Tibetan:དཔལ་འཁོར་ལོ་བདེ་མཆོག་དྭགས་པོ་སྙན་བརྒྱུད་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་སྡོམ་པ་: Difference between revisions
Jump to navigation
Jump to search
m (Text replacement - "|<ref>=[ref]|</ref>=[/ref]}}| ]]</onlyinclude>" to "}}</onlyinclude>") |
m (Text replacement - "<onlyinclude>{{TibetanContent| " to "<onlyinclude>{{TibetanContent|content= ") |
||
Line 1: | Line 1: | ||
{{Text Tibetan}} | {{Text Tibetan}} | ||
==Tibetan Text== | ==Tibetan Text== | ||
<onlyinclude>{{TibetanContent| | <onlyinclude>{{TibetanContent|content= | ||
<div class="folio"><span class="shoglhe">༡༥༡</span>དཔལ་འཁོར་ལོ་བདེ་མཆོག་དྭགས་པོ་སྙན་བརྒྱུད་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་སྡོམ་པ་ཞེས་བྱ་བ་བཞུགས་སོ།། །། | <div class="folio"><span class="shoglhe">༡༥༡</span>དཔལ་འཁོར་ལོ་བདེ་མཆོག་དྭགས་པོ་སྙན་བརྒྱུད་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་སྡོམ་པ་ཞེས་བྱ་བ་བཞུགས་སོ།། །། |
Latest revision as of 14:34, 19 February 2019
དཔལ་འཁོར་ལོ་བདེ་མཆོག་དྭགས་པོ་སྙན་བརྒྱུད་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་སྡོམ་པ་
dpal 'khor lo bde mchog dwags po snyan brgyud lugs kyi dkyil 'khor gyi cho ga bde chen sdom pa
Damngak Dzö Volume 7 (ཇ་) / Pages 151-208 / Folios 1a1 to 29b7
dpal 'khor lo bde mchog dwags po snyan brgyud lugs kyi dkyil 'khor gyi cho ga bde chen sdom pa
Damngak Dzö Volume 7 (ཇ་) / Pages 151-208 / Folios 1a1 to 29b7
Tibetan Text
༡༥༡དཔལ་འཁོར་ལོ་བདེ་མཆོག་དྭགས་པོ་སྙན་བརྒྱུད་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་སྡོམ་པ་ཞེས་བྱ་བ་བཞུགས་སོ།། །།
༡༥༢གུ་རུ་ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་ན་མཱ་མི། དཔལ་ལྡན་སྙིང་རྗེའི་སྟོབས་ཅན་བཻཌཱུའི་ལང་ཚོ་འབར། །ཆོས་ཀུན་གཉིས་སུ་མི་ཕྱེད་ཁྱབ་ཅིང་རྟག་པའི་སྐུ། །བདེ་ཆེན་ཐིག་ལེ་གཅིག་ཏུ་ཕྲིན་ལས་ལྷུན་རྫོགས་པ། །ཁྱབ་བདག་བླ་མའི་ངོ་བོ་ཧེ་རུ་ཀ་དཔལ་ཞབས་ལ་འདུད། གྲུབ་པའི་སྙན་བརྒྱུད་ལས་བྱུང་ཞིང་། །མན་ངག་རང་བཟོས་མ་བསླད་པ། །སྐལ་ལྡན་རྗེས་བཟུང་དབང་བསྐུར་བཅས། །དཀྱིལ་འཁོར་ཆོ་ག་གསལ་བར་དགོད། །དཔལ་འཁོར་ལོ་བདེ་མཆོག་སྙན་བརྒྱུད་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་ནས་སློབ་མ་རྗེས་སུ་བཟུང་བའི་རིམ་པ་རྩ་བའི་གཞུང་ལས་བླ་མེད་སྤྱི་དང་མཐུན་པར་རྒྱ་ཆེར་གསུངས་ཀྱང་འདིར་དཀྱུས་སུ་ལག་ལེན་བྱ་སླ་བའི་ཆེད་དུ་དགོས་དོན་སྙིང་པོར་དྲིལ་བ་ལ། ཐོག་མར་ས་བརྟག་སློང་སྦྱོང་སྲུང་གི་སྐོར་རྣམས་སྒྲུབ་གནས་རྙིང་པ་དང་རས་བྲིས་དཀྱིལ་འཁོར་ལ་མི་དགོས་པས་མ་སྨོས། །རྡུལ་ཚོན་དཀྱིལ་འཁོར་བཞེངས་གྲུབ་ན་དེ་དག་གི་ཕྱག་ལེན་སྙན་བརྒྱུད་ཡིད་བཞིན་ནོར་བུའི་དབང་གི་ཕྱག་ལེན་ཐུགས་ཀྱི་འཁོར་ལོའ་པོད་དུ་བཞུགས་པ་ལས་ཤེས་པར་བྱའོ། །འདིར་འཆད་པར་བྱ་བ་ལ་གསུམ། དང་པོ་སྟ་གོན། གཉིས་པ་དངོས་གཞི། གསུམ་པ་རྗེས་ཚོགས་མཆོད་སོགས་བྱ་བའི་ཚུལ་ལོ། །དང་པོ་སྟ་གོན་ལ་བཞི་ཡོད་པ་ལས། སའི་ལྷ་མོ་སྟ་གོན་བྱ་བ་ནི། སློབ་དཔོན་གྱིས་བདག་བསྐྱེད་བཟླས་པ་བསྡུ་ལྡངས་བཅས་སྔོན་ཏུ་བཏང་ནས། དཀྱིལ་འཁོར་གང་དུ་བྱ་བའི་གཞིར་མཎྜལ་ལ་མེ་ཏོག་གི་ཚོམ་བུ་
༡༥༣གཅིག་དགོད། དེའི་མདུན་དུ་ས་ལྷའི་གཏོར་མ་དཀར་ཟླུམ་དང་། མཐར་མཆོད་པས་བསྐོར་བ་བཤམས་ནས། བསང་སྦྱང་། སྟོང་པའི་ངང་ལས་མདུན་དུ་དྲིའི་མཎྜལ་གྱི་དབུས་སུ་ལཱཾ་ལས་སའི་ལྷ་མོ་སྐུ་མདོག་སེར་མོ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་དམ་བཅའ་ཁས་ལེན་པའི་ཕྱག་རྒྱ་ཅན། གཡོན་རིན་པོ་ཆེའི་བུམ་པ་འཛིན་པ། གནས་གསུམ་འབྲུ་གསུམ་གྱིས་མཚན་པ་བཞུགས་པར་གྱུར། རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ས་འོག་ནས་སའི་ལྷ་མོ་སྤྱན་དྲངས་པར་གྱུར། ཅེས་བསམས་ཏེ་ལག་གཡས་རྡོ་རྗེ་དང་བཅས་པའི་རྩེ་གསུམ་གྱི་ཕྱག་རྒྱ་ས་ལ་ལན་གསུམ་རྡེབ་པ་དང་མཉམ་དུ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་དང་། ༀ་ཚུར་བྱོན་ཚུར་བྱོན་ལྷ་མོ་ཆེ། །ས་ཡི་ལྷ་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་མ། །མཆོག་གི་རྒྱན་གྱིས་རབ་ཏུ་བརྒྱན། །མགུལ་དོ་ཞབས་གདུབ་སིལ་སིལ་བཅས། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །རྡོ་རྗེ་འཛིན་པའི་བཀའ་ཡིས་ནི། །སྐད་ཅིག་ཉིད་ལ་འདིར་སྦྱོན་ཅིག །ༀ་ལཾ་བཱ་སུ་དྷཱ་རི་ཛཿ ཛཿཧཱུྃ་བཾ་ཧོཿ ༀ་པྲྀ་ཐཱི་ཝཱི་དེ་ཝཱི་པྲ་ཝ་ར་སཏྐཱ་ར། ༀ་བཛྲ་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨཱརྒྷཾ་གྱི་མལ་དུ། པཱ་དྱཾ། ཨཱ་ཙ་མ་ནཾ། པྲོཀྵ་ཎཾ། པུཾཥྤེ་ནས། ཤབྡའི་བར་རྣམས་
༡༥༤བཅུག་པས་མཆོད། གཏོར་མ་བསང་སྦྱང་སྤྱི་ལྟར་བྱིན་གྱིས་བརླབ་པའམ། ༀ་ཨཱཿཧཱུྃ། ལན་གསུམ་གྱི་བརླབས་ནས། མདུན་གྱི་ལྷ་མོའ་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བདུད་རྩི་དྲངས་ཏེ་གསོལ་བས་དགྱེས་པར་གྱུར། ༀ་ཨཱཿཧཱུྃ་ལཾ་བཱ་སུ་དྷཱ་རི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། མ་མ་རིན་ཆེན་སྣ་ཚོགས་འཛིན། །སྐུ་ཕྱེད་ཐོན་ཏེ་གསེར་གྱི་མདོག །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། །བུམ་པ་དམ་བཅའི་ཕྱག་རྒྱ་ཅན། །ཁྱོད་ནི་ས་འཛིན་ལྷ་མོ་སྟེ། །ས་འོག་གཙོ་མོ་ཁྱོད་ལ་འདུད། །ཅེས་བསྟོད་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་མ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། ། སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པ་ལ། ལྷ་མོས། ཀྱཻ། རིག་པ་འཛིན་པ་ཇི་ལྟར་དགྱེས་པ་བཞིན་དུ་མཛོད་ཅིག །ཅེས་གནང་བ་བྱིན་པར་གྱུར། དེ་ལ་གཏང་རག་གི་ཚུལ་དུ། ༀ་པྲྀ་ཐཱི་ཝཱི་དེ་ཝི་སོགས་ཀྱིས་གོང་ལྟར་མཆོད། ཞེས་མཆོད་པས་དགྱེས་ཏེ་དཀྱིལ་འཁོར་གྱི་གཞི་ལ་ཐིམ་པར་གྱུར། ཅེས་བསམ། གཉིས་པ་ལྷ་སྟ་གོན་ནི། བསང་གཏོར་དང་དྲི་བཟང་གི་ཆུས་གཏོར་བའི་གཞིར་སློབ་དཔོན་གྱིས་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་ལན་གསུམ་གསུམ་བརྗོད་དེ་དབུས་སུ་དྲིའི་ཐིག་ལེ་གྲུ་བཞི་དང་། ཧེ་རུ་ཀ་བཞིའི་སྔགས་བརྗོད་དེ་ཕྱོགས་བཞིར་ཟླུམ་པོར་བྱས་པར་ལས་རྡོར་གྱིས་མེ་ཏོག་གི་ཚུམ་བུ་རེ་དགོད། །དེའི་མདུན་དུ་གཏོར་མ་དང་། མཐའ་མཆོད་པས་བསྐོར་ཏེ། བསང་སྦྱང་། ༀ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཀོ྅ཧཾ། སྣོད་བཅུད་ཐམས་ཅད་སྟོང་བར་གྱུར། །ཅེས་པ་ནས། ལྟེ་བ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བ། །ཞེས་པའི་བར་དང་། དེའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། སྣ་ཚོགས་རྡོ་རྗེའི་ལྟེ་བ་བྷྲཱཾཨུ་དཀར་པོ་སོགས་ནས། རང་རིག་དང་། བདག་ཉིད་ཟེར་བ་དང་། ཡབ་ཀྱི་གསང་བ་སོགས་དོར་ནས། གསལ་བར་གྱུར། ཅེས་པའི་བར་དང་། བསྙེན་དམིགས་དང་སྔགས་
༡༥༥བཟླ་བ་རྣམས་དོར་བས་བསྟོད་པའི་བར་སྒྲུབ་ཐབས་ལྟར་བྱ། སྤྲོ་ན་མཆོད་བསྟོད་མདུན་བསྐྱེད་ལྟར་བྱས་ཏེ། རྡོར་དྲིལ་སྤོས་བཅས་འཛིན་པས། གཉིས་མེད་ཡེ་ཤེས་ལས་བྱུང་བའི། །ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཧེ་རུ་ཀ་།ཕག་མོར་ལྷན་ཅིག་ཡང་དག་ལྡན། །གང་ཞིག་ཕྱོགས་བཅུའི་དཔའ་བོ་དང་། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པས། །ནངས་པར་དཀྱིལ་འཁོར་བཞེངས་པར་བགྱི། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས་གནང་བ་བྱིན་པར་གྱུར། ཨུ་། ཞེས་པས་དཀྱིལ་འཁོར་ནམ་མཁར་བཏེགས་པ་ནམ་མཁར་བཞུགས་པར་གྱུར། ཅེས་བརྗོད་ཅིང་བསམ་མོ། །གསུམ་པ་བུམ་པ་སྟ་གོན་ནི། བུམ་པ་གཉིས་ལ་གུ་གུལ་གྱིས་བདུག །ཡུངས་ཀར་གྱི་བྲབ། བུམ་རྫས་སོ་ལྔ་བཏབ་པ་ཆས་དང་ལྡན་པ་བསང་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་གཉིས་ཀ་རྩ་བ་དང་ནག་པོ་མེད་པ། ལྟོ་བ་ཡངས་པ། མགྲིན་པ་རིང་བ། མཆུ་འཕྱང་བ། ཁ་གཡེལ་བ། ལྷ་རྫས་ཀྱི་གོས་ཀྱིས་མགྲིན་པ་དཀྲིས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། དེའི་ནང་དུ་སྨན་ལྔ། འབྲུ་ལྔ། རིན་པོ་ཆེ་ལྔ། དྲི་ལྔ། སྙིང་པོ་ལྔ། ལྕགས་ཀྱུ་ལྔ། སྒྲོན་མ་ལྔ་རྣམས་དང་། ལྷའི་བདུད་རྩིའི་ཆུས་ཡོངས་སུ་གང་བའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་པདྨ་ཉི་ཟླ་འཇིགས་བྱེད་དུས་མཚན་དང་བཅས་པའི་སྟེང་དུ་ཧཱུྃ་སྔོན་པོ་དང་བཾ་དམར་པོ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོས་མཚན་པ་དང་། གྲི་གུག་དམར་པོ་བཾ་དམར་པོས་མཚན་པ། དེའི་ཕྱི་རོལ་གྱི་ཕྱོགས་བཞིའི་ཞེས་པ་ནས་རང་རིག་དང་། བདག་ཉིད་ཟེར་བ་དོར་ཏེ། ཡེ་ཤེས་རྡོ་རྗེ་མཐིང་ག་
༡༥༦རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞེས་པའི་བར་སྒྲུབ་ཐབས་ལྟར་བརྗོད། ལས་བུམ་གྱི་དབུས་སུ་པདྨ་ཉི་མ་རོའ་གདན་གྱི་སྟེང་དུ་བཾ་ལས་ཁཎྜ་རོ་ཧཱི་ནཱི་དམར་མོ་ཞལ་གཅིག་སྤྱན་གསུམ་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ་གསལ་བར་གྱུར། བུམ་མཚན་རྣམས་ཀྱང་རིགས་ལྔའི་རང་བཞིན་དུ་གྱུར། རྡོ་རྗེ་བཞིའི་ལྷ་ཚོགས་ལས་འོད་ཟེར་འཕྲོས་པས། ཞེས་པ་ནས། དབུར་བརྒྱན་པར་གྱུར། བར་དང་། །ལས་བུམ་གྱི་ལྷ་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་གྱུར། མཆོད་བསྟོད་སྒྲུབ་ཐབས་ལྟར་རམ། སྤྲོ་ན་མདུན་བསྐྱེད་ལྟར་བྱས་ནས་གཟུངས་ཐག་བླངས་ཏེ། རང་གི་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་འོད་ཟེར་དང་བཅས་པ་འཕྲོས། གཟུངས་ཐག་ལ་བརྒྱུད་ནས་བུམ་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་བས་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཁེངས་པར་གྱུར། ཅེས་བསམས་ལ་རྣམ་རྒྱལ་གྱི་ལྷ་ལ་ལྷ་ལྔའམ། སྤྲོ་ན་འཁོར་སྔགས་རྣམས་གསུམ་རེ་ཙམ་དང་། ལས་བུམ་ལ། ༀ་ཁཎྜ་རོ་ཧི་ཧུཾ་ཧཱུྃ་ཕཊ། ཅེས་བཟླས་ནས་མཆོད་བསྟོད་སྒྲུབ་ཐབས་ལྟར་བྱས་ལ་ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་པ་དང་སོགས་ཀྱིས་བཟོད་གསོལ་དང་། ༀ་བཛྲ་ཨུ་ད་ཀ་ཧཱུྃ། ༀ་ཨཱཿཧཱུྃ། ཞེས་དུང་ཞལ་གྱི་ཆུས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་པའི་ལྷ་རྣམས་རྗེས་སུ་ཆགས་པའི་མེས་ཞུ་བ་ལས་བུམ་ཆུ་དང་དབྱེར་མེད་དུ་གྱུར། །ཅེས་བསམ། ལས་ཐམས་ཅད་པའི་ལྷས་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་རྣམས་བཟློག་པའི་ཕྲིན་ལས་མཛོད་ཅིག །ཅེས་བརྗོད་དེ་ཡིག་བརྒྱ་བཟླའོ། །བཞི་པ་སློབ་མ་སྟ་གོན་ནི། སློབ་མ་རྣམས་ལ་སྒོ་ཉུང་ངུ་ཁུས་བྱས་ཕྱག་འཚལ་གྲལ་དུ་འཁོད་པ་ལ་སྦྱོར་བ་གསུམ་སྤྱི་ལྟར་བྱེད་པ་དང་སྲུང་འཁོར་སྒོམ་པའང་བརྒྱུད་པའི་ཕྱག་བཞེས་སུ་བཞུགས་པས་སྤྲོ་ན་སྤྱི་ལྟར་བྱས་ནས། ཀུན་སློང་བཅོས་པ་དང་ཆོས་བཤད་ཅི་རིགས་བྱས་མཐར། གངས་ཅན་གྱི་ལྗོངས་འདིར་བྱོན་ནོ་ཅོག་གི་ལོ་ཙཱ་ཞིག་ལ་མཁས་གྲུབ་ཆོས་བརྒྱུད་འགྲོ་དོན་གང་ཐད་ནས་འགྲན་ཟླ་ཐམས་ཅད་དང་བྲལ་བ་རྗེ་ལྷོ་བྲག་མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས་ཞེས་གྲགས་
༡༥༧པ་དེ་ཉིད་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་ལན་གསུམ། བལ་པོར་ལན་བཞི་སྟེ། རྒྱ་གར་དང་བལ་པོའ་ཡུལ་དུ་ལན་བདུན་བྱོན། དཔལ་ནཱ་རོ་པ་ཆེན་པོས་ཐོག་དྲངས་པའི་མཁས་གྲུབ་ཀྱི་བླ་མ་བརྒྱ་དང་བཅུ་གཉིས། བརྒྱུད་པ་འཛིན་པའི་བླ་མ་བརྒྱ་དང་ལྔ་བཅུ་རྩ་གསུམ། གཞན་རིག་མངོན་པར་ཤེས་པའི་བླ་མ་བཅུ་གསུམ། ཁྱད་པར་གྲུབ་ཐོབ་ཞེ་ལྔ། རྗེ་འགྲན་གྱི་དོ་མེད་ནཱ་རོ་མཻ་ཏྲི་རྣམ་གཉིས་ཀྱི་དྲུང་དུ་ལོ་ཧྲིལ་པོ་བཅུ་དགུའི་བར་དུ་བཞུགས། ཁྱད་པར་དུའང་དཔལ་ནཱ་རོ་པ་ཆེན་པོ་ལོ་དྲུག་ཟླ་བ་བདུན་གྱི་བར་དུ་སྐུའི་གྲིབ་མ་ལྟར་འབྲལ་མེད་དུ་བསྟེན་ནས་ཐུགས་དམ་དགྱེས་པ་རྡོ་རྗེས་ཐོག་དྲངས་རྒྱུད་དང་མན་ངག་བསམ་གྱིས་མི་ཁྱབ་པ་གསན་པའི་ཚུལ་རྣམས་རྡོ་རྗེའི་མགུར་ལས་འབྱུང་བ་ལྟར་ལགས། ཁྱད་པར་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཅེས་བརྒྱུད་པ་མང་པོའ་བར་དུ་གཅིག་བརྒྱུད་ཀྱི་རྒྱས་བཏབ་པ་འདི་ཉིད་གྲུབ་ཆེན་ཏཻ་ལོ་པ་ཆེན་པོས་ཨོ་རྒྱན་གསང་བའི་ཕོ་བྲང་དུ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་ལ་ཞུས་པའི་ཚེ་སྐུ་གསུང་ཐུགས་ཀྱི་བརྡ་གསུམ་བསྟན་ཏེ་ཡིད་བཞིན་ནོར་བུ་སྐོར་གསུམ་གྱི་སྨིན་གྲོལ་གདམས་ངག་སྩལ་བ་རྣམས་དཔལ་ནཱ་རོ་པ་ཆེན་པོ་ཁོ་ན་ལ་གནང་། རྗེ་མར་པ་རྒྱ་གར་དུ་ལན་གསུམ་བྱོན་པའི་རྗེས་མར་དཔལ་ནཱ་རོ་པ་ཆེན་པོ་སྤྱོད་པ་ལ་གཤེགས་ཟིན་ཅིང་གསོལ་བ་བཏབ་ཅིང་ཡུན་རིང་དུ་བཙལ་བས་བྱང་པུཉྩ་ཧ་རིར་མངོན་སུམ་དུ་མཇལ་ཞིང་ཟླ་བ་དྲུག་ཏུ་བསྟེན་པའི་སྐབས་བདེ་མཆོག་ཡབ་བཀའ་ཡུམ་བཀའ་སྙན་བརྒྱུད་ཀྱི་གདམས་པ་རྣམས་རྫོགས་པར་གནང་། མར་སྟོན་ཆེན་པོས་སློབ་མ་མེས་རྔོག་མཚུར་གསུམ་སོགས་ལ་དགྱེས་གསང་གཙོས་རྒྱུད་སྡེ་རྣམས་ཀྱི་བཤད་བཀའ་ལག་ལེན་རྒྱས་པར་གནང་། བདེ་མཆོག་སྙན་བརྒྱུད་སྐོར་རྗེ་བཙུན་མི་ལ་ཁོ་ན་ལ་གཅིག་བརྒྱུད་དུ་སྩལ། མི་ལ་རས་པ་གྲུབ་པ་བརྙེས་སྐབས་སྙན་བརྒྱུད་ཀྱི་བཀའ་རྒྱ་ཅུང་ཟད་གྲོལ་བ་རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་པ་ལྟར་རས་པ་མཆེད་བརྒྱད་ལ་ཆ་ཤས་
༡༥༨རེ་གནང་བའི་སྒྲོས་འདུག་ཀྱང་གཞན་རྣམས་མཁའ་སྤྱོད་དུ་བྱོན་པ་ཙམ་ལས་ཆོས་རྒྱུན་འཛིན་པ་འདི་བྱུང་གི་གསལ་ཁ་མི་འདུག །རས་ཆུང་རྡོ་རྗེ་གྲགས་པར་གནང་བ་ལ་རས་ཆུང་སྙན་བརྒྱུད་ཅེས་འབྲིང་པོ་དང་། དྭགས་པོ་རིན་པོ་ཆེར་གནང་བ་ལ་དྭགས་པོ་སྙན་བརྒྱུད་ཅེས་རྒྱས་པ་དང་། ངོམ་རྫོང་རས་པར་གནང་བ་ལ་ངོམ་རྫོང་སྙན་བརྒྱུད་ཅེས་བསྡུས་པར་གྲགས་པ་གསུམ་ད་ལྟའི་བར་དུ་སྨིན་གྲོལ་གདམས་ངག་དང་བཅས་པའི་རྒྱུན་མ་ཆད་པར་བཞུགས་པ་ལས་འདིར་དྭགས་པོ་རིན་པོ་ཆེས་དཔལ་ལྡན་དུས་གསུམ་མཁྱེན་པ་ལ་ཆིག་བརྒྱུད་དུ་གནང་། དེ་ནས་བརྒྱུད་པ་བཅུ་གསུམ་པར་དཔལ་ཏཻ་ལོ་སངས་རྒྱས་ཉིད་ཀྱི་རྣམ་འཕྲུལ་མེ་ཉག་གྲུབ་ཐོབ་རྨ་སེ་བློ་གྲོས་རིན་ཆེན་ཉིད་བྱོན་པ་དང་སྙན་བརྒྱུད་ཀྱི་བཀའ་གྲོལ་བར་ལུང་བསྟན་པ་ལྟར་རྗེ་ལྔ་པ་དེ་བཞིན་གཤེགས་པས་མེ་ཉག་གྲུབ་ཆེན་ཉིད་ལ་སྙན་བརྒྱུད་རྫོགས་པར་གནང་། དེས་རྟོགས་ལྡན་ཡ་བརྒྱད། འཇའ་མོ་མི་གསུམ་སོགས་ལ་རྫོགས་པར་གནང་བའི་གདམས་སྐོར་འདི་ལ་ནོར་བུ་སྐོར་གསུམ་གྱི་ནང་ཚན་སྨིན་ལམ་ཡིད་བཞིན་ནོར་བུ་ལ་ཡབ་རྒྱལ་པོ་ལྟ་བུའི་སྨིན་བྱེད་རྒྱས་འབྲིང་བསྡུས་གསུམ་བཞུགས་པ་ལས་ད་ལམ་ཡབ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་བཞིའི་སྒོ་ནས་དབང་བསྐུར་བགྱིད་པ་ཡིན། དེ་ལ་སྟ་གོན་དང་དངོས་གཞི་གཉིས་ལས་ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་ཞིང་ཁམས་རེ་འབུལ་བར་ཞུ། དེ་ནས་ནང་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ཧེ་རུ་ཀ་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སློབ་མ་སོགས་སེམས་ཅན་ཐམས་ཅད་ལྷ་བདེ་མཆོག་ཏུ་གྱུར། དེ་རྣམས་འོད་ཀྱི་གོང་བུར་ཞུ་བ་ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་ནས་ཡུམ་གྱི་མཁར་བབས་ཏེ་སྲས་ཀྱི་རང་བཞིན་གྱི་བདེ་མཆོག་སྔོན་པོ་རྡོར་དྲིལ་འཛིན་པར་གྱུར་པ་ལ། རྒྱལ་བ་རབ་འབྱམས་སྤྱན་དྲངས། འོད་དང་བདུད་རྩིར་ཞུ་བ་སྤྱི་གཙུག་གི་གསེར་གྱི་སྒོ་ནས་ཞུགས། བྱང་ཆུབ་སེམས་ཀྱི་བདུད་རྩི་དང་ལྷན་ཅིག་
༡༥༩མགྲིན་པ་མན་གྱི་གནས་བཞིར་བབས་པས་དགའ་བཞི་མྱོང་། ལྷན་སྐྱེས་ཀྱི་བདེ་བའི་རྟེན་དུ་བས་པས་ཁྱེད་རང་གི་སྤྱི་བོ་ནས་དབང་བསྐུར། བདེ་བ་ཆེན་པོའ་ཡེ་ཤེས་སྐྱེས། མཐར་ཡབ་ཡུམ་གྱི་པདྨ་ནས་ཕྱིར་སྤྲོས་ཏེ་སོ་སོའ་གདན་ལ་འཁོད་པའི་མོས་པ་མཛོད། དེས་ནི་འཇུག་པའི་སྐོར་རྣམས་ཉན་པ་ལ་དབང་བར་བྱས་པ་དང་སྲས་སུ་བྱས་ཕྱིར་འདི་ཕྱིན་ཆད་བུ་ཚུར་ཐེག་པ་ཆེན་པོ་ལས་སོགས་བུ་ཞེས་འབོད་པར་བྱེད་པ་ཡིན། དེ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའ་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའ་གྲོང་ཁྱེར་དུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །དེ་ནས་སྤྲོ་བ་བསྐྱེད་ཅིང་ཉན་པར་བསྐུལ་བ་ནི། །བུ་ཚུར་ཐེག་པ་ཆེན་པོ་ལས། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །གསང་སྔགས་སྤྱོད་པའི་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་མཚན་མ་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་དང་། རྟོག་པ་ཐམས་ཅད་ལེགས་པར་བསྡུས་
༡༦༠ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་ཀྱི། །དུས་གསུམ་རྒྱལ་བ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་པའི་དོན་ལྟར་དགའ་སྤྲོ་ཁྱད་པར་ཅན་བསྐྱེད་པ་དང་། ཉན་པར་གདམས་པའི་དོན་ལྟར་རྩེ་གཅིག་པའི་ཡིད་ཀྱིས་ཉན་པར་མཛད་འཚལ། དེ་ནས་བླ་མ་དང་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དང་། གཞན་ཡང་སངས་རྒྱས་བྱང་སེམས་མ་ལུས་པའི་དྲུང་དུ་ཕྱག་འཚལ་བ་སོགས་ཡན་ལག་བདུན་པ་དང་། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། ཁྱད་པར་བྱང་སྡོམ་བཟུང་ནས་སྲུང་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་འཛིན་པ་ཆེན་པོ་དང་། །རྒྱལ་སྲས་ཚོགས་ལ་ཕྱག་འཚལ་ལོ། །ལུས་དང་ལོངས་སྤྱོད་མཆོད་བགྱིས་ནས། །བདག་གིས་སྡིག་པ་གང་བགྱིས་དང་། །བགྱིད་དུ་སྩལ་དང་ཡི་རང་རྣམས། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་ཉན་ཐོས་འགྲོ་རྣམས་ཀྱིས། །བསྒོམས་དང་བཟླས་བརྗོད་བསོད་ནམས་གང་། །དེ་ལ་བདག་ནི་ཡི་རང་ངོ། །སེམས་བསྐྱེད་མགོན་པར་སངས་རྒྱས་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག །དེ་ལ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་བཞིན་དུ་ནི་སེམས་བསྐྱེད་དོ། །བདག་གིས་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །དེ་ནས་སྔགས་སྡོམ་ལ་ཐུན་མོང་བ་བརྟུལ་ཞུགས་ཉེར་ལྔ་པོ་འཛིན་ཅིང་སྲུང་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །ཐུན་མོང་བརྟུལ་ཞུགས་སྡོམ་པ་ནི། །
༡༦༡སྲོག་གཅོད་རྫུན་དུ་སྨྲ་བ་དང་། །གཞན་གྱི་བུད་མེད་ནོར་འཕྲོག་དང་། །ཆང་འཐུང་མྱོས་པར་མི་བགྱིའོ། །རྒྱན་པོ་ཁ་ན་མ་ཐོའ་ཟས། །དམ་ཚིག་བསྟན་བཅོས་སྨྲ་བ་དང་། །མུ་སྟེགས་ཀླ་ཀློའི་ཆོས་སྤྱོད་མིན། །དུད་འགྲོ་བྱིས་པ་བུད་མེད་དང་། །སྐྱེས་པ་མཆོད་རྟེན་བསྣུན་མི་བྱ། །དག་པའི་གྲོགས་དང་རྗེ་བོ་དང་། །དགེ་འདུན་རྣམས་དང་རྒྱལ་བ་དང་། །ཡིད་གཏད་རྣམས་ལ་འཁུ་མི་བྱ། །གཟུགས་སྒྲ་དྲི་རོ་རེག་བྱ་ལ། །མིག་སོགས་དབང་པོ་ཞེན་མི་བྱ། །ང་རྒྱལ་ཚིག་རྩུབ་སྒྲོ་ཐུང་དང་། །ཕྲ་མ་སྡིག་པའི་གྲོགས་རྣམས་སྤང་། །ཕྱག་རྒྱ་མཚན་མ་གྲིབ་འགོམ་མིན། །བྱ་བ་མ་ཡིན་རྣམ་པར་སྤང་། །ཁ་ན་མ་ཐོའ་ལས་འདི་དག །དེང་ནས་བརྩམས་ཏེ་སྤང་བར་བགྱི། །དེ་ནས་ཁྱེད་རང་སློབ་མ་རྣམས་སྐད་ཅིག་གིས་དཔལ་ཧེ་རུ་ཀ་སྔོན་པོ་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་བའི་སྐུར་གྱུར། དེ་ལ་སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་དྲིའི་ཐིག་ལེ་གནས་གསུམ་དུ་བྱས་པས་དཔྲལ་བར་ཟླ་བའི་སྟེང་དུ་ༀ་དཀར་པོ་སྐུ་རྡོ་རྗེ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ་གསུང་རྡོ་རྗེ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་ཐུགས་རྡོ་རྗེའི་ངོ་བོར་བྱིན་གྱིས་རླབས་པའི་མོས་པ་མཛོད། ༀ་ཨཱཿཧཱུྃ། ཞེས་དྲིའི་ཐིག་ལེ་བྱ། དེ་ནས་སློབ་མ་རྣམས་ཀྱི་སྤྱི་བོར་ༀ་ཧཿདཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ་དམར་པོ་པདྨ་གར་དབང་། ཕྲག་པ་གཉིས་སུ་བོ་ཥཊ་ཧེ་ནག་པོ་མི་བསྐྱོད་པ། མིག་གཉིས་སུ་ཧུཾ་ཧཱུྃ་ཧོཿདམར་སེར་རྡོ་རྗེ་ཉི་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ཧཾ་ལྗང་གུ་དཔལ་རྟ་མཆོག་སྟེ། ངོ་བོ་ལྷ་ལ་རྣམ་པ་ལྷའི་གོ་ཆས་རྒྱས་བཏབ་པའི་མོས་པ་མཛོད། སློབ་མ་བུད་མེད་ཡོད་ན། ལྟེ་བར་རྡོ་རྗེ་ཕག་མོའ་ངོ་བོ་ༀ་བཾ་དམར་པོ་སོགས། སོ་སོར་དགོས་པར་གསུང་། དེ་ནས་དངོས་གྲུབ་ཀྱི་སྐལ་བ་བརྟག་པ་ལ་ཉིན་མོ་དངོས་སུ་བརྟག་པ་དང་། མཚན་མོ་རྨི་ལམ་གྱིས་བརྟག་
༡༦༢པ་གཉིས་ལས། དང་པོའ་སླད་དུ་སོ་ཤིང་སྦྱིན་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་སོ་ཤིང་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་གི་ཕྲེང་བ་ཅན་སློབ་མའི་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། ༀ་ཨཱཿཧཱུྃ། ཞེས་བཟླས་པས་སོ་ཤིང་དང་སོ་ཤིང་གི་ར་བ་གཉིས་ཆར་བྱིན་གྱིས་བརླབ། ཁྱེད་རང་གི་ཁ་ཤར་དུ་ཕྱོགས་པས་སོ་ཤིང་ཐལ་མོ་སྦྱར་བས་ཟུང་ལ་སོ་ཤིང་གི་ར་བར་སྔགས་འདིའི་རྗེས་ཟློས་མཛད་དེ་འདོར་བར་མཛོད། ༀ་བཛྲ་ཧ་ས་ཧ། དནྟ་ཤོ་དྷ་ནི་ཧཱུྃ། ཞེས་དོར། དེ་ཡི་ཚེ་ན་མཚན་མ་ནི། །དེ་ཚེ་བདག་ལ་བལྟ་བ་དང་། །རྩེ་མོ་གྱེན་དུ་བསྟན་གྱུར་ན། །དེ་ཡི་དངོས་གྲུབ་མཆོག་ཅེས་བཤད། །དེ་བཞིན་ཤར་དུ་བལྟས་ན་ནི། །དེ་ཡི་དངོས་གྲུབ་འབྲིང་དུ་འགྱུར། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་གྱི་ནི་དངོས་གྲུབ་འཐོབ། །སོ་ཤིང་དོར་བ་འགའ་ཞིག་ལས། །གལ་ཏེ་ཐུར་དུ་ཁ་བལྟས་ན། །དེ་ནི་ངེས་པར་ས་འོག་གི་།དངོས་གྲུབ་དེ་ལ་ཐེ་ཚོམ་མེད། །ཅེས་པ་བཞིན་འབྱུང་བས་ངེས་པར་མཛད་འཚལ། བརྒྱུད་ནས་རྨི་ལམ་གྱི་སྒོ་ནས་བརྟག་པ་ལ་རྨི་ལམ་གསལ་བའི་ཕྱིར་ཁྱོར་ཆུ་སྦྱིན་པ་ནི། ལས་བུམ་གྱི་ཆུ་དུང་ཞལ་དུ་བླུགས་པ། ༀ་ཨཱཿཧཱུྃ། བཟླ། ཞེས་བྱིན་གྱིས་བརླབས་པ་ལན་གསུམ་བླུད་པ་ལན་གསུམ་འཐུང་མཛོད། ༀ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཿསརྦ་པཱ་པཾ་ནི་་སྱ་སཾ་ཤོ་དྷཱ་ཡ་སརྦ་བི་ཀ་ཝཱ་ཨ་པ་ན་ཡ་ཧཱུྃ། ཞེས་བླུད། དེ་ནས་རྨི་ལམ་གྱི་བར་ཆད་བསྲུང་ཕྱིར་སྲུང་སྐུད་གདགས་པ་ནི། སྲུང་སྐུད་དམར་པོ་ལུས་ཚད་སུམ་ལྟེ་བ་ལ་མདུད་པ་གསུམ་བཏབ་པ་སློབ་མའི་སྒོ་གསུམ་དང་རྨི་ལམ་གྱི་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་གྱུར། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་བཟླས་པ་སྐྱེས་པའི་དཔུང་བ་གཡོན་དང་བུད་མེད་ཀྱི་གཡས་ལ་བཏགས་ཏེ། ལས་སྔགས་བརྗོད་ཅིང་ལས་བུམ་ཆུ་གཏོར། མདུད་སྟེང་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ༀ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཱ་ན་སྭཱ་ཧཱ། ཞེས་བརྗོད། དེ་ནས་རྨི་ལམ་མི་འཁྲུགས་པའི་ཕྱིར་ཀུ་ཤ་སྦྱིན་པ་ནི། ཧཱུྃ་དནིཿལས་བྱུང་བའི་
༡༦༣ཀུ་ཤའི་ཆུན་པོ་ཆེ་ཆུང་སྔོ་ལྗང་རྩ་རྩེ་མ་ཉམས་པ་སློབ་མའི་རྨི་ལམ་མི་འཁྲུག་པའི་ནུས་པ་དང་ལྡན་པར་གྱུར། དྷཱིཿཧཱུྃ། ཞེས་བཟླས་པས་བྱིན་གྱིས་བརླབས་པ། ༀ་བཛྲ་ཏཱིཀྵྞ་ཧཱུྃ། ཞེས་པས་སྦྱིན། ཀུ་ཤའི་སྔས་གདན་ལ་ཉོལ་ལ་རྨི་ལམ་རྟོགས་ཤིག །དེ་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་བཤད་པ་ནི་འདི་ལ་གསན་འཚལ། འཇིག་རྟེན་དུ་ན་ཀུན་མཁྱེན་དག །ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་བྱས་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་བ་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྲོ། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་གཅོད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །དབང་ཐོབ་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ལམ་འདིར་ཁྱོད་ཉིད་འགྲོ་གྱུར་པས། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཅེས་གསུངས་པའི་ཚིག་གི་དོན་ལྟར་གསང་སྔགས་ཀྱི་བསྟན་པ་དང་མཇལ་བ་ལ་དགའ་བ་དང་སྤྲོ་བ་རྒྱ་ཆེར་སྐྱེད་མཛོད། །དེས་སྟ་གོན་གྱི་ཆོས་རྣམས་གྲུབ་པ་ལགས། ཞེས་བརྗོད་དེ་བསྔོ་སྨོན་བྱས་ནས་སློབ་མ་རྣམས་གྱེས། སྒྲུབ་ཐབས་གཤམ་ནས་འབྱུང་བ་ལྟར་ལག་མཆོད། གཏོར་འབུལ། ཚོགས་མཆོད་རྣམས་བྱ། མ་ལྕོགས་ན་
༡༦༤གཏོར་འབུལ་ཙམ་དང་སྒྲུབ་ཐབས་ལྟར་མཆོད་བསྟོད་མདོར་བསྡུས། བཟོད་གསོལ། ལྷ་མགྲོན་བརྟན་བཞུགས། བསྔོ་སྨོན་ཤིས་བརྗོད་བྱས་པས་འགྲུབ་བོ།། །གཉིས་པ་དངོས་གཞི་ལ་གཉིས། དབང་དོན་དཀྱིལ་འཁོར་བསྒྲུབ་པ་དང་། དབང་བསྐུར་བ་དངོས་སོ། །དང་པོ་ནི། སྟེགས་བུའི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། དབུས་སུ་མཉྫིའི་སྟེང་སྔར་སྟ་གོན་བྱས་པའི་རྣམ་རྒྱལ་བུམ་པ་དུང་ཆོས་གཟུངས་རྡོར་བཅས་བཀོད། དཀྱིལ་འཁོར་གྱི་བྱང་ཤར་དུ་ལས་བུམ། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། མདུན་ཏུ་ཐོད་ཆང་། གསང་ཐོད་དང་རིག་ཙཀ་།མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་གཡོན་སྐོར། རྒྱབ་ཕྱོགས་སུ་འབུལ་གཏོར་ལུགས་འདིའི་ཕྱག་བཞེས་ལྟར་གྲུབ་དཀའ་བས་བཤོས་ཟླུམ་གཙོ་འཁོར་ལྔ་རྒྱན་སྤྲོས་བཙོས་པ་བཤམས། ལོགས་གར་བདར་གྲི་གུག །ཐོད་པ། ཁ་ཏྭཱཾ། ཚངས་སྐུད། རུས་པའི་རྒྱན་དྲུག་བཅས་དངོས་སམ་ཙཀླི། སྙན་བརྒྱུད་ཀྱི་གླེགས་བམ། ཕྲེང་བ། དུང་དཀར་རྣམས་དང་། སྦྱོང་ཆས་ཆང་བུ། ཏིལ། མེ་ཆུའི་སྣོད། མིག་དར། མེ་ཏོག །མིག་ཐུར། སློབ་མ་མཆོད་པ་ཉེར་སྤྱོད་ལྔ། སྔོན་གཏོར་སོགས་འདུ་བྱ། དེ་ནས་སྒྲུབ་ཐབས་ཀྱི་དག་པ་གསུམ་དྲན་པ་ནས་བཟུང་བསྐྱེད་བཟླས་དང་གཤམ་གྱི་ལྷར་ལྡང་བར་རྫོགས་པར་བཏང་། དེ་ནས་བུམ་བསྐྱེད་བཟླས་པ་སོགས་གོང་ལྟར་ཚང་བར་བྱ། དེ་ནས་མདུན་བསྐྱེད་དཀྱིལ་འཁོར་བསང་སྦྱང་། ༀ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱཏྨ་ཀོ྅ཧཾ། སྣོད་བཅུད་ཐམས་ཅད་སྟོང་པར་གྱུར། །ཅེས་པ་ནས། ལྟེ་བ་མཐིང་ག་ཡངས་ཤིང་རྒྱ་ཆེ་བ། དེའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། སྣ་ཚོགས་རྡོ་རྗེའི་ལྟེ་བ་བྷྲཱུཾ་དཀར་པོ་ལས། ཞེས་པ་ནས་རང་རིག་དང་བདག་ཉིད་དང་། ཡབ་ཀྱི་གསང་བ་སོགས་ནས་གསལ་བར་གྱུར། ཅེས་པའི་བར་རྣམས་དོར་བས། མདུན་གྱི་ནམ་མཁར་སྤྱན་དྲངས། ཞེས་པའི་བར་བྱས་ནས། སྟ་གོན་གྱི་ལྷ་ལའང་དམིགས་ཏེ་སྤོས་དང་རྡོར་དྲིལ་འཛིན་པས། ༀ། ཁྱབ་བདག་དངོས་པོ་ཀུན་གྱི་རང་བཞིན་ཅན། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །གཤེགས་དང་འབྱོན་པའི་མཚན་མ་མི་མངའ་ཡང་། །ཆུ་ཟླ་བཞིན་དུ་གར་དམིགས་དར་སྣང་བ། །བདུད་དཔུང་འཇོམས་མཛད་དཔལ་ལྡན་ཧེ་རུ་ཀ །བླ་མ་ཡི་དམ་མཁའ་འགྲོའི་འཁོར་དང་བཅས། །བདག་གིས་
༡༦༥དད་པས་དེང་འདིར་སྤྱན་འདྲེན་ན། །དམིགས་མེད་ཐུགས་རྗེའི་དབང་གིས་འདིར་བྱོན་མཛོད། །ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར། ཞེས་པ་ནས། ཛཿཧཱུྃ་བཾ་ཧོཿབརྗོད་དུས་སྟ་གོན་གྱི་ལྟ་བང་མདུན་བསྐྱེད་ལ་ཐིམ་པར་དམིགས་པ་བཅས་ཀྱིས། དབུར་བརྒྱན་པར་གྱུར། ཅེས་པའི་བར་སྒྲུབ་ཐབས་ལྟར་བྱས་ནས། མཆོད་པ་ཁ་གསོས་ལ་བྱིན་རླབས་སྒྲུབ་ཐབས་ལྟར་བྱ། དང་པོར་ཐུན་མོང་མ་ཡིན་པའི་སྔགས་མཆོད་ནི། ལྷ་རེ་རེ་བཞིན་གསལ་བཏབ་ལ་སྒྲུབ་ཐབས་ནས་འབྱུང་བའི་སྔགས་རྣམས་བརྗོད། དེ་ནས་ཕྱི་མཆོད་ནི། ༀ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་མཆོད་ཡོན་མཆོག་འདི་དག །མཆོག་ཏུ་གུས་པས་ཁྱེད་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་སརྦ་ཝཱིར་ཡོ་གི་ནཱི་བཛྲ་ཨཱརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། ༀ། དག་ཅིང་དྲི་མེད སྔགས་ཀྱི་ཞལ་བསིལ་མཆོག་འདི་དག །མཆོག་ཏུ བཞེས་ནས སྔགས་ཐོག་མཐའ་སྔར་ལྟར་ལ་ཨཱརྒྷཾ་གྱི་གནས་སུ། ཨཱ་ཙ་མཱ་ནཾ། སྦྱར། ༀ། དག་ཅིང་དྲི་མེད སྔགས་ཀྱི་འཐོར་འཐུང་མཆོག་འདི་དག །མཆོག་ཏུ བཞེས་ནས ཎཾ ༀ། དག་ཅིང་དྲི་མེད སྔགས་ཀྱི་ཞབས་བསིལ་མཆོག་འདི་དག །མཆོག་ཏུ བཞེས་ནས པཱ་དྱཾ། ༀ། མེ་ཏོག་འདི་ནི་གཙང་ཞིང་དགེ། །དག་པའི་སྐྱེ་གནས་ལས་དག་པ། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བཛྲ་པུཥྤེ ནགས་ཚལ་ལས་བྱུང་ཕན་པ་ཡི། །དག་པའི་དྲི་ལྡང་བདུག་སྤོས་མཆོག །བདག་གིས བཞེས་ནས དྷཱུ་པེ སྲིན་པོ་འཇོམས་ཤིང་དག་བྱེད་ལ། །དགེ་ཞིང་མུན་པ་རྣམ་སེལ་བ། །བདག་གིས བཞེས་ནས ཨཱ་ལོ་ཀེ ལྷན་ཅིག་སྐྱེས་དང་སྦྱར་བའི་དྲི། །ཚིམ་བྱེད་དག་པའི་དྲི་མཆོག་འདི། །བདག་གིས བཞེས་ནས གནྡྷེ བཤོས་གཙང་བཟའ་བ་དང་བཅས་པའི། །ཁ་དོག་དྲི་དང་རོ་ལྡན་པ། །བདག་གིས བཞེས་ནས ནཻ་ཝི་དྱ་
༡༦༦པ་ཊ་ཧ་དང་ཅང་ཏེའུ་དང་། །སྒྲ་དབྱངས་ཡིད་འཕྲོག་སྣ་ཚོགས་པ། །བདག་གིས བཞེས་ནས་བདག་ལ ཤབྡ་པྲ་ ཁྱད་པར་རིག་མ་བཅུ་དྲུག་འབུལ་བ་ནི། རྡོ་རྗེ་ལྷ་མོ་པི་ཝཾ་བརྡུང་། །མཐའ་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །རོལ་པའི་ལྷ་མོ་སྐུ་མདོག་སྔོ། །བླ་མ་ཡི་དམ་མཁའ་འགྲོ་མཆོད། །ༀ་བཛྲ་བཱི་ཎེ་ཧུཾ་ཧཱུྃ་ཕཊ། རྡོ་རྗེ་ལྷ་མོ་གླིང་བུ་འབུད། །རྐང་པ་གསུམ་པར །རོལ་པའི་ལྷ་མོ་སྐུ་མདོག་སེར། །ཝཾ་ཤེ རྡོ་རྗེ་ལྷ་མོ་རྔ་ཆེན་བརྡུང་། །རོལ་པའི་ལྷ་མོ་སྐུ་མདོག་དམར། །མྲྀ་ཏཾ་གེ རྡོ་རྗེ་ལྷ་མོ་རྫ་རྔ་བརྡུང་། །རོལ་པའི་ལྷ་མོ་སྐུ་མདོག་ལྗང་། །མུ་ར་ཛེ བཞད་པ་རྡོ་རྗེ་ལྷ་མོ་ནི། །དམར་སྐྱ་ཕྱག་གཉིས་བཞད་དང་བཅས། །མཐའ་གཉིས་ཐོད་པ་ཅང་ཏེའུ་བརྡུང་། །གསང་བ་མཆོག་གི་དགྱེས་པར་རོལ། །ཧཱ་སྱེ སྒེག་པ་རྡོ་རྗེ་ལྷ་མོ་ནི། །སྔོན་མོ་ཕྱག་གཉིས་སྒེག་དང་བཅས། །རྐང་པ་ཕྱི་མ་གཉིས་སྔར་ལྟར་སྦྱར་ཏེ། ལཱ་སྱེ གླུ་ཡི་རྡོ་རྗེ་ལྷ་མོ་ནི། །སེར་མོ་ཏིང་ཏིང་ཤགས་དང་བཅས། །གཱི་ཏཱི གར་གྱི་རྡོ་རྗེ་ལྷ་མོ་ནི། །ལྗང་གུ་ཕྱག་གཉིས་གར་དང་བཅས། ནྲྀ་ཏྱེ མདོག་དཀར་རྡོ་རྗེ་མེ་ཏོག་ནི། །གཡས་ན་མེ་ཏོག་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །མཆོག་རྣམས་རྡོ་རྗེ་དབྱིངས་མཉེས་མཛོད། །པུཥྤེ མདོག་མཐིང་རྡོ་རྗེ་བདུག་སྤོས་ནི། །གཡས་ན་བདུག་སྤོས་ཅང་ཏེའུ་དང་། །ཚིག་ཕྱི་མ་གཉིས་སྦྱར་ཞིང་། དྷཱུ་པེ མདོག་དམར་རྡོ་རྗེ་མར་མེ་ནི། །གཡས་ན་མར་མེ་ཅང་ཏེའུ་དང་། དཱི་པེ མདོག་ལྗང་རྡོ་རྗེ་དྲི་ཆབ་ནི། །གཡས་ན་དྲི་ཆབ་ཅང་ཏེའུ་དང་། །གནྡྷེ གཟུགས་ཀྱི་རྡོ་རྗེ་མེ་ལོང་བསྣམས། །དཀར་མོ་གཡས་མཐའ་ཅང་ཏེའུ་དང་། །གཡོན་པས་ཐོད་པ་ཁ་ཊྭཱཾ་ག །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་རཱུ་པ་བཛྲི རོ་ཡི་རྡོ་རྗེ་འཁར་གཞོང་བསྣམས། །དམར་མོ་སོགས་གོང་བཞིན་ཏེ། །ར་ས་བཛྲི རེག་གི་རྡོ་རྗེ་ན་བཟའ་བསྣམས། །ལྗང་གུ བཛྲི ཆོས་དབྱིངས་རྡོ་རྗེ་
༡༦༧ཆོས་འབྱུང་བསྣམས། །དཀར་མོ ་དྷཱ་ཏུ་བཛྲི་ཧུཾ་ཧཱུྃ་ཕཊ། རྒྱལ་སྲིད་ནི། རྒྱས་པར་ནི། ལྷ་རྫས་ལས་གྲུབ་སོགས་པས། འཁོར་ལོ་རིན་ཆེན་ནམ་མཁའ་བཀང་སྟེ་འབུལ། །ཞེས་བསྒྱུར་བ་དང་སྔགས་བཅས་ཀྱིས་མཆོད། བསྡུ་ན། གསེར་གྱི་འཁོར་ལོ་ནོར་བུ་རིན་པོ་ཆེ། །བཙུན་མོ་བློན་པོ་གླང་པོ་རྟ་མཆོག་དང་། །དམག་དཔོན་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱིས། །ནམ་མཁའ་བཀང་སྟེ་དཀྱིལ་འཁོར་ལྷ་ཚོགས་མཆོད། །སྔགས་སྔར་ལྟར་གྱི་མཐར། སབྟ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ནང་མཆོད་འདོད་ཡོན་ལྔ་ནི། གཟུགས་ལ་རྣམ་གསུམ་ཤེས་བྱ་སྟེ། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྒྱལ་བ་ནི། །མངའ་བདག་རྡོ་རྗེ་རྣམ་སྣང་མཛད། །ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་སརྦ་ཝཱི་ར་ཡོ་གི་ནཱི་བཛྲ་རཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སྒྲ་ལ་རྣམ་གསུམ་ཤེས ལྷ་རྣམས་ལ་ནི དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་གྲགས་ཆེན་པོ། །རུ་པའི་གནས་ས་ཤབྡ་ཞེས་བཅུག །དྲི་ལ་རྣམ་གསུམ ལྷ་རྣམས་ལ་ནི དེ་ཉིད་བཅོམ་ལྡན་སངས་རྒྱས་ནི། །རིན་ཆེན་ཕུང་པོར་རབ་ཏུ་གྲགས། །གནྡྷེ རོ་ལ་རྣམ་གསུམ ལྷ་རྣམས་ལ་ནི དེ་ཉིད་བཅོམ་ལྡན་འདོད་ཆགས་ཆེ། །རྡོ་རྗེ་ཆོས་ཀྱིས་བཞེས་སུ་གསོལ། །ར་ས རེག་ལ་རྣམ་གསུམ ལྷ་རྣམས་ལ་ནི དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །དོན་ཡོད་འབྲས་བུ་སྟེར་བ་པོ། ། ཞེས་དང་། བདུད་རྩི་འབུལ་བ་ནི། ཧཱུྃ། བདུད་རྩི་ཆང་གི་མཆོད་པ་ནི། །ཚེས་བཅུ་དུས་སུ་ཆང་སྣ་བཞི། །ཤེས་རབ་གཡོན་གྱི་ལག་པ་ལ། །ཐབས་ཆེན་གཡས་ཀྱི་ལག་པས་མཆོད། །མཚན་ལྡན་རྡོ་རྗེའི་ཀ་པཱ་ལ། །ཀ་ནི་གང་དུའང་མི་གནས་པ། །པཱ་ནི་མ་སྐྱེས་སྐྱེ་བ་མེད། །ལ་ནི་བློ་འདས་ཡིད་དང་བྲལ། །སྐུ་གསུམ་མི་འགྱུར་ཀ་པཱ་ལ། །ཟག་མེད་བདེ་བའི་ཆང་ཕུང་གཏམས། །སྐྱེ་འཆི་མེད་པའི་བདུད་རྩི་བླུགས། །ཡི་གེ་གསུམ་གྱི་བྱིན་གྱིས་བརླབས། །
༡༦༨ༀ་གྱིས་ཟག་མེད་བདུད་རྩིར་གྱུར། །ཨཱཿཡིས་སྐྱེ་མེད་བདུད་རྩིར་སྦྱངས། །ཧཱུྃ་གིས་བློ་འདས་བདུད་རྩིར་སྤེལ། །ལན་གསུམ་དཀྲུགས་པས་བདུད་རྩི་འདིས། །ཕ་རོལ་ཕྱིན་དྲུག་ལྷ་མོ་མཆོད། །ས་བཅུ་ནོན་ཕྱིར་བཞེས་སུ་གསོལ། །ༀ་ཨཱཿཧཱུྃ། བདུད་རྩི་མཐེབ་སྲིན་གྱིས་བླང་ཞིང་གཏོར་ནས། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི རྟེན་འབྲེལ་གྱི་རྩ་བ་དཔའ་བོ་མཁའ་འགྲོ་རྣམས་ཀྱི ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། ༀ་ཨཱཿཧཱུྃ། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ༀ་ཨཱཿཧཱུྃ། དེ་བཞིན་དུ། ༀ་ཤྲཱི་བུདྡྷ་ཧེ་ཧེ ཀརྨ་ཧེ་ཧེ་རུ པདྨ་ཧེ་ཧེ་རུ རཏྣ་ཧེ་ཧེ་རུ ཡུམ་བཞི་ནི། ཌཱ་ཀི་ནཱི ལཱ་མྱེ ཁཎྜ་རོ་ཧི རཱུ་པི་ནི ༀ་ཨཱཿཧཱུྃ། ཞེས་མཐེབ་སྲིན་གྱིས་འཐོར་ལ་འབུལ། ༀ་ཨ་མྲྀ་ཏ་སྭཱ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་རང་གིས་མྱོང་། གསང་མཆོད་ནི། ཧོཿ སྲིད་པ་གསུམ་གྱི་བདེ་རྙེད་གཙོ། །ཨ་ལ་ལ་ལ་ལ་ལ་ཧོཿ། །རྒྱལ་བ་བདེ་ཆེན་དགྱེས་པའི་ཚོགས། །པདྨ་ལ་ནི་རྡོ་རྗེ་རོལ། །ཨ་ལ་ལ་ལ་ལ་ལ་ཧོཿ། །ༀ་རྡོ་རྗེ་སེམས་དཔའ་ལེགས་དགྱེས་མཆོད། །རོ་དང་རོ་མཆོག་ཐམས་ཅད་དེ། །དགྱེས་པ་ཆེན་པོའ་བདེ་བ་རྣམས། །རྟག་པར་དངོས་གྲུབ་ཀུན་ལ་ཡང་། །རོལ་ཅིག་རོལ་ཅིག་ལྷ་མོ་ལ། །རྣལ་འབྱོར་མ་ཡི་ཐམས་ཅད་དང་། །བཅོམ་ལྡན་རྡོ་རྗེ་ཆེན་པོ་ནི། །ལྷ་མོའ་པདྨ་རབ་དགྱེས་རོལ། །ཧཱུྃ་ཨ་ལ་ལ་ལ་ཧོ་དགྱེས་ཆེ། །བཅོམ་ལྡན་འདོད་པས་དགྱེས་པ་ཁྱོད། །འདོད་པའི་དངོས་གྲུབ་ལེགས་པར་སྩོལ། །པདྨ་མཆོག་ལ་དགྱེས་པར་རོལ། །ༀ་ཨ་ལ་ལ་ཧོ་དགྱེས་པ་ཆེ། །ཚོགས་ཀྱི་བདེ་བས་དུས་རྟག་ཏུ། །རྡོ་རྗེ་མཆོག་ནི་འཛིན་པ་ཡི། །པདྨའི་ཞལ་མཆོག་དབྱེ་བ་ཡི། །པདྨ་ལ་ནི་རོལ་པར་མཛོད། །ཇི་ལྟར་བུང་བས་
༡༦༩སྦྲང་རྩི་བཞིན། །ལྷ་རྣམས་པདྨ་ཉིད་ལ་རོལ། །ཤྲཱི་མ་ཧཱ་སུ་ཁ་ཧེ་ཧེ་རུ་རུ་ཀཾ་ཨཱཿཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། རང་བཞིན་མེད་པའི་གནས་གོམས་པས། །ལྷ་ཡི་སྙིང་པོ་སྒོམ་བྱེད་པ། །དེ་ནི་མཆོད་པ་ཆེན་པོར་འདོད། །སངས་རྒྱས་ཐམས་ཅད་རྟོགས་བྱེད་པའོ། །མཆོད་གནས་མཆོད་བྱེད་མཆོད་པ་རྣམས། །གང་ཚེ་སྣ་ཚོགས་མི་དམིགས་པ། །དེ་ཚེ་མཆོད་པ་ཆེན་པོ་སྟེ། །རྡོ་རྗེའི་མཆོད་པ་ཞེས་བརྗོད་དོ། །ཞེས་པ་རྣམས་ཀྱིས་མཆོད། བསྟོད་པ་རྐང་བརྒྱད་ནི། ༀ་བཅོམ་ལྡན་མགོན་པོ་དཔའ་བོ་ཆེན་པོ་ནི། །བསྐལ་པའི་མེ་དཔུང་ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་རྒྱན་དུ་བཅིངས། །མཆེ་བ་རབ་གཙིགས་དྲག་ཤུལ་འཇིགས་པའི་ཞལ། །དབུ་ལ་སྤྱན་གསུམ་གཟི་བརྗིད་ལྡན་པ་པོ། །དགྲ་སྟྭ་ཞགས་པ་ཁ་ཊྭཱཾ་མདུང་རྩེ་བསྣམས། །རབ་འཇིགས་སྟག་གི་པགས་པ་སྐུ་ལ་གསོལ། །སྐུ་ཆེན་དུད་ཀ་བགེགས་འདུལ་མཛད་ལ་འདུད། །ༀ། བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་ཆེ། །འཇིག་རྟེན་གསུམ་གཞན་རྒོལ་བས་མི་ཚུགས་ཤིང་། །འབྱུང་པོའ་འཇིགས་ཀུན་རྡོ་རྗེ་ཕག་མོས་འཇོམས། །རྡོ་རྗེའི་གདན་བཞུགས་ཚངས་པ་ལས་རྒྱལ་ཞིང་། །བདུད་ཀྱི་འཇིགས་ཀུན་སྐེམ་ཞིང་ཕམ་མཛད་མ། །སྐྱེ་གནས་འབྱུང་བ་ཀུན་གྱི་རང་བཞིན་གཟུགས། །ས་གསུམ་དབང་ཕྱུག་ཆོས་རྣམས་ཡོངས་རྫོགས་མཛད། །རྣལ་འབྱོར་འདོད་པའི་དབང་ཕྱུག་མ་ལ་འདུད། །རྒྱ་གཞུང་ནས། ༀ། རྒྱལ་བའི་སྤྲུལ་པ་དུས་མཐའི་མེ་ལྟར་རབ་ཏུ་འཇིགས་མཛད་ཅིང་། །རཾ་རཾ་རྣམ་འཕྲུལ་ཨུཏྤལ་སྔོ་འདྲ་ཉི་མ་བརྒྱ་ཡི་གཟི། །རྡོ་རྗེ་དང་ནི་ཁ་ཊྭཱཾ་ག་བཅས་ༀ་ༀ་དག་དང་ལྡན། །ཚངས་དང་ལྷ་ཆེན་ཁྱབ་མཇུག་མགོ་བཅད་དབུ་ཡི་ཅོད་པན་མཛད། །ཧཱུྃ་ཧཱུྃ་ཕཊ་ཕཊ་ཧ་ཧ་ཞེས་བྱ་ཁྲོ་བ་དང་བཅས་པ། །མི་ཡི་སེང་གེ་དྲེགས་པ་འཇོམས་མཛད་འཇིགས་པ་ཞབས་གནོན་ཅིང་། །ཨ་ལ་ལ་ཡི་སྒྲ་སྒྲོགས་བགེགས་རྣམས་ཡོངས་སུ་
༡༧༠འདུལ་བར་མཛད། །ཅང་ཏེའུའི་སྒྲ་སྒྲོགས་ལྷ་ཆེན་ཁྱབ་འཇུག་སྟག་གི་པགས་པ་བསྣམས། །ཐུགས་རྗེས་ཆེར་སྤྲུལ་རབ་ཁྲོས་ཛཿཧཱུྃ་བཾ་ཧོཿཧཱུྃ་མཛད་ཅིང་། །གིང་རིང་ཕོ་མོ་ཞབས་ཀྱིས་མནན་ཅིང་སྐུ་རྩར་རབ་ཏུ་བཞུགས། །ལྷ་རྣམས་མགོ་ལ་ཞབས་མནན་བདེ་གཤེགས་ལྔ་ཡི་དབུ་རྒྱན་ཅན། །ལྷ་རྣམས་ཐམས་ཅད་འཁོར་གྱིས་འཁོར་ལོ་ཡོངས་སུ་བསྐོར་མཛད་པ། །ཧུ་ལུ་ཧུ་ལུ་ཛ་ཛཾ་ཛཾ་ཏྲཾ་བཾ་རྒྱུ་མ་ཐོད་རློན་གྱིས། །ཕྲེང་བ་མཛད་ཅིང་རྡོ་རྗེ་མཁའ་འགྲོ་འཇིགས་པའི་ཁྲོས་པ་ཡི། །གླུ་སྒྲ་མི་བཟད་ཧུ་ལུ་ཧུ་ལུས་རབ་ཏུ་རྨོངས་མཛད་མ། །རྡོ་རྗེ་ཆེན་མོ་མཱ་མ་ཀིས་ནི་སྐུ་ལུས་རྣམ་པར་རྒྱན། །དུར་ཁྲོད་རབ་ཏུ་འཇིགས་ཤིང་གར་གྱིས་འཁོར་ལོའ་ཚོགས་སྐྲག་མཛད། །ཀ་ཧ་ཀ་ཧའི་བཞད་སྒྲ་ཧི་ཧིས་གནོད་བྱེད་སྐྲག་རེངས་མཛད། །བརྐྱང་བསྐུམ་ཚུལ་གྱིས་བཞུགས་ཤིང་བཾ་ནི་པཾ་ནིས་ལུས་ལ་རྣམ་པར་བརྒྱན། །བསྐལ་པ་གྲངས་མེད་རྒྱུན་མི་འཆད་པའི་དུས་ཀྱི་མཐར་ཡང་ནི། །ཧ་ན་ཧ་ན་ད་ཧ་ད་ཧ་ཕཊ་ཀྱི་མཛད་པ་ཅན། །སྟོང་པའི་ངང་ལས་སྐུ་གསུང་ཐུགས་ཀྱི་སངས་རྒྱས་རྣམ་པར་འཕྲོ། །ཕྱིན་ཅི་ལོག་དང་སྡང་བ་མཐའ་དག་མ་ལུས་ཞི་མཛད་ཅིང་། །ཀུ་ལུ་ཀུ་ལུ་ཛཾ་ཛཾ་ཡཾ་ཡཾ་དག་གིས་ཞི་བར་མཛད། །ནམ་མཁའི་མཐའ་དང་མཉམ་པའི་ཏིང་འཛིན་ཐུགས་ནི་རྣམ་པར་སྨིན། །བདེ་བ་ཆེན་པོའ་མགོན་ཁྱོད་མཾ་མཾ་ཞེས་ནི་མཛད་པ་ཅན། །སེམས་ཅན་དོན་དུ་ཐུགས་རྗེ་ཆེན་པོས་དགྱེས་པར་མཛད་པ་པོ། །ཨཱ་ལི་ཀཱ་ལིའི་རྣལ་འབྱོར་པ་ཡི་སྡོམ་པ་གསལ་མཛད་ཅིང་། །བཅོམ་ལྡན་རྡོ་རྗེ་མཁའ་འགྲོས་དམ་ཚིག་མ་ལུས་སྟོན་མཛད་པའི། །ཧེ་རུ་ཀ་དཔལ་བརྟན་གཡོའ་བདག་པོ་དེ་ལ་ཕྱག་འཚལ་ལོ། །ཧཱུྃ། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་ཅིང་། །སྣང་སྟོང་མེ་ལོང་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་རྣལ་འབྱོར་མ་དང་མཉམ་སྦྱོར་བའི། །རྡོ་རྗེ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་ཅིང་། །སྤྲོས་བྲལ་ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་མཁའ་འགྲོ་མ་དང་མཉམ་སྦྱོར་བའི། །བུདྡྷ་ཧེ་རུ་ཀ་ལ་ཕྱག་
༡༧༡འཚལ་ལོ། །ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་ཅིང་། །ཕྲིན་ལས་བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །ལཱ་མ་མཁའ་འགྲོ་མ་དང་མཉམ་སྦྱོར་བའི། །ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་ཅིང་། །སྣ་ཚོགས་སོར་རྟོག་ཡེ་ཤེས་ངོ་བོ་ཉིད། །དུམ་སྐྱེས་མཁའ་འགྲོ་མ་དང་མཉམ་སྦྱོར་བའི། །པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་ཅིང་། །བདེ་ཆེན་མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །གཟུགས་ཅན་མཁའ་འགྲོ་མ་དང་མཉམ་སྦྱོར་བའི། །རཏྣ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧཱུྃ་གི་རྡོ་རྗེ་ལས་བྱུང་ཆར་སྤྲིན་མདོག །དགའ་བ་རྣམ་དག་དྲག་པོའ་ཞལ་བཞི་ལྡན། །གར་གྱི་ཉམས་དགུས་གདུག་པ་མ་ལུས་འདུལ། །ཧཱུྃ་མཛད་རྡོ་རྗེ་དེ་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་བཅུ་གཉིས་དག་པའི་ས་རྣམས་རྫོགས། །བཅུ་གཉིས་ཕྱག་གིས་མཚོན་ཆ་སྣ་ཚོགས་བསྣམས། །ཡུལ་དང་ཡུལ་ཅན་རྣམ་རྟོག་གཅོད་མཛད་པ། །ངོ་མཚར་མཚོན་ཆ་བསྣམས་ལ་ཕྱག་འཚལ་ལོ། །ཧཱུྃ་གིས་ང་རོས་སྲིད་གསུམ་སྐྲག་མཛད་ཅིང་། །རྔམས་པའི་རྐན་སྒྲས་ཕཊ་ཅེས་སྒྲ་སྒྲོགས་ཤིང་། །བདུད་དང་བགེགས་ཚོགས་གདུག་པ་མ་ལུས་འདུལ། །རྣམ་རྟོག་བགེགས་འདུལ་འཇོམས་ལ་ཕྱག་འཚལ་ལོ། །ཧཱུྃ། སྤྲོས་བྲལ་བདེ་ཆེན་པདྨ་རཱ་གའི་མདོག །སྟོང་ཉིད་འོད་གསལ་དུས་གསུམ་བདེར་གཤེགས་ཡུམ། །གཟུང་འཛིན་རྟོག་པའི་དྲྭ་བ་འཇོམས་མཛད་པའི། །བདེ་ཆེན་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ས་ཆུ་མེ་རླུང་འབྱུང་བཞི་རྣམ་དག་པ། །དག་པའི་ཞལ་བཞིས་རིགས་ཀྱི་ཡུམ་བཞིར་རོལ། །དྲན་པ་ཉེར་བཞག་ཡེ་ཤེས་བཞི་ཡི་དངོས། །མཁའ་འགྲོ་མ་ཚོགས་ཡུམ་ལ་ཕྱག་འཚལ་ལོ། །སེམས་ཀྱི་རྣམ་འཕྲུལ་ས་བླའི་སྲིད་པ་སྦྱོང་། །ཞེ་སྡང་རྣམ་དག་ཐུགས་ཀྱི་འཁོར་ལོར་སྣང་། །ཐོད་པའི་དུམ་བུ་རབ་གཏུམ་མ་ལ་སོགས། །གནས་དང་ཉེ་གནས་རྣམ་ལ་ཕྱག་འཚལ་ལོ། །གསུང་གི་སྤྲོས་པས་ས་སྟེང་སྲིད་
༡༧༢པ་སྤྱོད། །འདོད་ཆགས་རྣམ་དག་གསུང་གི་འཁོར་ལོར་སྣང་། །མྱུ་གུ་ཅན་དང་ས་སྲུང་མ་ལ་སོགས། །ཞིང་དང་ཉེ་ཞིང་བཞུགས་ལ་ཕྱག་འཚལ་ལོ། །སྐུ་ལ་རོལ་པས་ས་འོག་སྲིད་པ་སྤྱོད། །གཏི་མུག་རྣམ་དག་སྐུ་ཡི་འཁོར་ལོར་སྣང་། །སྟོབས་པོ་ཆེ་དང་འཁོར་ལོའ་ཤུགས་ཅན་སོགས། །འདུ་དང་ཉེ་འདུར་བཞུགས་ལ་ཕྱག་འཚལ་ལོ། །ཡང་དག་ལས་མཐའ་འཚོ་བ་རྩོལ་དང་དྲན། །བདེ་ཆེན་དགའ་ལ་མོས་དང་གཙོ་ལ་ཕྱོགས། །གདུག་པའི་དགྲ་བགེགས་མ་ལུས་འདུལ་མཛད་པའི། །སྒོ་བཞིའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །བརྩོན་འགྲུས་རྣམ་དག་ཡང་དག་སྤོང་བ་བཞི། །གཤིན་རྗེ་བརྟན་མ་ལ་སོགས་ལྷ་མོ་རྣམས། །ཕྱོགས་གཉིས་འཛིན་པའི་སྐུ་མདོག་ཕྱེད་གཟུགས་ཞལ། །གཙོ་ཆེན་མཚམས་མ་རྣམས་ལ་ཕྱག་འཚལ་ལོ། །རིན་ཆེན་ལས་གྲུབ་དཔག་མེད་གཞལ་ཡས་ཁང་། །བྱང་ཆུབ་མཆོག་གི་ཆོས་རྣམས་ཡོངས་སུ་རྫོགས། །གཙོ་བོ་བདེ་ཆེན་ཐུགས་ཀྱི་སྣང་བ་སྟེ། །རྒྱན་དང་ལྷ་མོས་མཛེས་ལ་ཕྱག་འཚལ་ལོ། །བདེར་གཤེགས་བརྒྱད་ནི་བསྟན་པའི་སྙིགས་མར་འབྱུང་། །བདག་མེད་འཁོར་ལོ་དུར་ཁྲོད་བརྒྱད་དུ་བྱུང་། །བྱང་ཆུབ་རྟེན་དུ་ཤིང་བརྒྱད་མངོན་དུ་གྱུར། །འཇིག་རྟེན་ཆོས་བརྒྱད་བསྲེགས་ལ་ཕྱག་འཚལ་ལོ། །ཞེས་དཔལ་ནཱ་རོ་པས་མཛད་པས་བསྟོད། །སྒྲུབ་ཐབས་ལྟར། ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ཐུགས་རྡོ་རྗེ་སོགས་བཟླས་དམིགས་བཟླས་པ་བཅས་ཇི་ལྟར་འོས་པར་བྱས་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ་བོ། །དེ་ནས་སློབ་མ་འཇུག་པ་ལྟར་བདག་འཇུག་རྫོགས་པར་བླངས་པའི་མཐར་བདེན་སྟོབས་བརྗོད་པ་ནི། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་བདག །རྡོ་རྗེ་སེམས་དཔའ་ཆེའི་རང་བཞིན། །བདེ་མཆོག་འཁོར་ལོར་བདག་གྲུབ་མཛོད། །ཀུན་མཆོག་ཡོན་ཏན་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་
༡༧༣ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་གྲུབ་མཛོད། །ཤིན་ཏུ་དགའ་བ་རྣམས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་སྟོན་པ། །རྡོ་རྗེ་སྙེམས་མ་བདག་གྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཡིན་ཏེ། །འདོད་ཆགས་མཆོག་གི་དམ་ཚིག་མཆོག །ཅེས་དང་། ཤེས་རབ་ཐབས་བདག་དཀྱིལ་འཁོར་འདིར། །བདེན་པ་གང་གི་ཡེ་ཤེས་མཆོག །བདེན་པ་འདི་ཡི་མགོན་ཁྱོད་ཀྱིས། །བདག་གི་འདོད་པ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །དེ་བཞིན་གཉིས་མེད་ལས་བྱུང་བ། །བདེན་པ་དེ་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །དེ་ནས་སྒྲུབ་ཐབས་ལྟར་སྔགས་རྣམས་ཀྱིས་མཆོད་དོ། །གཉིས་པ་དངོས་གཞིའི་དབང་བསྐུར་བ་ནི། སློབ་མ་རྣམས་ལ་སྒོ་དྲུང་དུ་ཁྲུས་བྱས་ཕྱག་འཚལ་གྲལ་དུ་འཁོད་པ་ལ་མེ་ཏོག་བཀྲམ་བསྡུ་དང་། ཀུན་སློང་བཅོས་པ་ཆོས་བཤད་ཅི་རིགས་བཅས་ཀྱིས་མཚམས་སྦྱར་ཏེ། འདིར་སྒྲ་བསྒྱུར་མར་པའི་ཐུགས་བཅུད་བདེ་མཆོག་འཁོར་ལོ་ལྷ་བཅུ་པ་དྭགས་པོའ་སྙན་བརྒྱུད་ལུགས་ཀྱི་དབང་བསྐུར་བགྱི་བ་ལ་སློབ་དཔོན་གྱིས་བགྱི་འོས་མཐའ་དག་ལེགས་པར་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དཀྱིལ་འཁོར་དུ་འཇུག་པའི་སྐོར་དང་། ཞུགས་པ་ལ་མངོན་པར་དབང་བསྐུར་བ་གཉིས་ལས། དང་པོ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཆེད་དུ་མཎྜལ་ཕུལ་མཛོད། དེ་ནས་
༡༧༤སྙིམས་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས། ཞེས་ཁ་བསྐང་། དེ་ནས་རིགས་ངེས་པར་བྱ་བའི་ཕྱིར་སློབ་དཔོན་གྱིས་འདི་སྐད་དྲིས་པའི་མོས་པ་མཛོད། །ཀྱཻ་སྡུག་པ་ཁྱོད་སུ་ཡིན། །ཞེས་དྲིས་པའི་ལན་བཏབ་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། བདེ་བ་ཆེན་པོར་མོས་པ་བདག་ནི་སྐལ་པ་བཟང་པོའོ། །དེ་ནས་འདུན་པ་ངེས་ཕྱིར་འདི་སྐད་དྲིས་པའི་མོས་པ་མཛོད། བུ་ཁྱོད་ཅི་ཞིག་འདོད། །ཅེས་དྲིས་པའི་ལན་བཏབ་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། སངས་རྒྱས་མཆོག་གི་དམ་ཚིག་འདོད་དེ་འཚལ་ལོ། །ཏིལ་དང་མེ་སྣོད་ཆུ་སྣོད་རྣམས་འདུ་བགྱིས་ཏེ། དེ་ནས་སྡིག་པ་སྦྱང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་རྐང་མཐིལ་དུ་ཡཾ། ལྟེ་བར་རཾ། དེའི་སྟེང་དུ་ཧཱུྃ། སྙིང་གར་སྡིག་པའི་ངོ་བོ་ཀཾ་ནག་པོ་རྣམས་སྒོམས། རྐང་མཐིལ་གྱི་ཡཾ་ལས་རླུང་གཡོས། རཾ་ལས་མེ་འབར་བ་དང་། དེའི་སྟེང་གི་ཧཱུྃ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དུ་གྱུར་པས། སྙིང་གའི་ཀཾ་དེད་དེ་སྣ་སྒོ་ནས་ཐོན། སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་ཏིལ་ལ་ཐིམ་པ་མེས་བསྲེགས་ཤིང་། ཆུས་སྦྱངས་པའི་མོས་པ་མཛོད། ཏིལ་མེ་དང་ཆུར་འདེབས་ཤིང་། ༀ་བཛྲ་།།།་ཏྲཻ་ལོ་ཀྱ་བི་ཛ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷ་སྨིན་ཀུ་རུ་ཧཱུྃ་ཕཊ། ཅེས་མང་དུ་བཟླ། དེ་ནས་ཆང་བུ་མང་པོ་ལ་ཆབ་བྲན། ༀ་བཛྲ་ཨ་མྲྀ་ཏ་སོགས་ཀྱིས་བསང་། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་བརླབ། བདེན་སྟོབས་བརྗོད་ལ་བགེགས་འགུགས། ཆ་གསུམ་ལྟར། གུང་ཀ་རིས་བསྔོ། ཨཱརྒྷཾ་སོགས་ཀྱིས་མཆོད། གང་ཞིག་མཚན་མོར་རྒྱུ་བ་ཡི། །སོགས་ཀྱིས་ཕྲིན་ལས་བཅོལ། སུམྦྷ་ནིའི་སྔགས་ཀྱིས་བགེགས་བསྐྲད། ༀ་བཛྲ་རཀྵ་རཀྵ་ཧཱུྃ། རྡོ་རྗེའི་སྲུང་འཁོར་བརྟན་པོས་བསྲུང་བར་གྱུར་པའི་མོས་པ་མཛོད། དེ་ནས་ཁྱེད་རང་སྐད་ཅིག་གིས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པས་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། ཧེ་རུ་ཀའི་ཆ་བྱད་ཐམས་ཅད་
༡༧༥རྫོགས་པའི་སྐུར་གྱུར། དེའི་སྤྱི་བོར་ༀ་ཧཿདཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ན་མ་ཧཱི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ་དམར་པོ་པདྨ་གར་དབང་། ཕྲག་པ་གཉིས་སུ་བཽ་ཥཊ་ཧེ་ནག་པོ་མི་བསྐྱོད་པ། མིག་གཉིས་སུ་ཧཱུྃ་ཧོཿདམར་སེར་རྡོ་རྗེ་ཉི་མ། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་ལྗང་གུ་དཔལ་རྟ་མཆོག་སྟེ། ངོ་བོ་ལྷ་ལ་རྣམ་པ་ཡི་གེའི་གོ་ཆས་རྒྱས་བཏབ་པའི་མོས་པ་མཛོད། དེ་ནས་སྔོན་ཆད་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་ཆེན་པོ་མ་མཇལ་བའི་བརྡར་རས་ཡུགས་དམར་པོ་རེ་གདོང་གཡོགས་སུ་བྱིན་པའི་མོས་པ་མཛོད། ༀ་ཙཀྵུ་རྦྷནྡྷ་ཝ་ར་མཱ་ན་ཡ་ཧཱུྃ། ཞེས་སྦྱིན། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་གྱི་སླད་དུ་ཨུ་དུམྦཱ་ར་ལ་སོགས་པའི་མེ་ཏོག་གི་ཆུན་པོ་ཁ་དོག་ལྔ་བ་རེ་བྱིན་པའི་མོས་པ་མཛོད། ༀ་ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་སྦྱིན། ཇི་སྐད་དུ། དཀྱིལ་འཁོར་དུ་ནི་འཇུག་པ་ལ། །གོང་མ་གོང་མའི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་བསྲུང་བྱ་སྟེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅུང་ཟད་ཡོད་མ་ཡིན། །ཅེས་གསུངས་པ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་འཛིན་དགོས་པས་ཐོག་མར་སྡོམ་པ་ཞུ་ཕྱིར་མཎྜལ་ཕུལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་ཕྱག་འཚལ། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །དེ་ནས་བླ་མེད་སྔགས་ཀྱི་སེམས་བསྐྱེད་པའི་སླད་དུ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པར་བྱའོ་སྙམ་པའི་བློ་དུང་བ་རེ་སྐྱེང་མཛོད། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་ལྷར་གསལ་བའི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་བདེ་བ་ཆེན་པོའ་རང་བཞིན་ཏུ་མོས་མཛོད། དེ་ནས་ཆོས་ཐམས་ཅད་སྤྲོས་པ་ཐམས་ཅད་
༡༧༦དང་བྲལ་བ་ནམ་མཁའ་ལྟ་བུའོ་སྙམ་པའི་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རེ་གྱུར་པར་མོས་ལ་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པའི་བློས་འདིའི་རྗེས་ཟློས་མཛོད། ༀ་བོ་དྷི་ཙིཏྟ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། དེ་ཉིད་སློབ་དཔོན་གྱིས་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཞག་སྟེ་བརྟན་པར་བྱས་པའི་མོས་པ་མཛོད། ༀ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ནས་གསང་བར་གདམས་པ་ནི། །རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོག་ཏུ་གསང་བའི་དཀྱིལ་འཁོར་དུ་ཞུགས་ཀྱི། གཞན་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱའོ། །ཁྱོད་ཀྱིས་མ་དད་པར་ཡང་མི་བྱའོ། །དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས། གཞན་ཡང་སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་ཐུན་མོང་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དེས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་འཛིན་ཅིང་སྲུང་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས། དེ་ནས་ཐུན་མོང་མ་ཡིན་པ་སྔགས་ཀྱི་སྡོམ་པ་འཛིན་ཅིང་སྲུང་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བས་ནི། །དུས་ནི་འདི་ནས་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་
༡༧༧མི་སྤང་ངོ་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །དེ་ནས་ཁྱད་པར་གྱི་དམ་ཚིག་རྩ་ལྟུང་བཅུ་བཞི་དང་སྦོམ་པོ་བརྒྱད་དེ་ཉེར་གཉིས་པོ་རྣམས་འཛིན་ཅིང་སྲུང་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གིས་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པ། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་གཟུང་། །དེ་ནས་གཞལ་ཡས་ཁང་དུ་འཇུག་པར་ཞུ་བའི་སླད་དུ་མཎྜལ་ཕུལ།
༡༧༨དེ་ནས་སྙིམས་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དོན་དམ་སྨྲ་བའི་སེང་གེའི་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་སྐྱེད་རྩའི་ཉོན་མོངས་ཆོམས་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་གྲུབ་པར་མཛོད། །ཅེས་གསོལ་བ་བཏབ་པའི་ལན་དུ་གནང་བ་སྦྱིན་པ་ནི་འདི་ལ་གསན་འཚལ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའ་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་གནང་བ་བྱིན་ནས་སློབ་དཔོན་གྱིས་ཁྱེད་རང་ཧེ་རུ་ཀར་གསལ་བ་དཀྱིལ་འཁོར་གྱི་ཤར་སྒོ་ནས་ནང་དུ་ཁྲིད་པའི་མོས་པ་མཛོད། ཧཱུྃ་ཛ་ཧཱུྃ། ནང་དུ་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གསལ་བར་བཞུགས་པ་རྣམས་ལ་ཐལ་མོ་གནས་གསུམ་དུ་སྦྱར་ཏེ་སྐུ་གསུང་ཐུགས་ལ་ཕྱག་འཚལ་བའི་མོས་པས་འདིའི་རྗེས་ཟློས་མཛོད། །ༀ་ན་མཿཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མཿཧཱུྃ། ཡང་ཤར་སྒོའི་ཐད་ཀྱི་ཁྱམས་ནས་ཕྱག་འཚལ་བར་མོས་པས་འདིའི་རྗེས་ཟློས་མཛོད། ༀ་སརྦ་ཏ་ཐ་ག་ཏ་བཱི་ར་ཡོ་གི་ནི། པཱུ་ཛ་ཨུ་པ་སྠཱ་ཡ། ཨཱཏྨ་ནཱཾ་ནི་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་ག་ནཱི། ཨཱཏྨ་ཌཱ་ཀི་ནཱི། ཨཱདྷི་ཏིཥྛ་སྭཱ་མཱཾ། ཡང་གཡོན་སྐོར་གྱིས་སོང་སྟེ་བྱང་སྒོའི་ཐད་ནས་ཕྱག་འཚལ་བར་མོས་པས་འདིའི་རྗེས་ཟློས་མཛོད། ༀ་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི། པཱུ་ཛ་ཀརྨ་ནི། ཨཱཏྨ་ནཱཾ་ནི་་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི། ཨཱཏྨ་ལཱ་མ་ཡེ་བཛྲ་ཀརྨཱ་ཀུ་རུ་མཱཾ། ཡང་གཡོན་སྐོར་གྱིས་སོང་སྟེ་ནུབ་སྒོའི་ཐད་ནས་ཕྱག་འཚལ་བར་མོས་པས་འདིའི་རྗེས་ཟློས་མཛོད། ༀ་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི། པཱུ་ཛ་པྲ་ཝརྟ་ནཱ་ཡ། ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི། ཨཱཏྨ་ཁཎྜ་རོ་ཧི། བཛྲ་དྷརྨ་པྲ་ཝརྟཱ་ཡ་མཾ། ཡང་གཡོན་སྐོར་གྱི་སོང་སྟེ་ལྷོ་སྒོའི་ཐད་ནས་ཕྱག་འཚལ་བར་མོས་པས་འདིའི་རྗེས་ཟློས་མཛོད། ༀ་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི། པཱུ་ཛ་ཨ་བྷི་ཥེ་ཀ་ཡ། ཨཱཏྨ་ནཱཾ་ནི་ཏ་ཡཱ་མི། སརྦ་ཏ་ཐཱ་ག་
༡༧༩ཏ་བཱི་ར་ཡོ་གི་ནཱི། རཱུ་པི་ནི། བཛྲ་རཏྣ་ཨ་བྷི་ཥིཥྩ་མཱཾ། དེ་རྣམས་ཀྱིས་ཕྱི་འཇུག་གྲུབ། གཉིས་པ་ནང་འཇུག་གི་སྔོན་འགྲོ་དམ་ལ་བཞག་པ་ལ་བཞི་ལས། དང་པོ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་མགོར་བཞག་ལ། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་རིགས་སུ་ཞུགས་ཀྱི། ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་འཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། གཉིས་པ་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་བཞག་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་གྱུར་ཏེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །གསུམ་པ་ཕན་ཡོན་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། དུང་ཞལ་གྱི་ཆུར་ནང་མཆོད་བཏབ་པ་བྱིན་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཧཱུྃ། བཞི་པ་རྡོ་རྗེ་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་ལ། དེང་ཕྱིན་ཆད་ཁྱོད་ཀྱི་ཧེ་རུ་ཀ་ང་ཡིན་གྱི། གང་ངས་འདི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱི་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །བྱས་ན་ཁྱོད་མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། དེ་ནས་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བླ་མ་དམ་པ་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛད་དུ་གསོལ། དེ་ནས་ཡེ་ཤེས་དབབ་པའི་སླད་དུ་ཁྱེད་རང་རྣམས་སྐྱིལ་ཀྲུང་མཉམ་བཞག་གི་ཕྱག་རྒྱ་དང་།
༡༨༠ལུས་དྲང་པོར་བསྲང་། ལྟ་སྟངས་ནམ་མཁའ་ལ་གཏོད། རིག་པ་ཧུར་བཏོན་ཏེ། སྐད་ཅིག་གིས་ཁྱེད་རང་དཔལ་འཁོར་ལོ་སྡོམ་པ་སྔོན་པོ་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་ཏེ་འཛིན་པས་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པར་འཁྱུད་པ། ཞབས་གཡས་བསྐུམས་པའི་སྟབས་ཀྱིས་བཞེངས་པ། དེའི་ཐུགས་ཀར་ཉི་ཟླ་གཡས་གཡོན་དུ་འཁོར་བའི་གདན་ལ་ལྷན་སྐྱེས་ཡབ་ཡུམ་སྐུ་ཤིན་ཏུ་ཕྲ་བ། ཅང་ཏེའུ་དང་དྲིལ་བུ་འཁྲོལ་བ། གར་མཛད་ཅིང་ནམ་མཁའ་ལ་གཟིགས་ནས་ཕེཾ་གྱི་སྒྲ་སྒྲོགས་པ། ཉི་མ་བྱེ་བ་དུ་མ་ལས་ཀྱང་ཆེས་ཆེར་འབར་བའི་འོད་ཟེར་གྱིས་ས་གསུམ་གྱི་དཔའ་བོ་དང་། རྣལ་འབྱོར་མ་དང་། དུས་གསུམ་གྱི་བདེ་བར་གཤེགས་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་བསྡུས་ཏེ་སྤྱན་དྲངས་ནས་བྱོན་པ་རྣམས་ཁྱེད་རང་གི་སྤྱི་བོའ་གཙུག །དབང་པོའ་སྒོ། བ་སྤུའི་བུ་ག་རྣམས་ལ་ཆར་བབས་པ་ལྟར་སིབ་སིབ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །སྤོས་རོལ་ཌཱ་དྲིལ་དང་བཅས་ཏེ་ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་བཞིའི་མཐར། ༀ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་ཝེ་ཤ་ཡ་ཧཱུྃ། ༀ་ཤྲཱི་ཧེ་རུ་ཀཱ་བིདྨ་ཧེ་བིདྱཱ་རཱ་ཛ་ཡ་དྷཱི་མ་ཧེ་སྭཱ་ཧཱ། ཞེས་མང་དུ་བཟླ། དེ་ལྟར་ཡེ་ཤེས་ཕབ་པ་དེ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་བརྗོད། དེ་ནས་དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར་མིག་མིག་རས་དང་བཅས་ཏེ་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་ལྟོས་ལ་ཁ་དོག་གང་མཐོང་བ་དེ་ང་ལ་སྨྲོས་ཤིག །ཅེས་སྨྲས་པས་ལན་དུ། སྣ་ཚོགས་མཐོང་། རང་རང་གིས་གང་མཐོང་ལན་གསོལ། དེའང་དཀར་པོས་ཞི་བ། སེར་པོས་རྒྱས་པ། དམར་པོས་དབང་། སྔོན་པོ་དང་ནག་པོས་དྲག་པོ། ལྗང་གུ་དང་ཁྲ་བོས་ཕྲིན་ལས་སྣ་ཚོགས་འགྲུབ་པར་འགྱུར་རོ། །དེ་ནས་སློབ་མ་ལྷག་པའི་ལྷ་དང་ངོ་སྤྲད་པའི་ཕྱིར་བདེན་པའི་སྟོབས་བརྗོད་པ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་ཕོ་བྲང་མཆོག །སྙིང་པོའ་དཀྱིལ་འཁོར་འདི་ཉིད་དུ། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དག །བསོད་ནམས་
༡༨༡ཇི་ལྟ་དེ་ལྟར་ཤོག །འདི་ཡིས་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །དེ་ཡི་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །དེ་ནས་དཀྱིལ་འཁོར་ལ་མེ་ཏོག་འབུལ་བ་ནི། འདི་ན་དཔལ་འཁོར་ལོ་སྡོམ་པ་ལྷ་བཅུ་བའི་དཀྱིལ་འཁོར་དུ་བཞུགས་པ་ཡིན་ཅིང་། དེའང་གཙོ་བོའ་ཡེ་ཤེས་ཀྱི་རྣམ་རོལ་ལས་རྒྱུད་ཐ་དད་པའི་གཙོ་འཁོར་མེད་ཀྱང་སྔོན་ནས་ལས་ཀྱིས་འབྲེལ་བའི་རིགས་དེ་ལ་འབབ་པར་གྱུར་ཅིག་སྙམ་དུ་ཡིད་ཀྱིས་བསམ་པ་སྔོན་དུ་འགྲོ་བས་དངོས་སུ་ཕྱག་གི་མེ་ཏོག་གི་ཕྲེང་བ་རིན་པོ་ཆེའི་ཕྲེང་བ་རིན་ཐང་བརྗོད་པ་དང་བྲལ་བར་གྱུར་པ་གཙོ་བོའ་དབུའི་རྒྱན་དུ་ཕུལ་པའི་མོས་པས་འདིའི་རྗེས་ཟློས་མཛད་དེ་མེ་ཏོག་གི་དཀྱིལ་འཁོར་དུ་ཕུལ་མཛོད། ༀ་པྲ་ཏཱི་ཙྪ་བཛྲ་ཧོཿ དེ་ནས་མིག་དབྱེ་བ་ནི། སློབ་དཔོན་གྱིས་རྡོ་རྗེ་ཡེ་ཤེས་ཀྱི་ཐུར་མས་ཁྱེད་རང་གི་མ་རིག་པའི་ལིང་ཏོག་སལ་ནས་ཐམས་ཅད་མཁྱེན་པའི་སྤྱན་དུ་བྱས་པའི་མོས་པ་མཛོད། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ༀ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་ཧྲཱིཿཔྲཱཾ། ཞེས་མིག་རས་དབྱེ། དེ་ནས། ཧེ་བཛྲ་པཱ་ཤྱ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ང་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་རྣལ་འབྱོར་མའི་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང་། །དངོས་གྲུབ་ཀུན་ཁྱོད་མངོན་སུམ་གྱུར། །དམ་ཚིག་ཐམས་ཅད་སྐྱོང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་དཀྱིལ་འཁོར་བལྟ་བར་བསྐུལ་ནས། འདི་ན་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་བཞུགས་པ་ཡིན་ཏེ། དེའང་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་སྣ་ཚོགས་པདྨའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས། ཞེས་པ་ནས། འཇིགས་བྱེད་དང་དུས་མཚན་གྱི་གདན་དང་བཅས་པ་ནི་རྟེན་དང་། བརྟེན་པ་ལྷ་ནི་གདན་དབུས་མའི་སྟེང་དུ་
༡༨༢བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག །ཅེས་པ་ནས། གར་གྱི་ཉམས་དགུ་དང་ལྡན་པ། ཡབ་ཀྱི་པང་དུ་བཅོམ་ལྡན་འདས་མ། ཞེས་པ་ནས། བདག་ཉིད་དོ། །ཞེས་པའི་བར་དང་། ཤར་དུ་བུདྡྷ་ཧེ་རུ་ཀ །ནས། བདུད་རྩིས་གང་བ་རེ་རེ་གནས་པའོ། །ཞེས་པའི་བར་ལ་ཐིག་རྟགས་ཅན་གྱི་ཚིག་རྣམས་དོར་བ་བརྗོད་ནས། གཙོ་བོ་ཡབ་ཀྱི་སྐུའི་གནས་རྣམས་དང་ཐུགས་ཀར་ཡང་དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་དྲུག་ཅུ་རྩ་གཉིས་བཞུགས་པ། དེ་རྣམས་བརྟེན་པ་ལྷ་སྟེ་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་མངོན་སུམ་དུ་མཇལ་བའི་མོས་པས་དད་གུས་དགའ་སྤྲོ་རྒྱ་ཆེར་སྐྱེད་མཛོད། དེ་རྣམས་ཀྱིས་དཀྱིལ་འཁོར་ཆེན་པོར་འཇུག་པའི་སྐོར་ཡོངས་སུ་རྫོགས་པ་གྲུབ་པ་ལགས། གཉིས་པ་ཞུགས་པ་ལ་མངོན་པར་དབང་བསྐུར་བ་ལ་དབང་བཞི་ལས། དང་པོ་བུམ་དབང་ལ་ཐུན་མོང་བ་ཕྱི་དཀྱིལ་གྱི་དབང་དང་། ཁྱད་པར་བ་ལུས་དཀྱིལ་གྱི་དབང་གཉིས་ཀྱི། །དང་པོ་ལ་བུམ་དབང་དྲུག་བསྐུར་བ་དང་། མཐའ་རྟེན་རྗེས་གནང་བདུན་བྱ་བའོ། །དེ་དག་ལས་དང་པོ་ཞུ་བའི་སླད་དུ་མཎྜལ་ཕུལ། དེ་ནས་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་སྩལ། །དེ་བཞིན་བདག་ལ་དེང་སྩོལ་ཅིག །དེ་ནས་བུམ་དབང་གི་སླད་དུ་དབང་སྟེགས་རིན་པོ་ཆེའི་ཁྲི་དང་པདྨ་ཉི་ཟླའི་སྟེང་དུ་ཁྱེད་རང་དཔལ་འཁོར་ལོ་སྡོམ་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ་ཧེ་རུ་ཀའི་ཆ་བྱད་ཐམས་ཅད་རྫོགས་པའི་དཔྲལ་བར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོས་མཚན་པར་གྱུར། སློབ་མ་དང་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་བླ་མ་ཧེ་རུ་ཀ་དང་རིགས་ལྔ་ཡབ་ཡུམ། དཔའ་བོ་དང་རྣལ་འབྱོར་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། སྟེང་དུ་བརྒྱུད་པའི་བླ་མ་གྲུབ་ཐོབ་
༡༨༣ཀྱི་ཚོགས་དང་བཅས་པ་ཉེ་བར་བསྐུལ་ཅིང་སྤྱན་དྲངས། ༀ་བཛྲ་ས་མཱ་ཛཿ ༀ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨཱརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ནས། ཤབྡའི་བར་དང་། ༀ་ཨཱཿཧཱུྃ། ཞེས་བདུད་རྩི་དབུལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སོགས་དང་། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཅིང་། །སོགས་དང་། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལའང་སྩལ་དུ་གསོལ། །ཞེས་མཆོད་ཅིང་བསྟོད་དེ་གསོལ་བ་བཏབ་པས། །དབང་གི་ལྷ་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བར་དུ་གཅོད་པའི་བགེགས་བསྐྲད། སེམས་དཔའ་དང་སེམས་མ་རྣམས་ཀྱིས་མེ་ཏོག་གི་ཆར་ཆེན་པོ་ཕབ། དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། རིག་མ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། བླ་མ་བརྒྱུད་པའི་གྲུབ་ཐོབ་རྣམས་ཀྱིས་བྱིན་གྱིས་བརླབས། བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱིས་དབང་རྣམས་བསྐུར་བར་མཛད་པའི་མོས་པ་མཛོད། དེ་ལ་བུམ་དབང་དྲུག་ལས། དང་པོ་མེ་ཏོག་ཕྲེང་བའི་དབང་ནི། སླར་དཀྱིལ་འཁོར་ལ་ཕུལ་བའི་མེ་ཏོག་གཙོ་བོའ་དབུ་རྒྱན་དུ་གནས་པ་དེ་བླ་མ་ཧེ་རུ་ཀས་བླངས་ཏེ་ཁྱེད་རང་གི་སྤྱི་བོར་བཅིངས་ཏེ་དབང་ཐམས་ཅད་ལས་སྔ་བ་མེ་ཏོག་ཕྲེང་བའི་དབང་བསྐུར་ཞིང་བླ་མས་མེ་ཏོག་གང་ལ་ཕུལ་བའི་ལྷ་ལ་བོས་ནས། སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། །སློབ་མ་འདི་རབ་གཟུང་བར་མཛོད། །ཅེས་བརྗོད་དེ་དབང་བསྐུར་བས་མེ་ཏོག་གང་ལ་ཕོག་པའི་ལྷའི་རིགས་ངེས་པར་བྱས་ཤིང་དེར་འཚང་རྒྱ་བའི་བག་ཆགས་ཁྱད་པར་ཅན་བཞག་ཅིང་། དབང་དེ་ལས་སྐྱེས་པའི་བདེ་བ་ཆེན་པོའ་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ༀ་པྲ་ཏི་གྲྀཧྞ་ཨི་མཾ་སྟྭ་མ་ཧཱ་པ་ལ། ཞེས་མེ་ཏོག་མགོར་བཞག །དེ་ནས་བཛྲ་ཧེ་རུ་ཀའི་ཆུའི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། བསང་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་བཛྲ་ཧེ་རུ་ཀ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། དེ་ལ་བླ་མ་ཧེ་རུ་ཀ་ཡབ་
༡༨༤ཡུམ་དང་། དབང་ལྷ་དཔག་ཏུ་མེད་པ་རྣམས་ཀྱིས་གཙོ་བོ་མི་བསྐྱོད་ཧེ་རུ་ཀའི་རང་བཞིན་གྱི་བུམ་པའི་ཆུ་སྤྱི་གཙུག་ཏུ་བླུགས་ཏེ་དབང་བསྐུར་བའི་མོས་པ་མཛོད། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། ཅེས་སོགས་ཡབ་ཡུམ་གྱི་སྙིང་པོ་ཉེ་སྙིང་བཞི་དང་། ༀ་ཤྲཱི་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དང་། ཇི་ལྟར་བལྟམས་པ་སོགས་ནས། ཤྲི་ཡེ་ཧཱུྃ། ཞེས་བཏུང་དུ་གཞུག་ཅིང་ཁ་རྒྱན་གྱིས་སློབ་མར་འཐོར། ཞེས་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག །ཀུན་གཞིའི་རྣམ་པར་ཤེས་པ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་སྤྱི་གཙུག་ཏུ་རྡོ་རྗེ་སེམས་དཔས་དབུར་བརྒྱན་པའི་མོས་པ་མཛོད། དེ་ནས་རཏྣ་ཧེ་རུ་ཀའི་དབུ་རྒྱན་གྱི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། བསང་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རཏྣ་ཧེ་རུ་ཀ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། དེ་ལ་བླ་མ་དང་དབང་ལྷས་རཏྣ་ཧེ་རུ་ཀའི་རང་བཞིན་གྱི་དབུ་རྒྱན་ཅོད་པན་དང་བཅས་པ་དབུ་ལ་བཅིངས་ཏེ་དབང་བསྐུར་བའི་མོས་པ་མཛོད། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དག་གིས་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་བར་བྱ། །ༀ་ཤྲཱི་རཏྣ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ༀ་ཤྲཱི་རཏྣ་ཨཱབྷི་ཥིཉྩ་ཧཱུྃ། མཐའ་རྟེན་དུ་བུམ་པའི་ཆུས་ཀྱང་དབང་བསྐུར་བའི་མོས་པ་མཛོད། ཇི་ལྟར་བལྟམས་པ། སོགས་ནས། ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་ཉོན་མོངས་པ་ཅན་གྱི་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གནས་གྱུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་རྣ་ལྟག་གཡས་པར་རྡོ་རྗེ་ཉི་མས་དབུར་བརྒྱན་པའི་མོས་པ་མཛོད། དེ་ནས་པདྨ་ཧེ་རུ་ཀའི་རྡོ་རྗེའི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། བསང་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་པདྨ་ཧེ་རུ་ཀ་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། དེ་ལ་བླ་མ་དང་དབང་
༡༨༥ལྷས་པདྨ་ཧེ་རུ་ཀའི་རང་བཞིན་གྱི་རྡོ་རྗེ་ཕྱག་གཡས་སུ་བྱིན་ཏེ་དབང་བསྐུར་བའི་མོས་པ་མཛོད། ཧེ་རུ་ཀ་དཔལ་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང་། །ༀ་ཤྲཱི་པདྨ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ༀ་ཤྲཱི་པདྨ་ཨ་བྷི་ཥིཉྩ་ཧཱུྃ། མཐའ་རྟེན་དུ་བུམ་པའི་ཆུས་ཀྱང་དབང་བསྐུར་བའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་ནས་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་དངོས་པོ་ལ་འཇུག་པའི་ཡིད་སོ་སོར་རྟོག་པའི་ཡེ་ཤེས་སུ་གནས་གྱུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་ལྟག་པར་པདྨ་གར་གྱི་དབང་ཕྱུག་གིས་དབུར་བརྒྱན་པའི་མོས་པ་མཛོད། དེ་ནས་ཀརྨ་ཧེ་རུ་ཀའི་དྲིལ་བུའི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། བསང་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་ལས་ཀྱི་ཧེ་རུ་ཀ་ལྗང་ནག་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། དེ་ལ་བླ་མ་དང་དབང་ལྷས་ཀརྨ་ཧེ་རུ་ཀའི་རང་བཞིན་གྱི་དྲིལ་བུ་ཕྱག་གཡོན་དུ་བྱིན་ཏེ་དབང་བསྐུར་བའི་མོས་པ་མཛོད། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ༀ་ཤྲཱི་ཀརྨ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ༀ་ཤྲཱི་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། མཐའ་རྟེན་དུ་བུམ་པའི་ཆུས་ཀྱང་དབང་བསྐུར་བའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་ནས་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་སྒོ་ལྔའམ་འཇུག་པའི་རྣམ་པར་ཤེས་པ་བྱ་བ་གྲུབ་པའི་ཡེ་ཤེས་སུ་གནས་གྱུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣ་ལྟག་གཡོན་པར་དོན་ཡོད་གྲུབ་པ་རྡོ་རྗེ་རྒྱལ་པོས་དབུར་བརྒྱན་པའི་མོས་པ་མཛོད། དེ་ནས་བུདྡྷ་ཧེ་རུ་ཀའི་མིང་གི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། བསང་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་བུདྡྷ་ཧེ་རུ་ཀ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། དེ་ལ་བླ་མ་དང་དབང་
༡༨༦ལྷས་བུདྡྷ་ཧེ་རུ་ཀའི་རང་བཞིན་གྱི་རྡོར་དྲིལ་མགོ་ཐོག་ཏུ་དཀྲོལ་ཅིང་དེའི་རང་བཞིན་གྱི་མིང་བཏགས་པའི་མོས་པ་མཛོད། རྡོ་རྗེ་དྲིལ་བུ་ཡང་དག་འཁྱུད། །གཡོན་སྙེམས་མ་དང་སྒྲོས་འཛིན་མ། །གཉིས་མེད་གཉིས་མིན་རྣལ་འབྱོར་བདག །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས། །ༀ་ཤྲཱི་བུདྡྷ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ༀ་ཤྲཱི་བུདྡྷ་ཨཱབྷི་ཥིནྩ་ཧཱུྃ། མཐའ་རྟེན་དུ་བུམ་པའི་ཆུས་ཀྱང་དབང་བསྐུར་པའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་ནས་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་མིང་གཞི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གནས་གྱུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དཔྲལ་བར་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པའི་མོས་པ་མཛོད། དེ་ལྟར་རིག་པའི་དབང་ལྔས་ཉོན་མོངས་པ་ལྔ་སྦྱངས་ནས་ཡེ་ཤེས་ལྔའི་ངོ་བོ་ཧེ་རུ་ཀ་ལྔ་བསྒོམ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་མཐའ་རྟེན་རྗེས་གནང་བྱེད་པ་ལ་བདུན་ལས། དང་པོ་གསུང་གསང་སྔགས་ཀྱི་རྗེས་གནང་གི་སླད་དུ་སློབ་དཔོན་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་ཆད། ཞལ་ནས་ཐོན། སློབ་མའི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ཡིག་གི་མཐར་འཁོད་པའི་མོས་པ་མཛོད་ལ་ཡབ་ཡུམ་གྱི་སྙིང་པོ་ཉེ་སྙིང་རྩ་སྔགས་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་མཛོད། བྱས་ནས་སྒྲུབ་ཐབས་ལྟར་སྔགས་རྣམས་རྗེས་ཟློས་བྱ། དེ་ལྟར་བྱས་ཤིང་ཕྲེང་བ་མགྲིན་པར་བཞག་པས་ངག་གི་སྒྲིབ་པ་དག་ནས་གསུང་གི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པའི་མོས་པ་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །རྩ་བའི་རིག་པ་ཡང་དག་ལྡན། །ཉི་ཤུ་རྩ་གཉིས་སྔགས་ཀྱི་ནི། །སྙིང་པོའ་དབང་བསྐུར་སྦྱིན་པར་བྱ། །སླར་ཡང་སྔགས་རྣམས་བཟླ། གཉིས་པ་ཐུགས་བརྟུལ་ཞུགས་ཀྱི་དབང་ལ། ཧེ་རུ་ཀའི་བརྟུལ་ཞུགས་ཀྱི་སླད་དུ་ཁྱེད་རང་དཔལ་ཧེ་རུ་ཀ་ཡབ་ཡུམ་དུ་བསྐྱེད་པ་ལ་རྡོ་རྗེ་དྲིལ་བུ་གཏད་དེ་
༡༨༧བརྟུལ་ཞུགས་ཀྱི་རྗེས་སུ་གནང་བ་སྩལ་བས་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་མོས་པ་མཛོད། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨི་ཥ་སྟྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུྃ། གསུམ་པ་སྤྱོད་པའི་བརྟུལ་ཞུགས་ཀྱི་སླད་དུ་ཁ་ཊྭཱཾ་ག་ཌཱ་མ་རུས་བརྒྱན་པ་གྲུ་མོར་གཏད། ཚངས་སྐུད་སེ་རལ་ཁར་བརྒྱན། གྲི་གུག་དང་ཐོད་པ་ཕྱག་ཏུ་གཏད་དེ་བརྟུལ་ཞུགས་བྱིན་པའི་མོས་པ་མཛོད། ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང་། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་དག །ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །བཞི་པ་མཆོད་པའི་རྗེས་སུ་གནང་བའི་སླད་དུ་ཁྱེད་རང་ཧེ་རུ་ཀར་གསལ་བ་ལ་མཆོད་པ་སྣ་ཚོགས་པས་མཆོད་པའི་མོས་པ་མཛོད། ཨེ་མ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །སྣ་ཚོགས་རོལ་བའི་འདོད་ཡོན་རྣམས། །ཤེལ་ལ་ཚོན་གྱི་རང་བཞིན་དུ། །སྒྱུ་མ་ལྟ་བུར་རོལ་པར་གྱིས། །ཨ་ལ་ལ་ཧོཿརོལ་དུ་གསོལ། །ལྔ་པ་རྣལ་འབྱོར་གྱི་རྗེས་སུ་གནང་བའི་སླད་དུ་མེ་ལོང་དྲི་མ་མེད་པ་ཐོགས་ཏེ་གཟུགས་བརྙན་གྱི་བརྡས་ཆོས་ཐམས་ཅད་རྟེན་འབྱུང་དུ་སྟོན་པའི་མོས་པ་མཛོད། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་གྱིས། །འོན་ཏེ་རྣལ་འབྱོར་མའི་སྲས་སྐྱེས། །དྲུག་པ་འབྲས་བུ་ལ་ལུང་སྟོན་ཅིང་གཟེངས་བསྟོད་པའི་སླད་དུ་སློབ་དཔོན་གྱི་ཕྱག་གཡས་སྐྱབས་སྦྱིན་དང་གཡོན་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་བྱས་པ་དང་རྡོར་དྲིལ་བཅས་སློབ་མའི་མགོར་བཞག་སྟེ་ལུང་སྟོན་པ་དང་ལྷན་ཅིག་སངས་
༡༨༨རྒྱས་ཐམས་ཅད་ཀྱིས་ཀྱང་ལུང་སྟོན་པའི་མོས་པ་མཛོད། ༀ་འདི་ལྟར་ངས་ནི་ལུང་བསྟན་ཏེ། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་བསྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ༀ་ཤྲཱི་ཧེ་རུ་ཀ་ན་མསྶརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཱཾ། བྷུརྦྷུ་་ཝཿསྭཿ ཞེས་ལུང་སྟོན་པ་སྟེ་མ་འོངས་པ་ན་གསང་མཚན་དང་མཐུན་པའི་དེ་བཞིན་གཤེགས་པར་འགྱུར་རོ། །བདུན་པ་དབུགས་དབྱུང་བ་ནི་འདི་ལ་གསན་པས་ཁྱབ་པར་གདའ། ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །རྒྱལ་པོ་བདག་པོར་བསྟན་པ་སྟེ། །དེ་ནི་བདུད་ལས་རྣམ་རྒྱལ་ཞིང་། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །དེ་ནས་སངས་རྒྱས་ཉིད་འཐོབ་པར། །ཁྱེད་རྣམས་ཐེ་ཚོམ་མེད་པ་ཡིན། །དབང་ནི་བསྐུར་བ་ཙམ་གྱིས་ནི། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་ཉིད་ཀྱི་བདེ་བ་ཡིས། །བརྟན་གཡོ་ཀུན་གྱི་དམ་ཚིག་གོ། དེ་མན་ཆད་ཀྱིས་ཐུན་མོང་བ་ཕྱི་དཀྱིལ་གྱི་བུམ་དབང་གྲུབ་པ་ལགས། གཉིས་པ་ཁྱད་པར་བ་ལུས་དཀྱིལ་གྱི་དབང་བསྐུར་གསན་པའི་ཡོན་དུ་མཎྜལ་ཕུལ། དེ་ནས་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་རས་ཡུག་དམར་པོ་རེས་གཏོད་གཡོགས་པའི་མོས་པ་མཛོད། ༀ་ཨཱཿཧཱུྃ། རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ཆེན་པོ་མཇལ་བའི་ཚེ་དབུལ་བའི་ཆེད་དུ་མེ་ཏོག་གི་ཕྲེང་བ་རེ་འཛིན་པའི་མོས་པ་མཛོད། ༀ་ཨཱཿཧཱུྃ། དེ་ནས་སྙིམས་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀྱེ་ཀྱེ་དཔལ་ལྡན་ཁྲག་འཐུང་ཆེ། །སྲིད་པའི་འཆིང་བ་རྣམ་གྲོལ་མཛོད། །གསང་བ་མཆོག་གི་དཀྱིལ་འཁོར་དུ། །དམ་པས་བདག་ཉིད་རྗེས་བཟུང་མཛོད། །ཅེས་ལན་གསུམ་དུ་གསོལ་བ་བཏབ་པ་ལ་སློབ་དཔོན་གྱིས་འདི་ལྟར་དྲིས་པའི་མོས་པ་མཛོད། གསང་བ་འདིར་ཞུགས་ཁྱོད་ཀྱིས་ནི། །དམ་ཚིག་གསང་བ་བླ་ན་མེད། །བསྟེན་ཅིང་མཆོད་པར་ཁྱོད་ནུས་སམ། །ཞེས་དྲིས་པའི་ལན་ཞུས་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་དཔའ་བོས་གནང་མཛད་པ། །དེ་དག་ཐམས་ཅད་བདག་བགྱིད་འཚལ། །དེ་ནས་སླར་
༡༨༩ཡང་ཕྱག་དགུ་ཕྲུགས་སུ་འཚལ་ཞིང་གསེར་དང་རིན་པོ་ཆེ་སྣ་ཚོགས་དང་ཡིད་འོང་མཚན་དང་ལྡན་པའི་རིག་མ་རྣམས་ཕུལ་བར་མོས་ལ་མཎྜལ་ཕུལ། །དེ་ནས་ལས་བུམ་གྱི་ཆུ་འཐོར་བས་ཆུའི་རྡུལ་རེ་རེ་བཞིན་ཁྲོ་བོ་དང་ཁཎྜ་རོ་ཧིའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་བགེགས་རྣམས་རྒྱང་རིང་དུ་བསྐྲད་པའི་མོས་པ་མཛོད། ༀ་ཁཎྜ་རོ་ཧི་ཧུཾ་ཧཱུྃ་ཕཊ། ཅེས་བཟླ་ཞིང་ལས་བུམ་ཆུ་འཐོར། དེ་ནས་ཁྱེད་རང་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་གནས་གསུམ་གྱི་འབྲུ་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་དྲིའི་ཐིག་ལེ་བྱས་པའི་སྒོ་ནས་བྱིན་གྱིས་བརླབས་པའི་མོས་པ་མཛོད། ༀ་ཨཱཿཧཱུྃ། ཞེས་ཐིག་ལེ་རེ་བྱ། ཁྱེད་རང་ཧེ་རུ་ཀར་གསལ་བ་ལ་མཆོད་པས་མཆོད་པའི་མོས་པ་མཛོད། ༀ་བཛྲ་ཨཱརྒྷཾ་ཨཱཿཧཱུྃ། ནས་ཤབྡའི་བར་གྱིས་མཆོད། དེ་ནས་དམ་ཚིག་སྦྱིན་པ་ནི་འདི་ལ་མ་ཡེངས་བར་གསན་འཚལ། ཁྱོད་ཀྱིས་སྲོག་ཆགས་གསོད་པར་གྱིས། །མ་བྱིན་པར་ཡང་ལེན་པར་གྱིས། །ཕ་རོལ་བུད་མེད་བསྟེན་པར་གྱིས། །རྫུན་དུ་ཡང་ནི་སྨྲ་བར་བྱོས། །ཡུལ་ཀུན་རྟག་ཏུ་བསྟེན་པ་དང་། །བླ་ན་མེད་པའི་དམ་ཚིག་མཆོག །འདི་ལ་ནམ་ཡང་འདའ་མི་བྱ། །དེ་ནས་ཡེ་ཤེས་དབབ་པའི་སླད་དུ་ལུས་སྐྱིལ་ཀྲུང་དྲང་པོར་བསྲང་། ངག་རླུང་རང་བབས་སུ་བཞག །སེམས་ཀྱིས་དམིགས་པ་འདི་བཞིན་མཛོད། །ཁྱེད་རང་དཔལ་བདེ་མཆོག་ཧེ་རུ་ཀར་གསལ་བའི་སྐུ་ལུས་ཀྱི་གནས་ཉེར་བཞིའི་རྩ་དང་ཐིག་ལེ་རྣམས་དཔའ་བོ་ཉེར་བཞི་དང་དཔའ་མོ་ཉེར་བཞི། དབང་པོའ་སྒོ་བརྒྱད་དུ་སྒོ་མཚམས་མ་བརྒྱད་དང་བཅས་པ་སྐད་ཅིག་གིས་གསལ་མཛོད། དེའི་ཐུགས་ཀར་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་ཚོན་གང་བ། དེའི་ཕྱོགས་བཞིར་སྙིང་པོའ་རྣལ་འབྱོར་མ་བཞི་སྔོ་སེར་དམར་ལྗང་ཌ་མ་རུའི་སྒྲ་སྒྲོགས་བཞིན་པར་གཡོན་དུ་འཁོར་བའི་འོད་ཟེར་གྱིས་བླ་མ་དང་མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེ་དག་གི་གནས་གསུམ་དང་། ཕྱོགས་བཅུའི་ཞིང་ནས་སངས་རྒྱས་བྱང་སེམས་དང་དཔའ་བོ་མཁའ་འགྲོ་ཐམས་ཅད་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་ཀྱི་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་རྣམ་
༡༩༠པར་ཁ་བ་བབས་པ་ལྟར་བྱོན་ཅིང་ཐིམ་པས། ལུས་ཀྱི་རྩ་གནས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་བྲོ་འཁྲབ་གར་བྱས་པའི་མོས་པ་མཛོད། ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། བཛྲ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཟླ་ཞིང་སྤོས་རོལ་ཌ་དྲིལ་བྱ། དེ་ནས་ཕྱག་གི་མེ་ཏོག་དེ་བླ་མ་ཧེ་རུ་ཀའི་ཐུགས་ཀར་ཕུལ་བའི་མོས་པས་སྔགས་འདིའི་རྗེས་ཟློས་མཛད་དེ་ཕྱག་ཏུ་ཕུལ་མཛོད། ༀ་པུཥྤེ་པྲ་ཏཱི་ཙྪ་ཧོཿ ཞེས་ཕུལ་བའི་མེ་ཏོག་དེ་སླར་ཡང་ཁྱེད་རང་གི་སྤྱི་བོར་བཅིངས་ཏེ་དབང་བསྐུར་བའི་མོས་པ་མཛོད། །ༀ་པྲ་ཏི་གྲྀཧྞ་ཨི་མཾ་སྟྭ་མ་ཧཱ་བ་ལ། དེ་ནས་མ་རིག་པའི་ལིངྟོག་མིག་རས་དང་ལྷན་ཅིག་ཕྱེས་པས་དག་པ་རྡོ་རྗེ་མིག་ཐོབ་པའི་མོས་པ་མཛོད། ༀ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་ཧྲཱིཿཔྲཾ། ཧེ་བཛྲ་པཱ་ཤྱ། ཞེས་བལྟ་བར་བསྐུལ་ནས། གང་ལ་བལྟ་བྱའི་དཀྱིལ་འཁོར་ནི་སློབ་དཔོན་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་སྤྱི་བོ་སོགས་གནས་ཉེར་བཞིར་དཔའ་བོ་དཔའ་མོ་ཉེར་བཞི་དང་། དབང་པོའ་སྒོ་བརྒྱད་དུ་སྒོ་མཚམས་བརྒྱད་དང་བཅས་རྩ་རླུང་ཐིག་ལེ་རྣམ་པར་དག་པའི་བདག་ཉིད་དུ་བཞུགས་པ་ཐམས་ཅད་མཐོང་བའི་མོས་པས་དད་གུས་དང་དགའ་སྤྲོ་རྒྱ་ཆེར་སྐྱེད་མཛོད། ངས་འཇུག་པའི་རིམ་པ་རྣམས་གྲུབ་པ་ལགས། ཞུགས་པ་ལ་མངོན་པར་དབང་བསྐུར་བ་ལ་དངོས་དང་། བྱིན་གྱིས་བརླབ་པ་དང་། ངོ་སྤྲོད་པ་དང་གསུམ་ལས། དང་པོ་དབང་བསྐུར་པའི་སླད་དུ། ཁྱེད་རང་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་ཐུགས་ཀར་དབུས་སུ་བདེ་མཆོག་ཧེ་རུ་ཀ་དང་། ཕྱོགས་བཞིར་སྙིང་པོའ་རྣལ་འབྱོར་མ་བཞི། མཚམས་བཞིར་གསེར་གྱི་བུམ་པ་བཞི་བཅས་བདེ་བ་ཆེན་པོའ་འཁོར་ལོ་དང་། སྤྱི་བོ་སོགས་གནས་ཉེར་བཞིར་དཔའ་བོ་དཔའ་མོ་ཉེར་བཞི། དབང་པོའ་སྒོ་བརྒྱད་དུ་སྒོ་མཚམས་མ་བརྒྱད་བཅས་བཞུགས་པ་སླར་ཡང་གསལ་ཐོབ་མཛོད། དེ་རྣམས་ལས་འོད་ཟེར་འཕྲོས་པས་བླ་མ་ཧེ་རུ་ཀའི་ཐུགས་ཀའི་བདེ་བ་ཆེན་པོའ་འཁོར་ལོ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ཧེ་རུ་ཀའི་ཐུགས་ཀ་ནས་ཧཱུྃ་དགུ་སྤྲོས་ཏེ། ཁྱེད་རང་གི་ཐུགས་ཀའི་ལྷ་
༡༩༡ལྔ། མཚམས་ཀྱི་བུམ་པ་དང་བཅས་པ་ལ་ཕོག་པས། དེ་རྣམས་འོད་དུ་ཞུ་ནས་ཐིག་ལེ་དགུར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་དཔལ་ལྷན་སྐྱེས་ཡིད་བཞིན་ནོར་བུ་ལྷ་ལྔ། མཚམས་ཀྱི་བུམ་པ་བཞི་དང་བཅས་པར་གྱུར། དེ་བཞིན་དུ་བླ་མའི་གནས་ཉེར་བཞིའི་ཐུགས་དང་གསུང་དང་སྐུ་དང་དམ་ཚིག་གི་འཁོར་ལོ་རྣམས་ལས་རིམ་བཞིན་ཧཱུྃ་དང་ཨཱཿདང་ༀ་རྣམས་བཅུ་དྲུག་རེ་དང་། ཧཱུྃ་བརྒྱད་རྣམས་སྤྲོས་ཏེ་སློབ་མའི་ལུས་ཀྱི་གནས་ཉེར་བཞི་དང་དབང་པོའ་སྒོ་བརྒྱད་ཀྱི་ལྷ་རྣམས་ལ་ཕོག་པས་དེ་རྣམས་འོད་དུ་ཞུ་ནས་ཐིག་ལེ་རེ་རེར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་དཔའ་བོ་དང་དཔའ་མོ་ཉེར་བཞི། །སྒོ་མཚམས་མ་བརྒྱད་དང་བཅས་པར་གྱུར། དེ་ནས་བླ་མ་དང་དབང་ལྷ་ནམ་མཁའ་གང་བ་ལྷན་ཅིག་པས་ཀ་པཱ་ལ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བ་ཁྱེད་རང་གི་སྤྱི་བོར་བླུག་ཅིང་དབང་བསྐུར་བའི་མོས་པ་མཛོད། ཐོད་ཆང་དང་བུམ་ཆུ་བསྣོན་པ་ཐོགས་ཏེ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་རྡོ་རྗེའི་གནས་ལས་བྱུང་། །ཡེ་ཤེས་བླ་ན་མེད་པ་ཡི། །བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བཏུང་བ་དང་འཐོར་བའང་བྱ། ཞེས་བཏུང་ཞིང་བཀྲུས་པས་ཡེ་ཤེས་ཀྱི་ཁམས་བདེ་བ་ཆེན་པོའ་ཡེ་ཤེས་སུ་གྱུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་སློབ་མ་ཧེ་རུ་ཀར་གསལ་བ་དང་། ཐུགས་ཀའི་གཙོ་བོ་ལ་རྡོ་རྗེ་སེམས་དཔའ། རྣལ་འབྱོར་མ་བཞི་ལ་རིགས་བཞི་སོ་སོ་དང་། སྐུ་འཁོར་ལ་རྣམ་པར་སྣང་མཛད་དང་། གསུང་འཁོར་ལ་པདྨ་གར་དབང་དང་། ཐུགས་འཁོར་ལ་ཧེ་རུ་ཀ་དང་། ཕྲིན་ལས་ཀྱི་འཁོར་ལོ་སྒོ་མཚམས་མ་བརྒྱད་ལ་རྡོ་རྗེ་རྒྱལ་པོ་རྣམས་ཀྱིས་དབུར་བརྒྱན་པའི་མོས་པ་མཛོད། གཉིས་པ་བྱིན་གྱིས་བརླབ་པ་ལ་བདེ་བ་ཆེན་པོས་བྱིན་གྱིས་བརླབ་པ་ནི། བླ་མ་དང་ཁྱེད་རང་གི་སྙིང་གའི་ལྷ་རྣམས་དང་གནས་ཉེར་བཞིའི་ལྷ་རྣམས་བདེ་བ་ཆེན་པོར་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས། ས་གསུམ་གྱི་
༡༩༢དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་སྤྱན་དྲངས་ཏེ་སློབ་མའི་གནས་སོ་སོའ་ལྷ་རྣམས་ལ་བསྟིམས་པས་བདེ་བ་ཆེན་པོའ་ངོ་བོར་བྱས་ཤིང་བདེ་བ་ཆེན་པོའ་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། ཅེས་བཟླ་ཞིང་སྤོས་རོལ་ཌ་དྲིལ་བྱ། གཉིས་པ་རང་བཞིན་བྱིན་གྱིས་བརླབ་པ་ནི། ཁྱེད་རང་གི་ཐུགས་ཀའི་གཙོ་བོ་ལྷན་ཅིག་སྐྱེས་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས། དེ་ཐམས་ཅད་དཔལ་ལྷན་ཅིག་སྐྱེས་པ་ཡིད་བཞིན་གྱི་ནོར་བུ་ཡབ་ཡུམ་དུ་གདོད་མ་ནས་རྣམ་པར་དག་པའི་ངོ་བོར་གྱུར་པའི་མོས་པ་མཛོད། སྔགས་བཟླ་ཞིང་སྤོས་རོལ་བྱ། གསུམ་པ་ངོ་སྤྲད་པ་ནི། ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པ། སྐྱེ་བ་མེད་པ་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ། འགག་པ་མེད་པ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ། གནས་པ་མེད་པ་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ། དབྱེ་བ་མེད་པ་ཡེ་ཤེས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་གདོད་མ་ནས་ཡིན་པའི་ངོ་བོ་ཉིད་དུ་རྟོགས་པར་མཛོད་ཅིག །དེས་ཕྱི་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྐུ་བསྐྱེད་རིམ་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་དང་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་བ་གསན་པའི་ཡོན་དུ་མཎྜལ་ཕུལ། དེ་ནས་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་སྦྱིན་ལྟར། །བདག་ཅག་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པ་ལ་གསང་དབང་བསྐུར་བའི་སླད་དུ་བླ་མ་དཔལ་བདེ་མཆོག་ཧེ་རུ་ཀ་དང་། རིག་མ་རྡོ་རྗེ་ཕག་མོར་གསལ་བ་ལྷའི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ནོར་བུར་ༀ་དང་བུ་ག་ཕཊ་ཀྱིས་བཀག་པ། ཡུམ་གྱི་མཁའ་ༀ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཨཱཿཡིས་
༡༩༣མཚན་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་བདེ་བ་ཆེན་པོའ་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པའི། བདེ་བའི་སྒྲ་དང་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་རང་གི་སྤྱི་བོ་ནས་ཞུགས། བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་ཏུ་ཞུ་བ་སྤྱི་བོ་ནས་མགྲིན་པར་བབས་པས་དགའ་བའི་ཡེ་ཤེས་སྐྱེས། དེ་ནས་སྙིང་གར་བབས་པས་མཆོག་དགའི་ཡེ་ཤེས་སྐྱེས། དེ་ནས་ལྟེ་བར་བབས་པས་ཁྱད་པར་གྱི་དགའ་བའི་ཡེ་ཤེས་སྐྱེས། དེ་ནས་གསང་བར་བབས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས། དེ་ལྟར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པའི་བདུད་རྩི་བྱང་ཆུབ་ཀྱི་སེམས་དཀར་པོ། མངར་གསུམ་གྱི་སྐྱོབ་དང་བཅས་པའི་ཐོད་པའི་བདུད་རྩིར་བསྲེས་པ་ལྕེར་བཞག་སྟེ་གསང་དབང་བསྐུར་བའི་མོས་པ་མཛོད། འདི་ནི་དཔའ་བོ་རྣལ་འབྱོར་མའི། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་བཅུད་ཀྱི་བདག་ཉིད་ཅན། །ཡང་དག་བདེ་བ་མྱང་བར་གྱིས། །ༀ་ཨཱཿཧཱུྃ། ཞེས་སྦྱིན། ཞེས་པས་བྱིན་པ་དེ་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ནས། ཨ་ཧོཿམ་ཧཱ་སུ་ཁ་ཧོཿ ཞེས་གསུང་ཞིང་བཏུང་བར་མཛོད། དེ་ལྟར་བཏུང་བ་དེས་ལུས་ཐམས་ཅད་ཁྱབ་པས་གསལ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་མཛོད་ལ་ཅུང་ཟད་མཉམ་པར་འཇོག་པར་མཛོད། དེས་ནང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུའི་དཀྱིལ་འཁོར་དུ། གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །ངག་རྡོ་རྗེའི་བཟླས་པ་བྱེད་པ་ལ་དབང་། གསུང་རྡོ་རྗེ་དང་ལོངས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སྐྱབས་མེད་སྐྱོབ་པ་སྐྱབས་མེད་སྐྱབས། །འཁོར་ལོ་སྡོམ་པས་བདག་ལ་སྐྱོབས། །རྒྱུ་མེད་པར་ཡང་ཐུགས་རྗེ་ཆེ། །མགོན་མེད་མགོན་
༡༩༤བདག་བཀའ་དྲིན་སྩོལ། །བདག་ཉིད་ཆེ་ཁྱོད་ཇི་ལྟ་བར། །གཙོ་བས་བདག་ཀྱང་དེ་འདྲར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་པ་བདག་ལ་སྐྱོབ་མཛོད་ཅིག །ཅེས་ལན་གསུམ་དུ་གསོལ་བ་བཏབ་པ་ལ་འདི་ལྟར་དྲིས་པའི་མོས་པ་མཛོད། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང་། །དམངས་རིགས་མཐར་གནས་བུད་མེད་ཀུན། །གུས་དང་བཅས་པས་མཆོད་པ་དང་། །གཉིས་མེད་ཚུལ་གྱིས་རབ་སྦྱོར་བས། །དཔའ་བོ་ཁྱོད་ནི་སྤྲོ་གྱུར་ཏམ། །སྨྲོས་ཤིག་དཔའ་བོ་བདེ་བ་ཆེ། །ཞེས་དྲིས་པའི་ལན་གསོལ་བར་མོས་པས་འདིའི་རྗེས་ཟློས་མཛོད། ཇི་ལྟར་གསུངས་པའི་དམ་ཚིག་ཀུན། །བདག་གིས་ལེགས་པར་བསྟེན་པར་བགྱི། །ཞེས་ལན་གསོལ་བ་ལ་མཚན་ཉིད་ཐམས་ཅད་དང་ལྡན་པའི་རིག་མའི་ལག་པ་གཡས་པ་ཁྱེད་རང་གི་གཡོན་པར་སློབ་མ་དང་རིག་མའི་སྲིན་ལག་གཉིས་བླ་མས་རྡོ་རྗེ་དང་བཅས་པས་བསྡམས་ཏེ་སངས་རྒྱས་ཐམས་ཅད་དཔང་པོར་བྱས་ནས་གཏད་པའི་མོས་པ་མཛོད། ཕྱག་རྒྱ་བཟང་མོ་འདི་ཉིད་ནི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་གསུངས། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང་། །དམངས་རིགས་མཐར་སྐྱེས་བུད་མེད་ཀུན། །བྷ་གའི་པདྨར་ཙུམྦ་ནིས། །བདུད་རྩི་ལྔ་རྣམས་བསྒྲུབ་པར་བྱ། །དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས། །བརྟུལ་ཞུགས་བཟང་པོས་འགྲོ་དོན་གྱིས། །ཞེས་སྦྱིན། དེ་ནས་ཁྱེད་རང་དཔལ་བདེ་མཆོག་ཧེ་རུ་ཀ་དང་། ཞེས་པ་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས། །ཞེས་པའི་བར་གོང་གསང་དབང་ལྟར་དང་། སླར་ཡང་རླུང་འཕོ་བ་མེད་པ་ཧཱུྃ་གི་གདངས་ཅན་གྱིས་བྱང་སེམས་གྱེན་དུ་བཟློག་སྟེ་གསང་གནས་ནས་ལྟེ་བར་སླེབས་པས་དགའ་བ། དེ་ནས་སྙིང་གར་སླེབས་པས་མཆོག་དགའ། དེ་ནས་མགྲིན་པར་སླེབས་པས་ཁྱད་པར་གྱི་དགའ་བ། དེ་ནས་སྤྱི་བོར་སླེབས་པས་ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས། བྱང་སེམས་དེས་ལུས་ཐམས་ཅད་ཁྱབ་པས་ལུས་སེམས་ཐམས་ཅད་བདེ་ཆམ་གྱིས་སོང་། དེ་ལྟར་བདེ་བ་ཆེན་པོ་དེ་ཡུལ་ཅན་དུ་བྱས་ཏེ་ཡུལ་ཆོས་ཐམས་ཅད་ཀྱི་གནས་ལུགས་བདེ་སྟོང་སྤྲོས་པའི་མཐའ་
༡༩༥ཐམས་ཅད་དང་བྲལ་བ་མངོན་སུམ་དུ་རྟོགས་པར་མོས་པས་བདེ་སྟོང་དབྱེར་མེད་ལ་ཅུང་ཞིག་མཉམ་པར་འཇོག་པར་མཛོད། དེས་གསང་བ་ཤེས་རབ་མའི་གསང་བའི་རེག་བྱའི་དཀྱིལ་འཁོར་དུ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཕོ་ཉའི་ལམ་བསྒོམ་པ་ལ་དབང་། ཐུགས་རྡོ་རྗེ་དང་ཆོས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སྒྲིབ་པ་མ་ལུས་འཇོམས་མཛད་པ། །ཧེ་རུ་ཀ་དཔལ་བདེ་ཆེན་པོ། །ཤེས་རབ་ཐབས་ཀྱི་རང་བཞིན་ཅན། །རྡོ་རྗེ་སེམས་དཔའ་མི་འགྱུར་བ། །ཕྱག་རྒྱ་ཆེན་པོའ་ཡེ་ཤེས་ཀྱི། །དབང་བསྐུར་བདག་ལ་སྩལ་དུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པ་ལ་བླ་མས་ཚིག་གིས་སྟོན་པར་བྱེད་པ་ནི། །རྩ་བའི་རྒྱུད་ལས། ལས་ཀྱི་ཕྱག་རྒྱ་ཡོངས་སུ་སྤང་། །ཡེ་ཤེས་ཕྱག་རྒྱའི་རྣམ་རྟོག་དོར། །མཆོག་ཏུ་མི་འགྱུར་རྣལ་འབྱོར་པས། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ། །ཞེས་གསུངས་པའི་དོན་ཉམས་སུ་ལེན་པ་ལ་ཁྱེད་རང་ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་མཛོད། སེམས་མ་བཅོས་པར་ཞོག་ལ། འདི་ལྟར་སྣང་ཞིང་སྲིད་པའི་ཤེས་བྱ་ཐམས་ཅད་ཡུལ་རྡོ་རྗེ་ཕག་མོ་དང་། ཡུལ་ཅན་རང་རིག་པའི་ཡེ་ཤེས་ཧེ་རུ་ཀ་དང་གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོ་མཚན་ཉིད་ཐམས་ཅད་དང་བྲལ་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་རྟོགས་པར་གྱུར་པའི་མོས་པ་མཛོད་ལ་ཅུང་ཞིག་མཉམ་པར་འཇོག་པར་མཛོད། དེས་ཡང་གསང་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་གྱི་སྒྲིབ་པ་དག །དོན་དམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། ཡེ་ཤེས་རྡོ་རྗེ་དང་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་དབང་བཞི་པའི་དམ་ཚིག་བསྒྲག་པ་ལ། དང་པོ་བུམ་དབང་དང་འབྲེལ་བའི་དམ་ཚིག་ནི། ནངས་པར་སྔར་ལངས་སེམས་
༡༩༦བདག་ཉིད། །མ་ལུས་ལུས་ལ་བྱས་ནས་ཀྱང་། །བསྲུང་དང་བཟའ་བ་ལ་སོགས་པ། །འདོད་པའི་བདག་ཉིད་ཅན་བསྲུང་ངོ། །ལུས་དང་སྲོག་ལ་ལྟོས་མེད་པར། །དམ་ཚིག་དང་ནི་སྡོམ་པ་བསྲུང་། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་དུ་བསླབ་པར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །དགུན་ཟླ་འབྲིང་སོགས་ནས་བརྩམས་ཏེ། །ཟླ་བ་རེ་རེར་བསྲུངས་ནས་ནི། །གཉིས་མེད་གཉིས་མེད་འཁོར་ལོར་གནས། །ཚེས་བཅུ་ལ་ནི་དེ་རབ་མཆོད། །ཤ་དང་ཆང་སོགས་གང་ཡང་རུང་། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས། །ཐམས་ཅད་གཉིས་མེད་པར་ནི་གནས། །ཧེ་རུ་ཀ་དཔལ་རབ་ཏུ་མཆོད། །སྤྱོད་པ་གྲོལ་བའི་གནས་འདོད་པ། །ཡིད་ལ་འདོད་པ་ཀུན་འགྲུབ་འགྱུར། །ཞེས་དང་། གསང་དབང་དང་འབྲེལ་བའི་དམ་ཚིག་ནི། །གཉིས་མེད་ཡེ་ཤེས་སེམས་ལྡན་ལ། །མི་བྱ་བ་ནི་ཅི་ཡང་མེད། །ཚངས་པར་སྤྱོད་པ་རྟག་མནོས་ལ། །འདོད་པ་ལྔ་ནི་སྤྱོད་པར་གྱིས། །གཉིས་མེད་ལ་གནས་ཟས་ལ་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་བདག །གཉིས་མེད་པ་དང་གོས་པ་མེད། །དམ་ཚིག་སྤྱོད་པའི་སྤྱོད་པ་བྱ། །ཞེས་དང་། ཤེར་དབང་དང་འབྲེལ་བའི་དམ་ཚིག་ནི། །སྣ་ཚོགས་དབང་ཕྱུག་ལེགས་སྤྱོད་ཅིང་། །ཚངས་པར་སྤྱོད་པའང་དེ་བཞིན་ནོ། །ཁྲོ་བ་མེད་པའི་རྒྱུན་སྦྱོང་བ། །སྒྲུབ་པ་པོས་ནི་ཡོངས་སུ་བསྲུང་། །རྟག་ཏུ་སྒྲུབ་ལ་གནས་པ་ནི། །ཡུལ་ཀུན་ལ་ནི་རྣམ་རོལ་ཅིང་། །གཉིས་མེད་གྲུབ་པའི་རྣལ་འབྱོར་མ། །མི་བརྙས་སྲོག་ནི་ཇི་སྲིད་བར། །བུ་ཁྱོད་ཀྱིས་ནི་བསྒྲུབ་པར་བྱ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་དགའ་བར་ནི་ལོངས་སྤྱོད་ཅིག །ཅེས་དང་། དབང་བཞི་པ་དང་འབྲེལ་བའི་དམ་ཚིག་ནི། །བསམ་པ་ཐམས་ཅད་རབ་ཏུ་བརྟགས། །བདག་ཉིད་སངས་རྒྱས་ཐམས་ཅད་དང་། །རྣལ་འབྱོར་མ་ནི་ཀུན་གྱི་གནས། །དེ་བས་འབད་པ་ཐམས་ཅད་ཀྱིས། །ཧེ་རུ་ཀ་དཔལ་བདག་མཆོད་དོ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། ཁམས་གསུམ་ན་ནི་སྡིག་མེད་པས། །དེ་བས་འདོད་ལ་ཆགས་བྲལ་བ། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །དེ་
༡༩༧ནས་དབང་བཞི་པ་དང་རྗེས་སུ་འབྲེལ་བར་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་ཞུ་བའི་སླད་དུ་མཎྜལ་ཕུལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། །གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པའི། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །ཅེས་ལན་གསུམ་དུ་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་མཛོད། སྐད་ཅིག་གིས་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་ལྷའི་གོས་སྣ་ཚོགས་ཀྱིས་ཉེ་བར་བཀབ་ཅིང་རྒྱབ་ཡོལ་དང་ལྡན་པ་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་པདྨ་རབ་ཏུ་རྒྱས་པ་དང་ཉི་ཟླའི་གདན་ལ་ཁྱེད་རང་བདེ་མཆོག་ཧེ་རུ་ཀའི་རྣམ་པར་གྱུར་བ་སྔགས་འདིས་བཀོད་པའི་མོས་པ་མཛོད། ༀ་བཛྲ་དྷཱ་ར་ས་མ་ཡ་སྟྭཱཾ། དེའི་དབུའི་སྟེང་དུ་གདུགས་དང་། གཡས་གཡོན་དུ་འཕན་དང་བ་དན་དང་རྒྱལ་མཚན་དུ་མ་དང་། མཐའ་སྐོར་དུ་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་པའི་རྟགས་རྫས་བརྒྱད་སོགས་མཆོད་པའི་ཚོགས་དུ་མ་དང་བཅས་པར་གྱུར། དེ་ལ་སྐད་ཅིག་གིས་དབང་ལྷ་ནམ་མཁའ་གང་བར་བྱོན་པ་དང་སློབ་དཔོན་ལྷན་ཅིག་པས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་སྲིད་དུ་དབང་བསྐུར་བ་ལྟར་བུམ་པའི་བདུད་རྩིས་དབང་བསྐུར་བའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་ནས་ཤྲཱི་ཡེ་ཧཱུྃ། བུམ་ཆུ་སྦྱིན་ཅིང་ཁ་རྒྱན་གྱིས་འཐོར། ཞེས་གསུང་ཞིང་དབང་བསྐུར། སྐུ་གང་། དྲི་མ་དག །བདེ་བ་ཆེན་པོ་མྱོང་། ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན་པའི་མོས་པ་མཛོད། དེ་ནས་དེ་ལ་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་མངའ་གསོལ་བ་ཕུལ་བའི་མོས་པ་མཛོད། འཁོར་ལོ་ཐོད་པ་རྣ་རྒྱན་དང་། །མགུལ་རྒྱན་གདུ་བུ་སྐ་རགས་དང་། །དོ་ཤལ་དང་ནི་རྣམ་པ་བདུན། །ཕྱག་རྒྱ་ཡི་ནི་དབང་བསྐུར་རོ། །ཞེས་བསྐོན། དེ་ནས་དབུ་རྒྱན་སྤྱི་བོར་བཅིངས་ཏེ་དབང་བསྐུར་བའི་མོས་པ་མཛོད། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་
༡༩༨གྱིས་བསྔགས་པ་ཡི། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །དར་དཔྱངས་ལྡན་པའི་དབང་བསྐུར་རོ། །ༀ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཡཱ་མི། ཞེས་བསྐོན། དེ་ནས་དེ་ལ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་བྱིན་ཏེ་རྡོ་རྗེ་སློབ་དཔོན་གྱི་དབང་གི་དངོས་གཞི་སྦྱིན་པ་ལ། དང་པོ་ཐུགས་ཀྱི་དམ་ཚིག་ཏུ་རྡོ་རྗེ་ཕྱག་གཡས་སུ་བྱིན་ཏེ་དབང་བསྐུར་བའི་མོས་པ་མཛོད། ཐོག་མཐའ་མེད་པའི་སེམས་དཔའ་ནི། རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའ་བདག །ༀ་བཛྲ་ས་ཏྭ་ཧཱུྃ། ཞེས་སྦྱིན། གསུང་གི་དམ་ཚིག་ཏུ་དྲིལ་བུ་ཕྱག་གཡོན་ཏུ་བྱིན་པས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྒྲ་སྒྲོགས་པར་མོས་ལ་དཀྲོལ་ཞིང་དཀུར་བརྟེན་མཛོད། ཨཿ སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་བྱེད་པར་འགྱུར། ། དྷཱ་ཏུ་ཨཿ ཞེས་སྦྱིན། ༀ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟཾ། ཨ་བྷི་ཥིཉྩ་མ་ཏི་ཛྙཱ་ན་བཱི་རས་མ་ཡ་སྟྭཾ། ཞེས་དཀྲོལ་དུ་གཞུག །སྐུའི་དམ་ཚིག་ཏུ་ཁྱེད་རང་དཔལ་བདེ་མཆོག་ཧེ་རུ་ཀར་གསལ་བ་རིག་མ་དང་མཉམ་པར་སྦྱོར་བའི་བདེ་བས་དགྱེས་པར་མོས་ལ་རྡོར་དྲིལ་ཐུགས་ཀར་བསྣོལ་ཏེ་སྐུའི་སྒོ་ནས་སེམས་ཅན་གྱི་དོན་བྱའོ་སྙམ་པ་རེ་མཛོད། ཡིད་ཀྱི་ལུས་ནི་བརྟན་བྱའི་ཕྱིར། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བརྗོད། །དམ་ཚིག་ཡིད་ནི་བརྟན་པ་གང་། །དེས་ན་ཕྱག་རྒྱར་རབ་ཏུ་གྲགས། །སླར་ཡང་རྡོར་དྲིལ་ཕྱག་གཡས་གཡོན་དུ་བྱིན་ཏེ་སློབ་དཔོན་དུ་རྗེས་སུ་གནང་བ་བྱིན་པའི་མོས་པ་མཛོད། རྡོ་རྗེ་རབ་མཆོག་རྡོ་རྗེ་ནི། །ཆེ་དང་དྲིལ་བུ་ཆེན་པོ་ཟུང་། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །དེང་ནས་ཁྱོད་ཀྱིས་དཔལ་འཁོར་ལོ་སྡོམ་པའི་སྒོ་ནས་སེམས་ཅན་ཐམས་ཅད་སྨིན་པར་བྱ་བའི་ཕྱིར་དབང་བསྐུར། རྒྱུད་ཤོད། ཕྲིན་ལས་དང་ཡེ་ཤེས་མ་ལུས་བསྒྲུབས་ཤིག །དེ་ལྟར་སློབ་དཔོན་དུ་དབང་བསྐུར་བ་ལ་མཆོད་པས་མཆོད་པའི་མོས་པ་མཛོད། ༀ་བཛྲ་པུཥྤེ་པྲ་ཏཱི་ཙྪ་ཧཱུྃ། ཞེས་པ་ནས་ཤབྡའི་བར་གྱིས་མཆོད། མེ་ཏོག་འཐོར་ཏེ། མངའ་བདག་ཆེན་པོ་སྐུ་མདོག་སྔོན་པོ་
༡༩༩རྒྱལ་གྱུར་ཅིག །དམར་པོ་ཇི་ལྟར་མཛེས་པར་བྱས་པ་རྒྱལ་གྱུར་ཅིག །དམ་ཚིག་མཆོག་གིས་རྒྱན་གྱིས་མཛེས་པ་རྒྱལ་གྱུར་ཅིག །ལྷ་མོའ་འཁོར་ལོའ་རྒྱན་གྱིས་བརྒྱན་པ་རྒྱལ་གྱུར་ཅིག །དང་པོའ་སངས་རྒྱས་ཀུན་མཆོག་གནས་པ་རྒྱལ་གྱུར་ཅིག །འདོད་པ་ཐར་པ་ནོར་དང་ཆོས་སྦྱིན་རྒྱལ་གྱུར་ཅིག །རྣམ་པར་དགྱེས་པར་རོལ་པའི་རང་བཞིན་རྒྱལ་གྱུར་ཅིག །ཕྱག་ན་རྡོ་རྗེ་བདེ་བའི་མགོན་པོ་རྒྱལ་གྱུར་ཅིག །ༀ་སུ་པྲ་ཏིཥྛ་བཛྲ་ཧཱུྃ། དེ་ནས་ཕྲིན་ལས་ཀྱི་རྗེས་སུ་གནང་བ་ནི། །གླེགས་བམ་གཏད་པས་ཁྱོད་ཀྱིས་ཐབས་སྣ་ཚོགས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་མོས་མཛོད། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །རིན་ཆེན་འཁོར་ལོ་རབ་ཏུ་བསྐོར། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་རྣམས་ནི་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བའོ། །དེ་དང་རྗེས་སུ་འབྲེལ་བར་རྗེས་སུ་གནང་བ་ལ་བདུན་ལས། དང་པོ་གར་ནི། ཀུན་གྱིས་པད་ཀོར་སོགས་གར་ཅུང་ཟད་བསྒྱུར་བར་མཛོད། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །རྣལ་འབྱོར་མ་དང་དཔའ་བོའ་ཚོགས། །ཤེས་རབ་ཐབས་ཀྱིས་སྙེམས་ཆེན་གྱིས། །གསང་མཆོག་བདེ་བའི་དགའ་སྟོན་གྱིས། །གཉིས་པ་ནི། ཕྲེང་བ་སྦྱིན་ཅིང་རྗེས་སུ་གནང་བའི་མོས་པ་མཛོད། །སྒེག་དང་བཅས་པའི་ཕྲེང་བ་ཟུང་། །སངས་རྒྱས་ཀུན་གཙོ་རྣལ་འབྱོར་མ། །དེ་ནི་འབྲལ་བར་མི་འགྱུར་ཏེ། །ཕྲེང་བ་འདི་ནི་རྒྱན་ཡིན་ནོ། །གསུམ་པ་གླུ་ནི། སྙན་པའི་འགྱུར་ཁུགས་དང་བཅས་ཏེ་རྗེས་སུ་གནང་བའི་མོས་པ་མཛོད། ལུས་ཅན་རྣམས་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེས་ནི་རྣལ་འབྱོར་མ་དེ་དང་། །མྱུར་དུ་བདེ་བ་མྱོང་བར་འགྱུར། །བཞི་པ་མིག་ཐུར་ནི། གསེར་གྱི་མིག་ཐུར་གྱིས་མིག་སྨན་མིག་ལ་བྱུག་ཅིང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་རྗེས་སུ་གནང་བའི་མོས་པ་མཛོད། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་
༢༠༠བསལ་བ་ལྟར། །དག་ཅིང་གསལ་ལ་རྙོག་པ་མེད། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ནི་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་ཧྲཱིཿཔྲཱཾ། ལྔ་པ་ནི། དུད་དཀར་བྱིན་ཏེ་ཆོས་འཆད་པའི་རྗེས་སུ་གནང་བའི་མོས་པ་མཛོད། ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །དྲུག་པ་ནི། ལས་བཞིའི་དབྱིབས་བཅོས་པའི་ཙཀླི་བཏེགས་ལ། ཕྲིན་ལས་བཞི་པོ་རྗེས་སུ་གནང་བའི་མོས་པ་མཛོད། ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱེད་དང་གདོན་ཚོགས་དག །བསད་དང་བསྐྲད་པ་ཐམས་ཅད་དེ། །ལས་དེ་རྣམས་ནི་བསྒྲུབ་པར་གྱིས། །བདུན་པ་ནི། གྲུབ་པ་བརྒྱད་ཀྱི་གཟུགས་བྲིས་པའི་ཙཀླི་བཏེགས་ལ། ཐུན་མོང་གི་གྲུབ་པ་བརྒྱད་པོ་རྗེས་སུ་གནང་བའི་མོས་པ་མཛོད། རལ་གྲི་མིག་སྨན་ས་འོག་དང་། །རྐང་མགྱོགས་མི་སྣང་རིལ་བུ་བཅུད། །མཁའ་ལ་སྤྱོད་པའི་དངོས་གྲུབ་ཀུན། །ཐམས་ཅད་ཅི་དགར་བསྒྲུབ་པར་གྱིས། །ཞེས་བརྗོད། དེ་ནས་དེ་དག་གི་སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་ལ་སྲུང་སྡོམ་ཅི་ནུས་སུ་བགྱིད་སྙམ་པའི་སྲུང་སེམས་ནན་ཏན་དུ་བསྐྱེད་ནས་དམ་ཚིག་མདོར་བསྡུས་ཏེ་ཁས་ལེན་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དབང་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་སླད་དུ་མཎྜལ་ཕུལ། མཎྜལ་དུ་མ་ཟད་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་ཐམས་ཅད་འཁོར་ལོས་སྒྱུར་བའི་རྒྱལ་པོའ་རྒྱལ་སྲིད་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་རེ་རེ་ནས་སོ་སོར་བཞེས་ཏེ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེ་དེ་ནས་བརྩམས་ཏེ་བདག་དྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་གཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །དེ་ལྟར་དེ་ཉིད་ཀྱི་སྒོ་ནས་དཔལ་འཁོར་ལོ་བདེ་མཆོག་གྲུབ་ཐོབ་ཆེན་པོ་ཏཻ་ལོ་པ་དང་ནཱ་རོ་པའི་ལུགས་ཀྱི་དབང་བསྐུར་གྱི་རིམ་པ་ཟབ་པ་ལས་ཀྱང་ཆེས་ཟབ་པ་ཕུལ་གྲུབ་པ་ལགས་པས་འདིའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པ་དང་། དེ་ལྟར་
༢༠༡གསན་པའི་རྣམ་དཀར་གྱིས་མཚོན་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བའི་འདུན་པས་བསྔོ་སྨོན་མཛད་འཚལ། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་བགྱིས་ཏེ་སློབ་མ་རྣམས་གྱེས་པར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། ཚོགས་མཆོད་སོགས་ཀྱི་གོང་དུ་ལག་མཆོད་བྱ་བ་ནི། སྔར་བྱིན་གྱིས་བརླབས་པའི་ཐོད་པའི་བདུད་རྩི་མདུན་ཏུ་བཞག །གཡོན་པའི་མཐེབ་སྲིན་གྱིས་ཟེག་མ་གཏོར་ལ། ༀ་ཁཎྜ་རོ་ཧེ་ཧུཾ་ཧཱུྃ་ཕཊ་བརྗོད། གཡོན་སྐོར་གྱིས་ཟླུམ་སྐོར་བྱ་ཞིང་། ༀ་སྭ་བྷཱ་བ་སོགས། གཡོན་སྐོར་གྱིས་ཆོས་འབྱུང་འབྲི་ལ། ༀ་ཨཱཿཧཱུྃ། གཡས་སྐོར་དུ་བྲིས་ཏེ། ཧཱུྃ་ཨཱཿༀ། དབུས་སུ། ཧཱུྃ་བཾ། ཕྱོགས་བཞིར། མཾ་ལཾ་པཱཾ་ཏཱཾ། རྣམས་ལས་གཙོ་བོ་ཡབ་ཡུམ་དང་མཁའ་འགྲོ་བཞི། ཟུར་དྲུག་ལ། ༀ་ཧཿ ན་མ་ཧི། སྭཱ་ཧཱ་ཧུ། བཽ་ཥཊ་ཧོ། ཧཱུྃ་ཧཱུྃ་ཧེཿ ཕཊ་ཧཾ། ཞེས་དང་། ༀ་བཾ། ཧཾ་ཡཾ། ཧྲཱིཾ་མོཾ། ཧྲཱིཾ་ཧྲཱིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཞེས་ཡབ་ཡུམ་གྱི་གོ་ཆའི་ལྷ་རྣམས་བཀོད་ཚུལ་ཐིག་ལེ་བྱ། དེ་རྣམས་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་བདེ་བ་ཆེན་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་གསལ་བར་གྱུར། ལག་པ་གཉིས་ཕན་ཚུན་ཆང་གཏོར་ལ། ཁཎྜ་རོ་ཧེའི་སྔགས་བརྗོད། ༀ་སྭཱ་བྷཱ་ཝས་གཡས་པའི་མཐེབ་སྲིན་གྱིས་གཡོན་པའི་མཐིལ་དུ་གཡོན་སྐོར་དུ་ཟླུམ་སྐོར་བྱ་བ་དང་ཆོས་འབྱུང་བསྣོལ་མ་དབུས་ཀྱི་ས་བོན་ལྔ་པོ་སྔར་ལྟར་གཡས་པས་བཀོད་པ་ལ། ཐིག་ལེ་ལྔ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཡབ་ཡུམ་བདེ་ཆེན་གྱིས་རྣལ་འབྱོར་མ་བཞི་དང་བཅས་པ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་གསལ་བར་གྱུར། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་བཱི་ར་ཡོ་གི་ནི་ཨཱརྒྷཾ་ནས། ཤབྡའི་བར་དང་། ཨ་མྲྀ་ཏ་མ་ཏཾ་གི་རྣམས་སྦྱར་བའི་ཕྱི་ནང་གསང་གསུམ་གྱིས་མཆོད། རྐང་བརྒྱད་ཀྱིས་བསྟོད། རང་གི་ལག་པ་གཡས་པའི་མཐིལ་དུ་ཨ་ལས་ཟླ་བའི་སྟེང་དུ་དབྱངས་ཡིག་དཀར་པོ་ཤེས་རབ་ཀྱི་རང་བཞིན། གཡོན་པར་མཾ་ལས་ཉི་མའི་སྟེང་དུ་གསལ་བྱེད་སོ་བཞི་དམར་པོ་ཐབས་ཀྱི་རང་བཞིན། སྟེང་འོག་གི་ཡི་གེ་ལས་འོད་ཟེར་དཀར་དམར་འཕྲོས་ཏེ་ཐོད་པའི་ནང་དུ་སོང་བས་
༢༠༢གཉིས་སུ་མེད་པར་འདྲེས་ཤིང་ཁོལ་ནས་མ་དག་པ་ཕྱིར་ལུད། རླངས་པའི་འོད་ཟེར་མཆོད་སྤྲིན་དུ་གྱུར་པས་འཁོར་ལོ་སྡོམ་པའི་ལྷ་ཚོགས་མཉེས་པར་བྱས། ༀ་ཨཱཿཧཱུྃ། སླར་ཡང་ལག་པ་གཡས་པའི་མཐིལ་དང་གཡོན་གྱི་མཛུབ་མོ་ལྔ་དང་སེན་མོ་རྣམས་ལ། ༀ་ཧཿ ན་མ་ཧི། སྭཱ་ཧཱ་ཧུ། བཽ་ཥ་ཊ་ཧ། ཧཱུྃ་ཧཱུྃ་ཧོ། ཕཊ་ཧཾ་ཡབ་ཀྱི་གོ་ཆའི་དཔའ་བོ་དྲུག་དང་། གཡོན་པའི་མཐིལ་དུ་ༀ་བཾ། ཧཾ་ཡོཾ། ཧྲཱིཾ་མོཾ། ཧྲཱིཾ་ ཧྲཱིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ་ལས་ཡུམ་གྱི་གོ་ཆའི་ལྷ་མོ་དྲུག་གསལ་བར་གྱུར། ༀ་བཛྲ་པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནི་ཝི་དྱ་པྲ་ཏཱི་ཙྪ་སྭཱ་ཧཱ། ལྷ་ཐམས་ཅད་ཕན་ཚུན་ཡུམ་གྱིས་ཡབ་ལ་འཁྱུད། ཡབ་ཀྱིས་ཡུམ་ལ་འཁྱུད། ཐལ་མོ་ཁ་སྦྱར་ལ། ཡབ་ཡུམ་གཉིས་སུ་མེད་པར་སྙོམས་པར་ཞུགས་པའི་བྱང་སེམས་དཀར་དམར་བབས་པས་བདུད་རྩི་དང་འདྲེས། སླར་ཡང་ལྷ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ལག་པ་གཉིས་ཁ་སྦྱར་བ་འོག་ཏུ་བལྟ་བའི་མཐེབ་སྲིན་གྱིས་གཡཽན་སྐོར་དུ་ལན་གསུམ་དཀུག །ༀ་ཨཱ༔ཧཱུྃ། ཞེས་བརྗོད་ལ་གཡོན་པའི་མཐེབ་སྲིན་གྱིས་ཕྱི་རོལ་དང་། མཆོད་རྫས་དང་རང་ཉིད་རྣམས་ལ་གཏོར་ཞིང་། གནས་དང་རྣལ་འབྱོར་བདག་ཅག་རྣམས་སྲུང་བ་མཚམས་ཀྱི་གུར་ཁང་དཔའ་བོ་མཁའ་འགྲོ་མས་གཏམས་པར་གྱུར། བདུད་རྩི་གཡོན་པའི་མཐེབ་སྲིན་གྱིས་བླངས་ལ་སྨིན་མཚམས་ནས་སྟེང་འོག་རིམ་བཞིན་དུ་འཐོར་ནས་མཆོད་པར་བསམས་ལ། ༀ་ཨཱཿཧཱུྃ། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏེ་ལོ་ཤེས་རབ་བཟང་པོ། ན་རོ་ཛྙཱ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ་ལ་སོགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། གང་འདིར་ཕུང་ཁམས་རྒྱལ་བ་ཡབ་ཡུམ་ཉིད། །ཡུལ་དབང་སེམས་ལས་དབང་ཡུལ་ཁྲོ་མོ་དཔའ། །སྲིད་གསུམ་དབྱེར་མེད་ལྷན་སྐྱེས་རྣལ་འབྱོར་མཆོད། །ཅེས་རང་གི་ལུས་ཀྱི་ལྷ་ཚོགས་མཆོད་ཅིང་། །རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་ལྷ་རྣམས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས། །བདུད་རྩིའི་རྒྱུན་
༢༠༣གྱིས་གུས་པས་རབ་མཆོད་ན། །རྗེས་སུ་བརྩེ་བས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀི་མཱི་ཛཱ་ལ་སམྦ་རཾ་ཧུཾ་ཧཱུྃ་ཕཊ། སོགས་ཡབ་ཡུམ་འཁོར་དང་བཅས་པའི་སྙིང་པོ་རྒྱས་བསྡུས་གང་རུང་གི་མཐར། ༀ་ཨཱཿཧཱུྃ་བཏགས་ལ་འབུལ། ཤྲཱི་མ་ཧཱ་ཀཱ་ལ་ༀ་ཨཱ༔ཧཱུྃ། ཤྲཱི་མ་ཧཱ་ཀཱ་ལི་ༀ་ཨཱཿཧཱུྃ། ཞེས་ཆོས་སྐྱོང་རྣམས་ལ་འབུལ། ལག་མཆོད་ཆང་དེས་ཚོགས་གཏོར་རྣམས་ལ་བྲན་དགོས་པ་ཡིན་ནོ། །གཉིས་པ་གཏོར་མ་ཟུར་དུ་བྱེད་ན། མཆོད་གཏོར་བདུད་རྩི་ལྟར་བྱིན་གྱིས་བརླབ། བླ་མ་ཡི་དམ་ཆོས་སྐྱོང་རྣམས་ལ་གོང་ལྟར་སྔགས་ལན་གསུམ་རེས་འབུལ། ཕྱི་ནང་གསང་གསུམ་མཆོད། རྐང་བརྒྱད་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་བཅོལ། མདུན་བསྐྱེད་ལ་དམིགས་ན་དེ་ཙམ་གྱིས་ཆོག །གཏོར་མགྲོན་གསར་དུ་སྤྱན་དྲངས་ན་བཟོད་གསོལ་བྱས་ལ་གཤེགས་སུ་གསོལ་ལོ། །གསུམ་པ་ཚོགས་མཆོད་ནི་སྟག་ལྤགས་ལ་སོགས་པའི་སྟེང་དུ་ཆོས་འབྱུང་བྲིས་པའི་དབུས་སུ་ཚོགས་གཏོར་དང་ཤ་ཆང་གཙོ་བོར་གྱུར་བའི་ཚོགས་རྫས་ཇི་ཙམ་འབྱོར་བ་བཤམ། བདུད་རྩི་ལྟར་བྱིན་གྱིས་བརླབ། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི། རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཚོགས་ཉིད་སྤྱན་འདྲེན་པ་ནི། ཧཱུྃ། བཞེངས་ཤིག་བླ་མ་རྣམས་བཞེངས་ཤིག །བཀའ་བརྒྱུད་བླ་མ་སྐུ་བསྐྱོད་འཚལ། །རིག་འཛིན་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུྃ་བཞེངས་ཤིག་ཡི་དམ་རྣམས་བཞེངས་ཤིག །བདེ་མཆོག་ཡབ་ཡུམ་སྐུ་བསྐྱོད་འཚལ། །དཔའ་བོ་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་ཧཱུྃ་བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །མ་མགོན་
༢༠༤ལྕམ་དྲལ་ད་བསྐྱོད་འཚལ། །དམ་ཚིག་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་གནས་ཁང་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་འཚོགས་རྣམ་འབྱོར་བག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དེ་ནས་ཚོགས་རྫས་བསྟབ་པ་ནི། །ཧཱུྃ་ཕྱག་རྒྱ་ཆེན་པོའ་གཞལ་ཡས་ནས། །བཀའ་བརྒྱུད་བླ་མ་འཁོར་བཅས་ལ། །ཟག་མེད་ཚོགས་ཀྱི་མཆོད་པ་འདི། །གཉིས་མེད་ངང་དུ་འབུལ་ལགས་ན། །བདེ་བ་ཆེན་པོར་བཞེས་སུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །འདིར་འཚོགས་རྣམས་ལ་སྩལ་དུ་གསོལ། །ཧཱུྃ་གསང་བའི་དུར་ཁྲོད་གནས་བརྒྱད་ནས། །གྲུབ་ཐོབ་ཕོ་མོ་འཁོར་བཅས་ལ། །ཟག་མེད་སོགས་འགྲེས། ཧཱུྃ་ཆོས་དབྱིངས་བདེ་བ་ཆེན་པོ་ནས། །འཁོར་ལོ་བདེ་མཆོག་འཁོར་བཅས་ལ། །ཟག་མེད་ཧཱུྃ་ཨོ་རྒྱན་རང་བྱུང་དུར་ཁྲོད་ནས། །གསང་བ་ཡེ་ཤེས་འཁོར་བཅས་ལ། །ཟག་མེད་ཧཱུྃ་ཤར་ཕྱོགས་གསང་བའི་དུར་ཁྲོད་ནས། །མཁའ་འགྲོ་ཡབ་ཡུམ་འཁོར་བཅས་ལ། །ཟག་མེད་།ཧཱུྃ་བྱང་ཕྱོགས་གསང་བའི་དུར་ཁྲོད་ནས། །ལཱ་མ་ཡབ་ཡུམ་འཁོར་བཅས་ལ། །ཟག་མེད་།ཧཱུྃ་ནུབ་ཕྱོགས་གསང་བའི་དུར་ཁྲོད་ནས། །དུམ་སྐྱེས་གཟུགས་ཅན་འཁོར་བཅས་ལ། །ཟག་མེད་།ཧཱུྃ་ལྷོ་ཕྱོགས་གསང་བའི་དུར་ཁྲོད་ནས། །གཟུགས་ཅན་ཡབ་ཡུམ་འཁོར་བཅས་ལ། །ཟག་མེད་ཧཱུྃ་གནས་མཆོག་ཉི་ཤུ་རྩ་བཞི་ནས། །དཔའ་བོ་མཁའ་འགྲོ་འཁོར་བཅས་ལ། །ཟག་མེད་ཧཱུྃ་འཇིག་རྟེན་སྣ་ཚོགས་དུར་ཁྲོད་ནས། །སྣ་ཚོགས་མཁའ་འགྲོ་འཁོར་བཅས་ལ། །ཟག་མེད་ཧཱུྃ་བདུད་འདུལ་ཆེན་པོའ་ཕོ་བྲང་ནས། །ཡེ་ཤེས་ཆོས་སྐྱོང་འཁོར་བཅས་ལ། །ཟག་མེད་ཚོགས་ཀྱི་མཆོད་པ་འདི། །གཉིས་མེད་ངང་དུ་འབུལ་ལགས་ན། །བདེ་བ་ཆེན་པོར་བཞེས་སུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །འདིར་འཚོགས་རྣམས་ལ་སྩལ་དུ་གསོལ། །སྐབས་འདིར་གོང་དུ་སྨོས་པ་ལྟར་གཏོར་ཆོག་གིས་གཏོར་མ་འབུལ། གྲུབ་ན་མཁའ་
༢༠༥འགྲོ་སྤྱི་གཏོར་དང་གཞི་བདག་གཏོར་མའང་བཏང་། ཕྲིན་ལས་བཅོལ་བའི་རྗེས་སུ་སྐོང་རྫས་དངོས་འབྱོར་ཡིད་སྤྲུལ་བསམ་གྱིས་མི་ཁྱབ་པར་དམིགས་ལ། ཧཱུྃ། ཕྱག་རྒྱ་ཆེན་པོའ་གཞལ་ཡས་ནས། །བཀའ་བརྒྱུད་བླ་མ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ཚངས་པའི་དངོས་གྲུབ་སྩོལ། །ཞེས་གོང་ལྟར་ཚང་བར་སྦྱར། བཤགས་པ་བྱ་བ་ནི། ཧཱུྃ། ཕྱག་རྒྱ་ཆེན་པོའ་གཞལ་ཡས་ནས། །བཀའ་བརྒྱུད་བླ་མ་འཁོར་བཅས་རྣམས། །གསན་ཅིང་བདག་ལ་དགོངས་སུ་གསོལ། །བདག་ཅག་མ་རིག་དབང་གིས་ནི། །སྐུ་གསུང་ཐུགས་དང་ཅི་འགལ་བ། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ཞེས་སྔ་མའི་གོ་རིམ་ལྟར་སྦྱར། ལས་རྡོར་གྱིས། གཟིགས་ཤིག་མཛེས་ལྡན་སོགས་ཀྱིས་ཚོགས་དྲང་། རིན་ཐང་མེད་ལས་སོགས་ཀྱིས་བླངས་ལ་ནང་གི་རྣལ་འབྱོར་དང་ལྡན་པས་རོལ། ལྷག་མ་རྣམས་བསྡུས་ལ་བདུད་རྩིས་བྲན། ཨ་ཀཱ་རོས་བྱིན་གྱིས་བརླབ། ཧཱུྃ། གཞན་ཡང་ལས་ཀྱི་མཁའ་འགྲོ་མ། །ཤིན་ཏུ་འཇིགས་པའི་ཀེང་རུས་གཟུགས། །ཡན་ལག་རུས་པའི་འཁོར་ལོས་བརྒྱན། །སྙིང་ཁྲག་རྔུབ་ཅིང་རྐན་སྒྲ་སྒྲོགས། །རྐང་མགྱོགས་བརྟུལ་ཞུགས་གདུག་རྩུབ་ཅན། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཚིག་ཉམས་པའི་སྲོག་གཅོད་ཡིན། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །དཀོན་མཆོག་གསུམ་གྱི་བསྟན་བ་སྲུངས། །ད་རེས་ཉུལ་ལ་མེལ་ཚེ་མཛོད། །ཧཱུྃ། འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །སྲིན་པོའ་ལུས་ལ་ཅེ་སྤྱང་གདོང་། སྦྲུལ་ལ་ནག་ལྕེ་ལ་སྤྱན་མིག་གློག །ཁ་རླངས་དུག་ལ་ང་རོ་འབྲུག །མི་ལྤགས་གཡབ་མོ་ཕྱོགས་བཅུར་རྡེབ། །རྒྱུ་ཞགས་འདོམ་དགུས་དགྲ་བོ་འཆིང་། །ཁྲོས་པའི་སྨིན་ཕྲག་སེར་ཆེན་འབེབས། །བྱེ་བ་དུང་ཕྱུར་ས་མ་ཡ། །བ་སྤུ་མཚོན་ཆ་མེ་ལྟར་འབར། །དམ་ཚིག་ཅན་གྱི་སོགས། ཧཱུྃ། ཤ་ཟའི་མཁའ་འགྲོ་ཡང་སྤྲུལ་ཚོགས། །ཡི་དྭགས་ལུས་ལ་དུར་བྱའི་གདོང་། །ཆུ་སྲིན་རྐན་ལ་ཐོད་པས་བརྒྱན། །ལུས་ལ་རྣག་ཁྲག་ཆུ་སེར་
༢༠༦ལྷགས། །སྨྲེ་སྔགས་ཚིག་ལ་ངུ་འབོད་དབྱངས། །ཕྱི་ནས་འདྲེ་འཚུབ་སྤྲིན་བཞིན་ལྡང་། །བཀྲ་མི་ཤིས་ཤིང་རྗེས་ངན་གཏོང་། །རོ་ལངས་རྐང་པས་དུར་ཁྲོད་ཉུལ། །ཕུང་སྲི་ལག་པས་སྲོག་རྩ་གཅོད། །གཟའ་སྲིན་མིག་གིས་ཟླ་ཚེས་བལྟ། །དམ་ཚིག་སོགས། ཧཱུྃ། གཞན་ཡང་མཁའ་འགྲོ་ཕོ་ཉའི་ཚོགས། །ལས་ལ་མྱུར་ཞིང་བསྟན་པ་སྲུང་། །ལྕེ་སྤྱང་མང་པོ་རོལ་དུ་ཁྲིད། །བུ་ཆུང་ལུས་ལ་བྱ་རོག་གདོང་། །བཤུགས་གླུའི་དབྱངས་ལ་སྨྲེ་སྔགས་ཚིག །རི་གསུམ་འགྲིམ་ཞིང་ལུང་གསུམ་བསྐོར། །ཆུ་ལ་ཞོན་ནས་གྲིབ་སོ་འགྲིམ། །དཀྱིལ་འཁོར་མཐའ་མ་བསྐོར་ཞིང་ཉུལ། །དམ་ཚིག་ཅན་སོགས། ༀ་ཨུཙྪི་ཥྟ་བ་ལྱཱ་དི་བྷ་ཀྵ་བྷ་ཀྵ་སི་སྭཱ་ཧཱ། དེ་ནས་རྡོ་རྗེའི་གླུ་ལེན་པ་ནི། པདྨ་ལ་ནི་རྡོ་རྗེ་གནས། །པདྨ་ཉིད་ནི་ཞིང་ཡིན་ནོ། །རྒྱུན་ཏུ་ཅང་ཏེའུ་བརྡུང་བྱ་སྟེ། །སྙིང་རྗེས་ཀུ་ཅོ་བསྒྲགས་མི་བྱ། །ད་རུ་སྟོབས་ལྡན་འབད་པར་བྱ། །ཆང་ནི་མང་པོ་བཏུང་བར་བྱ། །གྲོགས་པོ་སྐལ་ལྡན་གཞུག་པར་བྱ། །སྐལ་པ་མེད་པར་རྣམ་པར་སྤང་། །བཞི་མཉམ་གླ་རྩི་སིཧླ། །ག་བུར་རྣམས་ཀྱིས་བྱུག་པར་བྱ། །དེར་ནི་ཚོད་མ་ཤ་ཆེན་གྱིས། །བཀང་བ་ཡང་དག་བཟའ་བར་བྱ། །འགྲོ་དང་འོང་བ་འགོག་མི་བྱེ། །དག་དང་མ་དག་བསམ་མི་བྱ། །རུས་པའི་རྒྱན་གྱིས་ལུས་ལ་བརྒྱན། །དེ་རུ་རོ་ནི་གཞུག་པར་བྱ། །འདུས་ཕྱིར་གཉིས་ནི་སྦྱོར་བར་བྱ། །དེར་ནི་རེག་མིན་སྤང་མི་བྱ། །ཞེས་བརྗོད། བཞི་པ་གཏང་རག་གི་མཆོད་བསྟོད་ནི། མཆོད་པ་ཁ་གསོས་ལ་བྱིན་རླབས་བྱ། སྒྲུབ་མཆོད་སྐབས་སོགས་སུ་ཆུ་བཞི་ཉེར་སྤྱོད། རིག་མ་བཅུ་དྲུག་བཅས་ཚིགས་བཅད་སྔགས་དང་བཅས་པས་མཆོད། བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། ཞེས་པས་ནང་མཆོད་དང་། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་གུས་མཆོད་འབུལ། རྐང་བརྒྱད་ཀྱིས་བསྟོད། ཆོ་ག་དཀྱུས་མ་ཙམ་ལ། བསྡུ་ན། ཆུ་བཞི་ཉེར་སྤྱོད། རིག་མ་བཅུ་དྲུག་བཅས་སྔགས་ཙམ་དང་། །པཉྩ་ཨ་མྲྀ་ཏས་ནང་མཆོད། མ་ཏཾ་གིས་གསང་མཆོད་འབུལ། ཆོས་
༢༠༧དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐབས་ཀྱིས་ཁྲོ་བོའ་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཞེས་པ་ཙམ་གྱིས་བསྟོད། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པར་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། ལྔ་པ་བཟོད་པར་གསོལ་བ་ནི། མ་འབྱོར་བ་དང་ཉམས་པ་དང་། །སོགས་དང་ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་བརྗོད། དྲུག་པ་གཤེགས་བསྡུ་ནི། མདུན་བསྐྱེད་དཀྱིལ་འཁོར་ཡེ་ཤེས་པ་རས་བྲིས་སོགས་ལ་བརྟན་བཞུགས་བྱ། རྟེན་མེད་ན་གཤེགས་སུ་གསོལ། དམ་ཚིག་པའི་དཀྱིལ་འཁོར་འཁོར་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས། རང་ཉིད་བཅོམ་ལྡན་འདས་དཔའ་བོ་གཅིག་པར་གསལ་བའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྡོ་རྗེ་གསུམ་གྱི་རང་བཞིན་གྱིས་བསྲུང་བར་མོས། སྤྱི་བོར་ༀ་ཧ་དཀར་པོ་སོགས་གོ་ཆའི་དཔའ་བོ་དྲུག་བཀོད་པ་དང་། སུམྦྷ་ནིས་ཕྱོགས་མཚམས་སྲུང་བ་ནི་བདེ་མཆོག་སྤྱི་ལྟར་བྱའོ། །བདུན་པ་བསྔོ་སྨོན་ཤིས་བརྗོད་བྱ་བ་ནི། །སྐྱེ་ཞིང་སྐྱེ་བར་རིགས་མཆོག་ཏུ་སོགས་སྒྲུབ་ཐབས་བཞིན་བརྗོད། ཤིས་པ་བརྗོད་པ་ནི་མེ་ཏོག་འཐོར་ལ། བཀྲ་ཤིས་གང་ཞིག་ཆོས་ཀྱི་སྐུ་ལ་ལེགས་གནས་པའི། །བཀའ་བརྒྱུད་རིན་ཆེན་ཐུགས་རྗེའི་མཛད་ཕྲིན་དཔག་ཡས་ཀྱིས། །འགྲོ་རྣམས་ཟག་མེད་བདེ་ཆེན་དབྱིངས་ལ་འགོད་མཛད་པ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལ་ལེགས་འབྱུང་ཞིང་། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའ་པདྨར་རྡོ་རྗེས་རོལ་མཛད་པ། །བདེན་པ་བཀྲ་ཤིས་གང་ཞིག་ཕྱོགས་ཀྱི་པདྨའི་འདབ་མ་ལ། །རིགས་ཀྱི་ཡུམ་བཞི་དཔའ་བོ་ཕྱོགས་བཞིའི་ཞལ་ལ་གཟིགས། །པདྨའི་མུ་ཁྱུད་གྲི་གུག་ཕྲེང་བ་རྣམ་པར་མཛེས། །བདེན་པ་བཀྲ་ཤིས་གང་ཞིག་མཚམས་ཀྱི་པདྨའི་འདབ་མ་ལ། །བྱང་ཆུབ་སེམས་དང་ཙནྡན་གུར་གུམ་དྲི་ཆེན་ཆུ། །དག་པའི་སྣོད་མཆོག་དགའ་བའི་
༢༠༨རེག་པས་རྣམ་པར་སྤྱོད། །བདེན་པ་བཀྲ་ཤིས་གང་ཞིག་ས་བླ་ས་སྟེང་ས་འོག་ཏུ། །འཁོར་ལོ་རྩིབས་བརྒྱད་ཕྲེང་སྐོར་གནས་དང་ཉེ་བའི་གནས། །ཞིང་དང་ཉེ་ཞིང་འདུ་དང་ཉེ་འདུར་དཔའ་བོ་རོལ། །བདེན་པ བཀྲ་ཤིས་གང་ཞིག་ཕྱོགས་བཞི་དག་དང་མཚམས་རྣམས་སུ། །ཁྭ་གདོང་ལ་སོགས་མ་མོ་ཡིད་འོང་གཟུགས་གཉིས་ལྡན། །ཐུགས་རྗེས་འགྲོ་བའི་དོན་མཛད་གདུག་པ་ཀུན་འདུལ་བ། །བདེན་པ བཀྲ་ཤིས་གང་ཞིག་བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །ཡོངས་རྫོགས་རིན་ཆེན་གཞལ་ཡས་རྟ་བབས་འདོད་སྣམ་དང་། །རྒྱན་དང་བཀོད་པ་སྣ་ཚོགས་དག་གིས་མངོན་མཛེས་པ། །བདེན་པ བཀྲ་ཤིས་གང་ཞིག་དུར་ཁྲོད་ཆེན་པོ་བརྒྱད་རྣམས་སུ། །རི་དང་མཆོད་རྟེན་ཆུ་ཤིང་མེ་དང་སྤྲིན་རྣམས་ལ། །གྲུབ་བ་ལྷ་ཀླུ་ཞིང་སྐྱོང་རྣལ་འབྱོར་མ་རྣམས་རོལ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །ཅེས་དང་། སེམས་དཔའ་རང་བྱུང་རྡོ་རྗེ་ནི། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། །བདག་གཞན་ཡོངས་ཀྱི་དབུལ་བ་སེལ། །དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག །ཅེས་སོགས་བརྗོད་ལ་མཐའ་རྒྱས་སུ་བྱའོ། །དཔལ་ལྡན་མཁའ་འགྲོ་སྙན་བརྒྱུད་རྡོ་རྗེའི་ཚིག །རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །བྱིན་རླབས་ཆུ་རྒྱུན་ཆད་མེད་ལེགས་བྱོན་པ། །ཐོས་པའི་སྐལ་བས་རང་བློ་ཡོངས་སུ་ཚིམས། །བཀའ་བབས་གྲུབ་ཆེན་མ་ཏི་རཏྣའི་གསུང་། །བརྒྱུད་པའི་ཕྱག་བཞེས་བསླད་པ་མེད་པ་རུ། །བཀོད་པའི་དགེ་བས་སྙན་བརྒྱུད་རིན་པོ་ཆེའི། །བསྟན་པ་དར་ཞིང་བདེ་བ་མཆོག་འགྲུབ་ཤོག །ཅེས་པའང་གདམས་ངག་རིན་པོ་ཆེའི་མཛོད་ལས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་ཁྲིད་སྲོལ་རྣམས་ཀྱི་སྨིན་བྱེད་ཀྱི་གཙོ་བོ་བདེ་མཆོག་སྙན་བརྒྱུད་ཆེ་འབྲིང་ཆུང་གསུམ་བཞུགས་སུ་གསོལ་བའི་སྐབས། རྒྱལ་དབང་ཀརྨ་བཀའ་བརྒྱུད་ཀྱི་གྲལ་མཐར་འཁོད་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་ཟུར་མང་སྙན་བརྒྱུད་ཀྱི་རྩ་བ་དང་གསལ་བྱེད་ཡིག་ཆ་རྣམས་ཀྱི་དགོངས་དོན་སོར་བཞག་སྟེ་རང་ལོ་གྱ་བདུན་པ་ལ་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེར་བཀོད་པའི་ཡི་གེ་བ་ནི་ཉེ་བར་གནས་པ་བློ་གསལ་གསང་སྔགས་བསྟན་འཛིན་གྱིས་བགྱིས་པ་དགེ་ལེགས་འཕེལ།། །།
Notes
Other Information
Information about Unicode Tibetan and the digitization of this text |
---|
As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion. |