གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ།

From Damngak Dzö
DNZ-01-KA-002-004
DNZ-01-KA-002.pdf
Rigpe Dorje Publications, 2024
Wylie title gsang sngags lam gyi rim pa rin po che gsal ba'i sgron me
Location gdams ngag rin po che'i mdzod
Volume 1, Text 2, Subtext 4, Pages 31-35 (Folios 6a5 to 8a3)
Author པདྨ་འབྱུང་གནས་
Citation Pad+ma 'byung gnas. Gsang sngags lam gyi rim pa rin po che gsal ba'i sgron me. In Gdams ngag rin po che'i mdzod, Vol. 1: 31-35. Kalimpong: Rigpe Dorje Publications, 2024.
Side notes Recto: mdo sngags lam rim   Verso: rnying ma'i skor
More details More details
Genre Stages of the Path - lam rim
Colophon

གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ༔

gsang sngags lam gyi rim pa rin po che gsal ba'i sgron me zhes bya ba:_o rgyan pad+ma 'byung gnas kyis mdzad pa rdzogs so:

[edit]
༈ །གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། མནྟྲ་སྱ་པ་ཐ་ཀྲ་མ་ནཱ་མ། བོད་སྐད་དུ། གསང་སྔགས་ལམ་གྱི་རིམ་པ་ཞེས་བྱ་བ། རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ལོ། །གཟུང་འཛིན་ གཉིས་བཅོམ་ མཁྱེན་པ་ གཉིས་ལྡན་ རྟག་ཆད་ གཉིས་འདས་ གཞི་དང་འབྲས་བུའི་ གཉིས་དཔལ་མཆོག །སངས་རྒྱས་ཀྱི་དགོངས་པ་ མ་ལུས་འདུས་ཤིང་ སྤྱོད་ཡུལ་ ཡང་དག་ འཁྲུལ་པའི་ ཟོལ་མེད་པ། །བཅོམ་ལྡན་བདེ་གཤེགས་དྲུག་པ་ཀུན་བཟང་ལ། །གུས་གདུང་དད་པའི་སྒོ་ནས་ཕྱག་འཚལ་ལོ། ༈ །བདག་ཉིད་རྣལ་འབྱོར་ཨོ་རྒྱན་པད་འབྱུང་གིས། །རྡོ་རྗེ་ཐེག་པ་ཚེ་གཅིག་ཐོབ་བྱེད་ལམ། ཕྱི་རབས་རྣལ་འབྱོར་ལས་ལྡན་དོན་ཆེད་དུ། ཉམས་ལེན་ལམ་རིམ་རིན་ཆེན་སྒྲོན་མེ་བྲི། ༈ །གནས་ལུགས་འཁྲུལ་ལུགས་ངོ་ཡིས་བཟུང་བ་ནི༔ གཉིས་མེད་ལྷུན་གྲུབ་ཀ་དག་ཡེ་སངས་རྒྱས༔ སྙིང་པོ་མ་རིག་ལས་ཉོན་ལོག་སྡུག་བསྔལ༔ ༈ ཕུན་སུམ་ཚོགས་ལྔས་བསྒྲུབ་གཞི་བཟུང་བ་ནི༔ བྲག་ནགས་དུར་ཁྲོད་ཕུག་སོགས་སྐྱོན་ཡོན་བརྩི༔ དད་གུས་དབང་དམ་ཤེས་རབ་གདིང་དང་ལྡན༔ ཚེས་སྐར་གཟའ་བཟང་ཡར་ངོའི་སྔ་གོང་འཇུག༔ ཟས་སྨན་མཆོད་སྐོང་སྒྲུབ་པའི་རྫས་རྣམས་གསོས༔ མ་དྲེད་རྩེ་གཅིག་དཀའ་ཐུབ་མཐར་འདོན་ནོ༔ ༈ རྣལ་འབྱོར་སྲུང་བའི་འཁོར་ལོའི་རིམ་པ་ནི༔ ལུས་ཅན་རྣམས་ཀྱིས་བྱང་ཆུབ་མཆོག་ཐོབ་བསྒོམ༔ ལྷ་མཚན་རྡོ་རྗེ་འཁོར་ལོའི་མཚན་མས་བསྲུང༔ ལུས་ངག་སེམས་གསུམ་སྐུ་གསུང་ཐུགས་ཡིག་བསམ༔ སྤྱན་རས་འཇམ་དཔལ་གང་ཡིན་ཡི་དམ་བསྒོམ༔ རྡོ་རྗེ་ས་ར་གུར་དང་མདའ་མེ་བསྒོམ༔ བྱ་བྱེད་ངོ་བོ་མི་དམིགས་ངང་བཞག་གོ༔ ༈ གནད་ལྔའི་སྒོ་ནས་ལམ་ལ་འཇུག་པ་ནི༔ ཐུན་མོང་ཁྱད་པར་བླ་མེད་གསུམ་སྐྱབས་འགྲོ༔ དཀར་དམར་ནག་གསུམ་བརྒྱ་བཟླས་མཆོད་དང་བསྐང༔ དལ་འབྱོར་ལས་འབྲས་མི་རྟག་ཉེས་དམིགས་བསྒོམ༔ སྒྲུབ་དང་མཆོད་པའི་མཎྜལ་གཉིས་སུ་འབུལ༔ སྣ་ཚོགས་ལམ་ཁྱེར་གཏོར་མས་ཚོགས་གཉིས་བསགས༔ རྒྱུན་གཏོར་གསུམ་བདུན་བཅུ་གཅིག་ལ་སོགས་བཏང༔ རྣམ་དག་བདུན་དང་ཕྱི་ནང་གསང་མཆོད་དབུལ༔ དེ་རྣམས་གསང་སྔགས་ལམ་གྱི་སྔོན་འགྲོ་ཡིན༔ ༈ བསླབ་པ་གསུམ་ལ་ལམ་གཞི་བཅའ་བ་ནི༔ མི་མཐུན་སྤོང་སེམས་མཉམ་འཇོག་རང་ངོ་ཤེས༔ ཤཱི་ལ་ས་མཱ་ཏི་པྲཛྙ་ཤིཀྵ་ཎ༔ སྣོད་སྦྱོར་ལོག་ཞུགས་ཁྱད་པར་ཐབས་ཀྱིས་ཟིན༔ བདེན་པའི་དོན་མཐོང་གོམས་འདྲིས་དེ་མི་འདའ༔ གཉེན་པོའི་དབང་གིས་བརྒྱད་ཁྲི་བཞི་སྟོང་གསུངས༔ སེམས་གསུམ་སྒོ་ནས་ལམ་ལ་གཟུད་པ་ནི༔ ཡིད་འོང་ཕ་མར་ཤེས་ཤིང་བདེ་ལྡན་བསྒོམ༔ སེམས་ཅན་ཕ་མ་སྡུག་བསྔལ་བྲལ་བར་བསམ༔ སངས་རྒྱས་ཐོབ་འདོད་བསམ་པ་ལེན་དང་སྒྲུབ༔ སེམས་གསུམ་སྡེ་གསུམ་བསླབ་གསུམ་ཉམས་གསུམ་ཐུགས༔ ༈ ཁྱད་པར་གསང་སྔགས་ལམ་གྱི་ངོ་བོ་ནི༔ བུམ་གསང་ཡེ་ཤེས་བདེ་ཆེན་དབང་བཞི་བསྐུར༔ ༈ ཕྱི་ནང་སྣོད་བཅུད་གཞལ་ཡས་ལྷ་རུ་བསྐྱེད༔ སྐྱེ་འགགས་གཉིས་མེད་རང་བྱུང་མཐའ་ལས་འདས༔ ༈ གནད་གསུམ་གཅུན་པས་རྟོག་མེད་རང་གསལ་འཆར༔ ༈ སོ་སྤྱི་བོགས་གསང་ཡང་དག་ཁོ་ན་སྤྱོད༔ ༈ མཉམ་རྗེས་བཟའ་བཅའ་བསྲུང་བའི་དམ་ལྔ་དབོག༔ དེ་རྣམས་གསང་སྔགས་ལམ་གྱི་ངོ་བོ་ཡིན༔ ༈ རྣལ་འབྱོར་ལྔ་ཡིས་ཉམས་སུ་བླང་བ་ནི༔ རྟོག་མེད་ཆོས་སྐུར་ཉལ་ལ་འཆི་རྟོག་སྦྱང༔ འགག་མེད་ལོངས་སྐུར་ལངས་ཏེ་སྐྱེ་རྟོག་སྦྱང༔ དབང་བཞིས་བདུད་རྩིར་བརླབས་ལ་བཟའ་བཏུང་རོལ༔ སྣ་ཚོགས་ཐབས་ཀྱིས་བཟུང་ལ་ལམ་དུ་བཏང༔ དྲོད་སྲོད་སྐྱེས་ཤར་འདའ་ཀ་བར་དོ་བསྟིམ༔ ༈ ལམ་དེའི་གེགས་བཞིའི་སྐྱོན་བསལ་བསྟན་པ་ནི༔ བྱིང་རྒོད་ཉམས་གསུམ་བཅོས་ལ་ལམ་དུ་བཏང༔ ནད་ཀྱི་གཞི་རྒྱུ་རྐྱེན་འབྲས་ངོས་བཟུང་བཅོས༔ སྤྲོས་བྲལ་ངང་བཞག་རྒྱུན་ཆད་སྐྱེ་དང་སེལ༔ གནོད་པའི་ཟས་བཟའ་འཁྲིག་བཅད་ལྟོས་མེད་བསྐྱུར༔ དཀར་དམར་ནག་པོའི་ཧཱུྃ་འཕྲོས་སྟེང་འོག་གདོན༔ རང་ལས་གཞན་མེད་ཡ་ང་ཁུ་འཕྲིག་བཅད༔ དམ་ཉམས་གྲོགས་གནས་ཟས་ཀྱི་གྲིབ་བཞི་བསལ༔ ༈ ལམ་དེའི་བོགས་འདོན་གནད་དུ་གཏོང་བ་ནི༔ སྐྱོན་གྱི་རྩ་བ་བདག་འཛིན་བློ་ཡིས་བཏང༔ ཡོན་ཏན་གཞི་མ་ཉམས་ལེན་དྲག་པོ་བྱ༔ རང་གི་ལམ་ལ་བོགས་མེད་གཞན་གྱིས་འདོན༔ ཉོན་མོངས་གནད་ཀྱིས་གཟུང་ལ་ལམ་དུ་བཏང༔ རྣམ་རྟོག་ལམ་དུ་བཏང་ལ་བོགས་སུ་འདོན༔ དེ་རྣམས་ལམ་གྱི་ཆ་རྐྱེན་ཡན་ལག་ཡིན༔ ༈ ལམ་དེ་མཐར་ཕྱིན་མངོན་གྱུར་འབྲས་བུ་ནི༔ སྐུ་ལྔ་གསུང་ལྔ་ཐུགས་ཡོན་ཕྲིན་ལས་ལྔ༔ རྟེན་ཅན་རྟེན་མེད་ངོ་བོ་ཉིད་དོན་བྱེད༔ གཅིག་དང་ཐ་དད་གཉིས་སུ་མེད་པར་བཞུགས༔ གཟིགས་ཚུལ་གྲུབ་དང་མ་གྲུབ་བདེན་བརྫུན་བརྟག༔ ༈ ཚེ་འདིར་སངས་རྒྱས་ཐོབ་བྱེད་ཉེ་བའི་ལམ༔ རང་མཚན་མངོན་དུ་སྟོན་པ་ངེས་པའི་ཆོས༔ ཐབས་དང་ཤེས་རབ་གཉིས་ལྡན་ཤིང་རྟའི་སྲོལ༔ ཕམ་བྱེད་རྒྱལ་འགྱུར་བླ་མེད་ཐེག་མཆོག་གོ༔ ༈ འདི་སྦྱར་དགེ་བ་དྲི་མེད་རྣམ་དག་གིས༔ ལུས་ཅན་ཐམས་ཅད་སྨིན་གྲོལ་ལམ་ཞུགས་ཏེ༔ རང་ཆས་ཤེས་རྟོག་སྒྲིབ་དག་ཉེས་ཟད་ནས༔ ཡང་དག་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག༔ གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ༔ ༈