྔ་མ་རྣམས་ལ་དམིགས་པ་དྲག་པོར་གཏད་དེ་བསྒོམ། སླར་ཡང་མུན་ཁང་ཆུང་ངུར་བསྒོམས་པས་སྔར་བཞིན་གསལ་བར་འོང་ངོ་། གཞན་ཡང་མིག་ལ་དགབ་པའི་མུན་ཁུང་ཆུང་ངའིངུའི་ཁྱད་པར་གཞན་འགའ་ཞིག་བྱེད་པའི་ལུགས་ཀྱང་ཡོད་ལ། དེ་ལྟར་མུན་ཁང་ཆེ་འབྲིང་ཆུང་གསུམ་ལ་གོམས་ནས། དང་པོར་སྣང་བ་ཅུང་ཟད་དང་བཅས་པའི་ཁང་པར་བསླབ། དེ་ནས་སྣང་བ་ཆེས་གསལ་བའི་ཕྱོགས་སུའང་བསླབ། དེ་ནས་ཐུན་གྱི་སྐབས་ལྟ་སྟངས་ཀྱི་གནད་མ་འཆུག་པར་བྱ་ཞིང་། ཐུན་མཚམས་སུ་ལྟ་སྟངས་གྱེན་ཐུར་ཐད་ཀ་གཡས་གཡོན་ལ་སོགས་པ་མ་ངེས་པ་དང་། དེ་བཞིན་དུ་མིག་གདངས་པ་དང་བཙུམ་པ་དང་། ཟིམ་མེར་ལྟ་བ་སོགས་ལྟ་ལུགས་ཀྱང་མ་ངེས་པ་ལ་བསླབས་པས། རིམ་གྱིས་ཐམས་ཅད་དུ་སྟོང་གཟུགས་ཀྱི་གསལ་སྣང་འབྱུང་བར་འགྱུར་རོ། །ཡང་བདེ་སྡུག་མཐོ་དམན་ཐམས་ཅད་ལ་བསྲེ་དགོས་ཏེ། དེ་ཡང་དང་པོར་ཚེར་མ་ཟུག་པའམ། སྣ་རྡོ་ཐུག་པའམ།
༢༢༣ རླུང་དང་ཉི་མ་དང་ཁ་ཆར་ལ་སོགས་པའི་ཚ་གྲང་ཕྲ་མོ་ཙམ་རང་ཤུགས་སུ་བྱུང་བའམ། ཆེད་ཀྱིས་ཀྱང་དེ་དག་གི་གནས་སུ་སོང་ན། ཚ་གྲང་གི་རེག་བྱ་ཅུང་ཟད་མྱོང་བ་དེ་ལ་ཆེ་རེ་བལྟས་ཏེ་མི་གཡོ་བ་གསུམ་ལྡན་གྱི་ངང་བསྐྱངས། ཐོག་མ་སེམས་འཇོག་སྟབས་མི་བདེ་བ་ཙམ་འབྱུང་ནའང་། ཅུང་ཟད་གོམས་ནས་ཚ་གྲང་དུ་སྣང་བདེ་གསལ་ཆར་སོང་། སེམས་གཏད་པས་དེ་ཉིད་ངོས་བཟུང་དང་བྲལ་ཏེ། ལུས་ཀྱི་རེག་བྱ་མྱོང་ཚུལ་དུ་མི་བདེ་ཡང་། དེ་ཁའི་སྟེང་དུ་སེམས་འཇོག་སྟབས་ཤིན་ཏུ་བདེ་བ་ཞིག་འབྱུང་། ད་དུང་དེའི་རང་ངོ་ལ་བལྟས་ཏེ་བསྒོམས་པས་ཚ་གྲང་དུ་སྣང་བ་དེ་སྣང་ལ་ངོས་བཟུང་མེད་པར་ཉམས་སུ་མྱོང་བར་འགྱུར། དེ་བཞིན་དུ། བཀྲེས་སྐོམ་དང་ངལ་དུབ་ལ་སོགས་པ་ལ་ཡང་སྦྱར་བས་མཐར་ན་ཚ་སྡུག་བསྔལ་ཆེན་པོ་ཐོག་ཏུ་བབ་ཀྱང་ལམ་དུ་ལོངས་པ་ཞིག་འོང་། དེ་བཞིན་དུ། གཏམ་མི་སྙན་པ་རང་གི་ཡིད་ལ་མི་འཐད་པའི་ཚིག་དག་ཐོས་པས། སེམས་མི་བདེ་ཀར་གྱིས་བྱུང་བའི་དུས་ཀྱང་། མི་བདེ་བ་དང་ཚིག་སྤྱི་དེ་ལ་ཆེར་གྱིས་བལྟས་ཏེ། བཙལ་ན་ངོས་བཟུང་མེད་པ་དེ་ངོས་ཟིན་པར་བྱས་ནས་མི་གཡོ་གསུམ་ལྡན་བསྐྱང་ངོ་། །དེ་བཞིན་དུ། ཡིད་སྐྱོ་བ་དང་། དགའ་བ་དང་། འཇིག་པ་དང་། སྤྲོ་བ་དང་། ཁེངས་པ་དང་། ཆགས་པ་དང་། སྡང་པབ་དང་། སེར་སྣ་དང་། ཕྲག་དོག་སོགས་གང་བྱུང་ཐམས་ཅད་ལ་དེ་བཞིན་བསྐྱང་པས་རང་སངས་སུ་འགྲོ་བ་ཡིན་ནོ། །གཞན་ཡང་། ལམ་དུ་ཕྱིན་པའི་ངལ་དུབ་དང་། ཁུར་ཆེན་པོ་འཁུར་བ་དང་། བཟླས་པ་དང་། མདོ་འདོན་དང་། གསུང་སྒྲོག་སོགས་འཇུར་པོ་བྱས་པ་དང་།
༢༢༤ བརྩིས་དང་། མནོ་བསམ་དང་། ལྟ་རྟོག་འཇུར་པོ་སོགས་རྗེས་སུའང་སྔར་གྱི་ལུས་ངག་ཡིད་གསུམ་གྱི་བྱ་རྩོལ་དྲག་པོ་དེས་རྣམ་རྟོག་གི་ཤུགས་ཆངའཆང་ཡོད་པས་དེ་དུས་རིག་པ་ལྟ་ཤེས་ཙམ་བྱས་ནས། ཡིད་མི་གཡོ་བར་བཞག་པ་ཉིད་ཀྱིས་རིག་པ་གསལ་སྟོང་མཐའ་དབུས་མེད་པར་འཆར་རོ། །གཞན་ཡང་གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་དུ་འོང་བ་དང་ཕྲད་པའི་ཚེ་དགའ་ལྷང་སྟེ་ཡོང་བ་དང་། གཟུགས་སོགས་མི་སྡུག་པ་གནོད་པ་ཅན་དང་ཕྲད་པའི་ཚེ། ཟུར་རྔུར་ལྷང་སྟེ་བྱང་བ་ཀུན་ལའང་གང་བྱུང་དེ་ལ་སེམས་གཏད་དེ། སྔར་བཞིན་མི་གཡོ་གསུམ་ལྡན་བསྐྱང་། །གཞན་ཡང་མདོ་འདོན་སྔགས་བཟླས་ཕྱག་དང་བསྐོར་བ་སྙིང་རྗེ་ངེས་འབྱུང་སོགས། ལུས་ངག་ཡིད་གསུམ་གྱི་དགེ་བ་རྣམས་དང་། འགྲོ་འཆག་ཉལ་འདུག་སྤྱོད་ལམ་ཀུན་ཏུ། འཕྲལ་འཕྲལ་འདུན་པས་སླེབསླེབས་པར་བྱས་ཏེ། གང་ཤར་དེ་ལ་བཟོ་མེད་དུ་བསྐྱངས་པས་རང་གྲོལ་དུ་འགྱུར་བའི་གནད་ཟིན་པར་བྱའོ། །འདི་དག་ཤིན་ཏུ་གལ་ཆེ་ཡང་། དམིགས་ཐུན་གྲངས་ངེས་སུ་བཅད་པ་མེད་པས་ཅི་བདེ་བར་བྱའོ། །དམིགས་བསྐོར་ང་གསུམ་ལ་སོགས་པའོ། །གཉིས་པ་ས་ལམ་འབྲས་བུ་དང་བཅས་པའི་རྣམ་གཞག་ནི། དེ་ལྟར་སྔོན་འགྲོས་རྒྱུད་སྦྱངས། སོར་སྡུད་ཀྱིས་དབུ་མའི་ལམ་ཅུང་ཟད་དག །སེམས་གནས་པ་ལ་རང་དབང་ཐོབ་པའི། །རྣམ་རྟོག་གི་བར་ཆོད་མི་འབྱུང་ཞིང་། འོད་གསལ་རྟགས་བཅུ་ཐོག་མར་བསྒྲུབས། བསམ་གཏན་གྱིས་དབུ་མའི་ལམ་ཤིན་ཏུ་སྦྱངས་ཤིང་། རང་སེམས། སྟོང་གཟུགས། ལས་སྣང་དང་བཅས་པ་ཐམས་ཅད་རང་བཞིན་
༢༢༥ དབྱེར་མེད་སྤྲོས་བྲལ་དུ་ཤེས། རྟགས་བཅུ་བརྟན་ཅིང་སྔར་བས་ཀྱང་ཆེས་ཁྱད་པར་དུ་སོང་། བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་གང་ཟག་གིས་ཡན་ལག་འདི་ཉིད་མཐར་ཕྱིན་ན། སྦྱོར་ལམ་དྲོད་ཀྱི་དང་པོ་ལ་སླེབས་པ་ཡིན་ལ། བསྐྱེད་རིམ་མ་བརྟན་པར་འདི་རྣམས་བསྒོམས་ནས་མཐར་ཕྱིན་པ་ཡིན་ན། སྔགས་ཀྱི་ཚོགས་ལམ་ཆེན་པོ་ཙམ་ཡིན་ནོ། །དེ་ནས་སྲོག་རྩོལ་གྱི་ཡན་ལག་གིས་རླུང་བཅུ་དབུ་མར་ཐིམ་པས། གཟུང་འཛིན་ཐ་དད་པར་འཛིན་པའི་རྣམ་རྟོག་མངོན་འགྱུར་བ་འགག་ཅིང་། ཕྱི་ནང་གི་འབྱུང་བ་ལ་ཅི་རིགས་པར་དབང་ཐོབ་པའི་རྫུ་འཕྲུལ་དང་མངོན་ཤེས་སོགས་ནུས་པའང་ཅུང་ཟད་རྙེད་པ་དང་། གཏུམ་མོ་ཅུང་ཟད་འབར་བས་བདེ་སྟོང་གི་ཉམས་གསལ་པོར་ཤར་བ་ཡིན་ཏེ། སྔར་བསྐྱེད་རིམ་བརྟན་རུང་མ་བརྟན་རུང་། དྲོད་ཆུང་འབྲིང་མན་ཆད་ཡན་ལག་འདིས་ཐོབ་པར་འགྱུར་རོ། །འཛིན་པའི་ཡན་ལག་གིས་རླུང་མཐའ་དག་དབུ་མའི་ཐིག་ལེ་རྣམས་ལ་ཐིམ་པས་གཏུམ་མོ་རང་འབར་རྒྱུན་མི་འཆད་ཅིང་། ནུས་པ་དང་ཡོན་ཏན་སྔར་བས་བཅུ་འགྱུར་ནས་བརྒྱ་འགྱུར་གྱི་བར་དུ་འཕེལ། དྲོད་ཆེན་པོའ་ཡེ་ཤེས་རྒྱུད་ལ་སྐྱེས་ནས་རྩེ་མོ་ལ་མཚམས་སྦྱོར་བས་འགྱུར། རྗེས་དྲན་གྱིས་ཡེ་ཤེས་ཀྱི་སྐུ་ཆུང་ངུ་ཐོབ་ཅིང་། གཏུམ་མོ་འབར་བ་ལྷག་པར་སྟོབས་སུ་གྱུར་པས་ཞུ་བདེ་འཛག་མེད་ཀྱི་དགའ་བཞི་རྫོགས་པར་འདྲེན། ཉོན་མོངས་རགས་པ་མངོན་འགྱུར་བ་སྤོང་། རྩེ་མོ་མཐར་ཕྱིན་པའི་བར་དུའོ། །ཏིང་ངེ་འཛིན་ནི་བཟོད་པ་དང་། ཆོས་མཆོག་སྟེ། ལས་རླུང་འགགས་ཤིང་ཐིག་ལེ་ལ་བརྟན་པ་སོགས་འཁོར་བའི་ལུས་ངག་ཡིད་གསུམ་དངོས་སུ་སྤོང་བར་བྱེད་པའི་ལམ་སྟེ། གསང་
༢༢༦ གནས་ཀྱི་འཁོར་ལོའ་ཕྱེད་མི་འགྱུར་བའི་བྱང་སེམས་ཀྱིས་གང་བས་ས་དང་པོའོ། །ཕྱེད་ཕྱི་མ་གང་བས་ས་གཉིས་པ། ཞེས་སོགས་འཁོར་ལོ་གཞན་ལྔ་ལའང་སྦྱར་བས། གཙུག་ཏོར་གྱི་ཕྱེད་ཕྱི་མ་གང་སྟེ། གཙུག་ཏོར་ཡང་ཧྲིལ་གྱིས་བརྟན་པས་ས་བཅུ་གཉིས་པའོ། །དེའི་སྐད་ཅིག་གཉིས་པར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་ཅེས་བྱ་སྟེ། དེ་ཡང་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པའི་སྐད་ཅིག་མ་ཐ་མ་དེར་ཡང་དག་པ་འཕགས་པའི་མཐོང་ལམ་རྒྱུད་ལ་སྐྱེས་ནས། འཁོར་བའི་ལུས་ངག་ཡིད་དང་ཆགས་རྟོག་རྣམས་སྤངས་ཟིན། དེའི་རྗེས་ཀྱི་སྐད་ཅིག་ལ་གཉིས་སུ་མེད་པ་སྟེ། ཟུང་འཇུག་གི་རང་བཞིན་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད། དེ་ནས་ཀུན་ཏུ་འོད་ལ་སོགས་པའི་ས་བཅུ་གཉིས་ཐོབ། གནས་ལ་སོགས་པའམ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་གཉིས་སམ་བཅུ་ཅིག་རིམ་གྱིས་བགྲོད་པར་འགྱུར་ཏེ། མཐར་གྱིས་འབྲས་བུ་རྫོགས་པའི་སངས་རྒྱས་སྐུ་བཞིའི་བདག་ཉིད་ཅན། བདེན་དོན་རྣམ་པ་བཅུ་གཉིས་དང་། དེ་ཉིད་རྣམ་པ་བཅུ་དྲུག་ཟུང་དུ་འཇུག་པའི་ངོ་བོ། །ཡོན་ཏན་དང་། ཡེ་ཤེས་རྒྱ་མཚོ་ཟད་མི་ཤེས་པ། ཕྲིན་ལས་ནམ་མཁའ་དང་མཉམ་པའི་བདག་ཉིད་ཅན་རྒྱུན་མི་འཆད་པ་ཐོབ་པར་འགྱུར་ཏེ། སྐལ་པ་དང་ལྡན་ཞིང་བརྩོན་འགྲུས་ཅན་གྱིས་མ་ནོར་བའི་ལམ་མཆོག་འདི་ལ་འབད་ན་ཚེ་འདི་ཉིད་ཀྱིས་ཁྱབ་བདག་རྡོ་རྗེ་སེམས་དཔའ་དུས་ཀྱི་འཁོར་ལོའ་གོ་འཕང་མངོན་དུ་འགྱུར་བར་བྱེད་པ་ཉིད་དོ། །འདི་དག་རྒྱས་པར་གཞན་དུ་བཤད་པར་བྱའོ། །གསུམ་པ་རྣལ་འབྱོར་མི་ཉམས་ཤིང་འཕེལ་བར་བྱེད་པའི་ཡན་ལག་ནི། ལམ་གྱི་གེགས་སེལ་བོགས་འདོན་དང་
༢༢༧ རྣལ་འབྱོར་གྱི་རྒྱན་མི་ཉམས་ཤིང་བསྲུང་བ་གཉིས་སོ། །དང་པོ་ནི། གཞན་དུ་ཤེས་པར་བྱ་ལ། གཉིས་པ་ལ། བཀའ་རྒྱ་བཞི་ཡི་རྒྱས་བཏབ་པའི་ཡན་ལག །བར་ཆད་སྤང་བའི་ཡན་ལག །དམ་ཚིག་བསྲུང་བའི་ཡན་ལག །སྤྱོད་པ་སྐྱོང་བའི་ཡན་ལག་སྟེ་བཞི་ལས། དང་པོ་ནི། སྣོད་མིན་ལ་གསང་བར་གདམས་པ་སྟེ། བཀའ་རྒྱས་གདབ་བར་བྱ་བ་བཞི་ནི། སྔོན་འགྲོའི་གདམས་ངག །དངོས་གཞིའི་གདམས་ངག །རང་གི་ཉམས་མྱོང་། བླ་མས་ཇི་ལྟར་ངོ་སྤྲོད་པ་སྟེ་བཞི་འམ། གདམས་ངག་ཇི་ལྟར་ཕོག་པ། ཉམས་མྱོང་ཇི་ལྟར་སྐྱེས་པ། ངོ་བོ་ཇི་ལྟར་སྤྲོད་པ། གེགས་སེལ་བོགས་འདོན་ཇི་ལྟར་བྱེད་པ་སྟེ་བཞི་ཡིན་ཞེས་ཀྱང་ཁ་ཅིག་འཆད་དེ། དོན་གཅིག་ཏུ་འབབ་པའི་ཕྱིར་གཉིས་ཀའང་མི་འགལ་ལོ། །སྐབས་འདིར་བཀའ་རྒྱས་གདབ་པར་བྱའོ། །གཉིས་པ་ལ། །ལམ་བཟང་འཕྲོག་པའི་ཆོམ་རྐུན་སྤང་བ། ལམ་བཟང་འདོད་པའི་རྒྱུ་གཡོ་ཅན་གྱི་སྟོན་པ་སྤང་བ་ལམ་བཟང་ལ་བར་དུ་གཅོད་པའི་བདུད་ངོ་ཤེས་པར་བྱ་བ། ལམ་ཟབ་མོ་བསྲུང་ཞིང་སྦེད་པར་གདམས་པ་སྟེ་བཞི་ལས། དང་པོ་ནི། དྲི་མེད་འོད་ལས། ལམ་བཟང་རིན་ཆེན་འདི་ནི་བག་མེད་པའི། །སེམས་ཅན་གཞན་པ་རྣམས་ལ་བྱིན་པ་ན། །རང་ཁྱིམ་དགོན་པ་དག་ཏུ་རབ་བཞགས་ཏེ། །ཡུལ་ངན་ཆོམ་ཀུན་རྣམས་ཀྱིས་འཕྲོག་པར་བྱེད། །ཐེ་ཚོམ་འགྱོད་པ་དག་དང་ཉིད་དང་ནི། །ལེ་ལོ་རྒོད་པའི་ཆོམ་རྐུན་རྣམས་ཀྱིས་ཀྱང་། །གཉེན་འདུན་ཐིབ་བའི་ནང་དུ་ར་བཞུགས་ཏེ། རིན་པོ་ཆེ་ནི་རྟག་ཏུ་འཕྲོག་པར་བྱེད། །ཤིན་ཏུ་བཟའ་དང་བཏུང་བ་སྣ་ཚོགས་དང་། །
༢༢༨ ལོངས་སྤྱོད་དུ་མའི་ཆོམ་རྐུན་རྣམས་ཀྱིས་ཀྱང་། །བརྩོན་འགྲུས་ལྡན་དུ་ཟིན་ཀྱང་བག་མེད་ཅིང་། །བརྒྱལ་བར་གྱུར་པ་ཉིད་ལ་འཕྲོག་པར་བྱེད། །ཅེས་གསུངས་ཏེ། རང་ཡུལ་དང་རང་ཁྱིམ་ལ་ཞེན་པ་དང་། དགྲ་གཉེན་གྱི་ཆགས་སྡང་དང་། གཉིད་སོགས་སྒྲིབ་པ་ལྔའི་དབང་དུ་གཏོང་བ་དང་། ལོངས་སྤྱོད་སྣ་ཚོགས་ཀྱིས་གཡེངས་བ་དང་། ཡུལ་ལྔ་ལ་སྲེད་པའི་ཁོང་སྐན་ཅན་རྣམས་ལ། ཏིང་ངེ་འཛིན་བཟང་པོ་དང་པོར་མི་སྐྱེ་ཞིང་། ལན་གཅིག་སྐྱེས་ཀྱང་ཉམས་པར་འགྱུར་བས་དེ་དག་གི་དབང་དུ་མི་གཏོང་། གཉིས་པ་ནི། །རང་ཉིད་ཡོངས་སུ་རྟོག་པ་པོ་མིན་ཕྱིར། །རིན་ཐང་ཆེན་པོར་འགྱུར་རམ་ཤེས་ཆེན་པ། །གཡོ་ཅན་གཞན་ལ་སྟོན་ཏེ་མི་འགྱུར་ཞེས། །དེ་ཡི་ཚིག་གིས་རིན་ཆེན་འདོར་བར་བྱེད། །གང་དག་རིན་ཆེན་བཟང་པོ་རིག་པ་རྣམས། །རིན་ཆེན་ཆེན་པོ་ཡོངས་སུ་རྟོག་ཏུ་གཞུག །དེ་དག་རྣམས་ཀྱིས་རྣམ་དག་ཚིག་གི་བཞི། །རང་གི་ཡིད་ཕྲེན་རྣམ་པར་ཤེས་པར་བྱ། །ཞེས་གསུངས་ཏེ། ལམ་འདི་ཉིད་ཀྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེས་པའི་རྣལ་འབྱོར་པ་མ་གཏོགས། གཞན་ལ་རང་གི་ཉམས་རྟོགས་རྣམས་ཤིན་ཏུ་གསང་ཞིང་དགོས་གཅོད་མི་འདྲི་བའོ། །གསུམ་པ་ནི། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །ཕ་དང་མ་དང་བུ་མོ་སྲིན་མོ་དང་། །བུ་དང་སྤུན་ཟླ་འདོད་པའི་ཆུང་མ་ཡི། །གཟུགས་རྣམས་ཀྱིས་ནི་བདུད་རྣམས་གེགས་བྱེད་དོ། །ཅེས་ཏེ། བར་ཆད་ངོ་ཤེས་ནས་དེའི་དབང་དུ་མི་བཏོང་བའོ། །བཞི་པ་ནི། །དེ་ཕྱིར་བླ་མ་དམ་པས་གནང་བ་ཡི། །ལམ་བཟང་རིན་པོ་ཆེ་ནི་སློབ་མ་ཡིས། །ཆོམ་རྐུན་རྩ་ལག་ཡོངས་སུ་སྤངས་བྱས་ཏེ། །འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། །ཞེས་གསུངས་སོ། །གསུམ་པ་དམ་ཚིག་དང་སྡོམ་པའི་ཡན་
༢༢༩

ལག་ནི། རྩ་བའི་ལྟུང་བ་བཅུ་བཞི་བསྲུང་ཞིང་། རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ལ་གནས་པ་དང་། བཟའ་བའི་དམ་ཚིག་གསང་སྟེ་བསྟེན་པ་དང་། ལམ་བསྐྱེད་རྫོགས་གཉིས་སྒོམ་ཞིང་། ཉམས་མྱོང་གི་མི་མཐུན་ཕྱོགས་རྣམས་སྤངས། མཐུན་རྐྱེན་རྣམས་བསྒྲུབ་པ་སྟེ། དམ་ཚིག་གི་རྣམ་བཞག་རྒྱས་བསྡུས་ཅི་རིགས་པར་བཤད་དོ། །བཞི་པ་སྤྱོད་པ་བསྐྱོང་བའི་ཡན་ལག་ནི། མི་དགེ་བ་བཅུ་སྤངས། །དགེ་བ་བཅུ་ལ་གནས། ཆོས་ལ་དད་པ་བརྟན་པོས་ལས་འབྲས་ལ་བླང་དོར་ཕྱིན་ཅི་མ་ལོག་པར་སྤྱོད་ཅིང་། རང་གིས་ཇི་ལྟར་བླངས་པའི་བསླབ་པ་རྣམས་ལ་ནན་ཏན་སྙིང་པོར་བསྒྲུབ། གང་ཟག་ལ་དད་པས་སངས་རྒྱས་བྱང་སེམས་སོགས་འཕགས་པ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ལ་མོས་གུས་ཀྱི་སྒོ་ནས་སྐྱབས་སུ་འགྲོ། གསུང་བཞིན་བསྒྲུབ། སྐྱོན་ལ་མི་རྟོག །ཡོན་ཏན་བསམ། སྐྱབས་ཡུལ་ལོག་པ་ལ་ཡིད་མི་བརྟོན། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ཆོས་ཀྱི་ཕན་ཡོན་བསམ་པ་སོགས་ཐེག་པ་ཐམས་ཅད་ཀྱི་ཐུན་མོང་གི་སྤྱོད་པ་ལེགས་པར་བསྐྱངས། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་ལ་བརྟན་ནས། ཕར་ཕྱིན་དྲུག་དང་། བསྡུ་བའི་དངོས་པོ་བཞི་ལ་སོགས་པ་ལ་རང་བསླབ་ཅིང་། གཞན་ཡང་སློབ་ཏུ་འཇུག །སྤྲོས་བྲལ་སྟོང་པ་ཉིད་ཀྱི་ལྟ་བ་དང་། བདག་པས་གཞན་ཅེས་ཀྱི་སྤྱོད་པ་ཁྱད་པར་ཅན་ལ་སློབ་པ་ཐེག་ཆེན་ཐམས་ཅད་ཀྱི་སྤྱོད་པ་རྣམས་ཀྱང་སྐྱོང་། གཞན་ཡང་གོང་དུ་བཤད་པའི་དམ་ཚིག་རྣམས་དང་། རྫོགས་རིམ་ངེས་དོན་གྱི་སྤྱོད་པ་ལས་བརྩམས་ཏེ་དམ་ཚིག་གི་གཞིའི་སྤྱོད་པ། རིགས་དྲུག་གི་སྤྱོད་པ། ཕར་ཕྱིན་

༢༣༠ བཅུའི་སྤྱོད་པ་ལ་སོགས་པ་གསུངས་ཏེ། མདོར་ན་ངེས་དོན་གྱི་སྤྱོད་པ་རྣམས་སྟན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་ཅིང་དྲང་དོན་གྱི་སྤྱོད་པ་རྣམས་ཀྱང་སེམས་ཅན་གྱི་དོན་དུ་སྦྱོར་བ་ལ་སོགས་པ་ཐབས་ལ་མཁས་པས་བསྒྲུབ་པར་བྱའོ། །འདི་དག་ཐམས་ཅད་རྒྱས་པ་ནི་བླ་མ་གོང་མ་རྣམས་ཀྱི་ཁྲིད་ཡིག་ཏུ་བལྟ་བར་བྱའོ། །འདིར་སྨྲས་པ། དུས་གསུམ་རྒྱལ་བའི་བགྲོད་གཅིག་ལམ་ནི་རྣལ་འབྱོར་ཡན་ལག་དྲུག་པ་སྟེ། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྙིང་པོ་རྡོ་རྗེ་འཛིན་པ་ཀུན་གྱི་གསང་། ཟབ་ཅིང་རྒྱ་ཆེ་རྟོགས་པར་དཀའ་བས་བདག་ལྟའི་སྤྱོད་ཡུལ་མ་ཡིན་མོད། སྐལ་མཉམ་གཞན་ལ་ཕན་པར་འགྱུར་སྙམ་གནས་འདིར་རྩོལ་ལའང་ཉེས་པ་ཅི། དེ་ལྟར་བླ་མ་དམ་པའི་མན་ངག་དང་། །སྔོན་བྱོན་གྲུབ་པའི་རིང་ལུགས་ལས་བརྩམས་ནས། །རྡོ་རྗེའི་རྣལ་འབྱོར་ངེས་དོན་ཉམས་ལེན་ཚུལ། །ས་བཅུའི་དབང་ཕྱུག་རྣམས་ཀྱི་གསུང་བཞིན་བཤད། །ཟབ་དོན་ཡིད་བཞིན་ནོར་བུའི་ཕུང་པོ་དང་། །མཁས་གྲུབ་གོང་མའི་ཐུགས་མཚོར་སྦས་པ་ལས། །ཆ་ཙམ་མངོན་དུ་ཕྱུང་ནས་འདིར་སྦྲེལ་གྱི། །དེ་ཡི་དགེ་བ་འགྲོ་བའི་དོན་དུ་བསྔོ། །སྲིད་པའི་གནས་འདིར་ཁྱབ་བདག་རྡོ་རྗེ་སེམས། །བརྟན་གཡོ་ཀུན་གྱི་མགོན་དུ་བཞུགས་པ་ཡང་། །གཟུང་འཛིན་དྲི་མའི་དཔུང་ཚོགས་ཀུན་བཅོམ་སྟེ། །རང་གནས་རྟག་བདེའི་རྒྱལ་སྲིད་སྤྱོད་པར་ཤོག །ཅེས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་འཁྲིད་ཡིག་མཐོང་བ་དོན་ལྡན་ཅེས་བྱ་བ་འདི་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཇོ་ནང་པ་ཡབ་སྲས་ཀྱི་ཕྱག་ལེན་ཇི་ལྟ་བ་སྟེ། གྲུབ་ཐོབ་བརྒྱུད་པ་གོང་མ་རྣམས་ཀྱི་ཡི་གེ་སོ་སོའ་གནད་ཀྱང་ཚང་བར་བྱས་ཤིང་། ཚིག་ལམ་མཛེས་ཁྲིགས་སྤངས་ཏེ། ཐ་མལ་བའི་སྐད་ཀྱིས་ཤིན་ཏུ་གོ་བདེ་བར་བརྗོད་པ་ཡིན་ལ། དེ་ཡང་གོང་
༢༣༡ མ་རྣམས་ཀྱི་འཁྲིད་ཡིག་སོ་སོ་དག །དོན་བཟང་ལ་ཚིག་ལེགས་པས། མཁས་པའི་འཇུག་ངོགས་བླ་ན་མེད་པ་ཡིན་ཀྱང་། མན་ངག་ཕྱག་གཞེསབཞེས་མང་པོ་ཞིག་གབ་པར་མཛད་ཅིང་ཚིག་དོན་རྒྱ་ཆེ་བས་ཕལ་ཆེར་གྱིས་རྟོགས་པར་དཀའ་བས་ན། ལམ་ཟབ་མོ་ལ་མི་འཇུག་པ་དག་མཐོང་བས། ཆོས་རྗེ་ཀུན་སྤང་ཆེན་པོ་དང་། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་ལ་སོགས་པའི་འཁྲིད་ཡི་གེ་གིཡི་ཞབས་ཏོག་ཏུ་དམིགས་ནས་སྨྲས་པའོ། །དེ་ཡང་སྔ་ཕྱིར་དོན་གཉེར་དུ་མས་ཀྱང་བསྐུལ་བ་དང་། ཁྱད་པར་མདོ་སྨད་བང་བོན་པོ་ཡོན་ཏན་ལྷུན་གྲུབ་ལ་སོགས་པས་འཕྲལ་དུ་བསྐུལ་བ་དང་། གཞན་དུ་མ་ལ་ཡང་ཕན་པར་མཐོང་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་བཞི་བཅུ་པ་ལ་ནགས་རྒྱལ་གྱི་དབེན་གནས་དཔལ་ཇོ་མོ་ནང་དུ་སྦྱར་བའོ།། །།དགེའོ། །


Notes


Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.