Tibetan:ལྕེ་རྩེ་རྐན་སྦྱར་གྱི་ཁྲིད་རྡོ་རྗེ་འཛིན་པའི་ཉེ་ལམ་: Difference between revisions

From gDams Ngag mDzod
Jump to navigation Jump to search
No edit summary
m (moved Tibetan:ལྕེ་རྩེ་རྐན་སྦྱར་གྱི་ཁྲིད་རྡོ་རྗེ་འཛིན་པའི་ཉེ་ལམ་ to [[Tibetan:ལྕེ་རྩེ་རྐན་སྦྱར་གྱི་ཁྲིད་ར...)
(No difference)

Revision as of 14:48, 3 August 2012

Cataloging data for this text

Full Title

Tibetan: ༄༅། ལྕེ་རྩེ་རྐན་སྦྱར་གྱི་ཁྲིད་རྡོ་རྗེ་འཛིན་པའི་ཉེ་ལམ་བཞུགས་སོ༎ ༎
Wylie: @#/_lce rtse rkan sbyar gyi khrid rdo rje 'dzin pa'i nye lam bzhugs so//_//

Tibetan text

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.



ཤོག་ལྷེ་༤༠༩ལྕེ་རྩེ་རྐན་སྦྱར་གྱི་ཁྲིད་རྡོ་རྗེ་འཛིན་པའི་ཉེ་ལམ་བཞུགས་སོ།། །།



ཤོག་ལྷེ་༤༡༠དཔལ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་རྗེ་བཙུན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཀུན་རྟོག་གིས་སྦྱར་མང་པོའ་དངོས་འདི་དག །བདེ་བ་ཆེན་པོའ་དགའ་བར་ཡོངས་བསྒྱུར་ཆེད། །རྡོ་རྗེ་ཐེག་པའི་སྙིང་པོ་སྟོན་མཛད་པའི། །འཁོར་ལོའ་མགོན་དང་གཅིག་པ་བླ་མར་འདུད། །སྲིད་པའི་ནགས་ཀྱི་བཟུང་འཛིན་རི་དྭགས་ཚོགས། །མཐར་བྱེད་རྔོན་ལ་ཆགས་པ་ཟུང་འཇུག་གི། །འཕོང་མཁས་དཔའ་བོ་དཔལ་ལྡན་ཤ་ཝ་ར། སྐྱེ་དགུའི་གཙུག་གི་རིན་ཆེན་གཉིས་པར་འདུད། །བདག་ནི་བསྟན་བཅོས་དོན་མང་མྱ་ངན་གྱི། །ཐང་དུ་སྐོམ་པས་གདུངས་ཚེ་བླ་མའི་ལུང་། །བསིལ་ལྡན་བདུད་རྩིའི་བུམ་པ་རྙེད་གྱུར་པས། །ངོམས་མེད་འཐུངས་ལས་ཆ་ཙམ་འདིར་སྐྱུགས་སོ། །དེ་ལ། བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་རྣལ་འབྱོར་གྱི་ཡན་ལག་ཐམས་ཅད་ཐུན་མོང་མ་ཡིན་པའི་རང་ཉམས་སུ་བྱ་བའི་ཚུལ། སེམས་ཀྱི་གདོད་མའི་རང་བབས་ལ་མངོན་པར་སྦྱོར་བའི་རྣལ་འབྱོར་གྱི་མཆོག །ལྕེ་རྩེ་རྐན་སྦྱར་གྱི་མན་ངག་འདི་ལ་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་། རྡོ་རྗེའི་ཚིག་གཉིས་སོ། །དང་པོ་ནི། པརྣ་ག་རའི་མཁས་པ་ཆེན་པོ་

ཤོག་ལྷེ་༤༡༡ཤྲཱི་བན་ར་རྣ་འམ། མཚན་གཞན་མི་བསྐྱོད་རྡོ་རྗེའི་ཞལ་སྔ་ནས་ཐོག་མར་ལྷོ་ཕྱོགས་ཀྱི་རྒྱུད་དཔལ་གྱི་རི་བོར་རི་ཁྲོད་ཞབས་ཀྱིས་སྨིན་པར་མཛད་ནས་འདོད་པའི་དངོས་གྲུབ་ཀྱི་ཆེད་དུ། བྱང་ཕྱོགས་སུ་སོང་ཞིག་བར་བསྐུལ་བ་མངོན་དུ་གྱུར་པའི་དུས་ཇི་ལྟ་བ་ན། དཔལ་ཤིང་ཀུན་རྒྱལ་བའི་འདུན་པ་ཤཱནྟ་པུ་རི་གསང་བ་མཆོག་གི་ཕོ་བྲང་། གྲུབ་པ་དང་རིག་པ་འཛིན་པ་དང་། ལྷན་ཅིག་སྐྱེས་མ་དང་། སྔགས་ལས་སྐྱེས་མ་དང་། སྐལ་པ་མཆོག་རྣམས་ལ་རང་སྣང་གི་འཁོར་ལོ་རྣམ་པ་ཐམས་ཅད་པའི་ལོངལོངས་སྤྱོད་ཆེན་པོས་མངོན་པར་འཕགས་པའི་གཞིར། ངག་གི་དབང་ཕྱུག་དང་ལྷན་ཅིག་སྤྱོད་པའི་བྷ་རི་མས་གྲོགས་མཛད་ཅིང་། རང་གི་བླ་མ་སངས་རྒྱས་དབྱངས་ཀྱི་བསྐུལ་པ་ལྟར་སྣང་བ་ལས། དཔལ་རི་ཁྲོད་ཞབས་ལ་བཏུད་དེ། རྡོ་རྗེ་ཐེག་པའི་ཡང་དག་པའི་ངེས་པས་རྗེས་སུ་གཟུང་བར་གསོལ་བ་ན། སྣོད་ཀྱི་ངེས་པ་ལས་བརྩམ་ཏེ་འདོད་པའི་དངོས་གྲུབ་ཀྱི་ཉེ་རྒྱུའི་གནས་ལ་གསང་བར་གདམས་སོ། །སླར་གསང་བར་གདམས་པའི་ངེས་པ་ལ་ཡི་དམ་འཆར་བར་གསོལ་བས། དེ་ཉིད་དུ་དཔལ་སྡོམས་པ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་ཕྱི་ནང་གསང་བའི་འཁོར་ལོར་

ཤོག་ལྷེ་༤༡༢འདོད་པའི་དངོས་གྲུབ་ཆེན་པོ་མངོན་དུ་འགྱུར་བའི་བཀའ་དྲིན་མཛད་དེ་གསང་བ་ཆེན་པོའ་རྒྱུད་སྡེའི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པའི་རྡོ་རྗེའི་ཚིག་འདི་རྩལ་བ་ཡིན་ནོ། གཉིས་པ་ཚིགས་སུ་བཅད་པ་གཅིག་གིས་དངོས་གྲུབ་ཀྱི་ཉེ་རྒྱུའི་གནས་ལ་གསང་བར་གདམས་པ་དང་། ལྷག་མ་བཞིས་འདོད་པའི་དངོས་གྲུབ་ཆེན་པོ་སྒྲུབ་པའི་རྣལ་འབྱོར་དངོས་བཤད་པའོ། །དང་པོ་ནི། གང་ཡང་ཐེག་པ་དམན་གནས་དང་། མི་གང་རྟོག་གེ་ལ་དགའ་དང་། གང་ཞིག་དགེ་སློང་དངོས་གནས་པ། །དེ་ལ་དེ་ཉིད་བསྟན་མི་བྱ། །གང་ཞིག་མོས་པ་དམན་པ་དང་། །ཚིག་ཙམ་ལྷུར་ལེན་པ་དང་། དགེ་སློང་གི་དངོས་པོས་ཡིད་རྒྱལ་བ་དག་ལ་ལམ་འདི་ཉིད་བསྟན་པར་མི་བྱའོ་ཞེས་པའི་དོན་ཏོནོ། །གཉིས་པ་ལ། མཚན་མ་མེད་པ་ལ་མོས་པའི་དབང་རྣོན་སྟེང་གི་ལྕེ་རྩེ་རྐན་སྦྱར་གྱི་ཁྲིད་པ། མཚན་མ་དང་བཅས་པ་མོས་པའི་དབང་རྣོན་བར་གྱི་ལྕེ་རྩེ་རྐན་སྦྱར་གྱིས་ཁྲིད་པ། ཆགས་ཅན་གྱི་དབང་རྣོན་འོག་གི་ལྕེ་རྩེ་རྐན་སྦྱར་གྱིས་ཁྲིད་པ་གསུམ་ལས། དང་པོ་ལ། བྱེད་བཅིངས་ལ་བརྟེན་ནས་ལུས་བཅིང་། ལྟ་སྟངས་ལ་བརྟེན་ནས་མིག་བཅིང་། བཞག་ཐབས་ལ་བརྟེན་ནས་སེམས་བཅིང་བའོ། །དང་པོ་ནི། རྐང་པ་གང་ཡང་རུང་པའི་རྟིང་པས་འོག་སྒོ་བཀག །རྐང་པ་གཞན་བསྟེངསྟེང་དུ་བཏོན་པའི་པུས་མོ་གཉིས་མདུན་དྲང་པོར་བརྩེགས་པའི་སྟེང་མ་རྐེད་པ་དང་ཆ་མཉམ་དུ་སྒོམ་ཐགས་གིས་གཅུན། །ལག་པ་རྡོ་རྗེའི་ཁུ་ཚུར་བརླ་དང་ལུས་ཀྱི་འབྲལ་འཚམས་སུ་བཙུགས་པའི་གྲུ་མོ་བསྲངས་པས་ལུས་ཀྱི་སྟོད་གཅུན། རྒལ་ཚིགས་དྲང་པོར་བསྲངས་མགྲིན་པ་ཅུང་ཟད་སྒུ་བར་བྱེད། ལྕེ་རྩེ་རྐན་ལ་སྦྱར། མཆུ་ལ་བར་ཡིད་ཙམ་ཡོད་པར་བྱའོ། །གཉིས་པ་ནི། མིག་རང་བབས་སུ་ཕྱེད་གདངས་པ་ཙམ་ཉིད་ཐད་ཀའི་ནམ་མཁའ་ལ་མ་འགྱུར་བར་བལྟ་བའོ། །གསུམ་པ་ལ། རང་བཞིན་མངོན་དུ་བྱེད་པའི་ཏིང་ངེ་འཛིན་བསྐྱེད་པ། དེ་བརྟན་ནས་རང་གི་འདོད་པའི་ལྷ་སྤྲོ་བའོ། །དང་པོ་ནི། ལྕེ་རྩེ་རྐན་

ཤོག་ལྷེ་༤༡༣སྦྱར་རྣལ་འབྱོར་ལ། །གཅིག་ཏུ་བརྩོན་པའི་རྣལ་འབྱོར་བས། །ཞེས་པ་ལྕེའི་སྤྲས་ཡུལ་ཅན་གྱི་ཤེས་པ། རྐན་གྱི་སྒྲས་ཡུལ་སྟོང་པ་ཉིད། སྦྱར་བས་ནི་རོ་མཉམ་དུ་བྱེད་པ་སྟེ་རྣལ་འབྱོར་གྱི་དོན་ནོ། །ཚུལ་དེ་མངོན་དུ་བྱ་བའི་ཚུལ་ཡང་། རླུང་མཉམ་རྒྱུད་རང་བཞིན་ནམ། རྐྱེན་སྟོབས་ཀྱིས་བཅོས་པའི་ངང་ནས། ལུས་ཤ་ཁྲག་ལ་སོགས་པའི་སྙིགས་མ་དང་བྲལ་བའི་འོད་ཀྱི་རང་བཞིན། སྒྱུ་མའི་ངོ་བོ་ཉིད་སྣང་བརྙན་ཙམ་པ་ནང་གི་ནམ་མཁའ་སྟོང་སང་ངེ་བའི་དབུས་སུ་དྷུ་ཏཱི་འོད་ཀྱི་རང་བཞིན་ཅན་གྱི་མར་སྣ། ལྟེ་འོག་སོར་བཞིའི་ཐད་དུ། རང་གི་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོའ་རྣམ་པ། ཁམས་རླུང་གི་དུས་གནད་དང་བསྟུན་པའི་སྐུ་མདོག་ཇི་ལྟར་རིགས་པ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། སྒྱུ་མའི་སྐུ་འོད་གསལ་བའི་རང་བཞིན་ཅན། རྣམ་པའི་མཆོག་དང་ལྡན་པར་འཆར་བཞིན་པ་ལ། བསམ་པ་གཞན་གྱིས་བར་མ་ཆོད་པར་མ་ཡེངས་པར་བལྟ་བས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ལ་བརྩོན་པར་བྱའོ། །རྣལ་འབྱོར་པ་དེ་ལ་ཇི་ཞིག་ན་རྣམ་རྟོགས་གི་སྤྲོས་པ་ཐམས་ཅད་ཇེ་ཆུང་ལ་སོང་ནས། མཐར་སྐུ་ཉིད་ཀྱང་དམིགས་པ་དང་བྲལ་ཞིང་། རྣམ་པར་མི་རྟོགས་པའི་ངང་དུ་མངོན་སུམ་དུ་འཆར་བར་འགྱུར་རོ། །གནས་སྐབས་དེའི་ཚེ་ཉོན་མོངས་པ་དང་། རྣམ་པར་རྟོགས་པའི་སྣང་བ་ཅི་ཤར་ཀྱང་། གང་ཤར་གྱིས་གཟུང་བར་བྱ་བའི་སེམས་ལ། འཛིན་པའི་སེམས་ཀྱིས་སོ་སོར་རང་གིས་རིག་པར་བྱས་པ་ལས། བདེ་བ་ཆེན་པོར་མངོན་དུ་འགྱུར་བ་ཡིན་སྟེ། མཚན་མ་དང་སྤྲོས་པ་ཐམས་ཅད་རང་བཞིན་ལྷན་ཅིག་སྐྱེས་པའི་སེམས་ཟུང་འཇུག་གི་ངོ་བོ་ཉིད་དུ་གདོད་མ་ནས་ལྷུན་གྱིས་གྲུབ་པའི་དབང་འདིས་ནའོ། །འཕགས་པ་ལྷས། སོ་སོ་རང་

ཤོག་ལྷེ་༤༡༤གིས་རིག་བྱ་བ། །ཐམས་ཅད་ལྷན་ཅིག་སྐྱེས་པ་ཉིད། །དེ་ཕྱིར་ཕུང་སོགས་ཡེ་ཤེས་བཅས། །རྣལ་འབྱོར་པས་ནི་རང་རིག་བྱ། །ཞེས་པས་སོ། །དེ་ལྟར་ན་གཟུང་འཛིན་དང་བཅས་པའི་ཕྱིར། །རང་བཞིན་གྱིས་འོད་གསལ་བ་བདེ་བ་ཆེན་པོ་ལ་རྣལ་འབྱོར་དུ་བྱེད་པར་མི་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེའི་གཟུང་འཛིན་གཉིས་ཀའང་རང་བཞིན་མེད་པར་རོ་གཅིག་པར་ཉིད་ཀྱིས་སོ། །དེ་ལྟར་ཡང་ཕྱོགས་གླང་གིས། །བདེ་དེ་གང་གིས་རིག་སྙམ་ན། །ཡིད་ཀྱི་རིག་པར་བྱེད་མོད་ཀྱིས། །རང་བཞིན་མེད་ཕྱིར་རིག་བྱ་དང་། །རིག་བྱེད་འགྱུར་བའི་སྐྱོན་མེད་དོ། །ཞེས་དང་། སློབ་དཔོན་ཨཱ་དཱེ་བའི་ཞལ་སྔ་ནས་ཀྱང་། །ཆོས་རྣམས་རང་བཞིན་མེད་ཉིད་ན། །བླང་དང་དོར་བྱ་ག་ལ་ཞིག །རྨི་ལམ་ན་ནི་ཆོས་ཀུན་ལ། །བླང་དོར་བྱ་བ་ཇི་བཞིན་ནོ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་རྣམ་པར་མི་རྟོགས་པའི་ཏིང་ངེ་འཛིན་དེ་ཉིད་རང་གིས་གོམས་པ་ལས། སོ་སོ་རང་གི་རིག་པ་ནམ་མཁའ་ལྟར་ཐམས་ཅད་དུ་ཁྱབ་པ། ལྷན་ཅིག་སྐྱེས་པའི་རང་བཞིན་བདེ་བ་ཆེན་པོ་དང་། ཟུང་དུ་འཇུག་པ་དང་། བརྟན་གཡོའ་བདག་ཉིད་ཀྱི་རྣམ་པ་ཐམས་ཅད་པའི་སྟོང་པར་རིས་མེད་པར་འཆར་བ་སྟེ། དེ་ཉིད་ནི་འདིར་ངེས་པའི་དཔལ་ལྡན་བླ་མ་དམ་པ་ཡིན་ནོ། །ཀླུ་སྒྲུབ་ཀྱིས། འགྲོ་བ་འདི་དག་ལྷན་ཅིག་སྐྱེས། །རྣམ་པར་མི་རྟོག་བདེ་བ་ཆེ། །ལྷུན་གྲུབ་ཁྱབ་བདག་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔའ་རང་བྱུང་གཙོ། །ཞེས་དང་། དེ་བཞིན་དུ་དཔལ་འཛིན་ཞབས་ཀྱིས་ཀྱང་། །མ་འཁྲུལ་པ་ཡི་དེ་ཉིད་ཐོབ། །ལོངས་སྤྱོད་རྫོགས་པའི་སྐུ་ཞེས་དྲན། །ཧཱུྃ་ཕཊ་ཡི་གེ་ལས་གྲོལ་བ། །སེམས་དཔའི་གཟུགས་བརྙན་ཞི་བ་མཆོག །ཅེས་པས་སོ། །

ཤོག་ལྷེ་༤༡༥གཉིས་པ་དེ་བརྟན་ནས་རང་གི་འདོད་པའི་ལྷ་སྤྲོ་བ་ནི། མཁའ་དང་དངོས་ཕྱོགས་ཐམས་ཅད་ལ། །སངས་རྒྱས་ཉིད་ནི་རྟག་ཏུ་སྤྲོ། །དུམ་བུ་མ་ཡིན་དཀྱིལ་འཁོར་གྱི། །རྣམ་པ་གང་གིས་བརྟན་གཡོ་ཁྱབ། །གང་གིས་གོ་འཕང་དེ་སྟོན་པའི། །དཔལ་ལྡན་བླ་མ་དེ་ལ་འདུད། །མཁའ་ནི་ནམ་མཁའ་སོགས་སྟོང་པའི་ཆ་དང་། དངོས་པོས་ནི་སྣང་བ་དང་། ཕྱོགས་ཀྱིས་ནི་གང་ཤར་གྱི་ཤེས་བྱ་ཐམས་ཅད་མཚོན་པ་སྟེ། དེ་དག་ལ་ངེས་པའི་བླ་མ་སངས་རྒྱས་ཉིད་ཀྱི་སྣང་བ་རྟག་ཏུ་སྤྲོ་བར་བྱས་པས། དུམ་བུ་སྟེ་རིས་སུ་དབྱེ་བ་དང་བྲལ་བའི་སེམས་ཀྱི་གནས་ལུགས་བདེ་བ་ཆེན་པོའ་རང་སྣང་སྟོང་པ་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའ་རྣམ་པ་གང་གིས་བརྟན་གཡོ་ཐམས་ཅད་ཁྱབ་པ་སྟེ། རོ་གཅིག་པར་བྱས་པའི་ཟུང་འཇུག་ཉིད་གོ་འཕང་ཡིན་ལ། དེ་མངོན་སུམ་དུ་སྟོན་པས་དཔལ་ལྡན་བླ་མ་ནི་གཉིས་སུ་མེད་པར་འདུད་པའི་ཡུལ་ཡིན་ནོ་ཞེས་ཚིག་གི་དོན་དང་། དེ་མངོན་དུ་བྱེད་པའི་རིམ་པ་ནི། ངེས་པའི་བླ་མ་མཐོང་བ་དེ་ཉིད་གང་ཤར་གྱི་ཤེས་བྱའི་སྟེང་དུ་སྤྱན་དྲངས་ཏེ། རྩེ་གཅིག་ཏུ་མོས་པ་ལ་འབད་པས་བརྟན་པ་དང་གཡོ་བ་ལ་སོགས་པའི་སྣང་བ་ཇི་སྙེད་པ་རང་རིག་པའི་བདག་ཉིད་སྟོང་པ་ཉིད་ཀྱི་གཟུགས་དེ་ཉིད་དུ་འཆར་བར་འགྱུར་བ་ཡིན་ནོ། །དེ་ཡང་དགྱེས་རྡོར་ལས། མཐོ་རིས་མི་ཡུལ་ས་འོག་རྣམས། །སྐད་ཅིག་ལ་ནི་སྐུ་གཅིག་འགྱུར། །ཞེས་པས་བཤད་དོ། །དེ་ལྟར་རང་བཞིན་མངོན་དུ་བྱེད་པའི་མི་རྟོག་

ཤོག་ལྷེ་༤༡༦པའི་ཏིང་ངེ་འཛིན་བྱེད་པ་བཅིངས་པའི་སྦྱོར་བ་ཟབ་མོ་དང་བཅས་པ་འདིས། རྣམ་པར་རྟོག་པའི་ཚོགས་ཇི་སྙེད་པ་དག་པར་བྱས་པས། ལས་རླུང་ལམ་གཉིས་ཀྱི་ཆོས་ཅན་འཁོར་བ་དང་བཅས་པ་འགགས་ཏེ། དྷཱུ་ཏི་ཆོས་ཅན་མི་རྟོག་པའི་རླུང་རང་བྱུང་དུ་འབྱུང་ཞིང་། དེ་ལས་ཡེ་ཤེས་ཀྱི་ཙནྡྲ་ལི་འབར་ཏེ་ཐིམ་རིམ་གྱི་ངེས་པར་ལས་འཆར་བའི་མོད་ལ་མངོན་དུ་གྱུར་པའི་སྟོབས་ཀྱིས་འགྱུར་བ་མེད་པའི་ཐིག་ལེ་རང་དབང་དུ་གྱུར་པས། མཆོག་ཏུ་མི་འགྱུར་བའི་བདེ་བ་མངོན་དུ་འགྱུར་ལ། དེ་ལས་ཕྲ་བའི་ལས་རླུང་སྟོང་བརྒྱད་བརྒྱ་དག་ན། དེ་སྙེད་ཀྱི་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས་པས། ས་དང་པོ་ཐོབ་པ་ནས་ས་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་འཆང་ཆེན་པོ་ཐོབ་པའི་བར་དུའོ། །དེ་ཡང་གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱི་རྟེན་པ་རྣལ་འབྱོར་བརྟེན་བྱ་སྟེ། །ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ་དེ་ནི་བདུད་ཚོགས་ཡུལ་དང་བཅས་པ་མཐའ་དག་སྲེག་བྱེད་ཅིང་། །ལུས་ལ་ཆགཆགས་པ་ལ་སོགས་ཀྱང་སྟེ་རྣལ་འབྱོར་རྣམས་ལ་ལོ་ཡི་སྦྱོར་བས་བདེ་མཉམ་སྟེར་བར་བྱེད། ཅེས་བཅོམ་ལྡན་འདས་ཀྱི་ངེས་པ་ཡིན་ལ། ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། དམིགས་པ་མེད་པའི་སེམས་སུ་ནི། །གནས་པ་བྱང་ཆུབ་ཉིད་ཡིན་ཏེ། །དེ་ཕྱིར་དམིགས་མེད་སེམས་གོམས་ན། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བཞེད་པ་ཡིན་ནོ། །ཚུལ་འདིར་ངེས་པའི་བླ་མ་འཇལ་བར་ཆེས་རིངས་བ་དག་ནི། མུན་པའི་རྣལ་འབྱོར་ལ་འཁྲིད་པར་བྱ་ཡིས། གཞན་དུ་ནི་དེ་ལྟ་བུའི་ཚུལ་ལ་ལྟོས་

ཤོག་ལྷེ་༤༡༧པར་མ་མཐོང་སྟེ། སོར་བསམ་འཇུག་པ་གཅིག་པའི་ལམ་ཡིན་པས་སོ། །གཉིས་པ་མཚན་མ་དང་བཅས་པའི་དབང་རྣོན་བར་གྱི་ལྕེ་རྩེ་རྐན་སྦྱར་གྱི་འཁྲིད་པ་ལ། སྔོན་འགྲོ། །དངོས་གཞི། །འཇུག་གསུམ་ལས། དང་པོ་ནི། སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་པའི་པུས་མགོ་གཉིས་ལ་ལག་པ་གཉིས་ཆུན་དང་བཅས་པར་བཀག །སྒལ་ཚིག་དྲངས་པོར་བསྲངས། མགྲིན་པ་ཅུང་ཟད་སྒུ་བའི་ངང་ནས། དབུགས་རྒྱུན་གཅིག་ལན་གཅིག་ཏུ་དུམ་བུ་བར་མེད་དུ་བུས་པའི་མཐར་དལ་བུས་ལྷག་མ་མེད་པར་དབྱུང་བ་ལན་གསུམ་བྱའོ། །གཉིས་པ་ལ། ཉི་ཟླའི་རྒྱུ་བ་བཅིངས་པ་བུམ་པ་ཅན་གྱི་རླུང་སྦྱོར། ཐིག་ལེ་ལ་ལྷག་གནས་སུ་བྱ་བ་བདེ་ཆེན་གྱི་རླུང་སྦྱོར། ལྕེ་ཆུང་གི་བདུད་རྩི་གཞིབ་པ་འཆི་མེད་ཀྱི་རླུང་སྦྱོར་གསུམ་ལས། དང་པོ་ལ་ལུས་ཀྱི་གནད། ལྟ་སྟངས། དམིགས་པ་དང་གཅིག་ཏུ་བྱེད་པའི་རླུང་སྦྱོར་རོ། །དང་པོ་ལུས་གནད་ཙོག་པུ་སྟེགས་བུའི་ཁར་ཁེལ་བ་སྒོམ་ཐག་བཅུག །ལག་པ་བསྣོལ་བའི་ཁུ་ཚུར་གྱི་སྒལ་པས་སྒྱིད་ཁུང་གནན། སྒལ་ཚིགས་བསྲངས། མགྲིན་པ་ཡིད་ཙམ་སྒུ། ལྕེ་རྩེ་རྐན་ལ་སྦྱར། མཆུ་ལ་བར་ཡོད་ཙམ་མོ། །གཉིས་པ་ནི། བདུད་རྩི་འཁྱིལ་པའི་ལྟ་སྟངས་སྨིན་འཚམས་ཀྱི་ཐད་དུ་ཟློག་ཏེ་བལྟ་བའོ། །གསུམ་པ་ནི། རྡོ་རྗེ་ཉི་མ་འང་གང་སེམས་ནི། །ནོར་བུའི་ནང་དུ་སོན་པར་བལྟ། །ཡེ་ཤེས་དཀྱིལ་འཁོར་རྣམ་པ་ཡིས། །ཁམས་གསུམ་པོ་ནི་སྣང་བར་བྱ། །རྡོ་རྗེ་ཉི་མ་ནི་ལྟེ་བའི་གཏུམ་མོ་དང་།

ཤོག་ལྷེ་༤༡༨འང་གི་སྒྲས་དེས་མངོན་པར་གཞུ་བ་དང་། གང་སེམས་ནི་བྱང་ཆུབ་སེམས། །ནོར་བུའི་ནང་དུ་སོན་པར་བལྟ་བ་ནི། ནོར་བུར་སོན་པའི་སྐད་ཅིག་འཛག་མེད་དུ་འཆིངས་པའི་ཆ་བཅུ་དྲུག་པ་ཉིད་ཡེ་ཤེས་རྣམ་པ་མེད་པའི་བདེ་བ་ཆེན་པོའ་རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བའོ། །དཀྱིལ་འཁོར་རྣམ་པ་ཡིས་ནི། དེ་དང་ཟུང་དུ་ཆུག་པ་སྒྲིབ་པ་ཐམས་ཅད་དང་བྲལ་བ། པྲ་ཕབ་པ་ལྟ་བུའི་ཕྱག་རྒྱ་ཆེན་པོ་སངས་རྒྱས་ཀྱི་འོད་ཟེར་གྱི་སྒྲིན་མཐའ་ཡས་པའི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་མཛེས་པ་འཆར་བཞིན་པའི་དཀྱིལ་འཁོར་གྱི་འཁོར་ལོས། ཁམས་གསུམ་པོ་ནི་སྣང་བར་བྱེད་ན། ཁམས་གསུམ་པོ་ཐམས་ཅད་དེ་དང་རོ་མཉམ་གཅིག་ཏུ་བྱས་པ་སྟེ་ཚིག་གི་ངེས་པའོ། །གཞན་ཡང་འདིར་ལྕེའི་སྒྲས་ནི་ལས་ཀྱི་རླུང་དང་བྱང་ཆུབ་ཀྱི་སེམས་ལ་བཟུང་ཞིང་། རྐན་གྱི་སྒྲས་དབུ་མ་དང་ཡེ་ཤེས་ཀྱི་མེ། སྦྱར་བའི་སྒྲས་དེ་དག་རོ་མཉམ་དུ་བྱེད་པའོ། །དེའི་རྣལ་འབྱོར་གྱི་ཚུལ་ཡང་ལྷག་པའི་ལྷ་གང་ཡང་རུང་བ་སྒྱུ་མའི་སྣང་བརྙན་ཙམ་དུ་མོས་པའི་ལུས་ཀྱི་དབུས་དྲངས་པོའ་ནང་དུ། ཨ་ཝ་དྷཱུ་ཏཱི་ལྗང་གུ་ཡར་སྣ་སྤྱི་བོ་ཚངས་བུག་དུ་ཟུག་པ། མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་བཅད་ཁའི་རྣམ་པ། རོ་རྐྱང་གཉིས་སྣའི་སྒོར་ཟུག་པའི་མར་སྣ་ཅུང་ཟད་དབུ་མ་ལ་ཁ་ཕྱོགས་པའི་བཅད་ཁ་ཅན་དབུ་མའི་ནང་དུ་གཏུམ་མོ་ཡེ་ཤེས་ཀྱི་མེ་འཇིག་རྟེན་གྱི་ཁམས་ཀྱི་མེའི་རེག་བྱ་ཐམས་ཅད་གཅིག་ཏུ་སྤུངས་པ་ལྟ་བུར་ཚབ། སྤུ་ཙེ་རླུང་གིས་བསྐྱོད་པ་ལྟར་གཡོ་བ། ཉི་མའི་དཀྱིལ་ལྟར་དམར་ཞིང་དྭངས་པའི་ཨ་ཤད་

ཤོག་ལྷེ་༤༡༩སོར་གཅིག་པར་བསམས་ལ། འོག་རླུང་ལྟེ་བའི་འོག་གི་ཆའི་བར་དུ་དྲག་ཏུ་དྲངས་པ་དབུ་མའི་ཁ་སྒོར་སྤྲིན་ཆགས་པ་ལྟར་གནས་པའི་སྟེང་དུ། སྟེང་རླུང་གཉིས་ཆ་མཉམ་དུ་རྔུབས་པ་ལྟུགས་པས་ཡར་སྟབས་སུ་དྷཱུ་ཏཱིའི་ནང་དུ་ཞུགས་ཏེ། མེ་དང་རོ་མཉམ་པ་ཉིད་དུ་གྱུར་པ་ལ་རྩེ་གཅིག་པའི་བསམ་པས་བལྟ་བ་ལ་གོམས་པར་བྱའོ། །དེ་ལས་ནི་ས་ལ་སོགས་པའི་རླུང་རྣམས་རང་གནས་སུ་ཟིན་པའི་དུ་བ་ལ་སོགས་པའི་སྟོང་གཟུགས་འཆར་ལ། འོད་གསལ་བའི་ངོ་བོ་དེ་དག་དང་མཉམ་པར་སྦྱར་བའི་མྱོང་བ་བརྟན་པས་ཉིན་གཅིག་ཐུན་བརྒྱད་དུ་ཕྱེ་བའི་ཐུན་ཕྱེད་དུ་སྲོག་འགོགས་པ་ཆུང་ངུ་། དེ་གཉིས་འགྱུར་འབྲིང་། དེ་ཉིས་འགྱུར་ནས་ཆེན་པོར་བཞག་པའི་བུམ་པ་ཅན་གྱི་གནས་སྐབས་ཐོབ་པར་འགྱུར་ཞིང་། གཏུམ་མོའ་མེ་སྟོབས་སུ་འགྱུར་པས་སྤྱི་བོ་ན་རང་བཞིན་གྱིས་གནས་པའི་བདུད་རྩིའི་ས་བོན་ཞུ་བ་གཙུག་གཏོར་ནས་བྱང་ཆུབ་ཀྱི་སེམས་མགྲིན་པའི་བར་དུ་འོང་བ་ནི། རྣམ་པ་སྣ་ཚོགས་པའི་སྐད་ཅིག་དང་། ཕྱི་རོལ་ཏུ་དཀར་པོའ་ཆོས་གཅིག་ནས་ལྔའི་བར་དུ་དག་པ་ཡིན་ལ། དེ་བཞིན་དུ། སྙིང་ཁའི་བར་དུ་འོང་བ་རྣམ་པར་སྨིན་པ་དང་། ཚེས་དྲུག་ནས་བཅུའི་བར་དང་། ལྟེ་བར་འོང་བ་རྣམ་པར་ཉིད་པ་དང་། ཚེས་བཅུ་གཅིག་ནས་བཅོ་ལྔའི་བར་རྣམ་པར་དག་པ་དང་། ནོར་བུའི་རྩེ་མོའ་མཐར་ཐུག་པར་ཡོངས་སུ་གང་བ་ནི་མཚན་ཉིད་དང་བྲལ་བ་སྟེ། བཅོ་ལྔའི་ཟླ་བའི་ཆ་ཡོངས་སུ་རྫོགས་ནས་ནག་པོའ་ཚེས་མ་ཞུགས་པའི་བར་གྱི་ཆ་བཅུ་དྲུག་པའི་སྐད་ཅིག་

ཤོག་ལྷེ་༤༢༠རྣམ་པར་དག་པའོ། །དེ་ལྟར་ལྷན་ཅིག་སྐྱེས་པ་རྗེས་སུ་མྱོང་བ་ན། དེའི་ཚེ་ཁམས་ཐམས་ཅད་དེས་དབང་བྱས་པས་རང་བྱུང་དུ་ཁུ་བ་གྱེན་དུ་རེངས་པས། ལྟེ་བར་ས་ཐིམ་པས་ནས་མགོ་བོའ་པདྨར་རླུང་ཐིམ་པས་བར་གྱི་དབང་ལས། བྱང་ཆུབ་ཀྱི་སེམས་གཤེགས་པར་འགྱུར་བའི་ཕྱིར། ས་ཕྱོགས་ཀྱི་རང་བཞིན་སྤྱན་མ་ལ་སོགས་པའི་ལྷ་མོ་བཞིའི་གླུས་བསྐུལ་བ་འདི་ལས་བདེ་བ་རྣམ་པ་ཐམས་ཅད་པ་དང་། ཁྲག་འཐུར་དུ་སོང་བས་ནཱ་དའི་རང་སྒྲ་རྣམ་པ་ཐམས་ཅད་པ་དང་། མདོར་ན་བརྟན་གཡོ་ཐམས་ཅད་གྲུབ་པའི་དུས་ཀྱི་ལྷའི་འཁོར་ལོ་རིས་མེད་པར་མཐར་ཐུག་གི་བར་དུ་འཆར་བ་ཡིན་ནོ། །དགྱེས་རྡོར་ལས། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཅེས་པས་གསུངས་ཤིང་། ནཱ་རོའ་ཞབས་ཀྱི་ལམ་ལས་ཀྱང་། །ལྟེ་བར་ཆུ་ཤིང་སྙིང་པོ་གནས། །སྙིང་གར་ཡང་ནི་བསྲེང་སྟེ་གནས། །རྟག་ཏུ་སྤོང་བའི་སྒོ་ཡིན་ཏེ། །མཁས་པས་རྟག་ཏུ་བཟློག་པར་བྱ། །སྒོམ་དང་བཟླས་པའི་ཁྱད་པར་གྱིས། །ངག་གིས་ལམ་ལས་ཞུགས་གྱུར་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ཡིན་ལ། དེ་ཉིད་སྒོམ་པ་ཡིན་ཞིང་། བཟླས་པའི་ཚུལ་གྱིས་དེ་ཁོ་ན་ཡིན་ཏེ། ཡི་གེ་དང་། དེའི་གདངས་ཟུར་ཕྱིན་པར་འདོད་པའི་ཚུལ་ལ་མི་བྱ་བར། ཐམས་ཅད་དུ་འགོགས་པ་མེད་ཅིང་བཅོས་མ་དང་བྲལ་བ་ལས་རླུང་སྔགས་མི་ཕྱེད་པ་ཉིད་བཟླས་པར་བཞག་པ་སྟེ། དོན་རྟོག་པ་ཡི་བཟླས་པ་ནི། རང་བཞིན་མེད་པར་མཛེས་པ་ཡིན། །དུས་གསུམ་སངས་རྒྱས་གྱིས་

ཤོག་ལྷེ་༤༢༡བཏགས་པས། །རྡོ་རྗེ་བཟླས་པར་དེ་བཤད་དོ། །ཞེས་གསུངས། དེ་བས་ན་སྟོང་པ་གསུམ་ལ་ཡི་གེ་གསུམ་གྱིས་བརྡས་བསྙད་པ་ཡིན་ནོ། །སྐབས་འདིར་ལྷ་ཞེས་པ་ཞལ་ཕྱག་གི་རྣམ་པ་ཅན་ཁོ་ན་ལ་མི་བཟུང་གིས། ཡེ་ཤེས་ཀྱི་རང་སྣང་ཆུ་ཟླ་ལྟར་འགོགས་པ་མེད་པར་འབྱུང་བ་ཐམས་ཅད་ལ་བྱ་སྟེ། ལྭ་བ་པའི་ཞབས་ཀྱིས་གསུངས་པ། །བསམ་པ་དྭངས་པའི་རྒྱུན་ལ་ནི། །ཡེ་ཤེས་ལེགས་པར་འབྱུང་བ་གང་། །ཆུ་ཡི་ཟླ་བ་ལྟ་བུ་སྟེ། །མངོན་སུམ་དུ་ནི་ཡོད་མ་ཡིན། །ཞེས་པ་ལྟར་རོ། །རྒྱུད་ཕྱི་མ་ལས་གསུངས་པ། སྲོག་དང་བརྩོལརྩོལ་བ་བཀག་པས་སངས་རྒྱས་གཟུགས་བརྙན་དྲི་མ་བྲལ་བའི་དཀྱིལ་འཁོར་ཡང་དག་པར། །གསང་བ་ལྟེ་བ་སྙིང་ག་མགྲིན་པ་མགོ་བོ་རྡོ་རྗེ་རྣམས་སུ་རིམ་པ་བཞིན་བཟུང་སྟེ། །ཁུ་བ་གྱེན་དུ་སོང་ཞིང་ཁྲག་ཀྱང་འོག་ཏུ་འགྲོ་ལ་ཚངས་དབྱངས་གཞོམ་དུ་མེད་པ་ལས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དང་དྲི་མ་བྲལ་བ་གང་གིས་སྟོན་པ་སངས་རྒྱས་ཉིད། །ཅེས་གསུངས་སོ། །གཉིས་པ་ཐིག་ལེ་ལ་ལྷག་གནས་སུ་བྱ་བ་བདེ་ཆེན་གྱི་རླུང་སྦྱོར་ནི། དེ་ཡང་ཁ་ཟས་ཀྱི་བྱ་བ་དང་མ་འབྲེལ་པའི་སྔོན་ནང་པརབར་གྱི་དུས་ལ་སོགས་པར་ཀླད་རྒྱ་དང་ཐོད་པའི་མཚམས་སོར་གཉིས་ཙམ་གྱི་བར་སྟོངསསྟོང་གྱུར་པ་ཁ་ཟས་ཟོས་ནས་དེ་དག་འབྱར་བར་འགྱུར་པས། དེའི་དུས་སུ་ངེས་པར་བྱས་ནས་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་དུ་གནས་པ་ཙམ་མ་གཏོགས། ལུས་གནད་དང་། རླུང་དག་པར་བྱ་བ་ལ་སོགས་པ་སྔོན་བཞིན་དུ་བྱས་ལ། གཙུག་ཏོར་གྱི་འཁོར་ལོའ་ལྟེ་བའི་ཐད་ཀྱི་ཀླད་པ་དང་། ཐོད་པའི་བར་དུ་ཐིག་ལེ་དཀར་པོ་སྒོ་ངའི་

ཤོག་ལྷེ་༤༢༢དབྱིབས་ཅན་རྩེ་སོར་གཉིས་ཙམ་པ་འགྲེང་སྟབས་སུ་གནས་པའི་འོག་ཏུ་བུ་ག་གཏོང་པ་ལ། རྩ་དྷུ་ཏཱིའི་རྩེ་མོ་རྗེས་སུ་ཞུགས་པར་བསམ་ནས། སྟེང་འོག་གི་རླུང་ལྟེ་བར་འདུས་པ་དབུ་མའི་ལམ་ལ་ཞུགས་ནས་ཐིག་ལེ་དེར་ཐིམ་པར་དམིགས་པ་ལ་བསམ་བསྟནགཏན་དུ་བྱའོ། །དེར་སེམས་ཐིག་ལེ་རླུང་རྣམས་འོད་གསལ་དུ་རོ་གཅིག་པའི་བསམ་གཏན་གྱིས་རྩེ་གཅིག་པར་བསྟན་པར་བྱས་པ་ལས་སྤྲོས་པ་མེད་པའི་ཏིང་ངེ་འཛིན་བདེ་བའི་རང་བཞིན་དུ་འཆར་ཏེ། །རང་དབང་རིན་ཆེན་དགགས་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །སེམས་ནི་འགོག་པའི་རྡོ་རྗེར་འགྱུར། །མཚན་མ་ཉེར་འཛིན་འབྱུང་བར་འགྱུར། །ཞེས་པས་སོ། །ཚུལ་འདི་ཉིད་ཀྱི་རིམ་པ་ལ་སེམས་ཟིན་ན་ལུས་ཀྱི་ཆ་ཤས་གང་དུ་ཐག་ལ་བསམ་པས་རླུང་སེམས་ཀྱི་བགྲོད་པ་བརྟན་པར་འགྱུར་བ་ཡིན་ནོ། །གསུམ་པ་ལྕེ་ཆུང་གི་བདུད་རྩི་གཞིབ་པ་འཆི་མེད་ཀྱི་རླུང་སྦྱོར་ནི། ལུས་ཀྱི་བྱེད་ཆིངས་སོགས་སྔར་དང་འདྲ་བ་ལས། ཕྱི་ནས་རླུང་ཤིན་ཏུ་འཇམ་པ་ཁ་སྣ་གཉིས་ནས་དྲངས། འོག་རླུང་ལྟེ་བར་གཟུང་རུང་མེའི་ཁར་སྐྱུར་མ་དང་རོ་མཉམ་པར་བསམ། ལྕེ་རྩེ་དང་གསེར་སྒོ་ཡར་དྲག་ཏུ་འཐེན། ལྕེ་ལྡོག་ལ་ལྕེའུ་ཆུང་ལ་རེག་པ་གཞིབ་ཐབས་ཀྱི་སྦྱར་བས་དེ་ལས་བདུད་རྩི་འབབ་པར་འགྱུར་ཞིང་། དེ་ཉིད་ཀྱི་ལྟེ་བའི་ཡེ་ཤེས་སེམས་དཔའ་ལ་ཁྲུས་གསོལ་བས་ཆེར་དགྱེས་པའི་རོ་མཉམ་བདེ་སྟོང་ལྷན་ཅིག་སྐྱེས་པ་ལ་མཉམ་པར་བཞག་པར་བྱའོ། །ད་ཡང་སྐྱིལ་ཀྲུང་བཅིང་བ་བྱས་ནས་ཕན་ཚུན་སོ་དག་རེག་པར་མིན་པར་ཁ་ནི་རྣམ་པར་ཕྱེ་བ་ཡིས། །ཕྱི་རོལ་རླུང་དག་བཀུག་

ཤོག་ལྷེ་༤༢༣སྟེ་དེ་དང་བདུད་རྩིར་བཅས་པ་ལྟེ་བའི་དབུས་སུ་རབ་ཏུ་བཅུག་པ་ཡིས། །ཀུན་ཏུ་གདུང་བ་དང་ནི་བཀྲེས་དང་སྐོམ་པ་འཕྲོག་ཅིང་མཆོག་གི་ལུས་ལ་དུག་ཀྱང་ཡང་དག་འགོག །ཅེས་གསུངས་སོ། །དེས་འཆི་བདག་གི་དཔུང་ཐམས་ཅད་ལས་རྒྱལ་བའི་དངོས་གྲུབ་ཏུ་འགྱུར་བ་ཡིན་ནོ། །ལྕེ་རྩེའི་བདུད་རྩི་འབེབས་དགའ་ན། པད་རཀ་སྐྱོན་མེད། ཁབ་ལེན། པདྨའི་གེ་སར་དང་གསུམ། སྦྲང་དཀར་སྦྲ་ཚིལ་མེད་པ་ལ་སྦྱར་བའི་རིལ་བུ་རྐན་ལ་སྦྱར། ལྕེ་རྩ་འཇིབས་པས་དེས་སྣ་དྲངས་མྱུར་དུ་ཕེབས་འོང་ངོ་། །གསུམ་པ་འཇུག་ནི། རྩ་མདུད་བཤིག་པར་བྱེད་པའི་འཁྲུལ་འཁོར་རྣམས་སོ། །གསུམ་པ་ཆགས་ཅན་གྱི་དབང་རྣོན་འོག་གི་ལྕེ་རྩེ་རྐན་སྦྱར་གྱིས་འཁྲིད་པ་ལ། དབང་པོ་རྣོན་པོ་ཕྱག་རྒྱ་ཆེན་མོ་དང་སྦྱོར་བ། ཐོད་རྒལ་བ་ཕྱག་རྒྱ་བཞི་ག་དང་སྦྱོར་བ། དབང་པོ་དམན་པ་ལས་ཀྱི་ཕྱག་རྒྱ་མོ་དང་སྦྱོར་བའོ། །དང་པོ་ནི། ཕྱག་རྒྱ་གཅིག་ལ་མཉམ་སྦྱོར་དང་། དབང་པོ་རབ་མཐའ་ཡས་པའི་ཕྱག་རྒྱ་ཆེན་མོར་ཡང་དག་འཁྱུད་པའི་བདེ་བ་ཆེན་པོ་སྐྱེད་པར་བྱེད་སྟེ། འདིར་ལྕེས་མི་འགྱུར་བའི་བདེ་བ་དང་། ཝཾ་ཡིག་དང་། རྡོ་རྗེ་ལ་སོགས་པ་ཐབས་ཀྱི་བྱ་བ་བརྗོད་ཅིང་། རྐན་གྱིས་སྟོང་པ་ཉིད་དང་། ཨེ་ཡིག་དང་། པདྨ་ལ་སོགས་པ་ཤེས་རབ་ཀྱི་ཆ། སྦྱོར་བས་ནི་ཟུང་དུ་འཇུག་པ་ཉིད་སྟོན་པ་ཡིན་ནོ། །དེའི་ཚུལ་ཡང་། ཕྱག་རྒྱ་ཆེན་པོ་ནི་དམིགས་བཅས་སྟོང་པ་ཉིད། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ཐམས་ཅད་རོ་

ཤོག་ལྷེ་༤༢༤མཉམ་པའི་ཚུལ་གྱིས་ཁྱབ་པ་ཡིན་ལ། དེ་ལ་མཉམ་པར་སྦྱོར་བ་པོ་དེ་ལས་དམིགས་པ་མེད་པའི་སྙིང་རྗེ་བདེ་བ་ཆེན་པོ་ཉིད་དེ། དེས་གཉིས་སུ་མེད་པར་འཁྱུད་པའི་ཚུལ་ནི་མང་དུ་སྤྲོས་པའི་ཕྱིར་འདིར་རྒྱས་པར་མ་བརྗོད་དོ། །གཉིས་པ་ནི། ཡང་ན་ཕྱག་རྒྱ་བཞི་སྦྱོར་བ། དམ་ཚིག་དང་། ལས་དང་། ཆོས་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་བཞི་དང་རིམ་པ་བཞིན་སྦྱོར་བ་ནི་ཐོད་རྒལ་པའི་ཕྱོགས་ཏེ། དེའི་ཚུལ་ཡང་། དུ་བ་ལ་སོགས་པའི་རྟགས་བཅུ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་དང་མཉམ་པར་སྦྱོར་བ་ནི་སྟོང་པ་ཉིད་གསལ་བ་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཆོ་གས་ལྷན་སྐྱེས་ཀྱི་གཏུམ་མོ་འབར་བའི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་ཞུ་བ་རྡོ་རྗེ་ནོར་བུའི་རྩེ་མོར་ཕྱིན་པར་འགྱུར་ལ། དེའི་ཚེ་སྐྱེས་པའི་བདེ་བ་དེ་ཉིད་ལ་བརྟག་པར་བྱ་བའོ། །ལས་ཀྱི་ཕྱག་རྒྱ་ནི་ལག་པ་ཉིད་ཀྱིས་གང་གིས་ཞུ་བའི་བདེ་བ་དེ་ལ་བརྗོད་དེ། དེ་ཡང་། རྐང་པ་རྡོར་སྐྱིལ། གཡས་པའི་ལག་པ་ཁུ་ཚུར་སྤྱི་ཟུར་དུ་བཙུགས་པ་སོགས་ཡིད་ལ་འབབ་པའི་ལུས་གནད་བཅས་ཏེ། བྷྲ་མ་ཧ་སྟའི་རྒན་པོ་དང་། སྲིན་ཞགས་མིག་ཏུ་བྱས་པས། སྭ་བཛྲ་ཨུལླ་ཡ་བྱ་བཞིན་པ་ཉིད་ཀྱིས་འཕེལ་པའི་གཏུམ་མོ་ལ་ལྷག་པའི་བསམ་བསྟནགཏན་གྱི་ཡན་ལག་རྗེས་སུ་དྲན་པར་བྱའོ། །དེའི་ཚེ་རླུང་གཉིས་རང་སར་གློད་ཅིང་། བྱང་ཆུབ་ཀྱི་སེམས་ནོར་བུའི་སྣ་རྩེར་བཟུང་བ་ལས། མཐར་ཀུན་རྫོབས་བྱང་ཆུབ་ཀྱི་སེམས་དེ་ཉིད། དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་འགྱུར་ལ། །དེའི་ལྷན་སྐྱེས་དེ་ལ་བྱང་ཆུབ་ཀྱིས་སེམས་

ཤོག་ལྷེ་༤༢༥རྫོགས་པའི་ཆ་ནས་བཅོམ་ལྡན་འདས་དང་། ལོངས་སྤྱོད་རྫོགས་པའི་སྐུར་བརྗོད་ལ། རྣམ་པར་མི་རྟོག་པའི་ཆ་ནས་བཅོམ་ལྡན་འདས་མ་དང་། ཆོས་ཀྱི་སྐུ་ཞེས་བྱ་བ་ཡིན་ཏེ། ཀྱཻ་རྡོ་རྗེ་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེའི་བདེ་བ་འདོད་མར་བརྗོད། །ཅེས་གསུངས་སོ། །གསུམ་པ་ཆོས་ཀྱི་ཕྱག་རྒྱ་ནི། །ཡིད་ཀྱི་རང་བཞིན་ཙམ་ཡིན་ལ། །དེ་ཡང་། ལྷག་མ་ལྷ་གང་ཡང་རུང་བ་ཡབ་ཡུམ་དུ་མོས་པ་ཙམ་གྱིས་འཁྱུད་པ་དང་། ཙུམྦ་ན་ལ་སོགས་པ་སྔོན་དུ་འགྲོ་བས། བསྲུབ་པ་དང་བསྲུབ་པའི་སྦྱོར་བས། དེའི་གནས་སྐབས་སོ་སོ་ལ། དགའ་བ་ལ་སོགས་པར་བཞི་མཚོན་པར་བྱ་སྟེ། ཐིག་ལེ་ནམ་ཡང་འཛག་པར་མི་འགྱུར་ཞིང་བདེ་བའི་བདག་ཉིད་དུ་བསྒོམ་པར་བྱའོ། །གཉིས་པོ་འདི་ལ་སླར་གྱེན་དུ་དྲངས་པ་ལ་སོགས་པའི་སྦྱོར་བ་དགོས་མོད་ཀྱི། འོག་ནས་འབྱུང་བ་ཇི་ལྟ་བས་འདིར་མ་བཤད་དོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི། མྱང་བྱ་ཇི་སྙེད་པ་ལ། ཕྱག་རྒྱའི་མིང་ཅན་ཤེས་རབ་དང་། མྱོང་བྱེད་ཀྱི་རིག་པ་ཐབས་ཏེ། གཉིས་པོ་རང་བཞིན་མེད་པར་རོ་གཅིག་པ་ཉིད་ཉམས་སུ་མྱོང་བ་ནི། སྙོམས་པར་འཇུག་པའི་ཚུལ་ཏེ། ཇི་ལྟར་ཆུ་ལ་ཆུ་བཞག་ནམ། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རིག་པའི་ཡེ་ཤེས་འདི། །ལེགས་མཐོང་གང་དེ་འདིར་ཕྱག་ཡིན། །ཞེས་བཤད་པ་ལས་སོ། །གནས་དེ་ལ་གོམས་པ་ལས་རྡོ་རྗེ་འཆང་གི་གོ་འཕང་ཤིན་ཏུ་རྙེད་པར་སླ་བ་ཡིན་ནོ། །གསུམ་པ་དབང་པོ་དམན་པ་ལས་ཀྱི་

ཤོག་ལྷེ་༤༢༦ཕྱག་རྒྱ་མོ་དང་སྦྱོར་བ་ལ། བདུད་རྩིའི་ས་བོན་ལ་བརྟེན་ནས་བྱིན་དབབ་པ་དང་། དམར་ཆ་ལ་བརྟེན་ནས་ཉམས་སད་པ་གཉིས་ལས། དང་པོ་ལ། ཡན་ལག་གི་ཆོས་དང་། དངོས་གཞི་གཉིས། དང་པོ་ནི། མཚན་ཉིད་དང་ལྡན་པའི་རིག་མ་བཙལ་ནས་རྒྱུད་ཡོངས་སུ་སྦྱོང་བའི་ཆོ་གས་སྨིན་པར་བྱས། རང་དང་གཉིད་འདོད་པའི་ལྷ་ཡབ་ཡུམ་དུ་བྱིན་གྱིས་བརླབ་པ་རྒྱུད་མཉམ་པའི་བར་རོ། །གཉིས་པ་ལ། ཡེ་ཤེས་སེམས་དཔའ་དགུག་པ། གཞུག་པ། བཅིང་པ། མཉེས་པ། རོ་མཉམ་དུ་བྱ་བའི་ཚུལ་ལྔ་ལས། དང་པོ་ཡེ་ཤེས་སེམས་དཔའ་དམ་ཚིག་གི་སེམས་དཔའ་ལ་དགུག་པ་ན། བཙུན་མོའ་གྲོང་དུ་འཇུག་གྱུར་ཀྱང་། །སྒྱུ་མའི་སྐུ་ནི་རྗེས་དྲན་བྱ། །བཙུན་མོ་ནི་མི་མོ་ལ་སོགས་པའོ། །དེའི་གྲོང་དུ་འཇུག་པ་ནི་དེ་དང་སྦྱོར་བ་སྟེ། །སྒྱུ་མའི་སྐུ་ནི་རྗེས་དྲན་བྱ། །ཤེས་རབ་ཀྱི་ཆགས་པས་འབར་བའི་གཏུམ་མོའ་སྣང་བ་ལ་གཟུགས་བརྙན་གྱི་མཐར་ཐུག་པའི་གྲུབ་པའི་ལྷ་མཐོང་བ་ལ། བདེ་བའི་ངོ་བོ་མྱང་བ་བརྟན་པར་བྱས་པས། ནོར་བུ་དང་རང་གི་གནས་སུ་ལྷན་ཅིག་སྐྱེས་པ་ཤར་བའི་རང་བྱུང་གི་སྣང་བ་ལྟར་དག་པ་སྟེ། ཁམས་གསུམ་པོ་ཐམས་ཅད་ཁྱབ་པའི་ཆོས་ཀྱི་སྐུའི་རང་བཞིན་གྱི་སྣང་བརྙན་སོ་སོ་རང་རིག་པའི་ཚུལ་གྱིས་གཉིས་སུ་མེད་པར་མྱང་བ་ལས་རྗེས་སུ་དྲན་པར་བྱའོ། །ཞེས་གསུངས་པ་ཡིན་ལ། དེའི་ཚུལ་ཡང་རེག་པའི་སྐབས་སུ་ཀཀྐོ་ལའི་སྨིན་མཚམས་སུ་དུ་བ། བཅུག་པའི་དུས་སྙིང་གར་སྨིག་རྒྱུ། བསྐྱོད་པའི་ཚེ་ལྟེ་བར་མེ་ཁྱེར། གཡོ་བའི་ཚེ་གསང་གནས་སུ་

ཤོག་ལྷེ་༤༢༧མར་མེ་ལ་སེམས་གཏད་དེ། མགྲིན། སྙིང་། ལྟེ། གསང་། ནོར་བུའི་བར་དུ་ཀུནྡ་རང་གི་གནས་ལ་གཤེགས་པའི་གནས་སྐབས་ཀྱི་དགའ་བ་དང་། མཆོག་ཏུ་དགའ་བ་དང་། ཁྱད་པར་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའི་སྐད་ཅིག་བཞི་ཡང་དག་པར་མཚོན་པར་བྱའོ། །འཁོར་ལོ་སྔོན་མ་རྣམས་ལས་མ་བཅིངས་ན། །ནོར་བུའི་རྒྱལ་མཚན་ལས་ཀྱང་འཆིངས་བར་མི་འགྱུར་བས། ལས་དང་པོ་པསབས་དེའི་གནས་སྐབས་སོ་སོར་བརྟན་པའི་ཐབས་ལ་འབད་པར་བྱའོ། །གཉིས་པ་ནི། འཕོ་བའི་རྣམ་འགྱུར་དུ་ཉེ་བ་ན། ལྕེ་རྩེ་རྐན་ལ་སྦྱར། གསེར་སྒོ་གནན་ཅིང་། ཁ་སྣ་གཉིས་ནས་རླུང་དྲོད་དང་བཅས་པ་ཧབ་ཀྱིས་དྲངས་ལ། གསང་གནས་སུ་ཧཱུྃ་གིས་གནན། མི་ཐུབ་ལ་ཁད་པ་དང་འོག་གཉིས་ཀ་ཤེད་བསྐྱེད་གནོན་པ་དང་། ཨི་རིང་ཐུང་སྤེལ་བ་དང་། གཡས་བཅུད་གཡོན་བཅུད་པས་དྲག་ཏུ་གནན་ཅིང་། ལྕེ་རྩེ་ཉམས་གློད་པའོ། །དེའི་ཚེ་ལུས་གནད་ནི། ཤེས་རབ་ཀྱི་ལག་པས་ཐབས་ཀྱི་ལྟག་པར་སོར་མོ་བསྣོལ་བས་འཁྱུད། །ཐབས་ཀྱི་ལག་པས་དེའི་སྒྲོག་རུས་འོག་གི་གསང་ལ་ཁུ་ཚུར་སྦྱོར་བས་འཁྱུད་པའོ། །དེས་ཀྱང་མ་ཟིན་ན། དེའི་པདྨའི་ཟེའུ་འབྲུ་ལ་རྡོ་རྗེའི་བུ་ག་རེངས་པ་དང་བཅས་པའི་སྟོབས་ཀྱིས་སྦྱོར་བས་ངག་ཏུ་གཏོད་དེ། ཡང་དག་པར་བཙིར་བས་དེ་ཉིད་སྔོན་གོམས་པའི་ཤུགས་ཀྱིས་སྲོག་ཐུར་འདྲེས་པ་ཐོབསཐོབ་ནས་མི་འཕོ་བར་འགྱུར་རོ། །གཞན་ཡང་རང་གི་སེམས་ཁམས་གསུམ་པོ་ཐམས་ཅད་དུ་ཁྱབ་

ཤོག་ལྷེ་༤༢༨པའི་ནམ་མཁའ་ལ་དབྱེར་མེད་དུ་བསྲེས་ལ་མི་གཡོ་བའི་རྣལ་འབྱོར་དུ་བྱས་པས་ཀྱང་བརྟན་པར་འགྱུར་ལ་དམིགས་པའི་ཁྱད་པར་མིག་གཉིས་ཀྱི་དབུས་མཛོད་སྤུའི་ཐད་དུ་ཡེ་ཤེས་ཀྱི་སྤྱན་མངོན་པར་བལྟས་ནས། དེ་ལ་ལྟ་སྟངས་རླུང་ཡིད་རྣམས་རྩེ་གཅིག་པའི་སྦྱོར་བས་འཛིན་པར་ནུས་པ་ཉིད་དོ། །གསུམ་པ་ནི། མདུན་རླུང་འོག་ཏུ་གནོན་ཅིང་རྒྱབ་རླུང་གྱེན་དུ་དྲངདྲངས་བ་དགའ་བའི་རླུང་སྦྱོར། དེ་ལ་གོམས་ནས་རྒྱབ་རླུང་འོག་ཏུ་གནན་ཅིང་མདུན་རླུང་གྱེན་དུ་འདྲེན་པ་ལྷན་ཅིག་སྐྱེས་པའི་རླུང་སྦྱོར་ཏེ། དེ་དང་བསྟུན་ནས་ཁམས་དྷཱུ་ཏཱིའི་ལམ་ནས་རང་གནས་སུ་འཁོར་ལོ་བཞིའི་ས་ལ་རིམ་པ་བཞིན་བགྲོད་པའི་དམིགས་པས་འདྲེན་ལ་འབད་པར་བྱའོ། །བཞི་པ་ནི། རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་སྣེ་མོ་དབུ་མ་ལ་ཟུག་པ་ལས་ཁམས་དཀར་དམར་གྱི་ཐིག་ལེས་བ་སྤུའི་རྩེ་མོ་ཐམས་ཅད་ཀྱི་མཐར་ཐུག་པར་ཁྱབ་བའི་དམིགས་པ་དང་། བུམ་པ་ཅན་ཆེན་པོའ་རླུང་དང་སྦྱར་བའི་འགྲེམས་རྣམས་ལ་འབད་པར་བྱའོ། །ལྔ་པ་ནི། ནམ་མཁའི་རླུང་དང་ཡེ་ཤེས་ཀྱི་རླུང་གཉིས་དེ་ཡང་ནམ་མཁའི་རླུང་རགས་པ་དང་ཡེ་ཤེས་ཀྱི་རླུང་ཕྲ་བའོ། །དེ་ལ་ནམ་མཁའི་རླུང་ནི། བུམ་པ་ཅན་གྱི་ལུས་གནད་ལྟར་བཅས་ལ། རླུང་ཧཾ་གིས་ནང་དུ་དྲངས། བདེ་བས་ལུས་ཐམས་ཅད་ཁེངས་པར་བསམ། རླུང་ཕྱིར་འགྲོ་དུས་ཧིཾ་གིས་བཏང་། དེ་བས་མཁའ་ཁྱབ་ཏུ་བསམ། རླུང་ཕྱིར་གནས་ནང་གནས་ཡུན་རིང་ཐུང་སོགས་གང་ལའང་ཁྱད་མེད་པ་ལ་སེམས་གཏོད། ཡེ་ཤེས་ཀྱི་རླུང་ནི། ལུས་གནད་

ཤོག་ལྷེ་༤༢༩སྔར་ལྟར་ཡིན་པ་ལ། དེ་ཡང་ཕྲ་བ་ཤེས་རབ་ཡི་གེའི་གདངས་ལ་བསླབ་པ་དང་། ཐབས་གཟོ་མེད་དམ་མ་བཅོས་པ་ལ་བསླབ་པ་ཞེས་བྱ་སྟེ། དང་པོ་རླུང་ཤིན་ཏུ་འཇམ་པ་ཧཱུྃ་གི་གདངས་སུ་ཁ་སྣ་གཉིས་ནས་དྲངས། ལྟེ་རླུང་སྲ་འཐས་པ་གཟུང་རུང་མའི་ངང་ལ་ལྟེ་བར་སྒྱུར། འདིར་ལྕེ་རྩེ་དང་གསེར་སྒོ་ཡར་དྲག་ཏུ་འཐེན་པ་བསྟུན། ཇི་ཙམ་དྲན་པ་བཟུང་། མར་གཏོང་དུས་ཧོ་ལ་སེམས་གཏོད། རླུང་ཀྲུགས་སེ་བ་ལ་བརྒྱུད་ལ། ཁ་སྣ་གཉིས་ནས་དལ་བུས་གཏོང་། ནམ་མཁའ་ཁྱབ་པ་ལ་དམིགས་པ་ཡུན་ཇེ་རིང་དུ་འཇོག །འཕོ་ན་ནང་དུ་བསྡུ་བ་དང་། མ་བདེ་ན་ཕྱིར་གཏོང་བ་གོང་བཞིན་བྱའོ། །གཉིས་པ་རྒྱུན་དུའང་རླུང་ཅུང་ཟད་བཟུང་བའི་ངང་ནས་ལྕེ་རྩེ་དྲག་ཏུ་འཇིབ་པ་དང་། གསེར་སྒོ་འཐེན་པ། ལྟེ་བའི་ཡེ་ཤེས་སེམས་དཔའ་ལ་དམིགས་རྩེ་གཏད་པའི་ངང་ནས་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་མ་བརྗེད་པར་ཉམས་སུ་བླང་ངོ། །གཉིས་པ་དམར་ཆ་ལ་བརྟེན་ནས་ཉམས་སད་པ་ལ། སྦྱངས་པ་ཅན་རླུང་གི་དབང་དུ་བྱ་བ་དང་། ལས་དང་པོ་པ་འདུག་སྟངས་ཀྱིས་དབང་དུ་བྱ་བ་གཉིས་ལས། དང་པོ་ནི། བཅུ་གཅིག་ནས་ཉེར་ལྔ་མའི་བར་ཡོངས་སུ་དག་པའི་དམར་ཆ་དྭངས་མ་འབབ་པའི་དུས་ངེས་པར་བྱས་ནས། གོང་དུ་བཤད་པ་བཞི་ཡང་དག་པར་སྦྱར་བའི་ཆོ་གས་བྱང་ཆུབ་ཀྱི་སེམས་མཆོག་གི་ཟེ་བར་ལྷུང་བའི་དཀར་དམར་གྱི་ཐིག་ལེ་རྡོ་རྗེ་ནོར་བུའི་སྣ་རྩེར་རླུང་སྦྱོར་སྔ་མས་ཚུར་དྲངས་ནས་བཟློག་པ་ནས་ཁྱབ་པའི་བར་དུ་བྱའོ། །

ཤོག་ལྷེ་༤༣༠གཉིས་པ་ནི། ཇི་ལྟར་གཞན་ནས་བཤད་པའི་རྩ་འཚོལ་བའི་འདུག་སྟངས་ཀྱིས་རྙེད་པའི་ཨ་ཝ་དྷཱུ་ཏཱིའི་སྣེ་མོ་ནོར་བུའི་བུག་པ་ལས་ནང་དུ་དྲངས་པའི་ཁ་སྦྱོར་གྱི་བདེ་བ་ལ་རྩལ་སྦྱོང་བའི་ཚུལ་ཡང་སྔ་མ་བཞིན་ནོ། །ཚུལ་དེས་བཅུད་ཤ་དང་། པགས་པ་དང་། རུས་པ་དང་། རྩ་ལ་འདུས་པའི་ཡོན་ཏན་རྙེད་ཅིང་། རྒས་པ་དང་། ནད་དང་། འཆི་བ་ཟད་ནས་ཚེའི་རིག་འཛིན་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དུ་མྱུར་བར་འགྲོ་བ་ཡིན་ནོ། །མེ་ནི་དངུལ་ཆུའི་སྒྲ་ཉིད་ཡིན་ཏེ་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཆིང་བ་མེད། །མ་བཅིངས་ན་ནི་གསེར་བྱེད་མེད་དེ་གསེར་དང་བྲལ་ན་སྨྲ་སོ་རྣམས་ལ་ལོངས་སྤྱོད་མེད་པ་ཉིད། །དེ་ནི་བུད་མེད་སྦྱོར་བ་བྲལ་ན་རྟག་ཏུ་རྣལ་འབྱོར་པ་རྣམས་དག་གི་སེམས་ནི་འཆིང་མི་འགྱུར། །བཅིངས་པ་མེད་ན་ལུས་འབིགས་མོད་དེ་མ་ཕུག་ལུས་ཀྱིས་འདིར་ནི་ལྷན་སྐྱེས་བདེ་བ་སྟེར་བ་མིན། །ཞེས་སོ། །དེ་ལྟར་ཟབ་ལམ་གྱི་རྣལ་འབྱོར་འདི་ཉིད་དཔལ་དུས་ཀྱི་འཁོར་ལོའ་རྒྱུད་ལས་གསུངས་པ། སྟོང་པ་ལས་ནི་དུ་བ་སོགས་ལམ་བླ་མའི་ངེས་པའི་དབང་གིས་གཟུགས་བརྙན་མཚམས་སུ་བསྒོམ་པར་བྱ། །དེ་ནས་རྩའི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་བརྟན་པ་དག་ཀྱང་བྱེད་པ་སྟེ། །ཕྱི་ནས་ཟླ་བ་ངེས་པར་འགོག་པ་གཟའ་བཞིན་བྱེད་དེ་བྱང་ཆུབ་སེམས་ནི་རྣལ་འབྱོར་པབ་ཡིས་སོ། །དེ་ནས་གང་ཞིག་ཅུང་ཟད་འདོད་པ་དག་ནི་ཉིན་ཞག་འགའ་ཡིས་སྐྱེ་བ་འདི་ལ་ཐོབ་པར་འགྱུར། །ཞེས་གསུངས་སོ། །བདེན་ལྔ་ནང་གི་མཚན་མོའ་གཤེད་བྲལ་བའི། །སྙིང་གི་འདབ་བརྒྱའི་འཕྲེང་ལ་ཟུང་འཇུག་གིས། །གེ་སར་རྒྱས་པའི་ཁུར་སྟེར་མན་ངག་གི། །ཉིན་ཕྱེད་གང་དེ་བདག་བློའི་ཤར་རི་ནའོ། །རྣ་ཐོས་མེ་ཏོག་ཕྲེང་ལ་ཆེར་རློམ་སྙེག །

ཤོག་ལྷེ་༤༣༡ཅོལ་གཏམ་འགྲོན་བུའི་ཤལ་བར་བློ་ཆུང་ཧམ། །མཁས་རྣམས་འདོད་འཇོའ་ལེགས་བཤད་རིན་ཆེན་གྱི། །འཕྲེང་བ་གང་དེ་བདག་གི་མགྲིན་པར་འཁོར། །གྱ་གྱུའི་ཚིག་འཕྲེང་སྨིག་རྒྱུ་ལ་སྲེག་པས། །ཅོལ་ཆུང་རི་སྐྱེས་དགའ་བ་སྐྱེ་མིན་ཡང་། །འཁོར་བས་ཡིད་དུབ་ཐར་པའི་ངལ་བསོ་དཔྱིད། །དོན་འདི་གཉེར་ལ་ལམ་འདི་བདུད་རྩིར་འཁྲུངས། །དཔལ་ཤ་བ་རིའི་མན་ངག །པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་གྱིས་རྣམ་པར་ཕྱེ་བ་གྲུབ་པའི་སློབ་དཔོན་དམ་པ་རྣམས་ལས་ཇི་ལྟར་ཐོས་པ་བཞིན་དུ་གཞན་ལ་མི་བསྐྱུང་པའི་བསམ་པས། པུཎྜ་རཱི་ཀའི་ངག་གི་བརྗོད་པ་ཇི་ལྟ་བའི་རྗེས་སུ། ཡི་གེའི་འཇུག་པ་པོ་ནི་བཱི་བྷ་དྲ་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ནགས་ཚལ། གོ་བི་ཙནྡྲར་གྲུབ་པ་འདིས་ཡང་དག་པའི་ལམ་ལ་ཐམས་ཅད་ཀྱི་མིག་བྱེ་བར་གྱུར་ཅིག །བརྒྱུད་པ་ནི། རྡོ་རྗེ་འཆང་། ཤ་བ་རི། ནགས་ཀྱི་རིན་ཆེན། རྒྱལ་དབང་རྗེ། རྗེ་རིན་པོ་ཆེ། ཆོས་ཀྱི་གྲགས་པ། ཨ་ཝ་དྷཱུ་ཏཱི་པ། དེས་བདག་ལའོ། །མངྒ་ལཾ། །།

ཤོག་ལྷེ་༤༣༢

Notes