Tibetan:དམ་ཆོས་དགོངས་པ་གཅིག་པའི་ཁོག་དབུབ་སྙིང་པོར་དྲིལ་བ་

From gDams Ngag mDzod
Revision as of 15:52, 19 February 2019 by Jeremi (talk | contribs) (Text replacement - "<onlyinclude>{{TibetanContent| " to "<onlyinclude>{{TibetanContent|content= ")
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Upload a file
DOWNLOAD ABOVE:
Click the picture above to view the original manuscript.
དམ་ཆོས་དགོངས་པ་གཅིག་པའི་ཁོག་དབུབ་སྙིང་པོར་དྲིལ་བ་
dam chos dgongs pa gcig pa'i khog dbub snying por dril ba
Damngak Dzö Volume 9 (ཏ་) / Pages 409-429 / Folios 1a1 to 11a6

Tibetan Text

༤༠༩ དམ་ཆོས་དགོངས་པ་གཅིག་པའི་ཁོག་དབུབ་སྙིང་པོར་དྲིལ་བ་བཞུགས་སོ།། །།
༤༡༠ ན་མོ་རཏྣ་གུ་རུ་བཻ། དམ་ཆོས་དགོངས་པ་གཅིག་པའི་གཞུང་རྡོ་རྗེའི་ཚིག་བརྒྱ་དང་ལྔ་བཅུར་བསྡུས་པ་འདི་ཇི་ལྟར་འཆད་པའི་ཚུལ་ལ། རྩིས་མགོའི་ཡན་ལག་ལྔས་བཤད་པར་བྱ་སྟེ། རྟེན་གྱི་གང་ཟག་གང་གིས་མཛད་པ་དང་། ཕྱོགས་གར་གཏོགས་པ་དང་། མཚན་ཅི་ལ་གསོལ་བ་དང་། དགོས་ཆེད་གང་གི་དོན་ལ་མཛད་པ་དང་། དབུ་ཞབས་སུ་དོན་རྣམ་པ་དུས་བསྟན་པ་དང་ལྔ་ལས། དང་པོ་རྟེན་གྱི་གང་ཟག་ནི། རྗེ་འགྲོ་བའི་མགོན་པོ་འབྲི་ཁུང་གླིང་པ་བསྟན་བཅོས་རྩོམ་པ་པོའི་ཆོས་རྣམ་པ་ལྔ་དང་ལྡན་པ་དེས་མཛད་དེ། ལྷ་དང་བླ་མ་ལས་གནང་བ་ཐོབ་པ་གཉིས་སུ་མེད་པའི་དོན་རྟོགས་པ། གསུང་རབ་ཐམས་ཅད་ལ་རང་དབང་ཐོབ་པ། སེམས་ཅན་རྣམས་ལ་ཚད་མེད་པའི་སྙིང་རྗེ་དང་ལྡན་པ། བརྒྱུད་པ་གོང་མའི་གདམས་ངག་དང་ལྡན་པ། དེ་ལྔ་དང་ལྡན་པས་བསྟན་བཅོས་རྩོམ་པའི་སྤོབས་པའམ་ནུས་པ་ཡོད་པ་ཡིན་ནོ།། །།གཉིས་པ་ཕྱོགས་གར་གཏོགས་ན། སྡེ་སྣོད་རིན་པོ་ཆེ་གསུམ་གར་གཏོགས།། །།གསུམ་པ་མཚན་ཅི་ལ་གསོལ་ན།
༤༡༡ བརྗོད་བྱ་ལ་མཚན་དུ་གསོལ་ཏེ། ཁྱད་པར་དུ་འཕགས་པའི་ཆོས་ཞེས་བྱ་བའམ། དགོངས་པ་གཅིག་པ་ཞེས་བྱའོ། །བཞི་པ་དགོས་ཆེད་གང་གི་དོན་དུ་མཛད་ན། སྤྱིར་བླ་མའི་ཐུགས་དགོངས་རྫོགས་པ། སངས་རྒྱས་ཀྱི་བསྟན་པ་རྒྱས་པ། སེམས་ཅན་རྣམས་བླ་ན་མེད་པའི་བྱ་བ་ནུབ་ཐོབ་པར་བྱ་བའི་ཆེད་དུ་མཛད་པ་དང་། ཁྱད་པར་དུ་འཇིག་རྟེན་མགོན་པོའི་ཆོས་མཛོད་དང་ཞིང་རྒྱས་པར་བྱ་བའི་ཆེད་དུ་མཛད་དོ་ལྔ་པ་དབུ་ཞབས་སུ་དོན་དུས་བསྟན་ན། དོན་རྣམ་པ་གསུམ་གྱིས་བསྟན་ཏེ། དང་པོ་འཆད་པ་ཀླད་ཀྱི་དོན་དང་། བར་དུ་འཆད་པ་གཞུང་གི་དོན་དང་། ཐ་མར་འཆད་པ་འཇུག་གི་དོན་དང་གསུམ་ལོ། །དང་པོ་ལ་གཉིས་ཏེ། མཆོད་པར་བརྗོད་པ་དང་། འབྲི་བར་དམ་བཅའ་བ་སྟེ། དང་པོ་ནི། དྲི་མེད་འོད་གསལ་སོགས་དང་། གཉིས་པ་ནི། རྒྱལ་བ་མཆོག་གི་ཞེས་སོགས་ཀྱིས་བསྟན་ཏེ་ཚིག་གི་དོན་ནི་གོ་སླའོ།། །།གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། མདོར་བསྟན་ཏེ་ལུས་རྣམ་པར་བཞག་པས་ཁོག་ཕུབ་པ་གདུགས་སྤྱི་ལྟ་བུའི་
༤༡༢ ཚུལ་དུ་བསྟན་པ་དང་གཅིག །བྱེ་བྲག་སོ་སོར་ཕྱེ་ནས་ཡན་ལག་རྒྱས་པར་བཤད་པ་གདུགས་རྩིབས་ཀྱི་ཚུལ་དུ་བསྟན་པ་དང་གཉིས། དོན་བསྡུས་པའི་ཆིངས་གནད་ཀྱི་གདམས་ངག་ཉམས་ལེན་འབྲས་བུ་དང་བཅས་པ་ཤམ་བུའི་ཚུལ་དུ་བསྟན་པ་དང་གསུམ་མོ། །དང་པོ་ལ་བརྒྱད་དེ། དབྱེ་བསྡུ་ལྷན་ཐབས་ཀྱི་འདེབས་ཚུལ། ཡིན་མིན་གྲུབ་མཐའི་འགལ་སྤོང་། ཚོམས་བདུན་གོ་རིམ་གྱི་རྣམ་དབྱེ། ཆོས་ལྔར་ཐམས་ཅད་འདུས་ཚུལ། དགོངས་པ་གཅིག་ཚུལ་གྱི་སྒྲ་བཤད་ཀྱི་ཚིག །གཞི་ལམ་འབྲས་བུའི་སྦྱོར་སོ། །དེ་དག་གི་སྤྱིའི་དོན་བསྡུས། ཆོས་བདག་གང་ཟག་གི་རྣམ་ཐར་དང་བརྒྱད་ལས། དང་པོ་ནི། སྤྱིར་ཁྱད་ཆོས་རྣམས་བསྡམས་པས། རྡོ་རྗེའི་གསུང་ཉིས་བརྒྱ་ལྷག་གཅིག་མཆིས་པ་ལས། གཞུང་སྔ་མ་བརྒྱ་དང་ལྔ་བཅུར་གྲངས་ངེས་པ་ལ་གཞུང་གཞན་རྣམས་ནས་ལྔ་བཅུ་ལྷག་གཅིག་ལྷན་ཐབས་ཀྱི་ཚུལ་དུ་ནང་དུ་བཏབ་ནས་བཤད་དགོས་པས་དེ་ལ་ཚོམས་སུ་བྱས་ན་རྣམ་གྲངས་བདུན་ཡོད་པ་ལས། ད་རེས་ཆོས་ཀྱི་འཁོར་ལོ་སྤྱིའི་གནད་བསྡུས་སྔོན་ལ་སྨོས་པའི་སྐབས་ཡིན་པས་འདིར་རྡོ་རྗེའི་གསུང་བརྒྱ་ལྔ་བཅུ། རྩ་བའི་ཚིག་སུམ་ཅུ་སོ་བཞིའི་ཁོངས་སུ་རྡོ་རྗེའི་གསུང་ལྔ་བཅུ་ལྷག་གཅིག་ལྷན་ཐབས་ཁོངས་སུ་བསྡུས་པ་ལ་ཚིག་གཉིས་གཉིས་དང་གསུམ་གསུམ་གཅིག་ཏུ་བསྡོམས་པ་རྣམས་དམིགས་བསལ་ནི། དང་པོ་ཆོས་ཀྱི་འཁོར་ལོ་སྤྱིའི་གནད་བསྡུས་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་གཤིས་སམ་བབས་ཀྱི་གནས་ལུགས་བསྟན་བྱ་བ་འདིར་ནི། དམ་པའི་ཆོས་དགོངས་པ་གཅིག་པ་འདིའི་དོན་མཐའ་དག་ཕྱོགས་གཅིག་ཏུ་རྡོ་རྗེའི་གསུང་གཅིག་གིས་བསྡོམས་པ་ཡིན་པས། ཆོས་འདིའི་ཁོག་ཕུབ་ལུས་རྣམ་པར་གཞག་པ་ཡིན་ཏེ། འོན་ཀྱང་འདིར་དབྱེ་གཞི་དབྱེ་བའི་
༤༡༣ ཡ་གྱལ་དུ་བགྲང་བ་ཡིན་པ་དང་། གཉིས་པ་ཚིག་དེ་ཉིད་ཀྱི་ཡང་ངོ་སྐལ་གྱི་མཚོན་པ་ཟུར་དུ་བཤད་པ་ཞིག་ཡོད་པས། ཚིག་དེའི་ཁོངས་སུ། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བསྟན་པ་གཅིག་བྱ་བ་དང་། ཐེག་པ་དང་གྲུབ་མཐའ་སངས་རྒྱས་ཀྱི་རྟེན་འབྲེལ་བྱ་བའི་ཚིག་འདི་གཉིས་མར་བསྡུས་ནས་རྩ་ཚིག་གཅིག་ཏུ་དབྱེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་པའི་གཉེན་པོར་བཞག་བྱ་བ་འདི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་སངས་རྒྱས་སྒྲུབ་པའི་ཐབས་སུ་གཅིག །ཅེས་པ་འདིའི་ཁོངས་སུ་བསྡུས་པས་རྩ་ཚིག་གཅིག་གོ། །གསུང་རབ་ཡན་ལག་བཅུ་གཉིས་རེ་རེ་བཞིན་ཀུན་ཅི་རིགས་སུ་ཚང་བྱ་བ་དང་། སྡེ་སྣོད་གསུམ་རེ་རེ་བཞིན་དུ་སྡེ་སྣོད་གསུམ་གར་འདུས་བྱ་བ་འདི་གཉིས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལམ་སྐྱེ་བའི་རིམ་པ་བྱ་བ་འདིའི་ཁོངས་སུ་མར་བསྡུས་པས་རྩ་ཚིག་གཅིག །ཆོས་ཀྱི་འཁོར་ལོ་གསུམ་འཁོར་གྱི་རྟོག་པའི་ཁྱད་པར་བསྟན་པ་ཡིན་བྱ་བ་འདིའི་ཁོངས་སུ། འཁོར་འདས་ཐམས་ཅད་ཕུན་སུམ་ཚོགས་པ་ལྔས་བསྡུས། བྱ་བ་འདི་ཡར་བསྡུས་པས་རྩ་བའི་ཚིག་གཅིག །ཐུན་མོང་གི་མདོ་དང་སེམས་ཙམ་སྟོན་པའི་བཀའ་ནི་མངོན་པའི་སྡེ་སྣོད་བྱ་བ་ནི། སེམས་ཙམ་སྟོན་པའི་བཀའ་ཉིད་དབུ་མ་བསྟོན་བྱ་བ་འདིའི་ཁོངས་སུ་མར་བསྡུས་པས་རྩ་བའི་ཚིག་གཅིག །བོན་དང་མུ་སྟེགས་ཀྱི་སྒོར་ཞུགས་པས་བདེན་པ་མཐོང་བའི་གནས་མེད་བྱ་བ་འདི་དང་། ཐར་པའི་ཆ་དང་མཐུན་པ་འགའ་ཞིག་ནི་ཡོད་པར་མི་འགལ་ཅེས་པ་འདི་གཉིས། མུ་སྟེགས་པ་ལ་ཡང་གཤིས་ཀྱི་དགེ་བའི་བསྒྲུབ་བྱ་མང་པོ་ཡོད་བྱ་བ་འདིའི་ཁོངས་སུ་མར་བསྡུས་པས་རྩ་ཚིག་གཅིག །སྡོམ་པ་བསྲུང་བ་དང་སྙིང་རྗེ་ཕྱི་རོལ་པ་ལ་ཡང་
༤༡༤ མང་པོ་ཡོད་བྱ་བ་འདི། ཕྱི་ནང་གི་ཁྱད་པར་སྐྱབས་སུ་འགྲོ་བ་བྱ་བ་འདིའི་ཁོངས་སུ་འདུས། སྔགས་མཚན་ཉིད་ཀྱི་ཁྱད་པར་དབང་བྱ་བ་འདིའི་ཁོངས་སུ་སྔགས་མཚན་ཉིད་གཉིས་ཆར་རྒྱུ་ལམ་འབྲས་བུ་ཐམས་ཅད་དུ་སངས་རྒྱས་གཅིག་པུའི་ལམ་བགྲོད་བྱ་བ་དང་རྒྱུ་མཚན་ཉིད་ཀྱི་ཐེག་པས་ཀྱང་ཚེ་གཅིག་གིས་སངས་རྒྱས་བྱ་བ་འདི་ཉིད་འདུ། སྔགས་མཚན་ཉིད་གང་ལ་གང་མེད་ཀྱང་རྫོགས་པའི་བྱང་ཆུབ་མི་འཐོབ་བྱ་བ་འདིའི་ཁོངས་སུ་ཆོས་དང་ཉམས་ལེན་གྱིས་འགྲོས་ཀྱིས་སངས་རྒྱས་གཅིག་བྱ་བ་འདི་འདུ། སྡོམ་གསུམ་སླང་བྱ་མི་དགེ་བ་བཅུ་སྤོང་བའི་སྡོམ་པར་གནད་གཅིག་བྱ་བ་འདིའི་ཁོངས་སུ་སྡོམ་པ་གསུམ་གོང་ནས་གོང་དུ་དོག་ཏུ་འགྲོ་བྱ་བ་འདི་འདུ། ཁམས་རང་བཞིན་གྱིས་རྣམ་དག་བྲལ་འབྲས་ཡོན་ཏན་དང་ལྡན་བྱ་བ་འདིའི་ཁོངས་སུ་བྱིན་རླབས་དང་ལྡན་པས་ཀུན་གཞི་དུས་གཞན་དུ་ཡང་མཐོང་བྱ་བ་འདི་འདུ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྒྱུ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡོད་བྱ་བ་འདིའི་ཁོངས་སུ། མཐར་ཐུག་སངས་རྒྱས་ཀྱི་ས་ཚུན་ཆད་ཚོགས་ལམ་གྱི་ངོ་བོས་བགྲོད་བྱ་བ་འདིའི་སྡུ། ཉན་རང་སངས་རྒྱས་ཀྱི་རྒྱུ་དང་ལྡན་པས་མཐར་བྱང་ཆུབ་ཆེན་པོར་འགྱུར་བྱ་བ་འདིའི་ཁོངས་སུ་ལོག་སྲེད་ཅན་ཡང་ཐུབ་པའི་དགོངས་པས་མཐར་བྱང་ཆུབ་ཏུ་འགྱུར་བ་དང་མི་འགལ་བྱ་བ་འདི་འདུས་ཏེ། བརྒྱ་ལྔ་བཅུ་མར་བཞེད་ཀྱང་བཀོད་པ་གསུམ་ཆར་དུ་སྤྱན་སྔ་ཉིད་ནས་ཚིག་འདི་གཉིས་བསྡོམས་ཏེ། ལོག་སྲེད་ཅན་དང་ཉན་རང་ཡང་མཐར་བྱང་ཆུབ་ཏུ་འགྱུར་བྱ་བ་གཅིག་ཡོད་པ་འདི་དང་འདི་གཉིས་བསྡོམས་པས་རྩ་ཚིག་གཅིག་བྱ།། ༈ །།ཀུན་ལ་ཕན་པ་རྟེན་འབྲེལ་གྱི་གནད་བསྡུས་ལ། རྟེན་འབྲེལ་སངས་རྒྱས་ཀྱི་རང་བཞིན་བྱ་བ་འདིའི་ཁོངས་སུ་
༤༡༥ ཐེག་པ་དང་གྲུབ་མཐའ་ཐམས་ཅད་སངས་རྒྱས་ཀྱི་རྟེན་འབྲེལ་བྱ་བ་འདི་འདུ། འཁོར་བ་ལ་ཐོག་མཐའ་མེད་དེ་སྤྲོས་བྲལ་མཐའ་བྲལ་བྱ་བ་འདིར་འཁོར་བ་ནི་ལུས་འཁོར་བ་ཡིན་བྱ་བ་འདིའི་ལུས་འཁོར་བ་ཡིན་བྱ་བ་འདིའི་ཁོངས་སུ་ཡར་བསྡུ།། ༈ །།འདུལ་བ་སོ་སོར་ཐར་པའི་གནད་བསྡུས་ལ། དམ་པའི་ཆོས་འདུལ་བ་ཐེག་པ་ཐུན་མོང་བྱ་བ་འདིའི་ཁོངས་སུ་ལྷག་པར་ཐེག་པ་ཆེན་པོར་བཞུགས་པར་གསལ་བྱ་བ་དང་། ཆོས་ཀུན་སོ་སོར་ཐར་པའི་སྡོམ་གསུམ་རེ་རེར་འདུ་བྱ་བ་འདི་གཉིས་བསྡུས་པས་རྩ་ཚིག་གཅིག །བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཅིག་བྱ་བ་འདིའི་ཁོངས་སུ་སྡེ་པ་བཞི་ཆར་གྱི་རྩ་བའི་ལུང་སྡེ་བཞི་འདི་ཉིད་ཁོ་ན་བྱ་བ་འདི་འདུ། འགྲོ་དྲུག་གང་གིས་བཅས་པ་བསྲུངས་ཀྱང་ཡོན་ཏན་འབྱུང་བྱ་བ་དང་། འགྲོ་དྲུག་གང་གིས་བཅས་པ་ལས་འདས་པས་ཉེས་དམིགས་འབྱུང་བྱ་བ་འདི་གཉིས་སྤྱན་སྔ་ཉིད་ཀྱི་གསུང་ལས་བཅས་པའི་ཡོན་ཏན་དང་ཉེས་དམིགས་གང་ལ་ཡང་འབྱུང་བྱ་བ་འདི་བསྡུས་པས་འདིར་ཡང་གཅིག་ཏུ་འདུས། སྤྱིར་བཀག་པ་ཐམས་ཅད་ཡེ་བཀག་གནང་བ་ཐམས་ཅད་ཡེ་གནང་བྱ་བ་འདིའི་ཁོངས་སུ་བསྒྲུབས་པར་མ་ནུས་པ་ལས་རྨི་ལམ་དུ་ཉམས་ཀྱང་ཉེས་པ་འབྱུང་བྱ་བ་འདི་འདུ། གཏོང་བའི་རྒྱུ་དེ་དག་གིས་མི་གཏོང་བ་ཡང་ཡོད་བྱ་བ་འདིའི་ཁོངས་སུ་ཕམ་པ་བཞི་བུ་ལོན་ནོར་ཅན་ལྟར་འགྱུར་བྱ་བ་འདི་འདུ། ༈ །བསླབ་པ་བྱང་ཆུབ་སེམས་ཀྱི་གནད་བསྡུས་ལ། ཅི་རིགས་ཀྱིས་ཀྱང་ཚུལ་ཁྲིམས་ཀྱི་སྒོམ་པར་འགྱུར་བྱ་བ་འདིའི་ཁོངས་སུ་དག་པའི་ས་ཐོབ་ནས་ངན་སོང་དུ་འགྲོ་བ་ཡོད་བྱ་བ་དང་། རྒྱུ་སྤྱད་ན་ས་བཅུ་པ་ཡང་ངན་འགྲོར་ལྟུང་བྱ་བ་འདི་གཉིས་བསྡུ། རང་གཞན་བརྗེས་པས་ཉེས་པར་འགྱུར་བའི་སྐབས་ཡོད་
༤༡༦ བྱ་བ་འདིའི་ཁོངས་སུ། ཉམས་ལེན་རྨད་དུ་བྱུང་བ་རྣལ་འབྱོར་ནང་གི་ཚོགས་སོག་བྱ་བ་དང་། གེགས་སེལ་ཁྱད་འཕགས་ལམ་གཏོགས་དམིགས་པ་བྱ་བ་འདི་གཉིས་བསྡུ། རྟོགས་པ་གཅིག་གིས་ས་ལམ་མ་ལུས་པ་བགྲོད་བྱ་བ་འདིའི་ཁོངས་སུ། ཏིང་ངེ་འཛིན་གྱིས་བསྡུས་ཚད་རྡོ་རྗེ་ལྟ་བུའི་ཏིང་འཛིན་དུ་གཅིག་བྱ་བ་འདི་བསྡུ། ལམ་ཐམས་ཅད་རིམ་གྱིས་འཇུག་སྟེ། མི་འགལ་བྱ་བ་འདིའི་ཁོངས་སུ་ལམ་གྱི་བགྲོད་པ་ཐམས་ཅད་ས་བཅུས་བགྲོད་བྱ་བ་འདི་བསྡུ།། ༈ །།གསང་སྔགས་རིག་འཛིན་སྡོམ་པའི་གནད་བསྡུས་ལ། སྔགས་ནི་བསྟན་པ་གཞན་ལ་ཡང་འབྱུང་བྱ་བ་འདིའི་ཁོངས་སུ་སྔགས་ནི་སྡེ་སྣོད་གསུམ་གའི་སྙིང་པོ་བྱ་བ་འདི་བསྡུ། དབང་གི་དོན་རྒྱུད་ལ་སྐྱེས་ན་ཐོབ་བྱ་བ་འདི་ཡི་ཁོངས་སུ། རྒྱུད་ལ་སྐྱེས་ཀྱང་བརྒྱུད་པའི་ཆོས་ཟབ་པས་ཆོ་ག་བྱ་དགོས་བྱ་བ་འདི་བསྡུ། ལྷ་ཕྱོགས་གཅིག་པས་ཀྱང་དབང་བསྐུར་དུ་བྱ་བ་འགྲོ་འདིའི་ཁོངས་སུ། ལྷ་གཅིག་གིས་ཀྱང་ཕྲིན་ལས་ཐམས་ཅད་འགྲུབ་བྱ་བ་འདི་དང་། ལྷ་ཐམས་ཅད་ཀྱི་མཚན་ཉིད་ལྷག་པའི་ལྷས་བཟུང་བྱ་བ་འདི་གཉིས་བསྡུ། དཔེ་དོན་རྟོགས་པ་མ་སྐྱེས་ན་དོན་ཁོང་དུ་མི་ཆུད་བྱ་བ་འདིའི་ཁོངས་སུ་དུས་བཞིར་རྩ་བའི་དམ་ཚིག་གནང་བའི་སྐབས་མེད་བྱ་བ་འདི་བསྡུ། བསྐྱེད་རིམ་ནི་ཡོངས་སུ་གྲུབ་པ་བྱ་བ་འདིའི་ཁོངས་སུ། དཀའ་ཐུབ་ལ་སོགས་པ་ནི་ཐ་མལ་གྱི་ལུས་སུ་བརྟགས་པས་སྨད་བྱ་བ་དང་། ལྷ་རྟེན་འབྲེལ་གྱི་ཚོགས་པ་ལས་གྲུབ་པར་ཤེས་དགོས་བྱ་བ་དང་། ལྷ་ལ་གཅིག་ཅར་དུ་འཇུག་པ་གནད་ཟབ་བྱ་བ་དང་། གསུམ་པོ་འདི་ཡར་བསྡུས་ནས་བཞི་ག་རྩ་ཚིག་གཅིག་ཏུ་བྱ། དབང་པོ་རབ་ལ་ཆོ་ག་རྒྱས་པ་ཐམས་ཅད་ལྷག་པར་དགོས་ཤིང་གལ་ཆེ་བྱ་བ་འདིའི་ཁོངས་སུ། དྲང་དོན་
༤༡༧ ངེས་དོན་མེད་པར་ཆོ་ག་ཐམས་ཅད་རྒྱས་པ་དགོས་བྱ་བ་དང་། གང་གིས་འདུལ་བ་གཙོ་བོར་གྱུར་པ་ལ་བསྡུ་བ་ཡང་བཞེད་བྱ་བ་དང་། སྲུང་བའི་འཁོར་ལོ་རྨད་དུ་བྱུང་བ་བྱང་ཆུབ་ཀྱི་གོ་ཆ་བྱ་བ་དང་གསུམ་པོ་འདི་བསྡུས་ནས་བཞི་ཆར་རྩ་ཚིག་གཅིག་ཏུ་བྱ། མི་ཟབ་པའི་གདམས་ངག་མེད་ན་ཟབ་པ་རྩ་རླུང་གིས་སངས་མི་རྒྱ་བྱ་བ་འདིའི་ཁོངས་སུ། རྩ་རླུང་གི་གནད་ལྷག་པར་འདུལ་བ་ཆེ་བྱ་བ་དང་། བྱིན་རླབས་དང་ལྡན་པས་ཀུན་གཞི་དུས་གཞན་དུ་ཡང་མཐོང་བྱ་བ་འདི་གཉིས་བསྡུས་ཏེ་རྩ་ཚིག་གཅིག །ཉོན་མོངས་པའི་བྲལ་འབྲས་བདེ་བར་གཤེགས་པའི་སྙིང་པོ་བྱ་བ་འདིའི་ཁོངས་སུ། སྙིགས་མ་དུག་བཅས་ཀྱི་རྩ་རླུང་ཐིག་ལེ་ཁྱད་པར་དུ་ཟབ་པ་བྱ་བ་འདི་བསྡུ། སྔགས་ལ་ཚུལ་ཁྲིམས་མེད་པའི་ཁ་ཐབས་མེད་བྱ་བ་འདིའི་ཁོངས་སུ། བསླབ་པ་གསུམ་གསང་སྔགས་རྡོ་རྗེ་ཐེག་པ་ལ་ཡང་ལམ་རིམ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཐེག་པ་གསུམ་ཆར་གྱི་ལམ་བྱ་བ་འདི་གཉིས་བསྡུ། རྡོ་རྗེ་སློབ་དཔོན་རྒྱུད་ཚོད་མཐོ་ན་དེ་ཉིད་ཀྱིས་འདྲེན་བྱ་བ་འདིའི་ཁོངས་སུ། དཔོན་སློབ་གཉིས་ཀ་ཕན་ཚུན་དུ་དམ་ཚིག་མཉམ་བྱ་བ་འདི་བསྡུ།། ༈ །ཁྱད་པར་དུ་ལྟ་སྒོམ་སྤྱོད་པའི་གནད་བསྡུས་ལ། ཕྱག་རྒྱ་ཆེན་པོ་ལ་དགེ་བའི་ངོ་བོས་མི་སྒྲིབ་བྱ་བ་འདི། ཕྱག་རྒྱ་ཆེན་པོ་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་བྱ་བ་འདིའི་ཁོངས་སུ་བསྡུ། རྒྱུ་མ་བསྒྲུབས་ན་ནི་ཐམས་ཅད་མི་འབྱུང་བྱ་བ་འདིའི་ཁོངས་སུ་བྲལ་འབྲས་ཐམས་ཅད་རྒྱུ་དང་བཅས་པ་བྱ་བ་འདི་བསྡུ། སྒོམ་བྱ་སྒོམ་བྱེད་གཉིས་མེད་ནམ་མཁའ་གཉིས་འདྲེས་ནི་ཉན་ཐོས་ཀྱི་མངོན་རྟོགས་བྱ་བ་འདི་སྟོང་ཉིད་རྒྱུ་འབྲས་སུ་འབྱུང་བྱ་བ་འདིའི་ཁོངས་སུ་བསྡུ། རྟོགས་ལྡན་ལ་ཐབས་ལམ་
༤༡༨ ལ་སོགས་པ་ལྷག་པར་གལ་ཆེ་བྱ་བ་འདིའི་ཁོངས་སུ། རླུང་མི་འཛིན་པ་ལྷུག་པར་འཇོག་པ་གདམས་ངག་ཟབ་བྱ་བ་དང་། མཆོག་གི་འཕོ་བ་རྣམ་ཤེས་བླ་མའི་འོད་གསལ་བྱ་བ་འདི་གཉིས་བསྡུ།། ༈ །།འབྲས་བུ་སངས་རྒྱས་པའི་གནད་བསྡུས་ལ། སངས་རྒྱས་ཀྱིས་ན་ཐུགས་བསྐྱེད་ཡོད་བྱ་བ་འདིའི་ཁོངས་སུ། སངས་རྒྱས་བྱང་ཆུབ་སེམས་ཀྱི་རང་གཟུགས་ཡིན་བྱ་བ་འདི་བསྡུ། དེ་ལྟར་ན་རྩ་བའི་ཚིག་སུམ་ཅུ་རྩ་བཞིའི་ཁོངས་སུ། རྡོ་རྗེའི་གསུང་ལྔ་བཅུ་ལྷན་ཐབས་སུ་བཏབ་པས། ཚིག་དེ་དག་གིས་སྟོན་པའི་དོན་མ་ཚང་བ་མེད་པར་བྱས་པ་ཞིག་འབྱུང་བས། འཇིག་རྟེན་མགོན་པོའ་གྲུབ་མཐའ་ཆེན་མོ་ཐམས་ཅད་འདིའི་ཁོངས་སུ་འདུས་སོ། །གཉིས་པ་བྱེ་བྲག་གི་བཞེད་པ་མཐའ་ཡས་པ་ལ། ཕལ་ཆེར་གཅིག་ནི་རྡོ་རྗེའི་གསུང་འདི་རྣམས་རྒྱས་པར་བཤད་པ་དེའི་ཞོལ་ལ་སྒྲོག་རང་བརྡལ་དུ་འགྲོ་བ་མང་བས། དེ་ལྟར་ན་ཆོས་འདིའི་ནང་དུ་ནི་འཇིག་རྟེན་མགོན་པོའི་ཆོས་སྤྱི་དང་བྱེ་བྲག་གི་བཞེད་པ་ཐམས་ཅད་འདུས་པ་ཡིན་བྱས་ཀྱང་མི་འགལ་ཏེ། ཞལ་སྔ་ནས། ཨེ་མ་མཚུངས་མེད་དཔལ་ལྡན་འགྲོ་མགོན་གྱི། །དམ་ཆོས་ཟབ་ཅིང་རྒྱ་ཆེ་བླ་མེད་པའི། །དགོངས་པ་རྒྱ་མཚོ་ཆེ་ལྟར་ཡངས་པ་ལས། །ཅུང་ཟད་ཕྱོགས་སུ་བསྡུས་པ་བརྒྱད་ཁྲི་སྟེ། །ཞེས་གསུངས་ཏེ། བྱེ་བྲག་ཏུ་ཕྱེ་ན་བཞེད་པ་མཐའ་ཡས་པར་འགྲོ་བ་ཡིན་ནོ། །གཉིས་པ་ཡིན་མིན་གྲུབ་མཐའི་འགལ་སྤོང་ནི། དེ་ལྟར་འདིར་འཇིག་རྟེན་མགོན་པོའི་གྲུབ་མཐའ་ཐམས་ཅད་འདུས་པ་ཡིན་བྱས་ཀྱང་མི་འགལ་ཞེས་སྨྲས་ཙམ་ན། འགའ་ཞིག་སྙམ་ན་ཉམས་ལེན་བྱ་རྒྱུ་མེད་པར་རེ་ཞིག་ངག་ཏུ་ཚིག་ཙམ་གྱི་སྨྲས་རྒྱུའི་འདོད་ལུགས་ཀྱིས། གྲུབ་མཐའི་རྣམ་བཞག་རྐྱང་བ་ཞིག་ཡིན་ནམ་སྙམ་ནས། །ཁྱེད་ཀྱི་གྲུབ་མཐའ་དེ་ཟེར་འང་བར་འདུག་སྟེ། འོན་ཀྱང་འདི་གྲུབ་མཐའ་ཡིན་པའི་ལུགས་དང་མ་ཡིན་པའི་ལུགས་གཉིས་ཡིན། ཡིན་པ་ལྟར་ན་ཇི་ལྟ་བའམ་གྲུབ་མཐའ་ཞེས་པ་དོན་གཅིག་སྟེ། ཚིག་ཏུ་བརྗོད་མ་བརྗོད་ཀྱི་ཁྱད་པར་ལས་མེད་དོ། །སློབ་དཔོན་
༤༡༩ འཕགས་པའི་ཞལ་ནས། གང་ཚེ་ང་ལ་ཁས་ལེན་མེད། དེ་ཚེ་སྐྱོན་དང་བྲལ་བ་ཡིན། གསུང་། འོན་ཀྱང་མ་བརྗོད་ཀྱང་། རྒྱལ་བའི་སྲས་པོ་ཅང་མི་གསུང་། །མི་གསུང་བ་དེ་རྒྱ་ཆེར་བཤད། །ཅེས་པའི་ཚུལ་ལྟ་བུར་འགྲོ་བ་དང་། རྗེ་ཉིད་ཀྱི་ཞལ་ནས་དགེ་བ་གཤིས་ཀྱི་དགེ་བ་སྟེ། དགེ་བ་དཀར་པོ་དགེ་བའི་མཚན་ཉིད་འཛིན་པའི་དགེ་བ་མི་དགེ་བར་མི་འགྱུར། མི་དགེ་བ་གཤིས་ཀྱི་མི་དགེ་བ་སྟེ། མི་དགེ་བ་ནག་པོས་མི་དགེ་བའི་མཚན་ཉིད་འཛིན་པའི་མི་དགེ་བ་དགེ་བར་མི་འགྱུར་བྱ་བ་འདི་ངའི་གྲུབ་མཐའ་ཆེན་མོ་ཡིན་གསུང་བ་དང་། ངའི་བུས་གྲུབ་མཐའི་བརྟགས་པས་རྗེས་སུ་འབྲང་བའི་སློབ་མ་རྣམས་ཆོས་འཛིན་བདེ་བ་ཡིན་བྱ་བ་དང་། ཉམས་སུ་མྱོང་བས་འདི་ལ་ངེས་ཤེས་སྐྱེས། རྗེས་སུ་འབྲངས་པ་གྲུབ་པའི་མཐའ་འདི་འཛིན་བྱ་བ་དང་། འདི་ནི་འདི་ལྟར་བཞེད་དོ་བྱ་བ་དང་། འདི་རྣམས་ནི་གྲུབ་མཐའ་ཆེན་མོར་གྲགས་པ་ཡིན་ཏེ་བྱ་བ་ལ་སོགས་པ་རྣམས་ཀྱི་ངོས་ནས་འདི་གྲུབ་མཐའ་བྱས་ཀྱང་འགལ་བ་མེད། གྲུབ་མཐའ་མ་ཡིན་པ་ལྟར་ན། འདི་ན་མཁས་པ་ཆེན་པོར་འདོད་པ་རྣམས་རང་གི་རྒྱུད་ལོགས་སུ་བཞག་ཆོས་ལོགས་ཤིག་ཏུ་བཞག་སྟེ། རྒྱུད་དང་ཆོས་མ་འདྲེས་པར་སོ་སོ་ཐ་དད་བྱས་ཏེ། །བཤད་པའི་དུས་ན་ཕ་གི་ན་ཟེར་ནས། །ཆོས་ཐག་རིང་ཞིག་ཏུ་ཡོད་པར་བསྒྲུབས་ཏེ། །ཐོག་ཏུ་མི་འབབ་པའི་རྣམ་བཞག་ཅིག་གིས་བཤད་པ་མང་པོ་བྱེད་དེ། རང་རྒྱུད་ཀྱི་སྟེང་དུ་སྦྱར་ནས་ཆོས་ཉམས་ལེན་དུ་མི་བཤད་པར། རྩིས་མཁན་བཞིན་དུ་ཁ་ཕྱི་རོལ་དུ་བལྟས་ནས། །ཕྱི་རོལ་ཏུ་ཆོས་ཐམས་ཅད་བསྔོ་བགྲང་བྱེད་པ་དེ། །དུས་གསུམ་གྱི་རྒྱལ་བའི་དགོངས་པ་མ་ཡིན་ཏེ། །འཇིག་རྟེན་མགོན་པོས་གྲུབ་མཐའ་བློ་ཡི་མདུད་པ་ལ། །སངས་རྒྱས་དགོངས་པར་འཁྲུལ་བ་རྣམས། །དེ་ཉིད་རྟོགས་པར་གྱུར་ནས་ཀྱང་། །དྲན་འཛིན་རང་སར་དག་མཛོད་གསོལ། །ཞེས་པ་དང་། ལྟ་བ་ཐམས་ཅད་གཟུང་འཛིན་གཉིས་མེད་ངེས། །གཟུང་དང་འཛིན་
༤༢༠ པ་གཏི་མུག་མ་རག་པ། །ཞེས་པ་དང་། ཕྲ་བདུན་མ་ལས། བདག་འཛིན་མ་སྤངས་པའི་བཟང་པོ་མི་བཏུབ། དེ་བས་ན་ཡོད་མེད་སྤྲོས་པ་ཐམས་ཅད་ཀྱི། །མཐའ་དང་བྲལ་བའི་འཛིན་པ་ཡང་། །གྲུབ་མཐའི་རྟོགས་པ་བློ་ཡི་ཡུལ། །བློ་ཡིས་བྱས་ཀྱང་སྟོང་པ་མིན། །ཅེས་པ་དང་། གྲུབ་མཐའ་འཛིན་པ་ཐམས་ཅད་རང་རྒྱུད་ཡིན། །ཅེས་པ་དང་། བདེན་པ་ནི་གྲུབ་པའི་མཐའ་ཇི་སྙེད་པ་ཐམས་ཅད་ཀྱིས་བསྒྲིབས་པ་ཡིན་བྱ་བ་ལ་སོགས་པ་རྣམས་ཀྱི་ངོས་ནས་འདི་གྲུབ་མཐའ་མ་ཡིན་ཏེ། སྙིང་པོར་གྱུར་པ་ཉམས་ལེན་གྱི་ཆོས་སུ་གདམས་པ་ཡིན་པས་སོ། །འོ་ན་ད་ལྟར་གོང་དུ་གྲུབ་མཐའ་བྱས་ཀྱང་འགལ་བ་མེད་བྱ་བས་གྲུབ་མཐར་ཁས་བླངས་པ་དེ་དག་ཇི་ལྟར་ཡིན་ཞེ་ན། འཇིག་རྟེན་མགོན་པོའི་དགོངས་པ་ཇི་ལྟ་བ་དེ་ལོན་ནས་རེ་ཞིག་མིང་གྲུབ་མཐར་བཏགས་པ་ལ་འཇིགས་རྒྱུ་མེད་དེ། ཞལ་སྔ་ནས། ཕ་དྲིན་ཆེན་གྱི་དགོངས་པ་ལེན་ལགས་ན། །རྨོངས་པའི་ཚིག་ལ་འཇིགས་རྒྱུ་མེད། །ཅེས་གསུངས་པ་དང་འདྲ་བས། འདིའི་དོན་གོ་ཞིང་ཁོང་དུ་ཆུད་ན་གྲུབ་མཐའ་ཡིན་མིན་གང་ལྟར་བྱས་ཀྱང་འགལ་བ་མེད་པ་ཡིན་ནོ། །གསུམ་པ་ཚོམས་བདུན་གོ་རིམ་རྣམ་དབྱེ་ནི། །སྤྱི་ཁྱད་ཆོས་དེ་རྣམས་སྔོན་ནས་མཛད། །གོ་རིམ་རྗེས་སུ་བསྒྲིགས་པ་ཡིན་པས། གོ་རིམ་ཇི་ལྟར་བཤད་ཀྱང་འགལ་བ་མེད་མོད། འོན་ཀྱང་འདིར་ད་ལྟའི་འཆད་ཚུལ་གྱི་གོ་རིམ་ལྟར་ན། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱོན་ནས་ལེགས་པར་གསུངས་པ་དམ་པའི་ཆོས་རིན་པོ་ཆེའི་འཁོར་ལོ་བསྐོར། དེ་ལྟར་བསྐོར་བའི་ཆོས་ཀྱི་འཁོར་ལོ་དེ་ཅི་འདྲ་བ་ཞིག་ཡིན་ན་ཚུལ་འདི་ལྟ་བུ་ཞིག་ཡིན་ནོ། །ཞེས་ཐོག་མར་ཆོས་ཀྱི་འཁོར་ལོའི་ཚོམས་དེ་བཤད། ཆོས་ཀྱི་འཁོར་ལོའི་དོན་དེ་ཐམས་ཅད་བསྡུས་ན་རྟེན་འབྲེལ་ཡིན་པས། རྩ་ཤེས་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པ། །ཆོས་འགའ་ཡོད་པ་མ་ཡིན་པས། །ཞེས་པ་དང་། བཤེས་སྤྲིང་ལས། རྟེན་ཅིང་འབྲེལ་པར་འབྱུང་འདི་
༤༢༡ རྒྱལ་བ་ཡི། གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །ཞེས་པས་ཆོས་ཐམས་ཅད་ཀྱི་སྙིང་པོ་སྟེ་མཆོག་དམ་པར་གྱུར་པ་རྟེན་འབྲེལ་ཡིན་ཅེས་པས་ཀུན་ལ་ཕན་པའི་རྟེན་འབྲེལ་གྱི་ཚོམས་དེ་བཤད། རྟེན་འབྲེལ་དེ་ཐམས་ཅད་ཀྱི་དོན་ཉམས་ལེན་དུ་དྲིལ་ན་སྡོམ་པ་རིན་པོ་ཆེ་གསུམ་ཡིན། དེ་གསུམ་ཡང་རྟེན་དང་བརྟེན་པའི་གནད་ཀྱི་ཚུལ་དུ་མས་ཡར་རིམ་གྱིས་འབྱུང་། གསུམ་པོ་དེ་ཚུལ་ཇི་ལྟར་ཉམས་སུ་ལེན་ན་ལྟ་སྒོམ་སྤྱོད་གསུམ་རྣམ་པར་དག་པའི་ཚུལ་གྱིས་ཉམས་སུ་ལན། ཉམས་སུ་བླངས་པས་འབྲས་བུ་ཅི་ལྟ་བུ་ཞིག་ཐོབ་ན། འབྲས་བུ་མཐར་ཐུག་སངས་རྒྱས་འདི་ལྟ་བུ་ཞིག་ཐོབ་པ་ཡིན་ཅེས་མཐར་ཐུག་སངས་རྒྱས་ཀྱི་ཚོམས་དེ་བཤད་པ་ཡིན་ནོ། །བཞི་པ་ཆོས་ལྔར་འདུས་ཚུལ་ནི། དེ་ལྟར་རྩ་བའི་ཚིག་གཉིས་བརྒྱ་ཐམ་པ་ལ་བརྟེན་ནས་ཇི་སྙེད་པ་ཞིག་བཤད་པ་དེ་དག་གིས་དམ་པའི་ཆོས་ལྔ་ལྡན་གྱི་ལག་ལེན་སྐྱོན་སྤོང་བ་དང་། ཡོན་ཏན་སྒྲུབ་པ། གེགས་སེལ། བོགས་འདོན། གནད་དང་བཅས་པ་ཞིག་གིས་གཙང་སང་གིས་འབྲས་བུ་མཐར་ཐུག་པ་སངས་རྒྱས་ཀྱི་སར་འདོན་པའི་ཐབས། གྲྭ་མཆག །ཟུར་མ་ཉམས། ལྷད་མ་ཞུགས། ནོར་བ་དང་འཁྲུལ་པ་མེད་པ། གྲུ་བཞི། ལོགས་བརྒྱད། རྩེ་མོ་དཔལ་དང་དགུར་ལྡན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་བོར་རྒྱུ་རྡུལ་ཙམ་ཡང་མེད་པ་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པར་བྱེད་པའི་ཐབས་ཆེན་པོ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་སངས་རྒྱས་སྒྲུབ་པར་བྱེད་པའི་ཐབས་སུ་གཅིག་བྱ་བ་དེའི་དོན་བསྟན་པ་ཡིན་ཏེ། ཞལ་སྔ་ནས། བཀའ་དང་བསྟན་བཅོས་ཐམས་ཅད་དུ། འདི་ལས་མ་བཤད་རྣལ་འབྱོར་པ། །ཞེས་པས་ཚོམས་བདུན་པོ་འདི་ཐམས་ཅད་ཀྱིས་ལྔ་ལྡན་གཅིག་བསྟན་པ་ཡིན། ཚུལ་ཇི་ལྟར་བསྟན་ན། བསླབ་པ་བྱང་ཆུབ་སེམས་ཀྱི་གནད་བསྡུས་དེས་བྱང་ཆུབ་ཀྱི་སེམས་བསྟན། གསང་སྔགས་རིག་འཛིན་སྡོམ་པའི་ཚོམས་དེས་ཡི་དམ་གྱི་ལྷ་བསྟན། ཁྱད་པར་ལྟ་སྤྱོད་སྒོམ་པའི་ཚོམས་དེས་བླ་མའི་རྣལ་འབྱོར་
༤༢༢ བསྟན། ཆོས་ཀྱི་འཁོར་ལོ་སྤྱིའི་ཚོམས་དང་། ཀུན་ལ་ཕན་པ་རྟེན་འབྲེལ་གྱི་ཚོམས་དེས་ཕྱག་རྒྱ་ཆེན་པོ་བསྟན། འབྲས་བུ་མཐར་ཐུག་སངས་རྒྱས་ཀྱི་སའི་ཚོམས་དེས་བསྔོ་བ་བསྟན། འདུལ་བ་སོ་སོར་ཐར་པའི་ཚོམས་དེས་སྤྱིའི་དེ་རྣམས་ཐམས་ཅད་ཀྱི་གནད་དང་གེགས་སེལ་དང་བོགས་འདོན་བསྟན། ཁྱད་པར་དུ་བྱང་ཆུབ་སེམས་དང་ཡི་དམ་གྱི་ལྷ་གཉིས་ཀྱིས་གེགས་སེལ་དང་བོགས་འདོན་བསྟན། དེ་ལྟར་ན་བཀའ་དང་བསྟན་བཅོས་ཐམས་ཅད་ཀྱི་དོན་ཚོམས་བདུན་པོ་ལྔ་ལྡན་དུ་དྲིལ་བ། འདིའི་ནང་དུ་ཐུབ་པའི་གསུང་རབ་མ་ལུས་པ་ཐམས་ཅད་དང་། དེ་དག་གི་དགོངས་པ་འགྲེལ་པའི་བསྟན་བཅོས་མ་ལུས་པའི་དོན། ཉམས་ལེན་མངོན་རྟོགས་ཀྱི་རིམ་པར་བསྒྲིགས་པ་ཡིན་པས། དེ་རྣམས་ཐམས་ཅད་རང་གི་རྒྱུད་ཐོག་འདིར་དྲན་པས་དྲན་པར་བྱེད་ཤེས་བཞིན་གྱིས་ཤེས་པར་བྱེད། བག་ཡོད་ཀྱིས་སྤོང་ལེན་ཁྲིག་ཁྲིག་བྱས་ནས་ཉམས་ལེན་བྱེད་པ་ཡིན་ཏེ། ཞལ་སྔ་ནས་ཀྱང་། བཞེད་པ་འདི་དག་གི་ཕྱག་རྒྱས་ཐིབས་ཤིང་འཁྲུལ་ཚུང་པ་ལ་ཐུབ་པའི་བཀའ་མཐའ་དག་གི་དགོངས་པ་དང་མཐུན་པར་རང་ཉིད་ཀྱི་རྒྱུད་ཐོག་ཏུ་སྦྱོར་ཤེས་ཤིང་གོ་བར་གྱུར་བ་དེ་དག་ནི། ཞེས་པས་ཕ་རོལ་པོའི་ངག་སྣ་གནོན་པའི་ཆེད་མ་ཡིན་པར་རང་གི་རྒྱུད་ཐོག་ཏུ་ཉམས་ལེན་བྱེད་པའི་ཆོས་སུ་སོང་བ་ཞིག་དགོས་པ་ཡིན་ནོ། །ལྔ་པ་དགོངས་པ་གཅིག་ཚུལ་གྱི་སྒྲ་བཤད་ནི། འཇིག་རྟེན་མགོན་པོ་ཉིད་ཀྱིས། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཆོས་འདིའི་སྟེང་དུ་གསུངས་མཐུན། དབྱངས་མཐུན། དགོངས་པ་མཐུན་པས་ན་དགོངས་པ་གཅིག་པ་ཞེས་བྱའོ། །གསུངས་ཏེ་སྤྱིར་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོ་སྐྱེ་བ་མེད་པའི་དོན་དུ་དགོངས་པ་གཅིག་པར་གཞོལ་ཞིང་འབབ་པ་ཡིན་ཏེ། ཡུམ་ལས། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་གང་ཡང་རུང་བ་གཅིག་གི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་དང་། བྱེ་བྲག་ཏུ་གདུལ་བྱའི་བློ་ལ་ལྟོས་ནས་གཞི་
༤༢༣ ལམ་འབྲས་གསུམ་དུ་བཞག་ཀྱང་། དོན་དུ་སྟོང་ཉིད་རྒྱུ་འབྲས་སུ་ཤར་བའི་རྟེན་འབྲེལ་གྱི་རང་གཟུགས་ལས་མ་འདས་པས་རྣམ་དབྱེར་མེད་ཅིང་དགོངས་པ་གཅིག་ཏུ་འབབས་པའི་ཕྱིར་རོ། །དྲུག་པ་གཞི་ལམ་འབྲས་བུའི་སྦྱོར་སེ་ནི། དེ་ལྟར་ཐབས་མཁས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེས་ཁྱད་པར་དུ་བྱས་པའི་སྡོམ་པ་གསུམ་པོ་ལ་སོགས་པ་དཀར་པོའི་ཕྱོགས་ཀྱི་དགེ་བའི་རྩ་བ་མ་ལུས་པ་དང་། ཤེས་རབ་ཟབ་མོ་སྐྱེ་མེད་ཕྱག་རྒྱ་ཆེན་པོ་དང་དབྱེར་མེད་ཟུང་འཇུག་ཏུ་ཉམས་སུ་བླངས་པས་འབྲས་བུ་སྐྱོན་མེད་ཅིང་ཡོན་ཏན་ཐམས་ཅད་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གཅིག་འབྱུང་སྟེ། སོ་སོར་ཐར་པའི་སྡོམ་པའི་འབྲས་བུ་སྤྲུལ་པའི་སྐུ་འབྱུང་། བྱང་ཆུབ་སེམས་དཔའི་སྡོམ་པའི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་། གསང་སྔགས་རིག་འཛིན་གྱི་སྡོམ་པ་ལས་འབྲས་བུ་བདེ་བ་ཆེན་པོའི་སྐུ་འབྱུང་། སྡོམ་པ་གསུམ་གྱིས་རྒྱུད་བསྡོམས་པའི་སྟེང་དུ་རྣལ་འབྱོར་བཞི་ལྟར་ཉམས་སུ་བླངས་པས་ཆོས་ཀྱི་སྐུ་འབྱུང་། སྐུ་གཅིག་གར་ཡོད་སར་སྐུ་གསུམ་ཀ་ཡོད་པས། སྐུ་གསུམ་དབྱེར་མེད་པ་འདི་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། ཇི་སྐད་དུ། སྐུ་གསུམ་དབྱེ་བ་མེད་པ་འདི། །ངོ་བོ་ཉིད་ཀྱི་སྐུ་ཞེས་བརྗོད། །ཅེས་གསུངས། སྐུ་རྣམ་པ་ལྔ་ཐོབ་པ་དེ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཟེར་ཏེ། ཕྱག་རྒྱ་ཆེན་པོ་ནི་ཐམས་ཅད་ལ་ཁྱབ་པ་དེ་ཉིད་ཡིན། མཆོག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་སྐུ་མཐར་ཕྱིན་པ་ཡིན། དངོས་གྲུབ་ནི་ཡོན་ཏན་ཕྲིན་ལས་དང་བཅས་པ་ཐམས་ཅད་ཡིན། ཡང་གཞི་དང་ལམ་གྱི་དུས་སུ་ཐབས་མཁས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་ནས། བསོད་ནམས་ཀྱི་ཚོགས་བསགས་པས་འབྲས་བུ་གཞན་དེ་ན་ཕུན་སུམ་ཚོགས་པའི་ཡོན་ཏན་གཟུགས་སྐུ་འབྱུང་། ཤེས་རབ་ཟབ་མོ་དོན་དམ་བྱང་ཆུབ་སེམས་ཀྱིས་ཁྱད་པར་དུ་བྱས་ནས། ཡེ་ཤེས་ཀྱི་ཚོགས་བསགས་པས་འབྲས་བུ་རང་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་ཆོས་སྐུ་འབྱུང་སྟེ། ཀླུ་སྒྲུབ་ཀྱིས། དགེ་བ་འདི་ཡིས་སྐྱེ་
༤༢༤ པོ་ཀུན། །ཅེས་པས་ཀྱང་བསྟན་ལ་རང་དོན་དམ་པ་ནི་ཆོས་ཀྱི་སྐུ། གཞན་དོན་དམ་པ་ནི་གཟུགས་ཀྱི་སྐུ་སྟེ། དེ་གཉིས་བྱང་ཆུབ་སེམས་གཉིས་སམ། ཚོགས་གཉིས་ལས་འབྱུང་། དེ་གཉིས་ཀྱང་ཐ་དད་མ་ཡིན་ཏེ། གཞི་ལམ་འབྲས་བུ་ཐམས་ཅད་དུ་གདོད་མ་ནས་ཟུང་འཇུག་ཏུ་གནས་པས་འབྲས་བུ་སངས་རྒྱས་ཀྱི་སར་ཡང་ཟུང་འཇུག་ཏུ་འབྱུང་བ་སོགས་ཀྱིས་མཚོན་ཏེ་ཤེས་པར་བྱའོ། །བདུན་པ་དེ་དག་གི་སྤྱིའི་དོན་བསྡུ་ན། དེ་ལྟར་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་གཅིག་པ། ཁྱད་ཆོས་བརྒྱ་དང་ལྔ་བཅུ་ཞེས་བྱ་བ་འདི། ཆོས་གཞན་ཐམས་ཅད་པས་ཁྱད་པར་འཕགས་པ་ཞིག་ཡིན་ནོ་ཞེས་སྨྲས་ཙམ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ཁོང་རང་གིས་མཁྱེན་ཅིང་། ཐུགས་སུ་ཆུད་པའི་ཆོས་ད་ལྟ་གསུང་རབ་ཀྱི་ཚོགས་སུ་བྱུང་བ་དེ་རྣམས་ཀྱི་དོན་དེ་བས་ཀྱང་ཁྱད་པར་དུ་འཕགས་པ་ཞིག་ཡིན་ནམ་སྙམ་ན། དེ་ལྟར་མ་ཡིན། འོ་ན་གང་ཡིན་ན། འཛམ་བུའི་གླིང་འདིར་བྱུང་བའི་གྲུབ་ཐོབ་འགའ་ཞིག་གིས་ཐུགས་ཉམས་སུ་མྱོང་བ་དང་། པཎྜི་འགའ་ཞིག་གིས་འདོད་ལུགས་ཐ་དད་པ་དེ་རྣམས་ཐམས་ཅད་དང་བོད་རྒན་སྤྱིའི་ཆོས་ལུགས་འགའ་ཞིག་ཐ་དད་པ་ལས་ཁྱད་པར་དུ་འཕགས་ཞེས་ཟེར་བ་ཡིན། དེ་མ་གཏོགས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་གང་དང་ཡང་མི་འགལ་བས་ཆོས་ཐམས་ཅད་དགོངས་པ་གཅིག་པ་འདིའི་སྟེང་དུ་གཞོལ་ཞིང་འབབས་པའི་ཉམས་ལེན་ཅིག་སྟོན་པ་ཡིན་ཏེ། ཞལ་སྔ་ནས་ཀྱང་། ངེད་ཡིན་པ་གསང་སྔགས་ཀྱི་རྣལ་འབྱོར་པ་ཡིན། སྤྱོད་པ་འདུལ་བའི་ཚུལ་ཁྲིམས་སྤྱོད། མཐུན་པ་ཐུབ་པའི་བཀའ་དང་མཐུན། གང་ལ་ཡང་མི་སྨད་པས་ཆོས་ལ་བརྟེན་པའི་གཡངས་མེད། ལོག་ཤེས་ཅན་ཚར་གཅོད་པར་བྱེད་པ་ནི་མ་གཏོགས་སོ། །ཞེས་སོགས་གསུངས་པས་མཚོན་ནོ། །བརྒྱད་པ་ཆོས་བདག་གང་ཟག་གི་རྣམ་པར་ཐར་པ་ལ། ཆོས་ཐུགས་སུ་ཆུད་པ་འཇིག་རྟེན་གསུམ་གྱི་མགོན་པོ་དང་། དེའི་བཀའ་སྡུད་པ་པོ་རྗེ་འབྲི་གུང་གླིང་པ་གཉིས་ཀ་ས་བཅུའི་བྱང་ཆུབ་སེམས་དཔའ་ཡོངས་སུ་གྲགས་ཤིང་། མངོན་སུམ་ཚད་མས་གྲུབ་པ་སོགས་སྐུ་ཆེ་བའི་ཡོན་ཏན་མཐའ་ཡས་པ་ཕྱོག་ཙམ་མཚོན་པ་ནི་སོ་སོའི་རྣམ་ཐར་ལས་ཤེས་སོ། །གཉིས་པ་བྱེ་བྲག་སོ་སོར་ཕྱེ་བ་ཡན་ལག་རྒྱས་པར་བཤད་
༤༢༥ པ་རྩིབས་ཀྱི་ཚུལ་དུ་བསྟན་པ་ལ་གནད་བསྡུས་ཀྱི་ཚོམས་བདུན་ཏེ། ཆོས་ཀྱི་འཁོར་ལོ་སྤྱིའི་གནད་བསྡུས་ཀྱི་ཚོམས། ཀུན་ལ་ཕན་པ་རྟེན་འབྲེལ་གྱི་གནད་བསྡུས་ཀྱི་ཚོམས། འདུལ་བ་སོ་སོའི་ཐར་པ་གནད་བསྡུས་ཀྱི་ཚོམས། བསླབ་པ་བྱང་ཆུབ་སེམས་ཀྱི་གནད་བསྡུས་ཀྱི་ཚོམས། གསང་སྔགས་རིག་འཛིན་སྡོམ་པའི་གནད་བསྡུས་ཀྱི་ཚོམས། ཁྱད་པར་ལྟ་སྤྱོད་སྒོམ་པ་གནད་བསྡུས་ཀྱི་ཚོམས། འབྲས་བུ་མཐར་ཐུག་སངས་རྒྱས་ཀྱི་སའི་གནད་བསྡུས་ཀྱི་ཚོམས་ཏེ་བདུན་ཡིན། དང་པོ་ལ་རྩ་བའི་ཚིག་སུམ་ཅུ། བསྣན་པ་བཅུ་དྲུག་སྟེ་ཞེ་དྲུག །གཉིས་པ་ལ་རྩ་བའི་ཚིག་བཅོ་ལྔ། བསྣན་པ་གཅིག་སྟེ་བཅུ་དྲུག །གསུམ་པ་ལ་རྩ་བའི་ཚིག་བཅུ་དགུ། བསྣན་པ་བཞི་དང་ཉེར་གསུམ། བཞི་པ་ལ་རྩ་བའི་ཚིག་ཉེར་བཞི། བསྣན་པ་དྲུག་དང་སུམ་བཅུ། ལྔ་པ་ལ་རྩ་བའི་ཚིག་ཉེར་བརྒྱད། བསྣན་པ་བཅུ་བདུན་དང་ཞེ་ལྔ། དྲུག་པ་ལ་རྩ་བའི་ཚིག་ཉི་ཤུ། བསྣན་པ་ལྔ་དང་ཉེར་ལྔ། བདུན་པ་ལ་རྩ་བའི་ཚིག་བཅོ་ལྔ། བསྣན་པ་གཅིག་དང་བཅུ་དྲུག་གོ། །གསུམ་པ་བསྡུས་པའི་དོན་ཆིངས་གནད་ཀྱི་མན་ངག་ཉམས་ལེན་འབྲས་བུ་ཤམ་བུའི་ཚུལ་དུ་བསྟན་པ་ལ་བཞི་སྟེ། ཁྱད་ཆོས་ཐམས་ཅད་ཀྱི་དོན་གོང་དུ་འདུས་པ་དང་། །དོན་དེའི་ཉམས་ལེན་གྱི་གནད་གང་དུ་འདུས་དང་། འགལ་འབྲེལ་གྱི་གནད་བསྟན་པ་དང་། ཁྱད་པར་ཡོན་ཏན་གྱི་འབྱུང་ཚུལ་ལོ། །དེ་ལ་དང་པོ་ནི། སྤྱིར་ཁྱད་ཆོས་འདི་རྣམས་ཀྱི་དོན་བསྡུ་ན་ཚིག་དུ་ཙམ་གྱི་ནང་དུ་འདུ་སྙམ་ན། ཚིག་རེ་རེའི་ནང་དུ་འདུས་པ་འགའ་ཞིག་ཡོད་དེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་གཤིས་སམ་བབས་ཀྱི་གནས་ལུགས་བསྟན། ཅེས་པ་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་སངས་རྒྱས་སྒྲུབ་པའི་ཐབས་གཅིག་ཡིན་ཅེས་པ་དང་། ཐེག་པ་ཐམས་ཅད་རིགས་གཅིག་ཐེག་པ་གཅིག་ཡིན། །ཅེས་པ་དང་། སྡོམ་གསུམ་སྤང་བྱ་མི་དགེ་བ་བཅུ་སྤོང་བའི་སྡོམ་པར་གནད་གཅིག་པ་ཡིན། །ཅེས་པ་ལ་སོགས་ཡིན་ལ། ཁྱད་པར་དུ་སྤྱིར་དམ་པའི་ཆོས་མཐའ་
༤༢༦ དག་ཕྱོགས་གཅིག་ཏུ་རྡོ་རྗེའི་གསུང་གཅིག་གིས་བསྡམས་པ། སངས་རྒྱས་ཐམས་ཅད་ཀྱིས་གཤིས་སམ་བབས་ཀྱི་གནས་ལུགས་བསྟན་པ་ཡིན་བྱ་བ་འདི་ཡིན་ཏེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་དང་། ཕྱི་རོལ་མུ་སྟེགས་པ་ལྟར་ཕྱྭ་དང་དབང་ཕྱུག་བྱེད་པ་པོ་མ་ཡིན་པ་དང་། ཁམས་གསུམ་གྱི་སེམས་ཅན་ལ་མཁྱེན་པའི་ཡེ་ཤེས་ལྡན་པས་ཐུགས་བརྩེ་བ་ཆེན་པོ་དང་ལྡན་པ་དང་། རྗེས་འབྲང་གི་སྲས་རྣམས་ལ་ཐར་བར་འགྲོ་བའི་ལམ་སྟོན་པར་མཛད་པས་སངས་རྒྱས་ཀྱི་བབས་བསྟན་པ་དང་། འདུག་ལུགས་བསྟན་པ་དང་། གཤིས་བསྟན་པ་ཞེས་བྱའོ། །དེ་ཡང་རྒྱུའི་གཤིས་དང་བབས། ལམ་གྱི་གཤིས་དང་བབས། འབྲས་བུའི་གཤིས་དང་བབས་གསུམ་དུ་འོང་སྟེ། འདི་ལ་ཐེག་པ་རྣམ་པ་གསུམ་མམ། སྔགས་མཚན་ཉིད་གཉིས་ཀྱིས་མ་བསྡུས་པ་མེད་པས་རྒྱུ་དེ་བཞིན་གཤེགས་པའི་དངོས་པོ་གཤིས་ཀྱི་གནས་ལུགས་ཡིན་ཏེ། དེ་དངོས་སུ་བསྟན་པ་དང་མ་བསྟེན་པའི་བྱེ་བྲག་དང་། ལམ་ཐེག་པ་ཐ་དད་པ་ཡིན་ཏེ། ཐ་དད་པ་དེ་དག་ཀྱང་གཤིས་བབས་གཅག་པ་དང་། འབྲས་བུ་བྱང་ཆུབ་ཐ་དད་པར་བསྟན་ཀྱང་ལམ་སྦྱངས་པའི་ཁྱད་པར་མ་གཏོགས་པ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་པའི་ཚུལ་གོ་ན་དེར་མ་འདུས་པ་མེད་པས་ཁྱད་ཆོས་མ་ལུས་པ་འདིའི་དོན་ཐམས་ཅད་དེར་འདུས་སོ། །གཉིས་པ་དོན་དེའི་ཉམས་ལེན་གྱི་གནད་སྡོམ་གསུམ་གནད་གཅིག་པར་འདུས་ཏེ། སྤང་བྱ་མི་དགེ་བ་བཅུ་སྤོང་བ་དང་བསྒྲུབ་བྱ་དགེ་བ་བཅུ་སྒྲུབ་པར་གནད་གཅིག་ཏེ། དང་པོ་འཁོར་བ་ལ་སྐྱོ་བ་སྐྱེས་པའི་རྟེན་གྱི་གང་ཟག་ཅིག་ངེས་པར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། བསླབ་གཞི་པ་སོ་སོར་ཐར་པའི་སྡོམ་པ་རིས་བདུན་ནམ་བརྒྱད་གང་རུང་བླངས་ཏེ། འགལ་རྐྱེན་མེད་པ་དང་། མཐུན་རྐྱེན་ཚང་བ་ལས་སྐྱེས་པའི་སྡོམ་པ་དེ། བྱང་ཆུབ་སེམས་དཔའི་སྡོམ་པའི་སྨོན་འཇུག་གཉིས་ལས། དང་པོ་སྨོན་པ་མ་སྐྱེས་པ་སྐྱེ་བའི་རྒྱུ། སྐྱེས་ནས་དེས་ཁྱད་
༤༢༧ པར་དུ་བྱས་པའི་བསླབ་བྱ། འཇུག་སྡོམ་གྱི་ངོ་བོ་སྡོམ་པ་གསུམ་ཚོགས་པའི་རྟེན་འབྲེལ་ལས་སྡོམ་པའི་ཚུལ་ཁྲིམས། དེ་གསང་སྔགས་ཀྱི་དམ་ཚིག་ཏུ་འགྱུར་ཏེ། དབང་བསྐུར་བ་སྔོན་དུ་འགྲོ་བའི་དམ་ཚིག་གི་དེ་བཞིན་གཤེགས་པ་རིག་ལྔ་ལས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་དུས་ཐམས་ཅད་དུ་བསྲུངས་པ། ལྟུང་བ་གཉིས་པ་བདེ་གཤེགས་བཀའ་འདས་ཀྱི་དམ་ཚིག་ཡིན་ཏེ། དམ་པ་ནི་སངས་རྒྱས་ཡིན་ལ། དེའི་ཞལ་ནས་གསུངས་པ་ནི་ཚིག་ཡིན་ཏེ་སྡོམ་པ་གསུམ་པོ་གང་ལ་ཡང་ལྟུང་བ་བྱུང་ཡང་། བཀའ་འདས་འབྱུང་བར་བཞེད་པ་ཡིན་པས། དེ་ལྟར་ན་ཁྱད་ཆོས་འདིའི་ཉམས་ལེན་གྱི་གནད་མ་ལུས་པ་ཐམས་ཅད་སྡོམ་པ་གསུམ་དུ་འདུས་སོ། །གསུམ་པ་འགལ་འགྲེལ་གྱི་གནད་ཐམས་ཅད་ཡེ་བཀག་ཡེ་གནང་དུ་འདུས་ཏེ། སོ་སོར་ཐར་པའི་སྡོམ་པ་ལ་ལྟུང་བ་བྱུང་ན་ཏཱ་ལའི་མགོ་བཅད་པ་ལྟར་འདོད་ལ། བཀག་པ་ཡེ་ནས་བཀག་པའི་གསུང་དང་། བྱང་ཆུབ་སེམས་དཔའི་བསླབ་པར་གཞན་དོན་དུ་ལུས་ངག་གི་མི་དགེ་བ་བདུན་གནང་བར་འདོད་པ་ནི་ཉེས་པར་མི་འབྱུང་བས། མི་དགེ་བ་གནང་བ་མེད་པའི་གསུངས་དང་། སྔགས་ཀྱི་དམ་ཚིག་ཏུ་ཉོན་མོངས་པ་མ་སྤངས་པར་སངས་རྒྱས་པར་འདོད་པས། འདུལ་བར་བཀག་པ་སྔགས་སུ་ཡང་བཀག་ཅེས་པ་ལ་སོགས་པ་རྣམས་ནི་ཚིག་ལ་ལར་དོན་ལ་ལ་མི་འདུ་བས་ཚིག་ཐ་དད་དུ་བསྟན་དགོས་པ་བྱུང་བ་ཡིན། དེ་ཡང་སྟོན་པ་དེ་བཞིན་གཤེགས་པས་རྒྱུ་སོ་སོར་ངེས་པ་ལ་འབྲས་བུ་སོ་སོར་ངེས་པ་འབྱུང་བར་གསུངས་ཏེ། རྒྱུ་ས་བོན་དུག་ལྔ་ལས་འབྲས་བུ་དུག་དང་། རྒྱུ་ས་བོན་སྨན་ལྔ་ལས་འབྲས་བུ་སྨན་འབྱུང་བའམ། རྒྱུ་ས་བོན་ནས་ལས་འབྲས་བུ་ནས་འབྱུང་། རྒྱུ་ས་བོན་སྲན་མ་ལས་འབྲས་བུ་སྲན་མ་འབྱུང་བ་ལྟར། རྒྱུ་འབྲས་ཀྱི་རྟེན་འབྲེལ་མ་འདྲེས་པར་ཐུགས་སུ་ཆུད་པ་འདི་ལ། གནས་དང་གནས་མ་ཡིན་པ་མཁྱེན་པའི་ཡེ་ཤེས་ཟེར་ཏེ། དེ་ཡང་རྒྱུ་ས་བོན་དགེ་བ་ལས་འབྲས་བུ་བདེ་ལེགས་འབྱུང་བ་དང་། རྒྱུ་ས་བོན་མི་དགེ་བ་ལ་
༤༢༨ འབྲས་བུ་སྡུག་བསྔལ་འབྱུང་བ་ནི་གནས་ཡིན་ལ། རྒྱུ་དགེ་བ་ལས་འབྲས་སྡུག་བསྔལ་འབྱུང་བ་དང་། རྒྱུ་མི་དགེ་བ་ལ་འབྲས་བུ་བདེ་བ་འབྱུང་བ་ནི་གནས་མ་ཡིན་པས། མི་དགེ་བ་དགེ་བར་འགྱུར་བའི་གནས་མེད། དགེ་བ་མི་དགེ་བར་འགྱུར་བའི་གནས་མེད་དོ། །མཁྱེན་པའི་ཡེ་ཤེས་འདིས་སྟོན་པའི་བསྟན་པ་ལ་ཕྱག་རྒྱས་མ་ཐེབས་པ་མེད་པས་ན། སྡེ་སྣོད་གསུམ། རྒྱུད་སྡེ་བཞི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གཏན་ལ་ཕེབས་པ་ཡིན་པས་དེ་ལྟར་ན་འགལ་འབྲེལ་གྱི་གནད་ཐམས་ཅད་ཡེ་བཀག་ཡེ་གནང་དུ་འདུས་སོ། །བཞི་པ་ཁྱད་པར་ཡོན་ཏན་གྱི་འབྱུང་ཚུལ་ནི། སྟོང་ཉིད་རྒྱུ་འབྲས་སུ་འབྱུང་བར་འདུས་ཏེ། སྟོན་པས་བསྟན་པའི་ལམ་ཐམས་ཅད་འཇུག་པ་ཆད་པའི་སྟོང་ཉིད་སྐྱེ་མེད་དུ་སྐྱེས་པར་ཐམས་ཅད་བློ་མཐུན་ཏེ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་འཇུག་སྒོ་ཐ་དད་པ་ལ་ལྟོས་པ་མ་གཏོགས་པ། ཕུགས་སུ་རྣམ་པར་གྲོལ་བར་གཅིག་པར་མཐུན་པ་དང་། ཉན་ཐོས་ཀྱི་མངོན་རྟོགས་འབྲས་བུ་འགོག་བདེན་དང་། མ་རིག་པ་རྒྱུ་འབྲས་འགག་པའི་ཆོས་ཉིད་མངོན་དུ་བྱས་པ། རང་རྒྱལ་གྱི་མངོན་རྟོགས་ལུགས་ཟློག་རྟེན་འབྲེལ་དང་ས་བཅུ་ལམ་ལྔ་བགྲོད་པས་སྤང་བྱ་སྒྲིབ་པ་གསུམ་ཟད་དེ། ཤིང་ཟད་ན་མེ་ཟད་པ་བཞིན་དུ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འགག་པ། ཆོས་སྐུ་སྤྲོས་དང་བྲལ་བ་མངོན་དུ་བྱས་པ་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་མཐར་ཐུག་པ་དང་། གསང་སྔགས་རྡོ་རྗེ་ཐེག་པར་ལམ་བསྐྱེད་རྫོགས་མཐར་ཕྱིན་པས་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་ཐོབ་པ་ཡིན་ཏེ། རྗེ་མར་པའི་ཞལ་ནས། ཆོས་ཟད་སར་སྐྱོལ་བ་སྙིང་པོའ་དོན། །ལྟ་བའི་མཐར་ཐུག་ཕྱག་རྒྱ་ཆེ། །ཞེས་པ་དང་། རྫོགས་ཆེན་ལས་ཀྱང་། འདི་ཡི་འབྲས་བུ་མཐར་ཐུག་ནི། །རྒྱུ་འབྲས་མེད་པའི་དུས་ཤིག་ཡིན། །ཅེས་པས་རྒྱུ་དང་འབྲས་བུ་ཐམས་ཅད་སྟོང་པ་ཉིད་དུ་འཇུག་པ་དང་། འདི་ལ་ཐམས་ཅད་ཀྱིས་བསྐྱལ་བར་ཞལ་མཐུན་ཡང་། འཇིག་རྟེན་མགོན་པོའི་དགོངས་
༤༢༩ པ་གཞན་དང་ཐུན་མོང་མ་ཡིན་པའི་ཆོས་སྟོང་ཉིད་རྒྱུ་འབྲས་སུ་འབྱུང་བ་ཡིན་ཏེ། རྒྱུ་འབྲས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་གཤིས་རྒྱུ་འདི་ལས་འབྲས་བུ་འདི་འབྱུང་བ། སོ་ཐར་གྱི་མདོ་ལས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་པའམ། རྒྱུ་རྐྱེན་གྱི་རྟེན་འབྲེལ་དེ་ཉིད་སྤྲོས་པ་དང་བྲལ་བའི་རང་བཞིན་དུ་གནས་པས། ཟླ་བ་སྒྲོན་མས་ཞུས་པའི་མདོ་ལས། །གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །ཞེས་པ་ལ་སོགས་པ་གཞི་དང་ལམ་དང་། མཉམ་གཞག་དང་རྗེས་ཐོབ་གཉིས་སུ་འབྱུང་བའི་དུས་དང་། མཉམ་རྗེས་གཉིས་སུ་མེད་པའི་དུས་ཡིན་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་གྱུར་པ་དང་། མཐར་ཕྱིན་པའི་ཡེ་ཤེས་གཉིས་པོ་འདི་དབྱེར་མེད་པར་ཐུགས་སུ་ཆུད་པའི་དུས་སུ་ཡང་སྟོང་པ་ཉིད་སྤྲོས་པ་དང་བྲལ་བའི་ངང་ལས་རྒྱུ་འབྲས་ཀྱི་སྦུ་རིས་མི་འདོར་བར་འབྱུང་པར་འདི་ལ་སྟོང་ཉིད་རྒྱུ་འབྲས་ཟེར་ཏེ་བཞི་པོ་འདི་གོ་ན་རྡོ་རྗེའི་གསུང་འདི་དག་མི་གོ་བ་མེད་པས་བཞི་པོ་འདི་མངོན་དུ་གྱུར་ན་དགོངས་པ་འདི་དག་མངོན་དུ་མ་གྱུར་པ་མེད་པ་ཡིན་ནོ། །གསུམ་པ་མཇུག་གི་དོན་ལ་གསུམ་སྟེ། དགོངས་པ་འདི་དག་ཇི་ལྟ་བ་བཞིན་དུ་འཁྲུལ་ཚུད་པར་གོ་ན། འཇིག་རྟེན་མགོན་པོའ་སྲས་ཀྱི་ཐུ་བོ་ཡིན་པར་བསྟན་པ་དང་། ཆོས་འདིའི་དབྱེ་བསྡུ་ཇི་ལྟར་མཛད་པའི་ཚུལ་དང་། དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ། དེ་དག་ནི་གཞུང་དུ་ཇི་ལྟར་བསྟན་པ་ལྟར་ཡིན་པས་གོ་སླའོ། །དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་དམ་པའི་ཆོས་དགོངས་པ་གཅིག་པའི་ཁོག་དབུབ་ཀྱི་དོན་ཉེ་བར་བསྡུས་པ་ཅུང་ཟད་བསྟན་ཟེན་ཏེ། རྒྱས་པར་གཞུང་དང་། ཚོམས་བདུན་སོ་སོའ་འགྲེལ་པ་ལས་རྟོགས་པར་བྱ་བ་ཉིད་དོ།། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ། །

{{#cargo_store: _table=WyliePageContent

|TibetanContent=

}}

Notes

Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.