Wylie:Bde mchog snyan brgyud kyi rdzogs rim steng sgo rnam par grol ba'i chos drug gi khrid yig: Difference between revisions

From gDams Ngag mDzod
Jump to navigation Jump to search
No edit summary
m (Text replacement - "<headertabs /> ==Other Information== {{Nitartha Thanks}} " to "<headertabs /> {{Footer}} ")
Line 85: Line 85:
</onlyinclude>
</onlyinclude>
<headertabs />
<headertabs />
==Other Information==
 
{{Nitartha Thanks}}
 
{{Footer}}

[[Category: mi la ras pa]][[Category: ras chung pa]] {{DRL Tibetan text categories}} [[Category: Gdams ngag mdzod Shechen Printing]] [[Category: Gdams ngag mdzod Catalog]]

Revision as of 18:25, 8 December 2017

Upload a file
DOWNLOAD ABOVE:
Click the picture above to view the original manuscript.

བདེ་མཆོག་སྙན་བརྒྱུད་ཀྱི་རྫོགས་རིམ་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་དྲུག་གི་ཁྲིད་ཡིག་
bde mchog snyan brgyud kyi rdzogs rim steng sgo rnam par grol ba'i chos drug gi khrid yig
The Six Dharmas, which bring total liberation through the “upper gateway”

Damngak Dzö Volume 7 ({{{VolumeLetterTib}}}) / Pages 501-541 / Folios 1a1 to 21a2

{{#cargo_store: _table=WyliePageContent |TextAuthor=rdo rje rgyal mtshan brtse ba |VolumeNumber=7 |TextNumber=034 |PageNumbers=501-541 |FolioNumbers=1a1 - 21a2 |TibTitle=བདེ་མཆོག་སྙན་བརྒྱུད་ཀྱི་རྫོགས་རིམ་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་དྲུག་གི་ཁྲིད་ཡིག་ }}

Property "Author" has a restricted application area and cannot be used as annotation property by a user.

[edit]
༥༠༡ བདེ་མཆོག་སྙན་བརྒྱུད་ཀྱི་རྫོགས་རིམ་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་དྲུག་གི་ཁྲིད་ཡིག་བཞུགས་སོ།། །།
༥༠༢ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི། །གསང་དབང་དང་འབྲེལ་བ་སྟེང་སྒོ་རྣམ་པར་གྲོལ་བའི་ལམ་ལ་དྲུག་སྟེ། །གཏུམ་མོ་བདེ་དྲོད་རང་འབར་ལམ་གྱི་གཞུང་ཤིང་དང་། །སྒྱུ་ལུས་ཆོས་བརྒྱད་རང་གྲོལ་དང་། །རྨི་ལམ་འཁྲུལ་པ་རང་སངས་དང་། །འོད་གསལ་མ་རིག་མུན་བྲལ་དང་། །འཕོ་བ་གསེར་འགྱུར་གྱི་རྩི་དང་། །གྲོང་འཇུག་སྤྲུལ་ལྤགས་འདོར་བྱེད་དོ། །དང་པོ་ལ་ལྔ་སྟེ། གཏུམ་མོའ་དབྱེ་བ་དང་། བྱེད་ལས་དང་། ཆོས་མཚུངས་དཔེ་དང་སྦྱར་བ་དང་། རྒྱུ་མཚན་དང་། སྤར་ཐབས་སོ། །དང་པོ་ལ་བཞི་སྟེ། ཕྱི་དང་། ནང་དང་། གསང་བ་དང་། དེ་ཁོ་ན་ཉིད་ཀྱི་གཏུམ་མོའོ། །བྱེད་ལས་ནི། ཕྱིའི་གཏུམ་མོས་གདོན་སྟོང་ཕྲག་བརྒྱད་ཅུ་འཇོམས། ནང་གི་གཏུམ་མོས་ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས། གསང་བའི་གཏུམ་མོས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འཇོམས། དེ་ཁོ་ན་ཉིད་ཀྱི་གཏུམ་མོས་རང་ལ་ཡོད་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ངོ་སྤྲོད་པའོ། །ཆོས་མཚུངས་དཔེ་དང་སྦྱར་བ་ནི། ཕྱིའི་གཏུམ་མོ་མེ་དང་ཆོས་མཚུངས་ཏེ། མེའི་ནང་དུ་ཤིང་གཅིག་བསྐྱུར་ཀྱང་སྲེག་ལ། བརྒྱ་བསྒྱུར་ཀྱང་སྲེག །དེ་བཞིན་དུ་གདོན་གཅིག་གནོད་ཀྱང་སྲེག་ལ། བརྒྱ་
༥༠༣གནོད་ཀྱང་སྲེག་གོ་།ནང་གི་གཏུམ་མོ་སྨན་དང་ཆོས་མཚུངས་ཏེ། སྨན་པ་མཁས་པས་སྨན་བཏང་ན་ནད་སེལ་བ་བཞིན་གཏུམ་མོ་བསྒོམས་པས་ནད་སེལ་བའོ། །གསང་བའི་གཏུམ་མོ་སེང་གེ་དང་ཆོས་མཚུངས་ཏེ། སེང་གེས་རི་དྭགས་ཐམས་ཅད་ཟིལ་གྱིས་མནན་པ་བཞིན་དུ། གཏུམ་མོ་བསྒོམས་པས་ཉོན་མོངས་པ་ཐམས་ཅད་ཟིལ་གྱིས་མནན་པའོ། །དེ་ཁོ་ན་ཉིད་ཀྱི་གཏུམ་མོ་མེ་ལོང་དང་མཚུངས་ཏེ། མེ་ལོང་གཡའ་དག་པ་ལ་བལྟས་ན་རང་གི་བཞིན་མཐོང་བ་བཞིན་དུ། གཏུམ་མོ་བསྒོམས་པས་རང་གི་སངས་རྒྱས་ཀྱི་ཡེ་ཤེས་གསལ་ལམ་མེ་མཐོང་ནས་ཨ་པ་དེ་རུ་འདུག་པ་ལ་སྔར་ངོ་མ་ཤེས་འདུག་སྙམ་པ་ཅིག་འབྱུང་བའོ། །རྒྱུ་མཚན་ནི། ངེས་ཚིག་ཡིན་ཏེ། གཏུམ་བྱ་བ་ནི་སྤང་བྱ་འཇོམས་པ་ལ་ཟེར་ཏེ། དཔེར་ན་གོ་མཚོན་ཐོགས་པའི་དཔའ་བོ་གཅིག་གིས་སྡར་མའི་དམག་དཔུང་འཇོམས་པ་བཞིན་ཉོན་མོངས་རྣམ་རྟོག་གདོན་བགེགས་འཇོམས་པ་ལ་དཔའ་ཞིང་གཏུམ་པས་ན་གཏུམ་ཞེས་བྱ། མོ་ཞེས་བྱ་བ་ནི་ཡོན་ཏན་བསྐྱེད་པ་ལ་ཟེར་ཏེ། དཔེར་ན་དཔལ་ཆེ་བའི་བུ་མོ་མཛེས་མ་ཅིག་ལ་ཁྱེའུ་ཕུན་སུམ་ཚོགས་པ་ཅིག་སྐྱེས་ན་འཇིག་
༥༠༤རྟེན་གྱི་བདེ་འབྲས་སྐྱེད་པ་བཞིན་མཆོག་ཐུན་མོང་ཐམས་ཅད་འདི་ལས་བསྐྱེད་པས་མོ་ཞེས་བྱའོ། །གྲངས་ངེས་ནི། །བཞིར་ངེས་ཏེ་དེ་བས་ཉུང་ན་མི་འདུ་སྟེ། ཕྱིའི་མེད་ན་གདོན་མི་སེལ། ནང་གི་མེད་ན་ནད་མི་སེལ། གསང་བའི་མེད་ན་ཉོན་མོངས་མི་ཆོམ། དེ་ཁོ་ན་ཉིད་མེད་ན་ཡེ་ཤེས་མི་འཕྲོད། དེ་བས་མང་ན་དོན་མེད་དེ། གདོན་བཞི། ནད་བཞི། ཉོན་མོངས་པ་བཞི། ཡེ་ཤེས་བཞི་ངོ་འཕྲོད་ནས། ཁུར་བོར་སངས་རྒྱས་པ་ཡིན་ཏེ། དཔེར་ན་ཆུར་ཐོན་པ་ལ་གྲུ་མི་དགོས་པ་བཞིན། གཏུམ་མོ་རང་ཡང་བསྒོམ་མི་དགོས་སོ། །གཏུམ་མོའ་སྦར་ཐབས་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་གསུམ་མོ། །སྦྱོར་བ་ལ་གནད་བཞི་ལས། གསོལ་འདེབས་བྱིན་རླབས་ཀྱི་གནད། གེགས་སེལ་བསྙེན་པའི་གནད། མཐུན་སྦྱོར་རྐྱེན་གྱི་གནད། གསང་བ་དམ་ཚིག་གི་གནད་དོ། །དང་པོ་ནི། བླ་མའི་རྣལ་འབྱོར་བསྒོམས་ལ་འདིར་སྙན་བརྒྱུད་བྱིན་རླབས་ཀྱི་ལམ། བྱིན་རླབས་མོས་གུས་གསོལ་འདེབས་ཀྱི་ལམ་ཡིན་པས་གསོལ་བ་སྙིང་གི་དཀྱིལ། རྐང་གི་ཁོང་། རུས་པའི་གདིང་ནས་མཆི་མ་ཕྱུང་ལ། བདེ་དྲོད་ཡེ་ཤེས་ཀྱི་མེ་སྦར་དུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ་བོ། །གཉིས་པ་གེགས་སེལ་བསྙེན་པའི་གནད་ལ། གདོན་དང་། ནད་དང་། ཉོན་མོངས་པ་གསུམ་གྱིས་གེགས་བྱས་ནས་གཏུམ་མོ་ངོ་སྤྲོད་དུ་མི་སྟེར་བས་བཅོམ་ལྡན་འདས་མའི་བསྙེན་པ་སུམ་འབུམ་བཞི་ཁྲི་བཏང་། དེས་གེགས་ལས་གྲོལ་ནས་བྱིན་རླབས་ཀྱིས་བདེ་དྲོད་འབྱུང་ངོ་། །གསུམ་པ་མཐུན་སྦྱོར་རྐྱེན་གྱི་གནད་ལ་བདུན་ཏེ། དང་པོ་འདུག་པ་གནས་ཀྱི་གནད་ནི་ཉིན་མོ་སྐྱེ་བོའ་འདུ་འཛིས་དབེན། མཚན་མོ་དགྲ་རྐུན་གྱི་མེལ་ཚེས་དབེན། འཆོ་བ་དང་ཆུ་ཤིང་བསྒྲུབ་སླ་བའོ། །གཉིས་པ་མཐུན་པ་གྲོགས་ཀྱི་གནད་ནི། དམ་ཚིག་དང་སྡོམ་པ་སྲུང་བ། ལྟ་སྤྱོད་དང་བླ་མ་གཅིག་པའོ། །གསུམ་པ་བཟའ་བ་ཟས་ཀྱི་གནད་ནི།
༥༠༥ཚད་པ་ཤས་ཆེ་ན་བསིལ་བ་བསྟེན། གྲང་བ་ཤས་ཆེ་ན་དྲོད་བཅུད་བསྟེན། རྒྱུན་དུ་བཅུད་ཅན་ཉུང་བ་དང་། བདུད་རྩི་ལྔ་ལའང་བསྟེན་པར་བྱའོ། བཞི་པ་བགོ་བ་གོས་ཀྱི་གནད་ནི། དྲོ་ཡང་གཅེར་བུ་མི་བྱ། གྲང་ཡང་སྐྱི་ཆགས་མི་བགོ་།མཁའ་འགྲོ་མཉེས་བྱེད་རས་དགོས་དང་མི་འབྲལ་བ་བརྩོན་འགྲུས་ཀྱི་ལྕག་ཡིན་པས་བསྒྲུབ་པར་བྱ། ལྔ་པ་བདེ་བ་མལ་གྱི་གནད་ནི། མལ་སྒོམ་ཐག་དང་མཉམ་པ། མགོ་སྔས་ལ་མི་འཇོག་པའོ། །དྲུག་པ་མི་འབྲལ་བ་པུས་འཁྱུད་ཀྱི་གནད་ནི། ཉིས་བལྟབས་ལ་ཁྲུ་གང་སོར་བཞི་པ། སྐྱེས་པས་རྣལ་འབྱོར་མར་བསྒོམས་ལ་བསྟིམ། བུད་མེད་ཀྱིས་ཧེ་རུ་ཀར་བསྒོམ། འཇུག་དུས་སུ་ཡབ་ཡུམ་ཁྲིལ་གྱིས་འཁྲིལ་བར་བསམ། འགོམ་ཡུག་མི་གཏང་། བདུན་པ་ངལ་དུབ་མེད་པར་སྤྱོད་པའི་ལམ་ནི། འགྲོ་འདུག །ལས་ཁུར། མཆོང་རྒྱུག །ལས་ངལ་དུབ་རྡུལ་ཐོན་པ་མི་བྱ། ཀུ་ཅོ་སྨྲ་དགོད་རྡོ་བརྡེག་མི་བྱ། བཞི་པ་གསང་བ་དམ་ཚིག་གི་གནད་ནི། སྤྱིར་སྙན་བརྒྱུད་ཀྱི་གདམས་པ། སྒོས་སྙན་བརྒྱུད་ཀྱི་དམིགས་པ། འཁྲུལ་འཁོར་རླུང་གི་གནད། ཉམས་མྱོང་དུ་བ་ལ་སོགས་པའི་རྟགས་རྣམས་གསང་ངོ་། །དངོས་གཞི་ལ་གནད་རྣམ་པ་ལྔ་ལས། ངེས་པ་དུས་ཀྱི་གནད་དང་། སྐྱོན་བྲལ་ལུས་ཀྱི་གནད་དང་། གནས་པ་རྩའི་གནད་དང་། གཡོ་བ་རླུང་གི་གནད་དང་། དམིགས་པ་ཡུལ་གྱི་གནད་དོ། དང་པོ་ལ་གཉིས་ལས། སྒོམ་པ་དུས་ཀྱི་གནད་ནི། འགྲངས་ཆེས་པ་དང་། ལྟོག་ཆས་པའི་དུས་སུ་བསྒོམས་པ་ན། རྩ་འཆང་བ་དང་། རླུང་ཁྱེར་བའི་སྐྱོན་ཡོད་པས་མི་བསྒོམ། ནམ་ཕྱེད་ནས་རླུང་འདྲེ་རྩར་ཤོར་ནས་འདྲེ་སྣང་འབྱུང་བས་མི་བསྒོམ། རྟོག་པ་སྣ་ཚོགས་འཕྲོ་བའི་དུས་སུ་སེམས་ཀྱི་རྒྱལ་པོ་སྤྲུལ་བར་གནས་པས་དེ་དུས་བསྒོམ། ནམ་ཕྱེད་འདས་ནས་ནམ་ལངས་ཀྱི་བར་བད་ཀན་ཆའི་
༥༠༦དུས་ཡིན་པས་གཏུམ་མོའ་མེ་བསྒོམས་པས་འབྱུང་བ་སྙོམས། རྩ་སྦུབས་ཐམས་ཅད་སྟོང་པར་ཡོད་པས་རླུང་གིས་ཐིག་ལེ་རྩ་ནང་དུ་ཕུལ། ལུས་ལ་ཁྲེམས་པས་རྩ་རླུང་བྱང་ཆུབ་སེམས་སུ་གྱུར་པས་བོགས་ཆེར་འབྱུང་། རྒྱུན་དུ་ཐུན་བཞིར་བསྒོམ་མོ། །ཁྱད་པར་གྱི་དུས་གནད་ཞལ་ལས་ཤེས། གཉིས་པ་ཉམས་མྱོང་དུས་ཀྱི་གནད་ལ་གསུམ་སྟེ། དང་པོ་གཏུམ་མོ་སྡུག་བསྔལ་གྱི་དུས་སུ་སྡུག་བསྔལ་བཟོད་པར་བྱ་བ་ནི། རྩ་ཟུག་རླུང་ཟུག་ཐིག་ལེའི་ཟུག་དང་། མགོ་དང་རོ་སྟོད་ན་བ་དང་། འཁྲུ་སྐྱུག་ལ་སོགས་ཅི་རིགས་པ་འབྱུང་། གཏུམ་མོ་སྒོམ་པ་ལ་ངལ་དུབ་དང་སྐྱོ་བའི་ཉམས་འཆར། དེས་ན་སངས་རྒྱས་བསྒྲུབ་པའི་དོན་དུ་གཏུམ་མོ་བསྒོམ་མི་ནུས་ན། ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་དུ་ཅི་ཙུག་བྱེད་སྙམ་དུ་བསམས་ལ། ཤི་མ་ཤི་མེད་པར་བསྒོམ། བར་དུ་བཏང་སྙོམས་ཀྱི་དུས་སུ་སོས་དལ་སྤངས་ནས་བསྒོམ་པ་ནི། སྔར་གྱི་ན་ཚ་དང་སྡུག་བསྔལ་རྣམས་ཞི། བདེ་དྲོད་བག་ཙམ་བྱུང་དུས་དེས་ཆོག་སྙམ་དུ་སོས་དལ་དུ་མི་སྡོད་པར་ལེ་ལོ་མེད་པར་བརྩོན་འགྲུས་བསྐྱེད་ལ་དྲོད་དེ་རྒྱུ་མཚན་དུ་བྱས་ལ་བསྒོམ། ཐ་མ་ངོ་འཕྲོད་ནས་དེའི་དུས་སུ་ཡེངས་མེད་དུ་བསྒོམ་པ་ནི། ཕྱི་རུ་དྲོད་མི་འདོད་ཀྱང་འབྱུང་། ནང་དུ་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེས། དེ་ལ་དུ་བ་ལ་སོགས་པའི་རྟགས་སྣ་རེ་ཙམ་མཐོང་དུས་དེས་ཡིད་ཚིམ་ནས་མ་བསྒོམས་ན། ཡོན་ཏན་གོང་མ་ལ་བར་དུ་གཅོད་པའི་བདུད་ཞུགས་པ་ཡིན་པས་ཡེངས་པ་མེད་པར་བསྒོམ་མོ། གཉིས་པ་སྐྱོན་བྲལ་ལུས་ཀྱི་གནད་ནི། ལུས་གནད་ཆོས་བདུན་དང་ལྡན་པ་སྟེ། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བྱས་པས་དྲོད་ཤུགས་ཀྱིས་སྐྱེ་བ་ཡིན། ལག་པ་གཉིས་ལྟེ་འོག་སོར་བཞིར་མཉམ་བཞག་དམ་དུ་བྱས་པས་རྩ་ཁ་བྱེ། བདེ་བ་སྐྱེ། རྒལ་ཚིགས་དྲང་པོར་བསྲངས་པས་རླུང་རང་སར་གནད་དུ་ཆུད་པ་ཡིན། མགྲིན་པ་ལྕགས་ཀྱུ་ལྟར་བཀུག་པས་རྦ་རླབས་ཀྱི་རྩ་ནོན་ནས་མི་རྟོག་པ་སྐྱེ་བ་ཡིན།
༥༠༧དཔུང་པ་རྒོད་གཤོག་ལྟར་བརྐྱངས་པས་རླུང་ནད་ཆུང་བ་ཡིན། མིག་སྣ་རྩེར་བལྟས་པས་དམིགས་པ་གསལ་བ་ཡིན། ལུས་སེམས་ལི་རི་ལྟར་བསྒྲིམས་པས་དྲོད་མྱུར་བདེ་བ་སྐྱེ་བ་ཡིན། ལི་རི་ནི་རྩ་དྲས་མ་སྟེ། །དེའི་ཐག་བཟོ་པ་དུས་གྲིམ་པོར་མ་བསྒྲིམས་པར་ལྷོད་ན་ཞིག་འགྲོ་བ་ལྟར། གཏུམ་མོ་བསྒོམ་པའི་སྐབས་ལུས་གནད་དང་དམིགས་གནད་རྩེ་གཅིག་ཏུ་མ་བསྒྲིམས་ན་ཉམས་ལེན་ཁ་འབྱམས་དྲོད་རྟགས་སྐྱེ་བའི་དུས་མི་ཡོང་བས་ཤིན་ཏུ་བསྒྲིམ་དགོས་པའི་དོན་ནོ། །མཆན། འཁྲུལ་འཁོར་འདི་རྣམས་ལ་སྐྱོན་འདི་རྣམས་བསལ་དགོས་ཏེ། མགོ་བོ་རྒུས་ན་ཚིག་པ་ཟ། མིག་མི་གསལ། གཉིད་ཆེ། ཤེས་པ་ཉོག །རོ་སྟོད་དགྱེས་པས་ཤེས་པ་འཕྱོ། རྟོག་པ་འཕྲོ། རོ་སྟོད་གཟེར་ཅིང་ན། རོ་སྟོད་རྒུས་པས་ཤུག་རིང་འབྱིན། ཉམས་མི་དགའ། སྙིང་རླུང་འབྱུང་། རོ་སྟོད་བརྒྱངས་ནས་ན། གཡས་སུ་ཡོ་ན་དམིགས་པ་མི་ཟིན། འགྲོ་འདོད། ནོར་ལ་གཟན། གཡོན་དུ་ཡོ་ན་འདོད་སྲེད་ཆེ། ཚེ་ཐུང་། འཁོར་མི་འདུ། དོན་མི་འགྲུབ། ཚང་ར་སྟན་དུ་བཏིང་ན། ཐིག་ལེ་འཛག །མཁལ་ནད་འཇུག །ལེ་ལོ་ཆེ། ཉམས་ངན་ནོ། །དེས་ན་རྟག་ཏུ་ལུས་གནད་བསྲངས་ཏེ་འདུག་པར་བྱ་ཏེ། དེའང་རྣམ་སྣང་གི་ཆོས་བདུན་ནོ། ཡང་ན་ཙོག་བུར་རྐང་པ་རེ་མིག་ལྟར་བསྣོལ་བ་ལ་ལྷམ་སྒྲོག་སྐེ་རགས་འཆིང་པ་ནས་སྒོམ་ཐག་བསྡམས་པས་རླུང་ཟུག་ཆུང་། ལུས་གནད་དམ། དྲོད་སྐྱེ་བ་མྱུར་བ་ཡིན། གཞན་སྔ་མ་བཞིན་ནོ། ཡང་བོལ་གོང་འགལ་བུ་ལྟར་བརྩེགས། ལག་པ་སྒོམ་ཐག་ལྟར་བསྡམ། འདི་ཡང་དྲོད་མྱུར་རོ། །གཞན་ཡང་གཏུམ་མོའ་འཁྲུལ་འཁོར་བཅོ་བརྒྱད་ལ་སོགས་པ་རིམ་གྱིས་སྦྱང་བར་བྱའོ། །གསུམ་པ་གནས་པ་རྩའི་གནད་ནི། ལུས་ལ་རྩ་རྒྱས་པར་ཕྱེ་ན་བ་སྤུའི་གྲངས་དང་མཉམ། དེ་བསྡུ་ན་ཉི་ཁྲི་ཆིག་སྟོང་། དེ་བསྡུ་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་བསྡུ་ན་རྩ་
༥༠༨གསུམ་འཁོར་ལོ་བཞི། དེ་བསྡུ་ན་དྷཱུ་དི། ལཱ་ལ། རཱ་ས་གསུམ། དེ་བསྡུ་ན་དྷཱུ་ཏི་གཅིག་པུ་ལ་འདུས་སོ། །རྩ་གསུམ་འཁོར་ལོ་བཞིའི་གནས་ཚུལ་ནི། ལུས་ཀྱི་ཁོང་དྲང་པོར་དྷཱུ་ཏི་སྲོག་ཤིང་གི་ཚུལ་དུ་གནས་ཏེ། ཡར་སྣ་ཚངས་བུག་ལ་ཟུག་པ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོའ་དྭངས་མ་ཧཾ་མགོ་མཐུར་དུ་བསྟན་པ་ལ་ཐུག་པ། མར་སྣེ་སྐྱེས་པའི་གསང་བའི་རྡོ་རྗེ་ཡིན་པས་ཐིག་ལེ་དཀར་པོ་འབབ། བུད་མེད་ཀྱི་དྷཱུ་ཏིའི་མར་སྣེ་ལྟེ་འོག་སོར་བཞི་ནས་མདུད་པ་ཉིས་སྦྲག་ཡོད་པས་ཐིག་ལེ་དཀར་པོ་མི་འབབ། དྷཱུ་ཏི་མཚན་ཉིད་བཞི་ལྡན་ཏེ། པདྨའི་སྣལ་མ་ལྟར་ཕྲ་བ། སྲབ་བའི་དོན་མིན། མཆན། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བ། ཏིལ་གྱི་མར་མེ་ལྟར་གསལ་བའོ། །བསྒོམ་དུས་དྷཱུ་ཏིའི་མར་སྣ་གསང་གནས་ལྟེ་འོག་སོར་བཞི་ན། སུམ་མདོར། ཆོས་འབྱུང་གྲུ་གསུམ་ཁ་གྱེན་དུ་བསྟན་པའི་ནང་ན་མ། ལས་ཐོབ་པའི་ཐིག་ལེ་དམར་པོའ་དྭངས་མ་རྩ་བྱ་རོག་གདོང་ཅན་ལ་ཨ་ཐུང་ཟུག་པར་བསྒོན། ཧཾ་གིས་བདེ་བ་བསྐྱེད། ཨ་ཐུང་གི་དྲོད་བསྐྱེད་པའོ། །རྩ་གཡས་རཱ་ས་ན་ཁ་དོག་དམར་ལ་དཀར་བའི་མདངས་ཅན། རྩ་གཡོན་ལཱ་ལ་ནཱ་དཀར་ལ་དམར་བའི་མདངས་ཅན། གཉིས་ཀའི་ཡར་སྣ་སྣ་བུག་གཉིས་སུ་ཟུག །སྨིན་མཚམས་ནས་ལྟག་པར་འཁྱོགས་ནས་དྷཱུ་ཏིའི་ནང་གཤིབས་པ་གཡས་པའི་མར་སྣ་སྐྱེས་བ་ལ་ལྟེ་འོག་སོར་བཞི་ན་མདུད་པར་ཡོད་པས་ཐིག་ལེ་དམར་པོ་དེ་མན་ཆད་ལ་མི་འབབ། བུད་མེད་ཀྱི་མར་སྣ་བུ་སྣོད་ཆགས་པས་རྩ་གཡས་པའི་རྩ་སྣ་པདྨ་ཡིན་པས་ཐིག་ལེ་དམར་པོ་དུས་ལ་འབབ་པའོ། །ཕོ་མོ་གཉིས་ཀའི་རྩ་གཡོན་ནས་དྲི་ཆུ་འབབ་པའོ། །བྱེད་ལས་ནི། རྩ་གཡས་པ་ཉི་མ་མེའི་རང་བཞིན་ཞེ་སྡང་སྐྱེད། གཡོན་པ་ཟླ་བ་ཆུའི་རང་བཞིན་འདོད་ཆགས་སྐྱེད། དབུ་མ་དྷཱུ་ཏི་མུན་པའི་རང་བཞིན་གཏི་མུག་སྐྱེད། བསྒོམ་དུས་དྷཱུ་ཏི་མདའ་སྨྱུག་ཙམ། རྩ་གཡས་གཡོན་གྲོ་སོག་ཙམ་མར་སྣ་ལྟེ་འོག་སོར་
༥༠༩བཞི་རུ་དྷཱུ་ཏི་ལ་ཟུག་པ་བསྒོམ། འཁོར་ལོ་བཞི་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཏུ་རྩ་བཞི། དེ་ལ་བསྟེན་ནས་བདེ་དྲོད་བསྐྱེད། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། དེ་ལ་བརྟེན་ནས་འོད་གསལ་ཟིན། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག །དེ་ལ་བརྟེན་ནས་རྨི་ལམ་འབྱོངས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས། དེ་ལ་བརྟེན་ནས་ཟག་མེད་བསྐྱེད། ལྟེ་བ་སྤྲུལ་སྐུའི་ས་བོན་རྩ་ཡིག་ཨ། སྙིང་གར་ཆོས་སྐུའི་ས་བོན་ཧཱུྃ། མགྲིན་པར་ལོངས་སྐུའི་ས་བོན་ༀ། སྤྱི་བོར་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་ས་བོན་ཧྃ་་ཡེ་ནས་གནས། སྒོམ་དུས་སུ་འཁོར་ལོ་བཞི་གདུགས་བརྩེགས་པའི་ནང་ལྟར་རྩའི་དྲྭ་མིག་ཤིག་གེ་བ། རྩ་རྣམས་མི་སྒོམ་པའི་དུས་སུ་ཁ་དོག་སེར་པོ། སྒོམ་དུས་སུ་དམར་པོ། དཀྱིལ་ན་རྩ་གསུམ་གདུགས་ཀྱི་ཡུ་བ་ལྟར་ཡོད་པར་བསྒོམ་མོ། །བཞི་པ་གཡོ་བ་རླུང་གི་གནད་ལ་གསུམ་སྟེ། སྟེང་རང་བྱུང་ཡེ་ཤེས་སུ་སྦར་ནས་སྟེང་རླུང་གི་ལས་གཅིག་སྟོན། འོག་ཟག་མེད་བདེ་ཆེན་དུ་སྦར་ནས་འོག་སྒོའི་བཅུ་གཅིག་སྟོན་པར་འཁོར་འདས་རྒྱུན་གཅོད་དུ་སྦར་ནས་རྩ་རླུང་གི་ཆིངས་གཅིག་སྟོན་པའོ། །དང་པོ་རླུང་སྒོམ་པ་ལ་རླུང་གི་གནས་ཚུལ་ཤེས་པར་བྱ་བ་ནི། མི་རྒན་པོ་དང་། བྱིས་པ་མ་ཡིན་པ་དར་མ་ནད་མེད་པ་ལ། ཉིན་ཞག་གཅིག་ལ་རླུང་འབྱུང་འཇུག་གནས་གསུམ་གཅིག་ཏུ་དྲིལ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དེའང་འབྱུང་བ་ལྔའི་རླུང་གིས་ཕྱེ་ན། ལྔ་པོ་རེ་རེ་ལ་སྟོང་ཕྲག་བཞི་དང་སུམ་བརྒྱ་ཉི་ཤུ་ཉི་ཤུ་རྒྱུ། དེ་བསྡུ་ན་རྩ་བའི་རླུང་ལྔ། ཡན་ལག་གི་རླུང་ལྔ་སྟེ་བཅུ་རུ་འདུས། དེ་སྲོག་རྩོལ་གཉིས་སུ་འདུས། ཕྱི་རུ་རྒྱུ་བ་རྣམ་རྟོག་སྐྱེད་པས་རྩོལ་བ་ཞེས་བྱ། ནང་དུ་འཇུག་པ་ཚེ་དཔལ་སྐྱེད་པས་སྲོག་ཅེས་བྱའོ། སྟེང་རང་བྱུང་ཡེ་ཤེས་སུ་སྔར་ནས་སྟེང་རླུང་གི་ལས་ཅིག་སྟོན། ཅེས་པ་ནི། ཐོག་མར་ཡན་ལག་དགུས་རླུང་སྐྱོན་སྦྱང་སྟེ། གཡས་སུ་གསུམ།
༥༡༠གཡོན་དུ་གསུམ། དབུས་སུ་གསུམ་དྲག་ལ་རིང་བར་འབུད། ནད་གདོན་ཉོན་མོངས་པ་ཐམས་ཅད་དུད་པ་ལྟར་ཐོན་པར་བསམ། རྔུབ་དུས་འཛམ་བུའི་གླིང་གི་ཚེ་དང་དཔལ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་འདུས་ནས་རང་ལ་ཐིམ་པས་བཀྲག་མདངས་སུ་གྱུར་པར་བསམ། དེ་ནས་དྲག་རླུང་སྦྱང་བ་ནི། རླུང་བྱེད་པ་གཅིག་ལ་བྱ་བ་ཁྲུ་གང་ཙམ་ནས་དྲག་པོར་རྔུབ་ནས་སྟེང་རླུང་ཆིལ་གྱིས་མནན་པས། ལཱ་ལ་རཱ་ས་གཉིས་ནས་རྒྱུ་མ་པུས་བཏབ་པ་བཞིན་སོང་ནས་རླུང་སེམས་དྷཱུ་ཏི་ནང་དུ་ཁྲོག་སོང་བར་དམིགས་ལ། རླུང་ཅི་ཙམ་ཐུབ་ཐུབ་གཟུང་། མི་ཐུབ་པ་དང་གཡས་གཡོན་དབུས་དང་གསུམ་དུ་བརྡིག །རླུང་ཡང་བསྐྱར་ཅིང་རྔུབ་ལ་བརྩེགས་པར་བྱ། ཡང་མགོ་དགུག་བྱ། རོ་སྟོད་སིང་བྱ། རླུང་ཆིལ་ཏེ་མནན་ནོ། །དེ་མི་ཐུབ་པར་འདུག་སྙམ་པ་དང་། ལྟག་པ་ཅུང་དགྱེ་ཙམ་བྱས་ལ། སངས་ཙེར་བཏང་། རླུང་ཞབས་དྭངས་མ་བག་ཙམ་ཡོད་པ་ལ་རྔུབ་ནས་ཡང་སྔར་བཞིན་འཛིན་པའོ། །དྲག་རླུང་དེ་ལ་ཞག་ཅི་རིགས་སྦྱངས་པས། རྩ་རྒོད་རླུང་རྒོད་ཐུལ་ནས་དྲོད་ཅི་རིགས་པ་འབྱུང་། དེ་ནས་བརྟན་པར་བྱ་བའི་ཕྱིར། རླུང་སྦྱོར་བ་བཞི་ལྡན་སྦྱང་བ་ནི། རྔུབ་དང་། དགང་དང་། གཞིལ་དང་། བཏང་བ་བཞི་ལས། དང་པོ་རྔུབ་པ་ནི། རླུང་ཆུང་བ་གཅིག་རྔུབ་ནས་གནོན། དེ་རྗེས་དགང་བ་ནི། རླུང་དྲག་པོ་རྔུབ་ནས་ཐུབ་ཐང་གནོན། དེ་ནས་གཞིལ་བ་ནི། མི་ཐུབ་པ་འདྲ་བ་དང་། རླུང་ཅུང་ཟད་སེ་གོལ་གཏོགས་ཙམ་གཅིག་ཕྱིར་བཏང་ནས་དེ་ལྷག་ཐུབ་ཐང་དུ་གནོན། བཏང་བ་ནི། དེ་ནས་མི་ཐུབ་པ་དང་སངས་རྩེར་ལྷག་མ་མ་ལུས་པར་བཏང་ངོ་། །གཅིག་ནོར་ན་བཞི་ཆར་ནོར་བས་དྲན་པ་ཏུ་རེ་བྱ། གོམས་ནས་དམིགས་པ་ལ་རྩེ་གཅིག་ཏུ་བྱའོ། དེ་ནས་འཇམ་རླུང་ཁུག་པ་གསུམ་ལྡན་ནི། རྔུབ་པ་སྒྲ་མི་གྲགས་ཙམ་དུ་ཡུན་རིང་དུ་རྔུབ། དེ་རྗེས་ཐུབ་ཐང་གནོན། མི་ཐུབ་པ་དང་ལྟག་པ་དགྱེ་ཙམ་བྱས་ལ་སྒྲ་མི་གྲགས་པར་སངས་ཚོར་བཏང་། ཕྱི་རུ་གནས་ཚད་གཅིག་འཇོག །འདི་ལ་ཉིན་
༥༡༡མཚན་དུ་སྦྱང་། མི་སྔོན་དུ་ཡང་མི་ཚོར་བར་སྐྱང་། རླུང་སྦྱོར་དེ་གསུམ་ལ་ཅི་རིགས་པར་སྦྱང་ངོ་། །གཉིས་པ་འོག་ཟག་མེད་བདེ་ཆེན་དུ་སྦར་ནས་འོག་སྒོའི་བཅུ་གཅིག་སྟོན། ཅེས་པ་ནི། སྟེང་རླུང་བརྫངས་དྲགས་ནས་རླུང་སེམས་བཤང་གཅིའི་ལམ་དུ་ཤོར་ན། འཁོར་བ་རྒྱས། མྱ་ངན་ལས་འདས་པ་རྒྱུན་ཆད། རླུང་སེམས་དྷཱུ་ཏིར་ཚུད་ན། མྱ་ངན་ལས་འདས་པ་རྒྱས། འཁོར་བ་རྒྱུན་ཆད། འཁོར་འདས་གཉིས་ཀྱི་འཁྲུགས་པ་ལྟེ་འོག་སོར་བཞིར་བྱེད་པས། སྟེང་རླུང་མནན་པའི་རྗེས་ལ་སྲིན་པོ་བསྐུམ། ཤེད་སྒྲིམ། ཐུར་སེལ་གྱེན་དུ་འཐེན་ལ་ལུས་ཅུང་ཟད་བསྒུལ་རླུང་སྦྱོར་བུམ་པ་ཅན་བྱའོ། །བར་འཁོར་འདས་རྒྱུན་གཅོད་དུ་སྦར་ནས་རྩ་རླུང་གི་ཆིངས་གཅིག་སྟོན། ཅེས་པ་ནི། གསུམ་སྟེ། ལུས་འཁྲུལ་འཁོར་གྱི་གནད་ཀྱིས་བྱ་བ་ལས་འགྲུལ་རྒྱུན་གཅོད། ངག་རླུང་སྦྱོར་གྱི་གནད་ཀྱིས་ལོང་གཏམ་གྱི་འགྲུལ་རྒྱུན་གཅོད། གསང་བ་ཡིད་དམིགས་པ་རྩེ་གཅིག་གི་གནད་ཀྱིས་རྣམ་རྟོག་འགྲུལ་རྒྱུན་གཅོད་པའོ། །ལྔ་པ་དམིགས་པ་ཡུལ་གྱི་གནད་ནི། རང་གི་ལུས་ཕྱི་རྗེ་བཙུན་མའི་སྐུ། ནང་སྟོང་ར་ཕྲུམ་ཕུས་བཏབ་པ་ལྟ་བུའི་ནང་དུ་རྩ་གསུམ་གྱི་འདུས་པ་དབུ་མའི་མར་སྣར་ཨ་ཐུང་ཟངས་མའི་མོ་ཁབ་ཙམ། ཡང་ན་ཐིག་ལེ་དམར་པོ་ཅོག་སྒོང་ཙམ། དེ་ལས་མེ་སོར་བཞི་འབར་བར་བསྒོམ། མེ་དེ་མཚན་ཉིད་བཞི་ལྡན་ཁ་དོག་དམར་བ། རེག་བྱ་ཚ་བ། རྩེ་མོ་རྣོ་བ། འཇམ་ཞིང་མཉེན་པའོ། །དེ་རྗེས་སོར་བརྒྱད། དེ་རྗེས་སྙིང་ག་།དེ་ནས་འབར་འཛག་ནི། མེ་རྟ་རྔ་ཙམ་དྷཱུ་ཏིའི་ནང་ནས་ཡར་སོང་། ཚངས་བུག་གི་ཧཾ་ལ་རེག །དེ་ལས་ཐིག་ལེ་ཉུངས་འབྲུ་ཙམ་ཚད་ནས་ཆོས་འབྱུང་གི་ནང་དུ་བབས་པས་བདེ་ཕྲིལ་བར་བསྐྱར་ཅིང་བསྒོམ། ཆོས་འབྱུང་ཐིག་ལེས་གང་བར་བསམ་མོ། །དེ་ནས་སུམ་མདོར་གཏུམ་མོ་མཎྜལི་མེའི་འཁོར་ལོ་ཤིན་ཏུ་དམར་ཞིང་ཚ་བ། མགར་གྱི་ལྕགས་སྒོང་ལ་ཞུན་བཏང་བ་ལྟ་བུ་བསྒོམ། དེས་བདེ་དྲོད་གཉིས་ཀ་
༥༡༢ཆེར་སྐྱེའོ། ཧ་ཅང་དྲོད་ཆེ་བར་འདོད་ན། འཁོར་ལོ་དེ་ལས་མེ་སྦར། རྩའི་དྲྭ་མིག་རྣམས་མེ་ལྕེ་ཉུག་ཉུག་བྱུང་བས། སྙིང་ག་མན་ཆད་མེ་རུ་འབར་བ་ལ་སེམས་གཏད་དེ། མེ་དེ་ཡང་མཚན་ཉིད་བཞི་ལྡན་ཏེ། རྣམ་པ་མེ། ངོ་བོ་རྣལ་འབྱོར་མ། རང་བཞིན་ཡེ་ཤེས། ཉམས་མྱོང་བདེ་དྲོད་དོ། །གསུམ་པ་རྗེས་ཀྱི་གནད་ལ་བཞི་སྟེ། སྦྱོང་བ་ཐབས་ཀྱི་གནད་དང་། བང་ཆེན་རྟགས་ཀྱི་གནད་དང་། རང་གྲོལ་ཕྱག་རྒྱ་ཆེན་པོའ་གནད་དང་། སྤྱོད་ལམ་ཤུགས་འབྱུང་གི་གནད་དོ། དང་པོ་ལ་ཕྱི་སྦྱོང་བ་དང་ནང་སྦྱོང་བ་གཉིས་ལས། ཕྱི་སྦྱོང་བ་ནི། གཏུམ་མོ་བསྒོམས་པས། དྲོད་ཁོལ་བུར་སྐྱེས་ན་བརྟན། དུས་གཅིག་ལ་སྐྱེས་ན་མི་བརྟན། བྱིན་རླབས་ཀྱི་དྲོད་སྐབས་སུ་མ་བསྒོམས་ནའང་མི་འཆོར་བའོ། །གོས་གཅིག་བསྒྱུར་གཉིས་བསྒྱུར་བྱ། དེ་རྗེས་ཐེར་མའང་རས་ལ་སྦྱང་། དྲོད་ཆེན་གྲང་བར་བསྒོམ། རྡུལ་བྱུང་ན་བསྐུ་མཉེ་བྱས་རྗེས་སྲན་ཕྱེས་དྲིལ་ཕྱིས་བྱ། མཐར་གང་ལ་ཡང་རས་གོས་ཀྱིས་ཆག་པ་འབྱུང་། དེ་ཙམ་ན་གོས་ཀྱི་འདུན་པ་དང་བྲལ། འབྱུང་བ་ཁྱད་དུ་གསོད་པའི་གྲུབ་ཐོབ་ཅེས་བྱ་བ་ཟས་སུ་ཡང་རླུང་ཟོས་པས་ཆོག་པ་འབྱུང་། ནང་སྦྱང་བ་ནི། ལུས་འཁྲུལ་འཁོར་ཕྱིའི་གཏུམ་མོ་ལི་རི་ལྟར་གྲིམས་པར་སྦྱང་། ངག་རླུང་གི་སྦྱོར་བ་ནང་གི་གཏུམ་མོ་གཞུ་རྒྱུད་ལྟར་གྲིམ་པར་སྦྱང་། སེམས་མེ་མཚན་ཉིད་བཞི་ལྡན་གསང་བའི་གཏུམ་མོ་མདའ་འཕངས་ཀྱི་འབེན་ལྟར་གྲིམས་པར་སྦྱང་། བདེ་བ་རྒྱས་པའི་དུས་སུ་སྤོང་སེམས་བརྟན་པ་དང་། ཉམས་སུ་ལེན་པའི་ཚེ་ཐིག་ལེ་སྲུང་བ་ཞལ་ལས་ཤེས། འཇམ་རླུང་རྡོ་རྗེའི་བཟླས་པ་ཡིག་འབྲུ་གསུམ་ལ་སྦྱང་པ་དང་། འབྱུང་བ་ལྔའི་རླུང་སངས་རྒྱས་ལྔ་ལ་ཁ་དོག་སོ་སོར་སྦྱོང་བའང་ཞལ་ལས་ཤེས་སོ། །གཉིས་པ་བང་ཆེན་རྟགས་ཀྱི་གནད་ནི། གཏུམ་མོ་བསྒོམས་པས་རྟགས་བཅུ། རྫུ་འཕྲུལ་བཞི། འདུ་བ་བཞི་འབྱུང་། རྟགས་བཅུ་ནི་ཐུན་མོང་ལྔ་
༥༡༣དང་ཁྱད་པར་གྱི་ལྔའོ། །དང་པོ་ནི། རླུང་ལྔ་ཟིན་པའི་རྟགས་ཏེ་དངོས་སམ་རྨི་ལམ་དུས་རླུང་ཟིན་པས་དུ་བ་དང་། ཆུ་རླུང་ཟིན་པས་སྨིག་རྒྱུ་དང་། མེ་རླུང་ཟིན་པས་མེ་ཁྱེར་དང་། རླུང་གི་རླུང་གིས་མར་མེ་དང་། ནམ་མཁའི་རླུང་གིས་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་འབྱུང་ངོ་། །ཁྱད་པར་རླུང་ལྔ་བརྟན་པའི་རྟགས་ནི། ལྟེ་བར་ས་རླུང་བརྟན་པས་འདུག་ཚུགས་ཤིང་ས་གཞི་གསེར་དུ་མཐོང་ངོ་། །ཟླ་ཟེར་ལྟ་བུ་དང་ཐང་ཆེན་པོ་མཐོང་། སྙིང་གར་ཆུ་རླུང་བརྟན་པས་ལུས་རྡུལ། སྣང་བ་ཆུར་མཐོང་། ཉི་ཟེར་ལྟ་བུ་དང་འོད་དམར་པོ་མཐོང་། མགྲིན་པར་མེ་རླུང་བརྟན་པས་དྲོད་ཆེ། གོས་དང་བྲལ། མེ་ཆེན་པོ་དང་གློག་གི་ཟེར་ལྟ་བུ་མཐོང་། གསང་གནས་སུ་རླུང་གི་རླུང་བརྟན་པས་སྟོབས་ཆེ། འགྲོ་མགྱོགས་རླུང་དང་འཇའ་ཚོན་མཐོང་། སྤྱི་བོར་ནམ་མཁའི་རླུང་བརྟན་པས་ལུས་བདེ། མདངས་དང་ལྡན། ཉི་ཟླ་བསྲེས་པ་ལྟ་བུ་མཐོང་། རླུང་སེམས་དབུ་མར་ཚུད་པས་རླུང་ལྔའི་ཁ་དོག་འཇའ་ཚོན་འོད་ཀྱི་སྐུད་པ་ལྟ་བུ་སྣ་སྒོར་མཐོང་། དེ་བཞིན་གཤེགས་པའི་ཞིང་དང་། རིགས་དྲུག་གི་གནས་མཐོང་བ་འབྱུང་སྟེ་རློམ་སེམས་མེད་པར་བྱུང་རྒྱལ་དུ་བསྐྱང་། རྫུ་འཕྲུལ་བཞི་ལ། མེ་རླུང་དབང་དུ་འདུས་པས་ཉི་མ་བསྟོད་ལ་གནོན། སེང་གེ་ཐུར་དུ་ཚུད་པས་ཆུ་བོ་གྱེན་ལ་བཟློག །རླུང་སེམས་དབང་དུ་འདུས་པ་ལྟ་སྟངས་ཀྱིས་ཕ་རོལ་རེངས། རླུང་གི་རླུང་དབང་དུ་འདུས་པས་བར་སྣང་དུ་སྐྱིལ་ཀྲུང་འཆའ་ནུས་སོ། །འདུ་བ་བཞི་ལ། རྩས་ནོར་འདུ། རླུང་གི་མི་འདུ། ཐིག་ལེ་མི་མ་ཡིན། ཆ་མཉམ་གྱི་རླུང་ལྟས་བརྟགས་པས་དགེ་མི་དགེ་ཤེས། རྫས་དང་ཟས་འདུའོ། །གསུམ་པ་རང་གྲོལ་ཕྱག་རྒྱ་ཆེན་པོའ་གནད་ལ་གསུམ་སྟེ། རྩ་ཐམས་ཅད་འདྲེས་པས་གསལ་བ་རྒྱུན་གྱིས་རྟག་པ་ནི། ད་ལྟར་གྱི་རྩ་འདི་རྣམས་རྣམ་སྨིན་གྱི་རྩ། དེའི་ནང་ན་ཡེ་ཤེས་ཀྱི་རྩ་ཁ་དོག་དབྱིབས་སུ་མ་གྲུབ་པ་བསྒོམས་ནས་ངོ་འཕྲོད་ནུས་པ་ཅིག་ཡོད། གཏུམ་མོ་བསྒོམས་
༥༡༤པས་རྣམ་སྨིན་གྱི་རྩ་དང་ཡེ་ཤེས་ཀྱི་རྩ་འདྲེས་པས་རྣམ་པ་གསལ་བའི་ཉམས་རྒྱུན་དུ་འབྱུང་བའོ། །དེ་བཞིན་དུ་རླུང་ཐམས་ཅད་འདྲེས་པས་མི་རྟོག་པ་རྒྱུན་གྱིས་རྟག་པ། ཐིག་ལེ་ཐམས་ཅད་འདྲེས་པས་བདེ་བ་རྒྱུན་གྱིས་རྟག་པ་རྣམས་ཀྱང་ཤེས་པར་བྱའོ། །གནས་པ་རྩལ་རྟེན་ནས་གསལ་བ་ངོས་འཛིན་པ། གཡོ་བ་རླུང་ལ་བརྟེན་ནས་མི་རྟོག་པ་ངོས་འཛིན་པ། བྱང་སེམས་ཐིག་ལེ་ལ་བརྟེན་ནས་བདེ་བ་ངོས་འཛིན་པ། །རྩ་གསལ་སྟོང་། བདེ་གསལ་མི་རྟོག་པ་གསུམ་ཟུང་དུ་ཆུད་པ་རྒྱུད་ལ་སྐྱེས་པ་དེ་ཁོ་ན་ཉིད་ཀྱི་གཏུམ་མོ་ཞེས་བྱ། ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །བཞི་པ་སྤྱོད་པ་ཤུགས་འབྱུང་གི་གནས་ལ་གཉིས། རླུང་གི་སྦྱོར་བ་དང་། །སྤྱོད་ལམ་གྱི་བྱ་བའོ། །དང་པོ་ནི། གྲང་ན་དྲོད་བཙན་ཐབས་སུ་དབབས་པ་ནི། ལུས་ཀྱི་རྒན་པོ་བཞི་བཙུགས་ལ་གཅུད་པར་བྱ། མགོ་རི་རབ་ཀྱི་བར་དུ་བཅུག་ལ་སྟེང་འོག་རླུང་ཁ་སྦྱོར་བའོ། །འགྲོ་ན་སྲོག་རྩོལ་གནད་དུ་བསྣུན་བ་ནི། གླིང་བཞི་བསྡུས་ལ་སྲིན་པོ་གཅོད། དྲན་པའི་རྒྱུན་དེ་དང་མ་བྲལ་བ་གནད་ཆེའོ། །སྤྱོད་ལམ་ནི། རྟ་མི་ཞོན། དུང་མི་འབུད། མེ་དང་ཉི་མ་སྤང་། ཐིག་ལེ་བསྲུང་། ཚྭ་ཆེས་པ་དང་། སྒ་དང་། སྒོག་སྔོན་དང་། ཟྭ་དང་། ཉ་ཤ་དང་། ཤ་རུལ་དང་། ཆང་སྐྱུར་དང་། ཕྱེ་རུལ་དང་། གྲོ་ཕྱེ་དང་། སྲན་ཕྱེ་དང་། ཆུལ་འཁྱག་མི་འཐུང་། ཉིན་གཉིད་མི་ལོག །གཞན་ཡང་ལུས་ལྷ་སྐུ་སྒྱུ་མ་ལྟ་བུ་དང་། ངག་རླུང་རྡོ་རྗེའི་བཟླས་པ་གྲག་སྟོང་། སེམས་སྟོང་ཉིད་སྙིང་རྗེའི་ཏིང་ངེ་འཛིན་དང་མི་འབྲལ་བར་བྱའོ། །གཏུམ་མོ་བདེ་དྲོད་རང་འབར་གྱི་གདམས་ངག་གོ་།གཉིས་པ་སྒྱུ་ལུས་ཆོས་བརྒྱད་རང་གྲོལ་ལ་བཞི་སྟེ། གསེར་འགྱུར་གྱི་རྩིས་དམན་པ་མཆོག་ཏུ་བསྒྱུར་བ་དང་། ཉི་ཟླའི་འོད་ཀྱིས་ཡེ་ཤེས་ངོ་སྤྲད་པ་དང་། བསྟོད་སྨད་ཀྱིས་ཆོས་བརྒྱད་ཀྱི་རྒྱ་མདུད་གྲོལ་བ་དང་། རྗེས་གྲོལ་ཞིང་སྒྱུ་མ་ལམ་དུ་ཁྱེར་བའོ། །དང་པོ་ནི། དཔེར་ན་གསེར་འགྱུར་གྱི་རྩི་གསེར་
༥༡༥སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་བསྒྱུར་ནུས་པ་བཞིན། སྒྱུ་ལུས་བསྒོམས་པས་འཇིག་རྟེན་གྱི་སྣང་བ་བདེན་ཅིང་རྟག་པར་འདོད་པ་ཐམས་ཅད་མི་བདེན་ཞིང་བརྫུན་པ་སྦུན་གོག་ཏུ་བཤིག་པར་བྱེད་པ་ཡིན་ཏེ། དེ་ལ་གསུམ། ཡི་དམ་གསེར་འགྱུར་གྱི་རྩི་དང་། བླ་མ་གསེར་འགྱུར་གྱི་རྩི་དང་། སྣང་བ་གསེར་འགྱུར་གྱི་རྩིའོ། །དང་པོ་ནི། རང་རྗེ་བཙུན་མར་བསྒོམ། སྒྱུ་མ་རྨི་ལམ་ཡིན་སྙམ་དུ་སེམས་ཏུར་ཏུར། ངག་ཏུ་ཐོལ་ཐོལ་བརྗོད། མིག་སེབ་དང་གཉིད་ཟམ་ཟི་ཚུན་ཆོད་སྦྱངས་ལ་བག་ཆགས་འདྲིས་ངེས་རྟག་ངེས་སུ་བྱ། བླ་མ་གསེར་འགྱུར་གྱི་རྩི་ནི། སྤྱི་བོར་བླ་མ་དང་བཀའ་བརྒྱུད་གསུམ། རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་དུ་སྔར་བཞིན་སྦྱང་། སྣང་བ་གསེར་འགྱུར་གྱི་རྩི་ནི། མིག་གིས་གཟུགས་མཐོང་ཚད་ལ་གཟུགས་སུ་སྣང་དུས་ནས་རང་གི་ངོ་བོས་སྟོང་། གཟུགས་སྣང་སྟོང་སྒྱུ་མ་ལྟ་བུ་ཡིན་སྙམ་དུ་བསྒོམ། རྣ་བས་སྒྲ་ཐོས་ཚད་གྲགས་དུས་ནས་ངོ་བོས་སྟོང་པ་གྲགས་སྟོང་སྒྱུ་མ་ལྟ་བུ་ཡིན། སེམས་ལ་རྣམ་རྟོག་འཕྲོས་ཚད་རྣམ་རྟོག་ཏུ་གསལ་དུས་ན་ངོ་བོས་སྟོང་པས་སེམས་གསལ་སྟོང་སྒྱུ་མ་ལྟ་བུར་བསྒོམ་ཞིང་སྦྱང་། གཉིས་པ་ཉི་ཟླའི་འོད་ཀྱིས་ཡེ་ཤེས་ངོ་སྤྲད་པ་ལ་གསུམ། འཕོ་འགྱུར་གྱི་དུས་ལ་སྦྱང་བ་དང་། ཉི་ཟླའི་ཟེར་ལ་ངོ་སྤྲད་པ་དང་། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་ཏེ་སྣང་བ་བདེན་མེད་དུ་གཏན་ལ་དབབ་པའོ། །དང་པོ་ནི། སྐད་ཅིག་གིས་རང་རྗེ་བཙུན་མར་བསྒོམས་ལ་ཡུལ་ལྔ་གསལ་གདབ། མདུན་དུ་རྗེ་བཙུན་མའི་ཐང་སྐུ་བཀྲམ་ལ་དེ་ལ་སེམས་གཏད། སྒྱུ་མ་ཡིན་རྨི་ལམ་ཡིན་སྙམ་དུ་ཡིད་ལ་བསྒོམ་ཞིང་ངག་ཏུའང་བརྗོད། དེ་ནས་ཐང་ག་བསྡུས་ལ་ཡི་དམ་བསྒོམ། ཕར་བལྟས་པས་ལྷ་ཚོགས་རྣམས་སྣང་ཙམ་ནས་སྟོང་། སྟོང་ཙམ་ནས་སྣང་། སྣང་སྟོང་སྒྱུ་མ་རྨི་ལམ་ལྟ་བུར་བསྒོམ། དེ་ལ་ཤེས་པ་མི་གནས་ན་མདུན་གྱི་ལྷ་རང་ལ་བསྟིམ། རང་རྗེ་
༥༡༦བཙུན་མ་དབྱེར་མེད་དུ་བཞག །དེ་ལ་སྐྱོན་བླ་མའི་རྣལ་འབྱོར་གསལ་གདབ། བསྐྱར་ཅིང་བསྒོམས་ལ། ཡེ་ཤེས་མཁའ་འགྲོ་སྒྱུ་མའི་སྐུ། སྒྱུ་མ་སྟོང་པའི་ངོ་བོ་ཉིད། སྟོང་ཉིད་བརྗོད་དུ་མེད་པར་སྤྲོད། སྒྱུ་ལུས་འབྱོངས་པར་བྱིན་གྱིས་རློབས། ཅེས་གསོལ་བ་གདབ། རྒྱས་པར་བྱེད་ན། རྡོ་རྗེ་འཆང་ཆེན་སྒྱུ་མའི་སྐུ། ཅེས་བརྒྱུད་པ་ལ་གསོལ་བ་གདབ། དེ་ཐམས་ཅད་སྒྱུ་མ་ཡིན་པས་སྟོང་པ། སྟོང་པ་ཡིན་པས་སྐྱེ་མེད། སྐྱེ་མེད་ཡིན་པས་སྤྲོས་བྲལ། སྤྲོས་བྲལ་ཡིན་པས་ཆོས་སྐུ་ཡིན་སྙམ་དུ་ཐག་རྦད་ཀྱིས་བཅད་ལ། དེ་གའི་ངང་ལ་ཡིང་སིང་ངེ་ཡེ་རེ་ཚུགས་ཚད་དུ་བཞག །གཉིས་པ་ཉི་ཟླའི་ཟེར་ལ་ངོ་སྤྲོད་པ་ནི། །ཁང་བ་བླ་གབ་མེད་པའམ། ཡང་ན་ཕྱོགས་བཞིར་མུན་སྐར་བཞི་ཕུག་ལ་ཕྱག་དར་བྱ། སྔ་དྲོ་ཁ་ཤར། ཉིན་ཕྱེད་ལྷོ། དགོང་མོ་ནུབ་ཏུ་བལྟ། ཤར་གྱི་མུན་སྐར་གྱི། ཐད་དུ་རལ་གྲི། ལྷོར་མེ་ལོང་། ནུབ་ཏུ་རྒྱ་བསྐྱེགས་ཀྱི་ཁུ་བ། བྱང་དུ་གླེགས་བམ་བཞག །དེས་ཅིར་སྣང་བདེན་མེད་དུ་འཆར། སྣང་བ་བུན་ལོང་འགྲོ་བའི་རྟེན་འབྲེལ་ལོ། །ཡི་དམ་མ་རྡོ་རྗེ་སེམས་དཔའི་ཐང་ག་གསར་བ་ཅིག་རྒྱབ་ཏུ་བཀྲམ། སྔར་བཞིན་བླ་མ་ཡི་དམ་བསྒོམས་ལ་གསོལ་བ་གདབ། ཆུ་དང་མེ་ལོང་གི་ནང་དུ་ལྷ་སྐུ་ཤར་བ་ལ་རིག་པ་གཏད། སྐབས་སུ་ལྷ་སྐུ་ལ་སོགས་པ་ཆུ་དང་མེ་ལོང་ནང་དུ་ཤར་བ་ལ་བརྟག་པ་བཞི་བྱ། དེ་ཡོད་ནས་འཆར་ན་བཟུང་བས་ཟིན་རྒྱུ་ལ་མི་ཟིན། མེད་ནས་འཆར་ན་དེའི་ནང་དུ་འོང་བ་མེད་པར་བྱུང་། དེའང་ཐང་སྐུ་བྲིས་པ་ལས་ཐོན་ནས་དེར་འོངས་པའང་མིན། ལྷ་སྐུ་གློ་བུར་དུ་གཞན་ནས་བྱུང་ནས་དེར་ཐིམ་པའང་མིན། དེ་མེད་བཞིན་རྟེན་འབྲེལ་འཚོགས་པའི་རྫུན་སྣང་ཙམ་དུ་ཤར་བས། དེ་བཞིན་དུ་འཁོར་འདས་ཀྱི་ཆོས་དང་ད་ལྟར་གྱི་སྣང་བ་ཐམས་ཅད་ཤེས་པར་བྱ། ཐུན་བཤོལ་ཁར་ལྷ་རང་ལ་བསྟིམ། རང་དང་སྣང་བ་ཐམས་ཅད་སྒྱུ་མ། སྒྱུ་མ་ཡིན་པས་སྟོང་པ་ལ་སོགས་པ་ཐམས་ཅད་འགྲེ།
༥༡༧གསུམ་པ་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་མཚོན་ཏེ་སྣང་བ་བདེན་མེད་དུ་གཏན་ལ་འབེབས་པ་ནི། རྒྱུ་རྐྱེན་ལས་གྲུབ་པས་སྒྱུ་མ། གཡོ་བ་དང་བཅས་པས་སྨིག་རྒྱུ། གནས་དང་ལོངས་སྤྱོད་མེད་བཞིན་དུ་སྣང་བས་དྲི་ཟའི་གྲོང་ཁྱེར། སྣང་ལ་རང་བཞིན་མེད་པས་འཇའ་ཚོན། གསལ་ལ་རྫོགས་པས་མེ་ལོང་གི་གཟུགས། ཀུན་ལ་ཁྱབ་པས་ཆུ་ཟླ། རང་ཡིན་པ་གཞན་དུ་སྣང་བ་བྲག་ཆ། སེམས་དང་བཅས་པས་རྨི་ལམ། མི་རྟག་ཅིང་མྱུར་བས་གློག །མེད་བཞིན་སྣང་བས་མིག་ཡོར། གཅིག་ཀྱང་དུ་མར་འབྱུང་བས་སྤྲིན། གཟུགས་སྣ་ཚོགས་པས་སྤྲུལ་པ། དེ་རྣམས་ཀྱི་དོན་ལ་རེས་ཕར་བལྟ། རེས་ཚུར་བལྟ། དེ་རང་ལ་བལྟིམས་ལ་སྔ་མ་ལྟར་བསྒོམ་པར་བྱའོ། །གསུམ་པ་བསྟོད་སྨད་ཀྱི་ཆོས་བརྒྱད་ཀྱི་རྒྱ་མདུད་དགྲོལ་བ་ནི། ལྷ་སྐུ་བསྡུས་ལ་མེ་ལོང་ལ་རང་གི་གཟུགས་འཆར་བར་བྱས་ལ། རང་གི་མིང་ནས་བཏོན་ལ། ཁྱོད་པས་ཕོ་གྲུང་བ། བཙུན་པ། གཏོང་ཕོད་ཆེ་བ་མེད་ལ་སོགས་པ་བྱས་ཀྱང་དེ་ལ་དགའ་བ་མེད། སྡོམ་ཉམས། དམ་ཉམས་ལ་སོགས་པ་བྱས་ཀྱང་མི་དགའ་བ་མེད། སྒྱུ་མ་ལྟ་བུ་ལ་དགའ་མི་དགའ་ཡོང་བ་མེད་པ་དངོས་སུ་རོ་སྙོམ་སྟེ། གཞན་གྱིས་བསྟོད་ར་གཏོང་གིན་འདུག་ནའང་དེ་ལ་དགའ་མི་དགའ་མི་བྱ་དེ་ལ་བརྟག་པ་གཉིས་བྱ་སྟེ། ཡོན་ཏན་ཡོད་ནས་བསྟོད་ན། བརྗོད་པས་ལྷག་ཏུ་མི་འགྲོ་བས་དགའ་བར་མི་རིགས། མེད་པ་ལ་བསྟོད་ན་ཚིག་སྟོད་ཕྱེ་འཐོར་ལ་དགའ་བར་མི་རིགས། གཞན་གྱིས་སྨད་ར་བཏང་ན་མི་དགའ་བ་མི་བྱ། དེ་ལ་བརྟག་པ་གཉིས་བྱ། སྐྱོན་དེ་ཡོད་ནས་སྨད་ན། ཡོད་པ་བརྗོད་པ་ལ་མི་དགའ་བ་མི་རིགས། མེད་ན་ཚིག་སྟོང་ལ་མི་དགའ་བར་མི་རིགས་སོ། །དེ་བཞིན་དུ་བདེ་ཞིང་སྐྱིད་པར་སྣང་ན་དེ་ལ་དགའ་བར་མི་བྱ། དེ་ལ་བརྟག་པ་གསུམ་བྱ། ལུས་བེམ་པོ་རོ་དང་འདྲ་སྟེ་དེ་ལ་བདེ་སྐྱིད་མ་གྲུབ། ངག་བྲག་ཅ་དང་འདྲ་སྟེ་བདེ་སྐྱིད་མ་གྲུབ། སེམས་ནམ་མཁའ་དང་འདྲ་སྟེ་བདེ་སྐྱིད་མ་གྲུབ།
༥༡༨མ་གྲུབ་པ་ལ་སྣང་བ་དེ་སྒྱུ་མ། སྒྱུ་མ་ལ་དགའ་བར་མི་བྱའོ། །སྡུག་པའི་སྣང་བ་བྱུང་ན་མི་དགའ་བ་མི་བྱ། དེ་ལ་བརྟག་པ་གསུམ་བྱ། ལུས་བེམ་པོར། ངག་བྲག་ཅ། སེམས་ནམ་མཁའ་འདྲ་བས་སྡུག་པ་མ་གྲུབ། མ་གྲུབ་བཞིན་དུ་སྡུག་པར་སྣང་བ་སྒྱུ་མའོ། །དེ་བཞིན་དུ་རྙེད་པ་ཆེན་དགའ་བར་མི་རིགས། དེ་ལ་བརྟག་པ་གསུམ་བྱ། ནོར་ཟང་ཟིང་བདེན་པར་མ་གྲུབ་བཞིན་སྣང་བ་མིག་འཕྲུལ་གྱི་ནོར་དང་འདྲ་བར་དགའ་བར་མི་རིགས། ཕུགས་སུ་འཚེངས་མི་ནུས་ལ། འཕྲལ་སྤྱོད་དབང་མེད་པ་རྨི་ལམ་གྱི་ནོར་བུའི་གཏེར་རྙེད་པ་དང་འདྲ་བས་དགའ་བར་མི་རིགས། དེ་ལ་ཞེན་ནས་ཕུང་ཁྲོལ་ཐམས་ཅད་འབྱུང་། ནོང་ཕྱིར་སྲོག་ཀྱང་འཆོར་བ་སྦྲང་མའི་ཆི་དང་འདྲ་བར་དགའ་བར་མི་རིགས། རྙེད་པ་ཆུང་བ་ལ་མི་དགའ་བ་མི་བྱ། དེ་ལ་བརྟག་པ་གསུམ་བྱ་བ་སྔར་བཞིན་ནོ། །དེ་བཞིན་དུ་གྲགས་མ་གྲགས་གཉིས་པོ་གོང་གི་བསྟོད་སྨད་ལ་དགའ་མི་དགའ་མི་རིགས་པ་དང་འདྲ། དེ་ལྟར་ཆོས་བརྒྱད་སྒྱུ་མར་འབྱོངས། ཆགས་སྡང་མི་སྐྱེ་ན་བར་དོར་མངལ་སྒོ་ཁེགས། རྒྱ་མདུད་རང་སར་གྲོལ། བཞི་པ་རྗེས་གྲོལ་ཞིང་སྒྱུ་མ་ལམ་དུ་ཁྱེར་བ་ནི། སྣང་བ་ཐམས་ཅད་རིགས་ལྔའི་བདག་ཉིད་སྒྱུ་མ་ལྟ་བུར་བལྟས་ཏེ། ཕུང་པོ་ལྔ་ཡབ་ལྔ། འབྱུང་བ་ལྔ་ཡུམ་ལྔ། ཕྱོགས་ཡུལ། དབང་པོ་ཡན་ལག །འདོད་ཡོན་དེར་འཛིན་གྱི་རྟོག་པ་ཐམས་ཅད་སྐུ་དང་ཡེ་ཤེས་སྒྱུ་མར་སྣང་སྟོང་དུ་བལྟ་བར་བྱ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དེས་ཕྱག་རྒྱ་ཐམས་ཅད་ལ་འཇུག །དཀྱིལ་འཁོར་ཐམས་ཅད་བྱ། འདོད་ཡོན་ཐམས་ཅད་སྤྱད། རྒྱན་ཐམས་ཅད་འགགས། སྤྱོད་པ་ཐམས་ཅད་བྱ། གར་དང་རོལ་མོ་སྨྲ་རྒོད་ལ་སོགས་པ་ཐམས་ཅད་བྱ། གྲུབ་མཐའ་ཐམས་ཅད་བསྒྱུར། ལམ་ཐམས་ཅད་བགྲོད་དོ། །ཅིའི་ཕྱིར་ན་ཐམས་ཅད་སྒྱུ་མའི་རྣམ་འཕྲུལ་ཡིན་པར་ཤེས་པའི་ཕྱིར། ཉེས་ལྟུང་གིས་མི་གོས་སོ། །དེ་ལྟར་ཤེས་པས་མཆོད་རྟེན་དང་། དགེ་སློང་ལ་སོགས་པ་
༥༡༩ལ་ཕྱག་མི་བྱ་སྟེ། དེ་དག་བེམ་པོའ་གཟུགས་བརྙན་ནི་སྒྱུ་མའི་རྣམ་འཕྲུལ་ཡིན་པའི་ཕྱིར་རོ། །ཁ་ཏོན་དང་། སྔགས་བཟླ་བ་དང་། སྲུང་འཁོར་བསྒོམས་པ་ལ་སོགས་པ་མི་བྱའོ། །ཡང་ན་ཕྱག་དང་སྔགས་བགྲང་བ་ལ་སོགས་པ་ཐམས་ཅད་སྒྱུ་མའི་ངང་ནས་བྱ། དེ་ལྟར་འཁོར་འདས་ཀྱིས་ཆོས་ཐམས་ཅད་བདེན་མེད་དུ་ཤེས་ནས་སྒྱུ་མ་ལྟ་བུར་འཆར་ན། སྒྱུ་ལུས་ཀྱི་ཉམས་ཤར་བའོ། །སྣང་བ་སེམས་ཅན་ཐམས་ཅད་དངོས་པོ་དང་མཚན་མས་མ་གོས་པར་ཆོས་སྐུར་ཤར་བ་ལ་ཞེན་པ་མེད་ན། སྒྱུ་ལུས་ཀྱི་རྟོགས་པ་ཤར་བའོ། །རིག་གསུམ་མགོན་པོ་བསྒོམས་པས་གཞན་གྱི་བློ་ངན་སེལ། མེ་ཡི་ཕྱག་རྒྱས་འཇིག་རྟེན་སྲེག་པར་བྱེད་པ་དེ་དུས་སུ་འབྱུང་། མཉམ་རྗེས་མེད་ན་ཚེ་འདི་ལ་ལུས་འཇའ་ལུས་དང་། སེམས་ཆོས་སྐུ་ཐོབ་ནས་མཆོག་ཐོབ་པའོ། །སྒྱུ་ལུས་ཆོས་བརྒྱད་རང་གྲོལ་གྱི་གདམས་ངག་རྫོགས་སོ། །གསུམ་པ་རྨི་ལམ་འཁྲུལ་པ་རང་སངས་ལ་བཞི་སྟེ། དྲན་པའི་ལྕགས་ཀྱུས་བཟུང་བ་དང་། བརྗེད་སྐུལ་གྱིས་སྦྱང་བ་དང་། ཕྲིན་ལས་ཀྱི་མཛད་པ་སྒྱུ་མར་བྱིན་གྱིས་བརླབ་པ་དང་། དེ་ཁོ་ན་ཉིད་བསྒོམ་པའོ། །དང་པོ་ལ་གསུམ། ཡི་དམ་དྲན་པའི་ལྕགས་ཀྱུས་གཟུང་བ་དང་། བླ་མ་དྲན་པའི་ལྕགས་ཀྱུས་གཟུང་བ་དང་། སྣང་བ་དྲན་པའི་ལྕགས་ཀྱུས་བཟུང་བ་རྣམས་སྒྱུ་ལུས་གྱི་གསེར་འགྱུར་རྩི་དང་འདྲའོ། །གཉིས་པ་བརྗེད་སྐུལ་གྱིས་སྦྱང་བ་ནི། བླ་མའི་རྣལ་འབྱོར་བསྒོམ། རྨི་ལམ་ཟིན་པར་གསོལ་བ་གདབ། ཉིན་མོ་རྨི་ལམ་ཡ་མཚན་ཅན་མང་པོ་ཡིད་ཀྱིས་དམིགས་ལ། དེ་རྣམས་རྨི་ལམ་ཡིན་པར་འདུག །ད་ངས་རྨི་ལམ་གཟུང་དགོས་སྙམ་དུ་དྲན་འདུན་བརྒྱ་རྩ་རེ་ཙམ་བྱ། རྨི་ལམ་སྦྱང་པ་མགྲིན་པར་སྦྱང་། འཛིན་པ་སྨིན་མཚམས་སུ་འཛིན་པས། ཉལ་ཁར་བླ་མ་སྣང་བ་མཐའ་ཡས་ཀྱི་ངོ་བོ་མགྲིན་པར་བསྒོམ། ཕྱི་ནང་གསང་
༥༢༠གསུམ་གྱི་མཆོད་པ་ཕུལ། གསོལ་བ་གདབ། མགོ་ནུབ་བདེ་བ་ཅན་དུ་བསྟན་པས་གནས་ངེས་ངར་བྱད། གཞོགས་གཡས་འོག་ཏུ་ཕབ། སེང་གེའི་ཉལ་སྟབས་བྱས་པས་རླུང་སེམས་གནད་དུ་ཚུད་ནས་ལུས་དེས་པར་བྱེད། འཛིན་པ་སྨིན་མཚམས་ཀྱི་བར་ཐིག་ལེ་དཀར་པོ་མུ་ཏིག་ལྟ་བུ་གཅིག་ལ་དྲན་པ་ཏུ་རེ་བར་གཏད། གཉིད་ལོག་པས་སེམས་ངེས་པར་བྱེད། རྨི་ལམ་མ་ཟིན་ན་དོན་མེད་ཡིན་སྙམ་པ་བྱ། གཉིད་འཐུམ་པ་རེ་བྱ། སྐབས་སུ་རླུང་རྩོལ་བག་རེ་བསྒོམ། གཉིད་སད་རེས་ཞིང་ཐིག་ལེ་ལ་རིག་པ་གཏད། རྨི་ལམ་རྨི་ལམ་དུ་ཤེས་ན་ཟིན་པའོ། །གསུམ་པ་ཕྲིན་ལས་ཀྱི་མཛད་པ་སྒྱུ་མར་བྱིན་གྱིས་བརླབ་པ་ལ་བཞི། སྤྲུལ་པ་དང་། བསྒྱུར་བ་དང་། སྤེལ་བ་དང་། ལུས་ཀྱི་སྐར་མདའ་གར་འདོད་དུ་འཕང་བའོ། །དང་པོ་ནི། རྨི་ལམ་དུ་དགྲ་ཡིས་དེད་པའམ། ཆུ་ཁྱེར་བའམ། གཡང་ལ་ལྷུང་ལ་ཁད་པའམ། གཟུགས་མི་སྡུག་པ་ལ་སོགས་པ་བྱུང་ན། དེ་ལ་འཇིག་སྐྲག་གི་སྣང་བ་འཆར། འདི་རྨི་ལམ་ཡིན་སྙམ་དུ་ཤེས་པར་བྱས་ལ། འབྱུང་པོ་ལ་སོགས་པ་རྨི་ན་དེ་དར་དེའི་གཉེན་པོར་སྤྲུལ་ནས་འདུལ་བ་ཞལ་ལས་ཤེས། གཉིས་པ་བསྒྱུར་བ་ནི། རྨི་ལམ་ཟིན་པ་དང་། གཅིག་མང་པོར་བསྒྱུར། མང་པོ་གཅིག་ཏུ་བསྒྱུར། གཟུགས་ཆེན་པོ་ཆུང་ངུར་བསྒྱུར། ཆུང་ངུ་ཆེན་པོར་བསྒྱུར། དུད་འགྲོ་མིར། མི་ལྷ་རུ། །ཁང་ཁྱིམ་རིན་པོ་ཆེའི་གཞལ་ཡས་ཁང་དུ་བསྒྱུར། རྫས་དང་མཚོན་ཆ་རྡོ་རྗེ་དྲིལ་བུ་དང་། པོ་ཏིར་བསྒྱུར། ཆུ་དང་། མེ་དང་། གཡངས་ས་ཐམས་ཅད་ལ་རྨི་ལམ་ཡིན་པས་འཇིགས་རྒྱུ་མེད་སྙམ་དུ་མི་ཕོད་པ་ལ་ཐོག་བརྫིས་བྱས་ལ་མཆོང་། ས་ཆུ་རུ་བསྒྱུར། ཆུ་མེ་རུ་བསྒྱུར། སྟེང་འོག་བརྗེ། །མདོར་ན་རྨི་ལམ་གྱི་སྣང་བ་ཐམས་ཅད་སྟོབས་བསྐྱེད་ལ་བསྒྱུར་བར་བྱའོ། །གསུམ་པ་སྤེལ་བ་ནི། དངོས་པོ་གང་སྣང་གཅིག་གཉིས་སུ་སྤེལ། གཉིས་བཞི། བཞི་བརྒྱད། བརྒྱད་
༥༢༡བརྒྱའི་བར་ནས་དཔག་ཏུ་མེད་པར་སྤེལ་ལོ། །སྒྱུ་མ་མཐར་མ་སྐྱོལ་ན་ཉིན་ནུབ་བརྟག་པ་གནད་ཆེ་སྟེ། ཉིན་མོ་རྨི་ལམ་ཡིན་སྙམ་ནས་གཡང་ལ་མཆོང་ན་སྲོག་དང་བྲལ་ལོ། །བཞི་པ་ལུས་ཀྱི་སྐར་མདའ་གང་འདོད་དུ་འཕང་བ་ནི། ཉིན་པར་དྲན་འདུན་དྲག་པོས་ཨོ་རྒྱན། འོག་མིན། མངོན་དགའ། རྡོ་རྗེ་གདན་ལ་སོགས་པ་བལྟར་འགྲོ་བསམ་པ་བྱ། རང་གི་མདུན་ནམ། སྤྱི་བོར་ཡི་དམ་དང་བླ་མ་དབྱེར་མེད་སྣང་ལ་རང་བཞིན་མེད་པ་གཅིག་བསྒོམ། དེའི་མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པ་གཅིག་བསམ། དེའི་ལྟེ་བར་ༀ། འདབ་མ་བཞི་ལ་ལཱྃ་མཱྃ་བཱྃ་ཏཱྃ་བསམ། ཡང་ན་ཨ་ནུ་ཏ་ར་ཧཱུྃ་བསམ། དེ་ནས་རང་རྗེ་བཙུན་མར་བསམ། རང་དང་མདུན་བསྐྱེད་གཉིས་ཀ་ལ་མཆོད་པ་འབུལ། རང་ཉིད་མདུན་གྱི་ལྷའི་མགྲིན་པར་ཐིམ་པ་ལ། ཡིག་འབྲུ་ལྔ་ལ་རེ་མོས་སུ་རིག་པ་ཧུ་རེ་གཏད། གཉིད་དུ་ཧྲིབ་རྩར་འགྲོ་དུས་རང་ལས་སེམས་ཐོན་ནས་མདུན་བསྐྱེད་ཀྱི་ལྷར་སེམས་ཞུགས་པས་ཅུང་ཞིག་འགུལ་བ་ལ་རག་པ་གཏད། ལུས་མ་ལན་འདུག་པར་བསམ། སྤྲུལ་པའི་ཡིད་ལུས་དེས་ཨོ་རྒྱན་ལ་སོགས་པར་འགྲོ་སྙམ་པའི་དྲན་འདུན་གྱི་ངང་ནས་གཉིད་ལོག་གོ །དེ་ནས་རྨི་ལམ་ནང་དུ་རྨི་ལམ་དུ་འདུག་སྙམ་པ་དང་། སྐད་ཅིག་ལ་བྱ་རྒོད་ལ་སོགས་པའི་སྤྲུལ་པའི་ལུས་ཟུང་འཇུག་གི་འདབ་ཤོག་དང་ལྡན་པས་འཕུར་ནས་ཕྱིན་པས་གང་འདོད་དུ་ཕྱིན་པའི་ཉམས་འབྱུང་ངོ་། །དེ་ལ་གོམས་པས་ཆུ་ཟླ་ལྟ་བུའི་དེ་བཞིན་གཤེགས་པའི་ཞལ་དངོས་སུ་མཐོང་ནས་ཆོས་ཉན་པ་ལ་སོགས་པ་བྱེད་དེ། མཚན་མོའ་རྨི་ལམ་དང་། ཉིན་བར་གྱི་སྒྱུ་ལུས་ལ་ཁྱད་མེད་དོ། །མི་མ་ཡིན་པའི་བར་ཆད་བྱུང་ན་རང་གིས་ཀྱང་རྫུ་འཕྲུལ་སྣ་ཚོགས་བསྟན་ལ་གདུལ་བར་བྱའོ། །གཞན་ཡང་རྨི་ལམ་གྱི་གེགས་བསལ་བ་ནི། རྨི་ལམ་མི་ཟིན་པའི་རྒྱུ་བཞི། རྐྱེན་བཞིའོ། །རྒྱུ་བཞི་ནི། དམ་ཚིག་ཉམས་པ། མོས་གུས་ཞན་པ། མངོན་ཞེན་ཆེ་བ།
༥༢༢གྲིབ་ཀྱིས་ཕོག་པའོ། །སེལ་ཐབས་ནི། དང་པོ་ལ་དབང་བསྐུར། བཤགས་པ་བྱ། དམ་ཚིག་སྡོམ་པ་གསོའོ། །གཉིས་པ་ལ་མོས་གུས་དྲག་པོ་བྱ། གསོལ་བ་གདབ། མཎྜལ་དབུལ། བླ་མ་ཅི་མཉེས་ལ་འབད། གསུམ་པ་ལ་ཡོ་བྱད་སྤོང་དག་བྱ། གང་ལའང་ཆགས་ཞེན་སྤང་། མི་རྟག་པ་བསྒོམ། བཞི་པ་ལ་གཅིག་པུར་བསྡད། སྡིག་ཅན་དང་། སྡོམ་མེད་དང་མི་འགྲོགས། རོ་གོས་དང་མི་གཙང་བ་ལ་འཛེམ། ཡི་གེ་བརྒྱ་པ་བཟླའོ། །རྐྱེན་བཞི་ནི། སད་འབྱམས། འཁྲུལ་འབྱམས། བརྗེད་འབྱམས། རྒྱུན་འབྱམས་སོ། །སད་འབྱམས་ནི། འཛིན་འཕྲོ་ལ་གཉིད་དུ་མ་སོང་སྙམ་པ་དང་། གཉིད་སད་པ་ཡིན་སྙམ་ནས་འཛིན་འཕྲོ་གཅོད་པ་དང་། རྨི་ལམ་མ་ཟིན་པར་ལོང་མེད་དུ་སད་པའོ། །དེ་ལ་འཛིན་འཕྲོ་མི་གཅོད་པར་ཡང་ནས་ཡང་དུ་གཟུང་། གཉིད་ལོང་མེད་པར་སད་ན། གང་གིས་ལན་བརྟགས་ཏེ་སྒྲའི་ཀླག་ཅོར་གྱིས་སད་ན་མི་མེད་སར་ཉལ། ཟིན་པ་ལ་དགའ་ཆེས་པས་སད་ན་སེམས་ཀློད། ལས་ཀྱང་བས་སད་ན་གཏུམ་མོ་བསྒོམ་པའམ། གོས་མཐུག་ཏུ་གཏོང་། གཉིས་པ་འཁྲུལ་འབྱམས་ནི། རྨི་ལམ་ལ་རྨི་ལམ་དུ་མ་ཤེས་པར་འཁྲུལ་པ་འབའ་ཞིག་པའོ། །དེ་ལ་མོས་གུས་བསྐྱེད་ལ་གསོལ་བ་གདབ། སྣང་བ་ཐམས་ཅད་རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་པའི་དྲན་འདུན་དྲག་པོ་ཡང་ཡང་བྱ། གསུམ་པ་བརྗེད་འབྱམས་ནི་འཛིན་པ་ལ་སོགས་པ་མ་བྱུང་བར་བརྗེད་པའོ། །དེ་ལ་འཛིན་སྦྱང་དང་གསལ་པོ་རྨི་བའི་དྲན་འདུན་དྲག་པོ་བྱ། བཞི་པ་བསྡུག་འབྱམས་ནི། རྨི་ལམ་མ་བྱུང་བའམ། བྱུང་ཡང་ངོས་མ་ཟིན་པའོ། །བཞི་པ་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་ནི། རྨི་ལམ་གྱི་སྣང་བ་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ། བཟང་ངན་ཐམས་ཅད་སྒྱུ་མའི་རྩལ་ཁ། གཟུགས་ཐམས་ཅད་སྣང་སྟོང་། སྒྲ་གྲགས་སྟོང་། སེམས་
༥༢༣གདོད་མ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ། རྨི་ལམ་དང་ཉིན་བར་གྱི་སྣང་བར་ཁྱད་མེད་པར་བདེན་མེད་རང་ཤར་རང་གྲོལ་ཡིན་པར་སྒྱུ་མ་ལྟ་བུ་ཡིན་པས་སྟོང་པ་ལ་སོགས་པའི་ངང་དུ་གཞག་པར་བྱའོ། །རྨི་ལམ་འཁྲུལ་པ་རང་སངས་གྱི་གདམས་ངག་གོ་།བཞི་པ་འོད་གསལ་མ་རིག་མུན་བྲལ་ལ་ལྔ་སྟེ། ལུས་གནད་ལ་བརྟེན་ནས་སེམས་མལ་དུ་གཞུག་པ་དང་། ལུས་གནད་ལ་བརྟེན་ནས་སྒོམ་པ་ངོས་གཟུང་བ་དང་། ཡེ་ཤེས་པའི་སྤྱན་པས་མ་རིག་པའི་གླང་པོ་གཟུང་བ་དང་། ཏིང་ངེ་འཛིན་གྱི་ཡེ་ཤེས་ངོ་སྤྲད་པ་དང་། རྗེས་སྤྱོད་འོད་གསལ་གྱི་བོགས་འདོན་པའོ། །དང་པོ་ནི། གནས་དབེན་པར་ཆུ་དྲོན་མོས་ལུས་བཀྲུ། དེ་ནས་དྲི་ཆུས། དེ་ནས་ཆང་གིས། དེ་ནས་ཞུན་ཆེན་ནམ། མེད་ན་མར་གྱིས་བྱུག །དེ་ནས་དྲི་བཟང་གིས་བྱུག །ལུས་ཀྱི་བྱ་བ་སྤངས་ཏེ་དལ་བར་བསྡད། ཐབས་ཤེས་རབ་ཀྱི་ཟས་བསྟེན། ཞག་གསུམ་གཉིད་བསྲུང་བར་བྱའོ། །གཉིས་པ་ཡུལ་གནད་ལ་བརྟེན་ནས་སྒོམ་པ་ངོས་གཟུང་བ་ལ་བཞི་སྟེ། དུས་གནོད། ཡུལ་གནད། ལུས་གནད། དམིགས་པའི་གནད་དོ། །དུས་གནད་ནི། ནམ་སྨད་ནས་ཉི་མ་དྲོས་ཀྱི་བར་དང་། གཉིད་དུ་སོང་ནས་རྨི་ལམ་མ་བྱུང་གི་བར་རླུང་དབུ་མར་འཇུག་པའི་དུས་སོ། །ཡུལ་གནད་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་ལས་མི་འདའ་བ་བཞིན། རང་གི་རིག་པ་འདི་འཁོར་ལོ་བཞི་ལས་མི་འདའ་སྟེ། ཐ་མལ་གྱི་དུས་ན་ལྟེ་བར་གནས། གཉིད་དུས་ན་སྙིང་ག་།རྨི་ལམ་གྱི་དུས་ན་མགྲིན་པ། སྙོམས་འཇུག་དུས་ན་སྤྱི་བོ་ན་གནས་སོ། །དེས་ན་ཡུལ་སྙིང་ག་ཆོས་ཀྱི་འཁོར་ལོར་གནད་དུ་བསྣན་པའོ། །ལུས་གནད་ནི། གཡས་འོག་ཏུ་ཕབ། གཡོན་བསྟོད་ལ་སེང་གེའི་ཉལ་སྟབས་སམ། ཙོག་གཉིད་བྱའོ། །ཤར་མངོན་དགའི་ཕྱོགས་སུ་མགོ་
༥༢༤བསྟན་ནོ། །དམིགས་པའི་གནད་ནི། སྙིང་གི་རྩེ་མོ་གྱེན་ལ་བསྟན་པའི་ནང་དུ་པདྨ་སྔོན་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཧཱུྃ་སྔོན་པོ། ཕྱོགས་བཞིའི་འདབ་མ་ལ་མདུན་དུ་ཨ་དཀར་པོ། གཡས་སུ་ནུ་སེར་པོ། རྒྱབ་ཏུ་ཏ་དམར་པོ། གཡོན་དུ་ར་ལྗང་གུ་རྣམས་གསལ་བར་དམིགས་པར་བྱའོ། །གསུམ་པ་ཡེ་ཤེས་ཀྱི་སྤྱན་པས་མ་རིག་པའི་གླང་པོ་གཟུང་བ་ནི། བླ་མ་ཡེ་ཤེས་སྤྱན་པ། སློབ་མ་མ་རིག་པའི་གླང་པོའོ། །འདི་ལ་གཉིས། བ་ཐག་གསེར་ཕུར་ལ་གླང་པོ་བཏགས་པ་དང་། རིན་ཆེན་ཐོ་བས་མ་རིག་པའི་གཉིད་སད་པའོ། །དང་པོ་ནི། རས་བལ་གྱི་སྐུད་པ་འདོམ་གང་པ་གཅིག་སློབ་མའི་སྐྲ་ལ་བཏགས། དེ་བླ་མའི་སྲིན་ལག་ལ་བཏགས་སོ། །རིན་ཆེན་ཐོབ་ནི། ཤིང་ཕྲ་མོ་འདོམ་གང་པ་གཅིག་གི་རྩེ་མོ་ལ་རས་ཀྱི་ཕོ་ལྟོ་བསྐོན་པ་གཅིག་བྱས། དེ་ནས་སྔོན་དུ་བླ་མ་ལ་ཚོགས་འཁོར་དབུལ། བཀའ་བརྒྱུད་ལ་གསོལ་བ་དྲག་ཏུ་གདབ། བདག་གི་སློབ་མ་ལ་འོད་གསལ་ཟིན་པར་བྱིན་གྱིས་རློབས་བྱ། ཞུན་ཆེན་གྱི་མར་མེ་མཚན་ཐུབ་གཏོང་། ཤ་ཆེན་གྱིས་བརྒྱན་པའི་གཏོར་མ་གཏའ་རུ་གཟུང་། མཁའ་འགྲོ་ཟས་ཀྱི་ཕུད་ཀྱིས་མཆོད། སློབ་མས་མཚམས་གཅད། ཐིག་ལེ་བསྲུང་། བླ་མའི་རྣལ་འབྱོར་བྱས་ལ་གསོལ་བ་གདབ་བོ། །དེ་ཡང་གཉིད་དུ་འགྲོ་བ་དང་འཆི་བ་ཚུལ་མཐུན་པ་ཡིན་པས། འབྱུང་བ་བཞི་ཐིམ་པའི་འགྲོས་ནི། དང་པོ་གཉིད་དུ་འགྲོ་དུས་ས་ཆུ་ལ་ཐིམ་པས་ལུས་ལྕི་ཡོར་བ་དང་། ཤེས་པ་ནག་ཐིབ་བ་དང་། ཁ་ཆུ་ནར་རེ་འོང་། ཆུ་མེ་ལ་ཐིམ་པས་དཔྲལ་བ་ཚ་འུབ་མིག་ཚུམ་ཆེར་ཏེ་འགྲོ། མེ་རླུང་ལ་ཐིམ་པས་སྣ་སུ་སུ་སྡུར་བ་ངར་ངར་འོང་། རླུང་རྣམ་ཤེས་ལ་ཐིམ་པས་ཉིན་མོའ་རྣམ་རྟོག་འགག །མཚན་མོའ་རྨི་ལམ་མ་བྱུང་བའི་བར་དེར་གཉིད་ཀྱི་འོད་གསལ་སྟོང་པ་མཐའ་དབུས་
༥༢༥མེད་པ་ནམ་མཁའ་ལྟར་ངོས་བཟུང་མེད་པ་ས་ལེ་སེང་ངེ་བ་གཅིག་ཡོང་བ་དེ་ངོས་འཛིན་པའོ། །དེ་ནས་བླ་མས། ངས་དེ་ལྟར་སྐུད་པ་འཐེན། དབྱུག་གུས་བརྒྱུད་བྱ་ཡི། འོད་གསལ་ཟིན་ན་ཟིན་འཕྲོ་གཅིག་ལ་བསྒོམ། མ་ཟིན་ན་བསྐྱོར་ལ་སྒོམས་ལ། རལ་ལན་མ་སྟེར་བྱའོ། །དེ་ཡང་ཟིན་ན་ཕྱི་རྟགས་དབང་པོའ་མདངས་ཡ་ལེ་ཡོང་། སྡུར་པ་མི་འོང་། མ་ཟིན་ན་བ་ཐག་གསེར་ཕུར་འཐེན་ཙམ་བྱ། རིན་ཆེན་ཐོ་བ་ཐུག་ཐུག་བྱའོ། །དེས་གཉིད་མི་སང་། གདམས་པ་གསལ་འདེབས་པའོ། །བཞི་པ་ཏིང་ངེ་འཛིན་གྱི་ཡེ་ཤེས་ངོ་སྤྲད་པ་ནི། གཅིག་ཅར་བ་གང་ཟིན་དུ་ངོ་སྤྲད་པ་དང་། རིམ་གྱིས་ཆོ་ག་ལ་བརྟེན་ནས་ཉམས་དང་སྦྱར་ནས་ངོ་སྤྲད་པའོ། །དང་པོ་ནི། གཅིག་ཅར་བ་ལ་ངེས་མེད་དུ་འོད་གསལ་ཟིན་པ་འབྱུང་བས་དེ་ལ་ཡིད་ཆེས་བསྐྱེད་པར་བྱའོ། །རིམ་གྱིས་བ་ངོ་སྤྲད་པ་ནི། དང་པོ་གཉིད་ལོག་ཁར་ཐ་མལ་གྱི་དུས་སུ་ཨ་ལ་ཤེས་པ་གཏད་པས་ཡུལ་རགས་པའི་རྟོག་པ་ཐིམ་པས། སྣང་བ་སྟོང་པ་ངོས་གཟུང་། གཉིད་ཧྲིབ་པ་དང་ནུ་ལ་གཏད་པས་ཡུལ་ཕྲ་བའི་རྟོག་པ་ཐམས་ཅད་ཐིམ། མཆེད་པ་དང་ཤིན་ཏུ་སྟོང་པ། དེ་བས་ཀྱང་ཆེར་ཧྲིབ་པ་དང་ཏ་ལ་གཏད་པས་ཆེས་ཕྲ་བའི་རྟོག་པ་ཐིམ་པས། ཐོབ་པ་དང་སྟོང་པ་ཆེན་པོ། ཤིན་ཏུ་ཧྲིབ་པའི་དུས་སུ་ར་ལ་གཏད་པས་རྟོག་པ་ཐམས་ཅད་ཐིམ་པས་ཉེ་བར་ཐོབ་པ་དང་ཐམས་ཅད་སྟོང་པའོ། །ཧྲིབ་ཀྱིས་སོང་བའི་དུས་སུ་ཧཱུྃ་ལ་གཏད་པས་རང་བཞིན་བརྒྱད་ཅུའི་རྟོག་པ་ཐམས་ཅད་ཐིམ་པས་འོད་གསལ་ཆེན་པོ་ངོས་གཟུང་བར་བྱའོ། །ཡང་ན་གཉིད་ཧྲིབ་པའི་དུས་དུ་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགག །ཆེར་ཧྲིབ་པའི་དུས་སུ་ཞེ་སྡང་གི་རྟོག་པ་སུམ་ཅུ་རྩ་གསུམ་འགག །ཤིན་ཏུ་ཧྲིབ་པའི་དུས་སུ་གཏི་མུག་གི་རྟོག་པ་བདུན་འགག་ནས་འོད་གསལ་ཆོས་སྐུའི་དོན་འཆར་རོ། །
༥༢༦དེ་ནས་གཉིད་སད་པ་དང་། ཉིན་མཚན་གཅིག་ཏུ་བསྲེས་ནས་རྒྱུན་ཆད་མེད་པར་བསྒོམ་པར་བྱའོ། །འོད་གསལ་གྱི་གེགས་སེལ་ཞལ་ལས་ཤེས། ལྔ་པ་རྗེས་སྤྱོད་འོད་གསལ་གྱི་བོགས་འདོན་པ་ནི། སྤྲོས་བཅས་སྤྲོས་མེད་གཉིས་པས་སྤྲོས་བཅས་ནི། མདུན་གྱི་བར་སྣང་དུ་ཧཱུྃ་སྔོན་པོ་བཻ་ཌཱུརྻ་མདོག་ཅན་ཤིན་ཏུ་གསལ་བ་རྟོག་པས་བར་མ་ཆོད་པར་བསྒོམ། དེ་ནས་སྐྱེ་ན་ཧཱུྃ་རིགས་ལྔའི་རང་བཞིན་ཏུ་ཞབས་ཀྱུ་ཧ་ལ་ཐིམ། ཧ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། དེ་འོད་གསལ་དུ་ཡལ་བས་སྟོང་ཉིད་མི་རྟོག་པའི་ངང་དུ་གཞག །དེ་ལ་སྐྱོན་ལྷ་སྐུ་སྟོང་རའི་ཐུགས་ཀར་ཧཱུྃ་སྔོན་པོ་བསྒོམ། དེ་འོད་དུ་ཞུ། སྟོང་རའང་སྔོ་ནར་གང་། དེ་ཇེ་ཆེ་ལ་ནམ་མཁའ་དང་མཉམ་པའི་ངང་དུ་གཞག་གོ །སྤྲོས་མེད་ནི། ད་ལྟར་གྱི་སྣང་བ་སྣ་ཚོགས་འདི་མེ་ལོང་གི་གཟུགས་བརྙན་ནམ་ཆུ་ནང་གི་ཟླ་བ་ལྟར་སྣང་ཙམ་དུ་ཟང་ཀྱི་ངོ་བོ་ལ་གྲུབ་པ་མེད་པར་ཤེས་པར་བྱས་ལ། རྗེས་ཐོབ་ལ་སྔར་གྱི་སྒྱུ་ལུས་སུ་ལངས་ལ་བྱ་བ་ཅི་བྱེད་ཐམས་ཅད་ལ་འཇུག་པར་བྱའོ། །དེ་ལྟར་བརྩོན་འགྲུས་དང་ལྡན་པས་དུས་ལ་མི་ལྟོས་པར་ཚེ་འདི་ཉིད་དང་འཆི་ཁར་ས་བཅུའི་རྟོགས་པ་སྐྱེ་བར་འགྱུར་རོ། །འོད་གསལ་མ་རིག་མུན་བྲལ་གྱི་གདམས་ངག་གོ་།ལྔ་པ་འཕོ་བ་གསེར་འགྱུར་གྱི་རྩིའི་གདམས་ངག་ནི། སྔར་གྱི་དེ་ལྟ་བུས་ལམ་བགྲོད་པ་ཡིན་པ་ལ། གལ་ལྟེ་དུས་ཀྱི་གཏུགས་ན་འཕོ་བ་བྱ་སྟེ། དེ་ལ་གཉིས། ཐུན་མོང་དང་། ཁྱད་པར་རོ། །ཐུན་མོང་ནི། སེར་སྣ་སྦྱིན་པར་འཕོ། འདོད་ཆགས་ཚུལ་ཁྲིམས་ལ། ཞེ་སྡང་བཟོད་པར། ལེ་ལོ་བརྩོན་འགྲུས་སུ། རྣམ་གཡེང་བསམ་གཏན་དུ། གཏི་མུག་ཤེས་རབ་ཏུ། རང་འདོད་གཞན་དོན་དུ། རྣམ་རྟོག་བསྐྱེད་རིམ་དུ་འཕོ་བའོ། །ཁྱད་པར་གྱི་འཕོ་བ་ལ་གཉིས། ཡུལ་གང་དུ་འཕོ་བ་དང་། ཐབས་གང་གིས་འཕོ་བའོ། །ཡུལ་གང་དུ་འཕོ་བ་ལ་
༥༢༧གསུམ། སྤྲོས་མེད་ཆོས་སྐུར་འཕོ་བ་དང་། སྤྲོས་བཅས་གཟུགས་སྐུར་འཕོ་བ་དང་། །ཡིད་འོང་མཁའ་འགྲོའི་གྲོང་དུ་འཕོ་བའོ། །འཕོ་ཐབས་ལ་གསུམ། རབ་འོད་གསལ་དུ་འཕོ་བ་དང་། འབྲིང་སྒྱུ་ལུས་སུ་འཕོ་བ་དང་། ཐ་མ་བསྐྱེད་རིམ་གྱིས་འཕོ་བའོ། །དང་པོ་ལ་གཉིས། རང་བཞིན་གྱི་འོད་གསལ་དང་། བསམ་གཏན་གྱི་འོད་གསལ་ལོ། །རང་བཞིན་གྱི་འོད་གསལ་དུ་འཕོ་བ་ནི། །སེམས་ཅན་ཐམས་ཅད་ལ་འཆི་དུས་སུ་ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་བར་དུ་འོད་གསལ་འཆར་བས། དེ་ངོས་བཟུང་ལ་དེའི་སྟེང་དུ་མ་ཡེངས་པར་བཞག་པས་ལམ་གྱི་འོད་གསལ་དང་གཅིག་ཏུ་འདྲེས་ནས་ཆོས་སྐུར་སངས་རྒྱས་པའོ། །དེ་ལ་ད་ལྟ་གཉིད་ཀྱི་འོད་གསལ་ཟིན་པ་གཅིག་དགོས་སོ། །དེ་ལ་གོམས་པ་ཆུང་ན་བསམ་གཏན་གྱི་འོད་གསལ་དུ་འཕོ་བ་ནི། །འཆི་ཁར་ལུས་གནད་གང་བདེ་བྱེད། །སྐྱེ་མེད་འོད་གསལ་ངོས་གཟུང་ལ། དེ་ལ་སྐད་ཅིག་ཀྱང་མ་ཡེངས་པར་བྱ། དབུགས་རིང་ཐུང་གི་དུས་སུ་ཧ་བྱས་པས་ཤེས་པ་དང་ནམ་མཁའ་བསྲེ་ལ་བཏང་། ཆོས་སྐུར་སངས་རྒྱས་པའོ། །གཉིས་པ་སྒྱུ་ལུས་སུ་འཕོ་བ་ལ་གཉིས་ཏེ། རང་བཞིན་གྱི་སྒྱུ་ལུས་དང་། བསམ་བསྟན་གྱི་སྒྱུ་ལུས་སོ། །དང་པོ་ནི། སྔར་སྒྱུ་ལུས་ལ་གོམས་ཤིང་སྦྱངས་པ་དེ་ལ། ཅི་ལྟར་སྦྱངས་པའི་དངོས་པོ་ཐམས་ཅད་སྒྱུ་མར་ཤེས་པའི་ངང་ནས་ཞེན་པ་དང་ཆགས་པ་སྤུ་ཙམ་ཡང་མེད་པར་འཕོས་པས་ལོངས་སྐུར་སངས་རྒྱའོ། །དེ་ལ་གོམས་པ་ཆུང་ན། བསམ་གཏན་གྱི་སྒྱུ་ལུས་སུ་འཕོ་བ་ནི། ལུས་ཐ་མལ་དུ་ཞེན་པའི་གཉེན་པོར་ལྷ་སྐུ་སྣང་ལ་རང་བཞིན་མེད་པར་བསྒོམ། ངག་ཐ་མལ་དུ་ཞེན་པའི་གཉེན་པོར་ཨཱ་ལི་ཀཱ་ལི་བརྗོད། སེམས་ཐ་མལ་དུ་ཞེན་པའི་གཉེན་པོར་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པར་བྱ། གཟུགས་སྣང་སྟོང་།
༥༢༨སྒྲ་གྲགས་སྟོང་། རྟོག་པ་གསལ་སྟོང་། ཆོས་ཐམས་ཅད་སྒྱུ་མ། སྒྱུ་མའི་ངང་ནས་འདུན་པ་དྲག་པོ་ཡང་ཡང་བྱ་ཞིང་རླུང་དང་བསྟུན་ནས་འཕོས་པས་ལོངས་སྐུ་སྒྱུ་མ་ལྟ་བུར་སངས་རྒྱས་སོ། །གསུམ་པ་བསྐྱེད་རིམ་གྱིས་འཕོ་བ་ལ་གཉིས་ཏེ། སྦྱངས་ཏེ་འཕོ་བ་དང་། བཙན་ཐབས་སུ་འཕོ་བའོ། །དང་པོ་ལ་གཉིས་ཏེ། སྦྱང་བ་དང་། འཕོ་བའོ། །དང་པོ་སྦྱང་བ་ལ་གཉིས་ཏེ། དྲན་པའི་སྤྱན་པས་ཉེས་པའི་སྐྱོན་བསལ་བ་དང་། ཧཱུྃ་གི་སང་ཕྲུག་གངས་ལ་འཕྱོ་བའོ། །དང་པོ་ནི། བདག་རིང་པོར་མི་ཐོགས་པར་འཆི་དུས་འདི་ག་ལྟར་དུ་འཆི། དེས་ན་སེམས་ཅན་གྱི་དོན་དུ་འཕོ་བ་སྦྱང་སྙམ་དུ་བསམ། དེ་མ་བྱས་ན་དུས་མིན་ལྷ་བསད་པའི་ཉེས་པ་འབྱུང་ངོ་། །རང་རྗེ་བཙུན་མར་བསྐྱེད། རྩ་དབུ་མ་མདའ་སྨྱུག་ཙམ་བསྒོམ། སྤྱི་བོའ་ཚངས་བུག་ཀྵ་དམར་ནག་གཅིག་གིས་བཀག་པར་བསྒོམ། སྙིང་གར་རླུང་སེམས་འདུས་པའི་ངོ་བོ་ཧཱུྃ་སྔོན་པོ་བ་ཐག་ཙམ་བཏགས་པར་བསམ། གཉིས་པ་ཧཱུྃ་གི་སེང་ཕྲུག་གངས་ལ་འཕྱོ་བ་ནི། །སྟེང་གི་ནམ་མཁའ་ལ་བླ་མ་ཡི་དམ་ཐ་མི་དད་པ་ཐུགས་ཀར་པདྨ་ཁ་བྱེ་བའི་ཚུལ་དུ་བསྒོམ། འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །ཞེས་གསོལ་བ་གདབ། རླུང་རོ་བུས་ནས་རླུང་ནང་དུ་དྲག་ཏུ་རིང་བར་རྔུབ། སྟེང་རླུང་ཆིལ་གྱིས་མནན་པས་སྙིང་གའི་ཧཱུྃ་དེ་མར་སོང་ལྟེ་འོག་གི་ཨ་དང་འདྲེས་པར་བསམ། ཐུར་སེར་གཅུད། སྲིན་པོ་བསྐུམ། རྒྱུ་ཞབས་ཉོངས་བྱས་ལ། ངག་ཏུ་ཧིག་ཀ་ཧིག་བྱས་ནས་དྲངས་པས་ཧཱུྃ་ཨ་བ་དྷཱུ་ཏིའི་ནང་ན་ཡར་སོང་བས་སྤྱི་བོའ་ཀྵ་ལ་ཐུག །ཐོད་པ་སེར་ཀ་ཤིག་ཤིག་རུས་པ་ཐེབ་གང་དང་། ཤ་ཁྲག་དང་བཅས་པ་རྒྱངས་ཐོན་ནས་བླ་མའི་ཐུགས་ཀར་སོང་། ཡང་རླུང་རྔུབ་ཧཱུྃ་མར་བྱུང་། སྲོག་གི་རྒྱུན་བ་ཐག་ལྟ་བུ་ལ་ཞོན་ནས་སྙིང་གར་ཐུག་ཙེར་བབས་པར་བསམ། དེ་བཞིན་དུ་རླུང་རྩོལ་ཉེར་གཅིག་གམ། ལྔ་བཅུ་རྩ་ལྔ་ཙམ་རེ་སྦྱང་། ཐུན་
༥༢༩བཤོལ་ཁར་བླ་མ་རང་ལ་བསྟིམས་ལ་སང་སྤྲུག་བྱ། རྗེས་གནས་ལུགས་ཀྱི་དོན་ལ་ཇི་སྲིད་གནས་པར་གཞག་གོ་།ཚད་མ་ཟིན་ན་ངོས་སུ་འཕོ་བས་ཚོང་ཟིན་པར་བྱའོ། །འབྱོངས་པའི་ཚད་ནི། །སྤྱི་གཙུག་རྩེ་བ་དང་། གཡའ་བ་དང་། དྲ་བ་དང་། འཕྲིག་པ་དང་། སྐྲངས་པ་དང་། ཁྲག་ཆུ་སེར་ཐོན་པ་དང་། ཤེས་པ་ཕྱེད་ཕྱེད་པ་དང་། དབུགས་སྟོད་དུ་འཚངས་པ་དང་། སྙིང་ན་ཁེང་པ་འབྱུང་ངོ་། །དེ་ལྟར་བྱུང་བ་དང་སྦྱོང་འཕྲོ་བཅད། འཆི་དུས་སུ་བློ་གཏད་ཐུབ་པས་ཡིད་ཆེས་པར་བྱའོ། །གཉིས་པ་འཕོ་བ་ནི། འཆི་ལྟས་ཚང་བ་དང་། འཆི་ལྟས་བརྟག་པ་ཞལ་ལས་ཤེས། ནམ་མཁའ་ལ་བླ་མ་ཡི་དམ་གཉིས་མེད་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོ་དང་ལྡན་པའི་ཐུགས་པདྨ་འདམ་མ་བརྒྱད་པ་ཁ་བྱེ་བའི་ཚུལ་དུ་བསམས་ལ། སྔ་མ་ལྟར་ཧཱུྃ་ལ་རྣམ་ཤེས་བསྡུས་ལ། སྤྱི་བོའ་ཀྵ་གསལ་བཏབ་ལ་འོག་རླུང་གཅུད་ལ་ཐུགས་ཀར་འཕོས་པས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་། བདག་གི་ཤེས་པ་དབྱེར་མེད་དུ་འདྲེས་པ་དང་། ཕྱིར་བསྐྱེད་བྱས་པས་སྲོག་གི་རྒྱུན་བ་ཐག་ལྟ་བུ་རྦད་ཀྱིས་ཆད་པར་བསམས་ལ། རླུང་གཅུད་པས་ལན་གཅིག་གིས་ངེས་པར་འཕོ་བའོ། །དེ་དུས་བླ་མའི་གྲོགས་ལ་སོགས་པས་བདེ་སྟོང་ལ་གནས་པར་གྱིས་ཞེས་བསྒྲག་པར་བྱའོ། །རླུང་ལས་མི་ནུས་ན། སེང་གེའི་ཉལ་སྟབས་བྱས་ལ་གཞན་སྔ་མ་དང་འདྲའོ། །གཉིས་པ་བཙན་ཐབས་སུ་འཕོ་བ་ལ་གསུམ། ལུས་གནད་ལ་བརྟེན་ནས་འཁོར་བའི་འགྲུལ་བཅད་པ་དང་། ཤེལ་གྱི་འབན་བཙུག་པ་དང་། ཀ་ཧིག་གི་མདས་གང་འདོད་ཀྱི་གནས་སུ་འཕང་བའོ། །དང་པོ་ནི། སེམས་བསྐྱེད། གསོལ་བ་གདབ། སྒོ་དགུ་གང་རུང་ནས་རྣམ་ཤེས་ཐོན་ནས་དེ་དང་དེར་སྐྱེ་བ་སངས་རྒྱས་ཀྱིས་ཀྱང་མི་ཁེགས་པས། འཁྲུལ་འཁོར་སེང་གེ་རྣམ་གྲོལ་འདི་ཤིན་ཏུ་ཟབ་བོ། །སྲིན་
༥༣༠ཞལ་དམྱལ་བའི་སྒོ་ཡིན་པས་རྟིང་བས་བཀག །འོག་རླུང་བསྡམས། བྱ་ཀང་དུས་འགྲོའི་སྒོ་ལོང་མོ་གཉིས་ཀྱི་བར་དུ་བཙིར། སྐྱེས་དམན་ལ་རྟིགས་པས་གདབ། འབྲུབ་ཁུང་ཡི་དྭགས་ཀྱི་སྒོ་མཐེའུ་ཆུང་གིས་དགག །སྣོམ་བྱེད་གནོད་སྦྱིན་གྱི་སྒོ་སྲིན་ལག་གིས་དགག་མ་ཐུབ་ན་གཡོན་ནས་གཏང་། ལྟ་བྱེད་མིའི་སྒོ་གུང་མོས་དགག །ཉན་བྱེད་ལྷའི་སྒོ་མཐེ་བོང་གིས་དགག །གཉིས་པ་ཤེལ་གྱི་འབེན་གཟུག་བ་ནི། བླ་མ་ཡི་དམ་གང་གསལ་ཅིག་སྤྱི་བོ་རུ་འདོམ་གང་ཙམ་དུ་བཞུགས་པའི་ཐུགས་པདྨ་ཁ་འབྱེད་པའི་ཚུལ་དུ་བསྒོམ། ཀ་ཧིག་གི་མདས་གང་འདོད་དུ་འཕང་བ་ནི། ཐག་པའམ་དབྱུག་པ་ལ་རྒྱབ་བཀལ། ཁོང་དུ་ཀ་ཧིག་བརྗོད། ཤེས་པ་ཤེལ་གྱི་འབེན་ལ་འཕང་། སྦྱོར་བ་གཅིག་གིས་ངེས་པར་འཕོ་བའོ། །གཉིས་དང་གསུམ་གྱིས་མི་འཕོ་མི་སྲིད་དོ། །གནད་བཞི་ཞལ་ལས་ཤེས། མ་བསྒོམས་སངས་རྒྱས་འཕོ་བ་གསེར་འགྱུར་རྩིའི་གདམས་ངག་གོ། །དྲུག་པ་གྲོང་འཇུག་སྦྲུལ་ལྤགས་འདོར་བྱེད་ནི། །དཔེར་ན་སྦྲུལ་དེ་ནམ་ཟླ་དབྱར་ངོར་པགས་པ་རྙིང་བ་དེ་དོར་ནས་གསར་བུ་གཅིག་འབྱུང་བ་ལྟར། རང་གི་ལམ་ཡོངས་སུ་མ་རྫོགས་ཤིང་རྟེན་དམན་པར་གྱུར་ན། ཤེས་པ་གཞན་ལུས་ཀྱི་རྟེན་གྲོང་དུ་ཞུགས་ལ་དོན་ཆེན་བསྒྲུབ་པར་བྱའོ། །འདི་ལ་གསུམ་སྟེ། འཇུག་བྱ་ཡུལ་གྱི་གནད་ཀྱིས་ཆད་ལྡན་དུ་སྦྱང་བ་དང་། འཇུག་བྱེད་རྟེན་གྱི་གནད་ཀྱིས་གར་འདོད་དུ་འཕང་བ་དང་། མཐུན་རྐྱེན་གྲོག་ཀྱི་གནད་ཀྱིས་རྣམ་ཤེས་གསལ་གདབ་བའོ། །དང་པོ་ལ་གསུམ་སྟེ། ཐོད་པ་ལ་སྦྱང་བ་དང་། བོམ་པ་ལ་སྦྱང་བ་དང་། སྲོག་ཆགས་ཀྱི་རོ་ལ་སྦྱང་བའོ། །དང་པོ་ལ་གཉིས་ཏེ། རྟེན་ལིངྒ་བཅའ་བ་དང་། བརྟེན་པའི་ལས་སྦྱོར་བྱ་བའོ། །དང་པོ་ནི། ཐོད་པ་མཚན་ལྡན་གྱི་ནང་དུ་རྩི་ནག་པོས་བྱུག །དབུས་སུ་རྡོ་རྒྱུས་ཀྱིས་ཧཱུྃ་མགོ་རང་ལ་བསྟན་པ་བྲི།
༥༣༡དར་དམར་པོས་ཁ་གཅད། གནས་དབེན་པར་མཎྜལ་གྲུ་བཞི་པ་བྱི་དོར་བྱས་པའི་དཀྱིལ་དུ་སྟེགས་ཀྱི་ཁར་ཐོད་པ་རྣལ་འབྱོར་པའི་ཤར་དུ་བསྟན་ལ་གཞག་གོ། །གཉིས་པ་བརྟེན་པའི་ལས་སྦྱོར་བྱ་བ་ནི། སྐྱབས་འགྲོ་སེམས་བསྐྱེད་བྱ། བླ་མ་ཡི་དམ་སྤྱན་དྲངས་ལ་གསོལ་བ་གདབ། དེ་ནས་རླུང་གཟུང་། ཧཱུྃ་དང་རྣམ་ཤེས་ཐ་དད་མེད་པ་དྷཱུ་ཏིའི་ནང་ནས་མར་སོང་། གསང་གནས་སུ་བྱུང་། འོག་རླུང་དྲག་ཏུ་འཐེན་པས་ཧཱུྃ་དེ་དྷཱུ་ཏི་ནས་ཡར་བྱུང་། སྣ་བུག་གཡས་ན་ཐོད་པའི་ཁའི་དར་ལ་ཐལ་གྱིས་སོང་ནས། ཐོད་ནང་ཧཱུྃ་ལ་ཏིམ་གྱིས་ཐིམ་པ་ལ་ཤེས་པ་ཤི་མ་ཤི་མེད་པར་གཏད་ལ། རླུང་ཚུར་བཟློག་ཏུ་མི་འཇུག་པར་ཡུན་རིང་དུ་གཞག །སྲོག་གི་རྒྱུན་པ་ཐག་ལྟ་བུ་བསྒོམ། དེ་ལྟར་སྦྱངས་པས་དང་པོ་ཐོད་པ་ལ་དྲོད་ཚ་འུར་ངོ་འོང་། དེ་ནས་དུད་པ་ལྟ་བུ་སྔོ་ཕྱུར་ཕྱུར་བ་འོང་། ཙག་ཙག་པའི་སྐད་འོང་། དར་དེ་ཡང་འགུལ་འགུལ་བཏེག་བཏེག་ནམ་མཁའ་ལ་ལྡིང་གིས་འགྲོ། ཐོད་པ་དེའང་དུམ་བུར་འགྲོ་བ་འོང་། བསྐྱེད་རིམ་བརྟན་ཅིང་གཏུམ་མོ་འབྱོངས་ན་འདིས་ངེས་པར་འགྲུབ་བོ། །གཉིས་པ་བེམ་པོ་ལ་སྦྱང་བ་ནི། བལ་འདབ་བམ། རས་ཀྱི་དུམ་བུའམ། ཕྱིང་པ་མཐོ་སྐོར་ལ་སོགས་པ་ལ་སྔར་ལྟར་བྱས་པས་དྲོད་དང་འཕར་གཡོ་འབྱུང་ངོ་། །གསུམ་པ་སེམས་ཅན་གྱི་རོ་ལ་སྦྱང་བ་ནི། ལུ་གུ་ལ་སོགས་པ་སེམས་ཅན་གང་ཡང་རུང་བའི་རོལ་བྱ་སྟེ། རོའ་ཁ་རང་ལ་བསྟན། རང་གི་རྣམ་ཤེས་ཧཱུྃ་དང་དབྱེར་མེད་སྣ་བུག་གཡས་ནས་ཐོན་རོའ་སྣ་བུག་གཡོན་དུ་ཞུགས་ནས་དེའི་སྙིང་ནང་དུ་ཧཱུྃ་ལ་རིག་པ་གཏད། བྱའི་རོ་ཡིན་ན་ཐེ་གུ་བཏགས་ལ་ཕུར་བ་ལ་བརྟོད། རྟགས་ནི་མཚན་ཁུང་དུ་དྲོད་ཡོང་། དེ་ནས་ལུས་ཀུན་ལ་ཡོང་། དེ་ནས་འགུལ་བ་དང་འདར་བ་ཡོང་། དེའི་དུས་སུ་དྲན་པ་སྟོར་འཁོ་བས་ཉམས་མྱོང་ཅན་གྱིས་ཚོད་བྱའོ། །གཉིས་པ་འཇུག་བྱེད་རྟེན་
༥༣༢གྱི་གནད་ཀྱིས་གང་འདོད་དུ་འཕང་བ་ལ་གཉིས། ཤེལ་གྱི་འབེན་གཟུགས་པ་དང་། ཧཱུྃ་གི་མདའ་འཕང་བའོ། །དང་པོ་ནི། རྒས་པ་དང་། མཛེ་ཕོ་དང་། དབང་པོ་མ་ཚང་བ་ལ་སོགས་པའི་རོ་མ་ཡིན་པ་དང་། ན་སོ་གཞོན་པ་དང་། རིགས་བཟང་བ་དང་། གཅོང་ནད་མེད་པ་དང་། རྨ་མེད་པ་དང་། མ་རུལ་བ། མ་སུམ་པ། གློ་བུར་དུ་ཤི་བའི་རོ་བཙལ་ལ་བུར་ཆུ་དང་སུག་ཆུས་བཀྲུ། དྲི་བཟང་བྱུག །གོས་བསྐོན། རྒྱན་བཏགས། མཎྜལ་གྱི་སྟེང་དུ་སྐྱིལ་ཀྲུང་བཞག །སྐྲ་ཡོད་ན་བརྟོད། མེད་ན་བརྟེན་པར་བྱ། རོ་དེ་ཁ་ཤར་དུ་བསྟན་ནོ། །གཉིས་པ་ཧཱུྃ་གི་མདའ་འཕང་བ་ནི། རང་དཀྱིལ་འཁོར་གྱི་ཤར་དུ་ཁ་ནུབ་ཏུ་བལྟས་ཏེ་འདུག །སེམས་བསྐྱེད། རང་རྗེ་བཙུན་མར་བསྒོམ། །བཀའ་བརྒྱུད་སྤྱན་དྲངས་ལ་གསོལ་བ་གདབ། རོ་དེ་བླ་མ་ཡི་དམ་དབྱེར་མེད་དུ་བསྐྱེད་ལ། སྔ་མ་ལྟར་རོའ་སྙིང་གར་ཧཱུྃ་བསམས་ལ། རང་གི་ཤེས་པ་ཧཱུྃ་ལ་བསྡུས་ལ། སྣ་བུག་གཡས་པ་ནས་བཏོན་ལ། རོའ་སྣ་བུག་གཡོན་པ་ནས་སོང་ཏེ་སྙིང་གའི་ཧཱུྃ་ལ་བསྟིམ་མོ། །གསུམ་པ་མཐུན་རྐྱེན་གྲོགས་ཀྱི་གནད་ཀྱིས་རྣམ་ཤེས་གསལ་གདབ་པ་ལ་གསུམ་སྟེ། སྒྲས་བརྗེད་བསྐུལ་བྱ་དང་། ཟས་ཀྱིས་དྲོད་བསྐྱེད་པ་དང་། མི་ལྡོག་པར་བྱ་བའི་ཕྱིར་རོ་རིང་དུ་འཕང་བའོ། །དང་པོ་ནི། གྲོགས་བློ་བརྟན་པ་གཅིག་ལ་གྲོང་འཇུག་གི་རོག་བཅོལ། རོ་དེ་འགུལ་བ་དང་། མིག་ཧྲིག་པ་དང་། རྔམ་པ་ཧ་ཟེར་བ་དང་། རྣ་བ་གཡས་ནས་གསང་མཚན་ནས་འབོད། ཁྱོད་གྲོང་འཇུག་བྱས་པ་ཡིན་ནོ། །ཞེས་དྲན་པ་གསོ། གཉིས་པ་ནི། གོས་མེའམ་ཉི་མ་ལ་བསྲོས་ལ་བསྐོན། ཤ་དྲོད་ལ་བཅར། བུར་ཆང་དྲོན་མོ་བླུད། སྔར་གྱི་རོ་དང་གཉིས་གྱི་བར་དུ་བསྒྲིབ་བོ། །གསུམ་པ་ནི། གཏམ་སྒད་ན་བག་ཙམ་སྨྲ་ཤེས་པ་དང་། ལུས་རྙིང་པ་དེ་གསར་པས་མི་མཐོང་བའི་སར་དྲག་ཤུལ་དང་བཅས་པས་
༥༣༣བསྐྱར་བར་བྱའོ། །དེ་ལྟ་བུའི་ལུས་དེས་མཆོག་བསྒྲུབ་ལ་གཞན་དོན་བྱའོ། །དེ་ལྟ་བུའི་གྲོང་འཇུག་སྦྱང་བར་བྱེད་པ་ལ། སྟེང་འོག་གི་རླུང་ལ་དབང་ཐོབ་པ་དང་། །བསྐྱེད་རིམ་བརྟན་པས་བྱའི། །གཞན་གྱིས་འཇུག་པར་མི་འགྱུར་རོ། །དེ་ཕྱིར་སྦྱང་བ་གཉིས་ལ་འབད་པར་བྱའོ། །གྲོང་འཇུག་སྦྲུལ་ལྤགས་འདོར་བྱེད་ཀྱི་གདམས་ངག་གི། །སྟེང་སྒོ་རྣམ་གྲོལ་ཆོས་དྲུག་གོ་།བླ་མ་མཁའ་འགྲོའི་གསུང་བཞིན་དུ། །སྙ་ནམ་གྲོད་ཕུག་དགོན་པ་རུ། །རྡོ་རྗེ་རྒྱལ་མཚན་བརྩེ་བས་བྲིས། །མི་ལ་རས་པས། རས་ཆུང་རྡོ་རྗེ་གྲགས་པ་ལ་གཏད་པ་རྫོགས་སོ། །།།།། རྒྱ་རྒྱ་རྒྱ། ༈ །བདེ་མཆོག་སྙན་བརྒྱུད་ཀྱི་གཏུམ་མོ་དང་ཐབས་ལམ་གྱི་འཁྲུལ་འཁོར་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི། རྩ་མདུད་གྲོལ་དང་གེགས་སེལ་གནད་ཀྱི་མཆོག །ལུས་ཀྱི་ནད་གདོན་མ་ལུས་སེལ་བར་བྱེད། །སེམས་ཀྱི་ཡེ་ཤེས་ངོ་བོ་འཕྲོད་པར་བྱེད། །རྫུ་འཕྲུལ་ཡོན་ཏན་མ་ལུས་སྟེར་བར་བྱེད། །བདེ་ཆེན་ཐིག་ལེའི་ལུས་སུ་འགྱུར་བའི་ཕྱིར། །རྡོ་རྗེའི་ཚིག་རྐང་ལེགས་པར་བཤད་པའི་དོན། །རྩ་བ་དྲུག་ལ་ཡན་ལག་སོ་དགུ་ཡི། །སྙན་བརྒྱུད་འཁྲུལ་འཁོར་གསལ་བའི་མེ་ལོང་བཀོད། །ཐོག་མར་རྣལ་འབྱོར་སྤྲུལ་སྐུའི་ལུས་བྱ་ཞིང་། །བདུད་རྩི་བཅུད་ཀྱི་རྫས་ནི་ལུས་ལ་བྱུང་། གསུམ་པ་སྐྱབས་འགྲོ་བཞི་པ་སེམས་བསྐྱེད་བྱ། །ཡིད་བཞིན་ནོར་བུ་སྤྱི་བོའ་གཙུག་གི་རྒྱན། །སྲོག་རྩོལ་ལོངས་སྐུའི་ཆིངས་ནི་བརྟན་པར་བྱ། །ཆོས་སྐུ་དེ་བཞིན་ཉིད་ནི་ཕྲད་བྱས་ཤིང་། །འཛམ་གླིང་རླུང་གི་རྐྱལ་བ་འབུད་པར་བྱ། །སྲོག་རྩོལ་མནན་ལ་ཐུར་སེལ་གྱེན་ལ་འཐེན། །རོ་སྙོམས་གར་གྱི་འཁྲུལ་འཁོར་བསྐོར་བ་ཅི། །བདེ་ཆེན་རྩ་བའི་འཁོར་ལོ་རྣམ་དྲུག་ལ། །སེང་གེ་རྩེ་བ་སྐྱིལ་ཀྲུང་བཅའ། །ལག་གཉིས་བསྣོལ་ལ་རྐང་ལ་འདུས། །གྱེན་ལ་འཐེན་ལ་ཀློད་པར་བྱ། །དེ་ཡིས་ཐིག་ལེ་འཛིན་
༥༣༤པར་བྱེད། །གླང་ཆེན་འགྱིང་པའི་འཁྲུལ་འཁོར་ནི། །རྐང་གཉིས་བར་དུ་མཁྱིད་གང་བཞག །ལག་གཡོན་སྟེང་དུ་ལག་གཡས་གཞག །འཕོང་དང་བྱིན་མཇུག་ལན་དགུ་བརྡབ། །ཐིག་ལེ་གྱེན་ལ་འདྲེན་པར་བྱེད། །རྨ་བྱ་འཕུར་པའི་འཁྲུལ་འཁོར་ནི། །ལག་གཉིས་རྐང་པའི་མཐེ་བོང་བཟུང་། །འཕོངས་དང་རྟིང་པ་རེ་མོས་བརྡུང་། །ཐིག་ལེ་ལུས་ལ་ཁྲོམས་པར་བྱེད། །སྟག་མོ་སྐྱུག་པའི་འཁྲུལ་འཁོར་ནི། །སྐྱིལ་ཀྲུང་བར་དུ་ལག་གཉིས་བཅུག །རོ་སྟོད་བསྙེགས་ཤིང་སྐྱུག་ཚུལ་དགུ། །དེ་ཡིས་ཐིག་ལེ་འཛིན་པར་བྱེད། །རུ་སྦལ་བསྐུམ་པའི་འཁྲུལ་འཁོར་ནི། །རྐང་གཉིས་བར་དུ་ཁྲུ་གང་གཞག །ལག་གཉིས་བརླ་ཡི་ནང་ནས་ནི། །ཕྱིར་ལ་བཏོན་ལ་རྐང་ཐེབ་བཟུང་། །ཐིག་ལེ་གྱེན་ལ་འདྲེན་པར་བྱེད། །བྱ་རྒོད་འཕུར་བའི་འཁྲུལ་འཁོར་ནི། །རྐང་པ་འཐེང་འགྲོས་རེ་མོས་བྱ། །ལག་པ་ཕྱོགས་བཅུར་སྤྲུག་ཅིག་འཁྲབ། །དེ་ཡིས་ཐིག་ལེ་ཁྲེམས་པར་བྱེད། །འཁྲུལ་འཁོར་འདི་རྣམས་བྱེད་པའི་ཚེ། །ཆུ་མིག་གྱེན་བཟློག་དར་ཆེན་ཕྱར། །རྒྱ་མཚོ་བྲག་གཏད་རི་རབ་བསྙིངས། །ཁར་བར་དག་ཏུ་སེང་སྦྲུག་བྱ། །ངལ་གསོ་མཉམ་བཞག་ཕྱག་རྒྱ་བྱ། །དེ་ཡིས་ཐིག་ལེ་བརྟན་པར་འགྱུར། །རླུང་མཁྲིས་བད་ཀན་འདུས་པ་ཡི། །ནད་རྣམས་མ་ལུས་འབྱུང་མི་འགྱུར། །རྩ་མདུད་རགས་པ་གྲོལ་པར་འགྱུར། །ཐིག་ལེ་གདོན་གྱིས་འཛག་པ་དང་། །ནད་ཀྱིས་འཛག་དང་རྐྱེན་གྱིས་འཛག །རང་བཞིན་འཛག་པ་གཅོད་པར་བྱེད། །ལས་དང་ཉམས་གྲིབ་མ་གཏོགས་པ། །ཐིག་ལ་མཐུར་རྒྱུག་བཙན་ཐབས་ལྡོག །དམིགས་པ་བླ་མའི་ཞལ་ལས་དྲིལ། །ཉིན་རེ་མ་ཆགས་ཉམས་སུ་བླང་། །ཡན་ལག་འཁྲུལ་འཁོར་སོ་དགུ་ལ། །རྒྱལ་མཚན་འཁྲུད་པ་ཡན་ལག་བཞི། །འཁྲུད་པ་ལྟར་བྱ་ཁྱབ་བར་བྱུག །སྤ་ལུས་རྩེ་བ་སེལ་བར་བྱེད། །རི་རབ་འཁྲུལ་འཁོར་རྣམ་བཞི་ལ། །སྤྲུལ་མཉེ་
༥༣༥མགོ་བོ་འཁྲུད་ལྟར་མཉེ། །ཉེས་གཉིས་གང་ཡིན་མགོ་ནད་སེལ། །ཟོ་ཆུན་རྐེ་མཇིང་གཡས་གཡོན་བསྐོར། །གྲེ་བ་རྐེ་མཇིང་ནད་རྣམས་སེལ། །གསོ་བ་ཁྲི་མོན་རི་རབ་ནི། །ཕྱོགས་བཞིར་ལན་གྲངས་གསུམ་གསུམ་བརྡབ། །མགོ་བོའ་ནད་དང་སྣ་ནད་སེལ། །ཆུ་མིག་ཕྱོགས་བཅུར་ཐེར་ཚུགས་བལྟ། །མིག་ནད་རབ་རིབ་མ་ལུས་སེལ། །འོན་ལོང་འགོག་དང་རོ་མི་ཚོར། །སྦ་བ་གཉེར་མ་མི་འབྱུང་ཞིང་། །མགོ་བོའ་རྩ་མདུད་གྲོལ་བར་བྱེད། །དེ་རྗེས་ལྗོན་ཤིང་འཁྲུལ་འཁོར་བཞི། །རི་གསུམ་རྐང་པ་མགོ་ལག་གསུམ། །ཤེས་ཚད་གྱེན་བསྒྲེང་དཔུང་ཁར་ལེན། །རྩིབས་ལོག་གཟེར་བའི་ནད་རྣམས་སེལ། །གྲུ་གུ་བརྐྱང་བ་ཁྲུ་ཚུར་བཅང་། །དཔུང་པ་གཡས་གཡོན་རེ་མོས་བརྡུང་། །དཔུང་ནད་མདུན་རྒྱབ་གཟེར་བ་སེལ། །དབང་པོ་གང་བ་ལག་པ་གཉིས། །མདའ་གཞུ་འགེངས་དང་རེ་མོས་བརྐྱང་། །ལག་པ་མི་ཐོག་ན་བ་དང་། །རོ་སྟོད་གཟེར་བ་སེལ་བར་བྱེད། །མཐེ་བོང་རྐེད་པ་ལག་པ་གཡས། །ཞགས་པ་འཕེན་ལྟར་བསྐོར་ཞིང་སྤྲུག །གཡོན་པས་རྒྱབ་ཏུ་ཁུ་ཚུར་གསུམ། །དེ་ལྟར་གཡོན་དུའང་ཤིས་པར་བྱ། །ལག་པའི་རྩ་ནད་ཚིགས་ནད་སེལ། །སྣ་ཁྲག་འཛག་པ་སེལ་བར་བྱེད། །ཞ་རེངས་ནད་རྣམས་འབྱུང་མི་འགྱུར། །ལྗོན་ཤིང་རྩ་མདུད་གྲོལ་བར་བྱེད། །སྟོད་ཀྱི་འཁྲུལ་འཁོར་རྣམ་བཞི་ལ། །སྐར་མདའ་བསྣོལ་བ་ལག་པ་གཉིས། །དཔུང་གཉིས་འཇུས་ལ་གཡས་གཡོན་གཅུད། །སྟོད་སྨད་ཚ་གྲང་ནད་རྣམས་སེལ། །མདུན་རྒྱབ་གཟེར་བ་སེལ་བར་བྱེད། །ལི་རི་གཏུད་པ་ལག་པ་གཉིས། །རེ་མོས་འཇུས་ལ་གྱེན་དུ་བརྟེན། །འཁྲུག་དང་གློ་མཆིན་ནད་རྣམས་སེལ། །རི་རབ་གཅར་ལ་ལག་པ་གཉིས། །རྡོ་རྗེ་བསྡམས་ལ་རྩེ་གཅིག་བསྒྲེང་། །ནུ་མ་གཡས་གཡོན་རྐན་ལ་བརྡབ། །བྲང་གི་དཀྱིལ་དུ་ལན་གཅིག་
༥༣༦བརྡབ། །ཐུར་ལ་ལན་གསུམ་སྦྲུག་པར་བྱ། །མཚེར་ནད་རྩིབས་གཟེར་ནད་དང་ནི། །རོ་སྟོད་དགང་དང་ན་བ་སེལ། །གླིང་བུ་འབུད་པ་ལག་པ་གཡོན། །པུས་མོ་བཀབ་ལ་ལག་པ་གཡས། །དཔུང་སྟེང་བཀབ་ལ་ཐུར་དུ་བསླང་། །རོ་སྟོད་གཡས་གཡོན་རེ་མོས་གཅུད། །གློ་དང་འཁྲུགས་རྣམས་མ་ལུས་སེལ། །སྙིང་རླུང་འོག་རླུང་བབས་པ་སེལ། །འགྲམ་འཁྲུགས་སྐྲན་ནད་འབྱུང་མི་འགྱུར། །སྟོད་ཀྱི་རྩ་མདུད་གྲོལ་བར་བྱེད། །རྐེད་པའི་འཁྲུལ་འཁོར་རྣམ་བཞི་ལ། །རྒྱ་མཚོ་དཀྲུགས་ཤིང་ལྟེ་བ་བསྐོར། །མ་ཞུ་ལྟེ་བའི་ནད་རྣམས་སེལ། །སྒེག་མོ་དགྱེ་བ་ཀག་ལང་ལ། །ལག་གཉིས་རྒྱབ་ཏུ་ཤེས་ཚད་བརྐྱང་། །རྐེད་པ་དགྱེ་ལོག་ཤེས་ཚད་བྱ། །མཁལ་ནད་དབྱི་མིག་གཟེར་བ་སེལ། །ས་བླ་མནན་པ་རྐང་གཉིས་བསྣོལ། །ལག་གཉིས་བསྣོལ་ལ་མཐེ་བོང་བཟུང་། །གྱེན་དུ་འཐེན་ལ་ལྷོད་ཀྱིས་ཀློད། །སྐྲན་དང་དམུ་ཆུའི་ནད་རྣམས་དང་། །ཆུ་ཁ་སྙིར་དང་བསྡམས་པ་སེལ། །ཤ་རྐྱང་སྦྱར་བ་འཛུབ་མོ་བསྣོལ། །སྤྱི་གཙུག་བཏེག་ནས་ལྟེ་བར་བརྡབ། །ལྟོ་བར་ཐལ་མོས་ཉེད་པར་བྱ། །སྐྲན་དང་དམུ་ཆུ་རྐེད་པའི་ནད། །ཚ་གྲང་སྲིན་ནད་མ་ལུས་སེལ། །རྐེད་པའི་རྩ་མདུད་གྲོལ་བར་བྱེད། །སྨད་ཀྱི་འཁྲུལ་འཁོར་རྣམ་བཞི་ལས། །རྡོ་རྗེ་འགྲོས་ནི་ལག་པ་གཉིས། །སྒྱིད་ཁུང་ནང་དུ་བསྣོལ་ལ་འཁྲ། །པངས་ལ་ལོག་གཉིས་མདུན་དུ་བཞག །སྟོད་འཚངས་རླུང་གི་ནད་རྣམས་དང་། །དྲག་པོའ་སྲོག་འཛིན་རེངས་བ་སེལ། །ཆུ་སྲིན་བརྐྱང་བསྐུམ་ལག་པ་གཉིས། །བརླ་ཡི་ཕྱི་ནས་རེ་མོས་དཀྱུས། །རྐང་པ་རེ་མོས་སྤྲུག་པར་བྱ། །ལུས་ཀུན་ན་དང་གྱོགས་པོ་དང་། །རྐང་ནད་ཚིགས་ནད་མ་ལུས་སེལ། །སྦལ་འགྲོས་འཕགས་ཅིང་གབ་གབ་འགྲོས། །ཆུ་སེར་སྐྱ་རྦབ་སྐེམ་བར་བྱེད། །གཅིག་ནི་རྡོ་རྗེ་སྐྱིལ་ཀྲུང་ཡིན། །སྨད་ཀྱི་ནད་རྣམས་སེལ་བར་བྱེད། །རགས་དང་ཕྲ་བའི་རྩ་མདུད་གྲོལ། །ཐིག་ལེ་བུ་ག་དགུ་རྣམས་ནས། །འཛག་སྲུང་འཁྲུལ་འཁོར་གནད་ཀྱི་མཆོག །ཚེ་རིང་ཡོན་ཏན་བསམ་མི་ཁྱབ། །རྗེས་ལ་བསྔོ་
༥༣༧བའི་རྒྱས་འདེབས་བྱ། །ཉིན་རེ་མ་ཆག་ཉམས་སུ་བླང་། །འདི་ནི་ལག་ལེན་མདོར་བསྡུས་ཡིན། །རླུང་གེགས་སེལ་བའི་འཁྲུལ་འཁོར་དང་། །གཏུམ་མོའ་འཁྲུལ་འཁོར་བཅུ་གཅིག་དང་། །སེང་གེ་རྣམ་གྲོལ་གཞན་ནས་ཤེས། །ནཱ་རོ་པཎ་ཆེན་ཕྱག་ལེན་ལྟར། །ཁོ་བོ་མར་པ་ལོ་ཙཱ་ཡིས། །སྣོད་ལྡན་དོན་དུ་ཡི་གེར་བཀོད། །སྙན་བརྒྱུད་འཆལ་དུ་མི་འཇུག་ཅིང་། །ཉམས་ཁྲིད་རྫོགས་པར་མ་ཐོབ་པར། །གལ་ཏེ་དེ་ཉིད་བསྟེན་གྱུར་ན། །ནག་པོ་ཆེ་དང་ཟ་བྱེད་ཀྱི། །མཁའ་འགྲོ་རྣམས་ཀྱིས་མགོ་བོ་ཁོས། །མཆོག་ཐུན་མོང་ལོའམ་ཚེ་འདིར་སྟེར་བར་བྱེད་པ་འཁྲུལ་འཁོར་གསལ་བའི་མེ་ལོང་ཞེས་བྱ་བ་རྫོགས་སོ། །མཎྜལ་གསེར་ཞོ་རེ་མེད་པར་མི་གནང་བར་བླ་མ་མཁའ་འགྲོའི་བཀའ་རྒྱ་ཡོད། ༈ ན་མོ་གུ་རུ། གཏུམ་མོའ་འཁྲུལ་འཁོར་བཅོ་བརྒྱད་ལ། །ལག་ལེན་གནད་ཟབ་ཡི་གེར་བཀོད། །རླུང་སྐྱོན་སྦྱོར་བའི་འཁྲུལ་འཁོར་གཅིག །ལུས་གནད་སྡོད་པའི་འཁྲུལ་འཁོར་བཞི། །དྲོད་བཙན་ཐབས་འབེབས་པའི་འཁྲུལ་འཁོར་གཉིས། །བྱིང་རྒོད་སེལ་བའི་འཁྲུལ་འཁོར་གཉིས། །མཚན་མོ་ཉལ་བའི་འཁྲུལ་འཁོར་གཅིག །འགྲོ་བའི་དུས་ཀྱི་འཁྲུལ་འཁོར་གཉིས། །གེགས་སེལ་གནད་ཀྱི་འཁྲུལ་འཁོར་གཉིས། །ཐིག་ལེ་འདྲེན་པའི་འཁྲུལ་འཁོར་བཞི། །དྲིལ་བས་རྐང་གྲངས་བཅོ་བརྒྱད་ལས། །རླུང་སྐྱོན་སྦྱོང་བའི་འཁྲུལ་འཁོར་ནི། །མདུན་བསྣོལ་འཁོར་ལོ་ལྟར་བསྐོར་བ། །རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། །ལག་པ་མཐེ་བོང་བསྣོལ་བྱས་ལ། །སྲིན་ལག་མནན་ལ་ཁུ་ཚུར་སྦྱར། །གཅུ་ཞིང་གཅུ་ཞིང་ལན་དགུ་རུ། །རླུང་ནི་འཇམ་ལ་རིང་བར་བུས། །དེ་ཡིས་རླུང་སྐྱོན་སེལ་བར་བྱེད། །སྡོད་པའི་འཁྲུལ་འཁོར་རྣམ་བཞི་ལ། ། སྐྱིལ་ཀྲུང་ཏེ་
༥༣༨ལོའ་ཆོས་བདུན་ཏེ། །རྣམ་སྣང་ཆོས་བདུན་ཞེས་ཀྱང་བྱ། །རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། །དྲོད་ནི་ཤུགས་ལ་སྐྱེ་བ་ཡིན། །ལག་གཉིས་ལྟེ་འོག་སོར་བཞི་རུ། །མཉམ་གཞག་ཕྱག་རྒྱ་དམ་དུ་བཅའ། །རྩ་ཁ་འབྱེད་ཅིང་བདེ་བ་སྐྱེ། །སྒལ་ཚིང་དྲང་པོར་བསྲངས་པ་ཡིས། །རླུང་རྣམས་རང་སར་ཚུད་པ་ཡིན། །མགྲིན་པ་ལྕགས་ཀྱུ་ལྟ་བུར་དགུག །སྙིང་རྩེ་གྱེན་ལོག་མི་རྟོག་སྐྱེ། །དཔུང་པ་རྒོད་གཤོག་བཞིན་དུ་བརྐྱང་། །དགོས་པ་རླུང་ནད་ཆུང་བ་ཡིན། །མིག་ནི་སྣ་ཡི་རྩེ་མོར་བལྟ། །དམིགས་པ་དག་ནི་གསལ་བ་ཡིན། །ལུས་སེམས་ལི་རི་ལྟར་དུ་བསྒྲིམ། །བདེ་དྲོད་མྱུར་དུ་སྐྱེ་བ་ཡིན། །རྒྱ་མདུད་ཆིང་གེ་འཁྲུལ་འཁོར་ནི། །གནད་རྣམས་སྔར་ད་འདྲ་བ་ལ། །རྐང་བསྣོལ་ཙོག་པུས་པུས་འཁྱུད་བཞུགས། །ཡོན་ཏན་གོང་དང་འདྲ་བ་ལ། །འདི་ནི་ཁྱད་པར་དྲོད་སྐྱེ་འགྱུར། །ལྗོན་ཤིང་བསྣོལ་བའི་འཁྲུལ་འཁོར་ན། །རྐང་པ་རེ་མིག་བཞི་དུ་བསྣོལ། །ལག་པ་མཁྲིག་མའི་མཚམས་ནས་བསྡམ། །པུས་མོ་གཉིས་ནི་བཀབ་པ་ཡིས། །གྲང་བའི་ནད་རྣམས་འཕྲལ་དུ་འཇོམས། །སྐུ་གསུམ་བསྣོལ་བའི་འཁྲུལ་འཁོར་ནི། །རྐང་པ་གཡོན་པའི་བོལ་གོང་སྟེང་། །གཡས་པའི་རྒྱུ་མ་ཁུག་བཞག་ལ། །པུས་མོ་གཉིས་ལ་འཁྱུད་པས་བསྡམ། །རྩ་རྣམས་ཡོ་བ་བསྲང་བ་དང་། །རླུང་རྣམས་སྲོག་ཏུ་ཚུད་པ་ཡིན། །འཁྲུལ་འཁོར་བཞི་པོ་བསྡོམས་པ་ལ། །སྡོད་པའི་འཁྲུལ་འཁོར་ཞེས་བྱའོ། །རྒྱ་མདུད་ཆིངས་ནི་དྲོད་མྱུར་ཏེ། །དྲོད་བཙན་ཐབས་འབེབས་པའི་འཁྲུལ་འཁོར་ལ། །གོང་གི་འཁྲུལ་འཁོར་དྲུག་ཆིངས་ནི། །རྐང་པ་རེ་མིག་བཞིན་དུ་བསྣོལ། །ལག་གཉིས་བརླ་ཡི་དཀྱིལ་ནས་བསྣོལ། །རྐང་མཐེབ་གཉིས་བཟུང་གཡས་གཡོན་བསྐོར། །དྲོད་ཚན་མེ་ལྟར་འབར་བ་དང་། །མ་ཞུ་སྐྲན་ནད་ཐལ་བ་གློག །གངས་ལག་ཅེར་ཉལ་བྱས་ཀྱང་
༥༣༩ཚུགས། །སྟོབས་ཆེན་སེང་གེ་ལྟ་བུར་འགྱུར། །སྦྲུལ་དང་བྱ་ཁྱུང་གནད་ལ་བོར། །མཐེ་བོང་བཞི་ནི་ས་ལ་བཙུག །མགོ་བོ་པུས་མོའ་བར་དུ་བཅུག །ལུས་ཀྱིས་འགུལ་སྐྱོད་ཅི་ཤེས་བྱ། །ཡོན་ཏན་གོང་དང་འདྲ་བ་ལ། །ཆུ་ཁ་སྙི་ག་སྡོམ་པར་བྱེད། །བྱིང་རྒོད་སེལ་བའི་འཁྲུལ་འཁོར་ནི། །བྱིང་ན་བྱ་རྒོད་མཁའ་ལ་འཕུར། །ལག་གཉིས་གདེངས་པ་འཕག་ཅིང་སྤྲུག །ནམ་མཁའི་དཀྱིལ་དུ་ཐིག་ལེ་བསྒོམ། །ཡང་ཡང་རླུང་འབུད་ཕཊ་ཀྱིས་བསིང་། །བྱིང་རྨུག་རིག་པ་ཉོག་བ་སེལ། །རྒོད་ན་ཤེས་པ་བུམ་པར་གཟུང་། །ལག་གཉིས་བསྣོལ་ལ་པུས་སྟེང་བཞག །རི་རབ་ལག་པའི་ལོགས་ལ་སྦྱར། །རྐང་མཐིལ་འོད་ཀྱི་ཐིག་ལེ་བསྒོམ། །རྣམ་རྟོག་འཕྲོ་ཞིང་རྒོད་པ་སེལ། །མཚན་མོ་ཉལ་བའི་འཁྲུལ་འཁོར་ནི། །སྤྱང་མོ་ཉལ་བ་ཞེས་བྱ་སྟེ། །ལག་གཡས་མཁལ་མའི་སྟེང་དུ་དགབ། །པུས་བྲང་སྤྲད་ལ་གཡོན་པས་བསྡོམ། །བདེ་དྲོད་རབ་ཏུ་འབར་བ་དང་། །ནུབ་གོས་རས་ཀྱིས་ཆོག་པར་འགྱུར། །འགྲོ་བའི་དུས་ཀྱི་འཁྲུལ་འཁོར་ནི། །མཁར་ལྟར་བབ་པ་ཞེས་བྱ་བ། །གན་རྐྱལ་བྱས་ལ་འཕྲ་ཞིང་སྤྲུག །ཆུ་སེར་རང་སར་འགྲིམ་པར་བྱེད། །ཐིག་ལེ་ཁྲེམས་པར་ཐེ་ཚོམ་མེད། །ལུས་ནི་ལྷུན་སྟུག་མཛེས་པར་འགྱུར། །ནེ་ལེ་རེས་འཇོག་འཁྲུལ་འཁོར་ནི། །ཐུར་སེལ་དྲག་པོ་མ་བརྗེད་བཟུང་། །རླུང་གི་ལྷ་མོ་གཤོགས་པ་ཅན། །གཉིས་ཀྱིས་མཆན་འོག་འདེགས་པར་བསམ། །རྐང་འོག་རླུང་གི་འཁོར་ལོ་ནི། །གཞུ་ཡི་དབྱིབས་ཅན་མཆོག་མ་ནས། །བ་དན་འུར་འུར་བསྐྱོད་པར་བསམ། །ལག་གཉིས་ཁུ་ཚུར་བཅངས་པ་དང་། །ལག་གཡས་རྐང་གཡོན་གདོང་ལ་བོར། །ལག་གཡོན་ནང་གཡོན་རྟིང་ལ་ཟོར། །མི་གཅིག་ཉི་བདུན་ཕྱིན་པའི་སར། །ཉི་མ་གཅིག་ལ་སྤེབ་པར་འགྱུར། །
༥༤༠གེགས་སེལ་གནད་ཀྱི་འཁྲུལ་འཁོར་ནི། །སེང་གེ་རྩལ་སྤྲུག་ཞེས་བྱ་བ། །སྐྱིལ་ཀྲུང་པུས་སྟེང་ལག་གཉིས་བཞག །ལུས་ཀྱིས་གོད་སྦག་ཡང་ཡང་བྱ། །རླུང་གཞི་ལ་ཐིག་ལེ་ཁྲིམས་པར་དེ། །རོ་སྟོད་སེང་ཆེན་བཞིན་དུ་འགྱུར། །སེང་གེ་རྣམ་རོལ་འཁྲུལ་འཁོར་ནི། །ལག་པའི་སོར་མོས་ཁ་སྣ་དང་། །མིག་དང་སྣ་བུག་བཀག་བྱས་ལ། །རོ་སྟོད་འཁོར་ལོ་ལྟར་དུ་བསྐོར། །རྩ་རླུང་ཐིག་ལེའི་གེགས་སེལ་ཞིང་། །དྭངས་མ་འཁོར་ལོ་བཞི་ལ་འགྲེམས། །འཕོ་བ་བྱེད་ན་གནད་ཀྱི་མཆོག །ཐིག་ལེ་འདྲེན་པའི་འཁྲུལ་འཁོར་ལ། །རི་རབ་ཕུལ་བ་ཞེས་བྱ་བ། །རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། །མཐེ་བོང་གཉིས་པོས་སྲིན་ལག་མནན། །ཁུ་ཚུར་བཅངས་ལ་བརླ་ཁུད་གཟུགས། །ཧཱུྃ་རིང་ཧཱུྃ་ཐུང་ཉེར་གཅིག་བརྗོད། །ཐིག་ལེ་འཛག་བསྲུང་གྱེན་དུ་འདྲེན། །ཁྲ་ཡི་བཞད་ཚུལ་ཞེས་བྱ་བ། །ལག་གཉིས་ཁུ་ཚུར་སྟེང་བཅས་ནས། །རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། །དབུགས་ཧཱུྃ་གིས་ནི་རྔུབ་པར་བྱ། །དེ་རྗེས་ཡི་དྭགས་འཁྲུལ་འཁོར་ནི། །རྐང་པའི་མཐིལ་ནི་སྤྲད་བྱས་ལ། །ལངས་ལ་པུས་མོ་ལག་པས་དགག །ཧིཀ་ཀ་ཧིཀ་ནི་དྲག་ཏུ་བརྗོད། །སེང་གེ་གན་ལོག་སྦྱོར་བ་ནི། །རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། །ལག་གཉིས་སྐྱིལ་ཀྲུང་བར་དུ་བཅུག །ཧིཀ་ཀ་ཧིཀ་ཀ་དྲག་ཏུ་བརྗོད། །རྗེས་ལ་སེང་གེ་རྩལ་སྤྲུག་བྱ། །དེ་རྗེས་མཉམ་གཞག་ངང་དུ་ཀློད། །འཁྲུལ་འཁོར་བཞི་པོ་བྱེད་པའི་ཚེ། །ཆུ་མིག་གྱེན་ལྡོག་དར་ཆེན་ཕྱར། །རྒྱ་མཚོ་བྲག་གཏད་རི་རབ་བསྙེངས། །འོག་རླུང་དྲངས་ལ་གླིང་བཞི་བསྡུ། །འཁྲུལ་འཁོར་འདི་ལ་བརྩོན་གྱུར་ན། །སྦ་བ་སྦུབས་ནུབ་ཐིག་ལེ་འཆིང་། །རགས་དང་ཕྲ་བའི་རྩ་བདུད་གྲོལ། །ལུས་ནི་བཀྲག་དང་གཟི་མདངས་ལྡན། །ཚེ་རིང་རྒས་པ་སྤང་བར་འགྱུར། །
༥༤༡རྩ་ནུབ་གཉེར་མ་མི་འབྱུང་ཞིང་། །གཞོན་ནུ་མཛེས་ལྡན་ལྷུན་སྟུག་འགྱུར། །ནང་རྟགས་མཁའ་འགྲོ་དམ་ཅན་འདུ། །འཁྲུལ་འཁོར་རེ་རེས་གློ་བུར་དུ་བྱེད་པའི་གནད། །གཏུམ་མོའ་འཁྲུལ་འཁོར་བཅོ་བརྒྱད་པ་ཞེས་བྱ་བསྙན་བརྒྱུད་ཡིད་བཞིན་ནོར་བུའི་གདམས་པ་རྫོགས་སོ།། །ཟབ་བོ། །ཟབ་བོ། །།།། བཀའ་རྒྱ།། །།

{{#cargo_store: _table=WyliePageContent

|TibetanContent=

}}

[edit]

WYLIE TEXT WILL APPEAR HERE

Footnotes

Research Information
Translator's notes
Note from Ringu Tulku
The Completion Stage of Oral Teachings of Chakrasamvara on the Six Yogas Liberating From Above.
Notes on the text itself
Notes on authorship
Notes on individuals related to text
Other notes
Genre from Richard Barron's Catalog
Instruction Manual
Genre from dkar chag
grol byed khrid dngos
BDRC Link
VolumeI1CZ3969
BDRC Content Information
No note on contents

Related Content
Recensions
Other Translations
Commentary(s) of this Text in the DNZ
Text(s) in the DNZ of which this is a commentary
Related Western Publications
Related Tibetan Publications
Other Information

Information about Unicode Tibetan and the digitization of this text

As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of fall 2017 that project has not been finished. Note that the folio numbers that appear throughout were added by Nitartha Input Center at the time of input.

Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.

{{#cargo_query: tables=WyliePageContent |fields=_pageName,TextAuthor,VolumeNumber,TextNumber,PageNumbers,FolioNumbers,TibetanContent |where=_pageName="Wylie:Bde mchog snyan brgyud kyi rdzogs rim steng sgo rnam par grol ba'i chos drug gi khrid yig" |format=json }}

JSON Export

{{#cargo_query: tables=WyliePageContent |fields=_pageName,TextAuthor,VolumeNumber,TextNumber,PageNumbers,FolioNumbers,TibetanContent |where=_pageName="Wylie:Bde mchog snyan brgyud kyi rdzogs rim steng sgo rnam par grol ba'i chos drug gi khrid yig" |format=exhibit |view=tabular }}