Wylie:'phags pa spyan ras gzigs dbang phyug gi lam gyi rim pa'i mngon rtogs dbang bskur thugs rje chen po'i chu rgyun

From gDams Ngag mDzod
Jump to: navigation, search
Upload a file
Click the picture above to view the original manuscript.

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལམ་གྱི་རིམ་པའི་མངོན་རྟོགས་དབང་བསྐུར་ ་ ་ ་
'phags pa spyan ras gzigs dbang phyug gi lam gyi rim pa'i mngon rtogs dbang bskur thugs rje chen po'i chu rgyun

Damngak Dzö Volume 16 (མ་) / Pages 201-228 / Folios 1a1 to 14b2
[[peoplefields::rnal 'byor pa 'od dpag rdo rje རྣལ་འབྱོར་པ་འོད་དཔག་རྡོ་རྗེ་ rnal 'byor pa 'od dpag rdo rje rnal 'byor pa 'od dpag rdo rje. | ]]


[edit]
XXX འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལམ་གྱི་རིམ་པའི་མངོན་རྟོགས་དབང་བསྐུར་ཐུགས་རྗེ་ཆེན་པོའི་ཆུ་རྒྱུན་བཞུགས་སོ། །
XXX འཇིག་རྟེན་གསུམ་གྱི་འདྲེན་པ་མཆོག་གི་གཙོ། །སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་པར། །སྤྲུལ་པ་དུ་མས་འགྲོ་ཀུན་འདྲེན་མཛད་པ། །སྤྱན་རས་གཟིགས་དབང་དེ་ལ་ཕྱག་འཚལ་ལོ། །དེ་ཉིད་ཇི་ལྟར་དབང་བསྐུར་བྱ་བའི་ཚུལ། །སྙན་བརྒྱུད་དབང་གི་ཆུ་རྒྱུན་མ་ཆད་པ། །ཇི་ལྟར་བླ་མའི་ཞལ་གྱི་པདྨོ་ལས། །བྱུང་བ་འདི་ནི་བདག་གིས་བཀོད་པར་བགྱི། །འདིར་སྤྱན་རས་གཟིགས་དབང་ཕྱུག་གི་ཏིང་ངེ་འཛིན་གྱི་དབང་བསྐུར་བ་ལ་དོན་གཉིས་ཏེ། ལྷ་སྒྲུབ་ཅིང་མཆོད་པ་དང་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། བཀོད་པ་བཤམས་པ། མངོན་རྟོགས་བསྒོམ་པའོ། །དང་པོ་ནི། མཎྜལ་ཁྲུ་གང་བ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་འཁོར་ཡུག་དང་བཅས་པ་བྲིས་པའི་དབུས་སུ། པདྨ་འདབ་མ་བརྒྱད་པ་བྲིས་པའི་ལྟེ་བ་དཀར། འདབ་མ་བཞི་ཕྱོགས་མདོག །མཚམས་བཞི་མཛེས་ཚོན་བྱ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་དཀར་བའི་ཚོན་འགྱེད། ཐ་མ་ཕྱི་མཆོད། ནང་མཆོད། མཆོད་གཏོར་རྣམས་ཀྱིས་བསྐོར། དབང་བུམ་དང་ལས་བུམ་གཉིས། ཁ་རྒྱན་མགུལ་ཆིངས་དང་བཅས་པ་བཤམས། ཀ་པཱ་ལ་བདུད་རྩིས་བཀང་བ་སིནྡྷུ་རས་
XXX བྱུགས་པ་ལ། དབུས་སུ་ཧྲཱིཿབཾ་གཉིས་བྲི། འདབ་མ་བཞི་ཧ་རི་ནི་ས་བྲིས་ནས་བཤམས། རྡོ་རྗེ་དྲིལ་བུ་ལ་སོགས་དབང་རྫས་རྣམས་ཀྱང་སྟ་གོན་བྱའོ། །གཉིས་པ་མངོན་རྟོགས་སྒོམ་པ་ལ་གསུམ་སྟེ། བདག་བསྐྱེད། མདུན་བསྐྱེད། བུམ་བསྐྱེད་དོ། །དང་པོ་བདག་བསྐྱེད་ལ་གསུམ། སྐྱབས་འགྲོ་སེམས་བསྐྱེད་བྱང༌། ཡན་ལག་བདུན་པས་ཚོགས་བསགས་པ། བསྐྱེད་རིམ་བསྒོམ་ཞིང་བཟླས་པ་བྱ་བ་དང་གསུམ་ལས། དང་པོ་ནི། བདག་གཞན་ཕ་མ་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་འཆིའོ། །ཆོས་ལ་སྐྱབས་སུ་འཆིའོ། །དགེ་འདུན་ལ་སྐྱབས་སུ་འཆིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་འཆིའོ། །ཞེས་ལན་གསུམ་བྱ། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཐོག་མར། ཡན་ལག་བདུན་པས་ཚོགས་བསགས་པ་ནི། རང་ཉིད་སྐད་ཅིག་གིས་སྤྱན་རས་གཟིགས་སུ་གྱུར་བའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས་སྤྱན་རས་གཟིགས་ལ་རྒྱལ་བ་སྲས་
XXX བཅས་ཀྱི་བསྐོར་བ་སྤྱན་དྲངས། ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་བཛྲ་ས་མ་ཡ་ཛ་ཛ། པདྨ་ཀ་མ་ལ་ཡེ་སྟྭཾ་སྭཱ་ཧཱ། དཀོན་གསུམ་ལ་ཕྱག་འཚལ་ལོ། །མཆོད་པའི་ཚོགས་ཀྱིས་མཆོད་པར་བགྱི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བས་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་དང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་རྡོ་རྗེ་གུར་ལས་བྱུང་བ་བཞིན་ལན་གསུམ་བྱ། དེ་ནས་ཚོགས་ཞིང་མི་དམིགས། གསུམ་པ་ནི། ཐོག་མར་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་འགྱུར་ཅིག །ཅེས་སོགས་ཚད་མེད་བཞི་བསྒོམ། དེ་ནས་མངོན་བྱང་ལྔས་བསྐྱེད་རིམ་བསྒོམ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་ཐམས་ཅད་རང་བཞིན་གྱི་སྟོང་ཞིང་བདག་མེད་པར་གྱུར། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ལྔའི་སྟེང་དུ་རི་བོ་མཆོག་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་འབུམ་ལྡན་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་ལས་འོད་འཕྲོས། སྲུང་བའི་འཁོར་ལོ་ཡངས་པོར་གྱུར་བའི་དབུས་སུ་བྷཱུྃ་ཁ་དོག་ལྔ་ལྡན་འོད་དུ་ཞུ་བ་ལས། གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་རྩིགས་པ་རིམ་པ་ལྔ་ལས། རྟ་བབས་བཞི་ཏོག་དང་བཅས་པ། རྡོ་ར་མེ་རི་དང་བཅས་པ། གཞལ་ཡས་ཁང་གི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པ། བཾ་ཡིག་དམར་པོ་ལས་དཔག་ཏུ་མེད་པའི་འོད་ཟེར་འཕྲོས། གཞལ་དུ་མེད་པའི་སེམས་ཅན་གྱི་དོན་བྱས་ཇོ་བོ་སྤྱན་རས་གཟིགས་
XXX ཀྱི་སར་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་པདྨའི་སྡོང་པོ་དཀར་པོ། ལྟེ་བ་ཧྲཱིཿདང་བཾ་གིས་མཚན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་རས་གཟིགས་ཀྱི་རྣམ་པར་སྤྱན་དྲངས་པདྨ་ཧྲཱིཿདང་བཾ་ལ་ཐིམ་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། ཞལ་གཅིག་ཕྱག་བཞི་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལྷའི་དར་སྣ་ཚོགས་ཀྱིས་སྟོད་གཡོགས་དང་སྨད་གཡོགས་དང༌། ནོར་བུའི་སྐེ་རགས་གྲོལ་ཐབས་སུ་འཆིང་བུ། ཕྱག་དང་པོ་གཉིས་ཐུགས་ཐལ་མོ་སྦྱར་བའི་བར་ན་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་འཛིན་པ། གཡས་ཀྱི་གཉིས་པས་ནོར་བུ་རིན་པོ་ཆེའི་ཕྲེང་བ་འཛིན་པ། གཡོན་པས་པདྨ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་ཅིང་རབ་རྒྱས་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞལ་འཛུམ་བག་དང་བཅས་པ། སྤྱན་དཀྱུས་དང་སྨིན་དཀྱུས་རིང་བ་མཛོད་སྤུ་དཀར་པོས་བརྒྱན་པ། དབུ་སྐྲ་རལ་པའི་ཅོད་པན་ནག་པོ་གྱེན་ལ་བཅིངས་ཤིང་རལ་པའི་ཟར་བུ་རྐེད་སོར་གཡོགས་པ་མེ་ཏོག་གི་ཕྲེང་བས་སྐྲ་ཆིངས་ཅན། ཨུཏྤལ་སྔོན་པོ་གཉིས་ཀྱིས་སྙན་གོང་བརྒྱན་པ། རི་དྭགས་ལྤགས་པས་ཕྲག་པ་གཡོན་པ་བཀབ་པ། རིན་པོ་ཆེ་སྣ་ལྔས་རྩེ་ཕྲན་ལྔ་དང༌། སྙན་ཆ་དང༌། མགུལ་རྒྱན་དང༌། དོ་ཤལ་དང༌། ཕྱག་གདུབ་དང༌། ཞབས་གདུབ་དང༌། དཔུང་རྒྱན་དང༌། འོག་པག་དང༌། མུ་ཏིག་སྣ་ལྔས་ཆུན་པོ་དང༌། དར་གྱི་ཅོད་པན་གྱིས་བརྒྱན་པ། འོད་ཟེར་སྣ་ལ་འཁྲིགས་པའི་དབུས་ན་བཞུགས་པ། དེའི་པང་ན་ཡུམ་གསང་བ་ཡེ་ཤེས་སྐུ་མདོག་པདྨ་རཱ་ག་ལྟར་
XXX དམར་བ། ཞལ་གཅིག་ཕྱག་གཉིས་ཞབས་གཉིས་ཡབ་ཀྱི་རྐེད་པ་ལ་འཁྲིལ་བ། ཕྱག་གཡས་པས་གསེར་གྱི་ཌཱ་མ་རུ་ནམ་མཁར་འཁྲོལ་བ། གཡོན་པས་ཀ་པཱ་ལ་བདུད་རྩི་དམར་པོའི་རྒྱུན་གྱིས་བཀང་ནས་ཡབ་ཀྱི་ཞལ་དུ་སྟོབ་པ། ཞལ་འཛུམ་ཞིང་ཅུང་ཟད་བཞད་པ། ཁྲོ་འཛུམ་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་རལ་པའི་ཐོར་ཅོག་དང་ཟར་བུ་རྐེད་སོར་གཡོགས་པས། ཐོད་སྐམ་རིན་པོ་ཆེའི་རྩེ་ཕྲན་གྱིས་མཚན་པ་ལྔས་དབུ་བརྒྱན་ཅིང༌། དཀར་འཛིན་དང་ཆུ་འཛིན་རྒྱས་པ། ཞི་བ་འཛུམ་པ། གཞོན་ཅིང་སྒེག་པ། བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ་འོད་ཟེར་སྣ་ལྔ་འཕྲོ་བའོ། །དེའི་གནས་ལྔར་པད་ཟླའི་སྟེང་དུ་སྤྱི་བོར་ཨོཾ་ལས་རྣམ་སྣང་སྤྱན་རས་གཟིགས་ཡབ་ཡུམ་དཀར་པོ། མགྲིན་པར་ཧྲཱི་ལས་པདྨ་སྤྱན་རས་གཟིགས་ཡབ་ཡུམ་དམར་པོ། སྙིང་གར་ཧཱུྃ་ལས་མི་བསྐྱོད་པ་སྤྱན་རས་གཟིགས་ཡབ་ཡུམ་སྔོན་པོ། ལྟེ་བར་ཏྲཱཾ་ལས་རིན་འབྱུང་སྤྱན་རས་གཟིགས་ཡབ་ཡུམ་སེར་པོ། གསང་གནས་སུ་ཨཱཿལས་དོན་གྲུབ་སྤྱན་རས་གཟིགས་ཡབ་ཡུམ་ལྗང་གུ། དེ་ཐམས་ཅད་ཀྱང་གཙོ་བོའི་ཆ་ལུགས་སུ་བཞུགས་པ། དེའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་པོ། ལྷོར་རི་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་མ་དམར་མོ། བྱང་དུ་ས་ལས་ལས་ཀྱི་མཁའ་འགྲོ་མ་ལྗང་གུ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་ཅུང་ཟད་ཙམ་གཙིགས་པ། གཡས་གྲི་གུག་གཡོན་ཐོད་ཁྲག །གྲུ་ཁུག་ཏུ་ཁ་ཊྭཱཾ་ག །ཞབས་གཉིས་གཡོན་བརྐྱང་གཡས་བསྐུམ་པའི་གར་གྱིས། མེ་རིའི་ཀློང་ན་བཞུགས་ཤིང་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་
XXX པའོ། །དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ་དམར་པོ། སྙིང་གར་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་ཆོས་ཀྱི་དབྱིངས་ནས་རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ དབྱེར་མེད་གཅིག་ཏུ་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་བཞིན་གཤེགས་པ་རིགས་ལྔས་དབང་བསྐུར་དུ་གསོལ། ཞེས་རིགས་ལྔས་དབང་བསྐུར། བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་གང༌། ལྷག་མ་ཡར་འཁྱིལ་བ་ལས་ཚེ་དཔག་མེད་ཀྱིས་དབུ་བརྒྱན། རང་གི་སྙིང་གར་པད་ཟླའི་སྟེང་དུ། རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བའི་ཐུགས་ཀར་ཧྲཱིཿགནས་པའི་མཐའ་མར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་སྤྱན་རས་གཟིགས་རིགས་ལྔ་ཞིང་རྡུལ་གྱི་གྲངས་དང་མཉམ་པས་གང༌། ཕྱིར་འཕྲོས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་ཡབ་ཡུམ་གྱི་སྐུར་གྱུར། ཐམས་ཅད་ཞལ་ནས་གསང་སྔགས་འདྲེན་པར་བསམས་ལ། སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ། ཞེས་མ་ཡེངས་པའི་སེམས་ཀྱིས་འདྲེན་ནོ། །མཐར། ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་གིས་བདེན་པས། བདག་དང་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་བོ། །འདི་ནི་བསྙེན་པ་བྱ་བ་སྟེ། དུས་ཟླ་བ་གསུམ། གྲངས་ཀྱི་བསྙེན་པ་བྱེ་བ་གསུམ། མཚན་མའི་རྟགས་རབ་མངོན་སུམ་དུ་སྤྱན་རས་གཟིགས་ཡབ་ཡུམ་གྱི་ཞལ་མཐོང་བ་དང༌། ལུང་སྟོན་པ་འབྱུང༌། འབྲིང་ཉམས་སྣང༌། ཐ་མ་རྨི་ལམ་དུ་མི་དཀར་པོ་དང༌། བུད་མེད་དམར་མོས་དངོས་གྲུབ་སྟེར་བ་དང༌། ཁྲོ་མ་འདུ་བ་ལ་སོགས་པའི་
XXX རྟགས་འབྱུང་ངོ༌། ། ༈ གཉིས་པ་མདུན་བསྐྱེད་ནི། རྡུལ་ཚོན་ནམ། ཚོམ་བུའི་དཀྱིལ་འཁོར་ལ། ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ལྔའི་སྟེང་དུ་རི་བོ་མཆོག་རབ། ཅེས་པ་ནས་སྔགས་འདྲེན་པའི་བར་བདག་བསྐྱེད་ལྟར་དུ་བསྒོམ་བཟླས་བྱའོ། །གསུམ་པ་བུམ་བསྐྱེད་ནི། རྣལ་རྒྱལ་བུམ་དང་ལས་བུམ་གཉིས། སྙིང་པོ་བཞུགས་པ། མགུལ་ཆིངས་ཁ་རྒྱན་རྣམས་ཚུལ་བཞིན་བཤམས་ལ། ཨོཾ་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་པས་བགེགས་བསྐྲད། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགུལ་པ་རིང་བ། མཆུ་འཕྱང་བ། ལྷའི་དར་གྱིས་མགུལ་པ་དཀྲིས་པ། དཔག་བསམ་ཤིང་གིས་ཁ་བརྒྱན་པའི་ནང་དུ་འོ་མའི་རྒྱ་མཚོ་ལས་སྐྱེས་པའི་དབུས་སུ་པཾ་ལས་པདྨའི་སྡོང་པོ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདང་བཾ་ལས་འོད་ཟེར་འཕྲོས། གཞལ་དུ་མེད་པའི་སེམས་ཅན་གྱི་དོན་བྱས། ཇོ་བོ་སྤྱན་རས་གཟིགས་ཀྱི་སར་བཀོད། འོད་ཟེར་དེ་ཚུར་འདུས་ཡོངས་སུ་གྱུར་པ་ལས། པདྨའི་སྡོང་པོ་དཀར་པོ་ལྟེ་བར་ཧྲཱིཿདང་བཾ་གྱིས་མཚན་པ། ཞེས་པ་ནས། ཞལ་ནས་སྔགས་འདྲེན་པར་བསམ། ཞེས་པའི་བར་བདག་སྐྱེད་ལྟར་བསྐྱེད་ལ། རང་གི་སྙིང་ཁར་ཞེས་པའི་སྐབས་སུ། བུམ་སྐྱེད་ཀྱི་ལྷའི་ཁར་ཞེས་འདོན་པ་དང་དམིགས་པ་བསྒྱུར། ཐམས་ཅད་ཞལ་ནས་སྔགས་འདྲེན་པར་བསམ་ཞིང༌། ཞལ་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་ཧཱུྃ། ཞེས་པ་བརྒྱ་རྩ་བརྒྱད་འདྲེན། ཨོཾ་བཛྲ་ཨུཏྟ་ཀ་སྭཱ་ཧཱ། ཞེས་པ་ཡང་བརྒྱ་འདྲེན་ནོ། །མཐར། ཇོ་མོ་སྤྱན་རས་གཟིགས། ཅེས་པ་ནས། མཛད་དུ་གསོལ། ཞེས་
XXX གསོལ་བ་གདབ་བོ། །དེ་ནས། ཨརྒྷཾ་ལ་སོགས་པས་མཆོད་ནས། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་ལྟ་བུར་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་པ་དང༌། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། ཡོན་ཏན་ཀུན་གྱི་གཏེར་གྱུར་པ། །སྤྱན་རས་གཟིགས་སུ་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། ལས་བུམ། ཨོཾ་པདྨནྟ་ཀྲྀ་ཏ་ཅེས་སོགས་ཀྱིས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་པདྨའི་དབྱུག་ཏོ། གཡོན་སྡིགས་མཛུབ་མཛད་པ། གཡས་བསྐུམ་གཡོན་བརྐྱང་སྟག་ལྤགས་ཀྱིས་ཤམ་ཐབས་ཅན། ཁྲོ་ཞལ་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་ངན་ར་སེར་གྱེན་ལ་བརྫེས་པ། སྤྱི་བོར་རྟ་མགོ་ལྗང་ཞུར་རྟ་སྐད་ཕྱོགས་བཅུར་སྒྲོགས་པ། རྔོག་མ་དམར་པོ་མེ་ལྟར་འབར་བ། སྦྲུལ་དང་རིན་པོ་ཆེས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་ལས་འོད་ཟེར་འཕྲོས། རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ་ཿས་དབྱེར་མེད་དུ་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རིགས་ལྔ་འཁོར་བཅས་སྤྱན་དྲངས། རིགས་ལྔས་དབང་བསྐུར། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་
XXX ཐུགས་ཀར་པད་ཉིའི་སྟེང་དུ་ཧྲཱིཿའི་མཐའ་མར་སྔགས་ཀྱིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། ཨོཾ་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་བརྒྱ་རྩ་བརྒྱད་འདྲེན། མཆོད་མཐར་མཆོད་ནས། མ་ཆགས་པདྨ་རིགས་ཀྱི་རྣམ་འཕྲུལ་ལས། །ཀླུ་རྒྱལ་ཚུལ་གྱིས་གདུག་པ་ཀུན་འདུལ་བ། །དབང་ཆེན་བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །ཁྲོ་རྒྱལ་རྟ་མགྲིན་མགོན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་བོ། ། ༈ གཉིས་པ་དབང་བསྐུར་ལ་དོན་གསུམ་སྟེ། སྔོན་འགྲོ། དཀྱིལ་འཁོར་དུ་གཞུག་པ། དབང་བཞི་བསྐུར་བ། མཇུག་རྗེས་གནང་སྦྱིན་པའོ། །དང་པོ་སྔོན་འགྲོ་དཀྱིལ་འཁོར་དུ་གཞུག་པ་ལ་དོན་བཅུ་གསུམ་སྟེ། གསོལ་བ་བཏབ་པ། སྡོམ་པ་བཟུང་བ། མིག་དར་བཅིངས་པ། མེ་ཏོག་སྦྱིན་པ། བསྲུང་བར་བྱ་བ། སེམས་སྐྱེད་པ། ཕྱག་བྱ་བ། དམ་ལ་བཞག་པ། ཡེ་ཤེས་ཕབ་ཅིང་གནང་བ་དྲི་བ་དང༌། མེ་ཏོག་དོར་བར་དང༌། སྤྱན་དབྱེ་བ་དང༌། ལྷ་ངོ་བསྟན་པ་དང༌། ཆེད་དུ་བརྗོད་པའོ། །དང་པོ་ནི་སློབ་མ་རྣམས་ཁྲུས་བྱ། མཎྜལ་ཕུལ། གསོལ་བ་གདབ་པ་ནི། དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་སྟེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཅེས་སོགས། གཉིས་པ་ནི། དང་པོ་ཐུན་མོང་གི་སྡོམ་པ་བཟུང་བ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཅེས་ཐུན་མོང་གི་སྡོམ་པ་བཟུང༌། དེ་ནས་ཁྱད་པར་སྡོམ་པ་བཟུང་བ་ནི། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །སྤྱན་རས་གཟིགས་ཀྱི་ལྷ་ཚོགས་རྣམས། །མ་ལུས་བདག་ལ་དགོངས་སུ་གསོལ། །ཇི་
XXX ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམ་སྟེ་བཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །འགྲོ་ཀུན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བརྗོད་ལ་སྡོམ་པ་བཟུང་ངོ༌། །གསུམ་པ་ནི་མིག་དར་བཅིངས་ལ། ཨོཾ་ཙཀྵུ་བནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ། བཞི་པ་མེ་ཏོག་ཕྲེང་བ་གཏད་ལ། ཨོཾ་ཨཱཿཁཾ་བཱི་ར་ཧཱུྃ་སྭཱ་ཧཱ། ལྔ་པ་
XXX བསྲུང་བར་བྱ་བ་ནི། རྟ་མགྲིན་གྱི་སྙིང་པོས་བསངས་ལ། རང་ཉིད་སྐད་ཅིག་གིས་སྤྱན་རས་གཟིགས་སུ་མོས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། སྙིང་གར་ཧཱུྃ་སྔོན་པོ་བསམ་ལ། ཨོཾ་ཨཱཿཧཱུྃ། ཞེས་དྲིས་ཐིག་ལེ་བྱ། དྲུག་པ་ནི། སྙིང་གར་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་ཞིག་བསྒོམ་ལ། ངག་ཏུ། སརྦ་ཏ་ཐཱ་ག་ཏ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡཱ་མི། ཞེས་བརྗོད་དོ། །རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཟུང་སྟེ། ཨོཾ་སུ་ར་ཏེ་ས་མ་ཡསྟྭཾ་ཧོ། སིདྡྷ་བཛྲ་ཡ་ཝཱ་སུ་ཁཾ། ཞེས་པ་བརྗོད་དོ། །བདུན་པ་ཕྱག་བྱར་ནི། ཁྲོ་བོ་རྟ་མགྲིན་གྱིས་ཁྲིད་ནས་དཀྱིལ་འཁོར་གྱི་ནང་དུ་ཁྲིད་པར་མོས་ཏེ། འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བར་མོས་ལ། ཨོཾ་ན་མོ་ཏེ་ཧཱུྃ། ཨོཾ་ན་མོ་མེ་ཧཱུྃ། ན་མོ་ན་མ་ཧཱུྃ། ཨོཾ་ན་མོ་ལོ་ཀེ་ཤྭ་ར་ཡཱ། ཞེས་ཕྱག་བྱའོ། །བརྒྱད་པ་དམ་ལ་བཞག་པ་ལ་བཞི། དང་པོ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེ་ན་སངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་གྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱི་དཀྱིལ་འཁོར་འདི་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་སོ། །གཉིས་པ་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་བཞག་ནས། ཨོཾ་དེ་རིང་སྤྱན་རས་གཟིགས་དབང་རང༌། །ཁྱོད་ཀྱིས་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགེམས། །ཞེས་བརྗོད། གསུམ་པ་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། དམ་ཚིག་གི་ཆུ་བླུད་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་
XXX བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་ཨ་མྲྀ་ཏ་ཨུ་ད་ཀ་ཋ། །ཞེས་ཆུ་བླུད་དོ། །བཞི་པ་སློབ་དཔོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། དེང་ནས་བཟུང་སྟེ་ཁྱོད་ཀྱི་ནི། །སྤྱན་རས་གཟིགས་དབང་ང་ཡིན་གྱི། །ང་ཡི་འདི་གྱིས་གང་བསྒོ་བ། །ཁྱོད་ཀྱིས་ཀྱང་ནི་བྱ་དགོས་སོ། །ཞེས་དམ་ཚིག་བསྒྲག་གོ །དགུ་པ་ཡེ་ཤེས་དབབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་བརླབ་ཏུ་གསོལ། སྤྱན་རས་གཟིགས་དབང་བདག་ལ་དབབ་པར་གྱུར་ཅིག །ཅེས་བརྗོད་ནས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་སྣང་བ་མཐའ་ཡས་སུ་བསྒོམས་པའི་རྐང་ཞབས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། བ་དན་གཡོ་བ་ཡཾ་གྱིས་མཚན་པ། ཛྷཻཿཛྷཻཿདམར་པོ་གཉིས་གཉིས་ཀྱིས་འདེགས་པ། སུམ་མདོར་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དང་མེ་འབར་བས་མཚན་པ། སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ་རྡོ་རྗེས་མཚན་པར་ཉི་མ་ལ་ཧཱུྃ་སྔོན་པོས་མཚན་པ། མགྲིན་པར་བཾ་ལས་ཆུའི་དཀྱིལ་འཁོར་བུམ་པ་ཟླ་བ་ལ་ཨཱཿདམར་པོས་མཚན་པ། མགོར་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་བ་ལ་ཧཾ་དཀར་པོས་མཚན་པ། རྐང་ཞབས་ཀྱི་ཛྷཻཿགྱི་འོད་ཟེར་རྐང་པའི་རྩ་བོ་ཆེ་ནས་ཞུགས། སུམ་མདོར་མེ་དང་འདྲེས་ནས་ཆེར་འབར། སྙིང་གའི་སའི་དཀྱིལ་འཁོར་དམར་ལམ་ལམ་པར་བསྲེགས། མགྲིན་པའི་ཆུའི་དཀྱིལ་འཁོར་དཀར་བུན་བུན་པར་བསྐོལ། སྤྱི་བོའི་ཧཾ་ལས་བདུད་རྩིའི་རྒྱུན་བབས། ཧཱུྃ་ཧཾ་ལས་འོད་ཟེར་འཕྲོས། བ་སྤུའི་རྩེ་ནས་ཕྱིར་འཕྲོས་པས། སྤྱན་རས་གཟིགས་དང་མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས་རྣམས་སྤྱན་དྲངས་ནས་མཚོ་ལ་ཁ་བ་བབས་པ་ལྟར་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པར་བསྒོམ་ལ། གུ་གུལ་དང་སྤོས་ཀྱིས་འདུག །ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་
XXX ཀི་ནི་ཧ་རི་ནི་ས་ཧཱུྃ། ཨ་བེ་ཤ་ཡ། སྟཾ་བྷ་ཡ། ར་ར་ར་ར། ཙ་ལ་ཡ། ཙ་ལ་ཡ། ཧཱུྃ་ཧཱཿ ཨ་ཿཛྷཻཿཞེས་ཡེ་ཤེས་གདབ་བོ། །དེ་ནས་དཀྱིལ་འཁོར་ཁ་དོག་འདྲི་ཞིང༌། ལས་བཞི་གྲུབ་པར་ལུང་བསྟན་ནོ། །བཅུ་པ་ནི། དེ་ནས་མེ་ཏོག་ཕྲེང་བ་ཏྲཾ་གྱིས་སྔགས་པ་གསར་ཞིང་མ་རྙིང་པ། ཨོཾ་ཨཱཿཧཱུྃ་གིས་འོད་གསལ་བར་བྱས། སྤྱན་རས་གཟིགས་ཡབ་ཡུམ་གྱི་དབུ་ལ་དོར་བར་མོས་ལ། ཡང་དག་གསང་བའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པ་འདི། །ལྷ་རྣམས་རིགས་ཀྱི་རིམ་པ་འདི། །བསོད་ནམས་ཇི་ལྟར་དེ་ལྟར་ཞོག །འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་གྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བར། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཨཱཿཁཾ་བཱི་ར་ཧཱུྃ་པྲ་ཏཱིཙྪ་ཀུ་སུ་མཱཉྩ་ལིཾ་ནཱ་ཐ་ཧོཿ ཞེས་མེ་ཏོག་གཏོར། སླར་པྲ་ཏི་གྲིཧྞ་དཾ་ཨི་མཾ་ས་ཏྭ་ཧཱ་བ་ལ། ཞེས་མེ་ཏོག་ཕྲེང་བ་མགོ་ལ་བཅིང་ངོ༌། །བཅུ་གཅིག་པ་སྤྱན་དབྱེ་བ་ནི། ཨོཾ་དེ་རིང་སྤྱན་རས་གཟིགས་དབང་རང༌། །ཁྱོད་ཀྱི་མིག་ནི་ཕྱེ་བར་བརྩོན། །རྡོ་རྗེའི་མིག་ནི་བླ་ན་མེད། །ཐམས་ཅད་མིག་ནི་འབྱེད་པར་མཛད། །ཨོཾ་ཛྙཱ་ན་ཙཀྵུ་ཧཱུྃ་ཨཱཿསྭཱ་ཧཱ། བཅུ་གཉིས་པ་ལྷ་ངོ་བསྟན་པ་ནི། ཀྱེ་རྡོ་རྗེ་ལྟོས་ཤིག །ཅེས་བརྗོད་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལྷ་ངོ་བསྟན་པས་མཐོང་བར་མོས་ཏེ། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱི་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱི། །ཐབས་དང་ཤེས་རབ་དང་ལྡན་པས། །གསང་སྔགས་རྣམས་ལ་བསྒྲུབ་པར་གྱིས། །ཞེས་བརྗོད་ཅིང༌། བཅུ་གསུམ་པ་ཆེད་དུ་བརྗོད་པ་ནི། ཨོཾ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །
XXX རྣལ་འབྱོར་གྱི་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་ངོ༌། །གསང་བའི་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ཞེས་ཆེད་དུ་བརྗོད་པར་བྱའོ། ། ༈ གཉིས་པ་དངོས་གཞི་དབང་བསྐུར་བ་ལ་བཞི་སྟེ། བུམ་དབང་དང༌། གསང་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། དབང་བཞི་པ་ཚིག་དབང་རིན་པོ་ཆེའོ། །དང་པོ་ལ་གཉིས་ཏེ། རང་དོན་སྒྲུབ་པ་རྡོ་རྗེ་སློབ་མའི་དབང་དང༌། གཞན་དོན་སྒྲུབ་པ་རྡོ་རྗེ་སློབ་དཔོན་གྱིས་དབང་ངོ༌། །དང་པོ་ལ་ལྔ་སྟེ། མི་བསྐྱོད་པ་ཆུའི་དབང་དང༌། རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་དང༌། སྣང་བ་མཐའ་ཡས་རྡོ་རྗེའི་དབང་དང༌། དོན་ཡོན་གྲུབ་པ་དྲིལ་བུའི་དབང་དང༌། རྣམ་པར་སྣང་མཛད་མིང་གི་དབང་ངོ༌། ། ༈ དང་པོ་ལ་མི་བསྐྱོད་པ་ཆུ་ཡི་དབང་ལ་གཉིས་ཏེ་གསོལ་བ་གདབ་པ་དང་དབང་བསྐུར་བ་དངོས་སོ། །དང་པོ་གསོལ་བ་གདབ་པ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་གདབ་བོ། །གཉིས་པ་ནི། རྟ་མགྲིན་གྱི་སྔགས། ལས་བུམ་གྱི་ཆུས་དབང་རྫས་དང་སློབ་པ་རྣམས་བསང་ལ། སློབ་དཔོན་དང་སློབ་མ་དབང་རྫས་གསུམ། སྭཱ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་མི་བསྐྱོད་པ་སྤྱན་རས་གཟིགས་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་ཞབས་གཉིས་སྐྱིལ་ཀྲུང་ཅན། དེའི་པང་ན་ཡུམ་གསང་བ་ཡེ་ཤེས་སྔོན་མོ། རྡོ་རྗེ་དང་བུམ་པ་འཛིན་པས་ཡབ་ལ་སྦྱོར་བ། ཡབ་ཡུམ་གཉིས་ཀ་ཡང་མཚན་དཔེའི་འོད་དང་ལྡན་ཞིང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་སྤྱི་མགྲིན་སྙིང་ཁར། ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས། རང་ལྟ་བུའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དབྱེར་མེད་དུ་གྱུར་པར་བསམ། སླར་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་
XXX ཀྱི་བདུད་རྩིའི་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར། རྡོ་རྗེའི་སྒེག་མ་རྣམས་ཀྱིས་གླུ་ལེན་ཞིང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མེ་ཏོག་མངོན་པར་གཏོར་ཞིང་བཀྲ་ཤིས་བརྗོད་པར་བསམ་ལ། སངས་རྒྱས་རབ་བདུན་པའམ། ཕུན་སུམ་ཚོགས་པའི་བཀྲ་ཤིས་བརྗོད། དེ་ནས་དབང་བུམ་གྱིས་སྤྱི་བོ་ནས་དབང་བསྐུར་རོ། །རྡོ་རྗེ་དབང་བསྐུར་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱིས་བུམ་པའི་དབང༌། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ལ་ཨུ་ད་ཀ་ཨ་བྷི་ཥིཉྩ་མཾ་ཞེས་དབང་བསྐུར། སླར་སྤྱན་རས་གཟིགས་ཡབ་ཡུམ་གྱི་ཐུགས་ཀ་ནས་རྡོ་རྗེ་མཁའ་འགྲོ་སྔོན་མོ་བུམ་པ་འཛིན་པ་ཞིག་ཆད་ནས། བུམ་ཆུས་དབང་བསྐུར་བར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། བཛྲ་ཌཱ་ཀི་ནི་ཨ་བྷི་ཥིཉྪ་མཾ། ཞེས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱིས་ཕྱག་བྱས་རིགས་ཀུན་གྱི་ནི་བདག་ནི་བདག་པོ་མཆོག །སེམས་ཅན་ཐམས་ཅད་བསྐྱེད་མཛད་བདེ་བ་ཆེན་པོ་སྟེར། །དེང་འདིར་དབང་བསྐུར་མཆོག་ཐོབ་ཁྱེད་ལ་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད། སྒེག་མོ་རྣམས་ཀྱིས། ཨོཾ་སརྦ་བཛྲ་སུ་སང་གྲ་ཧེ། བཛྲ་མ་ནུཏྟ་ར་ནི། བཛྲ་དྷརྨཱ་ཀཱ་ཡ་ནི། བཛྲ་ཀརྨ་ཀ་རོད་བྷ་ཝེ། ཞེས་རྡོ་རྗེའི་གླུ་བླངས། ཁྲོ་བོ་རྣམས་ཀྱིས། །ཨོཾ་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བགེགས་བསྐྲད། གུ་གུལ་ལ་སོགས་མེ་ཏོག་གི་ཆར་ཕབ། རྔ་བོ་ཆེ་ལ་སོགས་པ་རོལ་མོའི་སྒྲ་བསྒྲག །བདུད་རྩིའི་རྒྱུན་དང་སྤྱན་རས་གཟིགས་ཀྱི་སྐུ་ཞིང་རྡུལ་གྱི་གྲངས་དང་མཉམ་པས་ལུས་ཀྱི་ནང་གང༌། ལྷག་མ་ཡར་འཁྱིལ་བ་ལས་མི་བསྐྱོད་པས་དབུར་བརྒྱན་ཅིང་ཁྱེད་རང་རྣམས་མི་བསྐྱོད་པ་སྤྱན་
XXX རས་གཟིགས་ཀྱི་ངོ་བོར་གྱུར་པ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར། བསམ་ལ་ཉེར་སྤྱོད་ལྔས་མཆོད། རོལ་མོ་བྱ། ཨོཾ་ན་མཿསརྦ་ཏ་ཐ་ག་ཏ་་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། པཱདྱཾ༴ བཛྲ་པུཥྤེ་པཱུ་ཛ་ཨཱཿཧཱུྃ། བཛྲ་དྷཱུ་པེ༴ བཛྲ་ཨཱ་ལོ་ཀེ༴ བཛྲ་གནྡྷེ༴ བཛྲ་ནཻ་ཝི་ཏེ༴ བཛྲ་ཤཔྟ་པཱུ་ཛ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་མཆོད། དེས་མི་བསྐྱོད་པ་ཆུའི་དབང་ཐོབ། ཉོན་མོངས་པ་ཞེ་སྡང༌། རྣམ་པར་ཤེས་པའི་ཕུང་པོར་གནས་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། སངས་རྒྱས་མི་བསྐྱོད་པ་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་གྱུར་སྙམ་དུ་མོས་པར་མཛོད། ཅེས་དབང་གི་རྟོགས་པ་བརྗོད། ༈ གཉིས་པ་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱིས་དབང་བསྐུར་གཉིས། གསོལ་བ་འདེབས་པ་དང་དབང་བསྐུར་བའོ། །དང་པོ་ནི། རིན་ཆེན་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །རིན་ཆེན་རྡོ་རྗེ་དེང་བདག་སྩལ། །ཞེས་གསོལ་བ་གདབ་བོ། །གཉིས་པ་ནི། སློབ་མ་དང་དབང་རྫས་རིན་ཆེན་འབྱུང་ལྡན་སྤྱན་རས་གཟིགས་ཡབ་ཡུམ་བསྐྱེད་པའི་གནས་གསུམ་གྱི། ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་འཕྲོས་པས་རང་འདྲ་བའི་ཡེ་ཤེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿདབྱེར་མེད་དུ་གྱུར། དེ་ཉིད་འོད་དུ་ཞུ་བ་ལས་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བར་མོས་ལ། དབུ་རྒྱན་གྱིས་དབང་བསྐུར་བ་ནི། རིན་ཆེན་དབང་བསྐུར་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱིས་དབུ་རྒྱན་དབང༌། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་མུ་ཀུ་ཊ་ཨབྷི་ཥིཉྩ་ཧཱུྃ་སུ་ར་ཏི་ཏཾ་ཨ་ཧཾ། བཛྲ་ཏུ་ཥྱ་ཧོ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་མི། ཞེས་དབང་བསྐུར། སླར་མདུན་སྐྱེད་སྤྱན་རས་གཟིགས་ཡབ་ཡུམ་
XXX གྱི་ལྟེ་བ་ནས། རིན་ཆེན་མཁའ་འགྲོ་མ་སེར་མོ་དབང་བུམ་འཛིན་པ་ཞིག་ཆད་ནས། བུམ་ཆུས་དབང་བསྐུར་བར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། རཏྣ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་མཾ། ཞེས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། སྔ་མར་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སྒེག་མོས་གླུ་བླངས། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། མེ་ཏོག་གི་ཆར་ཕབ། རོལ་མོའི་སྒྲ་བསྒྲག །དབང་གི་ཆུས་ལུས་ཀྱི་ནང་གང༌། ལྷག་མ་ཡར་འཁྱིལ་པ་ལ། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། །དེས་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་ཐོབ། ཉོན་མོངས་པ་སེར་སྣ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་དབང་གིས་རྟོགས་པ་བརྗོད་པའོ། ། ༈ གསུམ་པ་སྣང་བ་མཐའ་ཡས་རྡོ་རྗེས་དབང་སྐུར་ལ་གཉིས། དང་པོ་གསོལ་བ་འདེབས་པ་ནི། པདྨ་ཅན་གྱི་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །པདྨ་རྡོ་རྗེ་དེང་བདག་སྩོལ། །གཉིས་པ་དབང་བསྐུར་བ་ནི། སློབ་མ་དང་དབང་རྫས་སྟོང་པའི་ངང་ལས། ཛིཾ་ལས་པདྨ་ཛིཾ་གྱིས་མཚན་པ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། སྣང་བ་མཐའ་ཡས་སྤྱན་རས་གཟིགས་ཡབ་ཡུམ་དུ་བསྐྱེད། ཡེ་ཤེས་པ་བསྟིམ། རིགས་ལྔ་ནས་དབང་རྫས་སྣང་བ་མཐའ་ཡས་འོད་དུ་ཞུ་བ་ལས་བྱུང་བ་རྡོ་རྗེའི་དབང་བསྐུར་བར་བསམ་ལ། པདྨའི་དབང་བསྐུར་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཨོཾ་མ་ཧཱ་བཛྲ་ཨ་བྷི་ཥིཉྩ་མཾ། ཞེས་དབང་བསྐུར། སླར་མདུན་བསྐྱེད་ཀྱི་མགྲིན་པ་ནས་པདྨ་མཁའ་འགྲོ་མ་དམར་མོ་དབང་བུམ་འཛིན་པ་ཞིག་ཆད་ནས། བུམ་ཆུས་དབང་བསྐུར་བར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། པདྨ་ཌཱ་
XXX ཀི་ནི་ཨ་བྷི་ཥིཉྩ་མཾ། ཞེས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། རྡོ་རྗེའི་གླུ་ལེན། ཁྲོ་བོས་བགེགས་བསྐྲད། མཆོད་པས་མཆོད་པ་གོང་དང་འདྲ། རྟོགས་པ་བརྗོད་པ་ནི། དེས་སྣང་བ་མཐའ་ཡས་རྡོ་རྗེའི་དབང་ཐོབ། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། །སྣང་བ་མཐའ་ཡས་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས། ཞེས་རྟོགས་པའི་བརྗོད་དོ། ། ༈ བཞི་དོན་ཡོད་གྲུབ་པ་དྲིལ་བུས་དབང་བསྐུར་བ་ལ་གཉིས། དང་པོ་གསོལ་གདབ་པ་ནི། ལས་ཀྱི་རིགས་མཆོག་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ལས་ཀྱི་རྡོ་རྗེ་དེང་བདག་སྩོལ། །གཉིས་པ་དབང་བསྐུར་བ་ནི། སློབ་མ་དང་དབང་རྫས་སྟོང་པའི་ངང་ལས། ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། དོན་ཡོད་གྲུབ་པ་སྤྱན་རས་གཟིགས་ཡབ་ཡུམ་དུ་བསྐྱེད། ཡེ་ཤེས་པ་བསྟིམ། སླར་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། དོན་ཡོད་གྲུབ་འོད་དུ་ཞུ་བ་ལས་བྱུང་བའི་དྲིལ་བུས་དབང་བསྐུར་བར་བསམ་ལ། ལས་ཀྱི་དབང་བསྐུར་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱི་དྲིལ་བུའི་དབང༌། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཨོཾ་བཛྲ་ཨ་དྷཱི་པ་ཏི་སྟཾ་ཨ་བྷི་ཥིཉྩ་མཾ་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་གཎྜེ་ཨཱ་ཨཿ ཞེས་དབང་བསྐུར། སླར་མདུན་སྐྱེད་ཀྱི་གསང་བའི་སྤྱན་རས་གཟིགས་ཡབ་ཡུམ་གྱི་ཐུགས་ཀ་ནས། ལས་ཀྱི་མཁའ་འགྲོ་མ་ལྗང་གུ་དབང་བུམ་འཛིན་པ་ཞིག་ཆད་ནས་བུམ་ཆུས་དབང་བསྐུར་བར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ།
XXX ཀརྨ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་མཾ། ཞེས་དབང་བསྐུར། བཀྲ་ཤིས་སོགས་གོང་དང་འདྲ། རྟོགས་པ་བརྗོད་པ་ནི། དེས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཕུང་པོ་གནས་གྱུར། །བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་གྱུར། དོན་ཡོད་གྲུབ་པ་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་བྱས་པའོ། །ཞེས་རྟོགས་བརྗོད་དོ། ། ༈ ལྔ་པ་རྣམ་པར་སྣང་མཛད་སྤྱན་རས་གཟིགས་མིང་གིས་དབང་བསྐུར་བ་ལ་གཉིས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །བྱང་ཆུབ་རྡོ་རྗེ་དེང་བདག་སྩོལ། །གཉིས་པ་དབང་བསྐུར་བ་ནི་སློབ་མ་དང་དབང་རྫས། སྭབྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་སྤྱན་རས་གཟིགས་ཡབ་ཡུམ་དུ་བསྐྱེད། ཡེ་ཤེས་པ་བསྟིམ། རིགས་ལྔའི་འཁོར་བཅས་ཀྱིས་མིང་གིས་དབང་བསྐུར་བར་བསམ་ལ། སངས་རྒྱས་དབང་བསྐུར་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་མིང་གི་དབང། །དེང་འདིར་ཁྱོད་ལ་བསྐུལ་བར་བྱ། །ཨོཾ་བཛྲ་སཏྭ་ཏྭཾ། ཨ་བྷི་ཥིཉྩ་མཾ། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཞེས་པདྨའི་རྡོ་རྗེ་ལ་སོགས་ཀྱི་མཐར། སྔགས་ཀྱང་བརྗོད་དོ། །སླར་མདུན་བསྐྱེད་ཀྱི་སྤྱི་བོའི་རྣམ་སྣང་སྤྱན་རས་གཟིགས་ཡབ་ཡུམ་གྱི་ཐུགས་ཀ་ནས་སངས་རྒྱས་མཁའ་འགྲོ་མ་དཀར་མོ་དབང་བུམ་འཛིན་པ་ཞིག་ཆད་ནས་བུམ་ཆུས་དབང་བསྐུར་བར་བསམ་ལ། ཨོཾ་པ་ཎི་པདྨེ་ཧཱུྃ། བུདྡྷ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་མཾ། ཞེས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། བཀྲ་ཤིས་སོགས་གོང་དང་འདྲ། རྟོགས་པ་བརྗོད་པ་ནི། དེས་རྣམ་པར་སྣང་མཛད་མིང་གི་དབང་ཐོབ། ཉོན་མོངས་པ་གཏི་མུག་དག །
XXX གཟུགས་ཀྱི་ཕུང་པོ་གནས་འགྱུར། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། སངས་རྒྱས་རྣམ་པར་སྣང་མཛད་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་བྱས་པའོ། །ཞེས་རྟོགས་པ་བརྗོད་དོ། །དེ་དག་གིས་མ་རིག་པའི་གཉེན་པོ་རིག་པའི་དབང་ལྔ་ཐོབ་པའོ། ། ༈ གཉིས་པ་གཞན་དོན་བྱེད་པའི་རྡོ་རྗེ་སློབ་དཔོན་གྱི་དབང་ལ་གཉིས། དང་པོ་གསོལ་བ་གདབ་པ་ནི། གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །ཞེས་གསོལ་བ་གདབ། གཉིས་པ་དབང་བསྐུར་བ་ནི། སློབ་མ་དང་དབང་རྫས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་ཞབས་གཉིས་སྐྱིལ་ཀྲུང་ཅན། ཡུམ་རྡོ་རྗེ་སྙེམས་མ་རྡོར་དྲིལ་འཛིན་པ་དང་མཉམ་པ་སྦྱར་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་འཕྲོས། མདུན་བསྐྱེད་ལ་ཕོག །མདུན་བསྐྱེད་ཀྱི་སྐུ་གཅིག་ལ་མར་མེ་སྟོང་ཆད་པའི་རྣམ་པར། སྐུ་གཅིག་ལ་སྐུའི་ཚོགས་དཔག་ཏུ་མེད་པ་ཆད་ནས་སློབ་མའི་ལུས་ལ་ཐིམ་པར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་དོ། །རོལ་མོ་བྱ། སྤྱན་རས་གཟིགས་ཀྱི་སྐུས་སྤྱི་བོར་དབང་བསྐུར་ཞིང༌། སྤྱན་རས་གཟིགས་དབང་སྐུ་ཡི་དབང༌། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །སྤྱན་རས་གཟིགས་སུ་ཁྱོད་གྱུར་ཅིག །ཅེས་བྱའོ། །སླར་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རིགས་ལྔ་འཁོར་བཅས་ཀྱིས་དབང་བསྐུར་བར་བསམས་ལ། ལག་པ་གཉིས་སུ་རྡོ་རྗེ་དྲིལ་བུ་གཏད་དོ། །རྡོ་རྗེ་ཚེ་དང་དྲིལ་བུ་ཆེ། །
XXX ཟུངས་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་གཉིས་དུ་གྱིས། །ཞེས་བརྗོད་དོ། །དེས་ནས་བུམ་ཆུས་དབང་བསྐུར་བ་ནི། གསང་གསུམ་དམ་ཚིག་ལས་བྱུང་བ། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡི། །དག་པ་བཟང་པོས་དབང་བསྐུར་རོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མཾ། དེ་ནས་མེ་ཏོག་གཏོར་ལ། ཁམས་གསུམ་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་རོ། །ཅེས་བརྗོད་དོ། །གཉིས་པ་གསུང་གི་རྗེས་གནང་ནི། སྔགས་ཕྲེང་བླ་མ་སྤྱན་རས་གཟིགས་ཀྱི་ཞལ་ནས་སློབ་མའི་ཞལ་དུ་ཞུགས་ནས། སྙིང་གའི་ཧྲཱིཿལ་ཐིམ་པར་བསམ། ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་ཧཱུྃ། ཞེས་ལན་གསུམ་བརྗོད་ལ། ཤེལ་ཕྲེང་སྤྱི་བོར་བཞག་ཅིང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་དོ། །གསུམ་པ་ཐུགས་ཀྱི་རྗེས་གནང་ནི། སེམས་ཀྱི་རང་བཞིན་འོད་གསལ་མེ་ལོང་གཡའ་དག་པ་ལྟ་བུ་རྣམ་པར་རྟོག་པའི་ཚོགས་ཐམས་ཅད་དང་བྲལ་བ། གསལ་སྟོང་སོ་སོ་རང་རིག་པའི་ངང་ལ་མཉམ་པར་བཞག་སྟེ། མེ་ལོང་བསྟན་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིག་གསལ་ལ་རྙོགས་པ་མེད། །རྒྱུ་དང་ལས་ལ་ཡང་དག་འབྱུང༌། །ངོ་བོ་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །ཞེས་བརྗོད་དོ། །དེ་ཉིད་ཀྱི་དཀྱིལ་འཁོར་བཞི་ལས་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར། བླ་མ་བཞི་ལས་སྤྲུལ་སྐུའི་བླ་མ་ལ། དབང་བཞི་ལས་བུམ་པའི་དབང་ཐོབ། སྒྲིབ་པ་བཞི་ལས་གཙོ་ཆེན་ལུས་ཀྱི་སྒྲིབ་པ་དག །རིམ་པ་བཞི་ལས་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང༌། དགའ་བ་བཞི་ལས་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེ། འབྲས་བུ་བཞི་
XXX ལས་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་རྡོ་རྗེའི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་དབང་གི་རྟོགས་པ་བརྗོད་དོ། ། ༈ གཉིས་པ་གསང་དབང་གི་དོན་དུ་མཎྜལ་ཕུལ། གཞོན་ནུ་མ་དམ་ཚིག་དང་ལྡན་པ་བླ་མ་ལ་ཕུལ་ལ། མིག་དར་བཅིངས། གསོལ་བ་གདབ་པ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་སོགས། གསང་བའི་དབང་བསྐུར་བདག་ལ་སྩོལ། །ཞེས་གསོལ་བ་གདབ། འཕགས་པ་སྤྱན་རས་གཟིགས་ཡབ་ཡུམ་སྙོམས་པར་འཇུག་པར་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་བླ་མ་ཡབ་ཡུམ་གྱི་བདེ་བ་ཆེན་པོའི་སྒྲ་དང་སྙིང་ཁའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་རང་གི་སྤྱི་བོར་བྱོན། ཡབ་ཡུམ་སྙོམས་པར་ཞུགས་པས་ཆགས་པ་ཆེན་པོས་འོད་དུ་ཞུ། བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རང་བཞིན་དུ་གྱུར། བླ་མའི་སྤྱི་བོ་ནས་ཐིམ། ཨ་ཝ་དྷུ་ཏིའི་ལམ་བརྒྱུད། ཐབས་ཀྱི་རྡོ་རྗེ་ནས་འཐོན། ཡུམ་གྱི་མཁར་བབས་པའི་བྱང་སེམས་སློབ་མའི་ཁར་བླུགས་པ་མོས་ཤིང༌། ཞེས་ཀ་པཱ་ལའི་བདུད་རྩི་སློབ་མའི་ཁར་བླུད་ཅིང༌། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་ལྟར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་གུ་ཧྱ་ཨ་བྷི་ཥིཉྩ་ཨཱཿ ཅེས་བརྗོད་ལ་བྱང་སེམས་སྦྱིན་ནོ། །སློབ་མས་སངས་རྒྱས་ཐམས་ཅད་འདུས་པའི་བློས། ཨ་ཧོ་མ་ཧཱ་སུ་ཁ། ཞེས་བཏུང་བས། ངག་ནས་བརྒྱུད་དེ་བདེ་བ་ཆེན་པོས་རང་གི་རྒྱུད་ཡོངས་སུ་གང་བར་སྒོམས་ཤིག །ཅེས་བརྗོད། མིག་དར་བསལ། དེས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། བླ་མ་བཞི་ལས་ལོངས་སྤྱོད་རྫོགས་སྐུའི་བླ་མ་ལ། དབང་བཞི་ལས་གསང་
XXX དབང་ཐོབ། སྒྲིབ་པ་བཞི་ལས་གནས་སྐབས་སུ་ངག་གི་སྒྲིབ་པ་དག །རིམ་པ་བཞི་ལས་རང་བྱིན་གྱིས་བརླབ་པ་བསྒོམ་པ་ལ་དབང༌། དགའ་བ་བཞི་ལས་མཆོག་དགའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་བཞི་ལས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས། །ཞེས་རྟོགས་པ་བརྗོད་པའོ། ། ༈ གསུམ་པ་ཤེས་རབ་ཡེ་ཤེས་དབང་བསྐུར་བ་ནི། མཎྜལ་ཕུལ། མིག་དར། ཤེས་རབ་མ་ཉི་ཤུ་རྩ་གཉིས་པ་བླ་མ་ལ་འབུལ་བར་མོས་ཤིང༌། གསོལ་བ་གདབ་པ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། ཞེས་པ་ནས། ཤེས་རབ་ཡེ་ཤེས་དབང་བསྐུར་སྩོལ། །ཞེས་པས་གསོལ་བ་གདབ། བླ་མས་རིག་མ་མཚན་བཟང་དང་ལྡན་པ་རྒྱན་ཐམས་ཅད་ཀྱིས་མངོན་པར་བརྒྱན་པ་ཞིག་བྱིན་པར་མོས་ལ། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟན་བྱར་སངས་རྒྱས་རྣམས་ཀྱིས་གསུངས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་ཆེན་པོར་སྤྱོད་པར་གྱིས། །ལྷ་མོ་དེ་ཉིད་ཀྱིས་དྲི་ཞིམ་པའི་ཆུ་སྐྱེས་མངོན་པར་སྟོན་བཞིན་པས། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་དུ་ནང་གནས་ཏེ། །སངས་རྒྱས་བསྟན་པ་ལ་སོགས་པ། །བྱ་བ་ཇི་བཞིན་པདྨས་བྱེད། །བདེ་ཆེན་རྒྱལ་པོ་ང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷ་ཛ་མོཀྵ་ཧོཿ ཞེས་གསུངས་པར་བསམ། དེ་ནས་སློབ་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་ཐལ་མོ་སྦྱར་ནས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱི་ནོར་བུའི་ཕྲེང་བ་དང་པདྨ་དཀར་པོ་འཛིན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་མངོན་པར་བརྒྱན་པ་བསྐྱེད་དོ། །རིག་
XXX མ་དེ་ཉིད་བཾ་ལས་མཁའ་འགྲོ་མ་གསང་བ་ཡེ་ཤེས་སྐུ་མདོག་བྱི་རུའི་མདོག་ལྟར་དམར་བ། ཞལ་འཛུམ་ཞིང་བདེ་བ་ཆེན་པོས་རྒྱུད་ཡོངས་སུ་གང་བ། ཕྱག་གཡས་གསེར་གྱི་ཌཱ་མ་རུ་ནམ་མཁར་འཁྲོལ་ཞིང༌། གཡོན་བདུད་རྩི་དམར་པོས་བཀང་བའི་ཐོད་པ་ཡབ་ཀྱི་ཞལ་དུ་སྟོབ་པ། ཞབས་གཉིས་ཡབ་ཀྱི་རྐེད་པར་འཁྲིལ་བ། རུས་པའི་རྒྱན་ཆ་ལྔས་བརྒྱན་པར་བསྐྱེད་པའི་ཡབ་ཡུམ་གཉིས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་སྭཱ། གསང་བར་ཧཱ། ཡབ་ཀྱི་གསང་བ་མི་དམིགས་པ་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནོར་བུའི་བུ་ག་ཕཊ་སེར་པོས་བཀག་པ། ཕྱག་རྒྱའི་གསང་བ་མི་དམིགས་པ་ལས་ཨཱཿལས་སྐྱེས་པའི་ཆུ་བསྐྱེད་དམར་པོ་ཟེའུ་འབྲུ་ཨཱཿདམར་པོས་མཚན་པར་བསྒོམ་ལ། ཡབ་ཡུམ་སྙོམས་པར་འཇུག་པས། ཨོཾ་ཤྲི་ཤྲི་ཤྲི་ཧ་ཧ་ཧ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་བདེ་བ་ཆེན་པོའི་སྒྲས། ཕྱོགས་བཅུའི་སངས་རྒྱས་ཡབ་ཡུམ་ཐམས་ཅད་བསྐུལ་ནས། རང་གི་སྤྱི་བོར་བྱོན་ནས་སྙོམས་འཇུག་མཛད། །ཆགས་པ་ཆེན་པོས་འོད་དུ་ཞུ་ནས། སྤྱི་བོའི་ཧཾ་གི་བྱང་སེམས་དང་དབྱེར་མེད་པར་སྤྱི་བོ་ནས་མགྲིན་པར་བབས། དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། མགྲིན་པ་ནས་སྙིང་ཁར་བབས། མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། སྙིང་ཁ་ནས་ལྟེ་བར་བབས། ཁྱད་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། ལྟེ་བ་ནས་གསང་བར་བབས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ། དེ་ནས་ཧཱུྃ་ཞེས་འོག་རླུང་སྟེང་དུ་དྲངས་པས། མས་བརྟན་གྱི་དགའ་བ་བཞི་མངོན་དུ་གྱུར་པར་བསྒོམ་ལ། ལྷན་སྐྱེས་བདེ་སྟོང་ཕྱག་རྒྱ་ཆེན་པོའི་
XXX ངང་ལ་མཉམ་པར་བཞག་གོ །དེ་དག་གི་དཀྱིལ་འཁོར་བཞི་ལས་ཡི་གེ་བྷ་གའི་དཀྱིལ་འཁོར་དུ། བླ་མ་བཞི་ལས་ཆོས་སྐུའི་བླ་མ་ལ། དབང་བཞི་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྒྲིབ་པ་བཞི་ལས་གཙོ་བོར་ཡིད་ཀྱི་སྒྲིབ་པ་དག །ལམ་རིམ་པ་བཞི་ལས་དོན་དམ་འོད་གསལ་གྱི་རྫོགས་རིམ་བསྒོམ་པ་ལ་དབང༌། དགའ་བ་བཞི་ལས་ཁྱད་པར་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། འབྲས་བུ་བཞི་ལས་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱས་པའོ། །ཞེས་རྟོགས་པ་བརྗོད་དོ། ། ༈ བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི། མཎྜལ་ཕུལ་ལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད་ཅིག །བདག་ཉིད་ཚེ་ཁྱོད་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་བརྗོད། གདོང་གཡོགས་བཅིངས། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ། འདི་སྐད་བརྗོད་དོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན། ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད། རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ལ་མཉམ་པར་བཞག་ཅིང༌། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཐབས། །ཞེས་གསུངས་པ་དང༌། བཞི་པ་ཡང་ནི་དེ་དེ་བཞིན་ནོ། །ཅེས་གསུམ་པ་དཔེ་དང༌། བཞི་པ་དོན་དུ་བསྟན་པ་དང༌། གསུམ་པ་རྒྱུ་དང༌། བཞི་པ་འབྲས་བུ་བསྟན་པ་དང༌། གསུམ་པ་མྱུ་གུ་ལྟ་བུ། བཞི་པ་འབྲས་བུ་ལྟ་བུར་བསྟན་པ། ཡན་ལག་བདུན་ལྡན་ཕྱག་རྒྱ་ཆེན་པོའི་དོན་བཤད་ལ་ངོ་སྤྲད་པར་བྱའོ། །དེ་ནས་གདོང་གཡོགས་བསལ། དེས་དཀྱིལ་འཁོར་བཞི་ལས་དོན་དམ་པའི་དཀྱིལ་འཁོར་དུ། བླ་མ་བཞི་ལས་
XXX ངོ་བོ་ཉིད་སྐུའི་བླ་མ་ལས། དབང་བཞི་ལས་ཚིག་དབང་རིན་པོ་ཆེ་ཐོབ། སྒྲིབ་པ་བཞི་ལས་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག །རིམ་པ་བཞི་ལས་ཟུང་འཇུག་རབ་ཏུ་མི་གནས་པ་བསྒོམ་པ་ལ་དབང༌། དགའ་བ་བཞི་ལས་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་བཞི་ལས་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱས་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བརྗོད། འདི་ཉིད་ཏིང་ངེ་འཛིན་གྱི་དབང་གཙོ་ཆེ་བས་འདི་དག་འགྲུབ་བོ། །གལ་ཏེ་རྒྱས་པར་སྤྲོ་ན། གསུམ་པ་མཇུག་རྗེས་གནང་སྦྱིན་པ་ནི། བརྟུལ་ཞུགས་སྦྱིན་པ། གཞན་དོན་ཆོས་འཆད། ལུང་བསྟན་དབུགས་དབྱུང༌། གཟེངས་བསྟོད་པ་རྣམས་བྱས་ཀྱང་འགལ་བ་མེད་དོ། །བདག་འཇུག་ཀྱང་ཆོ་ག་རིམ་འདི་ཉིད་ཀྱིས་ལེན་པར་བྱའོ། །དེ་ནས་མཎྜལ་ཕུལ་ལ། དེང་ནས་བཟུང་སྟེ་ཁྱོད་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ཀྱི། །ཁྱོད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །དེ་དག་གིས་དབང་བསྐུར་བར་སོང་ངོ༌། །གསུམ་པ་རྗེས་ནི། མཆོད་པ་དང་བསྟོད་པ་བྱ། ཚོགས་ལ་རོལ་ཞིང་ལྷག་གཏོར་བཏང༌། བཟོད་པར་གསོལ་ཞིང་ཡི་གེ་བརྒྱ་པས་ཁ་སྐང༌། བསྔོ་བ་སྨོན་ལམ་བྱ། ཡེ་ཤེས་པ་བརྟེན་ལ་བསྟིམ། དམ་ཚིག་རང་ལ་བསྟིམ། དམིགས་མེད་ཀྱི་རྒྱས་གདབ། བཀྲ་ཤིས་བརྗོད། རྡུལ་ཚོན་རོལ་མོ་དང་བཅས་པས་འབབ་ཆུའི་གཞུང་ལ་དོར། ལས་ཀྱི་མཐའ་མི་མངོན་པར་བྱའོ། །དེ་དག་གིས་རྗེས་ཀྱི་རིམ་པ་སོང་ངོ༌། ། ༈ སྤྱན་རས་གཟིགས་མགོན་བྱིན་རླབས་ཆུ་གཏེར་ལས། །བླ་མེད་རྒྱུད་ཀྱི་དབང་བཞིའི་ཆུ་ཀླུང་འབབ། །འགྲོ་ཀུན་གནས་སྐབས་དྲི་མ་བཞི་དག་ནས། །དགའ་བཞི་སྐུ་བཞིའི་རྒྱ་མཚོ་རྒྱས་གྱུར་ཅིག །འདི་ནི་ཁྲིད་ཞུ་བའི་ཐོག་མར་མ་གཏོགས་པ། དམ་ཚིག་མི་བསྲུང་བའི་མི་དང༌། གང་བྱུང་དུ་དབང་བསྐུར་འདི་བྱས་ན་མཁའ་འགྲོའི་བཀའ་ཆད་འབྱུང་བས་མི་བྱའོ། །དབང་ཞུས་ནས་དམ་ཚིག་བསྲུང་ན་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་
XXX ཤེས་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་མངོན་དཀྱིལ་ཐུགས་རྗེ་ཆེན་པོའི་ཆུ་རྒྱུན་ཞེས་བྱ་བ་འདི་ནི། དཔལ་ལྡན་བླ་མའི་མན་ངག་བཞིན་རྒྱུད་སྡེའི་ཆོ་ག་དང་རྗེས་མཐུན་པར། རྣལ་འབྱོར་པ་འོད་དཔག་རྡོ་རྗེ་ཞེས་བྱ་བས། འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་རི་བོ་པོ་ཏ་ལར་བཀོད་པའོ། །འདིས་ཀྱང་རྡོ་རྗེ་ཐེག་པའི་བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག། །།དགེ་ལེགས་འཕེལ།

Notes


WYLIE TEXT WILL APPEAR HERE

Footnotes



Research Information
Translator's notes
Note from Ringu Tulku
The Practice of Chenrezik with the Practice and Empowerment Manuals Called: "The Stream Of Great Compassion" By Naljorpa Eupa Dorje.
Notes on the text itself
Notes on authorship
Notes on individuals related to text
Other notes
Genre from Richard Barron's Catalog
Empowerment manual
Genre from dkar chag
khrid phran
BDRC Link
VolumeI1CZ3979
BDRC Content Information
No note on contents


Related Content
Recensions
Other Translations
Commentary(s) of this Text in the DNZ
Text(s) in the DNZ of which this is a commentary
Related Western Publications
Related Tibetan Publications
Other Information

Information about Unicode Tibetan and the digitization of this text

As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of fall 2017 that project has not been finished. Note that the folio numbers that appear throughout were added by Nitartha Input Center at the time of input.

Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion.