Tibetan:འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྙེན་སྒྲུབ་བདུད་རྩིའི་ཆུ་རྒྱུན་: Difference between revisions

From gDams Ngag mDzod
Jump to navigation Jump to search
m (Text replacement - "[[TibetanContent::{{#replaceset:" to "{{TibetanContent|")
m (Text replacement - "<onlyinclude>{{TibetanContent| " to "<onlyinclude>{{TibetanContent|content= ")
 
Line 1: Line 1:
{{Text Tibetan}}
{{Text Tibetan}}
==Tibetan Text==
==Tibetan Text==
<onlyinclude>{{TibetanContent|
<onlyinclude>{{TibetanContent|content=

<div class="folio"><span class="shoglhe">XXX</span>

Latest revision as of 15:31, 19 February 2019

Upload a file
DOWNLOAD ABOVE:
Click the picture above to view the original manuscript.
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྙེན་སྒྲུབ་བདུད་རྩིའི་ཆུ་རྒྱུན་
'phags pa spyan ras gzigs dbang phyug gi bsnyen sgrub bdud rtsi'i chu rgyun
Damngak Dzö Volume 16 (མ་) / Pages 297-320 / Folios 1a1 to 12b6

Tibetan Text

XXX འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྙེན་བསྒྲུབ་བདུད་རྩིའི་ཆུ་རྒྱུན་བཞུགས་སོ། །
XXX ན་མོ་ལོ་ཀེ་ཤྭ་ར་ཡ། འཇིག་རྟེན་གསུམ་གྱི་འདྲེན་པ་མཆོག་གི་གཙོ། །སྤྱན་རས་གཟིགས་དབང་དེ་ལ་འཚལ་ཏེ། །དེ་ཉིད་བསྙེན་ཅིང་སྒྲུབ་པའི་རིམ་པ་དང༌། །དུས་བཟང་ཚོགས་ཀྱི་འཁོར་ལོ་བྲི་བར་བྱ། དེ་ལ་སྔོན་འགྲོ་དངོས་གཞི། རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལ་བདུན་ཏེ། དུས་དང༌། གནས་དང༌། དགོད་པ་བཤམས་པ། སྔོན་འགྲོ་གཏོར་མ། མཆོད་པ་བྱིན་རླབས། སྐྱབས་འགྲོ་སེམས་བསྐྱེད། ཚོགས་ཞིང་ངོ༌། །དང་པོ་དུས་ནི། བསྙེན་སྒྲུབ་ཀྱི་དུས་སམ། དབང་བསྐུར་རབ་གནས་ཀྱི་དུས་སམ། ལས་ཚོགས་ཕྲིན་ལས་ཀྱི་དུས་སམ། ཉ་སྟོང་བརྒྱད་གསུམ་དུས་བཟང་དུའོ། །གཉིས་པ་གནས་ནི་ཁྲིད་གཞུང་དུ་གསལ་ལོ། །གསུམ་པ་ནི། ཚོགས་ཀྱི་མཎྜལ་དབང་བསྐུར་ལྟར་བཤམ། མ་འཛོམས་ན་ཕྱིང་པ་དྲི་མ་མེད་པའི་སྟེང་དུ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད། བླ་མ་དང་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་རྟེན་བཀྲམ། མཆོད་པ་དང་གཏོར་མ་རྣམས་ལྷ་གྲངས་དང་མཉམ་པའམ། ལྔའམ། གསུམ་ལས་མི་ཉུང་བར་བཤམ། ཚོགས་ཀྱི་ཡོ་བྱད་
XXX བཟང་ཤིང་རྒྱ་ཆེ་བ་རྣམས་དང༌། ཀ་པཱ་ལ་བདུད་རྩིས་བཀང་བ་མདུན་ཏུ་བཞག །རྡོ་རྗེ་དྲིལ་བུ་ཅང་ཏེའུ་ལ་སོགས་ཉེར་མཁོའི་ཡོ་བྱད་ཀུན་ཚང་བར་བྱས་ལ་གདན་བདེ་བར་འཁོད་དོ། །བཞི་པ་ནི། རང་ཉིད་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་ཧེ་རུ་ཀ་སྐུ་མཆོག་དམར་པོ་ཞལ་གཅིག །ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་སྨ་ར་མེ་ལྟར་འབར་བ། དབུ་གཙུག་རྟ་མགོ་ལྗང་ཁུར་རྟ་སྐད་འཚེར་བ། གཡས་དབྱུག་ཏོ་ནམ་མཁར་འཕྱར་བ། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཞབས་བརྐྱང་བསྐུམ་སྒྲུབ་དང་རིན་པོ་ཆེས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཡེ་ཤེས་པ་དང་དབྱེར་མེད་དུ་བཞུགས་པ། ཐུགས་ཀར་ཧྲཱིཿཡིག་ལ་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་ཏ་ཧྱ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བརྗོད་ལ་གཏོར་མ་རྟ་མགྲིན་ལས་སྔགས་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་
XXX ཤུདྡྷཿསརྦ་དྷརྨཿསྭབྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱང༌། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ཞུ་བ་ལས་བྱུང་པའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱ་ཧཱུྃ་ཞུ་བ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར་བར་བསམ་ལ། ཧཱུྃ་མཛད་ཀྱི་ཕྱག་རྒྱས། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བདེན་པའི་བྱིན་རླབས་ཀྱི་མཐུ་ལ་བརྟེན་ནས། གང་དག་བགེགས་དང་འབྱུང་པོའི་ཚོགས་ཐམས་ཅད་དང་གནས་འདིར་གནས་པ་ཐམས་ཅད་གཏོར་མ་འབུལ་བའི་སླད་དུ་འདིར་མཆིས་པར་གྱུར་ཅིག །ཊཱཀྐི་རཱ་ཙ་ཧཱུྃ་ཛཿ ཞེས་བཀུག་ལ་རྡོ་རྗེ་བསྡམ་པ་གྱེན་དུ་ཕྱེས་ལ། ནམཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བོ་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁ་ཨུཏྒ་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་གྷྲྀཧྞི་དཾ་བ་ལིངྟ་ཡེ་སྭཱ་ཧཱ། ལན་གསུམ་གྱིས་འབུལ། གང་དག་དཀྱིལ་འཁོར་སྒྲུབ་པའི་ལས་ལ་དགྱེས་པའི་འབྱུང་པོ་རྣམས། གཏོར་མ་འདི་མཉེས་ཤིང་ཚིམས་ནས་ཆོས་དང་མཐུན་པའི་ཕྲིན་ལས་སྒྲུབས་ཤིག །ཆོ་ག་ཉན་ཅིང་བལྟ་བར་མི་རུང་བའི་བགེགས་ཀྱི་རིགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་རང་རང་སོ་སོའི་གནས་སུ་དེངས་ཤིག །ཅེས་གཏོར་མ་ཕྱིར་བསྐྱལ། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་སུམྦྷཱ་ནི་སོགས་ཀྱིས་བགེགས་བསྐྲད། གུ་གུལ་གྱིས་བདུག །རོལ་མོ་དྲག་ཏུ་བྱའོ། རྡོ་རྗེ་གསོར་རོ། །སྲུང་འཁོར་བསྒོམ་མོ། །ཧཱུྃ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན། །མཁའ་འགྲོའི་ར་བ་རྡོ་རྗེའི་གུར། །བསྐལ་པའི་མེ་དཔུང་འཚུབས་ཤིང་འཁྱིལ། །རྣམ་རྟོག་ལས་གྱུར་བགེགས་རྣམས་ཀུན། །མཚམས་བཅད་ནང་འདི་ཚུན་ཆད་དུ། །ནམ་ཡང་འདའ་བར་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ལྔ་པ་མཆོད་པ་བྱིན་བརླབས་ནི། ཨོཾ་ཧྲཱིཿཔདྨཏ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། སྔགས་ཀྱིས་བསང༌། ཨོཾ་སྭབྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ྅་ཧཾ། གིས་སྦྱང༌། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་
XXX ཨ་ལས་ཐོད་པའི་སྣོད་ཡང་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །གདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོའི་ཚོགས་དང་བཅས་པ། ཐོགས་པ་མེད་པ་དངོས་བཤམས་ཡིད་ཀྱིས་སྤྲུལ་ཞིང་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ཞེས་པ་ནས། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཨོཾ་བཛྲ་ཤཔྡ་ཨཱཿཧཱུྃ། ཞེས་རོལ་མོ་དང་བཅས་པས་བྱིན་དབབ་བོ། །དྲུག་པ་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་ནི། བདག་དང་མ་རྒན་སེམས་ཅན་ཐམས་ཅད་བླ་མ་དང་རྗེ་བཙུན་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་སོགས་བྱ། སེམས་བསྐྱེད་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་དོ། །སྐབས་འདིར་རྡོར་སེམས་བསྒོམ་ལུགས་ཀྱང་ཡོད། བདུན་པ་ཚོགས་ཞིང་ནི། རང་ཉིད་སྐད་ཅིག་གིས་སྤྱན་རས་གཟིགས་སུ་གྱུར་པའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ལ་བླ་མ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་བདུན་གྱི་ནམ་མཁར་སྤྱན་དྲངས། རྡོ་རྗེ་བསྡུ་བའི་ཕྱག་རྒྱས། ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པཱ་རི་ཝཱ་ར་བཛྲ་ས་མ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ་སྭཱ་ཧཱ། མདུན་གྱི་ནམ་མཁར་བཞུགས་པ་ལ་ཡན་ལག་བདུན་པས་ཚོགས་བསགས་པ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཆོད་པའི་ཚོགས་ཀྱིས་མཆོད་པར་བགྱི། །
XXX སྡིག་པ་ཐམས་ཅད་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ལས་བྱང་ཆུབ་མྱུར་ཐོབ་ཤོག །སྡོམ་པ་བཟུང་བ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱི་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་མ་ལུས་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་བགོད། །ཅེས་པའི་བར་གྱིས་རིགས་ལྔའི་སྡོམ་པ་བཟུང༌། བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་མི་ཏྲ་ཛོ་ཀི་ལ་གསོལ་བ་འདེབས། །པཎ་ཆེན་ཤྲཱི་པུ་ཏྲ་ལ་གསོལ་བ་འདེབས། །རྟོགས་ལྡན་གིརྟི་རཏྣ་ལ་གསོལ་བ་འདེབས། །རྗེ་བཙུན་བུདྡྷ་ཤྲཱི་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་འདེབས། །དབང་བཞི་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །བླ་མ་ཡི་དམ་དཀྱིལ་འཁོར་གྱི་སྣ་ཚོགས་རྣམས་རང་ལ་ཐིམ་པ་གྱུར། །ཨོཾ་ཨཱཿཧཱུྃ་གིས་བསྡུའོ། །གཉིས་པ་དངོས་གཞི་བདག་བསྐྱེད་དང་བདུན་བསྐྱེད་སྒྲུབ་ཅིང༌། དེ་ཉིད་མཆོད་ཅིང་བསྟོད་པ་དང་གསུམ་ལས། དང་པོ་མངོན་བྱང་ལྔའི་སྒོ་ནས་བསྐྱེད་རིམ་སྒོམ་པའི་ཐོགས་པ་ཚད་མེད་བཞི་སྒོམ་པ་ན། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་
XXX སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཆགས་སྡང་ཉེ་རིང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ལན་གསུམ་བསྒོམ་མོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷོཿསརྦ་དྷཱརྨཱཿསྭབྷཱ་ཝ་ཤུདྡྷོ་྅་ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་བདག་མེད་པར་གྱུར། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ལྔའི་སྟེང་དུ་རི་བོ་མཆོག་རབ། དེའི་སྟེང་དུ་སྣ་ཚོགས་པདྨ་འབུམ་ལྡན་གྱི་ལྟེ་བར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། སྲུང་པའི་འཁོར་ལོ་ཡངས་པར་གྱུར་པའི་དབུས་སུ། བྷྲཱུྃ་ཁ་དོག་ལྔ་ལྡན་འོད་དུ་ཞུ་བ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཀྱི་ཁང་པར་གྲུ་བཞི་སྒོ་བཞི་རྩིག་པ་རིམ་པ་ལྔ་པ། རྟ་བབས་བཞི་ཏོག་དང་བཅས་པ། ཕྱི་རྡོ་ར་མེ་རིས་བསྐོར་བ། གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་ཧྲཱིཿདཀར་པོ་ཚེགས་དྲག་དང་བཅས་པ་དང༌། བཾ་ཡིག་དམར་པོ་ལས་དཔག་ཏུ་མེད་པའི་འོད་ཟེར་འཕྲོས། གཞལ་དུ་མེད་པའི་སེམས་ཅན་གྱི་དོན་བྱས། ཐམས་ཅད་ཇོ་བོ་སྤྱན་རས་གཟིགས་ཀྱི་སར་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་པདྨའི་སྡོང་པོ་ལྟེ་བར་ཧྲཱིཿདང་བཾ་གྱིས་མཚན་པ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་རས་གཟིགས་ཀྱི་རྣམ་པར་སྤྱན་དྲངས། པདྨ་ཧྲཱིཿདང་བཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་ཕྱག་བཞི་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ལྷའི་དར་སྣ་ཚོགས་ཀྱིས་སྟོད་གཡོགས་དང་སྨད་གཡོགས་གསོལ་བ། ནོར་བུས་སྐ་རགས་ཐབས་སུ་འཆིང་བ། ཕྱག་དང་པོ་
XXX གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་ན་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་འཛིན་པ། གཡས་ཀྱི་གཉིས་པས་ནོར་བུ་རིན་པོ་ཆེ་དཀར་པོའི་ཕྲེང་བ་བརྒྱ་རྩ་འཛིན་པ། གཡོན་གྱི་གཉིས་པས་པདྨ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་ཅིང༌། རབ་རྒྱས་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞལ་འཛུམ་བག་དང་ལྡན་པ། སྤྱན་དཀྱུས་དང་སྨིན་དཀྱུས་རིང་ཞིང་མཛོད་སྤུ་དཀར་པོ་བརྒྱན་པ། དབུ་སྐྲ་རལ་པའི་ཅོད་པན་ནག་པོ་གྱེན་ལ་བཅིངས་ཤིང༌། རལ་པའི་ཟར་བུ་རྐེད་པར་སླེབ་པ། མེ་ཏོག་གི་ཕྲེང་བས་སྐྲ་ཆིངས་ཅན་ཨུཏྤལ་སྔོན་པོ་གཉིས་ཀྱིས་སྙན་གོང་བརྒྱན་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ་རིན་པོ་ཆེ་སྣ་ལྔས་རྩེ་ཕྲན་ལྔ་དང༌། སྙན་ཆ་དང་མགུལ་རྒྱན་དང༌། དོ་ཤལ་དང༌། ཕྱག་གདུབ་དང༌། ཞབས་གདུབ་དང༌། དཔུང་རྒྱན་དང༌། འོག་པག་དང༌། མུ་ཏིག་སྣ་ལྔའི་ཆུན་པོ་དང༌། དར་གྱི་ཅོད་པན་གྱིས་བརྒྱན་པ། འོད་ཟེར་སྣ་ལྔ་འཁྲིགས་པའི་དབུས་ན་བཞུགས་པའོ། །དེའི་པང་ན་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་ཡབ་ཀྱི་རྐེད་པ་ལ་འཁྲིལ་པ། ཕྱག་གཡས་པས་གསེར་གྱི་ཌཱ་མ་རུ་ནམ་མཁར་འཁྲོལ་བ། གཡོན་པས་ཐོད་པ་བདུད་རྩི་དམར་པོའི་རྒྱུན་གྱིས་བཀང་བ་ཡབ་ཀྱི་ཞལ་དུ་སྟོབ་པ། ཞལ་ཁྲོ་འཛུམ་ཅུང་ཟད་བཞད་པ། སྤྱན་གསུམ་དང་ལྡན་པ། དབུ་སྐྲ་རལ་པའི་ཐོར་ཅོག་དང་ཟར་བུས་རྐེད་པར་གཡོགས་པ། ཐོད་སྐམ་རིན་པོ་ཆེས་རྩེ་བྲན་གྱིས་མཚན་པ་ལྔས་དབུར་བརྒྱན་ཅིང་དཀར་འཛིན་དང་ཆུ་འཛིན་རྒྱས་པ། ཞི་བ་འཛུམ་པ། གཞོན་ཅིང་སྒེག་པ། བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང༌། འོད་ཟེར་སྣ་ལྔ་འཕྲོ་བའོ། །ཡབ་ཀྱི་གནས་ལྔར་པད་ཟླའི་གདན་རེ་རེར་གྱུར་པའི་སྤྱི་བོར་ཨོཾ་ལས་རྣམ་སྣང་སྤྱན་རས་གཟིགས་ཡབ་ཡུམ་དཀར་པོ། །མགྲིན་པར་ཧྲཱིཿལས་
XXX འོད་དཔག་མེད་སྤྱན་རས་གཟིགས་ཡབ་ཡུམ་དམར་པོ། སྙིང་གར་ཧཱུྃ་ལས་མི་བསྐྱོད་པ་སྤྱན་རས་གཟིགས་ཡབ་ཡུམ་སྔོན་པོ། ལྟེ་བར་ཏྲཾཱ་ལས་རིན་འབྱུང་སྤྱན་རས་གཟིགས་ཡབ་ཡུམ་སེར་པོ། །གསང་གནས་སུ་ཨཱཿལས་དོན་གྲུབ་སྤྱན་རས་གཟིགས་ཡབ་ཡུམ་ལྗང་གུ། དེ་ཐམས་ཅད་ཀྱང་གཙོ་བོ་ཡབ་ཡུམ་གྱི་ཆ་ལུགས་སུ་བཞུགས་པའོ། །དེ་རྣམས་ཀྱི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ། །ལྷོར་རི་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ། །ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་མ་དམར་མོ། །བྱང་དུ་ས་ལས་ལས་ཀྱི་མཁའ་འགྲོ་མ་ལྗང་གུ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་ཅུང་ཟད་གཙིགས་ཤིང་གཡས་གྲི་གུག་གཡོན་ཐོད་ཁྲག །གྲུ་མོ་ན་ཁ་ཏྭཾཱ་ག་འཛིན་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང༌། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གི་གར་གྱིས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེ་ལྟར་ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས་པས་རང་བཞིན་ཆོས་ཀྱི་དབྱིངས་ནས་རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རིགས་ལྔ་འཁོར་བཅས་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ལྔ་ཡབ་ཡུམ་རྣམས་ཀྱིས་བུམ་པའི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས་ལུས་ཀྱི་ནང་གང༌། ཆུའི་ལྷག་མ་ཡར་འཁྱིལ་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་བཟླས་པ་བྱ་བ་ནི། རང་གི་སྙིང་གར་པད་ཟླའི་སྟེང་དུ་རང་འདྲ་བའི་ཡེ་ཤེས་
XXX སེམས་དཔའ་ཚོན་གང་བའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿགནས་པའི་མཐའ་མར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་ལུས་ཀྱི་ནང་ཐམས་ཅད་སྤྱན་རས་གཟིགས་རིགས་ལྔ་ཞིང་རྡུལ་གྱི་གྲངས་དང་མཉམ་པས་གང༌། འོད་ཟེར་འཕྲོས། སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་ལ་ཕོག་པས་ཐམས་ཅད་སྤྱན་རས་གཟིགས་ཡབ་ཡུམ་གྱི་སྐུར་གྱུར་པའི་ཞལ་ནས་སྔགས་ཀྱི་སྒྲ་སྒྲོགས་པར་གྱུར། པར་བསམ་ལ་སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་ཧཱུྃ། ཞེས་མ་ཡེངས་པའི་སེམས་ཀྱིས་བསྙེན་པ་ཅི་འགྲུབ་འདྲེན་ནོ། །འཕྲོ་འཇོག་པ་ནི། ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་གི་བདེན་པས་བདག་དང་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ་ལ་མཆོད་བསྟོད་བསྡུས་པ་ཞིག་བྱ། འོག་གི་ལག་མཆོད་འདིར་བྱེད་ན་ལེགས། འདིའི་བསྙེན་པའི་ཚད་ནི། དུས་ཟླ་བ་གསུམ། གྲངས་བསྙེན་བྱེ་བ་གསུམ། མཚན་མའི་རྟགས་རབ་མངོན་སུམ་དུ་ཡབ་ཡུམ་གྱི་ཞལ་མཐོང་བ་དང་ལུང་སྟོན་པ་རྣམས་འབྱུང༌། འབྲིང་ཉམས་སྣང༌། ཐ་མ་རྨི་ལམ་དུ་མི་དཀར་པོ་དང་བུད་མེད་དམར་མོས་དངོས་གྲུབ་སྟེར་བ་དང་ཁྲོམ་འདུ་བ་ལ་སོགས་པའི་རྟགས་འབྱུང་ངོ༌། །གཉིས་པ་མདུན་བསྐྱེད་ནི། མདུན་གྱི་དཀྱིལ་འཁོར་ལས་སྔགས་ཀྱིས་བསང༌། ཨོཾ་སྭབྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ་྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་པའི་སྟེང་དུ། ཞེས་པ་ནས། དཔག་ཏུ་མེད་པའི་འོས་ཟེར་འཕྲོས། ཞེས་པའི་བར་གོང་ལྟར་རོ། །འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞེས་པ་ནས། སྙིང་གར་ཧཱུྃ་སྔོན་པོ། ཞེས་པའི་བར་གོང་བཞིན་ནོ། །མདུན་བསྐྱེད་ཀྱི་དུས་སུ་གོང་གི་མགྲིན་པ་སྙིང་གར་ལྟེ་བ་གསང་གནས་ཀྱི་སྤྱན་རས་གཟིགས་ཡབ་ཡུམ་རྣམས་མདུན་ནས་བརྩམས་ཏེ། གཡས་སྐོར་དུ་གདན་ལ་འཁོད་པའི་ལུགས་ཀྱང་ཡོད་དོ། །མཁའ་འགྲོ་བཞི་
XXX མཚམས་བཞིར་བཀོད་པའོ། །བདག་མདུན་གཉིས་ཀའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རང་བཞིན་ཆོས་ཀྱི་དབྱིངས་ནས་བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ ཞེས་སྤོས་དང་རོལ་མོ་འཛིན་པས། ཧྲཱིཿ སྐུ་གསུམ་དབྱེར་མེད་གཞལ་ཡས་ནས། །དུས་གསུམ་སངས་རྒྱས་ངོ་བོ་ཉིད། །སེམས་ཅན་སྨིན་མཛད་ཐུགས་རྗེ་ཅན། །བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ། །རང་བཞིན་གནས་མཆོག་གཞལ་ཡས་ནས། །སྐུ་གསུམ་ལྷ་ཚོགས་འཁོར་གྱིས་བསྐོར། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྙན་བརྒྱུད་ལྷ་ཚོགས་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དཀྱིལ་འཁོར་ལྷ་ཚོགས་མ་ལུས་ཀུན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། །མཁའ་སྤྱོད་ཨུ་རྒྱན་གཞལ་ཡས་ནས། །བྱིན་རླབས་དངོས་གྲུབ་སྟེར་མཛད་པའི། །ལས་དང་ཡེ་ཤེས་ལས་ལ་སོགས། །དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ། །རང་བཞིན་དུར་ཁྲོད་གཞལ་ཡས་ནས། །སངས་རྒྱས་བསྟན་པ་རྒྱས་མཛད་ཅིང༌། །ཕྱི་ནང་བར་ཆད་སེལ་མཛད་པའི། །ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ། །བཞུགས་སུ་གསོལ་བ་ནི། ཧྲཱིཿ རིན་ཆེན་སྣ་ཚོགས་ཕོ་བྲང་འདིར། །སྣ་ཚོགས་པད་ཟླའི་གདན་སྟེང་དུ། །ཡིད་འོང་མཛེས་པའི་ཞལ་ཡས་སུ། །སྙན་བརྒྱུད་ལྷ་ཚོགས་བཞུགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། །ཅེས་པས་ནས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། །ཅེས་པའི་བར་གོང་ལྟར་རོ། །སྐབས་འདིར་བཟླས་པ་བྱེད་པར་སྤྲོ་ནའང་གོང་ལྟར་བྱའོ། །དེ་ནས་ཕྱག་འཚལ་བ་ནི། ཧཱུྃ། ཆོས་དབྱིངས་མཉམ་ཉིད་ངང་ལས་མ་གཡོས་ཀྱང༌། །ལོངས་སྤྱོད་རྫོགས་སྐུ་འཛའ་ཚོན་ལྟ་བུར་སྤྲུལ། །ཐུགས་རྗེས་འགྲོ་བ་མ་ལུས་
XXX འདྲེན་མཛད་པ། །སྤྱན་རས་གཟིགས་དབང་ལྷ་ཚོགས་ཕྱག་འཚལ་ལོ། །དེ་ནས་ཕྱི་མཆོད་འབུལ་བ་ནི། ཧྲཱིཿ ཡོན་ཏན་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་ཆབ་ཞལ་ཟས་དང༌། །རོལ་མོ་སིལ་སྙན་མཆོད་པ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །ནང་གི་མཆོད་པ་འབུལ་བ་ནི། མཛེས་པའི་གཟུགས་དང་སྙན་པའི་སྒྲ། །ཞིམ་པའི་དྲི་དང་མངར་བའི་རོ། །རེག་བྱ་འདོད་ཡོན་མཆོད་པ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །ནང་མཆོད་བདུད་རྩིས་ཀྱང་མཆོད་དོ། །གསང་མཆོད་འབུལ་བ་ནི། ཤ་ལྔ་དང་ནི་བདུད་རྩི་ལྔ། །ཕུང་པོ་ཁམས་དང་སྐྱེད་མཆེད་ལྔ། དབང་པོ་ཡུལ་ལྔ་འབྱུང་བ་ལྔ། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །དགའ་བ་བཞི་དང་བདེ་བ་བརྒྱད། །སྐད་ཅིག་བཞི་དང་ཡེ་ཤེས་ལྔ། །ཟུང་འཇུག་དགའ་བདེའི་མཆོད་པ་འདི། །དཀྱིལ་འཁོར་ལྷ་ཡི་བཞེས་སུ་གསོལ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། མཆོད་མཁན་མཆོད་པ་མཆོད་པའི་ཡུལ། །སྒྱུ་མ་རྨི་ལམ་ལྟར་ཤེས་པ། །སྤྲོས་བྲལ་དོན་དམ་མཆོད་པ་འདི། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །དེ་ནས་བསྟོད་པ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་ཚིག་བཞི་དང༌། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཅེས་ཚིག་བཞི་དང༌། ཧྲཱིཿ རྣམ་པར་སྣང་མཛད་གཏི་མུག་རྣམ་དག་པས། །གཟུགས་ཕུང་གནས་གྱུར་ཆོས་དབྱིངས་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །རྣམ་སྣང་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་སེམས་དཔའ་ཞེ་སྡང་རྣམ་དག་པས། །རྣམ་ཤེས་གནས་གྱུར་མེ་ལོང་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །མི་བསྐྱོད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རིན་ཆེན་འབྱུང་ལྡན་ང་རྒྱལ་རྣམ་དག་པས། །ཚོར་ཕུང་གནས་གྱུར་མཉམ་ཉིད་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །རིན་འབྱུང་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །སྣང་བ་མཐའ་
XXX ཡས་འདོད་ཆགས་རྣམ་དག་པས། །འདུ་ཤེས་གནས་གྱུར་སོར་རྟོགས་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །སྣང་མཐའ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །དོན་ཡོད་གྲུབ་པ་ཕྲག་དོག་རྣམ་དག་པས། །འདུ་བྱེད་གནས་གྱུར་བྱ་གྲུབ་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་དག་ཉིད་ཅན། །དོན་གྲུབ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །བདེ་སྟོང་གཉིས་སུ་མེད་པ་ཡི། །གསང་བ་ཡེ་ཤེས་ཕྱག་འཚལ་བསྟོད། །ནམ་མཁའ་རྣམ་པར་དག་པ་ཡི། །ཆོས་དབྱིངས་ལྷ་རྣམས་འབྱུང་བའི་གཞི། །དབྱིངས་ཕྱུག་མ་ལ་ཕྱག་འཚལ་བསྟོད། །ཆུ་ཁམས་རྣམ་པར་དག་པ་ཡི། །རྡོ་རྗེའི་ལྷ་རྣམས་འབྱུང་བའི་གཞི། །མ་མཱ་ཀི་ལ་ཕྱག་འཚལ་བསྟོད། །ས་ཁམས་རྣམ་པར་དག་པ་ཡི། །རིན་ཆེན་ལྷ་རྣམས་འབྱུང་བའི་གཞི། །སངས་རྒྱས་སྤྱན་མར་ཕྱག་འཚལ་བསྟོད། །མེ་ཁམས་རྣམ་པར་དག་པ་ཡི། །པདྨའི་ལྷ་རྣམས་འབྱུང་བའི་གཞི། །གོས་དཀར་མོ་ལ་ཕྱག་འཚལ་བསྟོད། །རླུང་ཁམས་རྣམ་པར་དག་པ་ཡི། །ལས་ཀྱི་ལྷ་རྣམས་འབྱུང་བའི་གཞི། །དམ་ཚིག་སྒྲོལ་མར་ཕྱག་འཚལ་བསྟོད། །ཞི་བའི་ཕྲིན་ལས་སྒྲུབ་མཛད་པའི༌། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྒྱས་པའི་ཕྲིན་ལས་སྒྲུབ་མཛད་པའི། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །དབང་གི་ཕྲིན་ལས་སྒྲུབ་མཛད་པའི། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །མངོན་སྤྱོད་ཕྲིན་ལས་སྒྲུབ་མཛད་པའི། །ལས་ཀྱི་མཁའ་འགྲོར་ཕྱག་འཚལ་བསྟོད། །ཁྱེད་ལ་ཕྱག་འཚལ་བསྟོད་པ་ཡིས། །མཆོག་དང་མཐུན་མོང་དངོས་གྲུབ་སྩོལ། །དོན་གཉིས་འགྲུབ་པར་མཛད་དུ་གསོལ། །ཞེས་བསྟོད་ཅིང་གསོལ་བ་བཏབ་བོ། །ལག་མཆོད་བདུད་རྩི་བྱིན་གྱིས་བརླབ་ནི། །ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་
XXX ལས་མེ། ཀཾ་གསུམ་ལས་ཐོད་པའི་སྒྱེད་པོ་གསུམ་གྱི་སྟེང་དུ་ཨ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཟླ་བའི་གདན་གྱི་སྟེང་དུ། །གོ་ཀུ་ད་ཧ་ན་ལས་ཤ་ལྔ་དེ་ཉིད་ཀྱིས་མཚན་པ། དེའི་སྟེང་དུ་བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་ལ་དེ་ཉིད་ཀྱིས་མཚན་པ། དེའི་སྟེང་དུ་ཧཱུྃ་བྷྲཱུྃ་ཨཾ་ཛྲིཾ་ཁཾ་ལས་ཡེ་ཤེས་ལྔ། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རླུང་གཡོས་མེ་སྦར། ཐོད་པ་དྲོས་རྫས་རྣམས་ཁོལ། རླངས་པ་ཨོཾ་ཨཱཿཧཱུྃ་ལ་ཕོག །དེ་ལས་བདུད་རྩིའི་རྒྱུན་བབས། ཨོཾ་ཨཱཿཧཱུྃ་དང་བཅས་པ་ཐོད་པར་ལྷུང་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཅེས་ལན་གསུམ་གྱིས་བྱིན་གྱིས་བརླབས། གཡོན་པའི་སྲིན་ལག་གིས་རིམ་པ་བཞིན་དུ་བདུད་རྩི་གཏོར་ཞིང༌། ངག་ཏུ། དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། མགོན་པོ་འོད་དཔག་མེད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྣལ་འབྱོར་མི་ཏྲ་ཛོ་ཀིའི་ཞལ་དུ་ཨོཾ་ཨཱཿཧཱུྃ། པཎ་ཆེན་ཤྲཱི་པུ་ཏྲའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྟོགས་ལྡན་གིརྟི་རཏྣའི་ཞལ་དུ་ཨོཾ་ཨཱཿཧཱུྃ། མཚུངས་མེད་འོད་དཔག་རྡོ་རྗེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་དབང་རྒྱུད་མན་ངག་སྟོན་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། མཁའ་འགྲོ་སྡེ་ལྔ་ལ་སོགས་གནས་གསུམ་གྱི་མཁའ་འགྲོ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། །བྲག་མགོན་ལ་སོགས་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཚངས་པ་ཕྱོགས་སྐྱོང་བཅུ་པོ་སོགས་འཇིག་རྟེན་སྐྱོང་བ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་སོགས་གཞི་བདག་གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ།
XXX སྐྱེ་བ་གནས་བཞིར་བསྡུས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་བདུད་རྩིས་ཚིམས་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །གསུམ་པ་རྗེས་ལ་གཉིས། ཚོགས་མཆོད་དང་གཏོང་རག་གི་མཆོད་པའོ། །དང་པོ་ནི། ཚོགས་ཀྱི་བྱིན་རླབས་ནང་མཆོད་ལྟར་བྱས་ལ། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ་ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི་མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་དག །བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཞེས་པ་ནི་བསྡུས་པའོ། །རྒྱས་པར་བྱེད་ན། ཧྲཱིཿ བླ་མ་བརྒྱུད་པར་བཅས་པ་དང༌། །ཡི་དམ་ལྷ་ཚོགས་མ་ལུས་དང༌། །མཁའ་འགྲོ་ཆོས་སྐྱོང་འཁོར་བཅས་རྣམས། །ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཅེས་སྤྱན་དྲངས་ལ། ཚོགས་བསྟབ་པ་ནི། སྤྱི་གཙུག་པད་ཟླའི་གདན་སྟེང་དུ། །ཆོས་ལོངས་སྤྲུལ་སྐུའི་ལྷ་ཚོགས་དང༌། །བཀའ་རྒྱུད་བླ་མ་འཁོར་དང་བཅས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །སྤྱི་བོ་བདེ་ཆེན་འཁོར་ལོ་ནི། །རྣམ་པར་སྣང་མཛད་ཡབ་ཡུམ་དང༌། །སངས་རྒྱས་རིགས་ཀྱི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། །ཚེ་དཔག་མེད་པ་ཡབ་ཡུམ་དང༌། །པདྨ་རིགས་ཀྱི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །སྙིང་ཁ་ཆོས་ཀྱི་འཁོར་ལོ་ན། །
XXX མི་བསྐྱོད་རྡོ་རྗེ་ཡབ་ཡུམ་དང༌། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །རིན་ཆེན་འབྱུང་ལྡན་ཡབ་ཡུམ་དང༌། །ཡོན་ཏན་རིགས་ཀྱི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །གསང་གནས་བདེ་སྐྱོང་འཁོར་ལོ་ན། །དོན་ཡོད་གྲུབ་པ་ཡབ་ཡུམ་དང༌། །ལས་ཀྱི་རིགས་ཀྱི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །མིག་སོགས་སྐྱེ་མཆེད་དག་པ་ཡི། །བྱང་ཆུབ་སེམས་དཔའ་སེམས་མ་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །མགོ་སོགས་ལྷུ་ཚིགས་དག་པ་ཡི། །ཁྲོ་བོ་ཁྲོ་མོ་བཅུ་པོ་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །རྩ་ཁམས་རྣམ་པར་དག་པ་ཡི། །དཔའ་བོའི་ལྷ་ཚོགས་མ་ལུས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །རླུང་ཁམས་རྣམ་པར་དག་པ་ཡི། །ཡེ་ཤེས་མཁའ་འགྲོ་མ་ལུས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །ཐིག་ལེ་རྣམ་པར་དག་པ་ཡི། །གསང་སྔགས་ལྷ་ཚོགས་ཐམས་ཅད་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །ལུས་ཀྱི་ཞིང་རྡུལ་རྣམ་དག་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་
XXX ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །རང་ལུས་རྣམ་པར་དག་པ་ཡི། །སྐུ་ཡི་རྡོ་རྗེའི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །རང་ངག་རྣམ་པར་དག་པ་ཡི། །གསུང་གི་རྡོ་རྗེའི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །རང་སེམས་རྣམ་པར་དག་པ་ཡི། །ཐུགས་ཀྱི་རྡོ་རྗེའི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཕྲིན་ལས་རྣམ་བཞི་སྒྲུབ་ཏུ་གསོལ། །དམ་ཚིག་ཆེན་པོའི་གནས་བརྒྱད་ནས། །དམ་ཅན་རྒྱ་མཚོ་སྐུ་བསྐྱོད་འཚལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཕོ་ཉ་ལས་མཁན་མཛད་དུ་གསོལ། །པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། །ག་ཎ་ཙཀྲ་ལ་ཁཱ་ཧི། ཚོགས་ཆང་ལག་མཆོད་ལྟར་འབུལ་ཞིང་ནམ་མཁའ་གཏོར། ཚོགས་ཕུད་བཅད་ལ་དཀྱིལ་འཁོར་དང་གཏོར་མ་འབུལ་ལོ། །གཏོར་མ་ནི། གོང་གི་ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། གོང་གི་ལག་མཆོད་ལྟར་བྱིན་གྱིས་བརླབ། གཏོར་མགྲོན་སྤྱན་དྲངས་ཤིང་འབུལ་བ་ནི། བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདུན་གྱི་ནམ་མཁར་བཛྲ་ས་མ་ཡ་ཛ་ཛཿ ཕེཾ་ལེཾ། ལྗགས་རྡོ་རྗེའི་སྦུ་གུ་གཏོར་མ་ལ་ཟུག་ཏེ་གསོལ་བར་གྱུར། ན་མོ་གུ་རུ་རཏྣ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་བླ་མ་དང༌། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་ཧཱུྃ། ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་འབུལ། གཞན་ཡང་ཡི་དམ་གང་བྱེད་འདིའི་གཤམ་དུ་
XXX བཟུད་དོ། །ཨརྒྷཾ་སོགས་ཀྱིས་མཆོད། བླ་མ་དང་འཇིག་རྟེན་དབང་ཕྱུག་ལ་སོགས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་མཉེས་ནས། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པར་སྩལ་དུ་གསོལ། ཅེས་གསོལ་བ་གདབ་བོ། །ཆོས་སྐྱོང་བའི་གཏོར་མ་ནི། །བསང་སྦྱང་གོང་ལྟར་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བྱིན་གྱིས་བརླབས་ལ། བསྐྱེད་ཆོག་བསྡུས་པ་ནི། །ཨོཾ་སྭ་བྷཱ་ཝ་ཞེས་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་མདུང་དང་རལ་གྲི་གཤིབས་པའི་གུར་ཁང༌། མ་མོ་དང་རླུང་ནག་འཚུབ་པའི་དབུས། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར། དགྲ་བགེགས་ཕོ་མོ་བསྣོལ་བའི་སྟེང༌། གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་དབུས་སུ། པད་ཉིའི་གདན་ལ་ཧཱུྃ་དང་གྲི་གུག་ལས་སྐྱེས་པའི་དཔལ་ཡེ་ཤེས་ཀྱི་བྲག་མགོན་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ། འཇིགས་པའི་ཞལ་གདངས་ཤིང་མཆེ་བ་བཞི་གཙིགས་པ། ལྗགས་གློག་ལྟར་དུ་འཁྱུག་པ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། གཡས་ཀྱི་ཕྱག་ན་བེང་དབྱུག་ཟུར་བཞི་རྩེ་མོར་ནོར་བུས་མཚན་པ་མེ་སྟག་འཕྲོ་བ་འཛིན་པ། གཡོན་པས་པར་བུའི་ནང་དུ་དགྲ་སྙིང་དང་བཅས་པ་འཛིན་པ། ཐོད་སྐམ་ལྔའི་དབུ་རྒྱན། ཐོད་རློན་ལྔ་བཅུས་དོ་ཤལ། སྦྲུལ་ནག་གདུག་པ་ཅན་གྱི་སེ་ར་ཁ་དང་ཡན་ལག་ཐམས་ཅད་བརྒྱན་པ། སྐུ་སྨད་ལ་སྟག་ལྤགས་རློན་པའི་ཤམ་ཐབས་གསོལ་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བ། དར་ནག་པོའི་འཇོག་བེར་གསོལ་བ། སྐུ་ལ་མེའི་ཚ་ཚ་འཕྲོ་བ། གདུག་པ་ཅན་ཐམས་ཅད་བསྲེག་པའོ། །དེའི་མདུན་དུ་ལས་མཁན་མོན་པ་ནག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ཕྱག་གཡས་ཀྱིས་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་པ་དགྲ་སྙིང་གིས་
XXX བཀང་བ་གཙོ་བོའི་ཞལ་དུ་སྟོབས་པ། གཞན་ཡང་ཡེ་ཤེས་ཀྱི་མགོན་པོ་སྤྲིན་ལྟར་དུ་གཏིབས་པ། ལས་ཀྱི་མགོན་པོ་དང༌། འཇིག་རྟེན་གྱི་མགོན་པོ་རླུང་ལྟར་འཚུབས་པ། གཞན་ཡང་མ་མོ་དང་གཤིན་རྗེའི་ཚོགས་དཔག་ཏུ་མེད་པས་བསྐོར་བར་གྱུར། མགོན་པོའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་བསིལ་བའི་ཚལ་ནས་ཡེ་ཤེས་པ་སྤྱན་དྲངས། རྒྱས་པར་སྤྲོ་ན། ཧཱུྃ་དད་པ་དང་ནི་དམ་ཚིག་གིས། །ཞེས་སོགས་སྤྱན་འདྲེན་ནོ། །ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པའི་ལྗགས་རྡོ་རྗེའི་སྦུ་གུ་གཏོར་མ་ལ་ཟུག་པར་གྱུར། ཨོཾ་མ་ཧཱ་ཀཱ་ལ་དྷུ་རུ་སྭ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་དང༌། ཤཱ་ས་ནའི་སྔགས་ཀྱིས་མགོན་པོ་སྤྱི་ལ་འབུལ། དཔལ་ལྡན་ལྷ་མོ་གང་བྱེད་བསྐྱེད་ལ། རང་སྔགས་སམ། ཡང་ན། ཏྲག་རག་མོ་བ་ལི་ཏི་ཁཱ་ཧི། ཏྲག་རཀྵ་མ་ཧཱ་རཀྵི་ཎ་ནག་མོ་དུན་ཏིང་བྷྱོ། ཨི་དཾ་བ་ལིཾ་ཏ་ཁཱ་ཧི། དཔལ་ཡེ་ཤེས་ཀྱི་མགོན་པོ་ཡབ་ཡུམ་སྲས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བདག་དང་སངས་རྒྱས་ཀྱི་བསྟན་པ་སྲུངས། མཐུན་རྐྱེན་སྒྲུབས། འགལ་རྐྱེན་ཟློག །དགྲ་བགེགས་ཚར་བཅད་དུ་གསོལ། མཁའ་འགྲོ་སྤྱི་གཏོར་ནི། སྤྱན་དྲངས་ལ་རང་སྔགས་ཀྱིས་འབུལ་བའམ། ཡང་ན། མཁའ་འགྲོ་ལྔའི་འཁོར་ན་གནས་པ། ཡུལ་སུམ་ཅུ་སོ་གཉིས། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་སྤྲུལ་པའི་སྐུ་འགྲོ་བ་སེམས་ཅན་གྱི་དོན་ལ་བཞུགས་པ་རྣམས་ཀྱི་ཞལ་དུ་ཁཱ་ཧི། སྐུ་གསུང་ཐུགས་མཉེས་ནས་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག །གཞི་བདག་གཏོར་མ་ནི། དཀར་གཏོར་དུ་བྱིན་གྱིས་བརླབས་ལ། གཞན་ཡང་བོད་ཁམས་
XXX སྐྱོང་བར་བྱེད་པའི་བརྟན་མ་བཅུ་གཉིས་ཡུལ་སོ་སོའི་གཞི་བདག །གནས་རི་ཁྲོད་ཀྱི་སྲུང་མ་དམ་ཚིག་ཅན་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །མཉེས་ཤིང་ཚིམས་ནས་ཆོས་དང་མཐུན་པའི་སྡོང་གྲོགས་མཛོད་ཅིག །གཞན་ཡང་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་བ་གནས་བཞིར་བསྡུས་པའི་སེམས་ཅན་རྣམས་གཏོར་མ་འདིས་ཚིམས་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཨརྒྷཾ་ལ་སོགས་ཀྱིས་མཆོད། ནང་མཆོད་ཀྱིས་ཀྱང་མཆོད་ལ། བསྟོད་པ་ནི། གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང༌། །བླ་མེད་བྱང་ཆུབ་ཐོབ་མཛད་པ། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །ཧྲཱིཿ རྣམ་པར་སྣང་མཛད་གཏི་མུག་རྣམ་དག་པས། །ཅེས་པ་ནས། དོན་གཉིས་འགྲུབ་པར་མཛད་དུ་གསོལ། །ཅེས་པའི་བར་གྱིས་བསྟོད། ཧཱུྃ་ལས་བྱུང་བའི་ནག་པོ་མཐུ་བོ་ཆེ། །སྤྱན་རས་གཟིགས་མགོན་བཀའ་སྲུང་དམ་ཚིག་ཅན། །བྲག་ལྷ་མགོན་པོ་མགོན་པོ་འབུམ་གྱི་རྗེ། །སངས་རྒྱས་བསྟན་སྲུང་ནག་པོ་ཁྱོད་ལ་བསྟོད། །བྷྱོ། གང་གི་སྐུ་གསུང་ཐུགས་ཀྱིས་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་སྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་འདུད། །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། འཇིག་རྟེན་སྐྱོང་བ་བརྒྱད་པོ་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་མ་ལུས་དང༌། །དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་པར་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་
XXX སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་གྲུབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུང༌། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཤིང་ཆོས་འཕེལ་དང༌། །བདེ་ལེགས་ཕུན་སུམ་ཚོགས་པ་དང༌། །ཡིད་ལ་འདོད་པ་ཀུན་གྲུབ་ཤོག །དེ་ནས་ཚོགས་ལ་རོལ་བ་ནི། །ལས་ཀྱི་སློབ་དཔོན་གྱིས་ཐབས་ཤེས་ཀྱི་རྫས་སྟེང་འོག་ཏུ་བཟུང་ལ་བསྣོལ་ནས། ཀྱཻ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང༌། །བྲམ་ཟེ་ཁྱི་དང་གདོལ་བ་གསུམ། རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་སློབ་དཔོན་ལ་དྲང་ངོ༌། །སློབ་དཔོན་གྱིས་པད་ཀོར་དང་ལྡན་པས། ཧཱུྃ། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་ལ་སོགས་དྲི་མ་སྤངས། །གཟུང་དང་འཛིན་པ་དང་བྲལ་བའི། །དེ་ཁོ་ན་ཉིད་ལ་གུས་ཕྱག་འཚལ། །ཨ་ལ་ལ་ཧོ། ཚུལ་དེས་མཆེད་ལྕམ་རྣམས་ལ་ཡང་དྲང་ངོ༌། །ཐམས་ཅད་ཀྱི་ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་ཀྱི་ངང་ནས་ཚོགས་ལ་རོལ་ལོ། །དེ་ནས་ལྷག་མ་རྣམས་སྣོད་གཅིག་ཏུ་བསྡུས་ལ། རྡོ་རྗེ་སློབ་དཔོན་གྱིས་འབར་བའི་ཕྱག་རྒྱས་ཁ་ཆུས་བྲན་ལ། ཨོཾ་བཛྲ་ཨཱ་ར་ལི་ཧོ་ཕེཾ་ཕེཾ། ཞེས་འབར་བའི་ཕྱག་རྒྱས་གཡོན་ནས་གཡས་སུ་སྨིན་མཚམས་སུ་སྐོར། ཡཾ་རཾ་ཁཾ། ཨོཾ་ཨཱཿཧཱུྃ། ཕུད་དང་ལྷག་མའི་གཏོར་མ་བཟང་ཞིང་ཆུ་ཆེ་བ། ཟད་མི་ཤེས་པ་འདོད་པའི་ཡོན་ཏན་
XXX ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་བྷཀྵ་བྷཀྵ་ཡི་སྭཱ་ཧཱ། ལྷག་མ་དབང་བའི་འབྱུང་པོ་ཐམས་ཅད་ཚིམས་པར་གྱུར་ཅིག ལྷག་མ་བསྐྱང་བ་ནི། ཧཱུྃ་གཞན་ཡང་ལས་ཀྱི་མཁའ་འགྲོ་མ། །མྱུར་མགྱོགས་རྩལ་ལྡན་ཐམས་ཅད་དང༌། །འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །ཁྲོ་གཏུམ་འཇིགས་པར་སྟོན་རྣམས་དང༌། །ཤ་ཟ་མཁའ་འགྲོ་རྫུ་འཕྲུལ་ཅན། །སྟོང་གསུམ་དབང་དུ་སྡུད་རྣམས་དང༌། །ལས་ལ་མྱུར་བའི་ཕོ་ཉ་རྣམས། །དམ་ཚིག་དབང་གིས་འདིར་གཤེགས་ལ། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །ལོག་པར་ལྟ་བའི་དགྲ་བགེགས་ཐུལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཅེས་ནམ་མཁའ་མཐོང་སར་གཏོར་ལ། བཤལ་ཆུ་བསྐྱངས་ལ། ཕྱོགས་བཅུ་འཇིག་རྟེན་སྐྱོང་བ་ཡི། །བོད་ཁམས་སྐྱོང་བའི་བརྟན་མ་རྣམས། །འདིར་གཤེགས་བཤལ་ཆུའི་གཏོར་མ་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཅེས་ནམ་མཁའ་གཏོར་རོ། །དེ་ནས་གཏོར་སྣོད་ཁ་སྦུབ་ལ་གཏོར་བྲོ་ནི། ཧཱུྃ། ཆོས་དབྱིངས་རབ་འབྱམས་དཀྱིལ་འཁོར་དུ། །སྣང་སྲིད་དབང་དུ་སྡུད་པའི་ལྷ། །མཁའ་འགྲོ་ཀུན་ལ་དབང་སྒྱུར་མ། །འཇིག་པའི་གད་མོ་ཧཱུྃ་སྒྲ་ཅན། །ཌཱ་ཀི་རྒྱ་མཚོ་སྤུངས་སེ་སྤུང༌། །མཛེས་པའི་གར་ཐབས་ཤ་ར་ར། །འདིར་གཤེགས་བསྟན་ལ་སྡང་བ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ་ཕཊ་སྭཱ་ཧཱ། གནོད་བྱེད་ཐམས་ཅད་སྟ་བྷ་ཡ་ནན་ནན། ཞེས་དགྲ་བགེགས་ཐམས་ཅད་རི་རབ་ཀྱི་་འོག་ཏུ་མནན་པར་བསམ། གཉིས་པ་རྗེས་ཆོག་ནི། རྒྱས་པར་སྤྲོ་ན་མཆོད་པ་བྱིན་རླབས་དང༌། གཙང་སྦྱར་མ་སོགས་མཆོད་པ་རྒྱས་པར་བྱ། བསྡུ་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་གོང་བཞིན་མཆོད། ནང་མཆོད་བདུད་རྩིས་ཀྱང་མཆོད་ལ་བསྟོད་པ་ནི།
XXX སངས་རྒྱས་མང་པོས་རབ་ཏུ་བསྔགས། །ཡོན་ཏན་མཆོག་གི་གཏེར་གྱུར་པ། །སྤྱན་རས་གཟིགས་དབང་འཁོར་དང་བཅས། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། །དེ་ནས་བཟོད་པར་གསོལ་བ་ནི། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ཅིང༌། བདག་ནི་མ་རིག་དབང་གྱུར་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང༌། །ཆོ་ག་ལྷག་ཆད་ཅི་མཆིས་པ། །དཀྱིལ་འཁོར་ལྷ་ཡི་བཟོད་པར་མཛོད། །དེ་ནས་བསྔོ་བ་ནི། ཕྱོགས་བཅུར་བཞུགས་པའི་བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། དགེ་བ་འདི་ཡི་མྱུར་དུ་བདག །བླ་མ་ཡི་དམ་གྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བརྗོད། བཀྲ་ཤིས་ནི། སངས་རྒྱས་ཀུན་དངོས་བླ་མ་རིན་པོ་ཆེ། །ཡོན་ཏན་ཕུན་ཚོགས་ཆོས་ཀྱི་དབྱིངས་དང་མཉམ། །བདག་ཅག་སྐྱེ་གུའི་འགྲོ་བ་འདྲེན་མཛད་པ། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སྤྱན་རས་གཟིགས་དབང་ལ་སོགས་པའི། །བདག་གིས་མེ་ཏོག་ཕོག་པའི་ལྷ། །ལས་དང་སྐལ་བ་ལྡན་པ་ཡི། །ཡི་དམ་རྣམས་ཀྱི་བཀྲ་ཤིས་ཤོག །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་པ། །འདོད་དགུར་སྒྱུར་པའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་ཀྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པར་བྱེད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཧཱུྃ་ལས་བྱུང་བའི་ནག་པོ་མཐུ་པོ་ཆེ། །སྤྱན་རས་གཟིགས་ཀྱི་བཀའ་སྲུང་དམ་ཚིག་ཅན། །བྲག་ལྷ་མགོན་པོ་མགོན་པོ་འབུམ་གྱི་རྗེ། །སངས་རྒྱས་བསྟན་སྲུང་ཆེན་པོའི་བཀྲ་ཤིས་ཤོག། །ཅེས་བཀྲ་ཤིས་བརྗོད། བརྟན་བཞུགས་བྱ་བ་ནི། །མགོན་པོ་ཐུགས་རྗེ་ཆེན་པོ་དང་
XXX ལྡན་པ་རྣམས་ཀྱིས་རྟེན་འདི་ལ་འབྱུང་བ་ས་ཆུ་མེ་རླུང་གིས་མ་གནོད་ཀྱི་བར་དུ་བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་སྐྱབས་དམ་པ་མཛད་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། རྟེན་མི་བཞུགས་ན་གཤེགས་སུ་གསོལ་བ་ནི། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཞེས་གཤེགས། དམ་ཚིག་པ་རྣམས་བདག་ཉིད་ལ་ཐིམ་པར་གྱུར། །ཨོཾ་ཨཱཿཧཱུྃ། གིས་བསྡུའོ། སརྦ་བྷཱུ་ཏ་གཙྪ། །ཞེས་སེ་གོལ་བརྡེབ་ཅིང༌། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་སུ་གསོལ། །དེ་ནས་སྣོད་བཅུད་རྟེན་གཞལ་ཡས་ཁང་ནས། །ས་བོན་ནཱ་དའི་བར་དང་དེ་ལས་འདས་ཏེ། །དོན་དམ་པ་སྟོང་པ་ཉིད་ཀྱི་རང་ལ་ཡུན་རིང་དུ་མཉམ་པར་གཞག །སླར་ཟུང་འཇུག་གི་སྐུར་ལྡངས་ཏེ་གོང་བཞིན་བསྐྱེད་རྫོགས་ཀྱི་གདམས་པ་རྣམས་ཚུལ་བཞིན་དུ་ཉམས་སུ་བླང་ངོ༌། །སྤྱོད་ལམ་རྣལ་འབྱོར་དང་རྫོགས་རིམ་ཞིབ་པར་སྒྲུབ་ཐབས་ཆེན་མོར་ལྟོས་ཤིག །སྤྱན་རས་གཟིགས་དབང་སྒྲུབ། མི་ཏྲའི་ལུགས། པའི་ཐབས། །བདེ་གསལ་དོན་ བློ་དམན་ཀྱི། དུ་འཐད་ལྡན་པའི། །ལུང་དང་བླ་མའི་མན་ངག་བཞིན། །གཞན་གྱིས་བྱ་བཏང་ཆོས་རྗེ་བསྐུལ་ཕྱིར་ཁོ་བོས་ འོད་དཔག་རྡོ་རྗེ། །བསྡེབས། ནོངས་པར་མཁའ་འགྲོས་བཟོད་པར་བཞེས། །དགེ་བ་སེམས་ཅན་དོན་ཕྱིར་བསྔོ། །འདིས་རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་པར་གྱུར་ཅིག། །དགེ་ལེགས་འཕེལ།

{{#cargo_store: _table=WyliePageContent

|TibetanContent=

}}

Notes

Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.