Template:VolumeUnicodeContent: Difference between revisions
((by SublimeText.Mediawiker)) |
((by SublimeText.Mediawiker)) |
||
Line 7: | Line 7: | ||
|format=template | |format=template | ||
|template=ListTibetanContent | |template=ListTibetanContent | ||
|link=none | |||
}} | }} |
Latest revision as of 12:16, 17 May 2021
༄། །ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་བཞུགས་སོ༎ །བཀའ་གདམས་གཞུང་གདམས་མན་ངག་གི་རྩ་བ༎ ༎
ཐེག་པ་ཆེན་པོའི་ལམ་རིམ་གྱི་རིམ་པའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་བཞུགས་སོ།། །།བཀའ་གདམས་གཞུང་གདམས་མན་ངག་གི་རྩ་བ།
རྒྱ་གར་སྐད་དུ། བོདྷི་པ་ཐ་པ་དཱི་པཾ། བོད་སྐད་དུ། བྱང་ཆུབ་ལམ་གྱི་སྒྲོན་མ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཐམས་ཅད་དག་དང་དེ་ཡི་ཆོས། །དགེ་འདུན་རྣམས་ལ་གུས་པ་ཆེན་པོས་ཕྱག་བྱས་ཏེ། །སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། །བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །ཆུང་ངུ་འབྲིང་དང་མཆོག་གྱུར་པའི། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །དེ་དག་མཚན་ཉིད་རབ་གསལ་བའི། །སོ་སོའི་དབྱེ་བ་བྲི་བར་བྱ། །གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །སེམས་ཅན་དམ་པ་བྱང་ཆུབ་མཆོག །འདོད་པར་གྱུར་པ་དེ་དག་ལ། །བླ་མ་རྣམས་ཀྱིས་བསྟན་པ་ཡི། །ཡང་དག་ཐབས་ནི་བཤད་པར་བྱ། །རྫོགས་སངས་བྲིས་སྐུ་ལ་སོགས་པ། །མཆོད་རྟེན་དམ་ཆོས་མངོན་ཕྱོགས་ལ། །མེ་ཏོག་བདུག་སྤོས་དངོས་པོ་དག། །ཅི་འབྱོར་བ་ཡིས་མཆོད་པར་བྱ། །ཀུན་བཟང་སྤྱོད་ལས་གསུངས་པ་ཡི། །མཆོད་པ་རྣམ་པ་བདུན་དག་ཀྱང༌། །
བྱང་ཆུབ་སྙིང་པོའི་མཐར་ཐུག་པར། །མི་ལོག་པ་ཡི་སེམས་དག་གིས། །དཀོན་མཆོག་གསུམ་ལ་རབ་དད་ཅིང༌། །པུས་མོའི་ལྷ་ང་སར་བཙུགས་ནས། །ཐལ་མོ་སྦྱར་བར་བྱས་ནས་ནི། །དང་པོ་སྐྱབས་འགྲོ་ལན་གསུམ་བྱ། །དེ་ནས་སེམས་ཅན་ཐམས་ཅད་ལ། །བྱམས་པའི་སེམས་ནི་སྔོན་འགྲོ་བས། །ངན་སོང་གསུམ་ལ་སྐྱེ་སོགས་དང༌། །འཆི་འཕོ་སོགས་ཀྱིས་སྡུག་བསྔལ་བའི། །འགྲོ་བ་མ་ལུས་ལ་བལྟས་ཏེ། སྡུག་བསྔལ་གྱིས་ནི་སྡུག་བསྔལ་བ། །སྡུག་བསྔལ་སྡུག་བསྔལ་རྒྱུ་མཚན་ལས། །འགྲོ་བ་ཐར་པར་འདོད་པ་ཡིས། །ལྡོག་པ་མེད་པར་དམ་བཅའ་བའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །དེ་ལྟར་སྨོན་པའི་སེམས་དག་ནི། །བསྐྱེད་པའི་ཡོན་ཏན་གང་ཡིན་པ། །དེ་ནི་སྡོང་པོ་བཀོད་པ་ཡི། །མདོ་ལས་བྱམས་པས་རབ་ཏུ་བཤད། །དེ་ཡིས་མདོ་ཀློག་པའམ་བླ་མ་ལས་མཉན་ཏེ། །རྫོགས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་མཐའ་མེད་པ། །རྣམ་པར་ཤེས་པར་བྱས་ལ་དེ་ནས་རྒྱུ་མཚན་དུ། །དེ་ལྟར་ཡང་ནས་ཡང་དུ་སེམས་ནི་བསྐྱེད་པར་བྱ། །དཔལ་སྦྱིན་གྱིས་ཞུས་མདོ་དག་ལས། །དེ་ཡི་བསོད་ནམས་རབ་བསྟན་པ། །གང་ཚེ་ཚིགས་བཅད་གསུམ་ཙམ་དུ། །མདོར་བསྡུས་པ་ནི་འདིར་བྲི་བྱ། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཁམས་
མི་གང་གིས། །རིན་ཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱོར་བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །བྱང་ཆུབ་སྨོན་པའི་སེམས་དག་བསྐྱེད་ནས་ནི། །འབད་པ་མང་པོས་ཀུན་ཏུ་སྤེལ་བྱ་ཞིང༌། །འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། །ཇི་སྐད་བཤད་པའི་བསླབ་པའང་ཡོངས་སུ་བསྲུང༌། །འཇུག་སེམས་བདག་ཉིད་སྡོམ་པ་མ་གཏོགས་པར། །ཡང་དག་སྡོམ་པ་འཕེལ་བར་འགྱུར་མ་ཡིན། །རྫོགས་པའི་བྱང་ཆུབ་སྡོམ་པ་སྤེལ་འདོད་པས། །དེ་ཕྱིར་འབད་པས་འདི་ནི་ངེས་པར་བླང༌། །སོ་སོར་ཐར་པ་རིགས་བདུན་ཀྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱི་གཞན་དུ་མིན། །སོ་སོར་ཐར་པ་རིགས་བདུན་དུ། །དེ་བཞིན་གཤེགས་པས་བཤད་པ་ལས། །ཚངས་སྤྱོད་པ་ནི་མཆོག་ཡིན་ཏེ། །དགེ་སློང་སྡོམ་པ་དག་ཏུ་བཞེད། །བྱང་ཆུབ་སེམས་དཔའི་ས་དག་ནི། །ཚུལ་ཁྲིམས་ལེའུ་གསུངས་ཆོ་ག་ཡིས། །ཡང་དག་མཚན་ཉིད་ལྡན་པ་ཡི། །བླ་མ་བཟང་ལས་སྡོམ་པ་བླང༌། །སྡོམ་པའི་ཆོ་ག་ལ་མཁས་དང༌། །བདག་ཉིད་གང་ཞིག་སྡོམ་ལ་གནས། །སྡོམ་པ་འབོགས་བཟོད་སྙིང་རྗེར་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། །དེ་ལ་འབད་པས་འདི་འདྲ་བའི། གལ་ཏེ་བླ་མ་མ་རྙེད་ན། །དེ་ལས་གཞན་སྡོམ་ནོད་པ་ཡི། །ཆོ་ག་ཡང་དག་བཤད་པར་བྱ། །དེ་ལ་སྔོན་ཚེ་འཇམ་པའི་དཔལ། །ཨཾ་བ་རཱ་ཛར་གྱུར་པ་ཡིས། །ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་པ། །འཇམ་དཔལ་གྱི་ནི་སངས་རྒྱས་ཞིང༌། །རྒྱན་གྱི་མདོ་ལས་བཤད་པ་ལྟར། །དེ་བཞིན་འདིར་ནི་རབ་གསལ་བྲི། །མགོན་པོ་རྣམས་ཀྱི་སྤྱན་སྔ་རུ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང༌། །འགྲོ་བ་ཐམས་ཅད་མགྲོན་དུ་གཉེར། །དེ་དག་འཁོར་བ་ལས་སྒྲོལ་ལོ། །གནོད་སེམས་ཁྲོ་བའི་སེམས་ཉིད་དང༌། །སེར་སྣ་དང་ནི་ཕྲག་དོག
ཉིད༌། །དེང་ནས་བཟུང་སྟེ་བྱང་ཆུབ་དག །ཐོབ་ཀྱི་བར་དུ་མི་བྱའོ། །ཚངས་པར་སྤྱོད་པ་སྤྱད་བྱ་ཞིང༌། །སྡིག་དང་འདོད་པ་སྤང་བར་བྱ། །ཚུལ་ཁྲིམས་སྡོམ་པ་ལ་དགའ་བས། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་ཉིད་མྱུར་བའི་ཚུལ་གྱིས་ནི། །བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང༌། །སེམས་ཅན་གཅིག་གི་རྒྱུ་ཡིས་ནི། །ཕྱི་མའི་མུ་མཐར་གནས་པར་བྱ། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །ཞིང་དག་རྣམ་པར་སྦྱང་བར་བྱ། །མིང་ནས་བཟུང་བ་བྱས་པ་དང༌། །ཕྱོགས་བཅུ་དག་ཏུ་རྣམ་པར་གནས། །བདག་གི་ལུས་དང་ངག་གི་ལས། །ཐམས་ཅད་དུ་ནི་དག་པར་བྱ། །ཡིད་ཀྱི་ལས་ཀྱང་དག་བྱ་སྟེ། །མི་དགེའི་ལས་རྣམས་མི་བྱའོ། །རང་གི་ལུས་ངག་སེམས་ནི་རྣམ་དག་རྒྱུ། །འཇུག་པའི་སེམས་ཀྱིས་བདག་ཉིད་སྡོམ་གནས་པས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་གུས་ཆེར་འགྱུར། །དེ་བས་རྣམ་དག་རྫོགས་བྱང་ཆུབ། །སེམས་དཔའི་སྡོམ་པའི་སྡོམ་དག་ནི། །འབད་པར་བྱས་པས་རྫོགས་བྱང་ཆུབ། །ཚོགས་ནི་ཡོངས་སུ་རྫོགས་པར་འགྱུར། །བསོད་ནམས་ཡེ་ཤེས་རང་བཞིན་གྱི། །ཚོགས་ནི་ཡོངས་སུ་རྫོགས་པ་ཡི། །རྒྱུ་ནི་སངས་རྒྱས་ཐམས་ཅད་དག། །མངོན་ཤེས་བསྐྱེད་པ་ཉིད་དུ་བཞེད། །ཇི་ལྟར་འདབ་ཤོག་མ་རྒྱས་པའི། །བྱ་ནི་མཁའ་ལ་འཕུར་མི་ནུས། །དེ་བཞིན་མངོན་ཤེས་སྟོབས་བྲལ་བས། །སེམས་ཅན་དོན་བྱེད་ནུས་མ་ཡིན། །མངོན་ཤེས་ལྡན་པས་ཉིན་མཚན་གྱི། །བསོད་ནམས་དག་ནི་གང་ཡིན་དེ། །མངོན་ཤེས་དག་དང་བྲལ་གྱུར་ལ། །སྐྱེ་ན་བརྒྱ་ཡང་ཡོད་མ་ཡིན། །མྱུར་དུ་རྫོགས་པའི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་གྱུར་པ། །དེས་ནི་འབད་བྱས་མངོན་ཤེས་དག། །འགྲུབ་པར་འགྱུར་གྱི་ལེ་ལོས་མིན། །ཞི་གནས་གྲུབ་པ་མ་ཡིན་པར། །མངོན་ཤེས་འབྱུང་བར་མི་འགྱུར་ལ། །དེ་ཕྱིར་ཞི་གནས་བསྒྲུབ་པའི་ཕྱིར། །ཡང་ནས་ཡང་དུ་འབད་པར་བྱ། །ཞི་གནས་ཡན
ལག་རྣམས་ཉམས་པས། །རབ་ཏུ་འབད་དེ་བསྒོམས་བྱས་ཀྱང༌། །ལོ་ནི་སྟོང་ཕྲག་དག་གིས་ཀྱང༌། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །དེ་ཕྱིར་ཏིང་འཛིན་ཚོགས་ལེའུ་ལས། །གསུངས་པའི་ཡན་ལག་ལ་ལེགས་གནས། །དམིགས་པ་གང་རུང་གཅིག་དག་ལ། །ཡིད་ནི་དགེ་ལ་བཞག་པར་བྱ། །རྣམ་འབྱོར་ཞི་གནས་གྲུབ་གྱུར་ན། །མངོན་ཤེས་དག་ཀྱང་འགྲུབ་པར་འགྱུར། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་དང༌། །བྲལ་བས་སྒྲིབ་པ་ཟད་མི་འགྱུར། །དེ་ཕྱིར་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་པ་མ་ལུས་སྤང་བའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་རྣལ་འབྱོར། །རྟག་ཏུ་ཐབས་བཅས་བསྒོམ་པར་བྱ། །ཐབས་དང་བྲལ་བའི་ཤེས་རབ་དང། །ཤེས་རབ་བྲལ་བའི་ཐབས་དག་ཀྱང༌། །གང་ཕྱིར་འཆིང་བ་ཞེས་གསུངས་པ། །དེ་བས་གཉིས་ཀ་སྤང་མི་བྱ། །ཤེས་རབ་གང་དང་ཐབས་གང་ཞེས། །ཐེ་ཚོམ་དག་ནི་སྤང་བའི་ཕྱིར། །ཐབས་རྣམས་དང་ནི་ཤེས་རབ་ཀྱི། །ཡང་དག་དབྱེ་བ་གསལ་བར་བྱ། །ཤེས་རབ་ཕ་རོལ་ཕྱིན་སྤངས་པའི། །སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། །དགེ་བའི་ཆོས་རྣམས་ཐམས་ཅད་དག། །རྒྱལ་བ་རྣམས་ཀྱིས་ཐབས་སུ་བཤད། །ཐབས་གོམས་དབང་གིས་བདག་ཉིད་ཀྱིས། །གང་ཞིག་ཤེས་རབ་རྣམས་བསྒོམ་པ། །དེས་ནི་བྱང་ཆུབ་མྱུར་དུ་ཐོབ། །བདག་མེད་གཅིག་པུ་བསྒོམས་པས་མིན། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐྱེ་བ་མེད་པར་རྟོགས་གྱུར་པའི། །རང་བཞིན་སྟོང་ཉིད་ཤེས་པ་ནི། །ཤེས་རབ་ཅེས་ནི་ཡོངས་སུ་བཤད། །ཡོད་པ་སྐྱེ་བར་རིགས་མིན་ཏེ། །མེད་པའང་ནམ་མཁའི་མེ་ཏོག་བཞིན། །ཉེས་པ་གཉིས་ཀར་ཐལ་འགྱུར་ཕྱིར། །གཉིས་ཀ་དག་ཀྱང་འབྱུང་བ་མིན། །དངོས་པོ་རང་ལས་མི་སྐྱེ་ཞིང༌། །གཞན་དང་གཉིས་ཀ་ལས་ཀྱང་མིན། །རྒྱུ་མེད་ལས་མིན་དེ་ཡི་ཕྱིར། །ངོ་བོ་ཉིད་ཀྱི་རང་བཞིན་མེད། །ཡང་ན་ཆོས་རྣམས་ཐམས་ཅད་དག། །གཅིག་དང་དུ་མས་རྣམ་དཔྱད་ན། །ངོ་བོ་ཉིད་
ནི་མི་དམིགས་པས། །རང་བཞིན་མེད་པ་ཉིད་དུ་ངེས། །སྟོང་ཉིད་བདུན་ཅུའི་རིགས་པ་དང༌། །དབུ་མ་རྩ་བ་སོགས་ལས་ཀྱང༌། །དངོས་པོ་རྣམས་ཀྱི་རང་བཞིན་ནི། །སྟོང་པ་ཉིད་དུ་གྲུབ་བཤད་པ། །གང་ཕྱིར་གཞུང་ནི་མང་གྱུར་བས། །དེ་ཕྱིར་འདིར་ནི་མ་སྤྲོས་ལ། །གྲུབ་པའི་གྲུབ་མཐའ་ཙམ་ཞིག་ཏུ། །བསྒོམ་པའི་དོན་དུ་རབ་ཏུ་བཤད། །དེ་བས་ཆོས་རྣམས་མ་ལུས་པའི། །རང་བཞིན་དག་ནི་མི་དམིགས་པས། །བདག་མེད་པ་ནི་བསྒོམ་གང་ཉིད། །འདི་ནི་ཤེས་རབ་སྒོམ་པ་ཡིན། །ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན། །གང་གི་རང་བཞིན་མ་མཐོང་བཞིན། །ཤེས་རབ་དེ་ཉིད་རིག་དཔྱད་པ། །རྣམ་རྟོག་མེད་པར་དེ་བསྒོམ་བྱ། །རྣམ་རྟོག་ལས་བྱུང་སྲིད་པ་ནི། །རྣམ་པར་རྟོག་པའི་བདག་ཉིད་དེ། །དེ་ཕྱིར་མ་ལུས་རྟོག་སྤངས་པ། །མྱ་ངན་འདས་པས་མཆོག་ཡིན་ནོ། །དེ་ལྟར་ཡང་ནི་བཅོམ་ལྡན་གྱིས། །རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །རྟོག་མེད་ཏིང་འཛིན་ལ་གནས་པ། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །ཞེས་གསུངས་སོ། །རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་ཀྱང༌། །དམ་ཆོས་འདི་ལ་རྒྱལ་བའི་སྲས། །རྣམ་པར་མི་རྟོག་བསམ་གྱུར་ན། །རྣམ་རྟོག་བགྲོད་དཀའ་རྣམ་འདས་ཏེ། །རིམ་གྱིས་དྲོད་སོགས་ཐོབ་བྱས་ནས། །རབ་དགའ་ལ་སོགས་ཐོབ་འགྱུར་ཏེ། །སངས་རྒྱས་བྱང་ཆུབ་ཡུན་མི་རིང༌། །སྔགས་མཐུ་ཉིད་ལས་གྲུབ་པ་ཡི། །ཞི་དང་རྒྱས་སོགས་ལས་རྣམས་ཀྱིས། །བུམ་པ་བཟང་གྲུབ་ལ་སོགས་པའི། །གྲུབ་ཆེན་བརྒྱད་སོགས་སྟོབས་ཀྱིས་ཀྱང༌། །བདེ་བ་ཡིས་ནི་བྱང་
ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་པ་དང༌། །བྱ་བ་སྤྱོད་སོགས་རྒྱུད་གསུངས་པའི། །གལ་ཏེ་གསང་སྔགས་སྤྱོད་འདོད་ན། །དེ་ཚེ་སློབ་དཔོན་དབང་བསྐུར་ཕྱིར། །བསྙེན་བཀུར་རིན་ཆེན་སོགས་སྦྱིན་དང༌། །བཀའ་སྒྲུབ་ལ་སོགས་ཐམས་ཅད་ཀྱིས། །བླ་མ་དམ་པ་མཉེས་པར་བྱ། །བླ་མ་མཉེས་པར་གྱུར་པ་ཡིས། །ཡོངས་རྫོགས་སློབ་དཔོན་དབང་བསྐུར་བས། །སྡིག་ཀུན་རྣམ་དག་བདག་ཉིད་ནི། །དངོས་གྲུབ་སྒྲུབ་པའི་སྐལ་ལྡན་འགྱུར། །དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །གལ་ཏེ་དབང་བསྐུར་དེ་འཛིན་ན། །ཚངས་སྤྱོད་དཀའ་ཐུབ་ལ་གནས་པས། །བཀག་པ་སྤྱད་པར་གྱུར་པའི་ཕྱིར། །དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ། །བརྟུལ་ཞུགས་ཅན་དེ་ཕམ་པ་ཡི། །ལྟུང་བ་དག་ནི་འབྱུང་འགྱུར་ཞིང༌། །དེས་ནི་ངན་སོང་ངེས་ལྟུང་ནས། །གྲུབ་པ་ནམ་ཡང་ཡོད་མ་ཡིན། །རྒྱུད་ཀུན་ཉན་དང་འཆད་པ་དང༌། །སྦྱིན་སྲེག་མཆོད་སྦྱིན་སོགས་བྱེད་པ། །སློབ་དཔོན་དབང་བསྐུར་བརྙེས་གྱུར་ཅིང༌། །དེ་ཉིད་རིག་ལ་ཉེས་པ་མེད། །གནས་བརྟན་མར་མེ་མཛད་དཔལ་གྱིས། །མདོ་སོགས་ཆོས་ལས་བཤད་མཐོང་བ། །བྱང་ཆུབ་འོད་ཀྱིས་གསོལ་བཏབ་ནས། །བྱང་ཆུབ་ལམ་བཤད་མདོར་བསྡུས་བྱས། །བྱང་ཆུབ་ལམ་གྱི་སྒྲོན་མ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀར་ཤྲི་ཛྙ་ན་དང༌། །བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།
༄༅། །ཟབ་ལམ་ནི་གུ་ཆོས་དྲུག་གི་ཁྲིད་ཡིག་ཟབ་དོན་ཐང་མར་བརྡལ་བ་ཞེས་བྱ་བ་བཀླགས་ཆོག་མ་བཞུགས་སོ༎
༄༅། ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ༎ ༎
༄༅། །ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་ཆོས་དྲུག་རྡོ་རྗེའི་ཚིག་རྐང་བཞུགས་སོ༎ ཤངས་པའི་གསེར་ཆོས་སྐོར་གྱི་རྩ་བ།
༄། །བློ་སྦྱོང་དོན་བདུན་མའི་འགྲེལ་པ་བཞུགས་སོ།།
༄༅། །སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀུན་འདུས་ཀྱི་བླ་མ་མཆོད་པའི་ཆོ་ག་བྱིན་རླབས་དངོས་གྲུབ་ཡོན་ཏན་ཀུན་གྱི་འབྱུང་གནས་ཞེས་བྱ་བ་བཞུགས་སོ།
༄༅། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གཞུང་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ་བཞུགས་སོ། ༎
༄༅། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་བཞུགས་སོ། །ཀརྨ་པ་རང་བྱུང་རྡོ་རྗེས་མཛད།
༄༅། །ལམ་སྐོར་ཕྱི་མ་བརྒྱད་ཀྱི་བརྒྱུད་པའི་གསོལ་འདེབས་བཞུགས་སོ༎ །
༄༅། །ཁྲིད་བརྒྱའི་བརྒྱུད་འདེབས་བརྗོད་བདེ་བརྒྱུད་པའི་མཚན་སྡོམ་ཅུང་ཟད་གསལ་བར་བཀོད་པ་ཞེས་བྱ་བ་བཞུགས་སོ༎ ༎
༄༅། །ཟབ་ལམ་ནཱ་རོ་ཆོས་དྲུག་གི་གསལ་བྱེད་སྤྱི་ཆིངས་ཁྲིད་ཡིག་དང་བཅས་པ་བཞུགས་སོ༎ ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཆོས་དྲུག་གསེར་ཞུན་སར་གྲགས་སོ༎
༄༅། །ཌོམྦི་ཧེ་རུ་ཀས་མཛད་པའི་ལྷན་ཅིག་སྐྱེས་གྲུབ་ཞེས་བྱ་བ་བཞུགས་སོ༎ ༎
༄༅། །ཁྲིད་བརྒྱའི་བརྒྱུད་འདེབས་ཁ་སྐོང་བཞུགས་སོ།
༄༅། །མན་ངག་ལྟ་བའི་ཕྲེང་བ་བཞུགས་སོ།
མན་ངག་ལྟ་བའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
Tibetan text (Lekshey Ling Input)
མན་ངག་ལྟ་བའི་ཕྲེང་བ་/Lekshey_Ling
༄༅། །ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་བཞུངས་སོ༎ ༎
༄། །བློ་སྦྱོང་མཚོན་ཆའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ།།
༄༅། །ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་ཡིག་བཞུགས་སོ། །
༄༅། །བླ་མ་རྡོ་རྗེ་འཆང་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ལྷན་ཅིག་ཏུ་བྱ་བའི་ཚུལ་དངོས་གྲུབ་ཆུ་རྒྱུན་བཞུགས། །
༄༅། །བདེ་མཆོག་སྙན་བརྒྱུད་ཀྱི་འོད་རིག་བདེ་ཆེན་གྱི་གདམས་པ་བཞུགས་སོ། །
༄༅། །སློབ་དཔོན་པདྨ་བཛྲ་གྱིས་མཛད་པའི་བསྐྱེད་རིམ་ཟབ་པའི་ཚུལ་དགུས་བརྒྱན་པ་ཞེས་བྱ་བ་བཞུགས་སོ༎ ༎
༄༅། ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཁུངས་གླེང་པ་ཞབས་རྟེན་ཚིགས་སུ་བཅད་པ་བཞུགས་སོ། །
༄༅། །བདེ་མཆོག་སྙན་བརྒྱུད་ཀྱི་ལམ་བློ་ནས་གཅོད་པ་བར་དོ་ངོ་སྤྲོད་ཀྱི་གདམས་ངག་ཟབ་མོ་བཞུགས་སོ༎
༄༅། །ནི་གུའི་འཁྲུལ་འཁོར་རྩ་འགྲེལ་བཞུགས། །
༄། བློ་སྦྱོང་རྨ་བྱ་དུག་འཇོམས་ཞེས་བྱ་བ་བཞུགས་སོ།
༄༅། །འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུག་སོ།
༄༅། །ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ཡིག་བཞུགས་སོ༎
༄། །བློ་སྦྱོང་གྱེར་བསྒོམ་རྡོ་རྗེའི་གླུ་ཞེས་བྱ་བ་བཞུགས་སོ༎
༄༅། །གྲུབ་མཆོག་སྤྱི་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རྒྱ་གར་ལུགས་དངོས་གྲུབ་ཐིག་ལེ་འཁྱིལ་པ་བཞུགས་སོ། །
༄༅། །སྔོན་འགྲོའི་ཟིན་བྲིས་བཞུགས་སོ༎ ༎
༄༅། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཀྱི་སྤྱི་སྡོམ་རྩ་ཚིག་བཞུགས་སོ། ༎
༄། །བྱང་ཆུབ་ལམ་གྱི་སྒྲོན་མའི་འགྲེལ་པ་སྙིང་པོར་བསྡུས་པ་བྱང་ཆུབ་ལམ་གྱི་སྣང་བ་རབ་ཏུ་གསལ་བ་ཞེས་བྱ་བ་བཞུགས་སོ་། ༎
༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་འགྲེལ་ཟག་མེད་སྦྲང་རྩི་ཞེས་བྱ་བ་བཞུགས་སོ༎
༄༅། །ཨཱསྟི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་འགྲེལ་ཟག་མེད་སྦྲང་རྩི་ཞེས་བྱ་བཞུགས་སོ།
༄༅། །ན་མོ་གུ་ར་ཝེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག །གཅོད་ཀྱི་གཞུང་་་་་་ཉུང་དུ་འགྲེལ་པ་་་་་་་ཟག་མེད་སྦྲང་རྩི་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསུང་གི་མངའ་བདག་འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །མཁྱེན་གཟིགས་དཀྱིལ་འཁོར་སྒྲིབ་གཉིས་གཟའ་ལས་གྲོལ། །ཐུགས་རྗེའི་འོད་ཀྱིས་ནམ་མཁའི་མཐའ་ལ་ཁྱབ། །འཕྲིན་ལས་ཚ་ཟེར་འཁོར་བའི་རྒྱ་མཚོ་སྐེམ། །མ་རིག་མུན་སེལ་རྒྱལ་བ་སྲས་བཅས་དང་། །ནམ་མཁའི་ནོར་བུ་བཀའ་བརྒྱུད་རིན་ཆེན་ལ། །སྲིད་པའི་འདམ་ལས་སྐྱེས་པའི་རྣལ་འབྱོར་གྱིས། །དད་པའི་འདབ་སྟོང་རབ་ཏུ་རྒྱས་བྱས་ཏེ། །དགའ་མགུ་རངས་པའི་ཟེའུ་འབྲུ་མངོན་ཕྱུང་ནས། །ཟག་མེད་སྦྲང་རྩིའི་དགའ་སྟོན་འགྱེད་བྱ་ཡི། །དོན་གཉེར་དད་བརྩོན་འདབ་གཤོག་མི་དམན་ཅིང་། །ཕ་རོལ་ཕྱིན་[87]པའི་རྐང་དྲུག་ལྡན་པ་རྣམས། །གཞུང་དོན་བཅུད་འདིས་གྱ་ནོམ་ཚིམ་པར་གྱིས། ༈ དེ་ལ་བསྟན་བཅོས་འདི་ཉིད་རྩིས་འགོ་ལྔས་འཆད་པ་ལས། དང་པོ་ནི། །སློབ་དཔོན་གང་གིས་མཛད་པ་ནི། ལྷག་པའི་ལྷ་
འཇམ་དཔལ་སྨྲ་བའི་སེང་གེས་བྱིན་གྱིས་བརླབས་ཤིང་། འཕགས་པ་ཀླུ་སྒྲུབ་དང་སློབ་དཔོན་ཐོགས་མེད་གཉིས་ཀྱི་་་གཞུང་ལུགས་ཐུགས་སུ་ཆུད་པས་ལུང་རིག་ལ་མཁས་པ། ཏིང་ངེ་འཛིན་མཆོག་མངའ་བ་སྟེ་བསྟན་བཅོས་བརྩམས་པའི་ཡོན་ཏན་གསུམ་དང་ལྡན་པ་བྲམ་ཟེ་ཨཱརྻ་དེ་ཝ་ཞེས་བྱ་བ་དེས་མཛད་དོ།། ༈ གཉིས་པ། ཕྱོགས་གང་དུ་རྟོགས་ཤིང་བཀའ་གང་ལ་བརྟེན་ནས་མཛད་པ་ནི། །སྤྱིར་ཐེག་པ་ཆེ་ཆུང་གཉིས་ལས་ཐེག་པ་ཆེན་པོ། །དེ་ལའང་མདོ་སྔགས་གཉིས་ཀའི་མཐར་ཐུག་གི་གོ་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། །མདོ་སྡེ་དང་རྒྱུད་སྡེ་ཐམས་ཅད་ལ་བརྟེན་ཅིང་། །བྱེ་བྲག་ཏུ་བཀའ་བར་པ་མཚན་ཉིད་མེད་པ[88]འི་ཆོས་ཀྱི་འཁོར་ལོའི་མདོ། སྲས་ཡུམ་བཅུ་བདུན་ལ་སོགས་ལ་བརྟེན་ནས་མཛད་དོ།། ༈ གསུམ་པ། དགོས་པ་གང་གི་ཆེད་དུ་མཛད་ན། བློ་དང་ལྡན་པ་འགའ་ཞིག་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས། རང་གཞན་ཐམས་ཅད་་་་དེ་ལས་ཐར་པའི་ཐབས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་འདོད་པ་ལ། ཚེ་ཐུང་ཞིང་བརྩོན་འགྲུས་ཆུང་བས་ཡུམ་གྱི་དོན་རྟོགས་མི་ནུས་ཤིང་། ཡུམ་གྱི་
སྤས་དོན་མངོན་པར་རྟོགས་པའི་རྒྱན་ལ་སོགས་པ་ལྟར་བསླབས་ཀྱང་དོན་རྒྱུད་ལ་སྐྱེ་དཀའ་བས། དེ་དག་གི་ཚེགས་ཆུང་དུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པའི་དོན་དུ་མཛད་དོ། །དབང་འཇམ་དཔལ་སྨྲ་བའི་སེང་གེས་རྗེས་སུ་བཟུང་བས་དེ་ལྟ་བུའི་ཐབས་ཤེས་པ་དང་། །བྱིན་རླབས་ཀྱི་བཀའ་བབ་ཡོད་པས་དོན་དེ་རྟོགས་ནུས་པ་དང་ལྡན་པའོ།། ༈ བཞི་པ། མཚན་ཅི་ལས་བཏགས་ན། དོན་དང་། དཔེ་དང་། གཞུང་ཚད་དང་། གང་ཟག་དང་། གནས་དང་། དུས་དང་། བྱེད་ལས་ལ་མཚན་དུ་བཏགས་པ་ལ་སོགས་པ་མང་དུ་ཡོད་པ་ལས། འདི་དོན་ལས་མཚན་དུ་བཏགས་པ་སྟེ། བརྗོད་བྱའི་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྗོད་བྱེད་གཞུང་འདིས་སྟོན་པའོ།། ༈ ལྔ་པ། དབུ་ཞབས་སུ་དོན་དུ་ཞིག་གིས་སྟོན་ན། བསྡུས་པའི་དོན་གསུམ་སྟེ། །ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་ནོ། །དང་པོ་ལ་གསུམ་སྟེ། མཚན་སྨོས་པ། མཆོད་པར་བརྗོད་པ། བཤད་པར་དམ་བཅའ་བའོ། །དེ་ལ་མཚན་བསྒྱུར་བ་ནི། རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ། ཨུ་པ་དེ་ཤ་ན་མ། བོད་སྐད་དུ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཞེས་བྱ་བའོ། དེ་བཤད་ན། ཁམས་གསུམ་གྱི་ས་ལས་འཕགས་པས་ན་ཨཱརྻའོ། སོ་སོ་་་རང་རིག་པའི་ཡེ་ཤེས་ཀྱི་ཆོས་ཀྱི་དབྱིངས་ལ་གསལ་སྣང་ཐོབ་པ་ནི་དོན་དམ་རྟོགས་པའི་ཤེས་རབ་སྟེ་པྲཛྙཱའོ། སྟོང་པ་སྙིང་རྗེ་ཟུང་འཇུག་གི་ལམ་གྱི་སྲིད་ཞི་གཉིས་ཀྱི་མཐར་མ་ལྷུང་བ་ནི་ཕ་རོལ་ཏུ་ཕྱིན་པ་སྟེ་པཱ་ར་མི་ཏའོ། དོན་དེ་རྟོགས་པའི་ཐབས་བྱ་སླ་ལ་ཚེགས་ཆུང་དུས་ཉེ་བར་ཕན་འདོག་པ་ནི་མན་ངག་སྟེ། ཨུ་པ་དེ་ཤའོ། །གཞུང་འདི་ཡི་མིང་སྟེ་སྐད་ཞེས་བྱ་བ་ནི་ན་མའོ། །ཞར་བྱུང་ལོ་པཎ་གྱི་ཕྱག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ཞེས་པ་སྟེ། ཡུམ་མཆོག་ཏུ་གྱུར་པ་ལ་བསོད་ནམས་བསགས་པ། བསམ་པའི་དོན་ཡིད་བཞིན་དུ་འགྲུབ་པའོ།། ༈ གཉིས་པ་མཆོད་པར་བརྗོད་པ་ནི། །
རྟོགས་པའི་ཉི་ཟླས་མ་རིག་ལོག་རྟོག་བཅོམ། །ཐུགས་རྗེའི་རླན་གྱིས་འགྲོ་རྣམས་སྨིན་མཛད་པ། །དོན་གཉིས་མཐར་ཕྱིན་སྨྲ་བའི་སེང་གེ་ལ། །ལུས་དང་ངག་ཡིད་དང་ཞིང་མོས་པས་འདུད། །གང་གིས་བདུད་ན་གཞུང་འདི་རྩོམ་མོས་སོ། །གང་ལ་འདུད་ན་ཆོས་ཀྱི་སྐུ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པར་རང་རྒྱུད་ལ་བཞུགས་པ་དེ། རང་རིག་པའི་ཡེ་ཤེས་ཀྱི་རྟོགས་པ་ཉི་ཟླ་ལྟ་བུ་དང་། །དེའི་མཐུས་མ་རིག་པའི་བག་ཆགས་ཤེས་སྒྲིབ་དང་། ཀུན་བརྟགས་ཀྱི་ལོག་རྟོག་གི་ཉོན་སྒྲིབ་གཉིས་ཀ་སྤངས་པ་རང་དོན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་། །མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་ཆར་འབབ་པས་རྩི་ཐོག་སྨིན་པ་ལྟ་བུ། གཞན་དོན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བ་འཇམ་དཔལ་སྨྲ་བའི་སེང་གེ་ལའོ། །ཚུལ་ཇི་ལྟར་འདུད་ན་བཅོས་མིན་གྱི་དད་པས་ཀུན་ནས་བསླངས་ཏེ། ལུས་ངག་ཡིད་གསུམ་དང་ཞིང་མོས་པས་སོ། །དགོས་པ་གང་གི་ཆེད་དུ་འདུད་ན། འཇམ་དཔལ་རྩ་བའི་བླ་མ་དང་ལྷག་པའི་ལྷ་གཉིས་ཀ་ཡིན་པས། དེ་ལ་འདུད་ན་དོན་གཉིས་འབད་མེད་དུ་འགྲུབ་པས་སོ།། ༈ གསུམ་པ་བཤད་པར་དམ་བཅའ་བ་ནི། བརྗོད་བྱའི་སྙིང་པོ་རྩ་བ་དང་བྲལ་བ། གཉིས་མེད་ཤེས་རབ་ཕ་རོལ་ཕྱིན་པའི་དོན། །རྟག་ཆད་ལ་སོགས་དམིགས་པའི་མཐའ་གྲོལ་བ། །ཅི་ནུས་པར་ནི་འགྲོ་ལ་ཕན་ཕྱིར་བཤད། གང་གིས་བཤད་ན། འཕགས་པ་ལྷས་སོ། །གང་བཤད་ན། རྗོད་བྱེད་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་སམ། སྡེ་སྣོད་རིན་པོ་ཆེ་གསུམ་གྱི་བརྗོད་བྱའི་སྙིང་པོ་མཐར་ཐུག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། འཁོར་བའི་རྩ་བ་བདག་འཛིན་དང་བྲལ་ཞིང་། གཉིས་འཛིན་གྱི་འཁྲུལ་རྟོག་སྐྱེ་མེད་དུ་སྟོན་པའི་དོན་དེའོ། །ཚུལ་ཇི་ལྟར་བཤད་ན་ཚིག་དོན་ཕྱིན་ཅི་མ་ལོག་པར་མཐའ་བརྒྱད་ཀྱི་དམིགས་པའི་ཡུལ་ལས་འདས་པ་སྟེ། གང་གི་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་
ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། ཅེས་པ་ལྟར་རོ། དགོས་པ་གང་གི་ཆེད་དུ་བཤད་ན། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ནས་བཟུང་སྟེ། ཅི་ནུས་ཀྱི་གཞན་དོན་[89]བྱ་བ་ཡིན་པས། འདི་ཡང་འགྲོ་ལ་ཕན་པའི་ཆེད་དུའོ། །དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞུང་དང་། ལམ་དང་། དོན་གསུམ་ལ། ཕྱི་མ་ནི་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསྒྲུབ་བྱའི་འབྲས་བུ་ཡིན་ལ། །དེ་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས། དེ་སྒྲུབ་བྱེད་ཀྱི་ལམ་དང་། དེ་སྟོན་བྱེད་ཀྱི་གཞུང་གཉིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་[90]སྒྲས་བརྗོད་དེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲ་ཡིན། ཅེས་གསུངས་པ་ལྟར། རྗོད་བྱེད་གཞུང་འདིས་བརྗོད་བྱ་དོན་དེ་སྟོན་ནུས་པ་དང་། དེའང་ཚིག་དོན་ཕྱིན་ཅི་མ་ལོག་པར་བརྗོད་བྱ་དང་་་་་་་རྗོད་བྱེད་འབྲེལ་པ་དང་། དེ་བསྟན་པས་རྗེས་་་་་་འཇུག་གོ[91]དོན་རྟོགས་ནུས་དགོས་པ་དང་། རྟོགས་ནས་ཉམས་སུ་བླང་པས་འབྲས་བུ་་་་སངས་རྒྱས་ཐོབ་པ་ནི་དགོས་པའི་དགོས་པ་སྟེ། ཆོས་བཞི་དང་ལྡན་པ་ནི་བསྟན་བཅོས་མཆོག་ཏུ་གྱུར་པའི་མཚན་ཉིད་དོ། །གཞུང་གི་དོན་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ།[92] མཇུག་བསྡུ་བའོ། །དང་པོ་ལ་གསུམ། ལུས་ངག་ཡིད་གསུམ་མཉམ་པར་བཞག་ཐབས། སེམས་ཀྱི་གནས་ལུགས། དེ་ལྟར་རྟོགས་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི། བཅའ་གཞི་གསུམ་གྱི་བཀའ་ཡི་ཐོག་ཏུ་བཞག །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པའི་ཐབས་ཐུན་མོང་མ་ཡིན་པ་ཡིན་ཏེ། ཡུམ་་་ལས་ཏིང་ངེ་འཛིན་གྱི་རྣམ་གྲངས་མང་པོ་གསུངས་པ་ལ་བརྟེན་པ་ཏིང་ངེ་འཛིན་དེ་དག་བསྒོམ་པའི་མན་ངག་གོ། །བཅའ་གཞི་གསུམ་ནི་ལུས་ངག་ཡིད་གསུམ་གྱིས་སོ། །བཀའི་དོན་ནི་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་སྟེང་དུ་བཞག་པའོ། །དེའི་ཞོར་ལ་རིགས་དྲུག་གི་བག་ཆགས་དག་པར་བྱེད་པ་སྟེ། གསང་སོགས་ནས་སེམས་ལ་རིགས་དྲུག་གི་བག་ཆགས་ཡོད་པ་ལུས་ལ་སྨིན་ནས། རིགས་དྲུག་གི་རྩ་ཡིག་ཡོད་པར་གསུངས་པ་ནི། །རྐང་མཐིལ་དུ་ཏྲི། གསང་གནས་སུ་པྲེ། ལྟེ་བར་དུ། སྙིང་གར་ནྲྀ། མགྲིན་པར་སུ། སྤྱི་བོར་ཨའོ། །རྟེན་དེ་དག་ལ་བརྟེན་པའི་བག་ཆགས་མས་རིམ་གྱིས་བསྡུས་ནས། དབྱིངས་རིག་བསྲེས་པས་འཁྲུལ་པ་དག་ཅིང་སྟོང་ཉིད་དུ་རྟོགས་པའོ། །སློབ་མ་ལ་གདམས་ངག་འདེབས་པའི་དུས་སུ་འོག་གི་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བྱས་ལ་གཟོད་གདབ་བོ། ༈ གཉིས་པ་སེམས་བསྐྱེད་ཀྱི་གནས་ལུགས་བསྟན་པ་ནི། བཅོས་བསླད་མེད་པའི་རིག་པ་ངོས་བཟུང་ངོ་། འཁོར་འདས་གཉིས་ཀྱི་རྩ་བར་གྱུར་པའི་སེམས། །དེ་ལ་རྒྱུ་རྐྱེན་གང་ཡང་མ་གྲུབ་པ། །སྐྱེ་མེད་གཅིག་ཆོད་རང་བཞིན་སྟོང་པ་ཉིད། གང་གིས་ཐབས་དེ་ལ་བརྟེན་ནས་འཁོར་འདས་གཉིས་ཀྱི་རྩ་བ་སེམས་རིག་པ་འདི་ངོས་བཟུང་ལ་ཡོད་མེད་ལ་སོགས་སྒྲོ་འདོགས་བཅད་དེ། སེམས་གཏན་ལ་ཕབ་པས་འཁོར་འདས་ཐམས་ཅད་གཏན་ལ་ཕེབས་པ་སྟེ།[93] ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་ཐམས་ཅད་སྟེར་བྱེད་པ། ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། ཅེས་སོ། །དེས་ན་སེམས་དེ་རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད། དབྱིབས་དང་ཁ་དོག་གང་ཡང་མ་གྲུབ། སྐྱེ་བ་མེད་ཅིང་གཞི་རྩ་བྲལ་བའི་གཅིག་ཆོད་རང་བཞིན་གྱིས་སྟོང་ཉིད་དེ། ཆོས་ཐམས་ཅད་ཀྱང་དེ་ལས་མ་འདས་པ་ནི་གནས་ལུགས་སོ།། ༈ གསུམ་པ་དེ་ལྟར་རྟོགས་པའི་ཕན་ཡོན་ནི། དེ་ལྟར་རྟོགས་ན་སྡོང་པོ་རྩད་བཅད་བཞིན། །རྟོག་པའི་ཡལ་ག་ནམ་ཡང་སྐྱེ་མི་འགྱུར། །སེམས་ཀྱི་གཞི་རྩ་ཆོད་ནས་སླར་ཡང་འཁོར་བར་མི་ལྡོག་ཅིང་། འཁྲུལ་རྟོག་
རྒྱུན་ཆད་ནས་རྣམ་པར་གྲོལ་བ་ཐོབ་པའོ། །དབྱིངས་རིག་བསྲེ་བའི་ཉམས་ལེན་རྒྱས་པར་འོག་ནས་སྟོན་ལ། ཐབས་འདི་གཞུང་ལུགས་གཞན་ལ་མ་གྲགས་ཤིང་། གདམས་ངག་འདིའི་ཟག་ཁྱད་ཡིན་པས་ཐོག་མར་བསྟན་པ་ཡིན་ནོ།། ༈ རྒྱས་པར་བཤད་པ་ལ་གསུམ། ཐོག་མར་རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ལམ་ཉམས་སུ་ལེན་པའི་གདམས་ངག་དངོས། ཉམས་སུ་བླངས་པའི་འབྲས་བུ་བསྟན་པའོ། །དང་པོ་ལ་གསུམ། སེམས་བསྐྱེད་ཀྱི་སྔོན་འགྲོ། །དངོས་གཞི། བསླབ་བྱ་བསྟན་པའོ། །དང་པོ་ནི། དངོས་དང་དངོས་མེད་བློ་ལ་སྣང་བ་ཡི། །རྒྱ་ཆེན་མཆོད་པས་བླ་མ་དཀོན་མཆོག་མཆོད། འདིས་སློབ་དཔོན་གྱི་བྱ་བ་བསྟན་ཏེ། རྟེན་དང་མཆོད་པ་འབྱོར་ཚད་བཤམས་ལ། མདུན་དུ་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུ་དང་དུས་གསུམ་གྱི་སངས་རྒྱས་བྱང་སེམས་དང་། སྟེང་ཕྱོགས་སུ་བླ་མ་བརྒྱུད་པ་རྣམས་དང་། འོག་ཕྱོགས་སུ་དཔལ་མགོན་སྲུང་མ་རྣམས་ཀྱིས་བསྐོར་བར་བསྐྱེད་ཅིང་། སྤྱན་དྲངས་ལ་དངོས་སུ་འབྱོར་བ་དང་། དངོས་མེད་ཡིད་ཀྱིས་སྤྲུལ་པ་དང་། བློ་ཡུལ་དུ་སྣང་བ་བདག་བློས་མ་བཟུང་བའི་མཆོད་པ་གསུམ་པོས་ཅི་ནུས་མཆོད་དོ། ༈ གཉིས་པ་དངོས་གཞི་ནི། ཕྱག་དང་མཆོད་པ་ཕུལ་ནས་ནི། གུས་པས་སྐྱབས་འགྲོ་སེམས་བསྐྱེད་བླང་། འདིས་སློབ་མའི་བྱ་བ་བསྟན་ཏེ། བླ་མ་དཀོན་མཆོག་ལ་ཕྱག་འཚལ་བ་དང་། །ཅི་འབྱོར་པའི་མཆོད་པ་ཕུལ་ནས། གུས་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བས་སོ་ཐར་གྱི་སྡོམ་པ་དང་། སེམས་བསྐྱེད་པའི་བྱང་སེམས་ཀྱི་སྡོམ་པ་བླང་ལ་དེ་ནས་གོང་གི་གདམས་ངག་གདབ་བོ། ༈ གསུམ་པ་དེ་ཡི་བསླབ་བྱ་ནི། །བླ་མའི་བསླབ་བྱ་མིག་ལྟར་གསུང་། །བྱང་ཆུབ་སེམས་དཔའི་བསླབ་བྱ་ནི། །སྲོག་གི་ཕྱིར་ཡང་སྤང་མི་བྱ། །བསླབ་པ་སྲུང་ལ་བརྩོན་པར་བྱ། དེ་ལྟར་ཡང་སྤྱོད་འཇུག་ལས། །རྒྱལ་བའི་སྲས་ཀྱི་དེ་ལྟ་བུ། །བྱང་ཆུབ་སེམས་རབ་བརྟན་བཟུང་ནས། །གཡེལ་བ་མེད་པར་རྟག་ཏུ་
།ཡང་། །བསླབ་ལས་མི་འདའ་འབད་པར་བྱ། ཅེས་དང་། དེ་ལྟས་ཅི་ལྟར་དམ་བཅས་བཞིན། །བདག་གིས་གུས་པས་བསྒྲུབ་པར་བྱ། །དེ་ནས་བརྩོན་པར་མ་བྱས་ན། །འོག་ནས་འོག་ཏུ་འགྲོ་བར་འགྱུར། ཅེས་གསུངས་པ་ལྟར་བསྲུང་བའི་ཕན་ཡོན་དང་མ་སྲུང་བའི་ཉེས་དམིགས་ཤེས། སྲོག་ལ་བབས་ཀྱང་[94]བསླབ་པ་ལས་མི་འདའ་བར། མིག་གི་འབྲས་བུ་བཞིན་སྲུང་བར་བྱ་སྟེ། བསྲུང་བྱ་རྣམས་ནི། འཕགས་པ་ཐོགས་མེད་ཀྱིས་བྱང་སར་རྒྱ་ཆེར་གསུངས་པའི་དོན། །སློབ་དཔོན་ཙནྡྲ་གོ་མཱིས་གཞུང་དུ་མཛད་པ་སྡོམ་པ་ཉི་ཤུ་པ་ལ་སོགས་པ་བཞིན་ནོ། ༈ གཉིས་པ་ལམ་ཉམས་སུ་བླང་་་་བའི་གདམས་ངག་ལ་ལྔ། ཐབས་ངེས་པར་སྔོན་དུ་འགྲོ་བའི་ལམ། ཤེས་རབ་ངེས་པར་ཉམས་སུ་བླང་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དངོས་དང་། དེ་ལས་གཅོད་དུ་གྱུར་པའི་ངེས་ཚིག་དང་། དེའི་མི་མཐུན་པའི་ཕྱོགས་སྤང་བར་བསྟན་པའོ། ༈ དང་པོ་ལ་དྲུག །རང་གཞན་གྱི་མི་དགེ་བ་བཅུ་སྤངས་པ་དང་། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྟན་པ་དང་། དེའི་མི་མཐུན་པའི་རློམས་སེམས་སྤང་བ་དང་། །མཐའ་བྲལ་དབུ་མའི་དོན་མ་རྟོགས་པའི་སྐྱོན་དང་། དམིགས་པའི་དུག་སྤངས་པ་དང་། ཐབས་ཕར་ཕྱིན་ལྔ་སྔོན་དུ་འགྲོ་དགོས་པའི་དཔེ་བསྟན་པའོ། ༈ དང་པོ་ལ་དྲུག །བདག་ཉིད་མི་དགེ་བ་བཅུ་སྤང་ཞིང་གཞན་སྤང་་་པ་ལ་བསྐུལ་བ་དང་། གཞན་མི་དགེ་བ་སྤངས་པ་ལ་རྗེས་སུ་ཡི་རངས་ཤིང་ལེགས་སོ་བརྗོད་པ་དང་། མི་དགེ་བ་བཅུ་སྤངས་པ་གཅིག་པུས་ཀྱང་མི་གྲོལ་བར་བསྟན་པའོ། །དང་པོ་ནི། སྲོག་གཅོད་ལ་སོགས་མི་དགེ་བཅུ། །བདག་སྤང་གཞན་ཀྱང་དེ་ལ་བསྐུལ། ཐབས་ངེས་པའི་ལམ་ཐམས་ཅད་དང་པོ་སྡིག་ལས་ལྡོག་པ། བར་དུ་དགེ་ལས་ལྡོག་པ། ཐ་མ་ཀུན་ལས་ལྡོག་པ་གསུམ་དུ་བསྡུས་ནས་སྟོན་ཏེ། སྡིག་པ་ནི་སྲོག་གཅོད་པ་མ་བྱིན་པ་ལེན་པ། འདོད་པས་ལོག་པར་གཡེམ་པ་སྟེ། ལུས་ཀྱི་མི་དགེ་བ་གསུམ་དང་། ཚིག་རྩུབ་མོ། ངག་འཁྱལ་
པ། བརྫུན་དུ་སྨྲ་བ། ཕྲ་མ་སྟེ་ངག་གི་མི་དགེ་བ་བཞི་དང་། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་མི་དགེ་བ་གསུམ་སྟེ། བཅུ་པོ་དེ་དག་དུག་གསུམ་གྱིས་ཀུན་བསླང་གིས་ཆེ་འབྲིང་ཆུང་གསུམ་དུ་སྤྱད་པས་དམྱལ་བ། ཡི་དྭགས། དུད་འགྲོ་རྣམས་སུ་སྐྱེ་བ་ནི་རྣམ་སྨིན་གྱི་འབྲས་བུ་དང་། མིར་སྐྱེས་ཀྱང་། ཚེ་[95]ཐུང་བ་དང་། ལོང་སྤྱོད་[96]དབུལ་བ་དང་། དགྲ་མང་[97]བ་དང་། སྐུར་[98]པ་མང་བ་དང་། གཉེན་བཤེས་དང་[99]འབྱེད་པ་དང་། མི་སྙན་པ་ཐོས་[100]པ་དང་། ཚིག་མི་[101]བཙུན་པ་དང་། ཡིད་ལ་རེ་བ་འཇོམས་[102]པ་དང་། འཇིགས་པ་མང་[103]བ་དང་། ལྟ་ངན་[104]འཛིན་པར་འགྱུར་བ་མྱོང་བ་རྒྱུ་མཐུན་དང་། མི་དགེ་བ་གང་གོམས་པ། དེ་དག་སླར་ཡང་བྱེད་འདོད་པས་སྡུག་བསྔལ་གྱི་ས་བོན་རྒྱུན་མི་འཆད་པ་ནི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་གཉིས་དང་། ཡུལ་མཐུ་ཆུང་བ་དང་། སད་སེར་མོད་པ་དང་། རྡུལ་འཁྲིགས་པ་དང་། དྲིང་བ་དང་། མཐོ་དམན་ཅན་དང་། ཚ་སྒོ་ཅན་དང་། དུས་ལོག་དང་། འབྲས་བུ་རྣམས་ཕྲ་བ་དང་། ཁ་ཞིང་ཆུང་བ་དང་། འབྲས་བུ་ཡེ་མེད་པའི་ཡུལ་དུ་སྐྱེ་བ་ནི་དབང་འབྲས་སམ། སྐྱེས་བུས་བྱེད་པའི་འབྲས་བུ་སྟེ། དེ་ལྟར་ཤེས་ནས་བདག་ཉིད་སྤངས་ཤིང་། གཞན་དག་ཀྱང་སྤངས་སུ་གཞུག་པ་ནི། སྐྱབས་འགྲོའི་བསླབ་བྱ་སོ་ཐར་གྱི་སྡོམ་པ་གཞན་ལ་གནོད་པ་གཞི་བཅས་སྤངས་པ་སྟེ། དེའང་ལུས་ངག་གི་མི་དགེ་བ་བདུན་ནི་གཞན་ལ་གནོད་པ་ཡིན་ལ། དེའི་གཞི་ནི་ཡིད་ཀྱི་གསུམ་མོ། ༈ གསུམ་པ་ནི། སྲོག་གཅོད་སྤང་བ་དེ་དག་གིས། མཐུན་འགྱུར་ལེགས་པར་བརྗོད་པར་བྱ། །དེ་ལྟར་བྱས་པས་རང་གི་བསོད་ནམས་འཕེལ་ཞིང་གཞན་སྨིན་པར་འགྱུར་བའོ། ༈ གསུམ་པ་ནི། མི་དགེ་བཅུ་པོ་སྤང་ཙམ་གྱིས། ལམ་མཆོག་རྙེད་པར་མི་འགྱུར་ཏེ། མངོན་མཐོ་ལྷ་མིའི་ལམ་དང་ཐར་པ་བྱང་ཆུབ་ཀྱི་ལམ་གཉིས་ལས། མི་དགེ་
བའི་ལས་བཅུ་སྤངས་ནས་དགེ་བའི་ལས་བཅུ་བསྒྲུབ་པ་དེས། འདོད་ཁམས་ཀྱི་ལྷ་མི་ཙམ་ལས་ཐོབ་མི་ནུས་ལ་དེའི་སྟེང་དུ་རྒྱུ་སྙོམས་འཇུག་གི་བསམ་གཏན་བསྒོམ་པས། དེའི་བྱེ་བྲག་གི་འབྲས་བུ་སྐྱེ་བའི་བསམ་གཏན་གཟུགས་ཁམས་བསམ་གཏན་བཞི་དང་། གཟུགས་མེད་ཁམས་སྐྱེ་མཆེད་མུ་བཞིའི་ལྷར་སྐྱེ་བ་ནི་མི་གཡོ་བའི་ལས་ཞེས་བྱའོ། ༈ གསུམ་པ་ལམ་ཕ་རོལ་ཕྱིན་དྲུག་བསྟན་པ་ལ་གཉིས། བདག་ཕར་ཕྱིན་དྲུག་ལ་སྤྱད་ཅིང་གཞན་ཡང་དེ་ལ་བསྐུལ་བ་དང་། དེའི་མཐུན་འགྱུར་དང་ལེགས་པ་བརྗོད་པའོ། །དང་པོ་ནི། ཕ་རོལ་ཕྱིན་པ་དྲུག་ལ་ནི། བདག་སྤྱོད་གཞན་ཡང་དེ་ལ་བསྐུལ། སྦྱིན་པ་ནས་བསམ་གཏན་གྱི་བར་ལྔ་པོའང་ཤེས་རབ་དང་བྲལ་ན་ཕ་རོལ་ཏུ་ཕྱིན་པའི་མིང་མི་ཐོབ་སྟེ་ཟག་བཅས་ཀྱི་ལམ་ཡིན་པས་སོ། །དེས་ན་ཐར་པ་བྱང་ཆུབ་ཀྱི་ལམ་གྱི་གཙོ་བོ་ནི་ཤེས་རབ་སྟེ། དེས་ཟིན་ན་སྦྱིན་པ་སོགས་ལྔ་པོའང་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་འགྱུར་ལ། བྱང་ཆུབ་སེམས་དཔའི་ལམ་རྫོགས་པས། བདག་ཉིད་སྤྱོད་ཅིང་བསྡུ་བའི་དངོས་པོ་བཞི། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའི་སྒོ་ནས་གཞན་ཡང་དེ་ལ་བསྐུལ་བར་བྱའོ། ༈ །གཉིས་པ་ནི། ཕ་རོལ་ཕྱིན་པ་དྲུག་པོ་ཡི། །མཐུན་འགྱུར་ལེགས་པ་བརྗོད་པར་བྱ། །དེ་ནི་རང་གི་རྒྱུད་དག་ཅིང་གཞན་སྨིན་པའི་ཐབས་ཏེ། སེམས་བསྐྱེད་ཀྱི་བསླབ་བྱ་གཞན་ལ་གནོད་པ་སྤངས་པའི་སྟེང་དུ། ཕན་པ་ཅི་ནུས་སུ་བསྒྲུབ་པ་བྱང་ཆུབ་སེམས་དཔའི་སྡོམ་པའི་ངོ་བོའོ། །ཕར་ཕྱིན་དྲུག་དོན་བརྒྱད་ཀྱིས་ཉམས་སུ་ལེན་པ་གཞན་དུ་བསྟན་ནོ། །གསུམ་པ་དེའི་མི་མཐུན་པའི་རློམས་སེམས་སྤངས་པ་ནི། ཕ་རོལ་ཕྱིན་དྲུག་ལ་སོགས་པ། །དགེ་བའི་ལས་ལ་སྤྱོད་གྱུར་པའི། །རློམ་སེམས་སྐྱེས་བས་དེ་ལས་ལྡོག །འདིས་བར་དུ་དགེ་ལས་ལྡོག་པ་བསྟན་ཏེ། དེའང་ཚོགས་གཉིས་ཟུང་འཇུག་གི་དགེ་བ་བྱང་ཆུབ་ཀྱི་ལམ་ལས་ལྡོག་པ་མིན་ཏེ། ཚེ་འདིའི་མངོན་མཐོ་དང་། ཕྱི་
མ་ལྷ་མིའི་གོ་འཕང་ཙམ་ལ་དམིགས་ནས་ལེགས་སྨོན་གྱི་དགེ་བ་སྤྱད་པ་ནི་བྱང་ཆུབ་ཀྱི་གེགས་ཡིན་པས། དེ་ལས་ལྡོག་པའོ། །ཡང་རློམས་པ་སྐྱེ་བ་ནི་དགའ་བྲོད་ཀྱི་བདུད་ཡིན་པས་དེ་སྤངས་པའོ། ༈ བཞི་པ་མཐའ་བྲལ་དབུ་མའི་དོན་མ་རྟོགས་པའི་སྐྱོན་ནི། གཉིས་མེད་ཕ་རོལ་ཕྱིན་པའི་དོན། །དགེ་སྡིག་བླང་དོར་རེ་དོགས་ཀྱི། །མཐའ་དང་བྲལ་བར་མ་རྟོགས་ན། །འདུས་བྱས་དགེ་བ་བྱས་གྱུར་ཀྱང་། །ཚེ་འདི་ཉིད་ལ་གྲོལ་མི་འགྱུར། །འདིས་གོང་འོག་གཉིས་ཀྱི་ཟ་མ་ཀུན་ལས་ལྡོག་པ་བསྟན་ཏེ། དོན་དམ་པ་ནི་ཡུལ་དང་ཡུལ་ཅན་ལ་སོགས་གཉིས་ཆོས་ཀྱི་གཟུང་འཛིན་ཐམས་ཅད་དང་བྲལ་བ་སྟེ། དེ་མ་རྟོགས་ཀྱི་བར་དུ་དགེ་བ་ཅི་ཙམ་བྱས་ཀྱང་རྣམ་གྲོལ་མི་ཐོབ་པས། དགེ་སྡིག་གི་བླང་་་་དོར་དང་འཁོར་འདས་ཀྱི་རེ་དོགས་ལ་སོགས་གཉིས་ཆོས་ཐམས་ཅད་དོན་ལས་མ་གྲུབ་པར་ཤེས་པ་ནི་ཀུན་ལས་ལྡོག་པའོ། ༈ ལྔ་པ་དམིགས་པའི་དུག་སྤངས་པ་ནི། དེ་བས་འདུས་བྱས་འདུས་མ་བྱས། །དཀར་དང་གནག་པའི་ཆོས་རྣམས་ཀུན། །རྡུལ་ཙམ་དམིགས་པར་མི་འགྱུར་རོ། །ཀུན་རྫོབ་བློ་ཡུལ་དུ་སྣང་བའི་འཁོར་འདས་ཀྱི་ཆོས་འདི་ཐམས་ཅད། རྟེན་ཅིང་འབྲེལ་འབྱུང་ཙམ་མ་གཏོགས་པར། དོན་ལ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མི་དམིགས་པས། བློ་ལས་འདས་པ་སྟོང་པ་ཉིད་དེ། འཕགས་པ་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་འདོད། ཅེས་སོ། དེས་ན་སྟོང་པ་ཉིད་དང་། ལྟ་བ་དང་། དོན་དམ་ཙམ་དུའང་དམིགས་སུ་མེད་དེ། །སྟོང་ཉིད་བག་ཆགས་གོམས་པ་ལས། །དངོས་པོའི་བག་ཆགས་སྤངས་འགྱུར་ཏེ། ཅི་ཡང་མེད་ཅེས་གོམས་པ་ལས། ཕྱི་ནས་དེ་ཡང་སྤང་བར་འགྱུར། །ཞེས་ཞི་བ་ལྟས་གསུངས་པ་ལྟར་རོ། ༈ དྲུག་པ་ཐབས་ཕར་ཕྱིན་ལྔ་སྔོན་དུ་འགྲོ་དགོས་པའི་དཔེ་ནི། འོན་ཀྱང་ཐབས་ལ་མ་བརྟེན་པའི། །ཤེས་རབ་མངོན་དུ་མི་འགྱུར་རོ། །སོ་ནམ་སྔོན་དུ་
མ་སོང་བའི། །ལོ་ཐོག་མི་འབྱུང་བ་དང་མཚུངས། ཐ་མ་ཀུན་ལས་ལྡོག་པ་ཡང་འཛིན་པ་དང་བྲལ་བ་ཙམ་ཡིན་གྱི། ཚོགས་གཉིས་ཟུང་འཇུག་གི་དགེ་བ་མི་བསྒྲུབ་པ་མ་ཡིན་ཏེ། གཞི་བདེན་གཉིས་ཟུང་འཇུག་ལམ་ཚོགས་གཉིས་ཟུང་འཇུག །འབྲས་བུ་སྐུ་གཉིས་ཟུང་འཇུག །ཀུན་རྫོབ་སེམས་བསྐྱེད་ལ་བརྟེན་ནས་ཐབས་བསོད་ནམས་ཀྱི་ཚོགས་ཀྱིས་ཉེ་བར་ལེན་པའི་རྒྱུ་བྱས། ཡེ་ཤེས་ཀྱི་ཚོགས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་པས། ས་བཅུའི་ཡོན་ཏན་སྐྱེ་ཞིང་མཐར་གཟུགས་སྐུ་ཐོབ་ལ། དོན་དམ་སེམས་བསྐྱེད་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཀྱིས་ཉེ་བར་ལེན་པའི་རྒྱུ་བྱས། བསོད་ནམས་ཀྱི་ཚོགས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་པས་ལམ་ལྔའི་ཡོན་ཏན་སྐྱེ་ཞིང་མཐར་ཆོས་སྐུ་ཐོབ་པས། འཇིག་རྟེན་པའི་སོ་ནམ་དང་སྟོན་ཐོག་ལྟར་ཤེས་པར་བྱས་ལ་ཐབས་ངེས་པའི་ལམ་འདི་དང་། འོག་ནས་འབྱུང་བའི་ཤེས་རབ་ངེས་པའི་ལམ་གཉིས་ཟུང་འཇུག་ཏུ་ཉམས་སུ་བླང་བར་བྱའོ། ཤེས་རབ་ངེས་པ་ཉམས་སུ་བླང་བ་ལ་བརྒྱད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པ་ལྔ་པོ་རྐྱང་པས་ལམ་མི་འགྲུབ་པར་བསྟན་པ་དང་། དེ་རང་ལ་ཡོད་པས་གཞན་རྐྱེན་མ་ཡིན་པ་དང་། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པ་དང་། སངས་རྒྱས་ཀྱི་དགོངས་པ་དངོས་དང་། དེ་རྟོགས་པའི་ཐབས་དང་། ཉམས་སུ་ལེན་པའི་གནས་དང་། ཅི་ལྟར་ཉམས་སུ་ལེན་པའི་ཐབས་དང་། དེ་ལྟར་ཉམས་སུ་བླངས་པའི་ཕན་ཡོན་ནོ། །དང་པོ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ཡི། །དོན་ལ་ངེས་པར་མ་སྤྱད་ན། སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་སྤྱོད་གྱུར་ཀྱང་། །ལོང་བས་སྣ་དབྱུག་སྟོར་བ་ཡིས། །ལམ་རྒྱུས་རྙེད་པར་ག་ལ་འགྱུར། སྦྱིན་སོགས་ལྔ་པོ་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པས། ཤེས་རབ་ཀྱི་མིག་དང་བྲལ་ན་ཟུང་འཇུག་གི་ལམ་དུ་མི་འགྱུར་བས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་མི་ཕྱིན་ནོ། ༈ གཉིས་པ་ནི། ཤེས་རབ་ཕ་རོལ་ཕྱིན་པའི་དོན།
ཚིག་རྐང་འདི་མཆན་དཀྱུས་ལ་ཤོར་བ་ཡིན་པ་འདྲ་སྟེ། གཞུང་འདི་ལ་ཤོ་ལོ་ཀ་ལྔ་བཅུ་ཡོད་པ་ལ་ཚིག་རྐང་གཅིག་ལྷག་པར་གདའ་བས་འདི་འདྲའོ། །འོན་ཀྱང་གོ་རྒྱུ་ལ་ཕན་པར་སྣང་ནས་བཞག་གོ །གཞན་ནས་མཚོ་ལ་རང་ལ་ཡོད། །དངོས་དང་མཚན་མར་མ་གྲུབ་པའི། །རང་བཞིན་འོད་གསལ་ཆེན་པོའི་དོན། དེ་ལྟར་མཆོག་ཏུ་གྱུར་པའི་ཤེར་ཕྱིན་དེ་རྙེད་པར་མི་ནུས་སམ་སྙམ་ན། །རང་གི་སེམས་ཀྱི་ཆོས་ཉིད་སྒྲིབ་གཡོག་དང་བྲལ་བས་རང་གི་རང་འོད་གསལ་བ་དེ་ཡིན་ཏེ། མདོ་ལས། སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་དང་། རྗེ་བཙུན་བྱམས་པས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། ཅེས་པ་དེའོ། ༈ གསུམ་པ་ནི། ཡིད་ལ་བྱེད་པ་ཀུན་དང་བྲལ། །དྲན་རྟོག་རང་བཞིན་གྱིས་སྤངས་བའི། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །འོད་གསལ་མངོན་དུ་བྱེད་པའི་ལམ་ནི། །ཡུམ་ལས། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་དེ་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་རྗེས་སུ་དྲན་པའོ། །ཞེས་པ་སྟེ་བསྒོམ་པའི་ཐབས་ནི་འོག་གི་དབྱིངས་རིག་བསྲེ་བའོ། ༈ བཞི་པ་ནི། །ཕྱི་ནང་ལྷ་འདྲེ་འཁོར་དང་འདས། །སྣང་དང་སྟོང་པ་ལ་སོགས་པ། །གཉིས་སྣང་བྲལ་བ་སངས་རྒྱས་ཀྱི། །དགོངས་པ་མ་ནོར་མ་བཅོས་པ། །དཔེར་ན་ནམ་མཁའི་དབྱིངས་དང་མཚུངས། དེ་ལྟར་སངས་རྒྱས་རྗེས་དྲན་བསྒོམ་པའི་དོན་གཉིས་འཛིན་ཐམས་ཅད་བྲལ་བ་དེ་སངས་རྒྱས་ཀྱི་དགོངས་པ་སྟེ། རྒྱ་ཆད་ཕྱོགས་ལྷུང་དང་མཚན་རྟོག་ཐམས་ཅད་ལས་འདས་པ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནམ་མཁའ་ལྟ་བུའོ། །དེ་ནི་སངས་རྒྱས་ཀྱི་དགོངས་པ་སོ་སོའི་སྐྱེ་བོའི་ཉམས་སུ་མྱོང་བའི་ཐབས་ཁྱད་པར་ཅན་ནོ། ༈ ལྔ་པ་དེ་རྟོགས་པའི་ཐབས་ལ་བཞི། །དབྱིངས་རིག་བསྲེ་བ་དང་། དབྱིངས་རིག་
བསྲེ་བའི་འབྲས་བུ་དང་། །དབྱིངས་རིག་བསྲེ་བའི་ཐབས་དངོས་དང་། དབྱིངས་རིག་བསྲེ་བའི་དགོས་བའོ། །དང་པོ་ནི། ཐབས་ཀྱི་མཆོག་ཏུ་གྱུར་པ་ནི། །དབྱིངས་དང་རིག་པ་བསྲེ་བར་བྱ། དོན་ཤེར་ཕྱིན་དུས་འདི་ཉིད་དུ་མངོན་དུ་བྱེད་པའི་ཐབས། གཞུང་ལུགས་གཞན་ལ་མ་གྲགས་པ་ཆོས་འདིའི་ཟབ་ཁྱད་མཆོག་ཏུ་གྱུར་པ་ནི་དབྱིངས་རིག་བསྲེ་བ་སྟེ། དེའི་རྒྱུ་མཚན་དབྱིངས་རིག་གཉིས་ཡུལ་དང་ཡུལ་ཅན་བྱེད་པའི་གཉིས་འཛིན་བྱུང་ལ། དེ་ལས་འཁོར་བའི་འཁྲུལ་པ་མཐའ་དག་བྱུང་ངོ་། །ལམ་དུ་དབྱིངས་རིག་བསྲེ་བ་བསྒོམ་པས་མཐར་ཕྱིན་འབྲས་བུའི་གནས་སྐབས་སུ། དབྱིངས་རིག་རྣམ་པར་དག་པ་དང་། རིག་པ་རྣམ་ཤེས་ཚོགས་གནས་གྱུར། །ཡེ་ཤེས་བཞི་དབྱེར་མེད་དུ་འདྲེས་ནས། སྐུ་གསུམ་འགྲུབ་པས། གཞི་ལམ་འབྲས་གསུམ་འབྲེལ་བ་ཅན་དུ་ཟབ་ཅིང་གསང་སྔགས་ཀྱི་ལམ་དང་ཆ་་་འདྲ་བའོ། ༈ གཉིས་པ་ནི། དབྱིངས་རིག་འདྲེས་པའི་དུས་དག་ཏུ། །དངོས་དང་མཚན་མ་དགག་བསྒྲུབ་དང་། །དམིགས་པར་འཛིན་པ་རང་སངས་ཏེ། །གཟུང་འཛིན་གཉིས་དང་བྲལ་བ་ཡི། །ཆོས་ཉིད་དོན་ལ་གནས་པའོ། །འབྲས་བུ་མངོན་དུ་གྱུར་པའི་དུས་སུ་དབྱིངས་རིག་འདྲེས་པའི་སྟོབས་ཀྱིས་གཉིས་ཆོས་ཐམས་ཅད་ཀྱི་འཛིན་པ་སངས་ནས་གཉིས་མེད་ཡེ་ཤེས་ཀྱི་ཆོས་ཉིད་རྒྱས་ལ། ད་ལྟ་བསྒོམ་པའི་དུས་སུའང་དེ་དང་ཆ་མཐུན་གྱི་ཉམས་ལ་གནས་པའོ། ༈ གསུམ་པ་ནི། །དེ་ལྟར་ལུས་སེམས་མ་བཅོས་པར། །ནམ་མཁའ་སྟོང་པས་གར་ཁྱབ་པ། །རིག་པ་སྟོང་པས་ཁྱབ་པར་ནི། །རྒྱ་བསྐྱེད་ཁྱབ་བདལ་ཆེན་པོར་བཞག །སློབ་མ་ལ་གདམས་ངག་འབེབ་པའི་དུས་ནི། །སྔར་བསྟན་པའི་བཅའ་གཞི་གསུམ་ལ་བརྟེན་ནས་དབྱིངས་རིག་བསྲེ་བ། རིག་རྩལ་དབྱིངས་སུ་བསྲེ་བ། ལུས་ཀྱི་བསྒྲིམ་ཆ། ངག་གི་བསྡམ་ཆ། ཡིད་ཀྱི་གཏད་ཆ་ཐམས་ཅད་ཀློད་ལ། ལུས་སེམས་མ་བཅོས་པར་ནམ་མཁས་གར་ཁྱབ་རིག་པས་ཁྱབ། །རིག་པས་གར་ཁྱབ་ཆོས་
སྐུ་མི་ཁྱབ། ཆོས་སྐུ་ཁྱབ་བརྡལ་ཆེན་པོའི་ངང་ལ་མཉམ་པར་བཞག །རྒྱུན་དུ་ནི་ནམ་མཁའ་སྒོ་འབྱེད་བྱ་བའམ་མ་བྱས་ཀྱང་རུང་སྟེ། གདོད་ནས་དབྱིངས་རིག་དབྱེར་མེད་དུ་ཤེས་པར་བྱས་ལ། དེའི་ངང་ལ་མཉམ་པར་བཞག་གོ། ༈ བཞི་པ་ནི། །དེ་ཚེ་རིག་པ་གཞི་རྩ་དང་། །བྲལ་བར་ཉམས་སུ་མྱོང་བ་ནི། །དབང་པོ་ལྔ་དང་ཕྱི་རོལ་ཡུལ། །རིག་པ་གང་དུའང་མི་གནས་སོ། །དབྱིངས་རིག་དབྱེར་མེད་དུ་བཞག་པས། ཆོས་ཐམས་ཅད་རང་གི་སེམས་རིག་པའི་ངོ་བོར་རྟོགས་ཤིང་། རིག་པ་ཉིད་ཀྱང་ངོ་བོ་མ་གྲུབ་པ་གཞི་མེད་རྩ་བྲལ་དུ་རྟོགས་པ་དེའི་ཚེ། །རིག་པ་ནི་མིག་སོགས་དབང་པོ་ལྔ་དང་། གཟུགས་སོགས་ཡུལ་ལྔ་གང་དུ་ཡང་མི་དམིགས་ཏེ། ཤེར་སྙིང་ལས། མིག་མེད། རྣ་བ་མེད་ཅེས་སོགས་གསུངས་པ་བཞིན་ནོ། །དེ་ཉིད་ལྟ་བ་སྐྱེ་མེད་སྟོང་པ་རང་བཞིན་མེད་པ། བསྒོམ་པ་ཁྱབ་བརྡལ་ཆེན་པོ། །ལམ་ཁྱེར་གནས་ཤར་གྲོལ་གསུམ། སྤྱོད་པ་ཉམ་ང་ཐོག་འཇོམས། འབྲས་བུ་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལྷའི་དབང་དུ་བྱས་ན། དྲི་མེད་དག་པའི་ལྷ། །ཏིང་ངེ་འཛིན་གྱི་དབང་དུ་བྱས་ན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། །བཟླས་པའི་དབང་དུ་བྱས་ན་ཡང་དག་དོན་གྱི་བཟླས་པ་ཞེས་གསུངས་སོ། ༈ དྲུག་པ་ལམ་ཉམས་སུ་ལེན་པའི་གནས་ནི། གཡའ་ཁང་དུར་ཁྲོད་གཉན་ས་དང་། །གྲོང་དང་གྲོང་ཁྱེར་ཆེན་པོ་དང་། ཕུག་དང་དབེན་ཕུག་གནས་དག་ཏུ། གཉིས་སུ་མེད་པ་བསྒོམ་པར་བྱ། རྣམ་གཡེང་གི་འཇིགས་པ་སྤངས་ཤིང་། བསམ་གཏན་གྱི་བདེ་བ་མྱང་བའི་ཕྱིར་གནས་དེ་ཉིད་ལྟ་བུར་བསྒོམ་ལ། སྤང་གཉེན་གཉིས་མེད་གནས་བདག་དང་རྣལ་འབྱོར་པ་གཉིས་མེད་དུ་བསྒོམ་པས། གེགས་སེལ་བོག་འདོན་ཞར་ལ་འབྱུང་བའོ། ༈ བདུན་པ་ཇི་ལྟར་ཉམས་སུ་ལེན་པའི་ཐབས་དངོས་ལ་གཉིས། གང་ཉམས་སུ་བླང་བའི་ཆོས་དང་། དེ་ཇི་ལྟར་ཉམས་སུ་བླང་བའི་ཐབས་སོ། ༈ དང་པོ་ནི། བླ་མས་བསྟན་པའི་སྐྱེ་མེད་དོན། གཉིས་
པ་ནི། སྤྱོད་ལམ་རྣམ་བཞི་ཉམས་སུ་བླངས། མཉམ་བཞག་གི་རྗེས་སྤྱོད་ལ་བསྲེ་བ་སྟེ། དྲན་ཤེས་དང་མ་བྲལ་བར་སྐྱོང་བའོ། བརྒྱད་པ་དེ་ལྟར་ཉམས་སུ་བླངས་བའི་ཕན་ཡོན་ནི། དེ་ལྟར་ཉམས་སུ་ལེན་པ་ལ། །ཕ་རོལ་ཕྱིན་པའི་བྱིན་རླབས་དང་། །ཆོས་རྣམས་སྟོང་པར་རྟོགས་པ་དེས། །བར་ཆད་འབྱུང་བར་མི་འགྱུར་ཏེ། །སྟོང་པ་ཉིད་ལ་སྟོང་ཉིད་ཀྱིས། །གླགས་རྙེད་པ་ལྟ་ག་ལ་སྲིད། གོང་གི་དབེན་གནས་དེ་ལྟ་བུར་བསྒོམ་པས་བར་ཆད་མི་འོང་ངམ་ཞེ་ན། རྒྱུ་གཉིས་ཀྱིས་མི་འོངས་ཏེ། །དང་པོ་ནི་སྡུད་པ་ལས། མ་ཞིག་ན་བར་གྱུར་ལ་བུ་ནི་མང་ཡོད་པ། དེ་ཀུན་ཡིད་མི་བདེ་ཞིང་དེ་ལ་རིམ་གྲོ་བྱེད། །དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང་། །ཡུམ་གྱུར་ཤེས་རབ་ཕར་ཕྱིན་འདི་ལ་དགོངས་པ་མཛད། ཅེས་པ་ལྟར་ཡུམ་གྱི་བྱིན་རླབས་དང་། གང་ཚེ་མཁས་པ་དེ་དག་བསམ་པ་རབ་ལྡན་ཞིང་། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པའི་མཆོག་དོན་ལྟ། །དེ་ཚེ་ལུས་སེམས་དག་ནི་མཁའ་འགྲོ་བྱ་ལྟར་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཅེས་པ་ལྟར། རྣལ་འབྱོར་པས་ཆོས་ཐམས་ཅད་རྣམ་པར་ཐར་པ་སྒོ་གསུམ་གྱི་རང་བཞིན་ནམ་མཁའ་ལྟ་བུར་རྟོགས་པའི་མཐུས་བར་ཆད་མི་འོང་སྟེ། ཡུམ་ལས། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད། དེ་བཞིན་དུ་མཚན་མ་མེད་པ་དང་། སྨོན་པ་མེད་པ་ལའང་སྦྱར་བ་དང་། ཕྱི་ཡི་ནམ་མཁས་ནང་གི་ནམ་མཁའ་འཁྲུག་པ་མི་བྱེད་དོ། ཅེས་སོ། དེ་ཡན་ཆད་ཀྱིས་ཐབས་ངེས་པ་དང་ཤེས་རབ་ངེས་པ་གཉིས་སོང་ནས། ༈ གསུམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དངོས་ལ་གསུམ། རྟོགས་པའི་ངོ་བོ། དྲོད་ཚད། །དཔེ་དོན་ནོ། །དང་པོ་ནི། ཆོས་ཉིད་སྟོང་པའི་དོན་རྟོགས་ན། །རྟགས་སམ་མཚན་མ་ཕ་རོལ་ཏུ། །སྒོ་ལྔའི་ཡུལ་དུ་གཟུགས་དང་སྒྲ། །དྲི་རོ་རེག་བྱ་མ་ལུས་པ། །སྟོང་པ་ཉིད་དུ་རབ་གསལ་ཏེ། །ནང་དུ་ཉོན་མོངས་རགས་པ་དང་། །གཟུང་འཛིན་ཕྲ་མོ་སྐྱེས་གྱུར་
ཀྱང་། །གཉིས་མེད་རང་གྲོལ་རྩིས་ལས་འདས། དབྱིངས་རིག་དབྱེར་མེད་ཀྱི་རྟོགས་པ་ཆོས་ཉིད་སྟོང་པའི་དོན་རྒྱུད་ལ་སྐྱེས་པ་ན། །ཡུལ་ཅན་དབང་པོ་ལྔའི་རྣམ་ཤེས་དང་། ཡུལ་གཟུགས་སོགས་ལྔས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་འཆར་ལ། །སྐབས་སུ་འཁྲུལ་བའི་བག་ཆགས་ཉོན་མོངས་རག་པ་སྐྱེས་ཀྱང་སྐྱེས་གྲོལ་དུ་འགྱུར་བས། ཉོན་མོངས་ཀྱི་བྱ་བ་མི་བྱེད་ཅིང་ལས་མི་སོགས་ཏེ། གཟུང་འཛིན་ལྟར་སྣང་ཡང་། གཟུང་འཛིན་གྱི་དོན་བྱེད་མི་ནུས་པས་ཕྲ་མོ་ཡིན་ལ། རེ་དོགས་རྩིས་གདབ་ལས་འདས་པ་འབྱུང་སྟེ། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། མེ་ས་ཡོངས་སུ་གདུང་བའི་ས་བོན་རྣམས་ནི་ཁ་དོག་ཡོངས་སུ་ཉམས་པ་མེད་ལ། མྱུ་གུ་འབྱུང་བའི་སྐལ་བ་ནི་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔར་ཉོན་མོངས་པ་རྣམས་ཀྱང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། བདག་མེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་གདུང་ན་དེ་འདོད་པའི་ཡོན་ཏན། དགའ་བ་ཐམས་ཅད་ཡོངས་སུ་སྤྱོད་པར་བྱེད་ཀྱང་། ལོག་པར་ལྟུང་བར་འགྲོ་བའི་ཀུན་ནས་ཉོན་མོངས་པ་ཡོངས་སུ་འཛིན་པར་མི་བྱེད་ལ། སངས་རྒྱས་ཀྱི་ཁ་དོག་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཅེས་སོ། །གཉིས་པ་ནི། དེ་ལྟར་རྟོགས་ན་ཆོས་ཉིད་ལ། གནས་ཤར་གྲོལ་བར་གྱུར་པ་སྟེ། །གསེར་གླིང་དག་ཏུ་ཕྱིན་དང་མཚུངས། །ཆོས་ཉིད་རྟོགས་པ་རྒྱ་མཚོ་ལྟ་བུའི་ངང་ལ་གནས་ན། རྟོག་པའི་འདུ་འཕྲོ་ཆར་བ་ལྟ་བུ་ཅི་ཤར་ཡང་རང་གྲོལ་དུ་འགྱུར་བས་གཉེན་པོ་གཞན་མི་དགོས་ཏེ། ཐམས་ཅད་ཆོས་ཉིད་དུ་འཆར་བ་ནི་རིན་པོ་ཆེའི་གསེར་གླིང་དུ་ས་རྡོ་མི་རྙེད་པ་ལྟར་རྣམ་རྟོག་ངན་པ་མི་རྙེད་པའོ། ༈ གསུམ་པ་དཔེ་དོན་ནི། སྐྱེས་བུའི་སྲོག་རྩ་བཅད་གྱུར་ཀྱང་། །མིག་ལ་སོགས་པ་དབང་བོ་ཡི། །ཆེད་དུ་སྒོ་ནི་དགག་མི་དགོས། །དེ་བཞིན་སེམས་ནི་རྩད་བཅད་ན། །ཆོས་རྣམས་སྟོང་པར་རྟོགས་པར་འགྱུར། གོང་གི་མདོར་བསྟན་གྱི་སྐབས་
སུ་སེམས་འཁོར་འདས་གཉིས་ཀའི་རྩ་བར་གསུངས་ལ། དེའི་གཞི་རྩ་ཆོད་ན་ཤིང་སྡོང་པོའི་རྩ་བ་བཅད་པ་འདྲ་ཞིང་། སྐྱེ་མེད་གཅིག་ཆོད་དུ་གསུངས་པ་དང་འདི་གཉིས་གནད་གཅིག་སྟེ་དཔེ་དོན་ནི་གོ་སླའོ། །འདི་ཡི་སྐབས་སུ་བཀའ་ཚོམས་ལས་ལུས་ངག་ཡིད་གསུམ་ལ་འཛིན་པ་མེད་པ་རྒྱལ་བའི་སྐུ་གསུང་ཐུགས་ཡིན་ལ། སྣང་གྲགས་རིག་གསུམ་ཀྱང་སེམས་ཀྱི་སྐུ་གསུང་ཐུགས་སུ་གསུངས་པ་དང་། གསང་སྔགས་བླ་ན་མེད་པས་སྔགས་སྡོམ་གྱི་ངོ་བོ་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་གི་མཚན་འཛིན་སྐྱོབ་པ་ལ་བཤད་པ་གཉིས་གནད་གཅིག་པར་གོ་སྟེ། སྔགས་སུ་ལས་དང་པོའི་གང་ཟག་ནས་བཟུང་སྟེ་ལམ་འཁྱེར་བྱེད་ལུགས་ཡིན་ལ། འདིར་རྟོགས་པའི་ཡོན་ཏན་དགོངས་པའི་ཁྱད་པར་ཡོད་དོ། །བཞི་པ་དེ་ལས་གཅོད་དུ་གྱུར་པའི་ངེས་ཚིག་ནི། སེམས་ཉིད་རྩ་བ་གཅོད་པ་དང་། །ཉོན་མོངས་དུག་ལྔ་གཅོད་པ་དང་། །ལྟ་མཐའ་བསྒོམ་པའི་འདུ་བྱེད་དང་། །སྤྱོད་པ་ཉམས་ང་རེ་དོགས་དང་། །སྙེམས་བྱེད་ཐམས་ཅད་གཅོད་པའི་ཕྱིར། །ངེས་པའི་ཚིག་ཏུ་གཅོད་ཅེས་བྱ། །སེམས་ཀྱི་ཉེས་རྩ་བདག་འཛིན་ཏེ། སྡུད་པ་ལས། སེམས་ཅན་ཁམས་ཀྱི་ལྟ་རྣམས་ཆེན་པོ་གཅོད་པ་སྟེ། ཅེས་དང་། །འདོད་ཆགས་ལ་སོགས་དུག་ལྔ་དང་། ལྟ་བའི་མཐར་འཛིན། བསྒོམ་པའི་ཡིད་བྱེད། །སྤྱོད་པའི་ཉམ་ང་། འབྲས་བུའི་རེ་དོགས་ཀྱི་ཆགས་རྣམས་གཅོད་པ་སྟེ། ཆགས་པ་གཅོད་བྱེད་ཀུན་ལ་ཆགས་བཟད་པར་འདོད། ཅེས་དང་། ལམ་སྦྱིན་པ་སོགས་ཀྱི་མི་མཐུན་ཕྱོགས་གཅོད་པ་སྟེ། རྒྱུད་ལས། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྙེམས་བྱེད་སོགས་བདུད་བཞི་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་གཅོད་པ་སྟེ། རྒྱུད་ལས། ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། ཅེས་སོ། །དེ་དག་ནི་དོན་ཤེར་ཕྱིན་གྱི་བྱེད་ལས་ལ་མིང་དུ་བཏགས་ཏེ། མདོ་རྒྱུད་ལས་གསུངས་པའི་མིང་དོན་འབྲེལ་བ་ཡིན་གྱི། །མ་གསུངས་
པའི་བབ་ཆོལ་ལྟ་བུ་ནི་མ་ཡིན་ནོ། ༈ ལྔ་པ་ལམ་གྱི་མི་མཐུན་ཕྱོགས་སྤོང་བ་ལ་གསུམ། །བདུད་གཉིས་ངོས་བཟུང་ཞིང་དེ་གཅོད་པའི་ཐབས་དང་། བདུད་འབྱུང་བའི་རྒྱུ་མཚན་དང་། བདུད་བཏུལ་བའི་ཐབས་བསྟན་པའོ། །དང་པོ་ལ་བདུན། ཐོགས་བཅས་ཀྱི་བདུད་དང་། ཐོགས་མེད་ཀྱི་བདུད་དང་། ཆོད་པའི་རྟགས་དང་། ཚར་བའི་ཚད་དང་། ལྡོག་པའི་དུས་དང་། མི་ལྡོག་པའི་ཐབས་དང་། ལོག་གནོན་གཟེར་བུ་ལྟ་བུའི་གདམས་ངག་གོ །དང་པོ་ལ་གཉིས། བཅད་བྱའི་ཡུལ་དང་། །གཅོད་བྱེད་ཀྱི་གདམས་ངག་གོ །དང་པོ་ནི། མངོན་ཞེན་ཆགས་སྡང་ཐོགས་པའི་བདུད། །དེ་ལ་ཇི་ལྟར་བཅད་ཞེ་ན། གཟུགས་སོགས་འདོད་ཡོན་ལྔ་ནི་ཐོག་བཅས་ཡིན་ཏེ། །དེ་ལ་སེམས་ཞེན་ཅིང་ཆགས་པས་་་་་་་་་་་་དུག་གསུམ་དུག་ལྔ་སྐྱེ་བ་ནི་བདུད་དེ་ཐར་པའི་སྲོག་གཅོད་པའོ། །དེ་དང་ཡུལ་གྱི་ཆ་ནས་ཐོགས་བཅས་བདུད་དང་། སེམས་ལ་ཉོན་མོངས་སྐྱེ་བ་ནི་ཐོགས་མེད་བདུད་ཡིན་པས། བདུད་གཉིས་གཞི་མཐུན་པའོ། ༈ གཉིས་པ་ལ་གསུམ། གང་ཟག་གི་མཚན་ཉིད། གདམས་ངག་དངོས། དེ་དག་གི་ཆེ་བའོ། །དང་པོ་ནི། །ཉམས་ཅན་རབ་འབྲིང་ཐ་མ་ཡིས། །ཅེས་སོ། ༈ གཉིས་པ་ལ་གསུམ། དབང་བོ་[105]རབ་དང་། འབྲིང་དང་། ཐ་མའི་གདམས་ངག་གོ །དང་པོ་ནི། དྲན་མེད་དང་དུ་བཞག་པ་དང་། གཉིས་པ་ནི། །དེ་ལ་གཏད་དེ་བསྒོམ་པ་དང་། གསུམ་པ་ནི། བརྟགས་ཤིང་དཔྱད་ལ་གཏན་ལ་དབབ། དབང་བོ་[106]རབ་ཀྱིས་ཡུལ་སྣང་སྟོང་ཉིད་དུ་རྟོགས་པས་སངས་རྒྱས་རྗེས་དྲན་གྱི་ངང་དུ་བཞག་ལ། འབྲིང་གི་ཡུལ་སྣང་སེམས་སུ་ཤེས་པས་སེམས་ལ་གཏད་དེ་བསྒོམ། ཐ་མས་སྒྱུ་མའི་དཔེ་བརྒྱད་ལ་སོགས་པས་ཡུལ་སྣང་ལ་རང་བཞིན་མེད་པར་གཏན་ལ་དབབ་སྟེ། ཆགས་སྡང་མི་སྐྱེ་བར་བསླབ་བོ། ༈ གསུམ་པ་ཆེ་བ་ནི། དཔེར་ན་ནགས་ཚལ་འཐུག་པོ་དང་། །སྟོབས་
དང་ལྡན་པའི་སྐྱེས་བུ་དང་། །སྟ་གྲི་རྣོན་པོ་ཅི་བཞིན་ནོ། །བཅད་བྱའི་ཡུལ་ནི་རྒྱ་ཆེ་ཞིང་གྲངས་ཡང་མང་བས་ནགས་ཚལ་འཐུག་པོ་དང་འདྲ་ལ། གཅོད་མཁན་ཉམས་རྟོགས་ཡོད་པ་ནི་སྐྱེས་བུ་སྟོབས་ལྡན་ཏེ། གཅོད་བྱེད་ཀྱི་གདམས་ངག་ཟབ་མོ་ནི་སྟ་གྲི་རྣོན་པོ་བཞིན་ནོ། །དེས་ན་བརྩོན་འགྲུས་དང་ལྡན་ན་གཉེན་པོ་ཆུང་ངུས་ཀྱང་སྤང་བྱ་ཆེན་པོ་འཇོམས་པའོ། །གཉིས་པ་ཐོགས་མེད་ཀྱི་བདུད་ལ་གཉིས། བཅད་བྱའི་བདུད་ངོས་བཟུང་བ། གཅོད་བྱེད་ཀྱི་གདམས་ངག་གོ། །དང་པོ་ནི། ལྷ་འདྲེའི་ཆོ་འཕྲུལ་སྙེམས་བྱེད་ཅིང་། །ཐོག་མེད་བདུད་ཅེས་བྱ་བ་ནི། །འདི་ལ་ནང་བདུད་ཉོན་མོངས་དང་། ཕྱི་བདུད་ལྷ་འདྲེ་གཉིས་ལས། དང་པོ་གོང་དུ་བསྟན་ལ། འདི་ཕྱི་བདུད་དེ་སྙེམས་བྱེད་བདུད་ཀྱི་ཞོར་ལ་བསྟན་ཏོ། །གཉིས་པ་ལ་དྲུག །གཉན་ཐོག་ཏུ་གཉན་དབབ་པ་དང་། མེ་བཙའ་ཨ་ན་ཚུགས་བཞག་པ་དང་། ཉམས་ལེན་གྱི་ཆོས་དང་། སྐར་ཆེན་ཐིབས་འོག་ཏུ་གཞུག་པ་དང་། ལྷ་འདྲེ་གཉིས་ལ་ཉེ་རིང་སྤོངས་པ་དང་། གཉན་ཆེན་མཐའ་ལ་གཏད་པའོ། །དང་པོ་ནི། གཉན་ཐོག་གཉན་དབབ་ཤ་ཐོག་ཏུ། གཉིས་པ་ནི། མེ་བཙའ་ཨ་ན་ཚུགས་སུ་བཞག །འདི་རྣམས་རི་སྐོར་ཡིན་ལ། དེའང་མཁས་པ་གསུམ་གྱིས་ཉམས་སུ་ལེན་པས། དང་པོ་གཞི་བཅའ་བ་ལ་མཁས་པ་ནི་དེ་དག་གིས་བསྟན་ཏོ། ༈ གསུམ་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། ཤེས་རབ་ངེས་པའི་ཉམས་ལེན་སངས་རྒྱས་རྗེས་དྲན་བསྒོམ་པ་ནི་སྐྱབས་འགྲོ་སྟེ། དབྱིངས་རིག་བསྲེ་བ་ཐུན་དུ་བཅད་ལ་བསྒོམ་སྟེ། ཉམས་ལེན་གྱི་དངོས་གཞིའོ། ༈ བཞི་པ་ནི། སྐར་ཆེན་ཐིབས་འོག་དག་ཏུ་གཞུག །བདུད་ཁང་ལུས་ལ་བྱས་ནས་ཟིལ་གནོན་སེམས་ཀྱིས་བྱེད་པ་དཔེའི་སྒོ་ནས་བསྟན་པའོ། ༈ ལྔ་པ་ནི། ལྷ་འདྲེ་གཉིས་ལ་ཉེ་རིང་སྤངས། སྤང་གཉེན་གཉིས་མེད་དུ་བསྒོམ་པའི་བསླབ་བྱའོ། ༈ དྲུག་པ་ནི།།
གཉན་ཆེན་མཐའ་ལ་གཏད་པར་བྱ། སློང་གི་དུས་སུ་ཕྱི་ནང་གསང་གསུམ་གྱི་མཐའ་གཏད་ལ་སོགས་པ་བསྟན་པའོ། ༈ གསུམ་པ་ཆོད་ཚད་ནི། གཅོད་ན་ཆོད་ཚད་ཉམ་ང་བྲལ། དེ་དག་ནི་ཉམས་ལེན་གྱི་གདེང་ཐོབ་པའི་དྲོད་ཚད་དོ། ༈ བཞི་པ་ཚར་བའི་ཚད་ནི། ཚར་ཚད་ཆོ་འཕྲུལ་རང་ཞི་བ། ཐུན་མོང་དང་ཁྱད་པར་དང་། མཆོག་གི་ཚར་ཚད་རྣམས་བསྟན་པའོ། །ཆོ་འཕྲུལ་དང་སློང་རྟགས་སོགས་འོག་ནས་ཁ་སྐོང་སྟེ། བར་དུ་ལམ་ལ་གཟུང་པ་ལ་མཁས་པའི་ཉམས་ལེན་ནོ། ༈ ལྔ་པ་ལྡོག་པའི་དུས་ནི་ལྡོག་ཚད་སྐྲག་ཅིང་དངངས་ནས་འབྲོས། རང་གཞན་གྱི་ལྷ་འདྲེས་བསྒྱུར་བ་ལ་སོགས་ལྡོག་པའི་རྒྱུ་རྣམས་བསྟན་པའོ། ༈ དྲུག་པ་མི་ལྡོག་པའི་ཐབས་ནི། མི་ལྡོག་སྒོ་གཏན་ལྟ་བུ་ནི། །སྐྲག་ཅིང་དངངས་ཀྱང་མི་འབྲོས་སོ། །འཇིགས་སྐྲག་གི་སྣང་བ་ཅི་བྱུང་ཡང་ཤི་ནུས་ཐོག་འགེལ་བྱ་བའོ། །བདུན་པ་ལོག་ནོན་ནི། ལོག་གནོན་གཟེར་བུ་ལྟ་བུ་ནི། བཏུད་དེ་དེ་ལ་ནན་ཏན་བྱ། །དེ་ནི་མན་ངག་དམ་པའོ། །མི་མཐུན་ཕྱོགས་དང་དུ་བླང་བས་བར་ཆད་དངོས་གྲུབ་ཏུ་འགྱུར་བའི་ཐབས་ཁྱད་པར་ཅན་ནོ། །དེ་དག་ནི་ཐ་མ་རྗེས་བཅད་པ་ལ་མཁས་པའི་ལག་ལེན་ནོ། །བདུད་གཉིས་བཅད་པའི་ཐབས་སོང་ནས། གཉིས་པ་བདུད་འབྱུང་བའི་རྒྱུ་མཚན་ལ་གསུམ། བདུད་ངོས་བཟུང་བ་དང་། དེ་གཅོད་བྱེད་ཀྱི་གདམས་ངག་དང་སློང་རྟགས་བསྟན་པའོ། །དང་པོ་ནི། གཉིས་མེད་ཕ་རོལ་ཕྱིན་བསྒོམ་པས། །འཇིག་རྟེན་ལྷ་འདྲེས་མ་བཟོད་ནས། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ། །མངོན་སུམ་གཟི་བྱིན་རྨི་ལམ་སོགས། །ལམ་ཟབ་མོ་བསྒོམ་པས་དེའི་གཟི་བརྗིད་མ་བཟོད་ནས་ཆོ་འཕྲུལ་འོང་བ་ཡིན་གྱི། དམིགས་བརྩུབ་པོ་མ་བྱས་ན་མི་སློང་བ་ནི་མ་ཡིན་ནོ། །དེའང་རྫི་གྲིབ་ཆོ་འཕྲུལ་རྣམ་པ་སྣ་ཚོགས་དང་། ཕྱི་ནང་གསང་གསུམ་གྱི་སློང་རྣམས་འབྱུང་བ་ནི་སྲོག་གིས་བསྡུས་པའོ། ༈ གཉིས་པ་ལ་
།གསུམ། དབང་པོ་རབ་དང་འབྲིང་དང་ཐ་མའོ། །དང་པོ་ནི། དེ་དག་ཀུན་ལ་ཉམས་རབ་ཀྱི། །གཉིས་སུ་མེད་པའི་དོན་ལ་བཞག །གཉིས་པ་ནི། འབྲིང་གིས་དེ་ལ་གཏད་དེ་བསྒོམ། །གསུམ་པ་ནི། །ཐ་མས་ཕུང་པོ་གཟན་དུ་སྐྱུང་། གཅོད་བྱ་ཆོ་འཕྲུལ་གསུམ་པོ་དེ། །གཅོད་བྱེད་ལམ་ཁྱེར་གསུམ་གྱིས་ཉམས་སུ་བླང་པ་སྟེ། རབ་ཆོ་འཕྲུལ་སྟོན་མཁན་གྱི་ལྷ་འདྲེ་དང་རྣལ་འབྱོར་པ་གཉིས་སུ་མི་དམིགས་པའོ། །འབྲིང་གིས་དབྱེར་མེད་བསྲེ་བ་ལ་སེམས་གཏད་པའོ། །ཐམས་ཕུང་པོ་གཟན་དུ་སྐྱུར་བ་ནི་འོག་ནས་བསྟན་ཏོ། །གཉིས་པ་ནི། དེ་རྗེས་རིག་པ་བློ་རྟེན་དང་། །བྲལ་བའི་ཉམས་ནི་སྐྱེ་བར་འགྱུར། །དེ་ནི་རྣལ་འབྱོར་བ་[107]འབྲིང་ལ་སློང་རྟགས་བྱུང་ཚུལ་ཏེ། ཐ་མས་ནི་ཚར་ཚད་ལ་བརྟེན་དགོས་སོ། །གསུམ་པ་བདུད་བཏུལ་བའི་ཐབས་ལ་གཉིས། བདུད་ངོས་བཟུང་བ་དང་། དེ་གཅོད་པའི་གདམས་ངག་གོ། །དང་པོ་ནི། གཉན་སར་ཕྱིན་ནས་ལྷ་འདྲེ་ཡི། །གཟི་བྱིན་བྱུང་ན་བེམ་རིག་ཕྲལ། གཉིས་པ་ལ་གསུམ། །ལུས་ལ་སྙེམས་ཐག་གཅོད་པ་དང་། སེམས་ལ་སྙེམས་ཐག་གཅོད་པ་དང་། རྣམ་རྟོག་བདུད་ལས་སྤྲོ་བའོ། །དང་པོ། ལུས་འདི་བེམ་པོ་རྡོ་བ་འདྲ། །དེ་ལ་གནོད་པར་མི་འགྱུར་རོ། །གཉིས་པ་ནི། སེམས་ནི་དངོས་མེད་ནམ་མཁའ་འདྲ། །དེ་ལ་སུས་གནོད་སུ་ལ་གནོད། །དེ་ལྟར་བསམ་ཏེ་ཆོས་ཉིད་ལ། །ཉམ་ང་བག་ཚ་མེད་པར་བཞག །ལྷ་འདྲེས་རང་ལུས་བེམ་པོ་འདི། །ཁྱེར་ནས་སོང་བ་སྙམ་བྱེད་ཀྱང་། །སྔར་གྱིས་ལས་མ་འགུལ་བས། །གང་ལའང་ཉམ་ང་མི་བྱའོ། །འདི་ནི་དབང་པོ་འབྲིང་དང་ཐ་མའི་ཉམས་ལེན་ཏེ། ཐམས་ཅད་ཀྱང་རི་སྐོར་གྱི་དངོས་གཞི་ལ་དགོས་པ་ཡིན་ནོ། །གསུམ་པ་ནི། རྣམ་པར་རྟོག་པ་གང་སྐྱེས་བདུད། །དེ་ནི་རང་གི་སེམས་ལས་བྱུང་། །སེམས་ལ་བྱུང་ས་གནས་པ་དང་། །འགྲོ་སར་གྲུབ་པ་རྡུལ་ཙམ་མེད། །གྲོལ་ནས་སངས་རྒྱས་འབྱུང་མི་འགྱུར། །འཁྲུལ་ནས་འཁོར་བར་འཁྱམ་མི་སྲིད། །འཁྲུལ་རྟོག་ཐམས་ཅད་སྙེམས་
བྱེད་ཀྱི་བདུད་ཡིན་ལ། དེ་སེམས་ཀྱི་རང་རྩལ་ཡིན་ཅིང་སེམས་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བར་རྟོགས་ན། གྲོལ་འཁྲུལ་ཀྱང་ངོ་བོ་མ་གྲུབ་པ་ས་གཞི་མེད་རྩ་བྲལ་དུ་ལ་བཟླ་བའོ། །དེ་རྣམས་ཀྱིས་ཉམས་སུ་བླང་བའི་གདམས་ངག་ཐམས་ཅད་བསྟན་ཟིན་ཏོ། །རི་སྐོར་ཞིབ་ཏུ་ཁོ་བོས་བྲིས་བའི་དབྱིངས་ཀྱི་རྡོ་རྗེ་ཕ་ལམ་ལ་སོགས་གཞན་དུ་ཤེས་སོ། །གསུམ་པ་ལམ་ཉམས་སུ་བླང་བའི་རིམ་པ་ལ་གསུམ། མཆོག་གི་འབྲས་བུ་དང་། གོལ་ས་སྤང་བ་དང་། སྒྲིབ་པ་བསྟན་པ་དང་། གནས་ལུགས་བསྟན་པ་དང་། ཐུན་མོང་གི་འབྲས་བུ་བསྟན་པའོ། །དང་པོ་ནི། དགེ་སྡིག་ལས་ཀུན་རྣམ་པར་དག །ཡེ་དག་ཡེ་གྲོལ་ཡེ་སངས་རྒྱས། ཐོག་མར་ལམ་ལ་ཞུགས་ནས་བླང་དོར་ལ་བསླབ་པས། དགེ་བ་སྟོབས་འཕེལ་ཞིང་སྡིག་པ་རིམ་གྱིས་འགྲིབ་ནས། ལམ་ལྔས་བཅུའི་ཡོན་ཏན་རྫོགས་ཏེ་ལས་ཐམས་ཅད་རྣམ་པར་དག་པས། སྤངས་དཔྱད་གུམ་ཏུའི་ཡེ་དག །རྟོགས་པ་ཕུན་སུམ་ཚོགས་པ་ཡེ་གྲོལ། དོན་གཉིས་ཕུན་སུམ་ཚོགས་པ་ཡེ་སངས་རྒྱས་པའོ། །ཡང་ཡེ་དག་གཞིའི་གནས་ལུགས། །ཡེ་གྲོལ་ལམ་གྱི་སྦྱང་ཐབས། ཡེ་སངས་རྒྱས་པ་འབྲས་བུའི་འཆར་ཚུལ་ལོ། །གཉིས་པ་ནི། སྡིག་ལ་མི་འཛེམ་གོལ་བས་ཡིན། ཉོན་སྒྲིབ་མ་སྤངས་བར་འབྲས་བུ་མི་ཐོབ་པས་གོལ་སའོ། །གསུམ་པ་ནི། གྲུབ་པའི་མཐའ་ཞེན་སྒྲིབ་པ་ཡིན། འཁོར་གསུམ་དུ་འཛིན་པ་ལྟ་གྲུབ་ཀྱི་མཐར་འཛིན་ཐམས་ཅད་ཤེས་སྒྲིབ་ཏུ་བསྟན་པའོ། །བཞི་པ་ནི། གཉིས་མེད་རང་གྲོལ་གནས་ལུགས་ཡིན། །སྒྲིབ་གཉིས་སྤངས་ནས་དོན་གྱི་གནས་ལུགས་རྟོགས་པ་སྟེ། དེ་གསུམ་གྱི་འབྲས་བུ་ལ་སྒྲོ་འདོགས་གཅོད་པའོ། །ལྔ་པ་ལ་དྲུག །སྤྱིར་ཉམས་ལེན་གྱི་སྔོན་དུ་འགྲོ་བ་དང་། ཉམས་ལེན་གྱི་ཆོས་དང་། རང་གི་བར་ཆད་སེལ་བའི་གདམས་ངག་དང་། གཞན་གྱི་བར་ཆད་སེལ་བའི་ཐབས་དང་། དེ་དག་གི་སྤོག་ཆོག་དང་། སྤྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་སུ་བླངས་བའི་འབྲས་
བུ་བསྟན་པའོ། །དང་པོ་ནི། །ཆོས་ཉིད་ངང་ལས་སྐྱབས་འགྲོ་དང་། གཉིས་པ་ནི། སེམས་བསྐྱེད་གསོལ་བ་གདབ་བར་བྱ། ལམ་ལ་འཇུག་པ་དང་ལམ་བསྒོམ་པ་དང་། གཉན་སར་འགྲོ་བ་དང་། ཐུན་གྱི་ཐོགས་ལ་སྐྱབས་འགྲོ་བྱ་བ་དངོས་གཞི་ལ་ཡང་དོན་དམ་པའི་སྐྱབས་འགྲོ་དང་། བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པར་བྱའོ། །གསུམ་པ་ནི། རང་ལ་བར་ཆད་བྱུང་བ་ན། །གཉན་སར་ཕྱིན་ལ་གཉིས་མེད་བསྒོམ། །ལམ་བསྒོམ་པའི་རྣལ་འབྱོར་པ་ལ་ཉོན་མོངས་པ་དང་། ནད་དང་། གདོན་གྱི་བར་ཆད་གསུམ་པོ་གང་བྱུང་ཡང་། བརྩོན་འགྲུས་འཕེལ་བའི་ཕྱིར་སྤང་བྱ་ངང་གཉེན་པོ་གཉིས་མེད་དུ་བསྒོམ་སྟེ། ལམ་ཁྱེར་རེ་རེ་ལའང་ལམ་ལྔ་དང་སྦྱར་བའི་ཚུལ་ཉམས་སུ་བླང་བས་ལམ་བཅོ་ལྔར་འགྱུར་རོ། །བཞི་པ་ནི། སེམས་ཅན་གཞན་ལ་ཕན་འདོགས་ན། །སྙིང་རྗེ་སྔོན་དུ་འགྲོ་བ་ཡིས། །བདག་དང་ནད་པ་གདོན་དང་ནད། །ཐམས་ཅད་སྟོང་པར་ཤེས་བྱས་ལ། །ཕྱག་ཆག་བྱ་ཞིང་སྟོང་ཉིད་བསྒོམ། །མགོ་བོ་གཏད་ལ་ཉལ་བར་བྱ། ནད་གདོན་གྱིས་ཉེན་པའི་སེམས་ཅན་ལ་ཕན་འདོགས་དགོས་པ་བྱུང་ན། བྱམས་སྙིང་རྗེ་བསྒོམ་པ་སྔོན་དུ་སོང་ནས། བདག་དང་ནད་པ་གདོན་དང་ནད་བཞི་ཀ་སྟོང་ཉིད་དུ་ཤེས་པས་ཕྱག་གིས་ན་སར་ཆག་ཆག་བྱས་ལ། ནད་པ་ལ་མགོ་བོ་གཏད་ལ་ཉལ་བའམ། །ལྷ་འདྲེ་གཏུམ་མོ་གནས་པའི་སར་མགོ་བོ་གཏད་ལ་ཉལ་ཏེ། འདི་ལ་འཁྱམ་གཅོད་དུ་གྲག་གོ །ལྔ་པ་ནི། དེས་ཀྱང་ཞི་བར་མ་གྱུར་ན། །གཉན་སར་སྐྱབས་འགྲོ་སེམས་བསྐྱེད་བྱ། །ལན་གསུམ་འགོང་ལ་མཐའ་བྲལ་བསྒོམ། །མཎྜལ་བཅས་ལ་ཤིང་བུ་དང་། །རྡིལ་བུས་བྱིན་བརླབས་བྱས་ལ་བསྐུར། །རྣལ་འབྱོར་བ་[108]དང་ནད་པ་ལྷན་ཅིག་ཏུ་ཡོད་ན། སྐྱབས་འགྲོ་སེམས་བསྐྱེད་གསོལ་གདབ་ཚོགས་མཆོད་མང་དུ་བྱས་ལ་ནད་པའི་སྟེང་དུ་ལན་གསུམ་འགོང་རྒྱབ་ལ་བརྟུལ་ཞུགས་ཀྱི་སྤྱོད་པ་ཅི་རིགས་བྱ། སློབ་མ་ལོགས་ཤིག་ཏུ་འདུག་ན་
ཚོགས་མཆོད་ཀྱི་སྐབས་སུ། །རྡོལ་བུ་ལ་བྱིན་བརླབས་བྱས་ལ་བསྐུར་ནས་བཀའ་བསྒོ་བྱའོ། །འདིར་རི་ཁྲོད་འགྲིམ་པའི་སློབ་མ་ལ་ལྷ་འདྲེའི་སྲོག་དབང་གི་ཚུལ་དུ་བྱ་བའང་ཡོད་དེ། ལག་ལེན་ནི་ལོག་ཏུ་སྟོན་ནོ། །འདི་རྣམས་ནི་ས་ལ་འབྲས་བུ་ཐོབ་པ་འདི་གེགས་མེད་[109]རག་ལས་པས་འབྲས་བུའི་ཞར་ལ་བསྟན་ཏོ། །དྲུག་པ་ལ་གསུམ། གཉན་ཁྲོད་དུ་གཅོད་བྱས་བའི་གནས་སྐབས་ཀྱི་འབྲས་བུ་དང་། ཆོས་ཉིད་ཀྱི་དོན་བསྒོམ་པས་བདུད་བཞི་ཆོད་པ་མཐར་ཐུག་གི་འབྲས་བུ་དང་། དེ་གཉིས་ཀ་ལས་བྱུང་བའི་ཕན་ཡོན་ནོ། །དང་པོ་ནི། །སྟེང་གི་ལྷ་རྣམས་དམ་ལ་ཐོགས། །འོག་གི་ཀླུ་རྣམས་ཟིལ་གྱིས་གནོན། །ཀླུ་ལ་གང་བཅོལ་ལས་ཀུན་འགྲུབ། །ལྷ་རྣམས་རང་ས་ནས་གྲོགས་བྱེད། །ཀླུ་རྣམས་མ་ལུས་བྲན་དུ་ཁོལ། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་རྣམས་ཀྱིས་བུ་ལྟར་འཚོ། །དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པས། རང་རྒྱུད་ཀྱི་ཉོན་མོངས་པ་དུག་གསུམ་ཆོས་ཉིད་ཀྱི་དབང་དུ་འདུས་པས། དུག་གསུམ་རྒྱས་པའི་སྐྱེ་འགྲོ་ཐམས་ཅད་དབང་དུ་འདུ་ཞིང་དམ་ལ་ཐོགས་ནས་འཕྲིན་ལས་བསྒྲུབ་སྟེ། ལྷ་རྣམས་འདོད་ཆགས་གཙོ་བོར་གྱུར་པ། ཀླུ་རྣམས་ཞེ་སྡང་དང་གཏི་མུག་གཙོ་བོར་གྱུར་པ་སྟེ། འགྲོ་བ་གཞན་དེ་གཉིས་ཀྱི་ཁོང་དུ་བསྡུའོ། །སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་བཞི་དང་། ཡུམ་གྱི་བསྟན་པ་སྲུང་བར་ཁས་བླངས་བའི་དཔལ་མགོན་སྲུང་མ། ལྷ་ཀླུ་རྣམས་ཀྱིས་ཀྱང་སྲུང་བ་དང་སྐྱོབ་པ་དང་སྡོང་གྲོགས་སུ་བྱེད་ལ། རྩ་བ་གསུམ་གྱིས་ཀྱང་བརྩེ་[110]བས་སྐྱོང་བར་འགྱུར་རོ། །གཉིས་པ་ནི། ཐོགས་བཅས་བདུད་ལ་་་ཆོད་པས་ནི། །སྣང་བ་དགྲར་ནི་ལོང་མི་འགྱུར། །ཐོག་མེད་བདུད་ལ་ཆོད་པས་ནི། གདོན་གནོད་སྦྱིན་ཕོ་མོ་དམ་ལ་ཐོགས། །ཡུལ་སྣང་བདེན་མེད་མངོན་སུམ་དུ་རྟོགས་པས། ཡུལ་ལ་བརྟེན་པའི་ཉོན་མོངས་མི་
སྐྱེ་བ་ནི་ཉོན་སྒྲིབ་སྤངས་པ་སྟེ། མཐོང་ལམ་དང་ས་དང་པོའོ། ནང་དུ་ཉོན་མོངས་པ་དག་པས། ཕྱི་ནང་གི་གཉིས་ཆོས་ཐམས་ཅད་ཆོམ་ནས། འཁོར་གསུམ་གྱི་འཛིན་པ་ལས་གྲོལ་བ་ནི་ཤེས་སྒྲིབ་སྤངས་པ་སྟེ། ས་བཅུ་ལམ་ལྔ་མཐར་ཕྱིན་པའོ། །གསུམ་པ་ནི། དེ་ལ་སོགས་པའི་ཡན་ལག་ནི། །དཔག་ཏུ་མེད་པ་འབྱུང་བར་འགྱུར། །མངོན་མཐོ་ལྷ་མིའི་ལམ་དགེ་བ་བཅུ་དང་། །ཐར་པ་བྱང་ཆུབ་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚུལ་བཞིན་ཉམས་སུ་བླངས་པས་གནས་སྐབས་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པ་དང་། མཐར་ཐུག་མངོན་པར་རྫོགས་པར་སངས་རྒྱས་ནས་དོན་གཉིས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ལ་སོགས་པ་ནི། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས་བཤད་པ་ལྟར། འབྲས་བུའི་ཡན་ལག་དཔག་ཏུ་མེད་པ་འདིར་བརྗོད་མི་ནུས་སོ། །རྒྱས་པར་བཤད་པ་སོང་ནས། གསུམ་པ་མཇུག་བསྡུ་བ་ནི། དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིགས་བཅད་ཆེན་མོ་ཞེས་བྱའོ། །བྲམ་ཟེ་ཨཱརྻ་དེ་ཝས་[111]གདམས་པའོ། །གཞུང་ཤེར་ཕྱིན་སྟོང་ཕྲག་བརྒྱ་བའི་[112]དགོངས་དོན། ལམ་ཤེར་ཕྱིན་མངོན་རྟོགས་རྒྱན་ལ་སོགས་པའི་ཟབ་གནད། དོན་ཤེར་ཕྱིན་ཉམས་སུ་ལེན་པའི་མན་ངག་གི་གཞུང་ཚིགས་སུ་བཅད་པ་ལྔ་བཅུ་བ།[113] ཕ་རོལ་ཕྱིན་དྲུག་ལ་སོགས་དོན་རྒྱ་ཆེ་བ་དང་དབྱིངས་རིག་བསྲེ་བ་ལ་སོགས་གནད་ཟབ་མོ་སྟོན་པ། གང་ཟག་གཅིག་མངོན་པར་རྫོགས་པར་སངས་རྒྱས་པར་ནུས་པའི་ལམ་ཚང་བར་སྟོན་
པས་ན་རྫོགས་སོ། །ཞེས་བསྟན་ཏོ། །གཞུང་དོན་ཐམས་ཅད་སོང་ནས། མཇུག་གི་དོན་རྒྱ་གར་གྱི་པཎྜི་ཏ་དམ་པ་རིན་པོ་ཆེས་སྒྲ་རང་འགྱུར་དུ་བསྒྱུར་བ་ལ། ཞྭ་མ་ལོ་ཙཱས་ཞུས་ཏེ་གཏན་ལ་ཕབ་པའོ། །དམ་པ་རིན་པོ་ཆེའི་མཚན་ནི། ཀཱ་མ་ལཱ་ཤཱི་ལ་ཡིན་ལ། གྲུབ་ཆེན་བརྒྱད་ཅུའི་བསྟོད་པ་ལས། སྒྲ་ཚད་ལུང་རིག་མན་ངག་མཁས། །རིག་འཛིན་ཚེ་ཡི་དངོས་གྲུབ་བརྙེས། །ཀཱ་མཱ་ལ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པའོ། །དེ་བོད་དུ་ལན་གསུམ་ཕེབས་པའི་རྟིང་རེས་གཞུང་འདི་སྐྱོ་སྟོན་སྐུ་མཆེད་ལ་གནང་ནས་མ་ཇོ་མོ་གངྒའི་ལྷ་མོའི་སྤྲུལ་པ་དེས་དར་ཞིང་རྒྱས་པར་མཛད་ཀྱང་། གང་ཟག་གི་སྐལ་པ་དང་འཚམ་པར་གཞུང་གི་དགོངས་དོན་ཅི་རིགས་པར་བསྟན་པ་ལས། གཞུང་གི་ཚིག་དོན་ཡོངས་སུ་རྫོགས་པར་གནང་བ་ནི། ཁུ་སྒོམ་ཆོས་སེང་ལས་མ་བྱང་ཞེས་བཤད་དོ། །དེ་ནས་རིམ་པར་བརྒྱུད་པ་ལས་ཟལ་མོ་བྲག་པས་ཉང་གི་ཇོ་སྲས་རིན་ཆེན་གསལ་གྱི་དོན་དུ། གཞུང་གི་དོན་འགྲེལ་དང་ཡིག་སྣ་མང་བར་མཛད་པར་སྣང་ལ། བདག་གི་བླ་མས་འགྲེལ་པ་འབྲིང་དུ་ལོང་བ་མཛད་ཅིང་། ཁོ་བོས་རྒྱས་བསྡུས་གཉིས་བྲིས་པ་ཡིན་ནོ། །འདི་བྲིས་མ་ཡི་འཕྲིན་ལས་བསྒྲུབས་བྱས་ཤིང་། །མཁའ་འགྲོའི་ལུང་བསྟན་བསླུ་བ་མེད་པར་ཡང་། །བླ་མའི་ཐུགས་དགོངས་ཡོངས་སུ་རྫོགས་བགྱིས་ཏེ། །བདག་ཉིད་ལྷག་བསམ་རྣམ་པར་དག་པས་སོ། །བདེན་པ་
དེ་དང་ཕྱོགས་བཅུ་དུས་གསུམ་གྱི། །གང་ཟག་བཞི་ཡི་བསོད་ནམས་ཉིན་བྱེད་རྣམས། །ཆོས་དབྱིངས་དག་པའི་མཁའ་ལ་རབ་འཕགས་ནས། །མཐའ་ཡས་སེམས་ཅན་བློ་མུན་སེལ་ཕྱིར་སྦྱིན། །དག་ཀྱང་ཀུ༷ན་མཁྱེན་རྒྱ་མཚོར་མ་ཆུད་བར། །ཚོགས་གཉིས་དག༷འ་བདེའི་ཆུ་རྒྱུན་འཕེལ་བ་དང་། །དོན་གཉིས་བདུད་རྩིའི་དཔ༷ལ་དང་ལྡན་པ་ཡིས། །མ་ལུས་འགྲོ་བ་ཚིམ་པའི་འབྱོར༷་བར་ཤོག །།
༄༅། །སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ༎
༄༅། །ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ་བཞུགས་སོ༎
༄༅། ཁྲིད་བརྒྱའི་སྤྱི་ཆིངས་རྣམ་པར་སྤེལ་བ་ངོ་མཚར་ཆོས་ཀྱི་སྒོ་མང་ཞེས་པ་སྣང་། །
༄༅། །དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ཡན་ལག་དྲུག་གི་འགྲེལ་པ་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས་སོ༎ ༎ ཤ་བ་རིའི་གཞུང་ཆུང་གི་འགྲེལ་པའོ།
༄༅། །མ་མོ་གསང་བ་ལས་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ༎
༄༅། །སློབ་དཔོན་པདྨ་སཾ་བྷཱ་བའི་ཐུགས་དམ་མངའ་བདག་བཙད་པོ་ལ་གནང་བའོ།།
༄༅། །ཡེ་ཤེས་མཁའ་འགྲོ་ནི་གུ་མའི་ཆོས་དྲུག་གི་ཁྲིད་ཀྱི་གནད་ཡིག་སྙིང་པོ་ཀུན་འདུས་ཞེས་བྱ་བ་བཞུགས་སོ༎ ༎
༄༅། །དུས་འཁོར་ལྷ་དགུའི་སྒྲུབས་ཐབས་རྒྱས་པ་བཞུགས་སོ༎ ༎
༄༅།གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྫོགས་རིམ་རིན་ཆེན་ཕྲེང་བ་རྩ་འགྲེལ་བཞུགས་སོ། ༎
༄༅། །ནི་གུའི་ཡན་ལག་ཕྱག་ཆེན་གའུ་མའི་ཁྲིད་བཞུགས་སོ༎ ༎
༄༅། །ཆོས་རྗེ་འབྲུག་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་བཞུགས་སོ༎ ༎
༄༅། །སློབ་དཔོན་ནག་པོ་སྤྱོད་པས་མཛད་པའི་གཏུམ་མོ་ལམ་རྫོགས་བཞུགས་སོ༎ ༎
༄། །བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་བསྡུས་དོན་གྱི་ཚིགས་སུ་བཅད་པ་བཞུགས་སོ༎ ༎
༄༅། །གཅོད་བཀའ་ཚོམས་ཆེན་མོའི་ས་བཅད་བཞུགས་སོ༎ རྗེ་རང་བྱུང་རྡོ་རྗེས་མཛད་པ༎
༄༅། །གཅོད་བཀའ་ཚོམས་ཆེན་མོའ་ས་བཅད་བཞུགས་སོ།། རྗེ་རང་བྱུང་རྡོ་རྗེས་མཛད་པ།།
༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །བདུད་ཀྱི་གཅོད་ཡུལ་བཀའ་ཚོམས་ཆེན་མོ་འདི་ལ་གསུམ་ལས། ཀླད་ཀྱི་དོན་དང་། །གཞུང་དང་། མཇུག་གོ །གོང་མ་ལ་གསུམ། ཕྱག་འཚལ་བ།(མི་སྨྲ་) ན་ཚན་བསྟན་པ།(གཅོད་ཀྱི་) མདོར་བསྟན་པ་(དགའ་ལ་)དང་གསུམ་མོ། །གཉིས་པ་གཞུང་གི་དོན་ལ་གཉིས། མདོར་བསྟན་པ།(བདུད་ལ་) རྒྱས་པར་བཤད་པའོ། །འདི་ལ་གསུམ། །བདུད་བཞི་བྱེ་བྲག་ཏུ་བསྟན་པ་དང་། དཔེས་བསྟན་པ་དང་། དཔེ་དང་བྲལ་བར་བསྟན་པའོ། །ཐོག་མ་ལ་བཞི། ཐོགས་བཅས་ཀྱི་བདུད། ཐོགས་མེད་ཀྱི་བདུད། དགའ་བྲོད་ཀྱི་བདུད། སྙེམས་བྱེད་ཀྱི་བདུད་དོ། །དང་པོ་ལ་གཉིས། བདུད་(ཐོག་བཅས་)རང་ལས་བྱུང་བ་ངོས་བཟུང་བ་དང་། དེའི་ངོ་བོ་སྟོང་པར་(གཟུགས་ནི།)གཏན་ལ་དབབ་པའོ། །ཐོག་མེད་ལ་གཉིས། བྱུང་ཚོར་ངོས་བཟུང་བ་དང་། རྟོགས་པ་(ཆོས་དབྱིངས་)ཤར་བས་རང་གྲོལ་དུ་བསྟན་པའོ། །དགའ་བྲོད་ལ་གཉིས། མདོར་(དགའ་བྲོད་) བསྟན་པ་དརདང། རྒྱས་པར་བཤད་པའོ། ཐོགས་མེད་
འདི་ལ་གཉིས། ཐུན་མོང་དང་། མཆོག་གོ །དང་པོ་ལ་གཉིས། ཡོན་ཏན་(གཉན་སར་འདྲེ་ཡིས་)ལ་ཆགས་ན་ལམ་བདུད་ཡིན་པ་དང་། རྨི་ལམ་ལྟ་བུར་བསྟན་པའོ། །མཆོག་ལ་གཉིས། །མགོན་ལམ་བདུད་དུ་བསྟན་པ་དང་། བློས་བྱས་བདུད་དུ་བསྟན་པའོ། །དང་པོ་ལ་གཉིས། བདུད་ངོས་བཟུང་བ་དང་། བརྡ་ཡོན་ཏན་རུ་ཤེས་ན་གྲོལ་བའོ། །ངོས་བཟུང་བ་ལ་གཉིས་ལས། མདོར་(མཆོག་གི་)བསྟན་པ་དང་། རྒྱས་པར་(སྤྲོས་བྲལ་)བཤད་པའོ། །གཉིས་པ་ལ་བཞི། རང་ཤར་(ལྟ་བསྒོམ་)ལ་བལྟ་བྱ་ལྟ་བྱེད་མེད་པ་དང་། བསྒོམ་པ་བསྒོམ་(ཀུན་ཀྱང་)མཁན་མེད་པ། ཤུག་བྱུང་རང་གི་བལྟ་བ་ཟིན་ན། སྤྱོད་པ་ཟིན་ན་སྤྱོད་པ་རང་གི་རོལ་པ་ཡིན་པ་ཉམས་(ཉམས་སུ་)མྱོང་བློ་ལས་འདས་པའོ། བློས་བྱས་བདུད་དུ་བསྟན་པ་ལ་གཉིས། འདོད་པ་དང་སྤྱོད་བཅས་(མཆོག་གི་བདུད་)འབྲས་བུའི་བདུད་དང་། རང་ཡིན་པར་(ལུས་ངག་ཡིད་གསུམ་)རྟོགས་ན་བསྒྲུབ་ཏུ་མེད་པའོ། །སྙེམས་བྱེད་ཀྱི་བདུད་ལ་གཉིས། མདོར་བསྟན་པ། (བདུད་ལ་)རྒྱས་པར་བཤད་པའོ། །དེ་ལ་གསུམ།
ཐོགས་བཅས་ཀྱི་བདུད་སྙེམས་བྱེད་དུ་འདུས་པ་དང་། ཐོགས་མེད་ཀྱི་བདུད་སྙེམས་བྱེད་དུ་འདུས་པ་དང་། དགའ་བྲོད་ཀྱི་བདུད་སྙེམས་བྱེད་དུ་འདུས་པ་དང་གསུམ་མོ། །ཐོག་མ་ལ་གཉིས། །ལྟ་བས་མ་ཟིན་(དངོས་པོའ་ཡུལ་)ན་དངོས་པོ་བདུད་དུ་བསྟན་པ་དང་། རྩ་བྲལ་དུ་(དངོས་སུ་)ཤེས་ན་ཀུན་གྲོལ་དུ་བསྟན་པའོ། །གཉིས་པ་ལ་ལྔ། རྩ་བ་སྙེམས་བྱེད་ལས་བྱུང་བའི་བདུད་(ཐོགས་མེད་)ལྔ་ངོས་བཟུང་བ་དང་། སྙེམས་བྱེད་(ཞེ་སྡང་རང་)གྲོལ་ན་རིགས་དྲུག་ལས་ཐར་ཞིང་ཡེ་ཤེས་ལྔ་རྟོགས་པ་དང་། དཔེའི་སྒོ་(དེ་ཡང་)ནས་ཡ་ང་མེད་པ་དང་། རྟོགས་ཀྱང་མ་བཅད་ན་འཆིང་བ་དང་། སྙེམས་བྱེད་ཆོད་ན་སངས་རྒྱས་པའོ། །གསུམ་པ་ལ་གཉིས། ཐུན་མོང་དང་། མཆོག་གོ །ཐུན་མོང་ལ་གཉིས། དངོས་གྲུབ་ལ་ཆགས་(དགའ་བྲོད།)ན་བདུད་ཡིན་པ་དང་། མ་རྟོགས་ཀྱང་། ཆགས་ན་རྒྱན་ཡིན་པའོ། ཨེ་མ་ཧོ། །མཆོག་ལ་གཉིས་ཏེ། བྲོད་པ་(སྐུ་གསུམ་)བདུད་དུ་བསྟན་པ་དང་། དེ་ཤེས་(འཁོར་བ་རང་)ན་སྙོམས་བྱེད་མེད་པའོ། །སྤྱི་དོན་གཉིས་པ་དཔེའི་སྒོ་ནས་བསྟན་པ་ལ་ལྔ་ལས། དཔེས་བཤད་པ་དང་། །ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ། །དང་པོ་ལ་གཉིས། རྒྱུད་(དཔེ་ཡིས་)ལ་མ་ཁེལ་ན་འཆིང་བ། རང་གིས་(འབྲི་བཟང་)རྟོགས་ན་གཞན་ལ་ཕན་པའོ། །ལྟ་བ་ལ་གཉིས། བདུད་(ཁྱུང་ཆེན།)རྩ་བྲལ་དུ་རྟོགས་པར་བྱེད་པ་དང་། དེ་ལྟར་ཤེས་པས་(རྩ་བྲལ་)ཆོད་པའོ། །བསྒོམ་པ་ལ་གསུམ། དཔེའི་(བཞག་ཐབས་)སྒོ་ནས་བསམ་དུ་མེད་པ། མ་བཅོས་(བཅོས་བསླད་)ལྷུག་པར་བཞག་པ་དང་། དྲན་རྟོགས་(རིག་པ་རང་ལུགས)བདེན་མེད་དུ་ཤེས་པས་མྱ་ངན་ལས་འདས་པའོ། །སྤྱོད་པ་ལ་གཉིས། །ཉོན་མོངས་(སྤྱོད་པ།) དང་བྲལ་བའི་བརྟུལ། ཤུགས། སྤྱོད་པ་ཀློང་དུ་གྱུར་པས་ཐམས་ཅད་གྲོགས་སུ་བསྟན་པའོ། །འབྲས་བུ་ལ་གཉིས། དོན་རྟོགས།(འབྲས་བུ་) པས་བསྒྲུབ་ཏུ་
མེད་པ་དང་། བདག་(སྙེམས་པ་)སངས་རྒྱས་སུ་ངེས་པའོ། །སྤྱི་དོན་གསུམ་པ་དཔེ་དང་བྲལ་བར་བསྟན་པ་ལ་ལྔ། རིག་པ་འཁྲུལ་པ། མ་རིག་པ་ཡེ་ཤེས། མ་བྱས་པ་གཞི། །མི་བྱེད་པ་ལམ། མ་གྲུབ་པ་འབྲས་བུའོ། །དང་པོ་ལ་གཉིས། རང་བཞིན་(རིག་མེད་)འཁྲུལ་པ་དང་། གྲུབ་མཐའ་(དབྱེར་མེད་)ལ་ལྟོས་ཏེ་འཁྲུལ་པའོ། །གཉིས་པ་ལ་གཉིས། གཏི་མུག་(དེ་བས་)ཡེ་ཤེས་སུ་བསྒྱུར་བ། ཅི་ཤར་(རིག་པ་)རང་བྱུང་དུ་བསྟན་པའོ། །གསུམ་པ་ལ་གཉིས། སངས་རྒྱས་(ཡང་དག)ཀྱིས་མ་བྱས་པ། འཇིག་རྟེན་ལས་མི་རྟོགས་པའོ། །བཞི་པ་ལ་གཉིས། མུ་བཞི་(མ་བྱས་)བདེན་མེད་དུ་རྟོགས་པ། དོན་རྟོགས་པས་(གཟུགས་གིསཀྱིས་ངང་ཚོར་)འཁོར་བ་ལས་གྲོལ་བའོ། །ལྔ་པ་ལ་བཞི། བློ་ཆུང་བ་(མ་གྲུབ་)ལ་ དྲང་ཐབས་མ་བྱས་འདུས་མ་བྱས་སུ་བསྟན་པ། གྲུབ་རྒྱུ་(ཟུར་ན་)དོན་མེད་པ་དང་། བློ་མ་(ཆོས་ཀྱི་)གྲོལ་ན་དོན་མེད་པ་དང་། འཛིན་མེད་(ལུས་ལ་)རྟོགས་ན་སྐུ་གསུང་ཐུགས་སུ་བསྟན་པའོ། །མཇུག་གི་དོན་ལ་ཡང་གཉིས། མཚན་(ཨེ་མ་ཧོ།)དོན་གྱི་སྒོ་ནས་བསྟན་པ་རང་། ཉམས་སོ། །དེ་ལ་བཞི། བློ་(ནན་ཏན།)དང་བྲལ་བའི་ཉམས་དང་། གདམས་(གཉན་ས་ལ་སོགས།)པ་ཁྱད་པར་ཅན་དང་། ཁལ་(རྐྱེན་སྣང་)དུ་ཁེལ་ན་ལྟ་བ་ཡིན་པ་དང་། གཉན་ས་(གཉན་སར་)འགྲིམ་པ་གལ་ཆེ་བའོ། །བཀའ་ཚོམས་ཆེན་མོའ་བསྡུས་དོན་རྫོགས་སོ།། ༈ །།གཅོད་ཀྱི་ཌཱི་ཀ། བཞུགས་སོ། །ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །སྤྲོས་པ་ཉེར་ཞི་ཞི་བ་འདུས་མ་བྱས། །འགག་མེད་ཐུགས་རྗེའི་ཐུགས་ལ་ཕ་རོལ་ཕྱིན། །རྒྱས་པའི་བད་ལྟར་རྣམ་རྒྱས་སྐྱོན་མི་མངའ། །འགྲོ་ལ་ཐུགས་བརྩེ་ཐུབ་དབང་སྲས་བཅས་འདུད། །བརྗོད་མེད་དབྱིངས་ལས་མིང་དང་ཡི་གེའི་ཚོགས། །རྣམ་འཕྲོས་བརྒྱད་ཁྲི་བཞི་སྟོང་གསུང་གི་མཛོད། །ཀུན་གྱི་
སྙིང་པོ་ཕ་རོལ་ཕྱིན་པ་ཡི། །ཉམས་ལེན་རྣམ་རྟོག་གཅོད་པའི་ཡི་གེ་བརྩམས། རྒྱལ་བ་སྲས་དང་བཅས་པའི་བཀའ་དང་། དེའི་རྣམ་འཕྲུལ་འཇིག་རྟེན་དུ་དཔག་ཏུ་མེད་པ་བྱོན་པ་རྣམས་ཀྱིས་བསྟན་བཅོས་དང་གདམས་པའི་ཚོགས་ཅི་སྙེད་ཅིག་བཤད་ཀྱང་། ཐེག་པ་ཆེ་ཆུང་རྣམས་སུ་འདུས་ཤིང་། །དེ་ལས་ཀྱང་ཐེག་པ་ཆེན་པོའོ། །མདོ་སྡེ་དང་རྒྱུད་སྡེའི་དགོངས་པ་གཉིས་ལས། ཀུན་གྱི་མཐར་ཐུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ཉམས་སུ་བླངས་པའི་ཚུལ་གཉིས་ལས་ལེགས་པར་སྦྱངས་ཤིང་ལུང་དང་རིགས་པའི་སྒོ་ནས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་གཏན་ལ་དབབ་པ་དང་། ནང་དུ་འཇོག་པ་ལ་བརྟན་ནས་གཟུགས་སོགས་ཀྱི་སྣང་བདེན་སྒྱུ་མར་བཤིག་པའི་ཚུལ་དང་། གཉིས་ཀ་ལ་བོགས་འདོན་ཡུལ་ཡུལ་ཅན་གཉིས་མེད་དུ་བསྲེ་བར་བྱེད་པ་ནི་ཕ་རོལ་ཏུ་ཕྱི་ནས་གཅོད་ཀྱི་གདམས་ངག་ཡིན་ནོ། །དེ་ལ་གཉིས། །ཅི་ལྟར་བྱུང་བའི་ལོ་རྒྱུས་དང་། གདམས་པ་དངོས་སོ། །དང་པོ་ནི་བརྒྱུད་པའི་ཚུལ་གསུམ་དང་། མ་ཅིག་ལ་སོགས་པ་རྣམས་ཀྱི་ལོ་རྒྱུས་གཞན་དུ་ཤེས་པར་བྱའོ། །གཉིས་པ་གདམས་པ་ནི། གསུམ་ལས། བདེ་གཤེགས་བཀའ་མ་བརྒྱུད་པའི་གདམས་ངག་དང་། བྱིན་རླབས་དབང་བསྐུར་གྱི་བརྒྱུད་པའི་གདམ་ངག་དང་། ལུང་བསྟན་གྱི་བརྒྱུད་པའི་གདམས་ངག་གསུམ་ལས། དང་པོ་ནི་མ་ཅིག་ཉིད་ཀྱི་ཐུགས་ཉམས་སུ་བྱོན་པའི་ཡི་གེར་བཀོད་པ་རྣམས་ཡིན་ཏེ། དེ་ལ་བཞི་ལས། ཕྱི་བཀའ་ཚོམས་ཞི་བ་རྒྱས་སུ་བཤད་པ་དང་། ནང་ངོ་སྤྲོད་ལེ་ལག་ཏུ་གདབ་པ་དང་། དོན་གནད་ཐེམ་ཁོང་ཁོལ་དུ་བསྟན་པ་དང་། གསང་བ་བརྡ་ཆོས་ལ་བརྡར་བསྒྱུར་བའོ། །དེ་རྣམས་ལ་མཆོག་ཏུ་གྱུར་པ་བཀའ་ཚོམས་ཆེན་མོ་འདི་ལ་གསུམ་ལས། ཀླད་དང་། གཞུང་དང་། མཇུག་གོ །དང་པོ་ནི་གསུམ་ལས། ཚིག་རྐང་པ་གཉིས་ཀྱིས་ཕྱག་འཚལ་བ་བསྟན་ཏེ། དེ་ཡང་མི་སྨྲ་ཞེས་བྱ་བ་ལ་སོགས་
པ་སྨོས་ནས། དོན་སྤྲོས་བའི་མཐའ་དང་བྲལ་བར་སྟོན་པ་ཡིན་ཏེ། གང་འཕགས་པ་རྣམས་ཀྱིས་མངོན་སུམ་དུ་གྱུར་པ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་བདག་ཉིད་ཅན་ནི། །བརྗོད་པར་མི་འགྱུར་ལ། སོ་སོའ་སྐྱེ་བོ་རྣམས་ཀྱིས་བསམས་པས་རྗེས་སུ་དཔག་པར་མི་ནུས་བའི་ཕྱིར། ཡུལ་ཡུལ་ཅན་ལས་འདས་པ་སྟེ། དམིགས་པའི་སྒྲིབ་གཡོགས་ཅན་ཐམས་ཅད་ཀྱིས་དབེན་པའི་བདག་ཉིད་ཅན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དེ་ཉིད་ལ་ཕྱག་འཚལ་བ་ཡིན་ཏེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་དང་དབྱེར་མེད་པའི་ཕྱིར་རོ། །གཉིས་པ་ནི། གཅོད་ཀྱི་བཀའ་ཚོམས་ཞེས་པས། མཚན་ཐོག་མར་སྨོས་པའོ། །གསུམ་པ་ནི། འགའ་ལ་ཕན་ཕྱིར་ཞེས་པ་ལ་སོགས་ཚིག་རྐང་པ་ལྔས། བཤད་པར་དམ་བཅའ་ཞིང་། མདོར་བསྟན་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རྩ་བ་བདེན་མེད་ཡིན་ལ། དེ་རྟོགས་པར་བྱེད་པ་ལ་སྒྲིབ་པ་གཉིས་སྤངས་དགོས་ཤིང་། སྒྲིབ་བྱེད་ཀྱི་རྩ་བ་ཀུན་གཞི་ལས། རྣམ་པར་རྟོག་པས་ཉིང་འཁྲུལ་དང་སུམ་འཁྲུལ་དུ་རྟོག་སྟེ། གཟུགས་ལ་སོགས་པའི་ཡུལ་བདེན་པར་རིག་པ་ལས་ཞེན་ཅིང་ཆགས་པས། དོན་བདེན་མེད་ལ་སྒྲིབ་པའི་བདུད་དུ་གྱུར་པ་ཡིན་ཏེ། དེ་ཡང་སེམས་ཡེ་ནས་སྟོང་ཞིང་། རང་བཞིན་གྱིས་འོད་གསལ་བ་དེ་ལ་གནས་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་དང་ཁྱད་པར་མེད་དེ། མདོ་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་བའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། ཐོག་མ་ནི་སེམས་རང་རིག་རང་
གསལ་ཆོས་ཀྱི་སྐུ་དེ་ལ། སྒྲིབ་བྱེད་ཀྱི་བདུད་དེ་གང་ཡིན་ཞེ་ན། ཐོགས་བཅས་དང་། ཐོགས་མེད་དང་། དགའ་བྲོད་དང་། སྙེམས་བྱེད་དེ། བཞི་པོ་ཡང་རྩ་བ་སྙེམས་བྱེད་ལས་བྱུང་ཞེས་པའོ། །རྒྱས་པར་བཤད་པ་ལ་རྣམ་པ་གསུམ་ལས། སྐྱེས་བུ་ལས་དང་པོ་རྣམས་ལ་བདུད་བཞི་བྱེ་བྲག་ཏུ་བསྟན་ནས་ཉམས་སུ་བླང་པ་དང་། གཉིས་པ་དཔེའི་སྒོ་ནས་བདེན་མེད་དུ་སྤྱད་པ་དང་། གསུམ་པ་དཔེ་དང་བྲལ་བའི་ཉམས་ལེན་བསྟན་པ་ཡིན་ཏེ། འདི་དག་ཀྱང་ལམ་རྣམ་པ་ལྔ་དང་སྦྱར་བར་བྱའོ། །ཐོག་མ་ལ་བཞི་ལས། ཐོག་བཅས་ཀྱི་བདུད་འདི་ལ་གཉིས་ལས། བདུད་རང་ལས་བྱུང་བ་ངོས་བཟུང་བ་ནི། ཐོགས་བཅས་ཞེས་པ་ལ་སོགས་ཚིག་རྐང་བ་བཞི་སྟེ། གཟུགས་སོགས་དབང་ཤེས་ཀྱི་ངོས་སུ་སྣང་བ་རྣམས་དང་། དགག་བསྒྲུབ་དང་བཅས་པས་འཁོར་བར་བཅིངས་ཞེས་སོ། དེའི་ངོ་བོ་སྟོང་པར་གཏན་ལ་འབེབ་པ་ནི། གཟུགས་ནི་ཞེས་པ་ལ་སོགས་པ་ཚིག་རྐང་པ་བཅུ་དྲུག་གིས་བསྟན་ཏེ། གཟུགས་སོགས་ཀྱི་སྣང་བ་གྲུབ་པའི་ཚེ་ན། དེའི་ངོ་བོ་རང་བཞིན་སྟོང་པར་རིག་པས་བརྟག་ན་ཡང་གྲུབ་ལ། ལུང་ལས་ཀྱང་། གཟུགས་སྟོང་བའོ་ཞེས་པ་དང་། བཅོམ་ལྡན་འདས་ཀྱིས་གཟུགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་སྟོང་པ་ཉིད་དུ་གཏན་ལ་ཕབ་པས། དེ་ལྟར་གཟུགས་སོགས་བདེན་མེད་དུ་བསྒོམས་པས། དངོས་པོར་རྟག་འཛིན་སྤངས་ཏེ། སྟོང་ཡང་ཡིད་ལམ་བྱས་པས། ཆད་པའི་ཐ་སྙད་དང་བྲལ་བའོ། །དེ་ལྟ་བུའི་བདེན་མེད་ལ་གཟུགས་སོགས་ཀྱི་སྣང་བ་ཙམ་དགག་ཏུ་མ་བཏུབ་ཀྱང་། སྣང་བ་རང་བཞིན་མེད་པར་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་བསྒོམས་པ་ནི་ལམ་གྱི་མཆོག་ཡིན་ཏེ། འཕགས་པ་ལས། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་དང་བྲལ་བའོ། །དེ་བཞིན་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི།
རྣམ་པར་ཤེས་པའི་ངོ་བོ་ཉིད་དང་བྲལ་བའོ། །ཞེས་གསུངས་པས། །རྣམ་རྟོག་རང་འགག་སུ་བཏང་ཞིང་བསྒོམ་པ་ཡིན་ནོ། །རྣམ་པར་རྟོག་པ་ནི་ཐོགས་མེད་ཀྱི་བདུད་ཡིན་ཡང་། འཁྲུལ་པའི་བློས་ཞེན་པས་ཨ་འཐས་སུ་གྱུར་པ་ནི་ཐོགས་བཅས་ཡིན་པར་འདི་དག་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བསྒྱུར་ཅིག་ཅེས་པའོ། །གཉིས་པ་ཐོག་མེད་ཀྱི་བདུད་ལ་གཉིས་ལས། བྱུང་ཚོར་ངོས་བཟུང་བ་ནི། ཐོགས་མེད་ཞེས་པ་ལ་སོགས་ཚིག་རྐང་པ་དགུ་སྟེ། །ཡིད་ཀྱི་རྣམ་ཤེས་ལས་བྱུང་བའི། །བྱུང་ཚོར་བཟང་ངན་རྣམས་ཡིན་ནོ། །ཞེས་སོ། །དེ་དག་ཀྱང་རྟོགས་ན་རང་གྲོལ་དུ་འགྱུར་བ་ནི། ཆོས་དབྱིངས་ཀློང་ཆེན་ལ་སོགས་ཚིག་རྐང་བཅུ་སྟེ། སེམས་ཉིད་ཀྱི་དབྱིངས་ལས་རྣམ་པར་རྟོག་པ་ཆུ་རླབས་ལྟ་བུ་རྣམས་ཀྱང་། གོང་དུ་བཤད་པ་ལྟར་དགག་བསྒྲུབ་མེད་པར་རང་རིག་རང་གསལ་གྱི་ངང་ལ་མཉམ་པར་བཞག་པས་གྲོལ་བར་འགྱུར་ཞེས་པའོ། །དགའ་བྲོད་ཀྱི་བདུད་ལ་གཉིས་ལས། མདོར་བསྟན་པ་ནི། དགའ་བྲོད་ཅེས་པ་ལ་སོགས་པའི་ཚིག་རྐང་པ་གསུམ་སྟེ། ཐུན་མོང་དང་མཆོག་གི་བདུད་གཉིས། རང་རིག་འཁྲུལ་པ་ལས་བྱུང་བ་ཡིན་ནོ། །རྒྱས་པར་བཤད་པ་ལ་གཉིས་ལས། ཐུན་མོང་དང་། མཆོག་གོ །དང་པོ་ལ་གཉིས་ལས། ཡོན་ཏན་ལ་ཆགས་ན་ལམ་བདུད་ཡིན་པ་ནི། གཉན་སར་ཞེས་པ་ལ་སོགས་ཚིག་རྐང་པ་བརྒྱད་དེ། དེ་ཡང་བླ་མའི་གདམས་ངག་ཉམས་སུ་བླངས་ནས། རྐྱེན་ཕྲའུ་ལམ་དུ་སློང་བ་ལས། རློམ་སེམས་སྐྱེ་བ་དང་། གཞན་ཡང་གཡེང་བ་ལ་སོགས་པའི་བྱང་ཆུབ་ཀྱི་གེགས་སུ་འགྱུར་བ་ཐམས་ཅད་བདུད་དུ་བསྟན་པའོ། །རྨི་ལམ་ལྟ་བུར་བསྟན་པ་ནི། ཡོན་ཏན་ཅེས་པ་ལ་སོགས་པའི་ཚིག་རྐང་པ་བཅུ་གཅིག་གིས། གོང་གི་བདུད་དེའི་སྐྱོན་སེལ་ཞིང་། གཉེན་པོ་ཡང་བདེན་མེད་དུ་སྟོན་པར་བྱེད་པ་ཡིན་ཏེ། ཐུན་མོང་གི་
ཡོན་ཏན་ཕྲའུ་གང་ལ་ཡང་། ཡུལ་སེམས་གཉིས་མེད་དུ་བཤིག་པའི་ཤེས་རབ་ཀྱི་བློས་ཞེན་པ་མེད་པར་བྱ་སྟེ། རྨི་ལམ་དང་། བཞིན་བཟང་གི་སྙིམ་པ་ཆུས་བཀང་བ་ལྟར། ཡོན་ཏན་གྱི་རྣམ་པ་ལ་སོགས་པ་རྣམས་ཀྱང་། རང་གི་རྣམ་པར་རྟོག་པ་བསྡུས་པ་ཡིན་ཏེ། རློམས་སེམས་བསྐྱེད་པར་མི་བྱའོ། །དེ་བཞིན་དུ་སྡུག་བསྔལ་གྱི་རྣམ་པ་ཅི་སྙེད་པའང་ཤེས་པར་བྱས་ལ། ཤེས་ནས་ཀྱང་ཐད་ཀར་བཅད་པར་བྱའོ། །འདི་ཡན་ཆོད་ནི། ཚོགས་ལམ་ཉམས་སུ་ལེན་པར་བྱེད་པ་རྣམས་ཀྱི་བོགས་འདོན་གྱི་གདམས་པ་ཡང་དག་པར་བསྟན་ཏོ། །མཆོག་ལ་གཉིས། མགོན་ལམ་བདུད་དུ་བསྟན་པ་དང་། བློས་བྱས་བདུད་དུ་བསྟན་པའོ། །ཐོག་མ་ལ་གཉིས་ལས། བདུད་ངོས་བཟུང་བ་ལ་ཡང་གཉིས་ལས། མདོར་བསྟན་པ་ནི། ཚིག་རྐང་པ་གཉིས་དང་། རྒྱས་པར་བཤད་པ་ནི། ཚིག་དང་ང་དྲུག་སྟེ། དེ་ཡང་མཆོག་ཅེས་པས། སྤྲོས་བྲལ་དུ་བལྟ་བ་དང་། མཉམ་ཉིད་དུ་བསྒོམ་པ་དང་། རྟོག་མེད་དུ་སྤྱོད་པ་དང་། ཉམས་ལེན་མྱོང་ཆ་དང་བཅས་པར་འཛིན་པ་ནི། ཡུལ་སེམས་གཉིས་མེད་དུ་མ་ཤེས་པར། བདག་མེད་རྟོགས་པར་བྱེད་པའི་ལམ་ཁྱད་པར་ཅན་དུ་མི་འགྱུར་ཏེ། འཛིན་པ་དང་བཅས་པའི་ཕྱིར་རོ། །གཉིས་པ་བརྡ་རུ་ཤེས་ན་གྲོལ་བ་ལ་བཞི་ལས། རང་ཤར་ལ་བལྟ་བྱ་ལྟ་བྱེད་མེད་པ་ནི། ལྟ་བསྒོམ་ཞེས་པ་ལ་སོགས་པའི་ཚིག་རྐང་པ་དྲུག་སྟེ། དེ་ཡང་དབང་པོ་རྣོན་པོའ་རྟེན་གྱི་གང་ཟག་འགའ་ཞིག་ལ། ལྟ་བསྒོམ་པའི་བྱེ་བྲག་དཔག་ཏུ་མེད་པ་བཤད་པ་རྣམས་ཀྱང་དོན་དམ་པར་ཡིད་ལ་བྱར་མེད་པ་ཡིན་པས། །ཨ་འཐས་ཀྱི་བློ་ཡང་སྤང་ཞིང་། མ་འགགས་པའི་རྩལ་སྣང་བ་བདེན་མེད་དུ་རྒྱས་བཏབ་པ་ནི་གཅོད་ཀྱི་མཆོག་ཡིན་ནོ། །དེ་ལྟར་དུ་ཡང་། རྒྱས་པ་ལས། གཟུགས་ཡིད་ལ་མི་བྱེད་ཅེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡིད་ལ་མི་བྱེད་པར་
གསུངས་པའི་ཕྱིར་རོ། །གཉིས་པ་བསྒོམ་པ་སྒོམ་མཁན་མེད་པ་ནི། ཀུན་ཀྱང་རང་བྱུང་ཞེས་པ་ལ་སོགས་པ་ཚིག་རྐང་པ་བཅུ་སྟེ། གོང་དུ་སྨོས་པ་ལ་སོགས་པ་ཀུན་ཀྱང་རང་སེམས་ཡིན་པས། གཉེན་པོ་རྩལ་བཅས་ཀྱིས་བསྒོམ་དུ་མེད་ལ། །ལྷང་ངེ་ལྷན་ནེ་ལ་སོགས་པ་བསམ་གཏན་གྱི་བྱེ་བྲག་ཀྱང་། ཆུ་དང་མར་ལ་སོགས་པའི་དཔེས། བསྒོམ་བྱ་སྒོམ་བྱེད་གཉིས་མེད་དུ་བསྟན་པའོ། །གསུམ་པ་ཤུགས་འབྱུང་གི་ལྟ་བས་ཟིན་ན། སྤྱོད་པ་རང་གི་རོལ་པ་ནི། རང་སྤྱོད་ཞེས་པ་ལ་སོགས་པ་ཚིག་རྐང་པ་དྲུག་གིས། བདེན་མེད་ཀྱི་དོན་ལ་ཆེད་དུ་གཉེར་བའི་སྤྱོད་པས་སྤྱད་དུ་མེད་ཅིང་། ཉམས་ཀྱི་སྣང་བ་ཨ་འཐས་ཀྱི་གཉེན་པོས་བཟུང་དུ་མེད་དེ། རང་གྲོལ་དུ་མགོན་འཆིང་བའི་ཕྱིར་རོ། །གཉེན་པོ་བཅུག་ཀྱང་རང་གྲོལ་དུ་གྱུར་ན་ནི། གང་ཡང་བཀག་པ་མེད་མོད་ཀྱིས། འོན་ཀྱང་མ་རྟོགས་པའི་སྤྱོད་པ་མི་བྱ་སྟེ། འདིའི་བཞེད་པས་ཉོན་མོངས་པ་ལ་སོགས་པའི་རྣམ་རྟོག་ལ། གཉེན་པོ་སྟོབས་ཅན་གྱིས་ཐད་ཀར་བཅད་ཅིང་། གཅོད་བྱེད་ཀྱི་ཤེས་པ་བདེན་མེད་དུ་རྒྱས་འདེབས་པ་ནི། སྤྱོད་པའི་མཆོག་གྱུར་གསུངས་པའོ། །བཞི་པ་ཉམས་མྱོང་བློ་ལས་འདས་པ་ན། ཉམས་སུ་ཞེས་པ་ལ་སོགས་པའི་ཚིག་རྐང་པ་བཅུ་ཡིས། ལམ་གྱི་གོལ་ས་གཅོད་པའི་གདམས་ངག་ཡིན་ཏེ། བདུད་ཀྱི་རྩ་བ་དམིགས་བཅས་ཡིན་པས། དམིགས་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མ་ཡིན་ནོ། །འོ་ན་གང་ཡིན་ཞེ་ན། བསྒོམ་བྱ་སྒོམ་བྱེད་དང་བྲལ་བ། འཛིན་པ་མཐའ་དག་གིས་དབེན་པའི་བདག་ཉིད་ཅན། སྣང་སེམས་འཛིན་མེད་དུ་བཞག་པ་ལས། ཉམས་ཀྱི་བྱེ་བྲག་མཐའ་དག་ཀྱང་བདེན་མེད་དུ་བཤིག་ཅིང་། བསྐལ་པ་བྱེ་བ་ལ་སོགས་པར་ཡང་། ཡུལ། ཡུལ་ཅན་དུ་བསྒོམས་ན་དེ་ཉིད་ཀྱི་ལམ་མ་ཡིན་ལ། བདེན་མེད་རྟོགས་པའི་སྐད་ཅིག་ལ། བདུད་ཐམས་ཅད་རང་སར་གྲོལ་བར་འགྱུར་བས། འདིའི་ཕྱིར་ན་བླ་མ་མཆོག་ལ་རག་ལུས་པའོ། །ཅེས་སོ། །བློས་
བྱས་བདུད་དུ་བསྟན་པ་ལ་གཉིས་ལས། འདོད་པ་དང་བཅས་པས་འབྲས་བུའི་བདུད་ནི། མཆོག་གི་ཞེས་པ་ལ་སོགས་པའི་ཚིག་རྐང་པ་ལྔ་སྟེ། དེ་ཡང་ཐེག་པ་གསུམ་གྱི་ལམ་གྱི་དྲོད་རྟགས་དང་། འབྲས་བུ་ལ་འདོད་པ་དང་། འཛིན་པ་རྣམས་ནི་བདུད་ཡིན་ནོ་ཞེས་སོ། །དེ་ཡང་རང་ཡིན་ན་བསྒྲུབ་ཏུ་མེད་པ་ནི། ལུས་ངག་ཡིད་གསུམ་ཞེས་པ་ལ་སོགས་པའི་ཚིག་རྐང་པ་བཅུ་གཅིག་སྟེ། གོང་གི་རྒྱུ་འབྲས་ལ་སོགས་རེ་དོགས་དང་བཅས་པ་ལས་གྲོལ་བར་བྱེད་པ་ནི། རང་གི་ལུས་ངག་ཡིད་གསུམ་རྟོགས་ན་སྐུ་གསུམ་ཡིན་པས། སངས་རྒྱས་གཞན་ནས་བསྒྲུབ་ཏུ་མེད་དེ། སློབ་དཔོན་ནཱ་རོ་པས། ཆོས་ཀུན་སེམས་ལ་གནས་ཞེས་གསུངས། །ཆོས་ཀྱི་རྩ་བ་སེམས་ཉིད་དེས། །ཞེས་བཤད་པའི་ཕྱིར། སེམས་ཉིད་དེ་བཞིན་རྟོགས་པར་མ་གྱུར་ན། བསྐལ་པ་ལ་སོགས་པར་བསྒྲུབས་ཀྱང་ཐོབ་པར་མི་འགྱུར་ཞིང་། ལམ་དང་འབྲས་བུ་ལ་རེ་བ་མེད་པར། ཆོས་དང་གང་ཟག་གི་བདག་འཛིན་མཐའ་དག་བཅད་པ་ལས། སངས་རྒྱས་གཞན་ནས་བསྒྲུབ་ཏུ་མེད་ཅེས་སོ། །སྙེམས་བྱེད་ཀྱི་བདུད་ལ་གཉིས་ལས། མདོར་བསྟན་པ་ནི། བདུད་ལ་བཞི་རུ་ཕྱེ་བ་ལ་སོགས་པའི་ཚིག་རྐང་གཉིས་ནི་གོ་སླའོ། །རྒྱས་བཤད་ལ་གསུམ་ལས། ཐོགས་བཅས་ཀྱི་བདུད་སྙེམས་བྱེད་དུ་འདུས་པ་དང་། ཐོགས་མེད་སྙེམས་བྱེད་དུ་འདུས་པ་དང་། དགའ་བྲོད་སྙེམས་བྱེད་དུ་འདུས་པའོ། །དང་པོ་ལ་གཉིས་ལས། ལྟ་བས་མ་ཟིན་པའི་དངོས་པོ་བདུད་དུ་བསྟན་པ་ནི། དངོས་འཛིན་ལ་སོགས་པའི་ཚིག་རྐང་གཉིས་ནི། དབང་ཤེས་འཁྲུལ་པས་བཟུང་བ་དཀར་དམར། ཡུལ། ཡུལ་ཅན་དུ་ཞེན་པས། ཐོགས་བཅས་ཀྱི་བདུད་དུ་གྱུར་ཞེས་པའོ། །རྩ་བྲལ་དུ་ཤེས་པ་ནི། དངོས་པོ་ཡུལ་གྱི་ཞེས་པ་ལ་སོགས་ཚིག་རྐང་པ་བཅོ་ལྔ་སྟེ། གོང་དུ་བརྗོད་པའི་གཟུང་འཛིན་གྱིས་བསྡུས་པའི་རྣམ་རྟོག་ཅི་སྙེད་པ་སྙེམས་བྱེད་དུ་རྟོགས་པའི་ཚེ་གཟུང་ཡུལ་རག་པ་འཛིན་མེད་དུ་རྟོགས་ལ། སྙེམས་བྱེད་དེ་
བཅད་པས་བདུད་བཞི་ཆོད་པ་ཡིན་ཏེ། དཔེར་ན་ནང་གི་མེ་བསད་པས་རྩིག་གསེབ་ཀྱི་དུ་བ་རང་ཞི་བ་བཞིན་ནོ། །དེ་ཡང་འགོག་པའམ་ཉན་ཐོས་ཀྱི་ཞི་བ་ལྟར། ཡུལ་སྣང་ཙམ་བཀག་པ་མ་ཡིན་གྱིས། གཟུགས་སོགས་ཀྱི་ཡུལ་སྣང་ལ། དེའི་ངོ་བོ་ཆོས་ཉིད་སྟོང་པ་ཉིད་དུ་གནས་པ་དང་། ནམ་མཁའི་འཇའ་ལྟར། སྣང་བ་ལ་རང་བཞིན་མེད་པ་བཞིན་དུ། འཕགས་པ་རྣམས་ཀྱིས་གཟིགས་པ་ཨ་ཅང་ཆེས་ཀྱིས། སོ་སོ་སྐྱེ་བོ་རྣམས་ཀྱིས་ཀྱང་ལུང་རིག་གི་སྒོ་ནས་བརྟགས་ཤིང་དཔྱད་ན། དེ་ལྟར་ཡིན་ཏེ། ཤེར་སྙིང་ལས། གཟུགས་སྟོང་བའོ། །སྟོང་པ་ཉིད་གཟུགས་སོ་ཞེས་བཤད་ཅིང་། དཔེར་ན་སྒྱུ་མའི་མཁན་པོ་སྒྱུ་མ་ལ་ཆགས་སེམས་མི་འབྱུང་བ་བཞིན་ནོ། །དེའི་ཕྱིར་ནང་དུ་སྙེམས་བྱེད་ལས་བྱུང་བའི་བདུད་བཞི་བདེན་མེད་དུ་རྟོགས་པ་ལས། གཉིས་འཛིན་གྱི་བློས་བཅད་དུ་ཡོད་པ་མ་ཡིན་གྱི། དངོས་པོ་དང་འཛིན་པ་རྩ་བྲལ་དུ་རྟོགས་པས། གཟུགས་སོགས་རང་སར་གྲོལ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱིས། དེས་ན་གཉིས་འཛིན་མེད་པའི་ངང་དུ་ཞོག་ཅིག་ཅེས་པའོ། །ཐོག་མེད་སྙེམས་བྱེད་དུ་འདུས་པ་ལས། རྩ་བ་སྙེམས་བྱེད་ལས་བྱུང་བའི་བདུད་ལྔ་ངོས་བཟུང་བ་ནི། ཐོགས་མེད་ཞེས་པ་སོགས་ཚིག་རྐང་དྲུག་སྟེ། དེ་ཡང་དུག་ལྔ་ལ་སོགས་རེ་དོགས་སུ་གྱུར་པ་རྣམས་ནི་སྙེམས་བྱེད་ཀྱི་བདུད་དོ། །ཞེས་སོ། །གཉིས་པོ་སྙེམས་བྱེད་ལས་གྲོལ་ན་རིགས་དྲུག་ལས་ཐར་ཞིང་ཡེ་ཤེས་ལྔ་རྟོགས་པ་ནི། ཞེ་སྡང་རང་སར་གྲོལ་ཞེས་པ་ལ་སོགས་པ་ཚིག་རྐང་པ་ཉི་ཤུ་རྩ་གཉིས་ཏེ། དེ་ཡང་ཐོག་བཅས་སྙེམས་བྱེད་དུ་འདུས་པའི་སྐབས་སུ་བཤད་པ་ལྟར། རྣམ་རྟོག་གཞི་མེད་དུ་ཤེས་པས། ཉོན་མོངས་པ་ལྔ་རང་སར་གྲོལ་ཞིང་། རིགས་དྲུག་གི་སྡུག་བསྔལ་རང་སར་དག་ནས། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་འགྱུར་བ་ཡིན་ཏེ། དེ་ཡང་རྒྱས་
པར་ཕྱེ་ན། ཉོན་མོངས་པ་ཞེ་སྡང་གི་རྒྱུ་བྱས་ནས་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་བ་དང་། སྙེམས་བྱེད་ཡིན་པས། དེ་གཞི་མེད་དུ་རྟོགས་པ་ལ་བརྟེན་ནས། མེ་ལོང་ལྟ་བུའི་ཡེ་ཤེས་འཐོབ་བོ། །དེ་བཞིན་དུ། འདོད་ཆགས་དང་། ཡི་དྭགས། སོ་སོར་རྟོགས་པའི་ཡེ་ཤེས་གསུམ་དང་། གཏི་མུག་དང་། དུད་འགྲོ། ཆོས་དབྱིངས་ཀྱི་ཡེ་ཤེས་གསུམ་དང་། ཕྲག་དོག་དང་། ལྷ་མི། བྱ་བ་གྲུབ་པའི་ཡེ་ཤེས་གསུམ་དང་། ང་རྒྱལ་དང་། ལྷ་མ་ཡིན། །མཉམ་པ་ཉིད་ཀྱི་ཡེ་ཤེས་གསུམ་སྟེ། གོང་མ་ལྟར་སྦྱར་རོ། །དེའི་ཕྱིར་སྙེམས་བྱེད་རང་སར་གྲོལ་བས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོ། །གསུམ་པ་དཔེའི་སྒོ་ནས་ཉམས་ང་མེད་པ་ནི། །དེ་ཡང་ཞེས་པ་ལ་སོགས་ཚིག་རྐང་པ་བཅུ་གསུམ་གྱིས། གདམས་པ་ཁྱད་པར་ཅན་ཡིན་ཏེ། རྣམ་རྟོག་ཐམས་ཅད་བདུད་ཡིན་པས། དེ་གཅོད་པར་བྱེད་པ། དཔེར་ན་གངས་ཁྲོད་ན་གནས་པའི་སེང་གེ་བཞིན་དུ། ཞུམ་པ་དང་བག་ཚ་བ་མེད་པར། སྙེམས་བྱེད་བཤིག་ཅིང་བདེན་མེད་ཀྱི་ངང་དུ་མཉམ་པར་བཞག་པས། ཕྱི་ནང་གི་བར་ཆད་གང་ཡང་མི་འབྱུང་ལ། གལ་ཏེ་བྱུང་ཡང་ངེས་པར་རྩལ་སྦྱོངས་སུ་འགྱུར་ཏེ། རང་གི་ཆོ་འཕྲུལ་ཡིན་པའི་ཕྱིར་རོ། །འོ་ན་དྲན་རྟོག་དེ་བཅད་ནས་བསྒོམ་མམ་ཞེ་ན། དེ་ལྟར་མ་ཡིན་གྱི། གང་ཤར་བདེན་མེད་དུ་བཅད་པས། ཐེག་དམན་ལ་སོགས་པ་ཟིལ་གྱིས་མནན་པར་འགྱུར་ན། ནད་གདོན་ལ་སོགས་པ་སྨོས་ཀྱང་ཅི་དགོས་ཏེ། དེའི་ཕྱིར་རྩ་བྲལ་དུ་གཅོད་པ་འདི་ཁྱད་པར་དུ་འཕགས་སོ། །ཞེས་སོ། །བཞི་པ་རྟོགས་ཀྱང་མ་བཅད་ན་འཆིང་བ་ནི། རྟོགས་ཀྱང་ཞེས་པ་ལ་སོགས་ཚིག་རྐང་པ་བདུན་ཏེ། དེ་ཡང་གང་ཟག་རྣམས་ཀྱིས། གོང་དུ་བཤད་པ་ལྟར་དོན་བདེན་མེད་དུ་རྟོགས་ཀྱང་། ལྟ་སྤྱོད་ཟུང་འཇུག་ཏུ་ཉམས་སུ་མ་བླངས་ན། དངོས་པོར་
འཛིན་པ་དང་ཁྱད་པར་མེད་དེ། དཔེར་ན་མཚོན་དར་མེད་པ་དང་འདྲའོ། །ལྟ་སྤྱོད་ཟུང་འཇུག་ཏུ་ཉམས་སུ་བླངས་པས། བདུད་རྣམས་འཇོམས་པ་ནི། དཔེར་ན་སྐྱེས་བུ་དཔའ་བོ་སྒྱུ་རྩལ་ཤེས་པས་དགྲ་དཔུང་འཇོམས་པ་བཞིན་ནོ། །དེ་ཡང་སྡུད་པ་ལས། དཔེར་ན་སྐྱེས་བུ་མཁས་པ་ཡོན་ཏན་ཀུན་ལྡན་ཞིང་། ཞེས་པ་ནས། བདེ་བར་སོང་ཞིང་ཕྱིར་ཡང་ཁྱིམ་དུ་འོང་བ་ལྟར། ཞེས་པའི་བར་གྱིས་དཔེ་དང་། དེ་བཞིན་དེ་ཚེ་བྱང་ཆུབ་སེམས་དཔའ་མཁས་པ་ཡང་། །སེམས་ཅན་ཁམས་རྣམས་ཀུན་ཏུ་སྙིང་རྗེ་ཆེར་བསྐྱེད་ཅིང་། །བདུད་བཞི་དག་དང་ས་གཉིས་ལས་ཀྱང་རབ་འདས་འགྱུར། །ཞེས་བཤད་པ་བཞིན་ནོ། །ལྔ་པ་སྙེམས་བྱེད་བཅད་ནས་སངས་རྒྱས་སུ་འགྱུར་བ་ནི། ཨེ་མ་ཧོ། །ཞེས་པ་ལ་སོགས་ཚིག་རྐང་གསུམ་སྟེ། དེ་ཡང་འཛིན་པ་མཐའ་དག་དང་བྲལ་བ་དེ་རྟོགས་ན་སངས་རྒྱས་སུ་འགྱུར་བ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས། གང་དག་འདས་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་མགོན། རིགས་སྔགས་འདི་སླབ་སྨན་པའི་རྒྱལ་པོ་བླ་མེད་འགྱུར། ཞེས་བཤད་པ་ལྟར། ཐམས་ཅད་ཀྱང་བདེན་མེད་དུ་བཞག་པར་བྱའོ། །དགའ་བྲོད་སྙེམས་བྱེད་དུ་འདུས་པ་ལ་གཉིས་ལས། ཐུན་མོང་དང་། མཆོག་གོ །དང་པོ་ལ་གཉིས་ལས། དངོས་གྲུབ་ལ་ཆགས་ན་བདུད་ཡིན་པ་ནི་དགའ་བྲོད་ལ་སོགས་ཚིག་རྐང་ལྔ་སྟེ། དེ་ཡང་དྲོད་རྟགས་དང་། གནས་སྐབས་ཀྱི་འབྲས་བུ་རྣམས་ལ་ཆགས་པ་དེ་ཀ་བདུད་ཡིན་ནོ་ཞེས་སོ། །མ་ཆགས་ན་རྒྱན་ཡིན་པ་ནི། ཆགས་མེད་ལ་སོགས་ཚིག་རྐང་གཉིས་ཏེ། དེ་ཡང་གཟུང་འཛིན་གཉིས་ཀྱིས་དབེན་པའི་བདག་ཉིད་ལ། འགག་མེད་ཀྱི་རྩལ་འཆའ་བ་ནི་རྒྱན་ཡིན་ནོ། །དེ་ཡང་སྡུད་པ་ལས། རྫུ་འཕྲུལ་གྱི་དཔེ་དང་། དེ་བཞིན་བྱང་ཆུབ་སེམས་དཔའ་མཁས་པ་སྟོང་གནས་ཤིང་། །ཡེ་ཤེས་རྫུ་འཕྲུལ་ཕ་རོལ་སོན་ལ་
གནས་པ་མེད། །འགྲོ་བ་དག་ལ་བྱ་བ་རྣམ་པ་མཐའ་ཡས་སྟོན། །བསྐལ་པ་བྱེ་བར་སྐྱོ་བ་མེད་ཅིང་དུབ་པ་མེད། །ཅེས་པ་བཞིན་ནོ། །གཉིས་པ་མཆོག་ལ་གཉིས་ཏེ། བྲོད་པ་བདུད་དུ་བསྟན་པ་ནི། སྐུ་གསུམ་ལ་སོགས་ཚིག་རྐང་གཉིས་ཏེ། །དེ་ཡང་སྐུ་གསུམ་རང་ཆས་སུ་གནས་པ་ལ། གཞན་དུ་རེ་དོགས་དང་བཅས་པ་ནི། བདུད་ཡིན་ནོ། །ཞེས་སོ། །དེ་ཤེས་ན་སྙེམས་བྱེད་མེད་པ་ནི། འཁོར་བ་རང་གྲོལ་ཞེས་པ་ལ་སོགས་པའི་ཚིག་རྐང་པ་བརྒྱད་དེ། དེ་ཡང་འཁོར་འདས་རང་སར་གྲོལ་བར་ཤེས་ཤིང་། དྲན་རྟོག་བདེན་མེད་དུ་གྲོལ་བ་ལས། གཉེན་པོ་གཞན་གྱིས་བསྒོམ་རྒྱུ་མེད་པས་སྙེམས་བྱེད་ཆོད་ཅིག་ཅེས་བསྟན་ཏོ། །གཞན་ཡང་བདུད་ཀྱི་རྣམ་པ་དེ་དག་ཞིབ་པར་ཕ་རོལ་ཏུ་ཕྱིན་པའི་བདུད་ཀྱི་ལེའུ་ལས་ཤེས་པར་བྱ་ཞིང་། དེ་དག་གི་རྩ་བ་ཡང་རྣམ་རྟོག་ཡིན་པས་དེ་ཉིད་བཅད་ཅིང་བསྒོམ་པར་བྱའོ། །དེ་ཡན་ཆོད་ཀྱིས་སྦྱོང་ལམ་པ་མན་ཆོད་ཀྱི་ཉམས་ལེན་སྤྱོད་པའི་བོགས་འདོན་བསྟན་ཏོ། །སྤྱི་དོན་གཉིས་པ་དཔེའི་སྒོ་ནས་གཏན་ལ་དབབ་པ་ལ་ལྔ་ལས། དཔེས་བཤད་པ་དང་། ལྟ་བ། བསྒོམ་པ། སྤྱོད་པ། འབྲས་བུའོ། །ཐོག་མ་ལ་གཉིས་ལས། རྒྱུད་ལ་མ་ཁྲེལ་ན་འཆིང་བ་ནི། དཔེ་ཡིས་ཞེས་པ་ལ་སོགས་ཚིག་རྐང་དྲུག་སྟེ། གདམས་ངག་འདི་ཐོབ་པའི་གང་ཟག་རྣམས་ཀྱིས་བདག་མ་གྲོལ་བར་གཞན་དོན་མི་བྱ་སྟེ། བྱེའུ་དང་། སྟོན་སྐྱེལ་གྱི་དཔེ་བཞིན། བདག་གཞན་གྲོལ་བར་དཀའ་ཞེས་བསྟན་ཏོ། །རང་གིས་རྟོགས་ན་གཞན་ལ་ཕན་པ་ནི། འབྲི་བཟང་ཞེས་པ་ལ་སོགས་ཚིག་རྐང་དྲུག་སྟེ། སྐྱེས་བུ་བདག་གིས་བདེན་མེད་རྟོགས་ན། སེམས་ཅན་གྱི་དོན་ཤུགས་ལས་འབྱུང་སྟེ། འབྲིའི་དཔེ་ལྟར། རང་ཉིད་ཀྱིས་བདག་མེད་རྟོགས་པར་བྱའོ། །ཅེས་བཤད་པ་ཡིན་ཏེ། སྡུད་པ་ལས། །གལ་ཏེ་སེམས་ཅན་འདུ་
ཤེས་སྡུག་བསྔལ་འདུ་ཤེས་བསྐྱེད། །འགྲོ་བ་རྣམས་ཀྱི་དོན་བྱ་སྡུག་བསྔལ་སྤང་སྙམ་སྟེ། བདག་དང་སེམས་ཅན་ཡོངས་རྟོག་བྱང་ཆུབ་སེམས་དཔའ་དེ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན། ཞེས་བཤད་པ་དང་། འགྲོ་དོན་མཚན་ཉིད་པ་བྱེད་པ་ལ། བདག་བདེན་མེད་དུ་ཤེས་ཤིང་། དེ་ལྟར་སེམས་ཅན་ཡང་ཤེས་ལ། སེམས་ཅན་ལྟར་ཉོན་མོངས་པའི་གཉེན་པོར་ཆོས་ཀྱང་དེ་ལྟར་ཤེས་པ་ཞིག་དགོས་ཏེ། དེ་ལྟར་ཡང་སྡུད་པ་ལས། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོགས་པ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ལྟ་བ་ལ་གཉིས་ལས། བདུད་རྩ་བྲལ་དུ་རྟོགས་པར་བྱ་བ་ནི། ཁྱུང་ཆེན་ཞེས་པ་ལ་སོགས་པ་ཚིག་རྐང་པ་བཅུ་གཅིག་སྟེ། དེ་ཡང་བདག་མེད་ཀྱི་དོན་དུ་འགྱུར་བར་བྱེད་པ་ལ། བདག་མེད་རྣམ་པ་གཉིས་རྟོགས་ཤིང་། སྙེམས་བྱེད་རང་སར་གྲོལ་བ་ལས། །བདུད་བཞི་རྩ་བྲལ་དུ་རྟོགས་ཤིང་ཕྱིར་མི་ལྡོག་པའི་རྟགས་ཐོབ་ནས། བདུད་ལས་རྣམ་པར་རྒྱལ་བར་འགྱུར་ཏེ། ཁྱུང་ཆེན་གྱི་དཔེ་ལྟར་རོ། །དེ་ལྟར་མ་རྟོགས་ན། སྤྱོད་པ་རྣམས་དོན་ཆུང་བར་འགྱུར་བ་ནི། སྡོང་པོའ་དཔེ་བཞིན་ནོ། །དེ་ལྟར་ཤེས་པས་ཆོད་པ་ནི། རྩ་བྲལ་ཞེས་པ་ལ་སོགས་ཚིག་རྐང་དྲུག་སྟེ། དེ་ཡང་དྲན་བྱུང་གི་རྣམ་པར་རྟོག་པ་བློ་བུར་བདེན་མེད་དུ་ཤེས་ན། སྤང་བྱ་དང་གཉེན་པོ་གཉིས་མེད་དུ་གྲོལ་བས། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་གྲོལ་ལོ་ཞེས་སོ། །གསུམ་པ་བསྒོམ་པ་ལ་གསུམ་ལས། དཔེའི་སྒོ་ནས་བསམ་དུ་མེད་པ་ནི། བཞག་ཐབས་ཅེས་པ་ལ་སོགས་ཚིག་རྐང་པ་བཅོ་ལྔ་སྟེ། དེ་ཡང་བདག་མེད་ཀྱི་དོན་ལ་མཉམ་པར་འཇོག་པ་ལ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་། བསམ་དུ་མེད་པ་ལྷ་ཁང་གི་སྡེར་
སོ་ལྟ་བུ་དང་། བྱུང་ཚོར་གྱི་རྣམ་རྟོག་ཆོས་ཉིད་ཀྱི་དབྱིངས་སུ་ཡལ་བ་གློག་ལྟ་བུ་དང་། རྣམ་རྟོག་བྱུང་ཡང་ཆོས་ཉིད་ལས་མ་གཡོས་པ་ཆུ་རླབས་ལྟ་བུ་དང་། ཐམས་ཅད་ཡེ་ཤེས་ཀྱི་རོལ་པའི་དབྱིངས་སུ་མ་བཅོས་ལྷུག་པར་འཇོག་པའི་ཐབས་རྣམས་ཀྱིས། མཉམ་པར་བཞག་ཐབས་སུ་བསྟན་པའོ། །མ་བཅོས་ལྷུག་པར་བཞག་པ་ནི། བཅོས་བསླད་མི་བྱ་ཞེས་པ་ལ་སོགས་ཚིག་རྐང་དགུ་སྟེ། དེ་ཡང་ཡིད་ལ་མི་བྱེད་པའི་ངང་དུ་མཉམ་པར་འཇོག་པ་ལས། གཞན་རྣམ་རྟོག་གིས་བཅོས་འཆོས་པར་བྱེད་པ་བདུད་ཡིན་པས་ན། མ་བཅོས་ལྷུག་པར་བཞག་པར་བྱའོ། །དེ་ཡང་ཚོགས་དྲུག་ལྷུག་པའི་དཔེ། སྐྱེས་བུ་ནད་ཀྱིས་ཟིན་པ་ལྟ་བུ། བློ་བདེ་བ་ཟིན་པ་ལྟ་བུ། སྣང་ཡང་ནུས་པ་མེད་པ་བུ་ཆུང་གིས་མ་མ་མཐོང་བ་ལྟ་བུར་བཞག་པར་བྱའོ། །ཅེས་པའོ། །དྲན་རྟོག་བདེན་མེད་དུ་ཤེས་པས་མྱ་ངན་ལས་འདའ་བ་ནི། རིག་པ་ཞེས་པ་ལ་སོགས་ཚིག་རྐང་བཅུ་གཅིག་སྟེ། དེ་ཡང་རང་རིག་གཟུང་འཛིན་གྱི་རྣམ་རྟོག་དང་བཅས་པ་འདི་ཉིད་གཉན་ས་ཡིན་ཏེ། འདི་ཉིད་ཆོང་ནས་ཕྱི་རོལ་གྱི་གཉན་ས་རྣམས་ཀྱང་ཆོད་པར་འགྱུར་ཞིང་། གལ་ཏེ་ལས་དང་པོ་པ་ཅུང་ཟད་བག་ཚ་བ་རྣམས་ཀྱིས་ཀྱང་། གཟན་སྐྱུར་ལ་སོགས་པས་མ་ཆགས་པར་བྱ་ཞིང་། དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངང་དུ་གནས་པར་བྱའོ། །དེ་ཡང་བཟང་ངན་གྱི་རྣམ་རྟོག་མི་འཇུག་པ། །གླེན་པ་ལྟོས་འགྲངས་པའི་དཔེ་བཞིན་བཞག་པས། དྲན་པ་མ་འཇིགས་ཤིང་འཁོར་བ་ལས་གྲོལ་ནས། མྱ་ངན་ལས་འདས་པ་འཐོབ་པར་འགྱུར་སྟེ། དེའི་དོན་བྱ་བརྩལ་མེད་པར་ཤེས་པར་གྱིས་ཅིག་པའོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་ལས། །བསམ་དུ་མེད་ཅིང་ཡིད་ལ་བྱར་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅེས་པ་དང་། གཟུགས་ནི་ཤེས་རབ་མ་ཡིན་གཟུགས་ལ་ཤེས་རབ་མེད། རྣམ་ཤེས་ལ་སོགས་ཚོར་དང་སེམས་དཔའ་འདི་དག་ནི། ཤེས་རབ་མ་ཡིན་འདི་དག་ལ་ཡང་ཤེས་རབ་མེད། །
འདི་ནི་ནམ་མཁའི་ཁམས་དང་མཚུངས་ཏེ་ཐ་དད་མེད། །ཅེས་གསུངས་སོ། །བཞི་པ་སྤྱོད་པ་ལ་གཉིས་ལས། ཉོན་མོངས་པ་དང་བྲལ་བའི་བརྟུལ་ཤུགས་ནི། སྤྱོད་པ་ཞེས་པ་ལ་སོགས་ཚིག་རྐང་བཅུ་གཉིས་ཏེ། དེ་ཡང་བདག་མེད་རྟོགས་པའི་སྐྱེས་བུ་རྣམས་ཀྱིས། སེམས་ཅན་གྱི་དོན་དུ་སྤྱོད་པ་རླབས་ཅན་སྟོན་པ་དང་། ལམ་རྣམ་རྟོག་གཅོད་པའི་སྤྱོད་པ་གཉིས་ལས། གང་ལྟར་ཡང་སྤྱོད་པའི་ཁྱད་པར་རྣམས་ནི། བརྟུལ་ཤུགས་ཆེ་ཡང་རྒྱུད་ལ་ཉོན་མོངས་པ་མེད་པ། ཁྲོ་བོའ་འབག་ལྟ་བུ། སྤྱོད་པ་ལ་འཛིན་ཆགས་མེད་པ་ཆུ་ལ་ཉ་འཕྱོ་བ་ལྟ་བུ་དང་། ཉོན་མོངས་རྗེས་མེད་པ་རླུང་རི་རྩིབས་འགྲིམ་པ་ལྟ་བུར་སྤྱད་པས། བརྟུལ་ཤུགས་ཀྱི་བར་ཆད་འདུལ་ཞིང་། ཞེ་འདོད་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་སྐད་དུ་ཡང་། སྡུད་པ་ལས། དེ་ཡི་ཚེ་ན་བདུད་ནི་ཟུག་རྔུ་ལྡན་པར་འགྱུར། །མྱ་ངན་ཉམ་ཐག་སྡུག་བསྔལ་ཡིད་མི་བདེ་ཉམས་ཆུད། །ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ནུར་གྱུར་ཞེས། །འཇིགས་པ་བསྟན་ཕྱིར་ཕྱོགས་རྣམས་བསྲེག་ཅིང་སྐར་མདའ་གཏོང་། །གང་ཚེ་མཁས་པ་དེ་དག་བསམ་པ་དྲན་ལྡན་ཞིང་། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་དོན་བལྟ། །དེ་ཚེ་ལུས་སེམས་དག་ནི་མཁའ་འགྲོའི་བྱ་ལྟར་རྒྱུ། །ནག་པོའ་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཞེས་བཤད་དོ། །སྤྱོད་པ་ཀློང་དུ་གྱུར་པསབས་ཐམས་ཅད་གྲོགས་སུ་བསྟན་པ་ནི། རང་གིས་ཞེས་པ་ལ་སོགས་པ་ཚིག་རྐང་བཅུ་གཅིག་སྟེ། གོང་དུ་བཤད་པ་ལྟར་བདག་མེད་ཀྱི་དོན་དུ་གྱུར་པའི་སྤྱོད་པ་དེ་དག་ཀྱང་། སྙེམས་བྱེད་བར་ཆད་མེད་པར་རང་བྱུང་དུ་སྤྱོད་དགོས་པ་ཅིག་ཡིན་ཏེ། གཟུང་འཛིན་དང་བཅས་པས་མ་ཡིན་ནོ། །དེ་ཡང་འཛིན་བཅས་ཀྱིས་བརྟགས་པས་འཁྲུལ་པབ་དང་ཁྱད་པར་མེད་དེ། རྨི་ལམ་དུ་སྡུག་བསྔལ་ཉམས་སུ་མྱོང་ཡང་། རང་གི་འཁྲུལ་རྟོག་ཡིན་ཞིང་། ལྷ་ལ་སོགས་པ་ཡང་རང་གིས་མངོན་ཞེན་དུ་བལྟས་པའོ། །
དེ་ན་བཟང་ངན་ཐམས་ཅད་རང་གིས་འཛིན་པ་ཡིན་པས། རང་སྣང་རང་ལ་གནོད་པ་ཡིན་ཏེ། གཟུང་འཛིན་གྱིས་ཨ་འབྲས་སུ་བརྟགས་པའི་ཕྱིར་རོ། །རང་གིས་བདེན་མེད་དུ་རྟོགས་ན། ཡུལ་སྣང་འབྲེལ་མེད་ཀྱིས་གནོད་པར་མི་ནུས་ཏེ། རྒྱ་གར་གྱི་དུག་སྦྲུལ་བོད་ལ་མི་གནོད་པ་བཞིན་ནོ། །ལྔ་པ་འབྲས་བུ་ལ་གཉིས་ལས། དོན་རྟོགས་པས་འབྲས་བུ་བསྒྲུབ་ཏུ་མེད་པ་ནི། འབྲས་བུ་ཞེས་པ་ལ་སོགས་ཚིག་རྐང་དགུ་སྟེ། དེ་ཡང་བདག་མེད་མངོན་གྱུར་དུ་མཐོང་ཞིང་། སྙེམས་བྱེད་རང་སར་གྲོལ་བ་ལས། དོན་དེ་ལས་གཞན་པའི་སངས་རྒྱས་བསྒྲུབ་ཏུ་མེད་དེ། ཆོས་ཅན་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་རྟོགས་པའི་ཕྱིར་རོ། །དེ་ལྟར་ཡང་། སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཅེས་པ་དང་། སེམས་མེད་པ་ནི་འགྱུར་བ་མེད་པ་རྣམ་པར་རྟོག་པ་མེད་པའོ། །ཅེས་འཕགས་པ་ལས་བཤད་པས། སེམས་བདེན་མེད་རང་བཞིན་འོད་གསལ་བ། དེ་རྟོགས་པས་སངས་རྒྱས་སུ་གྲུབ་སྟེ། གཟུང་འཛིན་གྱིས་དབེན་པའི་བདག་ཉིད་ཅན་དེ་ལས་གཞན་པའི་སངས་རྒྱས་བསྒྲུབ་ཏུ་མེད་དེ། དཔེར་ན་རྩི་མར་བཟང་པོ་མཐོང་ཟིན་གྱི་སྐྱེས་བུ་ལ། མར་ཞེས་བརྗོད་པས་དཀར་པོ་ལ་སོགས་པའི་རྣམ་པ་རྣམས་ཕྱིས་བསྒྲུབ་མི་དགོས་པར་བློའི་སྟེང་དུ་གྲུབ་པ་བཞིན། བདག་མེད་རྣམ་པ་གཉིས་མངོན་དུ་རྟོགས་པའི་གང་ཟག་ལ། སྐུ་དང་ཡེ་ཤེས་མཛད་པ་དང་ཕྲིན་ལས་གཞན་ནས་བཙལ་དུ་མེད་པའོ། །བདག་སངས་རྒྱས་སུ་ངེས་པ་ནི། སྙེམས་གྲོལ་ལ་སོགས་ཚིག་རྐང་བཞི་སྟེ། དེ་ཡང་གོང་དུ་བཤད་པ་ལྟར་རྟོགས་པས་བདུད་བཞི་དང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལས་རྒྱལ་ཞིང་རང་ཞི་བར་འགྱུར་རོ། །ཞེས་བསྟན་ཏེ། དེ་ཡན་ཆོད་ཀྱིས་མཐོང་བའི་ལམ་གྱི་སྤྱོད་པའི་བོགས་འདོན་དང་བཅས་པ་བཤད་ཟིན་ཏོ། །སྤྱི་དོན་གསུམ་པ་དཔེ་དང་བྲལ་བ་ལ་ལྔ་ལས། རིག་པ་འཁྲུལ་པ་ནི། མ་རིག་པ་ཡེ་ཤེས། །མ་
བྱས་པ་གཞི། མི་བྱེད་པ་ལ་མ། མ་གྲུབ་ཕ་འབྲས་བུའོ། །དང་པོ་ལ་གཉིས་ལས། རང་བཞིན་འཁྲུལ་པ་ནི། རིག་མེད་ཞེས་པ་ལ་སོགས་པ་ཚིག་རྐང་པ་གཉིས་ཏེ། དེ་ཡང་ཆོས་ཉིད་གཟུང་ཡུལ་དུ་མ་གྲུབ་པ་དེ། སྣང་བ་ཙམ་ལ་ངེས་པར་ཞེན་པའི་བློས། རིག་བྱ་རིག་བྱེད་ལ་སོགས་པ་སྣ་ཚོགས་སུ་བརྟགས་པས། གཟུང་འཛིན་དུ་གྱུར་པ་ནི་འཁྲུལ་པའོ་ཞེས་པའོ། །གྲུབ་མཐའ་ལ་ལྟོས་ཏེ་འཁྲུལ་པ་ནི། དབྱེར་མེད་ཅིག་ལ་ཞེས་པ་ལ་སོགས་ཚིག་རྐང་ཉི་ཤུ་རྩ་གཉིས་ཏེ། དེ་ཡང་བདག་མེད་ཀྱི་དོན་ལ་ཐ་དད་དུ་མེད་ཀྱང་། རིག་མ་རིག་ལ་བརྟེན་ནས། སངས་རྒྱས་དང་སེམས་ཅན་བྱུང་བ་ཡིན་ཏེ། དེ་ཡང་གཟུང་འཛིན་མ་རིག་པ་འཁྲུལ་བ་ནི། ཆུ་དང་གསེར་དང་ནམ་མཁའ་ལྟར་ཅེས་པས། །ལྷན་ཅིག་སྐྱེས་པའི་མ་རིག་པས་རྐྱེན་བྱས་ཤིང་། སེམས་ཅན་དུ་འཁྲུལ་པ་ཡིན་ཏེ། དེ་ཡང་རང་གིས་དེ་ཉིད་མ་རྟོགས་པ་ལས་བྱུང་ཞེས་པ་དང་། ལོག་པར་རྟོག་པའི་ཕྱི་རོལ་པ། ལྟ་བ་ལོག་པ་དཔག་མེད་ལས་ཀྱང་། མདོར་བསྡུས་པས་ཆད་པ་བ། སྔ་ཕྱིའི་རྒྱུ་འབྲས་ཀྱང་མེད་ཅིང་། ཕྱི་མའང་མེད་པར་འཛིན་པ་རྣམས་ཀྱང་འཁྲུལ་ལ། བདག་རྟག་པ་དང་། གཅིག་པུ་རང་དབང་ཅན། འགྱུར་མེད་ལ་སོགས་པའི་ལྟ་བ་རྣམས་དང་། ཉན་ཐོས་པས་གཟུང་བ་རྡུལ་ཕྲན་དང་། འཛིན་པ་སྐད་ཅིག་ཆ་མེད་དོན་དམ་དུ་འདོད་པ་དང་། རང་རྒྱལ་གཟུང་བ་མེད་ཅིང་འཛིན་པ་དོན་དམ་དུ་སྨྲ་བ་དང་། སེམས་ཙམ་པ་གཟུང་འཛིན་གཉིས་མེད་ཀྱི་རང་རིག་དོན་དམ་དུ་རྟོག་པ་དང་། སེམས་ཙམ་རྣམ་བདེན་པས་དཀར་དམར་ལ་སོགས་པའི་རྣམ་པར་སྣང་བ་རྣམས་ཤེས་པ་ཉིད་དུ་བདེན་པར་འདོད་ཅིང་། རྣམ་བརྫུན་པས་རྣམ་པ་དེ་རྣམས་རྫུན་ཡང་། རྣམས་མེད་ཀྱི་ཤེས་པ་བདེན་པར་འདོད་པ་རྣམས་ཀྱང་འཁྲུལ་པ་སྲབ་མཐུག་ལས་རྣམ་རྟོག་གི་དྲ་བ་ལས་མ་འདས་ཞེས་པའོ། །གཞན་ཡང་དབུ་མ་པ་སྤྲོས་པའི་མཐའ་བརྒྱད་དང་བྲལ་
བ་ཡིན་ནོ། །ཞེས་ཚིག་གི་རྗེས་སུ་འབྲང་བ་དང་། གསང་སྔགས་ཀྱི་ཕ་རྒྱུད་རྩ་རླུང་ལ་བརྟེན་ནས་ཉམས་མྱོང་བདེ་གསལ་སྐྱེས་པ་བདེ་ཆེན་དུ་འདོད་པ་དང་། མ་རྒྱུད་པ་བདེ་སྟོང་གི་ཡེ་ཤེས་ཐབས་དང་ཤེས་རབ་ཏུ་འདོད་པ་དང་། གཉིས་ཀའི་མཐར་ཐུག་ཕྱག་རྒྱ་ཆེན་པོ་ཞེས་ཁ་ཅིག་བློ་འདས་སུ་འདོད་པ་དང་། རྫོགས་ཆེན་པ་ཁ་ཅིག་ཀུན་རྫོབ་ཀྱི་བདེན་པའང་ཆོས་ཉིད་དུ་འདོད་པ་དང་། གཞན་ཡང་དེ་ལ་སོགས་པ་གྲུབ་མཐའི་འདོད་པ་ཡོད་པ་ཐམས་ཅད་ཀྱིས་བདག་མེད་ཀྱི་དོན་མཐོང་བར་མི་འགྱུར་ཏེ། གྲུབ་མཐའི་འཛིན་པ་དང་བཅས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཏེ་ལོ་པས། སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །འདུལ་བ་མདོ་སྡེ་མངོན་པ་ལ་སོགས་པ། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་བསྒྲིབས། །ཞེས་བཤད་པ་ལྟར། ཡུལ། ཡུལ་ཅན་དུ་རིག་པའི་དོན་དེ་མ་ཡིན་ལ། ཡུལ། ཡུལ་ཅན་བདེན་མེད་དུ་གྱུར་པས། རིག་བྱ་རིག་བྱེད་གཉིས་མེད་དུ་གྱུར་པ་ནི། ཆོས་ཉིད་དེ་བཞིན་ཉིད་ཡིན་ནོ་ཞེས་པའོ། །གཉིས་པ་མ་རིག་པ་ཡེ་ཤེས་ལ་གཉིས་ལས། གཏི་མུག་ཡེ་ཤེས་སུ་བསྒྱུར་བ་ནི། དེ་བས་རིག་མེད་ལ་སོགས་ཚིག་རྐང་དྲུག་སྟེ། དེ་ཡང་གཉིད་དང་སྣང་བ་བར་མཚམས་མེད་པར་འོད་གསལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གྱུར་ན། སྙེམས་བྱེད་རང་སར་གྲོལ་ཞིང་ཡུལ་སྣང་གི་འཁྲུལ་པ་ཡེ་ཤེས་སུ་ཤར་བ་ནི། སངས་རྒྱས་དངོས་པོ་ཞེས་པའོ། །ཅི་ཤར་རང་བྱུང་དུ་བསྟན་པ་ནི། རིག་པ་ཞེས་པ་ལ་སོགས་ཚིག་རྐང་ལྔ་སྟེ། དེ་ཡང་རིག་བྱ་རིག་བྱེད་བདེན་མེད་དུ་ཤེས་པས། ཡུལ། ཡུལ་ཅན་གྱི་འཛིན་པ་རང་དག་ལ། མཛད་པ་དང་ཕྲིན་ལས་ཆེད་དུ་བྱས་པ་མ་ཡིན་ལ་རང་བྱུང་དུ་བྱུང་བ་ཡིན་པས། དེ་ལྟ་བུའི་དོན་མངོན་དུ་གྱུར་ཚེ། ནམ་དུ་ཡང་ཨ་འཐས་སུ་སྤྱོད་པ་མ་ཡིན་ནོ། །ཞེས་སོ། །གསུམ་པ་མ་བྱས་པ་གཞི་ལ་གཉིས་
ལས། སངས་རྒྱས་ཀྱིས་མ་བྱས་པ་ནི། ཡང་དག་དོན་གྱི་ལ་སོགས་ཚིག་རྐང་བཞི་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དདེ་ཉིད། འཁོར་འདས་ཀུན་གྱི་གཞི་ཡང་ཡིན་ལ། ཡེ་ནས་སྟོང་ཞིང་བདག་མེད་པས་འགྱུར་བ་མེད་པར་གནས་སོ། །དེ་སྐད་དུ་ཡང་། སྡུད་པ་ལས། གང་དག་འདས་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་མགོན། །རིགས་སྔགས་འདི་བསླབ་སྨན་པའི་རྒྱལ་པོ་བླ་མེད་འགྱུར། །གང་དག་ཕན་དང་སྙིང་རྗེར་བཅས་པ་སྤྱད་སྤྱོད་པ། །རིགས་སྔགས་འདི་ལ་བསླབ་ནས་མཁས་པ་བྱང་ཆུབ་རེག །འདུས་བྱས་བདེ་དང་འདུས་མ་བྱས་བདེ་གང་ཡིན་པ། །བདེ་བ་དེ་ཀུན་འདི་ལས་བྱུང་བ་རིག་པར་བྱ། །ཅེས་སོ། །འཛིན་པས་མི་རྟོགས་པ་ནི། མ་བྱས་ཞེས་པ་ལ་སོགས་ཚིག་རྐང་བཞི་སྟེ། གོང་དུ་བརྗོད་པ་ལྟ་བུའི་འདུས་མ་བྱས་དེ། སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བས་གཞི་ཞེས་བརྗོད་པ་ཡིན་པས། གཞན་གོལ་ས་ཐམས་ཅད་ཆོད་ཅིག་ཅེས་པའོ། །བཞི་པ་མི་བྱེད་པ་ལམ་ལ་གཉིས་ལས། །མུ་བཞི་བདེན་མེད་དུ་རྟོགས་པ་ནི། མ་བྱས་ཞེས་པ་ལ་སོགས་པ་ཚིག་རྐང་བདུན་ཏེ། གང་ལྟར་འདུས་མ་བྱས་དེ་ལ་བདེན་པ་མཐོང་བའི་སྐྱེས་བུ་རྣམས་ཀྱིས་མི་བྱེད་པ་ལམ་དུ་འགྲོ་བ་ཡིན་ཏེ། སྣང་བ་མཐའ་དག་བདེན་མེད་དུ་བཤིག་པས། །སྟོང་འཛིན་གྱི་བློ་རང་སར་དག་པ་ནི། རྟག་ཆད་བདེན་མེད་དུ་གྲོལ་བས། སྟོང་པ་དང་སྙིང་རྗེ་ཟུང་འཇུག་གི་ལམ་དུ་འགྱུར་རོ། །སྣང་བ་དང་སྣང་མེད་ཡིད་ལ་མ་བྱས་པས། ཁམས་གོང་མ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒྲིབ་པ་རང་སར་དག་ནས། བསྒོམ་ལམ་དུ་ཤེས་བྱའི་སྒྲིབ་པ་དག་པར་འགྱུར་རོ། །དོན་རྟོགས་པས་འཁོར་བ་ལས་གྲོལ་བ་ནི། གཟུགས་དང་ཞེས་པ་ལ་སོགས་ཚིག་རྐང་བཅུ་གསུམ་སྟེ། དེ་ཡང་གཟུགས་སོགས་ཕུང་པོ་དང་། ཁམས་
དང་སྐྱེ་མཆེད་ལ་སོགས་པ། བདེན་མེད་དུ་གྲོལ་བས་ཁམས་གསུམ་ལས་གྲོལ་ཞིང་། གང་ཡང་ཡིད་ལ་མ་བྱས་པས། སྒྲིབ་གཉིས་རང་དག་པ་ནི་སངས་རྒྱས་ཉིད་ཡིན་ལ། ས་ལམ་རྫོགས་པར་འགྱུར་ཞིང་། ཡིད་ལ་མི་བྱེད་པ་ལམ་དུ་འགྱུར་ཏེ། །ཤེས་རབ་ཉམས་སུ་བླངས་པའི་ཕྱིར་རོ། །འཕགས་པ་ལས་ཀྱང་། ཆོས་ཐམས་ཅད་ཡིད་ལ་མི་བྱེད་པ་ཉིད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བྱེད་པ་ཉིད་དོ། །ཞེས་བཤད་པ་དང་། གཞན་ཡང་ཡིད་ཀྱི་འགྱུ་བྱེད་བདེན་མེད་དུ་གྲོལ་ན་དགག་མི་དགོས་ཏེ། རྩོལ་བ་དང་བྲལ་བའི་ཕྱིར་རོ། །དེ་ཡན་ཆད་ཀྱིས་བསྒོམ་པའི་ལམ་ཅུང་ཟད་ཙམ་བཤད་དོ། །ལྔ་པ་འབྲས་བུ་ལ་བཞི་ལས། བློ་ཆུང་བ་ལ་དྲང་ཐབས་སུ་བསྟན་པ་ནི། མ་གྲུབ་ཅེས་པ་ལ་སོགས་ཚིག་རྐང་ལྔ་སྟེ། དེ་ཡང་ཡོད་མེད་དང་། སྐྱེ་འགག །འགྲོ་འོང་། རྟག་ཆད་ལ་སོགས་པ་གང་དུ་ཡང་མ་གྲུབ་པའི། བདེན་མེད་ངོ་བོ་ཉིད་ཀྱི་སྐུ་ལ་འབྲས་བུར་གསུངས་པ་དང་། གཞན་ཡང་སྐུ་གསུམ་དུ་བསྟན་པ་ལ་སོགས་པ། སྨོན་ལམ་གྱི་སྟོབས་ཀྱིས་གདུལ་བྱ་ལ་སྣང་བར་ཟད་མོད་ཀྱིས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་པ་ཡང་། དོན་གནས་ལུགས་ཀྱི་སྟེང་དུ་ངེས་པར་སྣང་བདེན་དུ་གྲུབ་པ་རྡུལ་ཙམ་ཡང་མེད་དོ། །དེ་ཡང་རྒྱུད་བླ་མ་ལས། ཅི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། །ནོར་བུ་དེ་དངོས་མིན་ལྟར་སྣང་། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་བདག་དེ་དངོས་མིན་པར་སྣང་། །ཞེས་བཤད་པའི་ཕྱིར་རོ། །གྲུབ་རྒྱུ་དོན་མེད་ནི། གྲུབ་ན་ཞེས་པ་ལ་སོགས་ཚིག་རྐང་པ་བརྒྱད་དེ། །དེ་ཡང་དོན་དམ་ལ། སྐུ་དང་ཡེ་ཤེས་ཐ་དད་དུ་གྲུབ་ན། འཁོར་བའི་ཕ་རོལ་འདའ་བར་མི་ནུས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བློ་ཡུལ་དུ་བྱར་མེད་པའི་ཕྱིར་རོ། །ཡང་གལ་ཏེ་བློའམ་ཡུལ་དུ་གྲུབ་ན། བློ་འཁྲུལ་པ་ཡིན་པས། གྲུབ་འདོད་ཀྱི་རྩོལ་བ་རྣམས་ཀྱིས་མྱ་
ངན་ལས་འདས་པ་ཐོབ་པར་མི་འགྱུར་རོ། །དེ་ལྟར་ཡང་སྡུད་པ་ལས། འཇིག་རྟེན་མཁྱེན་པའི་ཤེས་རབ་དེ་ཡང་ཕ་མཐའ་མེད། །སེམས་ཅན་རང་བཞིན་གང་ཡིན་དེ་ཡང་ཕ་མཐའ་མེད། །ཅེས་པ་དང་། འདུ་ཤེས་ཚུ་རོལ་ཡིན་ཞེས་འདྲེན་པས་ཡོངས་སུ་བསྒྲགས། །འདུ་ཤེས་རྣམ་པར་བཤིག་ནས་སྤོང་པ་ཕ་རོལ་འགྲོ། །ཅེས་གསུངས་སོ། །བློ་མ་གྲོལ་ན་དོན་མེད་པ་ནི། ཆོས་ཀྱི་ཞེ་ན་བློ་ཞེས་པ་ལ་སོགས་པ་ཚིག་རྐང་བརྒྱད་དེ། གོང་དུ་བཤད་པའི་འབྲས་བུ་ཁྱད་པར་ཅན་ཐོབ་པར་བྱེད་པ་ལ། ཞེན་བློ་དང་བྲལ་བ་ཅིག་དགོས་ཏེ། ཞེན་པའི་དབང་གིས་ཆོས་སྤྱོད་པ་ནི། འཆིང་བར་བྱེད་མཁན་ཉིད་ཡིན་ལ། སངས་རྒྱས་ནི་འདུས་མ་བྱས་པ་ཡིན་པས། རྩོལ་བཅས་ཀྱི་འཛིན་པ་རྣམས་ཤིག་ཅིག་ཅེས་པའོ། །འཛིན་མེད་རྟོགས་ན་སྐུ་གསུམ་དུ་བསྟན་པ་ནི། ལུས་ལ་འཛིན་ཅེས་པ་ལ་སོགས་པ་ཚིག་རྐང་ལྔ་སྟེ། དེ་ཡང་རྣལ་འབྱོར་པ་བདག་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ནས། བདག་འཛིན་རང་སར་དག་ཅིང་། གཟུང་ཡུལ་སྐུ་དང་ཡེ་ཤེས་སུ་རྒྱས་པའི་ཚེ། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་དང་ཐ་དད་མེད་པར་འགྱུར་བས། ལམ་རྣམས་ཀྱང་འཛིན་མེད་འོད་གསལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་མ་གཏོགས་པ། རྒྱལ་བའི་དགོངས་པ་གཞན་ནས་བརྩལ་དུ་མེད་དེ། སྐུ་གསུམ་དབྱེར་མེད་དུ་རྟོགས་པའི་ཕྱིར་རོ། །དེ་ཡན་ཆོད་ཀྱིས་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་བོགས་འདོན་ལམ་རྣམ་པ་ལྔ་དང་སྦྱར་ནས་བཤད་ཟིན་ཏོ། །མཇུག་གི་དོན་ལ་གཉིས་ལས། མཚན་དོན་གྱི་སྒོ་ནས་བསྟན་པ་ནི། ཨེ་མ་ཧོ། །ཞེས་པ་ལ་སོགས་ཚིག་རྐང་གསུམ་སྟེ། དེ་ཡང་རྣམ་རྟོག་གཅོད་ཅིང་འགྱུར་བ་མེད་པ་བཤད་པའི་ཚོམ་སུ་བསྟན་པས་གོ་སླའོ། །ནན་ཏན་དུ་ཉམས་སུ་བླང་ཐབས་བསྟན་པ་ལ་བཞི་ལས། བློ་དང་བྲལ་བ་ནི། ནན་ཏན་ཞེས་པ་ལ་སོགས་ཚིག་རྐང་གསུམ་སྟེ། དེ་ཡང་དུས་ཐམས་ཅད་
དུ་དམིགས་པའི་ཡུལ་མཐའ་དག་དང་བྲལ་བའི་དོན་དེ་ཉིད་ཀྱི་ངང་དུ་མཉམ་པར་ཞོག་ཅིག་ཅེས་པའོ། །གདམས་པ་ཁྱད་པར་ཅན་ནི། གཉན་ས་ལ་སོགས་ཚིག་རྐང་ལྔ་སྟེ། དེ་ཡང་ལས་དང་པོ་པ་རྣམས་གཉན་ས་ལ་སོགས་གཅོད་པའི་དུས་སུ་འཇིགས་པ་དང་བག་ཚ་བ་ལ་སོགས་པ་རྣམས་ལ། རབ་ཀྱིས་སྟོང་ཉིད། འབྲིང་གིས་ལུས་སེམས་དང་བྲལ་བ། ཐ་མས་ཟན་བསྐྱུར་ལ་སོགས་པས། འཛིན་མེད་དུ་སྤྱད་པས། སླར་བར་ལ་གཅོད་པར་འགྱུར་རོ། །ཞེས་སོ། །ཁལ་དུ་ཁེལ་ན་ལྟ་བ་ཡིན་པ་ནི། རྐྱེན་སྣང་ལ་སོགས་ཚིག་བཞི་སྟེ། དེ་ཡང་ཆོས་རྒྱུད་ཐོག་ཏུ་མ་ཁེལ་ན། ཞི་བདེ་ཙམ་གྱིས་གྲོལ་བར་མི་ནུས་པས། གདམས་པ་འདི་ནི་རྐྱེན་སྣང་ཁལ་དུ་འགྲེལ་བའི་གནད་ཡིན་པས་ཤེས་པར་གྱིས་ཤིག་པའོ། །རི་ཁྲོད་འགྲིམ་པ་གལ་ཆེ་བ་ནི། གཉན་སར་ཞེས་པ་ལ་སོགས་པ་ཚིག་རྐང་བཞི་སྟེ། དེ་ཡང་གདམས་ངག་ཐོབ་པའི་སྐྱེས་བུ་རྣམས། འདོད་ཡོན་གྱི་རོ་ལ་མ་ཆགས་པར། གཉན་ས་དང་རི་ཁྲོད་ལ་སོགས་པ་རྣམས་འགྲིམ་ཤིག་དེ་དག་ཏུ་ཕྱིན་ནས་ཀྱང་། གདམས་པ་རྣམས་དཔེ་དང་ཚིག་ཏུ་བཞག་ཅིང་དོན་མ་བསྒོམས་ན། བྱིན་རླབས་མི་འཇུག་ཅིང་ཚིག་དྲེད་ཅན་དུ་འགྱུར་བ་ཡིན་པས། དེ་བས་དབེན་པར་ཉམས་སུ་ལོངས་ཤིག །ཅེས་པའོ། །འདི་ལྟར་བཤད་པའི་གདམས་པ་རྣམས། ལྟ་བ་དང་། སྤྱོད་པ་ཟུང་འཇུག་གི་བོགས་འདོན་ཡིན་ཏེ། སྐྱེས་བུ་ལས་དང་པོ་བ་ནས། བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ལྟ་སྤྱོད་ཟུང་འཇུག་ཏུ་འཁྱེར་བ་འདི་ནི་གདམས་པ་ཟབ་པ་སྟེ། དེ་ཡང་མ་ཅིག་གི་བཞེད་པས། བླ་མའི་མན་ངག་གདེངས་ལྡན་གྱིས། རྣམ་རྟོག་དག་ལ་ཐོག་རྫིས་བྱ། ཞེས་གསུངས་པས། བདག་མེད་རྟོགས་པའི་སྤྱོད་པ་སྣ་ཚོགས་སུ་
སྟོན་ཡང་འཛིན་པ་མེད་པ་ནི་དེ་ཉིད་ཀྱི་ལམ་དུ་འགྱུར་བས། སྟོང་པ་དང་སྙིང་རྗེ་ཟུང་འཇུག་ཏུ་ཉམས་སུ་ལེན་པ་གཅེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་ངག །བདུད་ཀྱི་གཅོད་ཡུལ་བཀའ་ཚོམས་ཆེན་མོའ་རྣམ་པར་བཤད་པ། སྙིགས་དུས་ཀྱི་བསམ་གཏན་པ་རྣམས་ཀྱི་གཙོ་བོ་ཐེག་པ་ཆེན་པོའ་མདོ་སྡེ་ལ། རྣམ་དཔྱོད་ཀྱི་བློ་དང་ལྡན་པའི་རང་བྱུང་རྡོ་རྗེ་ཞེས་བྱ་བས་སྦྱར་བ་རྫོགས་སོ། །
༄༅། །ཁྲིད་བརྒྱའི་བརྒྱུད་པའི་ལོ་རྒྱུས་བཞུགས་སོ། །
༄། དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་གྲོལ་བྱེད་ལམ་གྱི་སྙིང་པོའི་དོན་ཁྲིད་བཞུགས་སོ༎
༄༅། འདུས་པ་ཆེན་པོ་མདོའི་ངང་སྒོམ་གྱི་ཁྲིད་རིམ་ཁོལ་ཕྱུང་དུ་བཀོད་པ་ཤེལ་དཀར་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
༄༅། །ནག་པོ་ཨུ་ཙི་ཏ་འཆི་བ་མེད་པས་མཛད་པ་ཡོན་པོ་སྲོང་བའི་གདམས་པ་བཞུགས་སོ༎
༄༅། ཁྲིད་བརྒྱའི་བརྒྱུད་པའི་ལོ་རྒྱུས་ཁ་སྐོང་བཞུགས་སོ། །སརྦ་དཱ་མངྒ་ལཾ། །
... further results"{{{" can not be assigned to a declared number type with value 1.
- ↑ རྡོམ་བི་ཡང་ཟེར།
- ↑ རྡོ་རྗེ་དྲིལ་བུ་ཡང་ཟེར།
- ↑ ཡང་ན་འབར་བ་དང་བཅུ་གཅིག་ཀྱང་འོང་།
- ↑ ངག་འདྲེན་པ་རྒྱུན་མི་འཆདཆད་དུ།
- ↑ ངོ་དམར་ཏིང་སོང་སོང་དུ།
- ↑ །དཀའ་ཐུབ་དང་བུ་ཆུང་གི་
- ↑ སྐྱེ་བའི་གོ་རིམ་ངེས་པ་མེད།
- ↑ བརྟན་པའི་གོ་རིམ།
- ↑ ལྔ་ཚན་དང་པོས།
- ↑ ་་མྱོང།
- ↑ འཛིན་རྟོག་གྲོལ།
- ↑ གཟུངས་རྟོག་གྲོལ།
- ↑ ལྔ་ཚན་གསུམ།
- ↑ ལམ་བརྒྱད་ཚན།
- ↑ སྐུ་གསུམ།
- ↑ བུ་ཆུང་རྟོག་མེད་ཀྱི་དབང་དུ་བྱས་ན།
- ↑ བདེ་བ་སྐྱེ་བའི་རྒྱུ།
- ↑ གཤིན་རྗེའི་གཤེད་རྟོག་པ་དང་།
- ↑ མགྱོགས་བྱེད་ཕོ་ཉའི་ལམ་པ་བདེ་བ་སྐྱེ་བའི་རྐྱེན།
- ↑ སྒྲུབ་པ་དང་བསྟུན།
- ↑ སྐྱེས་བ་གང་གིས་ཀྱང་།
- ↑ དངོས་གྲུབ་ཀྱི་གནས་སུ་གྱུར་པ།
- ↑ སྐྱེས་པ་གཞན་མི་འདོད་པ།
- ↑ བར་ཆད་འབྱུང་བས།
- ↑ ཅུང་ཞིག་སྦོམ་པ།
- ↑ གཞུང་བཟང་བ།
- ↑ གཞུང་བཟང་བ། སྒྲུབ་པ་པོའི་ལོངས་སྤྱོད་ཆེ་ལ་ཕན་པ།
- ↑ characters missing in the pecha scan
- ↑ འབྲིང་ཚད་ལོ།
- ↑ སྐྱེས་པ་ལ་འཁྱུད་པ་ལ་སོགས་པ་མི་བྱེད་པ།
- ↑ མང་པོ་འཚོགས་ན།
- ↑ ལ་གཏད་ས་མེད་པ།
- ↑ ཅོལ་ཆུང་བ།
- ↑ སྒྲུབ་པོ་ལ་བར་ཆད་བྱེད་པས།
- ↑ བིརྦ་པ་དང་འདྲ།
- ↑ ངག་བརྟེན།
- ↑ ཁ་ཟས་ཀྱིས།
- ↑ རྟགས་མི་འབྱུང་མི་སྲིད།
- ↑ སྣ་ཚོགས་ཐམས་ཅད་འདི་ལ།
- ↑ དཀའ་ཐུབ།
- ↑ བུ་ཆུང་།
- ↑ རླུང་སེམས།
- ↑ ལུས་བཅོས་
- ↑ སེམས་ཀྱི་
- ↑ རླུང་སྔོ་ཕྱི་ལེ་བ་སོར་བཞིའམ་གཉིས་ཀྱི་ཚད་ལ་དམིགས།
- ↑ བཙན་ཐབས་སུ་སྟེང་འོག་རླུང་ཁ་སྦྱར་དེས་ཞག་གསུམ་ན་ལྟེ་བར་འབུར་གྱིས་འོང་གསུངས།
- ↑ ཡུམ་བཞི་དང་སྦྱར་བའི་དུས་ན།
- ↑ འདི་ལྟ་བུའི་བཞི་ལྡན་གྱི་རྩ་ཀུན་འདར་སྦྲུལ་གྱི་མགོ་རླུང་གིས་བསྐྱོད་པ་ལྟར། ལྟེ་བའི་གནས་དེར་ཕྲིག་ཕྲིག་ཡོང་བར་བསམ།
- ↑ ཞིང་མགོ་སྤྲུགས།
- ↑ དེས་འགྲེ།
- ↑ དབུགས་ནང་དུ་རྟག་ཏུ་རྔུབས།
- ↑ ༡
- ↑ ༢
- ↑ ༣
- ↑ ༤
- ↑ ༥
- ↑ ༦
- ↑ ༧
- ↑ ༨
- ↑ ༩
- ↑ ༡༠
- ↑ ༡༡
- ↑ ༡༢
- ↑ ༡༣
- ↑ ༡༤
- ↑ ༡༥
- ↑ ༡༦
- ↑ ༡༧
- ↑ ༡༨
- ↑ ༡༩
- ↑ ༢༠
- ↑ ༢༡
- ↑ ༢༢
- ↑ ༢༣
- ↑ ༢༤
- ↑ ༢༥
- ↑ ༢༦
- ↑ ༢༧
- ↑ ༢༨
- ↑ ༢༩
- ↑ ༣༠
- ↑ ༣༡
- ↑ ༣༢
- ↑ ཅན་ལ།
- ↑ ཁྲོ་ཕུ་ལོ་ཆེན་གྱི་མཚན་
- ↑ རྗེ་དགུ་པ་དབང་ཕྱུག་རྡོ་རྗེ།
- ↑ Nitartha correction: Pecha scan of the Shechen edition reads ཕྱན་
- ↑ Nitartha correction: Pecha scan has a མེད་ superscribed over this line, which otherwise would read མཚན་ཉིད་པའི་ཆོས་ཀྱི་འཁོར་ལོའི་མདོ
- ↑ Nitartha correction: Pecha scan of the Shechen edition reads ཅི་ནུས་ཀྱི་གཞན་ནོན་བྱ་བ་ཡིན་པས།
- ↑ Nitartha correction: Pecha scan of the Shechen edition reads སྐྲས་
- ↑ Nitartha correction: Pecha scan of the Shechen edition reads དེ་བསྟན་པས་རྗེས་་་་་་འཇུག་ག་དོན་རྟོགས་ནུས་དགོས་པ་དང་།
- ↑ Nitartha correction: Pecha scan of the Shechen edition reads རྒྱས་པར་བཤེད་པ།
- ↑ Nitartha correction: Pecha scan of the Shechen edition reads གཏན་ལ་ཕེབ་པ་སྟེ།
- ↑ Nitartha correction: Pecha scan of the Shechen edition reads སྲོག་ལ་བབ་ཀྱང་
- ↑ སྲོག་གཅོད་
- ↑ བརྐུས་པ་
- ↑ ཕྱི་རོལ་
- ↑ བརྫུན་སྨྲས་པ་
- ↑ ཕྲ་མ་པ་
- ↑ ཚིག་རྩུབ།
- ↑ འཆལ་པ་
- ↑ བརྣབ་སེམས་
- ↑ གནོད་སེམས་
- ↑ ལོག་ལྟ་
- ↑ Nitartha correction: Pecha scan of the Shechen edition reads དབང་པོ་
- ↑ Nitartha correction: Pecha scan of the Shechen edition reads དབང་པོ་
- ↑ Nitartha correction: Pecha scan of the Shechen edition reads །དེ་ནི་རྣལ་འབྱོར་པ་
- ↑ Nitartha correction: Pecha scan of the Shechen edition reads །རྣལ་འབྱོར་པ་
- ↑ Nitartha correction: Pecha scan of the Shechen edition reads གེག་མེད་
- ↑ Nitartha correction: Pecha scan of the Shechen edition reads བརྩ་བས་
- ↑ Nitartha correction: Pecha scan of the Shechen edition reads །བྲམ་ཟེ་ཨཱརྻ་དེ་ཝའི་
- ↑ Nitartha correction: Pecha scan of the Shechen edition reads །གཞུང་ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་
- ↑ Nitartha correction: Pecha scan of the Shechen edition reads ཚིགས་སུ་བཅད་པ་ལྔ་བཅུ་པ