ནི་གུའི་ཡན་ལག་ཕྱག་ཆེན་གའུ་མའི་ཁྲིད།

From Damngak Dzö
Niguma’s Auxiliary Practice, Guidance in Amulet Mahāmudrā DNZ-11-DA-012.pdf
Rigpe Dorje Publications, 2024
Wylie title ni gu'i yan lag phyag chen ga'u ma'i khrid
Location gdams ngag rin po che'i mdzod
Volume 11, Text 12, Subtext 1, Pages 447-454 (Folios 1a1 to 4b3)
Author ཐང་སྟོང་རྒྱལ་པོ་
Citation Thang stong rgyal po. Ni gu'i yan lag phyag chen ga'u ma'i khrid. In Gdams ngag rin po che'i mdzod, Vol. 11: 447-454. Kalimpong: Rigpe Dorje Publications, 2024. DNZ-Shechen-12-NA-005.pdf
Shechen Publications, 1999
Side notes Recto: phyag chen ga'u ma   Verso: shangs chos skor
More details More details
Genre Contemplative Guide Books and Instructional Manuals - khrid yig  ·  Mahamudra - phyag rgya chen po
Colophon

།ཉིང་ཁུའི་ཡན་ལག་གི་ཆོས་སྐོར་ལས་ལྟ་བའི་ཁྲིད་ཕྱག་རྒྱ་ཆེན་པོ་གའུ་མའི་ཉམས་ལེན་མདོར་བསྡུས་པ་འདི་ཡང་ལུང་སྟོང་སྨྱོན་པས་རང་གི་མྱོང་བ་དང་སྦྱར་ནས། གནས་མཆོག་དཔལ་རི་བོ་ཆེར་སྦྱར་བའི་ཡི་གེ་པ་ནི་བཀའ་བཅུ་པ་བློ་གྲོས་རྒྱལ་མཚན་ཡིན་ནོ། །སརྦ་མངྒ་ལཾ།།

nying khu'i yan lag gi chos skor las lta ba'i khrid phyag rgya chen po ga'u ma'i nyams len mdor bsdus pa 'di yang lung stong smyon pas rang gi myong ba dang sbyar nas/_gnas mchog dpal ri bo cher sbyar ba'i yi ge pa ni bka' bcu pa blo gros rgyal mtshan yin no/_/sarba mang+ga laM//

[edit]
༄༅། །ནི་གུའི་ཡན་ལག་ཕྱག་ཆེན་གའུ་མའི་ཁྲིད་བཞུགས་སོ། །

༄༅། །ན་མོ་གུ་རུ། བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ལོངས་སྐུ་རྡོ་རྗེ་འཆང་ཆེན་སོགས། །བླ་མ་རྣམས་ལ་ཕྱག་འཚལ་ནས། །ཕྱག་རྒྱ་ཆེན་པོ་འདིར་བཤད་བྱ། །དེ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་གདམས་པ་ཕྱག་རྒྱ་ཆེན་པོ་གའུ་མ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་སྔོན་འགྲོ་ཐུན་མོང་བ་ནི། རང་གི་མདུན་གྱི་ནམ་མཁའི་གནས་སུ་རིན་པོ་ཆེའི་ཁྲི་པདྨ་ཟླ་བའི་སྟེང་དུ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། རུས་པ་དང་རིན་པོ་ཆེས་བརྒྱན་པ། སྣང་ལ་རང་བཞིན་མེད་པ་ཞིག་བསམ། དེའི་མདུན་དུ་སྐྱབས་འགྲོ་ཚད་མེད་པ་བཞི་བསྒོམ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་མཎྜལ་འབུལ། ཡིག་བརྒྱ་བཟླས། བླ་མ་བརྒྱུད་པ་ལ་གསོལ་བ་གདབ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་རྒྱས་པར་བསྒོམ། སེམས་ཅན་ཐམས་ཅད་མར་ཤེས་པ་དང༌། དྲིན་དྲན་པ་སོགས་ཀྱིས་བྱམས་པ་དང་སྙིང་རྗེ་དགྲ་ལྟ་བུ་ལ་ནམ་སྐྱེས་ཀྱི་བར་དུ་བསྒོམ་པ་ནི་སྤྱི་དང་མཐུན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། རང་བབས་གསུམ་གྱི་སྟེང་དུ་འཇོག་པ་སྟེ། དེ་ཡང་རང་ལུས་ཡི་དམ་ལྷར་གསལ་བའི་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང༌། ལག་པ་གཉིས་མཉམ་བཞག་གི་ཕྱག་རྒྱ་བཅའ། སྒལ་ཚིགས་དྲང་པོར་བསྲང༌། མགྲིན་པ་ཅུང་ཟད་སྒུ་བར་བྱ། མིག་ཐད་ཀར་རང་སོར་བལྟ། ལྕེ་རྩེ་རྐན་ལ་སྦྱར། མཆུ་སོ་ཐད་ཀར་བཞག །ལག་པའི་གྲུ་མོ་ནང་དུ་རློག་བཅུག་པས་སྒོམ་ཤིང་གི་ཚབ་བྱས་པའི་ལུས་གནད་ལེགས་པར་བཅའ། དེ་ནས་རྩ་བཞི་ཉྭ་བཞི་ལྷོད་ཀྱིས་ལྷོད་པ་ནི་ལུས་རང་བབས་སོ། །མཆུ་འབྱེད་འཛུམ་གྱི་རྩོལ་བ་དང་བྲལ་ཞིང་ངག་སྨྲ་བརྗོད་མེད་པ་ནི་ངག་རང་བབས་སོ། །མིག་གི་ལྟ་སྟངས་དང་བཅས་པས་འདི་བསྒོམ་སྙམ་པའི་སྒོམ་འདོད་ཀྱི་རྟོག་པ་དང་བྲལ་ཏེ་མ་བཅོས་པར་འཇོག་པ་ནི་སེམས་རང་བབས་སོ། །དེའི་ངང་ལ་ཧད་དེ་ཆད་དེ་གནས་པ་ནི་སྔོན་འགྲའི་ཚད་ཡིན། དེ་འདྲ་དེ་ལ་ཐ་མལ་གྱི་ཤེས་པ་ཞེས་བྱ། ཆད་ནས་ངལ་བསོ་བ་ལ་སོགས་པའི་གནས་སྐབས་སུ་ཡུད་ཙམ་རེ་སེམས་ཅན་ཀུན་ལ་འཆར་ཏེ་དེ་ངོས་མ་ཟིན་པས་འཁོར་བར་འཁྱམས་པ་ཡིན་ནོ། །དེས་ན་སྤྱོད་ལམ་བཞི་པོ་ཐམས་ཅད་དུ་དབང་པོ་དྲུག་གི་ཡུལ་དུ་ཕྱིའི་ཡུལ་དྲུག་པོ་ཅི་སྣང་ཡང་དེ་དྲན་པས་བཟུང་སྟེ། དེའི་ངོ་བོ་ལ་ཅེ་རེ་བལྟས་པས་གསལ་སྟོང་འཛིན་མེད་དུ་ཆམ་སོང་བ་དང༌། ངའི་སྔོན་འགྲོ་ཤར་འདུག་སྙམ་ངོས་བཟུང་སྟེ། དེ་ལ་ཧད་དེ་ཆད་དེ་བཞག་གོ །དེའི་སྐབས་སུ་སྔར་མ་བསྒོམས་པས་ཤེས་པ་འཕྲོ་ན་འདིས་བོགས་འདོན་ཏེ། ཕྱིའི་སྣང་བ་ཡུལ་ལ་ངོས་བཟུང་ཅི་འདུག །ནང་ལུས་ལ་ངོས་བཟུང་ཅི་འདུག །གསང་བ་སེམས་ལ་ངོས་བཟུང་ཅི་འདུག་རིག་པས་དཔྱད་ལ་བལྟ། བལྟས་པས་ངོས་བཟུང་མ་རྙེད་ན་དེའི་ངང་ལ་གཞག་གོ །ཡང་སྣང་བ་ལ་སེམས་འཕྲོ་ན་གང་ལ་འཕྲོ་བའི་ཡུལ་གྱི་སྣང་བ་དེ་དང་པོ་གང་ནས་བྱུང༌། ད་ལྟ་གང་ན་གནས། མཐར་གང་དུ་འགགས། འོལ་སྤྱི་ལ་མ་བཞག་པར་ལེགས་པར་བཙལ། དེ་ནས་འཛིན་མེད་དུ་བུན་སོང་ན་དེ་དྲན་པས་བཟུང་ནས་དེའི་ངང་དུ་བཞག་གོ །དེ་ལྟར་རྩད་བཅད། ཡང་གཅོད་མཁན་གྱི་སེམས་དེ་ཡང་གང་ནས་བྱུང༌། གང་དུ་འགྲོ། གང་ན་གནས་རྩད་བཅད་ལ་བལྟ། བལྟས་པས་སེམས་ཆོ་ལང་འགྲོ་ཡིན་འདུག་ན་དེའི་ངོ་བོ་ལ་བལྟ་ཞིང་ཡེ་མ་ཡེངས་པར་རིག་པ་གཅུན། གང་དུ་ཡང་མི་རྟོག་པར་རྩེ་གཅིག་ཏུ་ལྷན་ནེར་གནས་ན་དེ་ཀའི་ངང་དུ་མཉམ་པར་བཞག་གོ །ཡང་དེ་ལྟར་བྱས་ཀྱང་རྟོག་པ་འཕྲོ་ན་དྲན་པས་བཟུང་ལ། རྟོག་པ་གང་སྐྱེས་ཐམས་ཅད་དེ་མ་ཐག་རྒྱུན་རྦད་རྦད་བཅད་ལ་བཞག་གོ །དེ་རྣམས་ཀྱི་སྐབས་ཉམས་ཅི་སྐྱེས་པ་ཐམས་ཅད་བྱུང་རྒྱལ་དུ་བསྐྱང༌། དེ་ལྟར་བྱས་ཀྱང་ཡེ་མི་ཐུབ་པར་འཕྲོ་ན་དེ་དྲན་པས་བཟུང་ལ་རྟོག་པ་དེའི་རྗེས་བཅད་ལ་ཅི་ལ་འཕྲོ་བལྟ་བར་བྱས་ནས་རྟོག་པའི་མཚང་རིག་རིག་བརྡར་ཤ་བཅད་པར་བྱའོ༑ ༑དེ་ལྟར་མ་ཡེངས་པར་བསྒོམས་ན་གསལ་སྟོང་འཛིན་མེད་ཀྱི་ཉམས་འཆར་བར་ཐེ་ཚོམ་མེད་དོ། །དེ་ལྟ་བུའི་སྒོ་ནས་སྔོན་འགྲོའི་ཁྲིད་ཐེམ་ནས་རྐུན་པའི་ངོ་སྤྲོད་བྱའོ། །དེའི་རྟགས་ཚད་ནི་ལུས་ངག་གི་བྱ་བས་མི་འཕྲོག་པའོ། །དེའི་བོགས་འདོན་ལྷ་སྐུ་རླུང་དང་བསྲེ་བ་སོགས་ནི་ཕྱག་རྒྱ་ཆེན་པོ་རླུང་བསྲེས་ཀྱི་དམིགས་རིམ་བཞིན་ཤེས་པར་བྱའོ། །འདིར་ཉེ་བར་མཁོ་བའི་རླུང་འཛིན་ལུགས་ཅུང་ཟད་ཅིག་བསྟན་ན། ལུས་གནད་ལེགས་པར་བཅའ། རླུང་མཉམ་རྒྱུ་རུ་བཞག །དེ་ནས་དང་པོ་རླུང་གི་རླུང་སྔོན་པོར་བུས། དེ་ནས་མེ་རླུང་དམར་པོར་བུས། དེ་ནས་ཆུ་རླུང་དཀར་པོར་བུས། དེ་ནས་ས་རླུང་སེར་པོར་བུས། དེ་ནས་ནམ་མཁའི་རླུང་ཁ་དོག་མེད་པ་བ་སྤུའི་བུ་ག་ཐམས་ཅད་ནས་སོང་བར་བསམ་ཞིང་རླུང་ཕྱིར་བུས་ལ། དེ་ནས་དང་པོ་ས་རླུང་དལ་བུས་སྣ་བུག་ནས་དྲངས་ནས་འོག་རླུང་འཐེན་ལ་ལྟེ་བར་སེར་མེར་བ་ལ་སེམས་གཏད་ལ་བཟུང༌། དེ་ནས་མི་ཐུབ་ན་དལ་བུས་ཕྱིར་གཏང༌། དེའི་རྗེས་སུ་ཆུ་རླུང་སྙིང་གར་དྲངས་ནས་གོང་ལྟར་འཛིན། དེ་ནས་མེ་རླུང་མགྲིན་པར་དྲངས་ནས་གོང་ལྟར་འཛིན། དེ་ནས་རླུང་རླུང་སྤྱི་བོར་དྲངས་ནས་གོང་ལྟར་འཛིན། དེ་ནས་ནམ་མཁའི་རླུང་བ་སྤུའི་བུ་ག་ཐམས་ཅད་ནས་དྲངས་ནས་ལུས་ཀུན་ལ་ཁྱབ་པར་འཛིན་ནོ། །ཡང་ན་ས་རླུང་དང་མེ་རླུང༌། ཆུ་རླུང་དང་རླུང་གི་རླུང་ཟུང་དུ་བསྡེབས་ནས་བཟུང་ཡང་རུང་ངོ༌། །གཉིས་པ་དངོས་གཞི་ལ་གཉིས་ཀྱི། དང་པོ་སྐྱོན་བཞི་རང་གྲོལ་ནི། སེམས་རང་གི་གནས་ལུགས་སྟོང་ཉིད་དང་འདུ་འབྲལ་མེད་ཀྱང་ཉེ་དྲགས་པས་མ་མཐོང་བའི་སྐྱོན་གྱིས་འཁོར་བར་འཁྱམས་སོ། །དཔེ་རང་གི་བྱད་བཞིན་དང་འདྲ། དེ་ཡང་མེ་ལོང་གསལ་བའི་རྐྱེན་དང་འཕྲད་ན་གཟུགས་བརྙན་རང་གིས་ཀྱང་མཐོང་བ་བཞིན་དུ་བླ་མ་དམ་པའི་མན་ངག་གི་མེ་ལོང་དང་འཕྲད་ནས་ཉམས་སུ་བླངས་ན་སེམས་ཀྱི་གནས་ལུགས་མཐོང་བར་ནུས་སོ། །ཕྱག་རྒྱ་ཆེན་པོ་རང་ལ་འཆར་ཡང་དཔེས་མཚོན་མ་ནུས་ཤིང་ཟབ་དྲགས་པས་ངོས་མ་ཟིན། རང་བབས་སུ་ནམ་བཞག་ཀྱང་འཆར་ཏེ་སླ་དྲགས་པས་ཡིད་མ་ཆེས་པར་ཡེངས་མེད་དང་བྲལ། སྐུ་གསུམ་རང་ལ་ཤར་ཡང་བཟང་དྲགས་པས་བློར་མི་ཤོང་བས་ངེས་པ་མ་སྐྱེས་ཏེ་ཐག་ཆོད་དང་བྲལ་བའི་སྐྱོན་གྱིས་འཁོར་བར་འཁྱམས་པ་ཡིན་པས། ད་ནི་སྐྱོན་བཞི་པོ་སྤངས་ལ་བླ་མའི་མན་ངག་ལ་བརྟེན་ནས་རང་ཤར་ངོས་བཟུང་ངེས་ཤེས་བསྐྱེད་ལ་ཐག་བཅད་ཡེངས་མེད་དུ་བསྐྱང་ངོ༌། །གཉིས་པ་མཐར་ཐུག་སྐུ་བཞི་རང་ཤར་ནི། མཉམ་རྗེས་བློས་བྱས་ཐམས་ཅད་དང་བྲལ་བའི་ཕྱག་རྒྱ་ཆེན་པོ་རང་ཤར་དུ་བཞག་པའི་དུས་སུ། སྣ་ཚོགས་སུ་ཤར་བ་དེ་སྤྲུལ་སྐུ་རང་ཤར། དེ་ལ་གསལ་འཛིན་དང་བྲལ་བའི་རྟོག་མེད་དེ་ཆོས་སྐུ་རང་ཤར། གསལ་ལ་རྟོག་མེད་བདེ་བར་ཤར་བས་ལོངས་སྐུ་རང་ཤར། དེ་གསུམ་གྱི་རང་བཞིན་དབྱེར་མི་ཕྱེད་པས་མཐར་ཐུག་བདེ་བ་ཆེན་པོའི་སྐུ་རང་ཤར་རོ། །དེ་ཉིད་ལ་མི་རྟོག་པའི་ཆ་དེ་ཇི་ལྟ་བ། འཛིན་པ་མེད་པར་ཤེས་བྱ་སྣ་ཚོགས་སུ་སྣང་བ་དེ་ཇི་སྙེད་པའི་ཡེ་ཤེས། དེ་གཉིས་དབྱེར་མེད་པ་དབྱིངས་ཡེ་ཤེས་དབྱེར་མེད་པ་ཡིན་ནོ། །དེ་དག་གི་བོགས་འདོན་ནི། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞིག་ཡིན་པ་ལ་ང་དང་བདག་ཏུ་བཟུང་བས་འཁོར་བར་འཁྱམས་པ་ཚོ་སྙིང་རེ་རྗེ་སྙམ་དུ་བསམ་པ་དང༌། མོས་གུས་གདུང་བ་བྱས་ལ་གསོལ་བ་འདེབས་པ་དང༌། དེ་རྣམས་གང་ལ་ཡང་ཧད་དེ་ཆད་དེ་བཞག་པར་བྱའོ། །དངོས་གཞི་བརྟན་པའི་ཚད་ནི་བསྒོམ་རྒྱུ་རྡུལ་ཙམ་ཡང་མེད། ཡེངས་རྒྱུ་སྐད་ཅིག་ཙམ་ཡང་མེད་པར་ཉིན་མཚན་སྤྱོད་ལམ་ཐམས་ཅད་རྟོག་མེད་ཀྱི་ངང་དུ་ཁོར་མོར་གནས་པའོ། །མདོར་ན་རྗེས་ནི། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་ངང་ནས། །བསྔོ་བྱ་སྔོ་བྱེད་དམིགས་པའི་དུག་བཅོམ་སྟེ། །ཆོས་ཀྱི་དབྱིངས་ལ་མི་བསྔོ་ཤེས་གྱུར་ནས། །དགེ་ཀུན་རྣམ་མཁྱེན་སངས་རྒྱས་བསྔོ་བར་ཤོག །ཅེས་སོགས་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་འདེབས་པ་ནི་མན་ངག་དམ་པ་ཡིན་ནོ། །ཉིང་ཁུའི་ཡན་ལག་གི་ཆོས་སྐོར་ལས་ལྟ་བའི་ཁྲིད་ཕྱག་རྒྱ་ཆེན་པོ་གའུ་མའི་ཉམས་ལེན་མདོར་བསྡུས་པ་འདི་ཡང་ལུང་སྟོང་སྨྱོན་པས་རང་གི་མྱོང་བ་དང་སྦྱར་ནས། གནས་མཆོག་དཔལ་རི་བོ་ཆེར་སྦྱར་བའི་ཡི་གེ་པ་ནི་བཀའ་བཅུ་པ་བློ་གྲོས་རྒྱལ་མཚན་ཡིན་ནོ། །སརྦ་མངྒ་ལཾ།། །།