Wylie:Byang chub lam gyi rim pa nyams su len tshul gyi phyag bzhes snying por dril ba

From gDams Ngag mDzod
Jump to navigation Jump to search
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.

Upload a file
DOWNLOAD ABOVE:
Click the picture above to view the original manuscript.

བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་བཞེས་སྙིང་པོར་དྲིལ་བ་
byang chub lam gyi rim pa nyams su len tshul gyi phyag bzhes snying por dril ba
An Essential Summary of the Method of Practice in the System of the Stages of the Path to Enlightenment

Damngak Dzö Volume 3 (ག་) / Pages 161-179 / Folios 1a1 to 10a3

{{#cargo_store: _table=WyliePageContent |TextAuthor='jam dbyangs mkhyen brtse'i dbang po |VolumeNumber=3 |TextNumber=009 |PageNumbers=161-179 |FolioNumbers=1a1 - 10a3 |TibTitle=བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་བཞེས་སྙིང་པོར་དྲིལ་བ་ }}

Property "Author" has a restricted application area and cannot be used as annotation property by a user.

[edit]
༡༦༡

བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་བཞེས་སྙིང་པོར་དྲིལ་བ་བཞུགས་སོ། །

༡༦༢

ཨོཾ་སྭསྟི་སིདྡྷཾ། །འདིར་བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་པའི་སྐབས་སུ་ངག་འདོན་སོགས་ཇི་ལྟར་བྱ་བའི་ཕྱག་བཞེས་མདོ་ཙམ་བཀོད་པ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བའི་ཚུལ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་བོ་ལ་དྲུག །གནས་ཁང་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ། མཆོད་པ་གཡོ་མེད་ཅིང་བཀོད་པས་མཛེས་པར་བཤམ་པ། སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་གྱིས་འཁོད་ནས་སྐྱབས་འགྲོ་སེམས་སྐྱེད་རྒྱུད་དང་འདྲེས་ངེས་སུ་བྱ་བ། ཚོགས་ཞིང་གསལ་གདབ་པ། བསགས་སྦྱོང་གི་གནད་བསྡུས་པའི་ཡན་ལག་བདུན་པས་རྒྱུད་སྦྱོང་བ། དམིགས་པ་གསལ་བར་བྱས་ཤིང་མཎྜལ་ཕུལ་ཏེ་དོན་ཆེན་པོ་གསུམ་གྱིས་གསོལ་བ་གདབ་པའོ། །དེ་ལ་སྦྱོར་ཆོས་དང་པོ་གཉིས་ཁྲིད་ཡིག་དང་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་བསྟར་བའི་རྗེས། སྦྱོར་ཆོས་གསུམ་པ་ནི། བསམ་གཏན་དང་རྗེས་སུ་མཐུན་པའི་གདན་ལ་ལུས་གནད་སྐྱིལ་ཀྲུང་དྲང་བོར་བསྲང༌། །ངག་གནད་རླུང་ཕྱི་ནང་དུ་རང་བཞིན་གྱིས་རྒྱུ་བ་ཉེར་གཅིག་གི་བར་དུ་མ་འཁྲུལ་བར་བགྲང་ལ་ཡིད་གཏད་དེ་རླུང་ཆོམ་ལ་ཕབ། ཁྱད་པར་སེམས་ཀྱི་གནད་མི་དགེ་བ་དང་ལུང་མ་བསྟན་དུ་མ་སོང་བར་ངེས་འབྱུང་དང༌། བྱང་

༡༦༣

ཆུབ་ཀྱི་སེམས་སྒོ་དུ་མ་ནས་ཡིད་ལ་བྱས་ཏེ་དགེ་སེམས་ཁྱད་པར་ཅན་གྱི་ངང༌། སྐྱབས་ཡུལ་གསལ་བཏབ་ལ་སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་བོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་ཀྱི་མཐར་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུ་ཡང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བདུན་དང་ཉེར་གཅིག་སོགས་དད་མོས་ཤུགས་དྲག་པོས་གསོལ་བ་གདབ། སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཉམས་སུ་བླང་བར་བགྱིའོ། །ཞེས་པའི་དོན་ཡིད་ལ་དྲན་བཞིན་པའི་ངང་ནས་ཚིག་ངག་ཏུ་ལན་གསུམ་མམ་བདུན་གང་ཡང་རུང་བ་བརྗོད་དོ། །བསྡུ་ན། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

༡༦༤

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སྐྱབས་སེམས་སྦྲག་མར་བགྱིས་ཀྱང་རུང་ངོ། །བཞི་པ་ནི། ཐོག་མར་གནས་ཁང་དང་མཆོད་པའི་ཡོ་བྱད་ལ་དམིགས་ཏེ་སྨན་བླ་དང་གནས་བརྟན་གྱི་ཆོ་ག་སོགས་ལས་འབྱུང་བ་ལྟར་བྱིན་རླབས་བཞི་སྐོར་རྒྱས་པར་བྱ་བའམ། དེ་ཙམ་མི་ནུས་ན། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བཅོམ་ལྡན་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བར་གྱུར་པའི་གཞིར། གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་ལེགས་པས་མཛེས་ཤིང་ལྷུན་སྟུག་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ་པདྨ་དང་ཟླ་བའི་གདན། མཐའ་བསྐོར་ཀུན་ཏུ་སེང་ཁྲི་པད་ཟླའི་གདན་གྲངས་མེད་པ་དང༌། ཕྱི་ནང་ཀུན་ཏུའང་ཆ་རིགས་དང་འཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང༌། ན་བཟའ་དང༌། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ་ཕུང་པོ་གསུམ་པའི་མདོ་དང༌། བཟང་བོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱུན་བཀླུབས་པ་དང་ལྡན་པ་འབྱུང་བར་གྱུར་ཅིག །ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻཌཱུརྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཅེས་དང༌། ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨཱརྷ་ཏེ་ས་མྱ་ཀྶཾ་བུདྡྷཱ་ཡ་

༡༦༥

ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲོ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་དང༌། སླར་ཡང༌། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག་ཅེས་བདེན་པའི་སྟོབས་བརྗོད། དེ་ནས་འདུན་པ་རྩེ་གཅིག་པས་སྤོས་བཏུལ་ཞིང་སྙན་པའི་དབྱངས་དང་བཅས་པས། །རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །ཐུགས་རྗེ་ཚད་མེད་འགྲོ་ལ་ཕྱོགས་བཅུར་གཟིགས། །རྒྱལ་བ་ཀུན་གྱི་ཕྲིན་ལས་རྒྱས་མཛད་པ། །དུས་གསུམ་བླ་མ་འཁོར་བཅས་འདིར་གཤེགས་ཤིང༌། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་གསོལ་བ་བཏབ་པས། ཆོས་འདི་སྟོན་པའི་དྲིན་ཅན་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་

༡༦༦

ལྟ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་བ། དེའི་མཐར་ཐེག་པ་གསུམ་གྱི་སློབ་པ་དང་མི་སློབ་པའི་དགེ་འདུན་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟ་བུས་བསྐོར་ཏེ་མ་ག་དྷཱ་བཟང་མོའི་གཏམ་རྒྱུད་ལས་ཇི་ལྟར་འབྱུང་བ་བཞིན་བྱོན་ནས་སྟན་བཤམ་པ་རྣམས་ལ་བཞུགས་པར་མོས། ཁྲུས་ཁང་བསྐྱེད་པ་ནི། །ཁྲུས་ཀྱི་ཁང་བ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །ཁྲུས་གསོལ་པ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང༌། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱོང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ཅེས་དང༌། སྤྲོ་ན། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། ཞེས་སོགས་པར་ཕྱིན་དྲུག་གི་ཚིག་བཅད་ཀྱང་བརྗོད། སྐུ་ཕྱི་བ་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །བྱུགས་པ་འབུལ་བ་ནི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུགས་པར་བགྱི། །ན་བཟའ་འབུལ་བ་ནི། །སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག། ཅེས་བརྗོད། འདི་རྣམས་ལམ་ཁྲིད་འཇམ་དཔལ་ཞལ་ལུང་གི་ཚིག་ཟིན་དངོས་བསྟན་ལྟར་བྲིས་པ་ཡིན་ལ། ན་བཟའ་དང་རྒྱན་

༡༦༧

འབུལ་བ། །དེ་ནས་དེ་ལ་ཁ་དོག་ལེགས་སྒྱུར་བའི། ཞེས་སོགས་སྤྱོད་འཇུག་ལྟར་བགྱིས་པས་ཀྱང་རུང་བས་མཚོན་རྒྱས་བསྡུས་སྐབས་དང་སྦྱར་བར་བྱའོ། །དེ་ནས། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། ཞེས་བརྗོད་པས་ཚོགས་ཀྱི་ཞིང་དུ་དགྱེས་བཞིན་པས་བརྟན་པར་བཞུགས་པར་བསམ་མོ། །ལྔ་པ་ནི། དེ་ནས་བསགས་སྦྱོང་གི་གནད་བསྡུས་པའི་ཡན་ལག་བདུན་པའི་ཐོག་མར་ཕྱག་འཚལ་བ་ནི། སྐྱབས་ཡུལ་གྱི་དམིགས་པ་རྣམས་མ་དོར་བའི་ངང་ནས་ལངས་ལ་དངོས་སུ་ཕྱག་འཚལ་བ་དང་བཅས་ཏེ། །འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་པ་རྗེ་བཙུན་མི་ཕམ་མགོན། རྒྱལ་བས་ལུང་བསྟན་འཕགས་པ་ཐོགས་མེད་ཞབས། །སངས་རྒྱས་བྱང་སེམས་གསུམ་ལ་ཕྱག་འཚལ་ལོ། །ཞེས་སོགས་འོག་ནས་འབྱུང་བའི་གསོལ་འདེབས་ཉིད་ཕྱག་འཚལ་དུ་བསྒྱུར་བ་དང༌། ཇི་སྙེད་སུ་དག་སོགས་ནས། །བདག་གིས་བསྟོད་ཅེས་པའི་བར་བྱ། མཆོད་པའི་སྐབས་འདིར་ཐོག་མར་མཎྜལ་འབུལ་བར་གསུང་ནའང༌། ལམ་རིམ་ཆེན་པོར་ས་བཅད་ལོགས་སུ་མཛད་པ་ལྟར་འོག་ཏུ་གསལ། ཉེར་སྤྱོད་འབུལ་བ་ནི་ཐལ་མོ་སྦྱར་ཏེ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། དེ་བཞིན་དུ། ཞབས་བསིལ། མེ་ཏོག། བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། སིལ་སྙན་ཞེས་སྦྱར་བ་དང༌། འདོད་ཡོན་ལྔ་དང༌། རྒྱལ་སྲིད་སྣ་བདུན་སོགས་ཀྱང་འབུལ་བར་གསུངས་པས། སྤྲོ་ན་ཚིགས་བཅད་རྒྱས་པ་གཞན་ཇི་ལྟར་འོས་པ་དང༌། བསྡུ་ན། ཕྱོགས་

༡༦༨

དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང༌། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་རྒྱལ་བའི་སྲས་རྣམས་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། ཞེས་ཕུལ། གཞན་ཡང་སྤྱོད་འཇུག་ལས་འབྱུང་བའི་མཆོད་ཕྲེང་སོགས་ཇི་ལྟར་འོས་པ་སྦྱར། བསྡུ་ན། མེ་ཏོག་དམ་པ་ནས། ཕྱག་འཚལ་མཆོད་པར་བགྱི། ཞེས་པའི་བར་གྱིས་འཐུས། དེ་ནས་ཡན་ལག་ལྷག་མ་རྣམས་ནི། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ཞེས་སོགས་ནས། བྱང་ཆུབ་ཕྱིར་བསྔོའོ་ཞེས་པའི་བར་བཟང་སྤྱོད་ནས་འབྱུང་བ་ལྟར་བྱའོ། །དྲུག་པ་ནི། མཎྜལ་གྱི་གཞི་དང༌། ཚོམ་བུ་དགོད་པའི་འབྲུ། དྲི་བཟང་གི་ཆུ་སོགས་སྟ་གོན་བྱས་ལ། ཐོག་མར་མཎྜལ་ལེགས་པར་ཕྱི་ཞིང་དྲི་བཟང་གི་ཆུས་བརླན། དེ་ནས་ལུས་ཀྱི་ལས་སུ་ཚོམ་བུ་དགོད་པ། ངག་གི་ལས་སུ་ཚིག་བརྗོད་པ། ཡིད་ཀྱི་ལས་སུ་དམིགས་རྣམ་ཡིད་ལ་བྱ་བ་སྟེ་སྒོ་གསུམ་འཇུག་པ་གཅིག་པས་མཎྜལ་ཚོམ་བུ་སོ་བདུན་མའམ། ཉེར་གསུམ་མོ། །བདུན་མ་སོགས་ཅི་རིགས་པ་མ་ཚང་བ་མེད་པ་འདི་ཉིད་ཅེས་པའི་བར་སྤྱི་ལྟར་ལ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པ་ཙམ་མམ། སྤྲོ་ན། བཞེས་ནས་བདག་གི་རྒྱུད་ཀྱི་ཐེག་པ་ཆེན་པོའི་ལམ་སྒྲུབ་པ་དང་འགལ་བའི་

༡༦༩

ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། །བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་སོགས་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་མྱུར་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་གདབ། དེ་ནས་སླར་ཡང་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་ལ་ལམ་འདིའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པར་བྱ་སྟེ། །ཐོག་མར་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ལ་གསོལ་བ་འདེབས་པ་ནི། །འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་པ་རྗེ་བཙུན་མི་ཕམ་མགོན། །རྒྱལ་བས་ལུང་བསྟན་འཕགས་པ་ཐོགས་མེད་ཞབས། །སངས་རྒྱས་བྱང་སེམས་གསུམ་ལ་གསོལ་བ་འདེབས། །འཛམ་གླིང་མཁས་པའི་གཙུག་རྒྱན་དབྱིག་གི་གཉེན། །དབུ་མའི་ལམ་བརྙེས་འཕགས་པ་རྣམ་གྲོལ་སྡེ། །དད་པའི་སར་གནས་བཙུན་པ་རྣམ་གྲོལ་སྡེ། །འཇིག་རྟེན་མིག་འབྱེད་གསུམ་ལ་གསོལ་བ་འདེབས། །རྨད་བྱུང་ངོ་མཚར་གནས་གྱུར་མཆོག་གི་སྡེ། །ཟབ་མོའི་ལམ་གྱིས་རྒྱུད་སྦྱངས་དུལ་བའི་སྡེ། །རླབས་ཆེན་སྤྱོད་པའི་གཏེར་གྱུར་རྣམ་སྣང་མཛད། །འགྲོ་བའི་རྩ་ལག་གསུམ་ལ༴། །ལམ་མཆོག་ཤེར་ཕྱིན་རྒྱས་མཛད་སེང་བཟང་ཞབས། །རྒྱལ་བའི་མན་ངག་ཀུན་འཛིན་ཀུ་སཱ་ལི། །འགྲོ་ཀུན་བརྩེ་བས་རྗེས་འཛིན་དགེ་བ་ཅན། །འགྲོ་བའི་དེད་དཔོན་གསུམ་ལ༴། །བྱང་ཆུབ་ཐུགས་ལ་མངའ་བརྙེས་གསེར་གླིང་པ། །ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། །ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ། །བསྟན་པའི་སྲོག་ཤིང་གསུམ་ལ༴༌།རྣལ་འབྱོར་དབང་ཕྱུག་དཔལ་ལྡན་དགོན་པ་བ། །ཟབ་མོའི་ཏིང་འཛིན་བརྟན་པའི་སྣེ་ཟུར་བ། །འདུལ་བའི་སྡེ་སྣོད་ཀུན་འཛིན་ཐག་མ་བ། །མཐའ་འཁོབ་སྒྲོན་

༡༧༠

མེ་གསུམ་ལ། །བརྩོན་པས་སྒྲུབ་པ་ལྷུར་ལེན་ནམ་སེང་ཞབས། །དམ་པས་བྱིན་བརླབས་ནམ་མཁའ་རྒྱལ་པོ་དང༌། །འཇིག་རྟེན་ཆོས་བརྒྱད་སྤངས་པའི་སེང་གེ་བཟང༌། །རྒྱལ་སྲས་བཟང་པོའི་ཞབས་ལ༴༌། །བྱང་ཆུབ་ཐུགས་རྗེས་འགྲོ་ཀུན་བུ་བཞིན་གཟིགས། །ལྷག་པའི་ལྷ་ཡིས་རྗེས་བཟུང་བྱིན་གྱིས་བརླབས། །སྙིགས་དུས་འགྲོ་བ་འདྲེན་པའི་བཤེས་གཉེན་མཆོག །ནམ་མཁའ་རྒྱལ་མཚན་ཞབས་ལ༴། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ༴། ༈ །མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེའི་ཞབས། །ཐམས་ཅད་མཁྱེན་དངོས་དགེ་འདུན་གྲུབ་པ་དང༌། །སྐུ་གསུམ་གོ་འཕང་མངོན་གྱུར་ནོར་བུ་བཟང༌། །དཔལ་ལྡན་བླ་མ་གསུམ་ལ།༴ །དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོའི་སྡེ། །སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ། །མཁས་གྲུབ་ལྷ་བཙུན་བསོད་ནམས་དཔལ་བཟང་སྟེ། །བཤེས་གཉེན་དམ་པ་གསུམ་ལ༴། །ཕྱག་ན་པདྨ་བསོད་ནམས་རྒྱ་མཚོའི་ཞབས། །ཟབ་དོན་གདམས་པའི་བཀའ་བབས་ཆོས་དཔལ་བཟང༌། །རིགས་ཀུན་བདག་པོ་དཔལ་འབྱོར་ལྷུན་གྲུབ་ཞབས། །མཁས་གྲུབ་ཆེན་པོ་གསུམ་ལ༴། །བཀའ་དྲིན་མཉམ་མེད་ཤྲཱི་བྷཱུ་ཏིའི་མཚན། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །འཇམ་དཔལ་དབྱངས་དངོས་ངག་དབང་དཔལ་བཟང་པོ། །རྣམ་འདྲེན་དམ་པ་གསུམ་ལ༴། །བཤེས་གཉེན་དམ་པ་བྱམས་པ་ཆོས་ལྡན་དང༌། །རྩ་བའི་བླ་མ་དགེ་ལེགས་རྒྱ་མཚོའི་སྡེ། །བསྟན་པའི་སྲོག་ཤིང་ངག་དབང་བྱམས་པའི་དཔལ། །སྙིགས་དུས་འགྲོ་འདྲེན་གསུམ་ལ༴། །མཁས་བཙུན་གྲུབ་བརྙེས་བྱམས་པ་སྨོན་ལམ་དང༌། །ཡེ་ཤེས་མཆོག་གཟིགས་བསྟན་པ་རབ་རྒྱས་ཞབས། །སྨྲ་བའི་དབང་ཕྱུག་ངག་

༡༧༡

དབང་ཆོས་འཕེལ་ཏེ། །ལུང་རྟོགས་མཛོད་འཛིན་གསུམ་ལ༴། །བྱམས་པའི་དཔལ་མངའ་དམིགས་མེད་ཐུགས་རྗེའི་གཏེར། །མཁྱེན་པས་ཆོས་ཀུན་དེ་ཉིད་རབ་ཏུ་གཟིགས། །ཕུན་ཚོགས་སྐུ་བཞིའི་བདག་ཉིད་བླ་མ་ལྷས། །རྗེས་བཟུང་བཤེས་གཉེན་དམ་པར་གསོལ་བ་འདེབས། །རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག །སྐལ་བཟང་ཐར་བར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་གསོལ་བ་འདེབས། ཞེས་དང༌། ཟབ་མོ་ལྷ་བའི་བརྒྱུད་པའི་གསོལ་འདེབས་ནི། །སྨྲ་བ་ཟླ་མེད་འདྲེན་མཆོག་ཤཱཀྱའི་ཏོག །རྒྱལ་བའི་མཁྱེན་རབ་ཀུན་བསྡུས་འཇམ་པའི་དབྱངས། །ཟབ་མོའི་དོན་གཟིགས་འཕགས་མཆོག་ཀླུ་སྒྲུབ་ཞབས། །སྨྲ་བའི་གཙུག་རྒྱན་གསུམ་ལ་གསོལ་བ་འདེབས། །འཕགས་པའི་དགོངས་པ་གསལ་མཛད་ཟླ་བ་གྲགས། །དེ་སྲས་ཐུ་བོ་རིག་པའི་ཁུ་བྱུག་དང༌། རྒྱལ་སྲས་རིག་པའི་ཁུ་བྱུག་གཉིས་པའི་ཞབས། །རིག་པའི་དབང་ཕྱུག་གསུམ་ལ༴། །རྟེན་འབྲེལ་ཟབ་མོ་ཇི་བཞིན་གཟིགས་པ་ཡི། །ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། །ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ། །འཛམ་གླིང་རྒྱན་གྱུར་གཉིས་ལ༴། །རྒྱལ་བའི་གདུང་འཚོབ་བཤེས་གཉེན་པོ་ཏོ་བ། །རྣམ་དཔྱོད་འགྲན་ཟླ་བྲལ་བའི་ཤ་ར་བ། །བྱང་ཆུབ་ཐུགས་ཀྱི་བཀའ་བབས་འཆད་ཁ་བ། །འགྲོ་བའི་རེ་སྐོང་གསུམ་ལ༴། །ལུང་རྟོགས་མངའ་བདག་བྱང་སེམས་སྤྱིལ་བུ་བ། །དྲི་མེད་ལུང་གི་དབང་ཕྱུག་མཁས་པའི་གཙོ། །ཁམས་གསུམ་འགྲོ་བའི་མགོན་པོ་རིན་པོ་ཆེ། །གནས་བརྟན་ཆེན་པོ་གསུམ་ལ༴། །རྣམ་དག་ཚུལ་ཁྲིམས་ངད་ལྗང་ཟངས་ཆེན་པ། །འདུལ་བ་འབུམ་སྡེའི་མངའ་བདག་མཚོ་སྣ་པ། །ཆོས་མངོན་རྒྱ་མཚོའི་མཐར་སོན་མོན་གྲབ་པ། །འགྲོ་བའི་

༡༧༢

འདྲེན་པ་གསུམ་ལ། །ཟབ་ཅིང་རྒྱ་ཆེའི་ཆོས་ལ་མངའ་བརྙེས་པས། །སྐལ་ལྡན་འགྲོ་བ་ཀུན་གྱི་སྐྱབས་སུ་གྱུར། །ཕྲིན་ལས་བཟང་པོས་བསྟན་པ་རྒྱས་མཛད་པ། །རྗེ་བཙུན་བླ་མའི་ཞབས་ལ༴། །བློ་གྲོས་ཁང་བཟང་བསླབ་གསུམ་ནོར་གྱིས་ཕྱུག །བཟང་པོའི་ཕྲིན་ལས་གདུལ་བྱའི་དཔལ་དུ་ཤར། །གྲགས་པའི་འོད་ཟེར་འཛམ་གླིང་ཕྱོགས་བཅུར་འཕྲོ། །བློ་བཟང་གྲགས་པའི་ཞབས་ལ༴། །མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེའི་ཞབས། ཞེས་སོགས་མན་གོང་ལྟར་རོ། །དེ་ཡོད་འདིའི་རིག་པའི་ཁུ་བྱུག་གཉིས་པ་ཡན་ཆད་ནི་ཟབ་མོ་ལྟ་བའི་སྒོས་བརྒྱུད་དངོས་ཡིན་ལ། དེ་མན་ཆད་བརྒྱུད་སྲོལ་གཉིས་ཀ་ཆུ་བོ་གཅིག་འདྲེས་སུ་གྱུར་པས་བརྒྱུད་པ་ཐ་དད་མེད་མོད། འོན་ཀྱང་རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོར། རྗེ་བཙུན་དམ་པ་ནམ་མཁའི་མཚན་ཅན་ལས་དགོན་པ་བ་ནས་སྣེའུ་ཟུར་པ་ལ་བརྒྱུད་པ་དང༌། སྤྱན་སྔ་བ་ནས་བརྒྱུད་པའི་ལམ་གྱི་རིམ་པ་ཐོས་ཤིང༌། རྗེ་བཙུན་དམ་པ་བཟང་པོའི་མཐའ་ཅན་ལས། པོ་ཏོ་བ་ནས་ཤ་ར་བ་ལ་བརྒྱུད་པ་དང༌། པོ་ཏོ་བ་ནས་དོལ་པ་ལ་བརྒྱུད་པའི་ལམ་གྱི་རིམ་པ་ཐོབ་ཅེས་གསུངས་པ་ལྟར། བྲ་གོར་མཁན་ཆེན་ཆོས་སྐྱབས་བཟང་བོ་ལས་གསན་པའི་བརྒྱུད་པའི་ཁྱད་པར་རོ། །ཡང་ན་སྟོན་པ་རིན་པོ་ཆེའི་རྗེས་སུ། །གྲུབ་པའི་དབང་ཕྱུག་ཆེན་པོ་ཚུལ་ཁྲིམས་འབར། །བཤེས་གཉེན་ཚུལ་བཞིན་བསྟེན་མཛད་གཞོན་ནུ་འོད། །ཐེག་མཆོག་ལམ་གྱིས་རྒྱུད་སྦྱོང་སྒྱེར་སྒོམ་ཞབས། །རྒྱལ་བའི་སྲས་པོ་གསུམ་ལ། །རྨད་བྱུང་ཡོན་ཏན་མཛོད་འཛིན་སངས་རྒྱས་དབོན། །དམ་པས་བྱིན་བརླབས་ནམ་མཁའ་རྒྱལ་བོ་དང༌། ནམ་མཁའ་རྒྱལ་མཚན་ཞབས་ལ༴། །བློ་གྲོས་ཁང་བཟང་སོགས་གོང་བཞིན་ནོ། །དེ་ལྟར་རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་མཚན་ནས་སྨོས་ཏེ་དད་མོས་དྲག་པོས་གསོལ་བ་གདབ་པའི་མཐར་ལམ་གྱི་རིམ་པའི་མངོན་རྟོགས་རྒྱུད་ལ་སྐྱེ་བའི་

༡༧༣

སླད་དུ་གསོལ་བ་འདེབས་པ་ནི། །ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །གུས་པོ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། །ཤིན་ཏུ་རྙེད་དཀའ་དོན་ཆེ་ཤེས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ། །རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། །ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། །མྱུར་དུ་འཇིག་པའི་འཆི་བ་དྲན་པ་དང༌། །ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན། །དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ། །ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས། །ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང༌། །དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ། རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས། །སྤྱོད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ། །ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི། །ཉེས་དམིགས་རིག་ནས་ཐར་པའི་བདེ་བ་ལ། །དོན་གཉེར་ཆེན་པོ་སྐྱེ་བར༴། །རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི། །དྲན་དང་ཤེས་བཞིན་བག་ཡོད་ཆེན་པོ་ཡིས། །བསྟན་པའི་རྩ་བ་སོ་སོ་ཐར་པ་ལ། །སྒྲུབ་པ་སྙིང་བོར་བྱེད་པར༴། །རང་ཉིད་སྲིད་མཚོར་ལྟུང་བ་ཇི་བཞིན་དུ། །མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། །མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་ཁྱེར་བའི། །བྱང་ཆུབ་སེམས་མཆོག་འབྱོངས་པར༴། །སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ། །གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པ། །ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ། །བརྩོན་པ་དྲག་པོས་སློབ་པར༴། །ལོག་པའི་ཡུལ་ལ་གཡེང་བ་ཞི་བྱེད་ཅིང༌། །ཡང་དག་དོན་ལ་ཚུལ་བཞིན་དཔྱད་པ་ཡི། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ། །མྱུར་དུ་རྒྱུད་ལ་སྐྱེ་བར༴། །ཐུན་མོངས་ལམ་སྦྱངས་སྣོད་དུ་གྱུར་པ་ན། །ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག །སྐལ་

༡༧༤

བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། །བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས། །དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། །རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ། །བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས། །སྲོག་དང་བསྡོས་ཏེ་བསྲུང་པར༴། །དེ་ནས་རྒྱུད་སྡེའི་སྙིང་པོ་རིམ་གཉིས་ཀྱི། །གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས། །ཐུན་བཞིའི་རྣལ་འབྱོར་སྤྱོད་ལས་མི་གཡེལ་བར། །དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས། །དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང༌། །ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང༌། །ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའི་ཚིག་དོན་ཡིད་ལ་དྲན་བཞིན་དུ་ཕུར་ཚུགས་སུ་གསོལ་བ་གདབ་བོ། །དེ་ནས་སྤྱིར་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་གདབ་ཚུལ་སྔར་ལྟར་ལ། བྱེ་བྲག་བཤེས་གཉེན་བསྟེན་ཚུལ་ཁོ་ན་བསྒོམ་པའི་སྐབས་ཀྱི་དབང་དུ་བྱས་ན་མཎྜལ་གྱི་གསོལ་འདེབས་དང༌། སྐབས་འདིར་ཡང༌། བདག་གི་རྒྱུད་ལ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱི་རྟོགས་པ་དང་འགལ་བའི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། བཤེས་གཉེན་བསྟེན་ཚུལ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ངག་ཏུ་བརྗོད་པའམ་ཡིད་ཀྱིས་བསམ་སྟེ་དམིགས་ཕུལ་བའི་གསོལ་འདེབས་བློ་སྣ་འགྱུར་ངེས་པ་བྱ། མཐར་ཚོགས་ཞིང་རྣམས་ཀྱི་སྐུ་ལས་བདུད་རྩི་སྣ་ལྔ་འོད་ཟེར་གྱི་རྒྱུན་དང་བཅས་པ་བྱུང༌། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་

༡༧༥

ཞུགས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་སྤྱི་དང༌། ཁྱད་པར་དངོས་གཞིའི་ལམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བ་ལ་གེགས་བྱེད་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། །ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་དུའང་དངོས་གཞིའི་ལམ་གྱི་རྟོགས་པ་རྩོལ་བ་མེད་པར་ངང་ངམ་ཤུགས་ཀྱི་སྐྱེ་བའི་རྟེན་འབྲེལ་བསྒྲིགས་ཤིང་བྱིན་གྱིས་བརླབས་པར་བསམ་མོ། །གཉིས་པ་དངོས་གཞི་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང༌། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་ཚུལ་ལོ། །གཉིས་པ་ལ་གཉིས། དེ་ལ་རྟེན་ལ་སྙིང་བོ་བླང་བར་བསྐུལ་བ་དང༌། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལོ། །དེའི་ཕྱི་མ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་སྟེ། དེ་ལྟ་བུའི་ཚུལ་རྣམས་ཁྲིད་ཡིག་ལས་ཇི་ལྟར་འབྱུང་བ་བཞིན་དཔྱད་སྒོམ་དང༌། འཇོག་སྒོམ་ཇི་ལྟར་རིགས་པས་ཉམས་སུ་བླངས་སྐབས་སུ་བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་བཏབ་ཅིང་བདུད་རྩི་འབེབས་སྦྱོང་གི་དམིགས་པའང་བྱ། དེ་ཡང་བཤེས་གཉེན་བསྟེན་པ་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པའི་བར་རྣམས་དཔྱད་སྒོམ་གཙོ་ཆེ་བ་དང་ཞི་གནས་སོགས་འཇོག་སྒོམ་གཙོ་ཆེ་ཡང༌། དཔེར་ན་བཤེས་གཉེན་བསྟེན་པའི་ཆོས་སྐོར་ལྟ་བུའི་ཚེ་བླ་མའི་ཡོན་ཏན་བསམ་པ་སོགས་དཔྱད་སྒོམ་དང༌། དེའི་མཐར་རྟོག་པ་གཞན་རྣམས་བག་ལ་ཞ་སྟེ་དད་པ་རྩེ་གཅིག་ཏུ་གནས་པ་ནི་འཇོག་སྒོམ་དང༌། ཞི་གནས་སྒོམ་ཚུལ་གྱི་གནད་ལ་ཡང་ཡང་སེམས་པ་ནི་དཔྱད་སྒོམ་དང༌། རྩེ་གཅིག་ཏུ་གནས་པ་ནི་འཇོག་སྒོམ་ཡིན་པས་གནད་དེ་དག་གོ་བར་བྱས་ཏེ་སོ་སོའི་མྱོང་བ་མ་སྐྱེས་ཀྱི་བར་དུ་ཉམས་སུ་ལེན་པ་དང༌། རྒྱུན་དུའང་

༡༧༦

ལམ་རིམ་བསྡུས་དོན་གྱི་ཚིགས་སུ་བཅད་པ་ལྟ་བུ་ངག་ཏུ་བརྗོད་ཅིང་དོན་ཡིད་ལ་བསམ་སྟེ་བཤར་སྒོམ་གྱི་ཚུལ་དུ་བསྐྱང་བས་ཀྱང་དལ་བའི་རྟེན་ལ་སྙིང་བོ་ལེན་པའི་ཐབས་མཁས་ལ་སྒོ་དུ་མ་ནས་བརྩོན་པར་བྱའོ། །གསུམ་པ་ནི། ཐུན་དེ་ལས་ལངས་པར་བརྩམ་པ་ན། སྤྲོ་ཞིང་ནུས་ན་སླར་ཡང་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ཞིང་གསོལ་བ་ཤུགས་དྲག་ཏུ་གདབ། གང་ལྟར་ཡང་ཚོགས་ཞིང་རྣམས་རྟེན་ཡོད་ན་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམ། ཡང་ན་རང་བཞིན་གྱི་གནས་སུ་གཤེགས་པའམ་མི་དམིགས་པར་བསམ་པས་ཀྱང་རུང༌། ཐུན་གཅིག་ཏུ་ཉམས་ལེན་བྱས་པ་ལས་བྱུང་བའི་དགེ་བའི་རྩ་བས་མཚོན། དུས་གསུམ་དུ་བསགས་དང་བསགས་པར་གྱུར་བའི་དགེ་ཚོགས་ཐམས་ཅད་རང་གཞན་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་ཁོ་ནར་བསྔོ་ཞིང༌། དེ་ལྟར་བསྔོས་པ་ལ་བརྟེན་ནས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱིས་མཚོན་ཏེ། དངོས་གཞིའི་ཉམས་ལེན་གྱིས་སྣ་དྲངས་ཏེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་བཅོས་མ་མ་ཡིན་པར་སྐྱེས་པའི་མཐུས། རང་གཞན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་ཕན་པ་དང་བདེ་བའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ཤོག་ཅིག་སྙམ་དུ། བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱས་པའམ། དེ་ཙམ་མི་ནུས་ན། །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་བོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང༌། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་བསྔོ་བ་དང༌།

༡༧༧

དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་སྐུ་ཐོབ་པར་ཤོག །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་དང༌། །དེར་ནི་རིང་དུ་འབད་ལས་ཚོགས་གཉིས་ནི། །མཁའ་ལྟར་ཡངས་པ་གང་ཞིག་བསགས་པ་དེས། །བློ་མིག་མ་རིག་གིས་ལྡོངས་འགྲོ་བ་ཀུན། །རྣམ་འདྲེན་རྒྱལ་བའི་དབང་པོར་བདག་གྱུར་ཅིག །དེར་མ་སོན་པའི་ཚེ་རབས་ཀུན་ཏུ་ཡང༌། །འཇམ་པའི་དབྱངས་ཀྱིས་བརྩེ་བས་རྗེས་བཟུང་སྟེ། །བསྟན་པའི་རིམ་པ་ཀུན་ཚང་ལམ་གྱི་མཆོག །རྙེད་ནས་སྒྲུབ་པས་རྒྱལ་རྣམས་མཉེས་བྱེད་ཤོག །རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད། །ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས། །འགྲོ་བའི་ཡིད་ཀྱི་མུན་པ་བསལ་བྱས་ནས། །རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག །བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །

༡༧༨

སྲས་བཅས་རྒྱལ་བའི་རྨད་བྱུང་ཕྲིན་ལས་ལམ། །ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང༌། །ཐར་འདོད་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང༌། །རྒྱལ་བའི་མཛད་པ་རིང་དུ་སྐྱོང་གྱུར་ཅིག །ལམ་བཟང་སྒྲུབ་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང༌། །འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀྱང༌། །ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། །རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག །གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས། །ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ། མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང༌། །བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་འདུན་པ་རྩེ་གཅིག་པས་བརྗོད་ཅིང་སྤྱོད་ལམ་ལ་འཇུག་གོ། གཉིས་པ་ཐུན་མཚམས་སུ་ཇི་ལྟར་བྱ་བ་ནི། ཐུན་གྱི་དངོས་གཞིའི་སྐབས་སུ་གང་ཉམས་སུ་བླངས་པའི་ཉམས་མྱོང་གི་རྩི་དང་མ་བྲལ་བར་དྲན་པ་དང༌། ཤེས་བཞིན་དང༌། བག་ཡོད་པས་ཀུན་ནས་བསླངས་ཏེ་སྤྱོད་ལམ་ཐམས་ཅད་མི་དགེ་བ་དང༌། ལུང་མ་བསྟན་གྱི་དབང་དུ་མ་སོང་པར། དགེ་བའི་རྩ་བ་འབའ་ཞིག་གིས་དུས་འདའ་བར་བྱ་སྟེ། བཤེས་གཉེན་བསྟེན་ཚུལ་གྱི་སྐབས་ལ་མཚོན་ན། དེ་ཉིད་སྟོན་པའི་མདོ་དང་བསྟན་བཅོས་རྣམས་དང༌། ཁྱད་པར་ལམ་རིམ་ཆེ་ཆུང་གི་བཤེས་གཉེན་བསྟེན་ཚུལ་གྱི་སྐབས་རྣམས་ཡང་དང་ཡང་དུ་བལྟ་ཞིང་ཚིག་ཏུའང་བརྗོད་ལ་ངེས་ཤེས་བསྐྱེད། །ད་རེས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་འདི་ལྟ་བུ་རྙེད་པའི་སྐབས་སུ། ཐེ་ཚོམ་དང༌། མཉམ་འགྲོགས་དང༌། ལེ་ལོ་སོགས་ཀྱི་དབང་དུ་མ་སོང་བར་བསམ་སྦྱོར་གཉིས་ཀའི་སྒོ་ནས་ཚུལ་བཞིན་དུ་བསྟེན་པར་བགྱིའོ་སྙམ་པ་ཡིད་ལ་བསམ། ངག་ཏུ་བརྗོད། ལག་ལེན་ལ་ཐེབས་པར་བྱ་བས་མཚོན་ཏེ་ཤེས་པར་བྱའོ། །དེ་ལྟར་སྐྱེས་བུ་གསུམ་གྱི་ལམ་རིམ་ཇི་ལྟར་ཉམས་སུ་ལེན་

༡༧༩

པའི་ཕྱག་བཞེས་ཀྱིས་བཅད་ལམ་རིམ་ཆེན་མོ་གཙོ་བོར་བཏོན། ངག་འདོན་ཕལ་ཆེར་འཇམ་དཔལ་ཞལ་ལུང་གི་དཀྱུས་བཞིན་དང༌། བླ་མ་དམ་པའི་ཞལ་ལུང་སྙིང་བོར་དྲིལ་བ་འདི་ཡང༌། འཛམ་གླིང་ན་ཡོངས་སུ་གྲགས་པའི་ཤིང་རྟ་ཆེན་པོ་རྣམས་དང་མཁྱེན་རྟོགས་དབྱེར་མི་ཕྱེད་པ་རྗེ་བཙུན་བླ་མ་ངག་གི་དབང་ཕྱུག་བྱམས་པ་ཕུན་ཚོགས་དཔལ་བཟང་པོའི་བཀའ་དྲིན་ལས། ལམ་འདིའི་འཁྲིད་རིམ་མདོ་ཙམ་ཐོས་པའི་སྐལ་པ་བཟང་པོ་ཅན་མཉྫུ་གྷོ་ཥས་བྲིས་པ་དགེ་ལེགས་ཀྱི་སྣང་བས་འཇིག་རྟེན་གསུམ་ན་ཕན་བདེའི་པདྨོ་དུས་རྟག་ཏུ་རྒྱས་པར་གྱུར་ཅིག །མངྒ་ལཾ། བྷ་བ་ཏུ།། །།

{{#cargo_store: _table=WyliePageContent

|TibetanContent=

}}

[edit]

WYLIE TEXT WILL APPEAR HERE

Footnotes

Other Information