DNZ-03-GA-004 and DNZ-03-GA-005: Difference between pages

From Damngak Dzö
(Difference between pages)
DNZ-03-GA-004
m (Text replacement - "ᨑ" to "ི")
 
m (Text replacement - "ᨑ" to "ི")
 
Line 12: Line 12:
|volumenumber=03
|volumenumber=03
|volumeLetter=GA
|volumeLetter=GA
|textnuminvol=004
|textnuminvol=005
|pdflink=File:DNZ-03-GA-004.pdf
|pdflink=File:DNZ-03-GA-005.pdf
|InitCategories=Damngak Rinpoché Dzö; DNZ-Volume-03-GA
|InitCategories=Damngak Rinpoché Dzö; DNZ-Volume-03-GA
}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༄༅། །བྱང་ཆུབ་ལམ་གྱི་སྒྲོན་མའི་འགྲེལ་པ་སྙིང་པོར་བསྡུས་པ་བྱང་ཆུབ་ལམ་གྱི་སྣང་བ་རབ་ཏུ་གསལ་བ་ཞེས་བྱ་བ་བཞུགས་སོ།
{{TibP|༄༅། །རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ།


བྱང་ཆུབ་ལམ་གྱི་སྒྲོན་མའི་འགྲེལ་པ་སྙིང་པོར་བསྡུས་པ་བྱང་ཆུབ་ལམ་གྱི་སྣང་བ་རབ་ཏུ་གསལ་བ་ཞེས་བྱ་བ། བླ་མ་ཤཱཀྱའི་རྒྱལ་པོའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །བསོད་ནམས་བརྒྱ་ལྡན་མཚན་གྱི་མེ་ཏོག་དཔེ་བྱད་མཛེས་པའི་ཟེའུ་འབྲུ་ཆགས། །ཡན་ལག་དྲུག་ཅུའི་དབྱངས་ཀྱི་རྔ་སྒྲས་རིགས་གསུམ་གདུལ་བྱར་ཐར་ལམ་སྟོན། །ཡེ་ཤེས་ནམ་མཁའི་མེ་ལོང་ངོས་སུ་ཤེས་བྱའི་གཟུགས་བརྙན་མ་འདྲེས་གསལ། །བདག་ཅག་སྟོན་མཆོག་བཀའ་དྲིན་མཉམ་མེད་སྙིང་ནས་དྲན་ནོ་ཐུགས་རྗེས་སྐྱོངས། །སེམས་མཆོག་བསྐྱེད་ནས་རྒྱུན་གྱི་མཐའ་བར་ལམ་ཞུགས་ས་ལ་གནས་རྣམས་དང༌། །དེ་དག་གང་ལས་འབྱུང་བའི་གནས་གྱུར་སེམས་ཀྱི་དམ་པ་རིན་ཆེན་ཏེ། །དེ་ཉིད་སྟོན་བྱེད་དགེ་བ་གསུམ་ལྡན་ལེགས་གསུང་ཉི་ཟླའི་དཀྱིལ་འཁོར་ལ། །དད་ཅིང་མོས་པའི་ཡིད་ཀྱི་འདབ་བརྒྱ་ཡང་སྲིད་ཀུན་ཏུ་གྲོལ་གྱུར་ཅིག
ན་མོ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ  རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡོན་ཏན་དུ་མའི་ནོར་གྱིས་བརྗིད་པ་ཡི། །བརྒྱུད་པ་གསུམ་གྱི་བླ་མ་ལ་བཏུད་ནས། །མར་མེ་མཛད་དཔལ་བཞེད་གཞུང་སྙིང་པོའི་དོན། །ཤིང་རྟ་ཆེན་པོའི་ལམ་མཆོག་འདིར་བཤད་བྱ། །དེ་ལ་འདིར་དུས་གསུམ་དུ་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་རྒྱལ་དང་ཉན་ཐོས་སུ་བཅས་པ་ཐེག་པ་གསུམ་གྱི་འཕགས་པ་ཐམས་ཅད་ལམ་འདི་ཉིད་བསྒོམས་ཏེ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་བརྙེས་པ་ལགས་ཏེ། ཆོས་ཚུལ་འདི་ལ་བསྟན་པ་ལ་འཇུག་པའི་རིམ་པ་ཞེས་ཀྱང་བྱ། སྐྱེས་བུ་གསུམ་གྱི་ལམ་རིམ་ཞེས་ཀྱང་བྱ། བྱང་ཆུབ་ལམ་གྱི་རིམ་པ་ཞེས་ཀྱང་བྱ། ཤིང་རྟ་ཆེན་པོའི་འཇུག་ངོགས་ཞེས་ཀྱང་བྱ་སྟེ། ཆོས་འདི་སྟོན་
མཐའ་ཡས་སྒྱུ་འཕྲུལ་ཁ་བ་ཅན་ལྗོངས་སུ། །ཐར་ལམ་མ་ནོར་སྟོན་མཛད་རྒྱལ་བའི་སྲས། །ས་གསུམ་གྲགས་པའི་རྒྱལ་མཚན་མངོན་མཐོ་བ། །མགོན་པོ་ཨ་ཏི་ཤ་ལ་ཕྱག་བགྱིའོ། །གང་དེའི་བརྒྱུད་འཛིན་བཀའ་རྣམས་གདམས་ངག་ཏུ། །སྟོན་པའི་རིང་ལུགས་གསར་རྙིང་མུ་ཏིག་ཕྲེང༌། །རྣམ་ཐར་གསེར་གྱི་སྐུད་པར་བརྒྱུས་དེ་རྣམས། །ཡིད་ཆེས་དད་པས་གཙུག་གི་རྒྱན་དུ་བཅིངས། །ཐོས་པ་ཙམ་གྱིས་སྲིད་ལས་ངེས་པར་འབྱིན། །ཉམས་སུ་བླངས་པས་གཏན་གྱི་འདུན་མ་འགྲུབ། །དྲི་མེད་བཻ་ཌཱུ་
པར་བྱེད་པ་ལ། ལམ་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་བསྟེན་པ་དང༌། ལམ་རིམ་དངོས་སྐྱེས་བུ་གསུམ་གྱི་བསམ་པ་ལ་བསླབ་པ་དང༌། དེ་ལས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ལ་སྦྱོར་ཚུལ་ཏེ་གསུམ་མོ། །དང་པོ་ནི། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དང་དེ་ལ་གུས་པས་བསྟེན་ཚུལ་ཁོང་དུ་ཆུད་པར་བྱས་ནས༑ མཉམ་བཞག་ཐུན་གྱི་སྐབས་སུ་འདི་ལྟར་བྱ་སྟེ། རྐང་པ་སྐྱིལ་ཀྲུང་བཅའ། ལུས་དྲང་པོར་བསྲང་བ་སོགས་སྤྱོད་ལམ་རགས་པ་གཙང་སིང་ངེ་བ་བྱས་ནས། སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་དབྱིངས་གང་བ་ལ་དམིགས། ཕྱག་འཚལ་བ་དང་མཆོད་པ་རྒྱས་བསྡུས་ཇི་ལྟར་རིགས་པ་གཅིག་ཡན་ལག་བདུན་པ་ལས་ལོགས་སུ་བྱེད་དགོས་པས། ཐོག་མར་ཕྱག་མཆོད་སྔོན་དུ་བཏང༌། དེ་རྗེས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་དེ་དོན་དྲན་བཞིན་པས་ཚར་གསུམ་བརྗོད། །དེ་ནས་མདུན་གྱི་ནམ་མཁའ་ལ་ཆེས་མཐོ་བའི་སྟེང་གི་ཕྱོགས་སུ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས། མདུན་དྲང་ཐད་ཀྱི་ནམ་མཁར་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་ཐིབས་སེ་བཞུགས་པར་བསམ་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། བླ་མ་ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བདག་ལ་དགོངས་སུ་གསོལ། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་ལ་ཕྱིན་ཅི་ལོག་གི་དྲི་མ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། ཕྱིན་ཅི་མ་ལོག་པའི་རྟོགས་པ་ཐམས་ཅད་སྐྱེད་པར་མཛད་དུ་གསོལ། ཐེག་པ་ཆེན་པོའི་ཆོས་བསྒྲུབ་པ་ལ་བར་ཆད་ཐམས་ཅད་སེལ་བར་མཛད་དུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ་བོ། །མཐར་ཡང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་གཅིག་ཕུལ་ལ། རྩ་བརྒྱུད་ཀྱི་བླ་མ་རྣམས་རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་འོད་ཀྱི་གུར་ཁང་དུ་བཞུགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དེ་ཉིད་དུ་མི་སྣང་བར་མོས། བདག་གི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་པ་དང༌། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་པ་ལྟ་བུས་དགེ་བ་བསྔོ། ཐུན་མཚམས་སུ་ཡང་བླ་མའི་སྐྱོན་ལ་མི་བརྟག །ཡོན་ཏན་ཁོ་ན་དྲན་པར་བྱ། བདག་ལ་སངས་རྒྱས་དངོས་སུ་མཐོང་བའི་སྐལ་པ་ནི་མེད། དུས་གསུམ་དུ་བཞུགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རྣམ་འཕྲུལ་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བསྟན་པ་ཡིན་པས། བདག་གི་བླ་མ་འདི་དོན་ལ་ནི་སངས་རྒྱས་དངོས་ཡིན། བདག་ལ་བཀའ་དྲིན་གྱི་སྒོ་ནས་ནི་སངས་རྒྱས་ཀུན་བས་ཀྱང་ཆེས་ལྷག །མཐོ་རིས་ཐར་པ་སངས་རྒྱས་གསུམ་གང་འདོད་ཀྱང་ཐབས་གང་དགོས་བདག་ལ་མ་སྦས་པར་གནང་བ་ཡིན། བདག་གི་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེས་པ་དང༌། སྐྱོན་སྣ་གཅིག་བྲི་བ་ཡང་བླ་མའི་བཀའ་དྲིན་ཡིན། ཤིན་ཏུ་རྙེད་པར་དཀའ་བའི་ཆོས་ཟབ་མོ་འདི་ལྟ་བུ་ཐོབ། བཀའ་དྲིན་རེ་ཆེ་སྙམ་དུ་བསམ། གཞན་ཡང་བདག་གི་ལུས་དང་ལོངས་སྤྱོད་ཐམས་ཅད་ཀྱང་བླ་མའི་ཕྱིར་དུ་གཏོང་དགོས། ལུས་ཀྱི་སྒོ་ནས་བླ་མའི་བཞེད་པ་དང་མཐུན་པའི་བཀུར་སྟི་རིམ་གྲོ་འཕྲལ་གཡོག་གི་བྱ་བ་ཐམས་ཅད་ཀྱང་བསྒྲུབ་དགོས། ངག་གི་སྒོ་ནས་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསྔགས་པ་དང༌། ཞབས་ཏོག་ཏུ་འགྱུར་བའི་གཏམ་ཁོ་ན་སྨྲ་དགོས། སྤྱོད་ལམ་གྱི་སྒོ་ནས་ཐུགས་གང་ལ་དགྱེས་པ་དང༌། གསུང་ཅི་འབྱོན་པ་དེ་བསྒྲུབ་དགོས་སྙམ་དུ་ཡང་ཡང་བསམ་ཞིང་ལག་ལེན་དུ་ཐེབས་པར་བྱའོ། །དེ་ལ་སྐབས་འདིར་གསོལ་འདེབས་ཀྱི་དོན་ནི། ཕྱིན་ཅི་ལོག་གི་དྲི་མ་ལྔ་སྟེ། ཚེ་འདི་ལ་མངོན་པར་ཞེན་པའི་དྲི་མ། ལས་རྒྱུ་འབྲས་ལ་ཡིད་མི་ཆེས་པའི་དྲི་མ། འཁོར་བ་ལ་བདེ་བར་འཛིན་པའི་དྲི་མ། རང་དོན་ལ་གཅེས་པར་འཛིན་པའི་དྲི་མ། དངོས་པོ་དང་མཚན་མ་ལ་ཡང་དག་ཏུ་འཛིན་པའི་དྲི་མའོ། །ཕྱིན་ཅི་མ་ལོག་པའི་རྟོགས་པ་ཡང་ལྔ་སྟེ། ཚེ་འདི་ལས་ཕྱི་མ་གལ་ཆེ་བར་རྟོགས་པ། ལས་འབྲས་ལ་ཡིད་ཆེས་པར་རྟོགས་པ། འཁོར་བ་སྡུག་བསྔལ་དུ་རྟོགས་པ། རང་དོན་བས་གཞན་དོན་གཅེས་པར་རྟོགས་པ། དོན་དམ་སྟོང་པ་ཉིད་དང་ཀུན་རྫོབ་སྒྱུ་མར་རྟོགས་པའོ། །ཆོས་སྒྲུབ་པའི་བར་ཆད་ལ། ཕྱི་མི་དང་མི་མ་ཡིན་གྱིས་གནོད་པ༑ བར་འབྱུང་བ་ལུས་འཁྲུགས་ཀྱི་ན་ཚ། ནང་ཆོས་འགལ་གྱི་རྣམ་རྟོག་ཉོན་མོངས་རྣམས་ཡིན་པས། དེ་གསུམ་སེལ་བར་མཛད་དུ་གསོལ་ཞིག་པའོ། །དམིགས་སྐོར་གཅིག་གོ །གཉིས་པ་ལམ་རིམ་དངོས་སྐྱེས་བུ་གསུམ་གྱི་བསམ་པ་ལ་བསླབ་པ་ལ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་གི་རིམ་པ་ལ་བསླབ་པ། སྐྱེས་བུ་འབྲིང་དང་ཐུན་མོང་གི་རིམ་པ་ལ་བསླབ་པ། སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་རིམ་པ་ལ་བསླབ་པ་སྟེ་གསུམ་ལས། དང་པོ་ལ་སྤྱིར་སྲོལ་ཀ་སོ་སོ་ལ་ཁྲིད་ལུགས་མི་འདྲ་བ་དུ་མ་འདུག །རྗེ་བཙུན་མར་མེ་མཛད་དཔལ་བཀའ་སྲོལ་གདམས་ངག་འདི་པ་རང་གི་ལུགས་ཀྱིས་ཀྱང༌། འགའ་ཞིག་འཁོར་བའི་སྡུག་བསྔལ་བསམ་པ་ལ་འགོ་འཛིན། འགའ་ཞིག་ལས་འབྲས་ནས་འགོ་འཛིན། འགའ་ཞིག་དལ་འབྱོར་རྙེད་དཀའ་ནས་འགོ་འཛིན། ཕལ་ཆེར་འཆི་བ་མི་རྟག་པ་ནས་འགོ་འཛིན་པར་མཛད་པ་སོགས་སྣ་ཚོགས་ཡོད་ཀྱང་ཐམས་ཅད་གནད་གཅིག་ལ་འབབ། དོན་གྱི་
མཚུངས་རྣམ་དག་གཞུང༌། །གངས་ཅན་སྐྱེ་དགུའི་སྤྱི་ནོར་འདི་ཀོ་རྨད། །ཡོངས་གྲགས་ཉི་ཟླ་ལྟ་བུའི་བཀའ་སྲོལ་ཉིད། །དམ་པ་དུ་མས་ཤིན་ཏུ་གསལ་མཛད་མོད། །རང་མཉམ་བློ་གྲོས་བུམ་ཆུང་འགེངས་སླ་བའི། །ཚིག་འགྲེལ་བདུད་རྩིའི་ཉིང་ཁུ་ཅུང་ཟད་སྤེལ། །འདིར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་
སྟེང་ནས་ཁྱད་པར་མེད། འོན་ཀྱང་སྤྱི་ཁྱབ་གྲགས་ཆེ་བར་མཐུན་པར་དལ་འབྱོར་རྙེད་དཀའ་ནས་འགོ་བཟུང་ན་དེ་ཀ་མི་རྟག་བསྒོམ་པའི་གཞི་རྟེན་ཡིན་པས། མི་རྟག་བསྒོམ་པའི་འགོ་འཛིན་པ་དང༌། དོན་ལ་ཁྱད་ནམ་ཡང་མེད་པ་ལས་འཕྲལ་འདི་དངོས་རྣམ་པ་བདེ་བར་སྣང་བས་དེའི་དབང་དུ་བྱས་ཏེ་བཤད་ན། འདི་ལ་དལ་འབྱོར་རྙེད་དཀའ་བསམ་པ། འཆི་བ་མི་རྟག་པ་བསམ་པ། ངན་སོང་གི་སྡུག་བསྔལ་བསམ་པ། ལས་རྒྱུ་འབྲས་བསམ་པ་སྟེ་བཞིའོ། །དང་པོ་ནི། ཕྱག་མཆོད་ཡན་ལག་བདུན་པ་སྔར་བཞིན་བྱས། གོང་དུ་བཤད་པའི་གསོལ་འདེབས་དེ་ཡང་ཅུང་ཟད་བྱ་སྟེ། དེ་རྗེས་རང་གི་ལུས་དང་གནས་དང་ལོངས་སྤྱོད་དང་ཡུལ་ཕྱོགས་སོགས་ཐམས་ཅད་ལ་གཞིག་འགྲེལ་ཞིག་བཏང་སྟེ་བདག་གིས་ད་རེས་ཐོབ་པའི་མི་ལུས་འདི་འདྲ་བ་ལར་ནས་ཤིན་ཏུ་རྙེད་པར་དཀའ། འདི་དོན་མེད་དུ་མི་གཏོང༌། ཆོས་ལ་ཁོལ་བ་ཞིག་བྱེད་དགོས་སྙམ་པ་དམིགས་པའི་གཞི་འདི་སྤྱི་ལྡོག་ནས་ཐམས་ཅད་ཀྱི་མགོར་སྦྱར་ནས་བསྒོམ་སྟེ། དེ་ལ་སྡོམ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་ཅན་དང་སངས་རྒྱས་སྟོང༌། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་ལྟར་ལས། ངན་སོང་གསུམ་དུ་སྐྱེས་ན་ནི་སྡུག་བསྔལ་དོས་དྲག་པ་དང༌། ལུས་དེ་ཆོས་ཀྱི་རྟེན་དུ་ཤིན་ཏུ་ངན་པས་ཆོས་བྱེད་མི་ཁོམ། འདོད་ཁམས་ཀྱི་ལྷ་རྣམས་ཀྱང་འདོད་ཡོན་ལ་ཆགས་པས་གཡེངས། གཟུགས་ཁམས་དང་གཟུགས་མེད་ཀྱི་ལྷ་ཕལ་ཆེར་ཏིང་ངེ་འཛིན་གྱིས་མྱོས་པས་ཆོས་ཉན་པའི་སྐལ་པ་མེད། ལྷ་མ་ཡིན་ཡང་འདོད་ལྷ་དང་འདྲ་བ་ལས་ལྷག་པོར་ངན་སོང་བཞིན་དུ་ལུས་རྟེན་ངན། སངས་རྒྱས་མ་བྱོན་པའི་འཇིག་རྟེན་ཁམས་སུ་སྐྱེས་
སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ་རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པར་བསྡུས་པ། བྱང་ཆུབ་ལམ་གྱི་སྒྲོན་མ་འཆད་པ་ལ་གཉིས། བཤད་བྱའི་ཡན་ལག་དང༌། གདམས་པ་དངོས་ཀྱི་དོན་ནོ། །དང་པོ་ནི། བི་ཀྲ་མ་ལ་ཤཱི་ལའི་མཁས་པ་རྣམས་ཀྱིས། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ། གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ་བསྟན་པ། ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་དང་གསུམ་སྔོན་དུ་གལ་ཆེ་བར་བཞེད་པ་ལྟར་འདིར་ཡང་ཅུང་ཟད་བཤད་ན། དང་པོ་གཞུང་འདི་མཛད་པ་པོ་ནི། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བསམ་བཞིན་དུ་ཟ་ཧོར་གྱི་ཡུལ་དུ་རྒྱལ་རིགས་ཆེན་པོར་སྐུ་འཁྲུངས་ཤིང༌། སྡེ་སྣོད་གསུམ་མང་དུ་མཁྱེན་པ་ལུང་གི་ཡོན་ཏན་དང༌། དེ་ཚུལ་བཞིན་དུ་བསྒྲུབས་པས་རྟོགས་པའི་ཡོན་ཏན་མཐའ་དག་བརྙེས་ནས། རྡོ་རྗེ་གདན་བྱང་ཆུབ་ཆེན་པོའི་ཕོ་བྲང་དུ་མུ་སྟེགས་ཀྱི་སྨྲ་བ་ངན་པ་ལན་གསུམ་དུ་ཆོས་ཀྱིས་ཕམ་པར་མཛད་པ་སོགས་རྒྱ་བོད་གཉིས་སུ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ཅིང༌། ཁྱད་པར་བོད་དུ་ཕེབས་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་ཞིང༌། གཞུང་འདི་ཉིད་མཛད་པ་ལ་སོགས་པའི་སྒོ་ནས་རྒྱལ་བའི་བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་
པའམ། སངས་རྒྱས་བྱོན་པའི་ཞིང་ཁམས་སུ་ཡང་ཆོས་དར་བའི་ས་ཆ་ནི་རྒྱ་ཆུང༌། ཆོས་མེད་ས་ཆ་ཡུལ་ཕྱོགས་མཐའ་འཁོབ་ཀླ་ཀློར་སྐྱེས་པའམ། ཆོས་དར་བའི་ཡུལ་ཕྱོགས་སུ་སྐྱེས་ཀྱང་ལོག་ལྟ་ཅན་ཆོས་ལ་སྡང་བའམ། གླེན་ལྐུགས་སུ་གྱུར་ནས་བླང་དོར་གྱི་གནས་གང་ཡང་མི་གོ་བར་སོང་ན་ཆོས་བྱེད་པའི་སྐལ་པ་མི་འདུག་པ་ལས། བདག་གིས་ད་རེས་མི་ཁོམ་པ་བརྒྱད་ལས་ལོག་ནས་ཆོས་བྱེད་ནུས་སུ་རུང་བའི་ལུས་ཤིག་ཐོབ་འདུག་སྙམ་པ་དང༌། སྡོམ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པ་ལྟར་ཏེ། བདག་སྤྱིར་མི་ལུས་ཐོབ། དགོས་སུ་ཡུལ་དབུས་ཆོས་དར་བར་སྐྱེས། ཡང་དགོས་སུ་དབང་པོ་སྒོ་ལྔ་ཚང་བས་སྤང་བླང་ཤེས་སུ་རུང༌། ཞེས་དགོས་སུ་ལྟ་བ་ལོག་པ་དང་མ་ཕྲད་ཙམ། མཚམས་མེད་ལྟ་བུ་ལོག་པར་ལྟ་བའི་ལས་ཀྱང་མ་བྱས་ཙམ། གནས་དམ་པའི་ཆོས་འདུལ་བ་ལ་དད་པ་སྐྱེད་རུང་བ་ཙམ་དུ་འདུག་པས་རང་གི་འབྱོར་བ་ལྔ་ཚང་འདུག །འཇིག་རྟེན་དུ་སངས་རྒྱས་ཀྱང་བྱོན་ཟིན། དམ་པའི་ཆོས་ཀྱང་གསུངས་ཟིན། བསྟན་པ་ཡང་མ་ནུབ་པར་གནས། ཆོས་ལ་གསར་དུ་འཇུག་པ་ཡང་མང་བའི་སྐབས་སུ་ཡོད། ཆོས་བྱེད་རྣམས་ལ་གཞན་གྱིས་སྙིང་བརྩེ་བའི་སྒོ་ནས། ཟས་གོས་ཡོ་བྱད་སོགས་ཀྱང་སྟེར་བ་པོ་མང་པོ་སྣང་བས་ཆོས་
བཙུགས། སྲོལ་ཅུང་ཟད་ཡོད་པ་རྣམས་གསལ་བར་མཛད་པས་ཀུན་ཀྱང་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་མ་ནོར་བ་ལ་དངོས་དང་བརྒྱུད་པའི་སྒོ་ནས་འཁྲིད་པར་མཛད་པའི་པཎྜི་ཏ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞེས་བྱ་བ་སྟེ། ནག་ཚོ་ལོ་ཙཱ་བའི་བསྟོད་པ་བརྒྱད་ཅུ་པ་ལས། ཇོ་བོ་བོད་དུ་མ་བྱོན་ན། །ཐམས་ཅད་ལོང་བ་བཞིན་དུ་གྱུར། །མཁྱེན་པ་རྒྱས་པ་ཁྱོད་བྱོན་པས། །བོད་དུ་ཡེ་ཤེས་ཉི་མ་ཤར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཆོས་ཀྱི་ཆེ་བ་ནི། ས་གསུམ་གྱི་སྒྲོན་མེ་གཅིག་པུ་ཐུབ་པའི་གསུང་རབ་ཐམས་ཅད་ཀྱི་བཅུད་བསྡུས་པ། ཤིང་རྟ་ཆེན་པོ་གཉིས་ཀྱི་ལམ་སྲོལ། བརྒྱུད་པའི་ཆུ་བོ་གསུམ་འདྲེས་ཀྱི་མན་ངག །མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ཆེན། མདོ་དང་དགོངས་འགྲེལ་མཐའ་དག་གི་ལྡེའུ་མིག །རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱི་གཤེགས་ཤུལ། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བྱ་མ་ཚང་བ་མེད་པར་སྟོན་པའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་སྟེ། མདོ་སྔགས་གཉིས་ཀའི་གནད་བསྡུས་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང༌། སེམས་ཅན་འདུལ་བའི་རིམ་པ་གཙོ་བོར་སྟོན་པས་ལག་ཏུ་བླང་བདེ་བ་དང༌། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ཀྱི་གདམས་པས་བརྒྱན་པས་ལུགས་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བའི་ཚུལ་ནི། ཉན་པའི་ཚུལ།
མཐུན་གྱི་འཚོ་བ་འབྱོར་དུ་རུང་བའི་སྐབས་སུ་འདུག་པས་གཞན་འབྱོར་ལྔ་པོ་ཡང་བདག་ལ་ཚང༌། དེ་ལྟར་ན་མི་ཁོམ་པ་བརྒྱད་ལས་ལོག །འབྱོར་བ་བཅུ་ཚང་བའི་ལུས་འདི་ལྟ་བུ་ཤིན་ཏུ་རྙེད་དཀའ། སྐབས་འདིར་ཆོས་ལ་འབད་དགོས་པར་འདུག་སྙམ་པ་རྒྱུ་མཚན་དྲན་པའི་སྒོ་ནས་ཡང་ཡང་བསམ། རྗེས་ཐུན་མཚམས་ལ་འཇུག་ན་གོང་བཞིན་དགེ་བ་བྱང་ཆུབ་ཏུ་བསྔོ། དམིགས་སྐོར་གཉིས་པའོ། །ཡང་སྔོན་འགྲོ་དང་རྗེས་སྔ་མ་བཞིན་ལས་སེམས་ཅན་རྣམས་ཀྱི་ནང་ན་ངན་སོང་གི་འགྲོ་བ་ནི་ཤིན་ཏུ་མང༌། དཔེར་ན་ས་ཆེན་པོའི་རྡུལ་ཙམ། མཐོ་རིས་ཀྱི་འགྲོ་བ་ནི་ཤིན་ཏུ་ཉུང༌། དཔེར་ན་སེན་མོའི་སྟེང་གི་རྡུལ་ཙམ་ཡིན། ཡང་དམྱལ་བ་ནི། ས་གཞི་ཆེན་པོའི་རྡུལ་ཕྲན་ཙམ། ཡི་དྭགས་ནི་ཁ་བ་བུ་ཡུག་འཚུབས་པ་ཙམ། དུད་འགྲོ་བྱིངས་ནི་རྒྱ་མཚོ་ཆེན་པོར་ཆང་གར་མའི་སྦང་མ་ཙམ། དུད་འགྲོ་ཁ་ཐོར་བ་ནི། ས་གཞི་རི་ཀླུང་བར་སྣང་ཐམས་ཅད་ཁེངས་པ་ཙམ། ལྷ་དང་མིའི་འགྲོ་བ་ནི། དེ་རྣམས་ལ་ལྟོས་ན་སྲིད་མཐའ་ཙམ་ཡིན་པར་འདུག །དེ་ལས་ཀྱང་སྤྱིར་མིའི་འགྲོ་བ་ཉུང༌། དགོས་སུ་འཛམ་བུ་གླིང་པའི་མི་ཉུང༌། ཡང་དགོས་སུ་ཆོས་བྱེད་པའི་མི་ལུས་ནི་སྲིད་མཐའ་ཙམ་དུ་འདུག་སྟེ། ད་རེས་ཅིས་ཀྱང་ཆོས་ལ་འབད་དགོས་སྙམ་པ་དང༌། དེ་ལྟར་འབྱུང་བའི་རྒྱུ་མཚན་ཡང་སེམས་ཅན་གྱི་ནང་ན་སྡིག་པའི་ལས་བྱེད་པ་ནི་ཆེས་མང་སྟེ་མཐའ་མེད། དགེ་བའི་ལས་བྱེད་པ་ནི་སྤྱི་ཙམ་ནས་ཀྱང་ཤིན་ཏུ་ཉུང༌། དགེ་བའི་ནང་ནས་ཀྱང་མི་ལུས་འཕེན་ཐུབ་པའི་ཚུལ་ཁྲིམས་སྲུང་བ་ནི་ཆེས་ཤིན་ཏུ་དཀོན་པས། དེའི་ཕྱིར་མི་ལུས་རྙེད་དཀའ་བ་ཡིན། དེའི་སྟེང་དུ་ཡང་འབྱོར་བ་བཅུ་ཚང་ཞིང་ཆོས་དང་མཇལ་བ་ལ་བསོད་ནམས་མང་པོ་གསོག་དགོས་པས་འདི་འདྲ་ཤིན་ཏུ་རྙེད་དཀའ་བ་ཡིན་ཡང་། སྔོན་སྟེས་དབང་གིས་དགེ་བ་ཆེ་རབ་ཅིག་ལན་གཅིག་བསགས་ཡོད་འདུག་པས་ད་རེས་དལ་འབྱོར་གྱི་ལུས་འདི་ཐོབ་འདུག །སྐབས་འདིར་ཆོས་ལ་འབད་པར་བྱ་སྙམ་དུ་བསྒོམ། དམིགས་སྐོར་གསུམ་པའོ། །འདིར་ཁ་ཅིག་དཔེའི་སྒོ་ནས་རྙེད་དཀའ་བ་ཞེས་ཟེར་ཞིང་། དེ་ལྟར་གྲགས་པ་ནི་དཀོན་པའི་དཔེ་བསྟན་པ་ཙམ་ཡིན་པས་དམིགས་སྐོར་ལོགས་པ་མི་དགོས་སོ། །ཡང་སྔོན་འགྲོ་དང་རྗེས་སྔར་ལྟར་ལས་གོང་དུ་བཤད་པའི་རྒྱུ་མཚན་རྣམས་དྲན་པར་བྱས་ནས། དེ་ལྟར་ཤིན་ཏུ་རྙེད་དཀའ་བའི་མི་ལུས་འདི་ལན་གཅིག་ཐོབ་པའི་སྐབས་འདིར་དོན་ཆེན་པོ་ཞིག་སྒྲུབ་དགོས་པར་འདུག །སྐྱེ་བ་ནས་སྐྱེ་བར་འཁོར་བའི་བདེ་བ་ཕུན་སུམ་ཚོགས་པ་འདོད་ན་ཡང་མི་ལུས་འདི་ལ་བརྟེན་ནས་འབད་མེད་དུ་སྒྲུབ་ནུས། འཁོར་བ་ལས་ཐར་བའི་ཉན་རང་གི་བྱང་ཆུབ་སྒྲུབ་ན་ཡང་ད་རེས་དཀའ་ཚེགས་ཙམ་མེད། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པར་འདོད་ཀྱང་ད་རེས་
བཤད་པའི་ཚུལ། མཇུག་ཏུ་ཐུན་མོང་དུ་ཇི་ལྟར་བྱ་བའི་ཚུལ་རྣམས་ཏེ་རྒྱས་པ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་རྣམས་ལས་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་གདམས་པ་དངོས་ཀྱི་དོན་ལ་གསུམ། མཚན་གྱི་དོན༑ འགྱུར་གྱི་ཕྱག །གཞུང་གི་དོན་ནོ། །དང་པོ་ནི། རྒྱ་གར་འཕགས་པའི་ཡུལ་ན་སྐད་རིགས་ཆེན་པོ་བཞི་ཡོད་པ་ལས། ལེགས་སྦྱར་གྱི་སྐད་དུ། གཞུང་འདིའི་མཚན་ལ་བོདྷི་པ་ཐཱ་པྲ་དཱི་པ་ཞེས་པ། བོད་ཀྱི་སྐད་དུ། བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བར་བསྒྱུར་ལ། དེ་ཡང་བོདྷི་ནི་བྱང་ཆུབ། པ་ཐཱ་ནི་ལམ། པྲ་དཱི་པ་ནི་སྒྲོན་མ་ཞེས་བྱ་བའོ། །དེ་ལ་སྤང་རྟོགས་མཐར་ཕྱིན་པའི་བདག་ཉིད་ཅན་གྱི་སངས་རྒྱས་ཀྱི་ཡེ་ཤེས་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་བྱང་ཞིང༌། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་མ་ལུས་པ་ཆུབ་པས་བྱང་ཆུབ་དང༌། དེར་བགྲོད་པའི་ལམ་གྱི་གེགས་མ་རྟོགས་པ་དང༌། ལོག་པར་རྟོག་པ་དང༌། ཐེ་ཚོམ་གྱི་མུན་པ་མ་ལུས་པ་བསལ་ནས༑ ས་བཅུ་ལམ་ལྔའི་རང་བཞིན་གསལ་བར་བྱེད་པའི་བསྟན་བཅོས་ཡིན་པས་སྒྲོན་མ་ཞེས་བྱའོ། །དེ་ལྟར་བསྟན་བཅོས་བསྒྱུར་བའི་ཐོག་མར་རྒྱ་སྐད་སྨོས་པ་ནི། ཆོས་ཁུངས་བཙུན་པར་ཤེས་པ་དང༌། ལོ་པཎ་རྒྱལ་བློན་རྣམས་ལ་བྱས་ཤེས་དྲིན་གཟོ་སྐྱེ་བ་དང༌། སཾ་སྐྲ་ཏའི་སྐད་ལ་བག་ཆགས་བཞག་པ་སོགས་ཀྱི་ཆེད་ཡིན་ནོ། །གཉིས་པ་འགྱུར་ཕྱག་ནི། ལོ་ཙཱ་བས་འགྱུར་མཛད་པའི་སྔ་ལོགས་སུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་
ཀྱི་སྐབས་འདིར་བྱེད་སླ་བསྒྲུབ་སླ་བ་ཡིན་ལ། མི་ལུས་འདི་འདྲ་བ་ཞིག་མ་ཐོབ་ན། ཐར་པ་དང་སངས་རྒྱས་ལྟ་ཅི་སྨོས། འཁོར་བའི་བདེ་སྐྱིད་ཕུན་སུམ་ཚོགས་པ་གཅིག་ཀྱང་སྒྲུབ་མི་ཤེས་པས་ད་རེས་རང་མི་ལུས་ལ་སྙིང་པོ་ལེན་དགོས་སྙམ་དུ་བསྒོམ། དེ་བཞིན་དུ་གལ་ཏེ་མི་ལུས་ལན་གཅིག་ཐོབ་པ་འདི་དོན་མེད་དུ་སོང་ན་ཤིན་ཏུ་གོད་ཀ་ཆེ་སྟེ། ཇི་སྐད་དུ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་ནས་ནི། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་གསུངས་པ་ལྟར། རང་གིས་རང་ཉིད་ལ་བསླུས་ཚབས་ཆེ། རིན་པོ་ཆེའི་གླིང་དུ་ཕྱིན་ནས་སྟོང་ལྡོག་བྱས་པ་དང་འདྲ༑ འདོད་དོན་ཁྱད་པར་ཅན་གང་བསྒྲུབ་ཀྱང་འགྲུབ་ཏུ་རུང་བའི་རྟེན་ཁྱད་པར་ཅན་ལན་གཅིག་ཐོབ་པ་ལ་བྱ་བ་གང་ཡང་མ་བྱས་པར་དོན་མེད་དུ་ཐལ་འགྲོ་བ་འདི་རང་སྐྱོན་ཆེ་བར་འདུག །སྔར་དེ་ཙམ་ཞིག་དོན་མེད་དུ་སོང༌༑ ད་ནི་ཉི་མ་དེ་རིང་ནས་བརྩམས་ཏེ་དོན་མེད་དུ་མ་ལུས་པར་ཆོས་ལ་འབད་དགོས་སྙམ་དུ་ཡང་ཡང་བསམ་པའོ། །ཡང་ཚེ་འདིའི་བདེ་སྐྱིད་དང་བྱ་བྱེད་རྣམས་བློས་མི་ཐོངས་སྙམ་ན། འཇིག་རྟེན་ན་ཡང་ཕུགས་སྐྱིད་ཡུན་རིང་བ་གཅིག་ཡོད་ན། འཕྲལ་ཞག་འགའ་ཟླ་ཤས་སོས་དལ་བའི་བདེ་བ་ལ་མི་ལྟ་བར་ཕུགས་ཀྱི་དེ་སྒྲུབ་པ་ལ་འབད་རྩོལ་བྱེད་དགོས་པ་ལྟར། སྐྱེ་བ་གཏན་གྱི་བདེ་སྐྱིད་སྒྲུབ་པའི་ཕྱིར་ཚེ་འདིའི་བྱ་བ་ལ་མ་ཆགས་པར་ཆོས་ཀྱི་བྱ་བ་ལ་འབད་དགོས་སྙམ་དུ་བསམ་པའོ། །དེ་དག་གིས་ནི། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་སུ་ཡང་དག་འབྱོར་བར་ག་ལ་འགྱུར། །ཅེས་པ་ལྟར། མི་ལུས་རྙེད་དཀའ་ཞིང་རྙེད་པ་དོན་དང་ལྡན་པར་བསམ་པ་ཡིན་ཏེ། དམིགས་སྐོར་བཞི་པའོ། །གཉིས་པ་འཆི་བ་མི་རྟག་པ་བསམ་པ་ལ་གསུམ་གྱི་དང་པོ། ངེས་པར་མྱུར་དུ་འཆི་བ་བསམ་པ་ནི། མདོ་ལས། བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང༌། །དེ་ཀུན་འཇིག་པར་མཁས་པས་རྟོགས་བགྱི་སྟེ། །ཆོས་ལ་གནས་བགྱི་ངེས་པར་སྤྱད་པ་སྤྱོད། །ཅེས་གསུངས་པ་ལྟར༑ གནས་གང་དུ་གནས་ཀྱང་འཆི་བ་ལས་མ་འདས། གྲོགས་སུ་དང་འགྲོགས་ཀྱང་འཆི་བ་ལས་མ་འདས། ས་སྟེང་གི་འགྲོ་བ་སྔར་བྱུང་བ་ཐམས་ཅད་ཀྱང་ཤི། ད་གཟོད་འབྱུང་འགྱུར་ཐམས་ཅད་ཀྱང་འཆི། ད་ལྟ་དངོས་སུ་ཡོད་པ་འདི་ཐམས་ཅད་ཀྱང་འཆི་བ་ལས་གྲོལ་བ་སུ་ཡང་མེད། རང་རེ་བཙས་ནས་ཉི་མ་དེ་རིང་ཡན་ཆད་དུ་རང་དང་ཉེ་བ་ཡང་ཇི་ཙམ་ཞིག་ཤི། བར་མ་དང་དགྲ་ཡང་ཇི་ཙམ་ཞིག་ཤི། དེ་རྣམས་ཤི་སྟེ་བདག་ལ་སྡོད་པའི་གདིང་ཡོད་པའང་མིན། སྤྱིར་འཆི་བ་ལས་འོས་མི་འདུག །དགོས་སུ་ཚེ་ལ་སྣོན་ཁ་རྒྱག་མཁན་ནི་མེད། དུས་སྐད་ཅིག་ཀྱང་སྡོད་ས་མེད་པར་ཚེའི་སྟེང་ནས་འབྲིད་པ་ཡིན་པས་སྐད་ཅིག་རེ་རེ་སོང་ནས་འཆི་བ་ལ་ཇེ་ཉེ། ཞག་རེ་ཞག་རེ་སོང་ནས་དེ་བས་ཉེ་རུ་སོང༌། ཟླ་བ་རེ་རེ་སོང་གིན་ལྷག་པར་ཉེ་རུ་སོང༌། ལོ་གཅིག་གཅིག་སོང་གིན་ལྷག་པར་ཉེ་རུ་སོང༌། དེ་བས་ན་མྱུར་དུ་འཆི་བ་ཡིན། བདག་ཆོས་ཉམས་སུ་ལེན་དགོས་ན། ད་རུང་རྒས་པ་ལ་ནི་མ་ཐུག་རིམ་པར་བྱས་པས་ཆོག་སྙམ་ན། ཚེ་ཐུང་འདི་ལ་དེ་འདྲའི་ལོང་ཡོད་བྱེད་མི་ཉན་པར་འདུག །དཔེར་ན་ལོ་དྲུག་ཅུ་ལ་གཞོན་པའི་དུས་སུ་ནི་ཆོས་མ་བྱུང་བར་ཡར་འདས། རྒས་ནས་ནི་ཆོས་བྱེད་བློ་བྱས་ཀྱང་ལུས་སེམས་ཀྱི་སྟོབས་ཟད་པས་བོགས་སྐྱེད་མི་འབྱུང༌། དེའི་ལྷག་མའི་ཕྱེད་ནི་གཉིད་ཀྱིས་འདས། གཞན་ཡང་ལྟོ་རྒྱབ་ཀྱི་ཕྱིར་དང༌། འགྲོ་འདུག་དང་གཡེང་བ་སོགས་དོན་མེད་སྣ་ཚོགས་ཀྱི་དབང་དུ་འགྲོ་བས་འདུན་པ་དང་བརྩོན་འགྲུས་ཆེ་བ་གཅིག་གི་དབང་དུ་བྱས་ཀྱང་ཆོས་རང་ཉམས་ལེན་བྱས་པའི་ཚད་ལ་ཡུན་རིང་མི་ཡོང་བ་འདུག །དམ་པ་རྣམས་ཀྱིས་དུས་ཇི་སྙེད་ཅིག་འབད་པ་བྱས་ཏེ་རྟོགས་པའི་ཆོས་དེ་བདག་གིས་མྱུར་དུ་རྟོགས་དགོས་ན། ཚེ་ཐུང་འདི་ལ་ཆོས་ལ་ཕྱི་འགྱངས་དང༌། ལེ་ལོ་དང་བར་སྐབས་སུ་བཤོལ་བའི་ཐབས་ཡེ་མི་འདུག་སྙམ་དུ་བསམ་དགོས། དེ་ལྟར་རྒྱུ་མཚན་བསམས་ནས་ཡང་ཡང་སྒོམ་པ་གལ་ཆེ། དམིགས་སྐོར་ལྔ་པའོ། །དོན་ཚན་གཉིས་པ་ནམ་འཆི་ཆ་མེད་བསམ་པ་ནི། འོ་སྐོལ་རྣམས་སྤྱི་ཙམ་དུ་ཚེ་ཐུང་བར་མ་ཟད་ནམ་འཆི་ཆ་མེད་པ་ཡིན། གལ་ཏེ་སྟེས་དབང་ལེགས་ན་སྔོན་གྱི་ལས་ཀྱིས་འཕངས་པའི་ཚེ་ལོ་དྲུག་ཅུ་བདུན་ཅུ་
ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་བསྟན་བཅོས་འདི་སྤྱིར་རྒྱལ་བའི་བཀའ་མཐའ་དག་གི་དགོངས་འགྲེལ་ཡིན་ཀྱང་གཙོ་བོར་ཐེག་པ་ཆེན་པོའི་མངོན་པར་ཤེས་པ་དང༌། འགྱུར་མཐར་ཕྱིན་པ་སོགས་ཀྱི་ཆེད་དུ་བཀོད་པའོ། །གསུམ་པ་གཞུང་གི་དོན་ལ་གསུམ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ། གཞུང་དངོས་བཤད་པ། རྒྱུ་གང་ལ་བརྟེན་ནས་བརྩམས་པའོ། །དང་པོ་ནི། བསྟན་བཅོས་རྩོམ་པའི་ཐོག་མར་གང་ལ་ཕྱག་བྱ་བའི་ཡུལ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྒྱུ་སྡིག་པའི་ཆོས་བཅོམ་ཞིང༌། སྡིག་འབྲས་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བ་ཐམས་ཅད་པ་དག་དང༌། དེའི་ཆོས་ཏེ་རྒྱལ་བ་དེ་རྣམས་ཀྱིས་གསུངས་པའི་ཆོས་གསུང་རབ་ལུང་གི་ཚོགས་དང༌། དེ་ཉམས་སུ་ལེན་པ་སྒྲུབ་པའི་ཆོས་དང༌། དེ་མངོན་དུ་གྱུར་པ་རྟོགས་པའི་ཆོས་རྣམས་དང༌། སྐྱབས་གནས་དང༌། དགེ་བ་ལ་ཤེས་ནས་དད་པ་ཐོབ་པས། དེ་དག་ལ་འདུན་ཞིང་དབྱེ་བར་མ་ནུས་པས་ན་དགེ་འདུན་ཏེ་ཞུགས་གནས་བརྒྱད་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ས་ལ་གནས་པ་སྟེ། ཡུལ་དེ་རྣམས་ལ་སྐྱབས་གནས་ཀྱི་ཡོན་ཏན་མཐོང་བའི་ཐུགས་ཀྱིས་དྲངས་པའི་ལུས་ངག་གིས་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཞེས་ཕྱག་མཛད་པས་བགེགས་དང་བར་ཆད་ཞི་ནས་རྩོམ་པ་མཐར་ཕྱིན་པ་དང༌། ཡ་རབས་དམ་པའི་སྤྱོད་པ་དང་མཐུན་པ་དང༌། འོ་སྐོལ་རྗེས་འཇུག་རྣམས་ལ་ལག་ལེན་དུ་
ཙམ་འཕངས་པ་སྲིད་ཀྱང༌། རང་རེ་ལ་ཕལ་དུ་དེ་ཙམ་མེད་དེ་འོང་། ཡོད་དུ་ཆུག་ཀྱང་ཉི་མ་དེ་རིང་ནས་རྩི་རྒྱུ་མིན། ཕྱེད་ཙམ་སོང་ཟིན་ནམ་ཕལ་ཆེར་སོང་ཟིན། ཡང་གཅིག་ཏུ་ན་སྔོན་གྱི་ལས་ཀྱིས་ཚེ་ལོ་སུམ་ཅུའམ་བཞི་བཅུ་ཙམ་ལས་མ་འཕངས་པ་ཡང་སྲིད། འཆི་བདག་སྒོ་དྲུང་ན་སླེབ་ཚར་བའི་ཚོད་དུ་གདའ། ཚེ་འདིའི་དགྲ་གཉེན་ནོར་རྫས་འཁོར་གཡོག་གྲོགས་པོ། བདེ་སྡུག་གཏམ་གསུམ་འདི་ཀུན་དང་ཡུན་རིང་འགྲོགས་སྐབས་མི་འདུག །
བསླབ་པའི་ཆེད་ཡིན་ནོ། །དེ་ལྟར་ཕྱག་བྱས་ཏེ་ཅི་བྱ་ཞེ་ན། བྱ་བ་ཁྱད་པར་ཅན་བྱེད་པ་ཡིན་ཏེ། དེ་ཡང་བོད་ཐམས་ཅད་ཀྱི་བསྟན་པའི་བདག་པོར་ཆོས་རྒྱལ་བྱང་ཆུབ་སེམས་དཔའི་རིགས་སུ་འཁྲུངས་ཤིང༌། རྟེན་དགེ་སློང༌། དཀོན་མཆོག་ལ་མི་ཕྱེད་པའི་དད་པ་ཅན། མདོ་རྒྱུད་ལ་ཤེས་རབ་ཀྱི་སྤྱན་ཡངས་པ། ཇོ་བོ་དཀའ་བ་དུ་མས་སྤྱན་དྲངས་ཏེ། ཐུགས་ལ་བབ་པའི་དངོས་པོ་མཐའ་དག་གིས་མཉེས་པར་མཛད་པའི་རང་གི་སློབ་མ་ལྷག་པའི་ཐུགས་བསྐྱེད་བཟང་པོ་དང་ལྡན་པ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་བོད་དུ་བསྟན་པ་ལ་འདྲ་མི་འདྲའི་བབ་ཅོལ་མང་པོ་བྱུང་བས་ད་ལྟ་བསྟན་པ་སྤྱི་ལ་ཅི་ཕན་ཅིག་དགོས་ཚུལ་སོགས་སྙན་དུ་གསོལ་ནས། ཐེག་པ་ཆེན་པོ་མ་ལུས་པའི་དོན་ཚིག་ཉུང་ལ་དོན་འདུས་པ་བླ་མ་ཉིད་ཀྱིས་ཇི་ལྟར་ཐུགས་ཉམས་སུ་བཞེས་པའི་བསྟན་བཅོས་ཤིག་མཛད་པར་ཞུ་ཞེས་བསྐུལ་བར་གྱུར་པས། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ལམ་གྱི་སྣང་བ་ཀུན་ཏུ་སྟོན་པར་བྱེད་པའི་སྒྲོན་མ་ལྟ་བུའི་བསྟན་བཅོས་རབ་ཏུ་གསལ་བར་བྱའོ། །དེ་ལྟར་བསྟན་པའི་སྒྲོན་མེ་འདི་བཤད་པར་དམ་བཅའ་མཛད་པ་ནི་རྩོམ་པ་མཐར་ཕྱིན་པའི་ཆེད་ཡིན་ནོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལ་གཉིས། སྐྱེས་བུ་གསུམ་གྱི་རྣམ་གཞག་མདོར་བསྟན་པ་དང༌། དེ་དག་གི་ལམ་གྱི་མཚན་ཉིད་སོ་སོར་བཤད་པའོ། །དང་པོ་ནི། གོང་དུ། བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །ཞེས་བཤད་པའི་བྱང་ཆུབ་ཀྱི་ལམ་དེ་ཇི་ལྟ་བུ་ཞེ་ན།
ཅིས་ཀྱང་ཅི་བྱེད་སྙམ་པ་དང༌། ཇི་སྐད་དུ། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀུན། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཅེས་པ་ལྟར༑ ལུས་ཤ་ཁྲག་རྣག་གི་ཕུང་པོ་འདི་ནི་ཉམ་རེ་ཆུང༌། དབུགས་མི་བརྟན་སྟོན་ཀའི་ན་བུན་བཞིན་དུ་ནམ་ཡལ་འགྲོ་ཆ་མེད། སེམས་ལ་རང་དབང་མ་ཐོབ། གང་ལ་ཡང་གདིང་མི་འདུག་པས་ནམ་འཆི་ཆ་མེད། ཇི་སྐད་དུ༑ དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང༌། །ཞེས་པ་ལྟར་བསྒོམ་པ་དང༌། ཀླུ་སྒྲུབ་ཀྱི་ཞལ་ནས། འཆི་བའི་རྐྱེན་ནི་མང་བ་སྟེ། །
སྤྱིར་སྐྱེས་བུ་ཞེས་པ་སེམས་ཅན་ཡིན་ནོ་ཅོག་ལ་འཇུག་ཀྱང༌། འདིར་སྐྱེས་བུའི་སྐད་དོད་པུ་རུ་ཥ་ཞེས་པ། དོན་བྱེད་པའམ་ནུས་པ་ལ་འཇུག་པས། འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་དོན་སྒྲུབ་པའི་ནུས་པ་དང་ལྡན་པས་སྐྱེས་བུ་ཞེས་བྱ་ཞིང༌། ཕྱི་མ་ཕན་ཆད་ཀྱི་བླང་དོར་ལ་དཔྱོད་པའི་ཡིད་ཤས་ཆེ་བས་མི་ཞེས་ཀྱང་བྱའི། ཚེ་འདི་པ་ཙམ་དོན་དུ་གཉེར་བ་ལ་འདིར་བསྟན་གྱི་མིའམ་སྐྱེས་བུ་ཞེས་མི་བྱ་སྟེ། བེའུ་བུམ་ལས། ཕྱི་མར་ངན་སོང་འཇིགས་པས་སྡིག་སྤོང༌། །འཁོར་བའི་སྐྱོན་དྲན་ཐར་པ་འདོད་པས། །བདེན་བཞིའི་ཚུལ་གྱིས་བསླབ་པ་གསུམ་འཇུག །ཐེག་དམན་འཇིགས་པས་བྱང་ཆུབ་སེམས་སྦྱོང༌། །དེ་ལྟ་བུ་ནི་མི་ཡི་སྤྱོད་པ། །གཞན་དུ་ན་ནི་ཅི་ཞིག་མི་ཡིན༑ ༑ཞེས་གསུངས་པ་ལྟར་རོ། །བླ་མེད་བྱང་ཆུབ་ཏུ་བགྲོད་པའི་ལམ་དེ་ལ་ཆུང་ངུ་མངོན་མཐོའི་ལམ་དང༌། འབྲིང་ངེས་ལེགས་ཐུན་མོང་བའི་ལམ་དང༌། མཆོག་ཏུ་གྱུར་པ་སངས་རྒྱས་ཉིད་ཀྱི་ལམ་གསུམ་ཡོད་པས། སྐྱེས་བུ་གསུམ་གྱི་ལམ་དེ་ཡང་གསུམ་ཉིད་དུ་ཤེས་པར་བྱ་ཞིང༌། དེ་དག་ཀྱང་རང་གི་ངོ་བོ་མཚོན་པར་བྱེད་པའི་མཚན་ཉིད་ཀྱི་སྒོ་ནས་རབ་ཏུ་གསལ་བ་སྟེ་གོ་སླ་བར། ལམ་གསུམ་སོ་སོའི་ངོ་བོ་དང་ཁྱད་པར་སྟོན་ཚུལ་མི་འདྲ་བའི་སྒོ་ནས་དབྱེ་བ་བྲི་བར་བྱའོ། །འདིར་འཕྲོས་དོན་གྱི་ཚུལ་དུ་ལམ་སྤྱིའི་རྣམ་བཞག་མདོར་བསྡུས་ཙམ་བཤད་ན། སངས་རྒྱས་ཀྱིས་ཐོག་མར་ཐུགས་བསྐྱེད་པ་དང༌། བར་དུ་ཚོགས་བསགས་པ་དང༌། མཐར་མངོན་པར་རྫོགས་
གསོན་པ་ཡི་ནི་ཅུང་ཟད་གཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས་པ་ལྟར། ཕྱིའི་རྐྱེན་མི་དང་དུད་འགྲོ་དང་གདོན་ལ་སོགས་པ་སེམས་ཅན་དུ་གཏོགས་པ་དང་། གཡང་ས་
པར་སངས་རྒྱས་པ་ཐམས་ཅད་སེམས་ཅན་ཁོ་ནའི་དོན་དུ་ཡིན་པས། ཆོས་གསུངས་པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་ཁོ་ན་སྒྲུབ་པར་བྱེད་ལ། དེ་ལྟར་ན་བསྒྲུབ་བྱ་སེམས་ཅན་གྱི་དོན་ནི་གཉིས་ཏེ། གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་སོ། །དེ་ཡང་དང་པོ་སྒྲུབ་པ་ལས་བརྩམས་ཏེ་ཇི་སྙེད་གསུངས་པ་ཐམས་ཅད་ནི། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་ནི་ཚེ་འདི་ལ་ཆེད་ཆེར་མི་བྱེད་པར་ཚེ་ཕྱི་མའི་མཐོ་རིས་ཀྱི་ཕུན་ཚོགས་དོན་དུ་གཉེར་ཞིང༌། དེའི་རྒྱུ་རྣམས་ལ་འཇུག་པའི་ཕྱིར་རོ། །ངེས་ལེགས་ལ་གཉིས་ཏེ། འཁོར་བ་ལས་གྲོལ་བ་ཙམ་གྱི་ཐར་པ་དང༌། ཐམས་ཅད་མཁྱེན་པའོ། །དེ་ལ་ཉན་རང་གི་ཐེག་པ་ལས་བརྩམས་ཏེ་ཇི་སྙེད་གསུངས་པ་ཐམས་ཅད་ནི་སྐྱེས་བུ་འབྲིང་དངོས་སམ་དེ་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་འབྲིང་ནི་སྲིད་པ་མཐའ་དག་ལ་སྐྱོ་བ་སྐྱེས་ནས་སྲིད་པ་ལས་གྲོལ་བའི་ཐར་པ་རང་གི་དོན་དུ་ཐོབ་བྱར་བྱས་ཏེ། དེའི་ཐབས་བསླབ་པ་གསུམ་ལ་འཇུག་པས་སོ། །རྣམ་མཁྱེན་སྒྲུབ་པའི་ཐབས་ནི་གཉིས་ཏེ། ཕར་ཕྱིན་དང༌། སྔགས་ཀྱི་ཐེག་ཆེན་ནོ། །དེ་གཉིས་ནི་སྐྱེས་བུ་ཆེན་པོའི་ཆོས་སྐོར་དུ་འདུ་སྟེ༑ སྐྱེས་བུ་ཆེན་པོ་ནི་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་དུ་སངས་རྒྱས་ཐོབ་བྱར་བྱས་ཏེ། ཕྱིན་དྲུག་དང་རིམ་གཉིས་སོགས་ལ་སློབ་པ་ཡིན་པས་སོ། །དེ་ཡང་རང་གཞུང་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །ཞེས་པ་ལ་སོགས་པ་གསུངས་ཤིང་སྐྱེས་བུ་དེ་རྣམས་ཀྱི་ལམ་གྱི་གོ་རིམ་ལས་ཕར་ཕྱིན་དང་སྔགས་གཉིས་ཀ་འོག་ནས་གསུངས་པའི་ཕྱིར་རོ། །སྐྱེས་བུ་གསུམ་གྱི་ཐ་སྙད་ནི་གཏན་ལ་དབབ་པ་བསྡུ་བ་དང༌། མཛོད་འགྲེལ་སོགས་སུ་མང་པོར་གསུངས་སོ། །སྐྱེས་བུ་ཆུང་ངུ་ལ་ཚེ་འདི་ལྷུར་ལེན་པ་དང༌། ཕྱི་མ་ལྷུར་ལེན་པ་གཉིས་ཡོད་པ་ལས་འདིར་ནི་ཕྱི་མ་སྟེ། དེ་ཡང་མངོན་མཐོའི་ཐབས་མ་ནོར་བ་ལ་ཞུགས་པ་བཟུང་ངོ༌། །དེ་ལྟར་སྐྱེས་བུ་གསུམ་དུ་བཤད་ཀྱང་སྐྱེས་བུ་ཆེན་པོའི་ལམ་དུ་གཞན་གཉིས་ཀྱི་ལམ་ཡང་འདུ་བས། དེ་གཉིས་ཐེག་ཆེན་གྱི་ལམ་གྱི་ཡན་ལག་ཡིན་པར་སློབ་དཔོན་རྟ་དབྱངས་ཀྱིས་གསུངས་སོ། །དེས་ན་འདིར་སྲིད་པའི་བདེ་བ་ཙམ་ཐོབ་བྱར་བྱེད་པ་སྐྱེས་བུ་ཆུང་ངུ་དང༌། རང་དོན་དུ་འཁོར་བ་ལས་ཐར་པ་ཙམ་ཐོབ་བྱར་བྱེད་པ་སྐྱེས་བུ་འབྲིང་གི་ལམ་གཉིས་དང༌། ཐུན་མོང་བའི་ལམ་འགའ་ཞིག་སྐྱེས་བུ་ཆེན་པོའི་ལམ་གྱི་སྔོན་འགྲོ་བྱས་ནས། སྐྱེས་བུ་ཆེན་པོའི་ལམ་སྦྱོང་བའི་ཡན་ལག་ཏུ་བྱེད་པ་ཡིན་ནོ།
དང་མེ་ཆུ་ལ་སོགས་པ་སྣོད་དང་འབྱུང་བར་གཏོགས་པ། ནང་ལུས་ལ་ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པ་མདོར་ན་འཆི་རྐྱེན་ལ་འདིས་མི་བྱེད་བྱ་བ་མེད། མི་འཆི་བ་འཚོ་བའི་རྐྱེན་དུ་འདོད་པ་ཟས་གོས་གནས་མལ་སྨན་ལ་སོགས་པ་ཡིན་ན། ཁ་ཟས་མ་འཕྲོད་པ་དང༌། སྨན་ལོག་པ་སོགས་འཚོ་བའི་རྐྱེན་དེ་ཀུན་ཡང་ནམ་ཞིག་ན་འཆི་རྐྱེན་དུ་འགྱུར་ཏེ། ལུས་སྲོག་ལ་རྒོལ་བའི་རྐྱེན་ངན་བུ་ཡུག་འཚུབས་པ་ལྟ་བུའི་དབུས་ན་བདག་གནས་པ་ཡིན་ན། ནམ་འཆི་ཆ་མེད་སྙམ་དུ་བསྒོམ། དམིགས་སྐོར་དྲུག་པའོ། །དོན་ཚན་གསུམ་པ་འཆི་བ་ལ་ཆོས་མ་ཡིན་པ་ཅིས་ཀྱང་མི་ཕན་པར་བསམ་པ་ནི། ཇི་སྐད་དུ། ཞི་བ་ལྷས། གཤིན་རྗེའི་སྐྱེས་བུས་ཟིན་པ་ལ༑ ༑གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །ཞེས་པ་ལྟར། འཆི་བའི་དུས་ན་ནོར་རྫས་མང་ཡང་ཏིལ་འབྲུ་ཙམ་ཡང་ཁྱེར་དབང་མེད། གཉེན་གྲོགས་གཡོག་འཁོར་རྗེ་དཔོན་སོགས་རྩ་འཇིང་ཆེ་ཡང་བྲན་གྱི་ཐ་མ་ཁྱེའུ་གཅིག་ཙམ་ཞིག་རང་ལ་ཁྲིད་དབང་ཡང་མེད། ཁོ་ལ་རྗེས་སུ་འབྲང་དབང་ཡང་མེད། འདི་ཐམས་ཅད་བྱེ་བྲལ་བྱེད་པའི་ཆོས་ཉིད་ཡིན། ཅིས་ཀྱང་ཕན་པ་མེད་སྙམ་སྐྱུག་ལོག་གེ་བ་བསྒོམ། དགྲ་གཉེན་བདེ་སྡུག་གཏམ་བཟང་ངན་ཐམས་ཅད་ལ་དེ་བཞིན་དུ་སྦྱར། འོ་ན་འདི་དག་རྗེས་སུ་མི་འབྲང་ན་སུ་རྗེས་སུ་འབྲང་སྙམ་ན། རང་གིས་བསགས་པའི་ལས་དགེ་སྡིག་གཉིས་པོ་རྗེས་སུ་འབྲང༌། སྡིག་པ་བྱས་ཟིན་པ་དེ་ཡང་ཤུལ་དུ་བཞག་ཐབས་མེད་རྟག་ཏུ་གནོད་
དེའི་རྒྱུ་མཚན་ཡང་ཐེག་ཆེན་དུ་འཇུག་པའི་སྒོ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཉིད་ཡིན་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས།
པ་ཡིན། དགེ་བ་གང་བསགས་པ་དེས་ཀྱང་བདག་ལ་ཕན་པ་ཡིན་ཤུལ་དུ་མི་ལུས། ཆོས་ལྡན་རབ་འབྱོར་གྱི་ཞལ་ནས་ཀྱང༌། དགེ་དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལྡོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་གྱིས་ལ་ལེགས་པར་དཔྱོད། །ཅེས་གསུངས་པ་ལྟར་བསམ་པ་དང༌། དེ་ལྟར་ན་ངེས་པར་འཆི། མྱུར་དུ་འཆི། ནམ་འཆི་ཆ་མེད། འཆི་བ་ལ་གཞན་ཅིས་ཀྱང་མི་ཕན། འཆི་ཁ་ཕན་ཆད་སྐྱེ་བ་མཐའ་མེད་དུ་ཕན་ནུས་པ་ནི་དམ་པའི་ཆོས་ཁོ་ན་ཡིན་ན། ད་ལྟ་ཉིད་དུ་ཆོས་ལ་འབད་པར་བྱའོ་སྙམ་དུ་བསྒོམ། དམིགས་སྐོར་བདུན་པའོ། །ད་ནི་འཆི་བ་མི་རྟག་པའི་ཐོན་ཆོས་འདི་བསྒོམ་སྟེ། འདི་ལ་རྩ་བའི་ཚིག་ལྔ་ཞེས་བྱ། དང་པོ་མི་སྡོད་འགྱུར་བ་བསམ། །གཞན་དག་ཤི་བ་མང་དུ་བསམ། །འཆི་རྐྱེན་མང་པོ་ཡང་ཡང་བསམ། །འཆི་ཁར་ཇི་ལྟར་འགྱུར་སྙམ་བསྒོམ། །ཤི་ནས་ཇི་ལྟར་འགྱུར་བ་བསམ། །བྱ་བ་ཡིན་ཏེ་རང་རེ་སྐྱེས་ནས་མ་ཤིའི་བར་དུ་ཡང་ཕུང་པོའི་རྒྱུན་འདི་རྟག་ཏུ་འགྱུར་ཞིང་འགྲོ། བདག་དང་པོ་བུ་ཆུང་གི་དུས་ན་དེ་འདྲ། བྱིས་པའི་དུས་ན་དེ་འདྲ། ལང་ཚོ་ཙ་ན་དེ་འདྲ། ད་ནི་འདི་འདྲ་སྙམ་པ་དང༌། འཆི་བ་ལ་ཇེ་ཉེ་ཇེ་ཉེར་འགྲོ་བ་དེར་འདུག །ཅིས་ཀྱང་མ་ཕན་སྙམ་དུ་རིག་པ་གཅུན་ལ་སྐྱོ་ལྷང་ལྷང་བ་ལ་བཞག །རང་རེས་དྲན་ནས་ད་ལྟ་ཡན་ཆད་ལ་ཡུལ་འདི་ན་མི་འདི་འདྲ་ཞིག་ཡོད་པ་ཡང་ཤི་འདུག །དེ་ན་དེ་འདྲ་ཞིག་ཡོད་པ་ཡང་ཤི་འདུག་སྙམ་དུ་རེ་རེ་ནས་ཞིབ་ཏུ་བགྲང༌། རང་བས་རྒན་པ་ཡང་ཇི་ཙམ་ཞིག་ཤི་འདུག །མཉམ་པ་དང་གཞོན་པ་ཡང་ཇི་ཙམ་ཞིག་ཤི་འདུག་བསམ་ན། ད་ལྟ་ཡོད་པ་བས་ཤི་བ་མང༌། དེ་དག་ཀྱང་ཚེ་ཚད་དུ་ཐུབ་ནས་ཤི་བ་ཙམ་ཆེར་མི་འདུག །ཕལ་ཆེར་དུས་མིན་བར་མ་དོར་ཤི། བདག་ཀྱང་དེ་ལྟ་བུའི་ཆོས་ཉིད་ཡིན། དེ་ལྟ་བུའི་རང་བཞིན་ལས་མ་འདས། སྔར་དེ་དག་གི་གསེབ་ཏུ་མ་སོང་བ་ཁར་རྗེ་ཆེ། མ་ཤི་གོང་དུ་ཆོས་གཤའ་མ་ཞིག་མི་བྱེད་པའི་ཐབས་མེད་སྙམ་དུ་བསམ། གཞན་མི་དང་དུད་འགྲོ་ཤི་བ་ཐོས་སམ། མཐོང་ངམ། བྱིས་པ་ནས་རྒན་པོའི་བར་དུ་ལང་ཚོ་འགྱུར་བ་མཐོང་ངམ། མ་ཤི་བ་ཉིད་ལ་ཡང་ཁ་དྲག་པོ་ཁ་ཞན་པོར་སོང་བ་དང༌། ཞན་པོ་དྲག་པོར་སོང་བ་དང༌། ཕྱུག་པོ་སྤྲང་པོར་སོང་བ་སོགས་གང་མཐོང་གང་ཐོས་ཀྱང་མི་རྟག་པ་ལྷང་གིས་དྲན་ཏེ། བདག་གམ་བདག་གི་ཕྱོགས་དང༌། བདག་གི་ལོངས་སྤྱོད་སོགས་ཀྱང་འདི་ལྟ་བུའི་རང་བཞིན་ཡིན། འདི་ལྟ་བུའི་ཆོས་ཉིད་ཡིན་སྙམ་དུ་བསམ། དེ་ནས་གོང་བཞིན་འཆི་བའི་རྐྱེན་མང་བ་བསམས་ཏེ། རང་གི་གདོང་དུ་བྱུང་བའི་དངོས་པོ་ཐམས་ཅད་ལ་འདི་ཀུན་གྱིས་ཀྱང་བདག་འཆི་བའི་རྐྱེན་ཇི་ལྟར་བྱེད་མི་ཤེས། ད་ལྟ་རང་དུ་ཡང་ཇི་ལྟར་འགྱུར་མི་ཤེས་སྙམ་དུ་བསམ། འཆི་བའི་ཚེ་མི་དགེ་བའི་སེམས་ཀྱིས་འཆི་བ་ན་ནི་གནད་གཅོད་ཀྱི་ལས་ལ་སོགས་པ་སྡུག་བསྔལ་འཇིགས་སུ་རུང་བ་ཡོད། འཆི་བ་དེ་འདོད་བཞིན་དགའ་བཞིན་དུ་ཡོང་བ་མིན། མི་འདོད་བཞིན་དུ་ཐོག་ཏུ་འབབ་པ་ཡིན། དགའ་བཞིན་
བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟར། སེམས་དེ་རྒྱུད་ལ་སྐྱེས་ན་བྱང་ཆུབ་སེམས་དཔའ་ཞེས་པའི་མིང་ཐོབ་ནས་རྟེན་དེ་ལ་ཐེག་ཆེན་པར་ཚུད་ལ། དེ་ཉམས་ན་ཐེག་ཆེན་པའི་གསེབ་ནས་ཐོན་པར་འགྱུར་བའི་ཕྱིར་རོ། །དེས་ན་ཐེག་ཆེན་དུ་འཇུག་པར་འདོད་པ་རྣམས་ཀྱིས་ནི་སེམས་དེ་སྒོ་དུ་མ་ནས་འབད་དེ་བསྐྱེད་དགོས་ལ། དེ་བསྐྱེད་པ་ལ་ནི་སྔོན་དུ་སེམས་དེ་བསྐྱེད་པའི་ཕན་ཡོན་བསྒོམས་ནས་ཕན་ཡོན་ལ་སྤྲོ་ཤུགས་འཕེལ་བ་ཅིག་དང༌། ཡན་ལག་བདུན་པ་སྐྱབས་འགྲོ་དང་བཅས་པ་དགོས་པར་བསླབ་བཏུས་དང་སྤྱོད་འཇུག་ལས་གསུངས་སོ། །དེ་ལྟར་གསུངས་པའི་ཕན་ཡོན་ཡང་བསྡུ་ན་གཉིས། གནས་སྐབས་དང༌། མཐར་ཐུག་གི་ཕན་ཡོན་ནོ། །དང་པོ་ལ་ཡང་ངན་འགྲོར་མི་ལྟུང་བ་དང༌། བདེ་འགྲོར་སྐྱེ་བ་གཉིས་ཏེ། སེམས་དེ་སྐྱེས་ན་ངན་སོང་གི་རྒྱུ་སྔར་བསགས་འདག་པ་དང་ཕྱིས་སོགས་རྒྱུན་ཆད་ལ། བདེ་འགྲོའི་རྒྱུ་སྔར་བསགས་རྣམས་སེམས་དེས་ཟིན་པས་རྒྱ་ཆེར་འཕེལ་བ་དང༌། གསར་དུ་བྱེད་པ་རྣམས་ཀྱང་དེས་ཀུན་ནས་སློང་བས་ཟད་པའི་མཐའ་མེད་དོ། །མཐར་ཐུག་གི་དོན་ཐར་པ་དང་ཐམས་ཅད་མཁྱེན་པ་རྣམས་ཀྱང་སེམས་དེ་ལ་བརྟེན་ནས་བདེ་བླག་ཏུ་འགྲུབ་ལ། སྔོན་དུ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ལ་ཐོབ་འདོད་བཅོས་མ་མིན་པ་ཅིག་མེད་ན། ཕན་ཡོན་དེ་རྣམས་སེམས་བསྐྱེད་ལས་འབྱུང་བས་
སྐྱིད་བཞིན་དུ་འཆི་བ་མ་ཡིན། སྡུག་བསྔལ་ཤུགས་དྲག་པོ་དང་བཅས་ཏེ་འཆི་བ་ཡིན། འཇིག་རྟེན་ཕ་རོལ་ཆ་རྒྱུས་ཡོད་ནས་མ་ཡིན། ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་འཁྱམས་པ་ཡིན་སྙམ་པ་དང༌། བདག་ཤི་ཟིན་པའི་གནས་སྐབས་ན། ལུས་སེམས་གཉིས་ནི་བྱེ་བྲལ་དུ་སོང༌། ལུས་འདི་ནི་ཡང་ན་ས་ལ་སྐུངས་ནས་སྲིན་འབུའི་ཕུང་པོ་གཅིག་གམ། ཡང་ན་ཆུ་ལ་སྐྱུར་ནས་ཉ་སྲམ་གྱི་ཟས་གཅིག་གམ། མེ་ལ་བསྲེགས་ནས་རུས་པ་སྤར་གང་ངམ༑ རིའམ་ཐང་ལ་བསྐྱལ་ནས་བྱ་ཁྱིའི་ཁ་ན་ཕར་ཡེ་རེ་རེ་བ་གཅིག་གམ། མཐར་ཞག་ཤས་ནས་ཤུལ་ཙམ་ཡང་མི་ལུས། ད་ལྟ་གཅེས་གཅེས་མོར་བྱས་པའི་ལུས་ཀྱི་ཐ་མ་ནི་དེ་འདྲ། སེམས་ནི་ལས་ཀྱི་ཁུར་ཐོགས་ནས་གར་སྐྱེ་ངེས་པ་མེད་པའི་གནས་སུ་འགྲོ་དགོས་ན། ད་ལྟ་ཆོས་མི་བྱེད་པའི་ཐབས་རང་འདུག་གམ། བྱས་ནས་ཕྱི་བཤོལ་དུ་འཇོག་པའི་ཐབས་རང་འདུག་གམ་སྙམ་དུ་བསམ། དེ་རྣམས་ཀྱིས་གཞུག་བསྡམས་ཏེ། ད་ལྟ་རང་ཆོས་གཤའ་མ་ཞིག་བྱེད་སྙམ་པའི་གོ་ཆ་ཡོད་པ་བཞིན་ཆོས་ཀྱི་མགོ་ཐོན་གཞུག་འཁྱོངས་ནས། རང་ཡང་དགའ་བཞིན་དུ་ཚེའི་དུས་བྱེད། གཞན་ཀུན་གྱིས་ཀྱང་ཁོ་ལ་ཆོས་གཤའ་མ་ཞིག་བྱུང་ཟེར་ནས་སྨོན་བཞིན་དུ་ཚེའི་དུས་བྱེད་པ་གཅིག་ལ་གཏད་སོ་འཆོལ་དགོས། དེ་ལ་ཆོས་བསྒོམ་དགོས། བརྟན་པ་ཐོབ་དགོས། གོམས་དགོས། ལྷོངས་སུ་གྱུར་དགོས་པ་འདུག །བརྟན་པ་ནི་མ་ཐོབ། གལ་ཏེ་ན་རྐྱེན་ངན་དང་འཕྲད། རང་གི་བློ་ལས་སུ་མ་རུང༌། ཆོས་ཀྱི་གཞུག་མ་འཁྱོངས། ཆོས་དང་འགལ། རང་ཡང་འགྱོད། གཞན་ཀུན་གྱིས་ཀྱང་སྨད་ར་དིར་རེ་འཆི་བ་ཞིག་ཡོང་ཉེན་ཡོད་ན། དེ་ལྟར་སོང་བའི་ཐབས་མི་འདུག་པས་ཆོས་གཤའ་མ་གཅིག་ལ་ད་ལྟ་རང་ཞུགས་ཏེ་མ་ཤི་བར་དུ་འཁྱོངས་པ་གཅིག་གཞན་སྨོན་ལ་རང་བདེ་བ་གཅིག་མི་བྱེད་རེ་སྙམ་དུ་ཞེ་མནའ་ཡང་ཡང་བསྐྱལ། དེང་སང་གི་ཆོས་པ་ཀུན་ལ་གཉེན་པོ་འདི་ཁ་གནད་དུ་ཆེ། དེས་མི་རྟག་པའི་ཁྲིད་ཚར་བ་ལགས། དམིགས་སྐོར་བརྒྱད་པའོ། །གསུམ་པ་ངན་སོང་གི་སྡུག་བསྔལ་བསམ་པ་ལ། དམྱལ་བའི་སྡུག་བསྔལ་བསམ་པ། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ། དུད་འགྲོའི་སྡུག་བསྔལ་བསམ་པ་གསུམ་ལས། དང་པོ་ནི༑ སྔོན་འགྲོ་དང་རྗེས་སྔར་ལྟར་ལས། བདག་མི་ཡུལ་དུ་ཡུན་རིང་བསྡད་དབང་མི་འདུག །འཆི་བ་འདིས་འཇིགས་སོ་བསམ། ནན་ཏར་ན་འཆི་བ་ཁོ་ན་ལ་ཏ་ཆེས་འཇིགས་རྒྱུ་ཡང་མེད་དེ། ཤི་བས་མི་ཆོག་དབང་མེད་དུ་སྐྱེ་བ་ལེན་དགོས་པས་འདི་ཁོ་ན་སྐྲག །དགེ་བ་ནི་མ་བྱས་སྡིག་པ་ནི་མང་ན་ངན་སོང་གསུམ་དུ་སྐྱེ་སྟེ་འོང༌། ཅི་རང་དྲག་སྙམ་དུ་བསམ། འདི་ངན་སོང་གི་སྡུག་བསྔལ་བསམ་པའི་དམིགས་པ་ཐམས་ཅད་ཀྱི་སྒོ་ཡིན། དེ་ནས་ཚ་དམྱལ་གྱི་སྡུག་བསྔལ་བསམ་པ་ལ། སྡོམ་ནི། ཡང་སོས་ཐིག་ནག་བསྡུས་འཇོམས་དང༌། །ངུ་འབོད་ངུ་འབོད་ཆེན་པོ་དང༌། །ཚ་བ་རབ་ཚ་མནར་མེད་པའོ། །དེ་ལ་ཚ་དམྱལ་ཐམས་ཅད་ཀྱི་གནས་ས་གཞི་རི་མེད་ཀླུང་མེད་
སེམས་བསྐྱེད་ལ་འབད་པར་བྱའོ། །ཞེས་སྨྲས་ཀྱང་ཚིག་ཙམ་དུ་ཟད་དོ། །དེ་ལ་སྔོན་དུ་མངོན་མཐོ་དང་ངེས་ལེགས་ཀྱི་ཕན་ཡོན་གཉིས་པོ་དེ་ཐོབ་འདོད་སྐྱེད་པ་ལ་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་བསམ་པ་སྦྱོང་དགོས་སོ། །དེ་ལྟར་ཕན་ཡོན་གཉིས་ལ་ཐོབ་འདོད་བསྐྱེད་ནས་ཕན་ཡོན་ཅན་གྱི་སེམས་སྒོམ་པ་ན། སེམས་དེའི་རྩ་བ་བྱམས་པ་དང་སྙིང་རྗེ་བསྐྱེད་དགོས་ལ། དེ་ཡང་རང་བདེ་བས་ཕོངས་ཤིང་སྡུག་བསྔལ་གྱིས་མནར་བའི་འཁོར་བར་འཁྱམས་པའི་ཚུལ་བསམས་པ་ན་བ་སྤུ་གཡོ་འགུལ་མེད་པ་ཅིག་ལ། སེམས་ཅན་གཞན་བདེ་བས་ཕོངས་ཤིང་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པ་མེད་དོ། །སྤྱོད་འཇུག་ལས། སེམས་ཅན་དེ་དག་ཉིད་ལ་སྔོན། །རང་གི་དོན་དུ་འདི་འདྲའི་སེམས། །རྨི་ལམ་དུ་ཡང་མ་རྨིས་ན། །གཞན་གྱི་དོན་དུ་ག་ལ་སྐྱེ། །ཞེས་གསུངས་སོ། །དེའི་ཕྱིར་སྐྱེས་བུ་ཆུང་ངུའི་སྐབས་སུ་རང་ལ་ངན་སོང་གི་སྡུག་བསྔལ་གྱིས་གནོད་པའི་ཚུལ་དང༌། འབྲིང་གི་སྐབས་སུ་མཐོ་རིས་ན་ཡང་སྡུག་བསྔལ་ཞིང་བདེ་བ་མེད་པའི་ཚུལ་ལ་བསམས་ནས། དེ་ནས་གཉེན་དུ་གྱུར་པའི་སེམས་ཅན་རྣམས་ལ་ཡང་རང་ཉམས་ལ་དཔག་ནས་བསྒོམས་པས་བྱམས་དང་སྙིང་རྗེ་སྐྱེ་བའི་རྒྱུར་འགྱུར་ཞིང༌། དེ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བས་ཆུང་འབྲིང་དང་ཐུན་མོང་བའི་བསམ་པ་སྦྱོང་བ་ནི། བྱང་ཆུབ་ཀྱི་སེམས་བཅོས་མ་མིན་པ་སྐྱེ་བའི་ཐབས་ཡིན་ནོ། །དེ་བཞིན་དུ་དེ་གཉིས་ཀྱི་སྐབས་སུ་སྐྱབས་འགྲོ་དང༌།
ལྕགས་བསྲེག་ཡིན་པ། མེ་ལྕེ་ཁྲུ་གང་ཙམ་རྟག་ཏུ་འབར་བ། རི་རོང་ངམ་གྲོག་སལ་སུལ་ཁོ་ནས་ཁྱབ་པ། ཟངས་ཞུན་ནམ་ཁྲོ་ཆུའམ་ཞ་ཉེ་བཞུ་བ་དང༌། ལན་ཚྭ་རྣོན་པོ་སོགས་འགྱུར་བྱེད་ཀྱི་ཆུ་ཚན་ཤིན་ཏུ་ཚ་བ་དང༌། དེ་འདྲའི་རིགས་ཀྱི་འབབ་ཆུ་དང་མཚོ་ཡོད་པ། ཤིང་རྣམས་ཀྱང་ལྕགས་བསྲེགས་སོགས་ལས་གྲུབ་པ། གདུག་པའི་བྱ་དང་གཅན་གཟན་དང་ལས་ཀྱི་སྲིན་པོ་དང་གཤིན་རྗེ་དུ་མས་གང་བ་ཞིག་ཡོད་དོ། །དེར་སྐྱེ་བའི་བར་དོ་རྣམས་ཆར་རླུང་གིས་བདས་པ་སོགས་གྲང་བའི་རྣམ་པ་ཆེར་བྱུང་ནས་ལས་ཀྱི་དབང་གིས་ཚ་དམྱལ་གྱི་གནས་མཐོང་བས། དེར་དྲོ་བར་ཤེས་ནས་སྲེད་པས་རྒྱུགས་པས་གནས་དེར་ཚུད་ནས་སྐྱེ་བ་ལེན་པར་བཤད། དེ་ཡང་མེ་ཕལ་པ་བས་ཙན་དན་གྱི་མེ་བདུན་འགྱུར་གྱིས་ཚ། དེ་བས་ཀྱང་ཡང་སོས་ཀྱི་མེ་བདུན་འགྱུར་གྱིས་ཚ། དེ་བཞིན་དུ་གོང་མ་གོང་མ་ལས་འོག་མ་འོག་མ་བདུན་འགྱུར་གྱིས་ཚ་བར་གྲགས། དམྱལ་བའི་འགྲོ་བ་ཐམས་ཅད་རིག་པ་ཚོར་ངད་སྐྱེན་ཅིང་སྒྲིན་པ། ལུས་འཇམ་ཞིང་མཉེན་ལ་གཞོན་ཤ་ཆགས་པ། ལུས་སེམས་གཉིས་ཀའི་ཆ་ནས་བཟོད་སྲན་ཆུང་བ་ཞིག་ཡོད། དེས་ཀྱང་ལྷག་པར་སྡུག་བསྔལ་ཆེ། གནས་དེ་དག་ཏུ་བཞིན་ལག་དབང་པོ་ཐམས་ཅད་སྐད་ཅིག་ལ་ཁྲོང་གིས་སྐྱེ་སྟེ། གཉིད་སད་པ་འདྲ་བ་ཞིག་ཡོད་པར་གདའ། དམྱལ་བ་ཐམས་ཅད་རྫུས་སྐྱེས་ཡིན། རྫུས་སྐྱེས་ཕལ་ཆེར་གྱི་ལུགས་ལ་དེ་བཞིན་དུ་འབྱུང༌། སྡུག་བསྔལ་མི་འདྲ་བ་སོ་སོའི་ཁྱད་པར་ནི།
ལས་འབྲས་བསམས་པ་སོགས་ཀྱི་སྒོ་ནས་བསག་སྦྱང་གི་སྒོ་དུ་མ་ལ་འབད་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་སྔོན་འགྲོ་རྒྱུད་སྦྱོང་བའི་ཐབས་ཡན་ལག་བདུན་པ་སྐྱབས་འགྲོ་དང་བཅས་པ་རྣམས་ཀྱི་རིགས་སུ་འགྱུར་བས། དེ་དག་ཀྱང་སེམས་དེ་སྐྱེ་བའི་ཐབས་སུ་གོ་བར་བྱའོ། །འདིར་ཆུང་འབྲིང་གི་ཆོས་སྐོར་རྣམས་བྱང་ཆུབ་ཀྱི་སེམས་སྐྱེ་བའི་ཡན་ལག་ཏུ་འགྲོ་ལུགས་རྣམས་ཤེས་པ་གལ་ཆེ་སྟེ། དེ་ལྟར་མ་ཤེས་ན་སྐྱེས་བུ་ཆེན་པོའི་ལམ་དང་ལམ་སོ་སོ་བ་འབྲེལ་མེད་དུ་འགྱུར་བས་སོ། །དེ་ལྟར་ན་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་ཅི་སྐྱེ་བྱ། དེ་ནས་སེམས་དེ་བརྟན་པར་བྱ་བའི་ཕྱིར་དུ་སྐྱབས་འགྲོ་ཐུན་མོང་མ་ཡིན་པ་སྔོན་དུ་བཏང་ནས་སྨོན་པའི་ཆོ་ག་བྱ༑ སྨོན་པ་ཆོ་གས་བཟུང་ནས་དེའི་བསླབ་བྱ་རྣམས་ལ་བསླབ། དེ་ནས་སྤྱོད་པ་ཕྱིན་དྲུག་དང་བསྡུ་བཞི་སོགས་ལ་སློབ་པར་འདོད་པའི་བློ་སྦྱོང་ལ། སྙིང་ཐག་པ་ནས་སློབ་འདོད་བྱུང་བ་ན། འཇུག་སྡོམ་རྣམ་དག་ཅིག་བླང༌། དེ་ནས་རྩ་ལྟུང་གིས་མ་གོས་པ་ལ་སྲོག་བསྡོས་བྱ། ཟག་པ་ཆུང་འབྲིང་དང་ཉེས་བྱས་རྣམས་ཀྱིས་ཀྱང་མ་གོས་པ་ལ་འབད་ཅིང༌། ཅི་སྟེ་གོས་ནའང་ལྟུང་བ་ཕྱིར་བཅོས་ཇི་ལྟར་གསུངས་པའི་སྒོ་ནས་ལེགས་པར་སྦྱང༌། དེ་ནས་ཕྱིན་དྲུག་སྤྱི་ལ་བསླབ་ཅིང༌། ཁྱད་པར་དུ་སེམས་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་འདོད་བཀོལ་དུ་རུང་བར་བྱ་བའི་ཕྱིར་ཞི་གནས་ཀྱི་ངོ་བོ་བསམ་གཏན་ལ་བསླབ་བོ། །གཞུང་འདིར་མངོན་ཤེས་སྐྱེད་པའི་ཕྱིར་དུ་ཞི་གནས་ལ་
ཡང་སོས་ན་ཕན་ཚུན་དགྲ་མི་ཤ་བོ་མཐོང་བ་བཞིན་ཞེ་སྡང་སྐྱེ་ལ། ལག་ཏུ་བླངས་ཚད་མཚོན་ཆ་རྣོན་པོར་སོང་ནས་གཅིག་ལ་གཅིག་གིས་བསྣུན་པས་དུམ་བུ་མང་པོར་སོང་བ་ན། རེ་ཞིག་ཤི་བ་བཞིན་དུ་བརྒྱལ་ཞིང་འགྱེལ་འགྲོ། ནམ་མཁའ་ལས་རླུང་གྲང་མོ་དང༌། ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་བ་ན་སོས་པར་འགྱུར་ཞིང༌། ཡང་སྔོན་བཞིན་འཐབ་པ་སོགས་ཡང་ཤི་ཡང་སོས་ལ་ཟད་པ་མེད་པའི་ཚུལ་དུ་ཡོད། ཐིག་ནག་ནི་གཤིན་རྗེ་རྣམས་ཀྱིས་དམྱལ་བའི་སེམས་ཅན་དེའི་ལུས་ལ་ཐིག་ནག་པོ་མང་པོ་བཏབ་སྟེ་སོག་ལེས་གཅོད་པ་དང༌། སྟེའུས་གཞོག་པ་དང༌། མཚོན་ཆ་རྣོན་པོས་འདྲ་བ་སོགས་ཡོད་དེ། དེ་ཡང་སྟོད་བཏུབས་ཙ་ན་སྨད་འགྲིག །སྨད་བཏུབས་ཙ་ན་སྟོད་འགྲིག །ཚུལ་དེ་ཀས་གྲུབ་ཟིན་མེད་པ་ལ་དུས་འདའ་བའོ། །བསྡུས་འཇོམས་ནི། ལུག་ཐུག་སོགས་སྲོག་ཆགས་ཆེན་པོ་མི་བཟད་པ་འཐབ་པའི་བར་དུ་གཅེར་བ་དང༌། ཡང་ན་བྲག་རི་ལུག་གི་གདོང་དང་རའི་གདོང་པ་མ་ཧེ་དང་སེང་གེ་ལ་སོགས་པ་འཇིགས་སུ་རུང་བའི་རྣམ་པ་ཅན་གྱི་བར་དུ་གཅེར་བ་དང༌། རི་ཆེན་པོས་སྟེང་ནས་བཙིར་ཞིང་འཇོམས་པ་དང༌། ལྕགས་ཀྱི་གཏན་པ་དཔག་ཚད་མང་པོ་ཅན་གྱི་སྟེང་དུ་དམྱལ་བའི་སེམས་ཅན་མང་པོ་ཕྱོགས་གཅིག་ཏུ་བསྡུས་ནས། རི་བོ་ཙམ་གྱི་གཏུན་ནམ་ཐོ་བས་འཇོམས་ཤིང་འཐག་པར་བྱེད་དོ། །རི་ཁ་གྱེས་པའམ་གཏུན་ཤིང་སོགས་བཏེག་ན། ཡང་སྔར་བཞིན་སོས་པར་
བསླབ་པར་གསུངས་པ་ནི་མཚོན་པ་ཙམ་སྟེ། ཇོ་བོ་ཉིད་ཀྱིས་སྐབས་གཞན་དུ་ལྷག་མཐོང་སྐྱེད་པའི་ཕྱིར་དུ་ཡང་གསུངས་པས་དེའི་ཕྱིར་དུ་ཞི་གནས་བསྒྲུབ་བོ། །དེ་ནས་བདག་གཉིས་སུ་འཛིན་པའི་འཆིང་བ་གཅད་པའི་ཕྱིར་དུ་སྟོང་ཉིད་ཀྱི་ལྟ་བས་ཐག་ཆོད་པར་བྱས་ལ་བསྒོམ་ཚུལ་མ་ནོར་བར་བསྐྱངས་ནས་ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་བསྒྲུབ་པར་བྱའོ། །དེ་ལྟར་ན་ཞི་ལྷག་སྒྲུབ་པ་མ་གཏོགས་པའི་འཇུག་སྡོམ་གྱི་བསླབ་བྱ་ལ་སློབ་པ་མན་ཆད་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཞི་གནས་ནི་སེམས་ཀྱི་བསླབ་པ་དང༌། ལྷག་མཐོང་ནི་ཤེས་རབ་ཀྱི་བསླབ་པར་འགྲེལ་པར་གསུངས་སོ། །གཞན་ཡང་ཞི་གནས་མན་ཆད་ཐབས་དང༌། བསོད་ནམས་ཀྱི་ཚོགས་དང༌༑ ཀུན་རྫོབ་བདེན་པ་ལ་བརྟེན་པའི་ལམ་དང༌། རྒྱ་ཆེ་བའི་ལམ་རིམ་ཡིན་ལ། ཤེས་རབ་ཁྱད་པར་ཅན་གསུམ་སྐྱེད་པ་ནི་ཤེས་རབ་དང༌། ཡེ་ཤེས་ཀྱི་ཚོགས་དང༌། དོན་དམ་བདེན་པ་དང༌། ཟབ་མོའི་ལམ་རིམ་ཡིན་པས། དེ་དག་གི་གོ་རིམ་དང༌། གྲངས་ངེས་པ་དང༌། ཐབས་ཤེས་ཡ་བྲལ་གྱིས་བྱང་ཆུབ་མི་འགྲུབ་པ་ལ་ངེས་པ་ཆེན་པོ་བསྐྱེད་པར་བྱའོ། །དེ་ལྟར་ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་ནི་ངེས་པར་སྔགས་ལ་འཇུག་དགོས་ཏེ། དེ་ལ་ཞུགས་ན་མྱུར་དུ་ཚོགས་གཉིས་རྫོགས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ཙམ་ལས་མི་ལྕོགས་པའམ་རིགས་ནུས་ཆུང་བས་མི་སྤྲོ་ན་ལམ་རིམ་དེ་ཉིད་ཇེ་རྒྱས་སུ་གཏོང་བ་ཙམ་བྱའོ། །སྔགས་ལ་འཇུག་ན་ནི་སྤྱིར་ཐེག་པ་
འགྱུར་ལ། ཡང་བསྣུན་ཅིང་བཙིར་བ་ན། ལུས་ཕྱེ་མར་འཐག་པ་ཡིན་ནོ། །ངུ་འབོད་ནི། སྲོག་ཆགས་འཇིགས་སུ་རུང་བ་དུ་མས་བདས་པ་ན། རྒྱང་རིང་པོ་ནས་ཁང་པ་དཀར་པོ་ཞིག་མཐོང་ནས། དེ་བདེའོ་སྙམ་ནས་དེར་རྒྱུགས་ཏེ་ནང་དུ་ཕྱིན་པ་ན། ལྕགས་ཀྱི་ཁང་པ་སྒོ་མེད་དུ་གྱུར་ནས་ཕྱི་ནང་ཀུན་ཏུ་མེ་འབར་ཞིང་བསྲེགས་པས་ཐར་པའི་གོ་སྐབས་མེད་ཅིང་དྲག་ཏུ་ངུ་བར་བྱེད་པའོ། །ངུ་འབོད་ཆེན་པོ་ཡང་དེ་དང་འདྲ་བ་ལས་ལྕགས་ཀྱི་ཁང་པ་ཉིས་རིམ་དུ་ཡོད་པའོ། །ལྕགས་ཀྱི་བུམ་པའི་ནང་དུ་འཚེད་པ་དང༌། ཟངས་ཆེན་པོར་འཚེད་པ་སོགས་ཀྱང་དེ་དག་ན་ཡོད་དོ། །ཚ་བ་ནི། ལྕགས་ཀྱི་གསལ་ཤིང་ངམ་མདུང་ཐུང་རྣོན་པོ་མེ་འབར་བས་སྤྱི་བོ་ནས་བཤང་ལམ་མམ། བཤང་ལམ་ནས་སྤྱི་བོར་ཐལ་ཕྱུང་དུ་ཕུག་པས་ནང་ཁྲོལ་ཐམས་ཅད་ནི་ཚིག །བུ་ག་དགུ་ནས་མེ་དང་དུད་པ་བརྒྱུད་མར་འབྱུང་བའོ། །རབ་ཏུ་ཚ་བ་ཡང་དེ་དང་འདྲ་བ་ལས་མདུང་རྩེ་གསུམ་པ་ལ་སོགས་པས་བསྣུན་པའོ། །གོང་མ་གོང་མའི་སྡུག་བསྔལ་ཐམས་ཅད་འོག་མ་འོག་མ་ལ་ཡོད་ཅིང༌། འོག་མ་འོག་མའི་སྡུག་བསྔལ་དུ་བཤད་པ་རྣམས་ལྷག་པའོ། །མནར་མེད་ཀྱི་གནས་ན་ནི་སྡུག་བསྔལ་ཚད་བཟུང་དུ་མེད་དེ། བདེ་བའི་གོ་སྐབས་ཅུང་ཟད་ཙམ་ཡང་མེད་དོ། །གནས་དེ་ན་ལྕགས་བསྲེགས་ཀྱི་འདབ་མ་ལ་ལུས་ཐམས་ཅད་འགྲིལ་བ་དང༌། ལྕགས་ཀྱི་ཞིབ་མ་ཆེན་པོར་བྱེ་ཚན་དང་ལྷན་ཅིག་འཁྲབ་པ་དང༌། ལྕེ་ལ་རྨོས་དོར་ལྔ་བརྒྱས་རྨོས་པ་སོགས་ཀྱང་ཡོད་པར་བཤད་ལ། མར་མེའི་སྡོང་བུ་ལ་མེ་འབར་བ་ལྟར་ལུས་ཀྱི་ཕྱི་ནང་ཐམས་ཅད་ལ་མེ་འབར་བས་མེ་ལྕེ་དང་སྲོག་ཆགས་དབྱེ་བ་མི་བྱེད་དེ། སྨྲེ་སྔགས་འདོན་པ་ཙམ་ལས་སེམས་ཅན་ཡོད་པར་རྗེས་སུ་དཔོག་གོ །དེ་ལྟར་སྡུག་བསྔལ་དོས་དྲག་ཚུལ་དེ་བཞིན་ཡིན་ལ། ཡུན་ཚད་རིང་བ་ནི། མངོན་པ་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ།
ཐམས་ཅད་དང༌། ཁྱད་པར་སྔགས་ནས་གསུངས་པའི་བཤེས་གཉེན་བསྟེན་ཚུལ་ཁྱད་པར་དུ་གྱུར་པ་ཅིག་བྱ། དེ་ནས་རྒྱུད་སྡེ་རྣམ་དག་ནས་འབྱུང་བའི་དབང་གིས་རྒྱུད་སྨིན་པར་བྱས་ནས། དེའི་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་སྲོག་བསྡོས་བྱས་ཏེ་བསྲུང༌། ཁྱད་པར་རྩ་ལྟུང་ཕོག་ན་སླར་བླང་དུ་ཡོད་ཀྱང་རྒྱུད་ཆུད་ཟོས་ཏེ་ཡོན་ཏན་སྐྱེ་དཀའ་བས་དེས་མ་གོས་པར་བྱེད། ཡན་ལག་གི་ལྟུང་བ་རྣམས་ཀྱིས་མ་གོས་པར་བྱེད་ཅིང་གོས་ནའང་ཇི་མི་སྙམ་པར་མི་འཇོག་པར་བཤགས་བསྡམ་གྱིས་དག་པར་བྱའོ། །དེ་ནས་རྒྱུད་སྡེ་འོག་མ་ལྟར་ན་མཚན་བཅས་དང་གོང་མ་ལྟར་ན་བསྐྱེད་རིམ་གྱི་རྣལ་འབྱོར་གང་རུང་ཅིག་ལ་འཁྲིད། དེ་བརྟན་ནས་རྒྱུད་སྡེ་འོག་མ་ལྟར་ན་མཚན་མེད་ཀྱི་རྣལ་འབྱོར་དང༌། གོང་མ་ལྟར་ན་རྫོགས་རིམ་གྱི་རྣལ་འབྱོར་གང་རུང་ལ་བསླབ་བོ། །དེ་ལྟར་བློ་རིམ་གྱིས་བསྐྱེད་དགོས་པ་ནི། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས། ནོར་བུ་མཁན་མཁས་པས་ནོར་བུ་རིམ་གྱིས་སྦྱང་བའི་དཔེ་དོན་དུ་སྦྱར་ནས་བཀའ་སྩལ་ཏོ། །མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌། དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པའོ། །ཞེས་མངོན་མཐོ་ངེས་ལེགས་ཀྱི་ལམ་ལ་རིམ་ཅན་དུ་འཁྲིད་པར་གསུངས་པ་དང༌། འཕགས་པ་ལྷས་ཀྱང༌། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་
གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཞེས་དང༌། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་གསུངས་ཏེ། མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ཞག་གཅིག །དེས་རྩིས་པའི་རང་ལོ་ལྔ་བརྒྱ་ཐུབ། དེ་ཡོངས་རྫོགས་ཡང་སོས་པའི་ཞག་གཅིག་ཏུ་བྱས། དེའི་ལོ་ལྔ་བརྒྱ་ནི། ཡང་སོས་པའི་ཚེ་ཚད་ཡིན་ལ། འོག་མ་རྣམས་ལོ་གྲངས་ཡང་ཉིས་འགྱུར་ཉིས་འགྱུར་དུ་འཕེལ་ཞིང༌། ཞག་གྲངས་ཀྱང་ཉིས་འགྱུར་གྱིས་རིང་བས་གོང་མ་གོང་མའི་བཞི་འགྱུར་འོག་མ་འོག་མ་ལ་ཡོད་པར་ཤེས་པར་བྱའོ། །དམིགས་པའི་འཇུག་སྡོམ་ནི། དེ་ལྟར་སྡུག་བསྔལ་དོས་ནི་དྲག །ཡུན་ནི་རིང༌། ད་ལྟ་མེ་ཕྲ་མོ་གཅིག་ལ་སོར་མོའི་རྩེ་མོ་ཙམ་ཡང་ཡུད་ཙམ་རེ་ཡང་འཇོག་ཏུ་མི་བཏུབ་ན་ནམ་ཞིག་དེ་ལྟ་བུ་རང་གི་ཐོག་ཏུ་བབས་ན། བཟོད་པའི་གོ་སྐབས་ཅུང་ཟད་ཀྱང་མི་འདུག་སྟེ། ལན་གཅིག་དེར་སྐྱེས་ཟིན་ནས་ཟློག་པའི་ཐབས་མེད། ད་ལྟ་ཟློག་པའི་ཐབས་ཡོད་དེ་དེར་
རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་སོ། །གཉིས་པ་དེ་དག་གི་ལམ་གྱི་མཚན་ཉིད་སོ་སོར་བཤད་པ་ལ་གསུམ། སྐྱེས་བུ་ཆུང་ངུའི་མཚན་ཉིད། འབྲིང་གི་མཚན་ཉིད། ཆེན་པོའི་མཚན་ཉིད་བསྟན་པའོ། །དང་པོ་ནི། ཚེ་འདི་ལ་མ་ཆགས་པར་གཙོ་བོར་ཕྱི་མ་ཕན་ཆད་ཀྱི་དོན་སྒྲུབ་ནུས་ཀྱི་སྐྱེས་བུ་གང་ཞིག །ཐབས་ནི་ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་སྔོན་དུ་སོང་བའི་སྒོ་ནས། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང༌། ཟག་བཅས་ཀྱི་བསམ་གཏན་དང༌། གཟུགས་མེད་ཀྱི་སྙོམས་འཇུག་སོགས་ལྷའི་ཐེག་པ་དང༌། ཚངས་པའི་ཐེག་པ་ཞེས་བཤད་པ་གང་དག་གིས། འཁོར་ལོས་སྒྱུར་བའི་མཐར་ཐུག་པའི་མིའི་བདེ་བ་དང༌༑ བརྒྱ་བྱིན་ནས་གཟུགས་མེད་པའི་བར་གྱི་འཁོར་བའི་བདེ་བ་ཙམ་དག་ལ། ཆེད་དུ་བྱ་བ་གང་ཟག་རང་ཉིད་ཀྱིས་ཐོབ་པའི་དོན་དུ་གཉེར་བར་བྱེད་པ་གང་ཡིན་པའི་སྐྱེས་བུ་དེ་ནི། སྲིད་པ་དོན་དུ་གཉེར་ཞིང་གཞན་དོན་ལ་རྒྱབ་ཀྱིས་ཕྱོགས་པས། འབྲིང་དང་ཆེན་པོ་ལས་དམན་པའི་ཕྱིར། འདིར་བསྟན་གྱི་སྐྱེས་བུ་ཐ་མར་ཤེས་པར་བྱའོ། །སྤྱིར་ནི་སྐྱེས་བུ་ཆུང་ངུ་ལ་ཚེ་འདི་དོན་དུ་གཉེར་བ་ཙམ་ཡང་ཡོད་ཀྱང༌། འདི་ནི་མངོན་མཐོའི་ཐབས་མ་ནོར་བ་ལ་ཞུགས་དགོས་པས། འདིར་བསྟན་གྱི་སྐྱེས་བུ་ཆུང་ངུ་ལ་གཅིག་ཉིད་ལས་དབྱེ་བ་གཞན་མི་བྱེད་དོ། །སྐྱེས་བུ་གསུམ་གྱི་ལམ་མཐའ་དག་གི་རྩ་བ་བཤེས་གཉེན་བསྟེན་ཚུལ་ཡིན་ཏེ། དེ་ལ་མཉེས་པར་བྱས་ན་
སྐྱེ་བའི་རྒྱུ་ལས་ངན་སྡིག་པ་དག་སྦྱངས་ན་ཟློག་པའི་ཐབས་ཁོ་ན་ཡིན། དེར་མི་སྐྱེ་བའི་ཕྱིར་ཆོས་ལ་འབད་དགོས་སྙམ་དུ་བསམ་མོ། །དམིགས་སྐོར་དགུ་པའོ། །ཡང་བློའི་རིམ་པ་དང་བསྟུན་ནས་སོ་སོར་ཕྲལ་ཏེ་དམིགས་སྐོར་འགའ་རེ་བྱས་ཀྱང་མི་རུང་བ་མེད་པ་ལགས། ད་ནི་གྲང་དམྱལ་གྱི་སྡུག་བསྔལ་བསམ་པར་བྱ་སྟེ། སྡོམ་ནི། ཆུ་བུར་ཆུ་བུར་རྡོལ་པ་ཅན། །ཨ་ཆུ་ཀྱི་ཧུད་སོ་ཐམ་པ། །ཨུཏྤལ་པདྨ་པད་ཆེར་གས། །ཞེས་སོ། །གྲང་དམྱལ་ཐམས་ཅད་མཐུན་པར་ས་གཞི་རི་ཀླུང་ཐམས་ཅད་གངས་དང་ཆུ་འཁྱགས་ཀྱི་རང་བཞིན་སྐྱབས་སྐྱིབས་སལ་སུལ་ཉུང་བ། རླུང་དང་བུ་ཡུག་འདྲེས་པ་ཆེས་ཤིན་ཏུ་གྲང་བས་རྟག་ཏུ་ཁྱབ་པ། རླུང་གྲང་མོ་རྣམས་ཤ་ལྤགས་ཕུག་ནས་རུས་པའི་གཏིང་དུ་ཡང་འགྲོ་བ་ཡོད། བརྒྱད་པོ་ཡང་གོང་མ་གོང་མ་ལས་འོག་མ་འོག་མ་བདུན་འགྱུར་གྱིས་གྲང་བར་བཤད། དེར་སྐྱེ་བའི་སེམས་ཅན་དེ་ཡང་བར་དོའི་སྐབས་སུ་ཐོག་མར་མེ་ནང་དུ་ཚིག་པ་ལྟ་བུའི་ཉམས་བྱུང་ནས་གྲང་བ་འདོད་པའི་སྐབས་སུ་གྲང་དམྱལ་གྱི་གནས་མཐོང༌། དེ་ཕྱོགས་སུ་རྒྱུགས་པས་དེར་ཚུད་ནས་སྐྱེ་བ་ལེན་པར་བཤད། དེ་ལ་ཆུ་བུར་ཅན་ནི། ཆེས་གྲང་བས་ལུས་ཀྱི་ཕྱི་ནང་ཐམས་ཅད་ཆུ་བུར་གྱིས་གང་བའོ༑ ༑ཆུ་བུར་བརྡོལ་བ་ཅན་ནི། དེ་བས་ཀྱང་གྲང་བས་ཆུ་བུར་བརྡོལ་ཏེ། ཆུ་སེར་གྱིས་ལུས་གཡོག་པ་རྣམས་ཀྱང་འཁྱག་པར་འགྲོ་བ་ཡིན་པར་བཤད་ལ། སློབ་སྤྲིང་ལས་ནི་ཆུ་སེར་ལས་སྐྱེས་པའི་སྲོག་ཆགས་ཀྱིས་ལུས་
དལ་འབྱོར་ལ་སྙིང་པོ་ལེན་འདོད་སྐྱེ་ཞིང༌། དལ་བའི་རྟེན་ལ་སྙིང་པོ་ལེན་འདོད་དམ་ཆོས་སྒྲུབ་འདོད་ཀྱི་བློ་མ་སྐྱེས་པར་སྐྱེས་བུ་གསུམ་གྱི་ལམ་གང་ཡང་ཉམས་སུ་ལེན་པ་མི་འོང་བས། བཤེས་གཉེན་བསྟེན་པ་དང༌། དལ་འབྱོར་གྱི་ཆོས་སྐོར་གཉིས་གསུམ་ཀའི་སྔོན་འགྲོ་ཡིན་པས། ཁྲིད་ཉམས་སུ་ལེན་པ་ན་བཤེས་གཉེན་བསྟེན་ཚུལ་སོགས་གོ་རིམ་ངེས་ཅན་དུ་བྱའོ། །དེ་ཡང་སྐྱེས་བུ་ཆུང་ངུའི་བསམ་པ་སྐྱེ་བ་ལ། མི་རྟག་པ་དང༌། ངན་སོང་གསུམ་གྱི་ཉེས་དམིགས་བསམ་པ་དང༌། སྦྱོར་བ་སྒྲུབ་པ་ལ། སྐྱབས་འགྲོ་དང༌། ལས་འབྲས་བསམ་ནས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་བསླབ་དགོས་པས། འདིར་བསྟན་གྱི་སྐྱེས་བུ་ཆུང་ངུའི་ལམ་གྱི་དངོས་གཞི་ལ་དམིགས་སྐོར་བཞི་ཡོད་དོ། །གཉིས་པ་སྐྱེས་བུ་འབྲིང་གི་མཚན་ཉིད་ནི། མནར་མེད་ནས་སྲིད་རྩེའི་བར་གྱི་འཁོར་བ་མཐའ་དག་གི་སྡུག་བསྔལ་རྒྱུ་མཚན་དུ་མའི་སྒོ་ནས་བསམས་པས་འཁོར་ལོས་སྒྱུར་རྒྱལ་སོགས་ཀྱི་བདེ་བ་ལའང་རྨི་ལམ་དུ་ཡང་འདོད་པ་མེད་པས། སྲིད་པའི་བདེ་བ་མཐའ་དག་ལ་རྒྱབ་ཀྱིས་ཕྱོགས་ཤིང་ཞེན་པ་ལོག་པ་བསམ་པའི་ཁྱད་པར། བསམ་པ་དེས་ཀུན་ནས་བསླངས་ཏེ། སྒོ་གསུམ་སྡིག་པ་མི་དགེ་བའི་ལས་ལས་ལྡོག་པའི་བདག་ཉིད་ཅན་གྱི་སོ་ཐར་རིས་བདུན་གང་རུང་གི་བརྟུལ་ཞུགས་ལ་ཡང་དག་པར་གནས་པ་སྦྱོར་བའི་ཁྱད་པར། བསམ་སྦྱོར་དེ་གཉིས་དང་ལྡན་པའི་རྟེན་གྱི་གང་ཟག་གང་ཞིག །རང་ཉིད་སྡུག་ཀུན་ཉེ་བར་ཞི་བའི་མྱང་འདས་ཙམ་དོན་དུ་གཉེར་བ་འབྲས་བུའི་ཁྱད་པར་སྟེ། ཁྱད་པར་དེ་གསུམ་དང་ལྡན་པ་ནི་དམ་ཆོས་མ་ནོར་བར་གྲུབ་པའི་ལམ་ལ་ཞུགས་པས། འདིར་བསྟན་གྱི་སྐྱེས་བུ་ཡིན་ཞིང༌། སྲིད་པ་མཐའ་དག་ལས་ཡིད་འབྱུང་བས་ཆུང་ངུ་ལས་ཁྱད་པར་འཕགས་པ་དང༌། འགྲོ་བའི་དོན་གྱི་ཁུར་འཁུར་བའི་ལྷག་བསམ་དང་མི་ལྡན་པས་ཆེན་པོ་ལས་དམན་པའི་ཕྱིར། དེ་ལ་ནི་འབྲིང་ཞེས་བརྗོད་པར་བྱ་བ་ཡིན་ནོ། །འདིར་དངོས་སུ་བསྟན་པའི་སྐྱེས་བུ་འབྲིང་ལ་དབྱེ་ན། ཐེག་པའི་སྒོ་ནས་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་གཉིས། བསྒོམ་བྱའི་སྒོ་ནས་འཕགས་པའི་བདེན་པ་བཞི་དང༌། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལྡོག་ཏུ་བསྒོམ་པ་གཉིས། ནང་ཚན་གྱི་སྒོ་ནས། རང་དོན་དུ་ཐར་པ་དོན་གཉེར་གྱི་བློས། དགེ་བཅུའི་ཚུལ་ཁྲིམས་ལ་སློབ་པ་ནི་སྐྱེས་བུ་འབྲིང་གི་ཆུང་ངུ༌། བསམ་པ་དེ་ལྡན་གྱིས་འཕགས་པའི་བདེན་པ་བཞི་བསྒོམ་པ་འབྲིང་གི་འབྲིང༌། བསམ་པ་དེ་དང་ལྡན་པ་གང་ཞིག །གཉིས་སྟོང་གི་བདག་མེད་བསྒོམ་པ་འབྲིང་གི་ཆེན་པོ་ཡིན་ནོ། །དེ་ལྟར་ན་འཕགས་མཆོག་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བའི་རྗེས་སུ་འབྲང་བས་ནི། བསྒོམ་བྱ་བདག་མེད་གསུམ་གྱི་སྒོ་ནས་ཀྱང་གསུམ་དུ་དབྱེར་ཡོད་དེ། གང་ཟག་རྫས་ཡོད་ཀྱིས་སྟོང་པ་ཙམ་གྱི་བདག་མེད་དང༌། རྡུལ་ཕྲན་ཆ་མེད་བསགས་པའི་ཕྱི་རོལ་དོན་གྱིས་སྟོང་པ་གཟུང་བ་ཆོས་ཀྱི་བདག་མེད་དང༌། གང་ཟག་དང་ཆོས་རྟོག་པས་
འབུགས་ཤིང་ཟ་བར་ཡང་བཤད་དོ། །ཨ་ཆུ་ཟེར་བ་ནི། སྐད་ཤིབ་ཤིབ་པོར་འབྲུ་དག་ཁ་ན་ཅུང་ཟད་ཐོན་ཙམ་གྱི་སྨྲེ་སྔགས་འདོན་པ་དང༌། ཀྱི་ཧུད་ཟེར་བ་ནི། དེ་བས་ཀྱང་གྲང་བས་འབྲུ་དག་མི་ཐོན་ཏེ། ཉེན་སྐད་ཕྲ་མོ་ཙམ་འབྱིན་པའོ། །སོ་ཐམ་ཐམ་པ་ནི། དེ་བས་ཀྱང་ཤིན་ཏུ་གྲང་བས་སྐད་མི་ཐོན་པར་ལུས་འདར་བས་སྐོས་ཐག་ཅིང་སོ་བདར་རྡེབ་པའོ། །ཨུཏྤལ་ལྟར་གས་པ་ནི། ལུས་དུམ་བུ་བཞིའམ་བརྒྱད་ལ་སོགས་པར་གས་པ་ཡིན་ལ། པདྨ་ལྟར་གས་པ་ནི། ལུས་དུམ་བུ་བརྒྱ་ལ་སོགས་པར་གས་པ་དང༌། པདྨ་ལྟར་ཆེར་གས་པ་ནི། གྲང་བའི་མཐར་ཐུག་པས་ལུས་ཀྱི་ཆ་ཤས་རེ་རེ་ཡང་དུམ་བུ་བརྒྱ་ཚལ་སྟོང་ཚལ་དུ་གས་པའོ། །ཚེ་ཚད་ནི་ཆུ་བུར་ཅན་ལ་ཁལ་བརྒྱད་ཅུ་འགྲོ་བའི་སྣོད་ཆེན་པོ་སྦྱང་ཞེས་ཟེར་བ་གཅིག་ཏིལ་གྱིས་ཕྱུར་བུར་བཀང༌། ལོ་བརྒྱ་རེ་ནས་ཏིལ་འབྲུ་རེ་ཕྱིར་བསྐྱུར་ན་དེ་ནམ་ཟད་པ་ཙམ་ཆུ་བུར་ཅན་གྱི་ཚེ་ཐུབ་པར་བཤད། འོག་མ་རྣམས་ལ་ཉི་ཤུ་ཉི་ཤུ་འགྱུར་གྱི་འགྲེས་རྩི་བ་ཡིན། འདི་ལ་ཡང་དམིགས་པའི་གཞི་དང་འཇུག་སྡོམ་ཚ་དམྱལ་གྱི་སྐབས་དང་འདྲ། དམིགས་སྐོར་བཅུ་པའོ། །ད་ནི་ཉེ་འཁོར་བའི་སྡུག་བསྔལ་བསམ་སྟེ། འདི་ནི་མངོན་པ་ལས། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །འདི་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་དང༌། །སྤུ་གྲི་ལམ་སོགས་ཆུ་བོ་ཡིན། །ཅེས་འབྱུང༌། དེ་ཡང་དམྱལ་བའི་དངོས་གཞི་ཚ་དམྱལ་བརྒྱད་པོ་རེ་རེ་ལ་ཡང་སོ་སོའི་ཕྱོགས་བཞི་པོ་རྣམས་སུ་ཉེ་འཁོར་བ་བཞི་པོ་འདི་རྣམས་ཆ་ཚང་བ་རེ་རེ་ཡོད་པ་ཡིན། དེ་ཡང་མེ་མ་མུར་གྱི་འོབས་ནི། འོབས་མེ་འདག་གིས་གང་བ་ཁ་ཞེང་ཤིན་ཏུ་ཆེ་བ་ཡོད་དེ། དེར་དང་པོ་ནས་སྐྱེས་པའམ་ཚ་དམྱལ་དངོས་གཞི་ནས་འཁྱམས་པ་ཡིན་ཀྱང་རུང༌། དམྱལ་བའི་སེམས་ཅན་རྣམས་ནི་སྡུག་བསྔལ་ཆེ་དྲགས་པས་གཅིག་ཏུ་བློ་ཆགས་ནས་སྡོད་པའི་གནས་མེད། འོབས་དེར་ཡང་གར་བབ་བབ་ཏུ་བྲོས་པས་མེ་འདག་གི་འོབས་དེར་ཚུད། ལས་ཆེ་ཆུང་གི་མཐུ་ལས་པུས་ནུབ་ཙམ་མམ། སྐེད་པ་ནུབ་ཙམ་སོགས་མ་ངེས་པར་འབྱུང༌། འབྲོས་པར་འདོད་ན་ཡང་མགོ་འཁོར་བས་ལྡོག་གིན་ཡོང་བ་དང༌། དམྱལ་སྲུང་འཇིགས་པ་རྣམས་ཀྱིས་འགྲམ་ནས་བསྲུངས་ཏེ་འགྲོས་སུ་མི་སྟེར་རོ། །རོ་མྱགས་ཀྱི་འདམ་ནི། ཡང་བྲོས་པ་ན་རོ་མྱགས་ཞེས་བྱ་བ་མི་གཙང་བ་བཙོག་དགུའི་འདམ་ལ་ཐེབས་ཏེ། དྲི་མི་བཟང་བ་ཚོར་བས་མགོ་འགས་པ་ཙམ་དྲན་མེད་དུ་རྒྱལ་བ་ཙམ་འབྱུང༌། འདམ་གྱི་དབུས་སུ་སྲིན་བུ་ལྕགས་མཆུ་ཅན་དང་ཟངས་མཆུ་ཅན་མང་པོ་བྱུང་སྟེ། ཤིང་སྲིན་གྱིས་ཤིང་ལ་ཟ་བ་བཞིན་དུ་ལུས་འབུགས་ཤིང་ཟ་བར་བྱེད་དོ། །སྤུ་གྲིས་གཏམས་པའི་ལམ་ལ་སོགས་པ་ནི། རྒྱང་རིང་པོ་ནས་ནེ་གསིང་ཡིད་དུ་འོང་བ་ལྟར་མཐོང་ནས། དེར་རྒྱུགས་པ་ན་ས་གཞི་ཐམས་ཅད་སྤུ་གྲི་སོར་བཞི་པས་གཏམས་པ་ཡིན་ཏེ། རྐང་པ་གཅོད་པ་ལ་སོགས་པས་སྡུག་བསྔལ་བའོ། །སོགས་ཁོངས་ནས་བསྡུས་པ་རལ་གྲི་ལོ་མའི་ནགས་ཚལ་ཅེས་པ་ནི།
བཏགས་པ་ཙམ་ལས། རང་བཞིན་གྱིས་གྲུབ་པས་སྟོང་པའི་བདག་མེད་ཕྲ་མོ་རྟོགས་ཤིང་བསྒོམ་པའི་ཐེག་དམན་གྱི་གང་ཟག་གསུམ་བཞག་དགོས་པའི་ཕྱིར་རོ། །སྐྱེས་བུ་འབྲིང་གི་ལམ་གྱི་དངོས་གཞི་ནི། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །ཞེས་པས་སྡུག་བདེན་དང་། སྡིག་པའི་ལས་ལས། ཞེས་པས་ཀུན་འབྱུང་དང༌། རང་ཞི་ཙམ་དོན་གཉེར། ཞེས་པས་འགོག་བདེན་དང༌། ལྡོག་བདག་ཉིད། ཅེས་པས་ལམ་བདེན་བསྟན། ཞེས་ཤ་ར་བས་གསུངས་པ་ལྟར། འཕགས་པའི་བདེན་པ་བཞིའི་ལམ་ནི། ཐར་འདོད་རྣམས་ཀྱིས་བསྒོམ་བྱའི་གཙོ་བོ་དང༌། སྐྱེས་བུ་འབྲིང་གི་ལམ་གྱི་གཞུང་ཤིང་ཡིན་ཏེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱང་དེ་ཉིད་དུ་འདུས་པའི་ཕྱིར། དེ་ཡང་ཐར་པ་དོན་གཉེར་གྱིས་གཏན་ལ་དབབ་བྱ་ཀུན་བྱང་གཉིས་སུ་ངེས་ཏེ། དང་པོ་ལ་རྒྱུ་འཆིང་བྱེད་ཀུན་འབྱུང་དང༌། འབྲས་བུ་བཅིངས་པ་སྡུག་བདེན་གཉིས་སུ་ངེས་ཤིང༌། ཕྱི་མ་ལ་ཐོབ་བྱ་འགོག་བདེན་དང༌། འཐོབ་བྱེད་ལམ་བདེན་གཉིས་སུ་ངེས་པའི་ཕྱིར། གོ་རིམ་ཡང་སྡུག་བདེན་ཐོག་མར་གསུངས་པ་ལྟར། ཐར་འདོད་ཀྱིས་དང་པོར་འཁོར་བ་སྤྱི་དང༌། སོ་སོའི་ཉེས་དམིགས་ལེགས་པར་བསམས་ཏེ། ཐར་འདོད་ཀྱི་བློ་བཅོས་མིན་བསྐྱེད། འཁོར་བའི་སྡུག་བསྔལ་བསམ་པས་ཡིད་སྐྱོ་བ་ན། འཁོར་བ་འདི་ཅིའི་རྒྱུ་ཅན་ཡིན་སྙམ་དུ་བསམས་པས་ཉོན་མོངས་པ་དང༌། ཟག་བཅས་ཀྱི་ལས་ལས་འཁོར་བ་འགྲུབ་པར་མཐོང་ནས། ཀུན་འབྱུང་སྤོང་འདོད་སྐྱེ་བས། དེའི་འོག་ཏུ་ཀུན་འབྱུང་འཁོར་བའི་འཇུག་རིམ་སྒོམ། ཀུན་འབྱུང་གི་གཙོ་བོ་མ་རིག་པ་ནི། ཡུལ་གྱི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་ཡིན་པས། དེ་སྤོང་ནུས་སུ་ཤེས་པ་ན། འགོག་པ་མངོན་དུ་བྱ་ནུས་སུ་མཐོང་བས། དེའི་འོག་ཏུ་འགོག་པ་བསྟན་པ་ཡིན་ལ། དེ་ཡང་ལམ་ལ་རག་ལས་པར་མཐོང་བས། དེ་ནས་ལམ་བདེན་བསྟན་པ་ཡིན་ཏེ། རྗེ་བཙུན་བྱམས་པས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་ཡི་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་གསུངས་པས་སོ། །གསུམ་པ་སྐྱེས་བུ་ཆེན་པོའི་མཚན་ཉིད་བསྟན་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་སྐྱེས་བུ་ཆུང་འབྲིང་གི་ལམ་ལ་བློ་ལེགས་པར་སྦྱངས་ཤིང་འབྱུང་བའི་གང་ཟག་གིས་རང་གི་རྒྱུད་དུ་གཏོགས་པའི་འཁོར་བའི་སྡུག་བསྔལ་གྱིས་ཐོག་མཐའ་བར་གསུམ་དུ་གདུངས་པར་མཐོང་བ་ན། དེ་དང་མཐུན་པར་སྲིད་མཚོར་འཁྱམས་པ་གང་ཞིག །མར་གྱུར་སེམས་ཅན་གཞན་ཀུན་གྱི་སྡུག་བསྔལ་ལ་བསམ་སྟེ། དེ་དག་ཐམས་ཅད་ཀྱང་རང་དང་འདྲ་བར་སྡུག་བསྔལ་ཐམས་ཅད་ཀྱི་མེ་འབར་བས་བསྲེགས་པ་ལ་མི་བཟོད་པའི་སྙིང་རྗེས་ཀུན་ནས་བསླངས་ཏེ་དེ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་དང༌། དེའི་རྒྱུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་ཀུན་ཡང་དག་པར་
ཚ་བས་གདུངས་པ་ན་རྒྱང་རིང་པོ་ནས་ནགས་ཚལ་སྔོན་པོ་མཐོང་སྟེ། དགའ་བས་རྒྱུགས་ནས་དེར་ཕྱིན་པ་ན། ལོ་འདབ་ཐམས་ཅད་རལ་གྲི་ལ་སོགས་པའི་མཚོན་ཆར་ཡོད་པ་དེ་རླུང་གིས་བསྐྱོད་པས་ཆར་ལྟར་བབས་ཏེ་ལུས་དུམ་བུ་མང་པོར་བྱེད་པའོ། །ཤལ་མ་ལིའི་སྡོང་པོ་ནི། སྲོག་ཆགས་གདུག་པ་ཅན་མང་པོས་བདས་པས་ཤལ་མ་ལིའི་སྡོང་པོ་ཆེན་པོ་མཐོང་ནས་དེ་ལ་འཛེགས་པ་ན། ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག་པ་ཁ་ཐུར་དུ་བལྟས་པ་མང་པོ་ཡོད་པས་ལུས་ཐལ་ཕྱུང་དུ་ཕུག །རིམ་པས་རྩེ་མོར་ཕྱིན་པ་ན། བྱ་གདུག་པ་ཅན་གྱི་ཚོགས་ཀྱིས་མིག་འབྱིན་པ་དང་ཤ་འཐོག་པ་ལ་སོགས་པ་འཇིགས་པ་དུ་མ་བྱུང་སྟེ། ཡང་ཐུར་དུ་བབས་ན། ཚེར་མ་ཁ་གྱེན་དུ་བལྟས་ཏེ་ལུས་འབུགས་པ་ལ་སོགས་པའོ། །གསུམ་པོ་དེ་མཚོན་ཆའི་གནོད་པ་ཡིན་པས་གཅིག་ཏུ་བསྡམས་སོ། །བཞི་པ་ཐལ་ཚན་གྱི་ཆུ་བོ་རབ་མེད་ནི། ཤིན་ཏུ་ཚ་བས་གདུངས་པ་དེ་རྒྱང་རིང་པོ་ན་ཆུ་ཀླུང་འབབ་པ་མཐོང་སྟེ། དེར་ཕྱིན་ནས་ཚམ་ཚོམ་མེད་པར་མཆོངས་པ་ན། དེ་ནི་མེ་ཆུ་འདྲེས་མ་ཤིན་ཏུ་ཚ་བ་གཏིང་ཟབ་ལ་རྒྱ་ཆེ་བ་ཞིག་ཡོད་དེ། དེའི་ལུས་ཆུ་ནང་དུ་ནུབ་པ་ན་ཤིན་ཏུ་ཚོས་པས་ཤ་རུས་བྲལ་ཏེ། ཤ་རྣམས་བུད། སྲོག་ནི་རུས་པ་ལ་གནས། ཀེང་རུས་སུ་ཟང་གིས་སོང་བ་དེའི་ཆུའི་སྟེང་སྟེང་དུ་ཐོན་ཡོང༌། དེ་མ་ཐག་ཤ་སྔར་བཞིན་སྐྱེས་ནས་ཡང་ནུབ་པ་སོགས་སོ། །དེ་དག་ལ་ཚེ་ཚད་ངེས་པ་མེད་ཀྱང་། སོ་སོར་ལོ་བརྒྱ་སྟོང་དུ་མ་གནས་དགོས་
སླར་ལྡོག་པ་མེད་པར་ཟད་པར་ཀུན་ནས་འདོད་པའི་གཞན་དོན་དོན་གཉེར་གྱི་འདོད་པ་དང་མཚུངས་ལྡན་གྱི་ཐོབ་བྱ་བྱང་ཆུབ་ལ་དོན་དུ་གཉེར་བའི་སེམས་རིན་པོ་ཆེ་དང༌། དེས་ཀུན་ནས་བསླངས་པའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཅི་རིགས་ལ་གནས་པའི་སྐྱེས་བུ་དེ་ནི། ཐེག་ཆེན་སྒྲུབ་པའི་ཐབས་མ་ནོར་བ་ལ་ཞུགས་པས། འདིར་དངོས་སུ་བསྟན་པའི་སྐྱེས་བུ་མཆོག་གམ་ཆེན་པོའི་མཚན་ཉིད་ཡིན་ནོ། །དེ་ལ་དབྱེ་ན། ལྟ་བའི་སྒོ་ནས་དབུ་སེམས་གཉིས། ཐེག་པའི་སྒོ་ནས་མདོ་སྔགས་གཉིས། ལམ་མྱུར་བུལ་གྱི་སྒོ་ནས་ཕྱུགས་ཀྱི་ཤིང་རྟས་བགྲོད་པ་སོགས་ལྔར་དབྱེ་བ་ཡོད་དོ། །གཉིས་པ་སྐྱེས་བུ་ཆེན་པོའི་ལམ་རྒྱས་པར་བཤད་པ་ལ་གཉིས། ཕ་རོལ་ཏུ་ཕྱིན་པའི་ལམ་རྒྱས་པར་བཤད་པ་དང༌། སྔགས་ལ་འཇུག་པའི་ཚུལ་ཕྱོགས་ཙམ་བསྟན་པའོ། །དང་པོ་ལ་གཉིས། ལམ་གྱི་རྣམ་གཞག་དང༌། འབྲས་བུའི་རྣམ་གཞག་བཤད་པའོ། །དང་པོ་ལ་གཉིས། བཤད་པར་དམ་བཅའ་བ་དང༌༑ ལམ་ཡང་དག་པ་ཉིད་བཤད་པའོ། །དང་པོ་ནི། བཤད་པར་བྱའོ་ཞེས་པ་བཤད་པའི་གཞིར་བཞག་སྟེ། གང་བཤད་ན། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་མེད་དུ་མི་རུང་བའི་ཐབས་ནིའོ། །གང་ལ་ན། སེམས་ཅན་དམ་པ་ཐེག་པ་ཆེན་པོའི་རིགས་སད་ཅིང༌། གཞན་དོན་དུ་བྱང་ཆུབ་མཆོག་གི་གོ་འཕང་ཐོབ་པར་འདོད་པའི་ལྷག་བསམ་རྣམ་པར་དག་པ་དང་ལྡན་པར་གྱུར་པ་དེ་དག་ལའོ། །ཚུལ་ཇི་ལྟར་ན། རང་བཟོ་མ་ཡིན་ཏེ། ཇོ་བོ་གསེར་
པས་དོས་ནི་དྲག་ཡུན་ནི་རིང་ངོ༌། །དམིགས་པའི་གཞི་དང༌། འཇུག་སྡོམ་སྔར་བཞིན་ནོ། །དམིགས་སྐོར་བཅུ་གཅིག་པའོ། །ད་ནི་དམྱལ་བ་ཉི་ཚེ་བའི་སྡུག་བསྔལ་བསམ་པར་བྱ་སྟེ། དེ་ལ་གནས་ནི། ས་འོག་དང་ས་སྟེང་གི་རི་དང་ཐང་དང་ཆུ་ལ་སོགས་པ་ངེས་མེད་ལ་གནས། ཚེ་ཡང་ངེས་པ་མེད་དེ། འགའ་ཞིག་དངོས་གཞི་རྣམས་ལས་ཀྱང་ཚེ་རིང་བ་ཙམ་ཡང་ཡོད། ཁ་ཅིག་ཚེ་ཐུང་བའང་ཡོད། སྡུག་བསྔལ་མྱོང་ཚུལ་ཡང་མ་ངེས་པ་སྣ་ཚོགས་པ་སྟེ༑ མདོ་ལས། ཉིན་མོ་ལྷའི་བདེ་བ་མྱོང་། མཚན་མོ་དམྱལ་བའི་སྡུག་བསྔལ་མྱོང་བ་སོགས་དང༌། དམྱལ་བ་གདན་འདྲ་བ་དང༌། རྩིག་པ་འདྲ་བ་དང༌། གཏུན་བུ་འདྲ་བ་དང༌། ཕྲུ་བ་འདྲ་བ་དང༌། ལྗོན་ཤིང་འདྲ་བ་དང༌། ཕྱགས་ཤིང་འདྲ་བ་ལ་སོགས་པ་ལུས་ཀྱི་རྣམ་པ་ཡང་མ་ངེས་པ་སྣ་ཚོགས་པ་ཡོད་དོ། །དམིགས་པའི་གཞི་དང་འཇུག་སྡོམ་སྔོན་དང་འདྲ། དམིགས་སྐོར་བཅུ་གཉིས་པའོ། །སྐབས་འདི་དག་ཏུ་རྣ་བ་བྱེ་བ་རི་པ་དང༌། འཕགས་པ་དགེ་འདུན་འཚོའི་རྟོགས་བརྗོད་ལ་སོགས་པས་ཀྱང་ངེས་ཤེས་བསྐྱེད་པར་བྱའོ། །གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། སྔོན་འགྲོ་དང་དམིགས་པའི་གཞི་སྔར་ལྟར་བྱས། ཡང་འདི་ལྟར་བསམ་སྟེ་བདག་དམྱལ་བར་མ་སྐྱེས། ཡི་དྭགས་སུ་སྐྱེས་པའི་ཚེ་བདེ་བ་ཡོད་དམ་སྙམ་ན། དེ་ན་ཡང་བདེ་བ་མེད་དེ། ཡི་དྭགས་ལ་གནས་ན་གནས་པ་དང་། ཁ་འཐོར་བ་རིགས་གཉིས་ཡོད། དང་པོ་ནི། ས་འོག་དཔག་ཚད་ལྔ་བརྒྱ་འདས་
གླིང་པ་ལ་སོགས་པའི་བླ་མ་དམ་པ་རྣམས་ཀྱིས་ཇི་ལྟར་བསྟན་པ་ཡི་གསུང་གི་རྗེས་སུ་འབྲང་ཞིང༌། ལུང་རིག་དང་ལྡན་པས་ཡང་དག་པར་རོ། །དེ་ལ་སེམས་ཅན་དམ་པ་ཞེས་རྐང་པ་གཉིས་ཀྱིས་ཆོས་འདི་གང་ལ་བཤད་པའི་སྣོད་ངོས་བཟུང༌། བླ་མ་རྣམས་ཀྱིས་བསྟན་པ་ཡི། །ཞེས་གཉིས་ཀྱིས་བདུད་རྩི་ལྟ་བུའི་ཆོས་ངོས་བཟུང་བའོ། །དེ་དག་ལས། ཡང་དག་ཐབས་ནི་ཞེས་པས་བརྗོད་བྱ་དང༌། བཤད་པར་བྱ་ཞེས་པས་དགོས་པ་དང༌༑ བླ་མ་རྣམས་ཀྱིས་བསྟན་པ་ཡི། །ཞེས་པས་རྗོད་བྱེད་ཀྱི་ཁྱད་པར་དང༌། བྱང་ཆུབ་མཆོག་ཅེས་པས་ཉིང་དགོས་དང༌། དེ་དག་ཀྱང་གཅིག་ལ་གཅིག་བསྟེན་པ་ནི་འབྲེལ་བ་སྟེ་གོ་སླའོ། །འོ་ན། བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །ཞེས་པ་དང༌། དེ་དག་མཚན་ཉིད་རབ་གསལ་བ། །སོ་སོའི་དབྱེ་བ་བྲི་བར་བྱ། །ཞེས་པ་དང༌། འདིར། ཡང་དག་ཐབས་ནི་བཤད་པར་བྱ། །ཞེས་པ་ཐམས་ཅད་བཤད་པར་དམ་བཅའ་བ་ཡིན་ན་ཟློས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དང་པོས་གཞུང་སྤྱིའི་རྩོམ་པར་དམ་བཅའ་བ་དང༌། གཉིས་པས་སྐྱེས་བུ་གསུམ་གྱི་ལམ་གྱི་དབྱེ་བ་སོ་སོར་འཆད་ཅེས་པ་དང༌། གསུམ་པས་ཐེག་ཆེན་གྱི་རིགས་ཅན་ལ་བླ་མེད་བྱང་ཆུབ་སྒྲུབ་པའི་ཐབས་མ་ནོར་བར་འཆད་ཅེས་སྟོན་ཚུལ་ཐ་དད་པའི་ཕྱིར་རོ། །དེས་ན་སེམས་ཅན་དམ་པ་ཞེས་སོགས་ཤོ་ལོ་ཀ་འདི་གཞུང་འོག་མ་རྣམས་ཀྱི་མདོར་བསྟན་དུའང་བཟུང་ངོ༌། །གཉིས་པ་ཐབས་ཡང་དག་པ་བཤད་
པ་ན། ཡི་དྭགས་ཀྱི་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་ན། ཡི་དྭགས་ཐམས་ཅད་ཀྱི་གཙོ་བོ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཁབ་ཡོད། དེའི་ཉེ་སྐོར་ན་ཡི་དྭགས་བགྲང་བ་ལས་འདས་པ་ཞིག་གནས། ཁ་འཐོར་བ་ནི། བར་སྣང་ལ་རྒྱུ་བ་དང་ས་སྟེང་ན་རྒྱུ་བ་དང༌། ས་འོག་ན་རྒྱུ་བ་བགྲང་བ་ལས་འདས་པ་ཞིག་ཡོད་དེ། གལ་ཏེ་མངོན་ཤེས་དང་ལྡན་པས་བལྟས་ན། ཕྱོགས་གང་ལ་ཕྱིན་ཀྱང་ཡི་དྭགས་ཀྱི་འགྲོ་བས་ཁྱབ། འགྲོ་སྡོད་ཀྱི་ས་ཙམ་མི་རྙེད་པའི་ཚུལ་ཙམ་དུ་ཡོད་པར་གདའ། དེ་དག་ལས་ཡི་དྭགས་རྫུ་འཕྲུལ་ཆེ་བ་རེ་རེ་ཙམ་ཅུང་ཟད་སྐྱིད། གཞན་ཐམས་ཅད་ཆེས་སྡུག་བསྔལ་བ་ཡིན། མདོ་སྡེ་ཆེན་པོ་དྲན་པ་ཉེར་བཞག་ལས། ཡི་དྭགས་ལ་རིགས་སུམ་ཅུ་སོ་དྲུག་གསུངས། འདིར་བསྡུ་ན། ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན་གསུམ་དུ་འདུས། ཕྱིའི་སྒྲིབ་པ་ཅན་ནི། ལོ་མང་པོར་ཟས་སྐོམ་ཡེ་མི་རྙེད། རྒྱང་རིང་པོ་ནས་ཟས་ཀྱི་ཕུང་པོ་མཐོང་ཡང་དྲུང་དུ་ཕྱིན་ན་ཤུལ་ཙམ་མེད་པར་སྟོང་པ་ལྟར་མཐོང་བ་དང༌། ཆུ་ཀླུང་ཆེན་པོའི་འགྲམ་དུ་ཕྱིན་ན། གསེག་མ་དང་བྱེ་མའི་གྲོག་པོར་འགྲོ་བ་དང༌། ལྗོན་ཤིང་འབྲས་བུ་རྒྱས་པའི་དྲུང་དུ་གཏུག་ནའང༌། ཤིང་སྐམ་པོར་འགྱུར་བ་སོགས་ཡོད༑ འགའ་ཞིག་ལ་སྲིན་པོ་མང་པོས་བསྲུངས་ཏེ་མི་གཏོང་བ་ཡང་ཡོད། ནང་གི་སྒྲིབ་པ་ཅན་ནི། ཁ་ཁབ་མིག་ཙམ་དུ་གྱུར་ནས་དང་པོར་བཟའ་བཏུང་ཁར་མི་ཆུད། ཅུང་ཟད་ཆུད་ན་ཡང་ཟས་རྣམས་འགྲམ་ཕུག་ཡངས་པོ་
པ་ལ་གཉིས། སྨོན་པ་བསླབ་བྱ་དང་བཅས་པ་དང༌། འཇུག་པ་བསླབ་བྱ་དང་བཅས་པའོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། མཇུག་བསླབ་བྱ་ལ་སློབ་ཚུལ་ལོ། །དང་པོ་ལ་གསུམ། ཚོགས་གསོག་པ། སྐྱབས་འགྲོ་ཁྱད་པར་ཅན་བྱ་བ། སེམས་གསུམ་ལ་བློ་སྦྱོང་བའོ། །དང་པོ་ནི། ཡུལ་གང་གི་མདུན་དུ་མཆོད་པ་ཇི་ལྟར་བྱ་ན། རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་རི་མོར་བྲིས་པའི་སྐུ་དང༌། འབུར་དུ་བརྐོས་པ་དང༌། ལུགས་སུ་བླུགས་པ་ལ་སོགས་པ་སྐུའི་རྟེན་དང༌། རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ཐུགས་ཀྱི་རྟེན་དང༌། གསུང་རབ་ཡན་ལག་བཅུ་གཉིས་སོགས་དམ་པའི་ཆོས་ཀྱི་པུསྟི་གསུང་གི་རྟེན་རྣམས་མངོན་སུམ་དུ་བཞུགས་པ་ལ་ཕྱོགས་པའི་མདུན་ནས་མཆོད་པ་བྱའོ། །ཤ་ར་བས་ནས་ཞེས་པས་ཕྱག་འཚལ་བའང་བསྟན་པ་ཡིན་གསུངས། དངོས་པོ་གང་གིས་མཆོད་ན། མེ་ཏོག་དང༌། བདུག་སྤོས་དང༌། མར་མེ་དང༌། དྲི་དང༌། ཞལ་ཟས་ཏེ། ཉེར་སྤྱོད་ཀྱི་དངོས་པོ་དག་གིས་སོ། །དེ་ཡང་རང་གང་འབུལ་འདོད་པ་ཙམ་གྱིས་མཆོད་དམ་ཞེ་ན། རང་ལ་ཅི་འབྱོར་ཞིང་ཡོད་པ་ལྷག་མ་མ་ལུས་པ་ཡིས་མཆོད་པ་བྱ་དགོས་ཏེ། ཇོ་བོའི་ཞལ་ནས། འབྲས་དཀར་མོ་ཁལ་གཅིག་བདོག
དེར་སྟོར། སྐོམ་རྣམས་ཁའི་དུག་ཆེན་པོས་སྐམ། གལ་ཏེ་བཟའ་བཏུང་མིད་ཀྱང་མགྲིན་པ་གཞུ་རྒྱུད་ལྟར་ཕྲ་བ་ནས་མི་འགྲོ། སོང་ཡང་ལྟེ་བ་རིའི་གཏོས་ཙམ་ཡོད་པས་ལྟོ་ཁེངས་པའི་དུས་མེད་པ་ཡིན། ཟས་སྐོམ་གྱི་སྒྲིབ་པ་ཅན་ནི། བཟའ་བཏུང་ཟོས་ཚད་ཁོང་ནང་དུ་མེ་འབར་བར་སོང་ནས་ཚིག་པ་དང༌། དང་པོ་ཉིད་ནས་ཀྱང་མེ་འདག་དང་བཤང་གཅི་དང་རྣག་ཁྲག་ལ་སོགས་པ་ངན་པ་དང་སྡུག་བསྔལ་སྐྱེད་པ་ཁོ་ན་ཟ་དགོས་ཀྱི། བཟང་པོ་ཡེ་མི་རྙེད་པ་ཡིན། ཡི་དྭགས་དེ་ཐམས་ཅད་སྤྱིར་ན་དུས་རྟག་ཏུ་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་བཟོད་གླགས་མེད་པ་ཡིན། གོས་དང་བྲལ་ཏེ་ཚད་པས་ཚིག་པ་དང༌། གྲང་བས་སྦྲེབས་པའི་སྡུག་བསྔལ་དཔག་ཏུ་མེད། དགུན་གྲང་དུས་ཉི་མའི་འོད་ཀྱིས་ཀྱང་གྲང་རོགས་བྱེད་པ། སོས་ཀ་ཚ་དུས་སུ་ཟླ་བའི་འོད་ཀྱིས་ཀྱང་ཚིག་སྟེ་འོང༌། ཆར་བབ་ན་མེ་ཆར་བབས་ཏེ་ཚིག་པའི་སྣང་བ་འབྱུང༌། དུས་རྟག་ཏུ་འཚོལ་འགྲོས་ཀྱི་བྲེལ་བས་ངལ་ཞིང་ཐང་ཆད་པའི་སྡུག་བསྔལ་དང་ཟས་སྐོམ་ཡེ་མ་བྱུང་བས་ལུས་སྐམས་པ་ལྟ་བུར་གྱུར། རུས་ཚིགས་སུམ་བརྒྱ་དྲུག་ཅུ་འཁྲོགས་པས་རྡོ་ངར་མ་འཐབས་པ་ལྟར་མེ་ལྕེ་ཉུག་ཉུག་པ་འབྱུང༌། ཕན་ཚུན་དགྲ་གྱུར་པས་བཟུང་བ་དང་འཆིང་བ་དང༌། རྡེག་པ་དང༌། ཆད་པས་གཅོད་པའི་འཇིགས་པ་ཡང་ཡོད། ཞར་བ་རང་འདྲོགས་ཟེར་བའི་ཚུལ་གྱིས་གཏད་པ་མེད་པར་ཡང་འཇིགས་སྐྲག་ཆེན་པོས་འབྲོས། དེ་འདྲ་བའི་སྡུག་བསྔལ་དོས་དྲག་པ་དང༌།
ཡོ་བཏང༌། བྱང་ཆུབ་ཀྱི་སེམས་བཟང་པོ་མཆི། ཡོ་མ་བཏང༌། བྱང་ཆུབ་ཀྱི་སེམས་བཟང་པོ་མི་མཆི་གསུང་སྐད། དེ་དག་ནི་རྫས་བཤམས་པས་མངོན་སུམ་དུ་མཆོད་པ་ཡིན་ནོ། །པུ་ཏོ་བའི་ཞལ་ནས། མཆོད་པ་ནི་གྲོགས་པོ་སྙིང་ཞོགས་ཞོགས་པ། ཚིག་པ་ཟ་ཙག་ཙག་པ་ཤོམ་དགོས་པ་ཡིན་ནོ་གསུངས། ཡིད་ཀྱིས་མཆོད་པའི་ཚུལ་ཡང༌། ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ལས་གསུངས་པ་ཡི་ཕྱག་འཚལ། མཆོད་འབུལ། སྡིག་བཤགས། ཡི་རང༌། གསོལ་གདབ། བསྔོ་བ་སྟེ། མཆོད་པ་རྣམ་པ་བདུན་པོ་དག་ཀྱང་བྱ་བ་ཡིན་ནོ། །དེ་དག་ལ་མཆོད་པ་ཞེས་བྱ་སྟེ། མཆོད་པའི་དོན་ནི་ཡུལ་མཉེས་པར་བྱེད་པ་ཡིན་ལ། བདུན་པོ་དེས་ཀྱང་ཡུལ་ཁྱད་པར་ཅན་རྣམས་དགྱེས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་སྐྱབས་འགྲོ་ཁྱད་པར་ཅན་བྱ་བ་ནི། དུས་ཁྱད་པར་ཅན་བྱང་ཆུབ་སྙིང་པོའི་མཐར་ཐུག་པ་སྟེ་ཆོས་ཀྱི་སྐུ་མངོན་དུ་མ་བྱས་ཀྱི་བར་དུའོ། །བྱང་ཆུབ་སྙིང་པོ་ནི་གཉིས་ཏེ༑ གནས་བྱང་ཆུབ་སྙིང་པོ་དང༌། རྟོགས་པ་བྱང་ཆུབ་སྙིང་པོའོ། །དང་པོ་ལ་གཉིས་ཏེ། རྡོ་རྗེ་གདན་ལྟ་བུ་སྤྲུལ་སྐུའི་དང༌། འོག་མིན་སྟུག་པོ་བཀོད་པ་ལྟ་བུ་ལོངས་སྐུའི་གནས་བྱང་ཆུབ་སྙིང་པོའོ། །གཉིས་པ་ནི་བླ་ན་མེད་པའི་ཡེ་ཤེས་ཀྱི་སྐུའོ་ཞེས་བུ་སྟོན་གྱིས་གསུངས་པ་ལྟར་རོ། །ཀུན་སློང་ཁྱད་པར་ཅན་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཆེན་པོས་དཀོན་མཆོག་གསུམ་སྐྱབས་སུ་འཛིན་པ་ལས་ནམ་ཡང་མི་ལྡོག་པ་ཡི་སེམས་ཤིན་ཏུ་བརྟན་པ་དག་གིས། ཡུལ་ཁྱད་པར་ཅན་སྤང་རྟོགས་མཐར་ཕྱིན་གྱི་སངས་རྒྱས་དང༌། ལུང་དང་རྟོགས་པའི་ཆོས་དང༌། ཐུན་མོང་མ་ཡིན་པའི་དགེ་འདུན་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་སྟེ། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ། བསམ་པ་ཁྱད་པར་ཅན་སོ་སོའི་ཡོན་ཏན་ཐོས་པ་ན་རབ་ཏུ་དང་བའི་དད་པ་ཤུགས་དྲག་པོ་བསྐྱེད་ཅིང་སྤྲོ་བ་དང་ལྡན་པར་བྱས་ཏེ། ལུས་ཀྱི་ཀུན་སྤྱོད་རྐང་པ་གཉིས་ཀྱི་པུས་མོའི་ལྷ་ང་སར་བཙུགས་ནས་སམ། ཙོག་པུར་འདུག་ཀྱང་རུང༌། བླ་གོས་ཕྲག་པ་གཅིག་ཏུ་གཟར། ལག་གཉིས་ཐལ་མོ་སྦྱར་བ་བྱས་ནས་ནི། གནས་སྐབས་སྨོན་པ་སེམས་བསྐྱེད་ཀྱི་ཆོ་ག་བྱེད་པའི་དང་པོར་སྐྱབས་འགྲོ་དག་གི་དངོས་གཞིའི་ཆོ་ག་བྱེད་པའི་དང་པོར་སྐྱབས་འགྲོ་དག་གི་དངོས་གཞིའི་ཆོ་ག་ལན་གསུམ་མམ་བརྗོད་པ་གསུམ་དུ་བྱ་སྟེ། གསུམ་པའི་ཚེ་སྐྱབས་འགྲོའི་སྡོམ་པ་ཐོབ་པ་ཡིན་པའི་ཕྱིར། ཤ་ར་བའི་ཞལ་ནས། ཉན་ཐོས་ལ་སྐྱབས་སུ་མི་འགྲོ་བ་དེ་བྱིན་རླབས་ཆུང་བ་མ་ཡིན་གྱིས། ལམ་མི་མཐུན་པ་གྲོགས་པོར་འཐུར་མི་བཏུབ་པ་དང་འདྲ་བ་ཡིན་གསུངས། དེ་ཡང་མདོ་སྡེ་རྒྱན་ལས། འཚེ་བ་དག་ནི་ཐམས་ཅད་དང༌། །ངན་སོང་དང་ནི་ཐབས་མིན་དང༌། །འཇིགས་ཚོགས་ཐེག་པ་དམན་དག་ལས། །སྐྱོབས་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་ཚེ་འདིའི་འཚེ་བ་དང༌། ཕྱི་མའི་ངན་སོང་དང་ཐབས་མིན་པ་ལམ་ལོག་པ་ལས་སྐྱོབ་པའི་ཕྱིར་སྐྱབས་སུ་འགྲོ་བ་སྐྱེས་བུ་ཆུང་ངུའི་དང༌། འཇིག་ཚོགས་ཟག་བཅས་ཀྱི་ཕུང་པོ་འདུ་བྱེད་ཀྱི་རང་བཞིན་ཅན་གྱི་འཁོར་བའི་སྡུག་བསྔལ་ལས་རང་ཉིད་ཐར་པའི་སྐྱབས་སུ་འགྲོ་བ་འབྲིང་གི་དང༌། ཐེག་དམན་ལ་འཇིགས་ནས་སེམས་ཅན་ཐམས་ཅད་འཁོར་བའི་འཇིགས་པ་ལས་སྐྱོབ་པའི་ཕྱིར་ཐུན་མོང་མ་ཡིན་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཐེག་ཆེན་གྱི་སྐྱབས་འགྲོར་གསུངས་སོ། །འོ་ན་སྐྱབས་འགྲོ་ཁྱད་པར་ཅན་དང༌། སྨོན་པ་ལ་ཁྱད་པར་ཡོད་དམ་མེད་ཅེ་ན། པུ་ཏོ་བས། སྨོན་པ་ནི་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་ཅིང༌། སངས་རྒྱས་ཐོབ་ནས་སེམས་ཅན་སྒྲོལ་བ་ཚོང་དཔོན་རང་སྟོབས་ཀྱིས་སྐྱེལ་མ་བྱེད་པ་དང་འདྲ། སྐྱབས་འགྲོ་ཁྱད་པར་ཅན་ནི། སེམས་ཅན་སྡུག་བསྔལ་ལས་གྲོལ་བར་འདོད་པས་དེའི་ནུས་པ་མངའ་བ་དཀོན་མཆོག་གསུམ་ལ་ཞུས་ནས་ཚོང་དཔོན་ཁས་དྲག་པོ་གཞན་ལ་བརྟེན་ནས་སྐྱེལ་མ་བྱེད་པ་ལྟ་བུ་ཡིན་གསུངས་སོ། །མདོ་སྡེ་རྒྱན་ལས་ནི། འདི་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་བརྩེ་ལས་རིག་བྱ། །ཞེས་སངས་རྒྱས་འདོད་པས་ཁས་ལེན་པའང་གསུངས་སོ། །འདིར་སྐྱབས་འགྲོའི་རྒྱུ་དང༌། ཡུལ་དང༌། ངོ་བོ་དང༌། བསླབ་བྱ་དང༌། ཕན་ཡོན་རྣམས་ནི་གཞན་ལས་ཤེས་པར་བྱའོ། །གསུམ་པ་སེམས་གསུམ་ལ་བློ་སྦྱོང་བ་ནི། ཚོགས་གསོག་སྔོན་དུ་སོང་བའི་སྐྱབས་འགྲོ་ཁྱད་པར་ཅན་བྱས་ཟིན་པ་དེ་ནས། མ་གྱུར་སེམས་ཅན་ཐམས་ཅད་ལ་དམིགས་པའི་བྱམས་པའི་སེམས་ནི་རྒྱུ་འབྲས་ཡན་ལག་བདུན་གྱི་ནང་ཚན་གྱི་སྙིང་རྗེའི་རྒྱུར་ངེས་པས་སྔོན་དུ་འགྲོ་དགོས་ལ། དེ་བས་ན་སེམས་ཅན་ཐམས་ཅད་ལ་མར་ཤེས་དྲིན་དྲན་དྲིན་གཟོའི་སྒོ་ནས་སྙིང་དུ་སྡུག་ཅིང་གཅེས་པའི་བློ་དུང་དུང་བ་བྱུང་ན། སྙིང་རྗེ་སྒོམ་སྟེ༑ དམིགས་པ་ངན་སོང་གསུམ་ན་སྡུག་བསྔལ་དྲག་ཅིང་རྒྱུན་རིང་བ་ཅི་ཡོད་དང༌། མི་ལ་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་དང༌། འདོད་ལྷ་དྲུག་ན་འཆི་འཕོ་བ་དང་འོག་ཏུ་ལྟུང་བའི་སྡུག་བསྔལ་དང༌། སོགས་ཁོང་ནས་བསྟན་པ་ཁམས་གོང་མ་གཉིས་ན་ཏིང་ངེ་འཛིན་གྱིས་མྱོས་ནས་ཆོས་ཀྱི་བློ་མེད་ཅིང་གནས་པ་ལ་རང་དབང་མ་ཐོབ་པའི་སྡུག་བསྔལ་ཏེ། མདོར་ན་སྡུག་བསྔལ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་བའི་འགྲོ་བ་མ་ལུས་པ་ལ་ཐུགས་རྗེའི་སྤྱན་གྱིས་བལྟས་ཏེ། ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་ནི་སྡུག་བསྔལ་བ་དང༌། མི་དང་འདོད་ལྷའི་འགྱུར་བའི་སྡུག་བསྔལ་དང༌། ཁམས་གོང་མའི་འདུ་བྱེད་ཀྱི་སྡུག་བསྔལ་དང༌། དེ་རྣམས་སྐྱེད་པའི་རྩ་བ་ཀུན་འབྱུང་ལས་དང་ཉོན་མོངས་པ་རྒྱུ་མཚན་ལ་བསམས་ནས། དེ་ལས་འགྲོ་བ་མཐའ་དག་ཐར་བར་འདོད་པའི་སྙིང་རྗེ་དང༌། དེ་ཡིས་དྲངས་པའི་བྱང་ཆུབ་ཆེན་པོ་ཐོབ་འདོད་ཀྱི་བློ་སྦྱང་བ་ལ་ནན་ཏན་བྱ་དགོས་ཏེ། མདོ་ལས༑ བྱང་ཆུབ་སེམས་དཔའ་ཆོས་མང་པོ་ལ་བསླབ་པར་མི་བྱའོ། །ཆོས་གཅིག་ལ་བསླབ་པར་བྱ་སྟེ། གང་ཞེ་ན། སྙིང་རྗེ་ཆེན་པོའོ། །ཞེས་གསུངས་པས་སོ། །གཉིས་པ་དངོས་གཞི་ནི། དེ་ལྟར་བྱམས་པ་དང་སྙིང་རྗེའི་དམིགས་རྣམ་ལེགས་པར་སྦྱངས་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་དུས་ནམ་ཡང་ཕྱིར་ལྡོག་པ་མེད་པར་དམ་བཅའ་བའི་སྒོ་ནས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་བསྐྱེད་པར་བྱའོ། །དེ་ཡང་བྱང་ཆུབ་མ་ཐོབ་ཀྱི་བར་
ཡི་དྭགས་ཕལ་མོ་ཆེའི་ཚེ་ཚད་མི་ལོ་སྟོང་ཕྲག་བཅོ་ལྔ་ཐུབ་པས་ཡུན་རིང༌། དམིགས་པའི་འཇུག་སྡོམ་དང༌། རྗེས་ཀྱི་བྱ་བ་སྔར་དང་འདྲ། དམིགས་སྐོར་བཅུ་གསུམ་པའོ། །དེར་མ་འདུས་པ་མིན་ཀྱང་ད་ལྟའི་ཡི་དྭགས་ཁ་འཐོར་བ་མཁའ་ལ་རྒྱུ་བའི་འདྲེ་བཀྲེན་འདི་རྣམས་ལ་སྒོས་སུ་བསྒོམ་པའི་དམིགས་སྐོར་གཅིག་མཛད་པའི་སྲོལ་ཡོད། དེ་ལྟ་ན་གཞན་ལ་གནོད་པ་བྱས་པས་སླར་ཡང་ངན་སོང་དུ་འགྲོ་བ་དང༌། ཤུགས་ལ་མ་བསམས་ཀྱང་དུག་ཆེན་པོས་གཞན་ལ་གནོད་པ་འབྱུང་བ་དང༌། མཐུ་བོ་ཆེས་རྡུང་རྡེག་བྱེད་པ་དང༌། མ་ཉེས་མ་ལན་པ་ལ་འདྲེས་བྱས་སོ་ཞེས། ཁག་ངན་བྱུང་བའི་ཚེ། སེམས་ལ་སྡུག་བསྔལ་སྐྱེ་བ་སོགས་ཡོད་གསུངས། འདི་དམིགས་སྐོར་ལོགས་པར་མ་བྱས་ཀྱང་རུང་སྔ་མ་དེའི་ནང་དུ་བལྡབ་པས་ཆོག་གོ །གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། དུད་འགྲོ་ལ་བྱིངས་དང་ཁ་འཐོར་བ་གཉིས། བྱིངས་ན་གནས་པ་རྒྱ་མཚོ་ཆེན་པོ་ན་ཡོད། སྐྱོབས་པའི་གནས་མེད་རླབས་ཀྱིས་བདས་ཏེ་འགྲོ་བས་ངེས་མེད་འཁྱམས། ཕན་ཚུན་གཅིག་ལ་གཅིག་ཟ། རྟག་ཏུ་དགྲ་བྱུང་གི་དོགས་པས་འཇིགས་ཤིང་སྐྲག །གསོན་བཞིན་དུ་ཟ་བ་སོགས་ཀྱིས་སྡུག་བསྔལ་ལ་བཟོད་ཐབས་མེད། ཁ་འཐོར་བ་མི་དང་ལྷའི་ཡུལ་ན་ཡོད་པ་འདི་རྣམས་ཡིན། མིས་བདག་ཏུ་མ་བཟུང་བ་རྣམས་ནི་དགྲ་བྱུང་གི་དོགས་པས་རྟག་ཏུ་སེམས་ལ་བདེ་བ་མེད། མིས་བདག་ཏུ་བཟུང་བ་རྣམས་ཀྱང་སྤུ་འབྱིད་
དུ་སྐད་ཅིག་གཅིག་ཀྱང་མི་བཏང་བའི་སེམས་ཀྱིས་སྨོན་སེམས་ཆོ་གས་བླངས་ནས། འོག་ནས་འབྱུང་བའི་བསླབ་བྱ་ལྔ་པོ་ལ་ངེས་པར་སློབ་དགོས་སོ། །སྨོན་སེམས་ཆོ་གས་ལེན་པ་དངོས་ནི་གཞན་ལས་ཤེས་པར་བྱའོ། །གསུམ་པ་འཇུག་པ་བསླབ་བྱ་དང་བཅས་པ་ལ་ལྔ། ཕན་ཡོན་དྲན་པ་ལ་བསླབ་པ། བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བསླབ་པ། ཚོགས་གཉིས་བསགས་པ་ལ་བསླབ་པ། སེམས་ཅན་བློས་མི་སྤང་བ་ལ་བསླབ་པ། དཀར་ནག་ཆོས་བརྒྱད་བླང་དོར་བྱེད་ཚུལ་ལ་བསླབ་པའོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་བྱང་ཆུབ་སྨོན་པའི་སེམས་དག་ནི། ཆོ་གས་བསྐྱེད་པའི་ཡོན་ཏན་ནམ་ཕན་ཡོན་དཔག་ཏུ་མེད་པ་གང་ཡིན་པ་དེ་ནི། འཕགས་པ་སྡོང་པོ་བཀོད་པ་ཡི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པའི་ཞིང་ས་ལྟ་བུའོ། །ཞེས་སོགས་དཔེ་ཉིས་བརྒྱ་ལྷག་ཙམ་གྱི་སྒོ་ནས་བྱང་ཆུབ་སེམས་དཔའ་ནོར་བཟང་ལ། རྒྱལ་ཚབ་བྱམས་པས་རབ་ཏུ་རྒྱས་པར་བཤད་དོ། །གཉིས་པ་ནི། དེ་ལྟར་སྨོན་སེམས་ཆོ་གས་བླངས་པའི་བྱང་སེམས་དེ་ཡིས། མདོ་དང་བསྟན་བཅོས་རྣམས་རང་ཉིད་ཀྱིས་ཀློག་པའམ། ཡང་ན། བླ་མ་ལས་ལེགས་པར་མཉན་ཏེ། རྫོགས་པའི་བྱང་ཆུབ་ལ་དམིགས་པའི་སྨོན་སེམས་ཀྱི་ཡོན་ཏན་ནམ་ཕན་ཡོན་མཐའ་ལས་འདས་ཤིང་དཔག་ཏུ་མེད་པ། ཐེག་ཆེན་གྱི་
པ་དང༌། སྣ་འབིགས་པ་དང༌། རྡེག་པ་དང༌། ཁུར་ལྕི་བས་ངལ་བ་སོགས་དང༌། ཤ་དང་ཁྲག་དང་ལྤགས་པ་རུས་པའི་ཕྱིར་གསོད་པ་ལ་སོགས་གསོད་གཅོད་བཀོལ་སྤྱོད་ཀྱི་སྡུག་བསྔལ་མང་པོ་དང༌། གཞན་ཡང་བཀྲེས་སྐོམ་ཚ་གྲང་ངལ་དུབ་ལ་སོགས་པ་དམྱལ་བའམ། ཡི་དྭགས་རྣམས་དང་སྡུག་བསྔལ་འདྲ་རུང་དུ་ཡོད། གཙོ་བོར་སྡུག་བསྔལ་གྱི་གཙོ་བོ་ཤིན་ཏུ་རྨོངས་པས་གཅིག་ལ་གཅིག་ཟ་བ་ཡིན་ཏེ། མི་ཤ་ཆགས་པའི་དགྲ་ལ་ཟོན་བྱེད་པ་ལྟར་རྟག་ཏུ་གནས་དགོས་པ་ཡིན། དམིགས་པའི་གཞི་དང་འཇུག་སྡོམ་སྔར་དང་འདྲ། སྔོན་འགྲོ་དང་རྗེས་ཀྱང་སྔར་དང་འདྲ། དམིགས་སྐོར་བཅུ་བཞི་པའོ། །དེ་རྣམས་ཀྱི་གནད་བསྡུས་པའི་ཐོན་ཆོས་ལ། དེ་ལྟར་ངན་སོང་གསུམ་གྱི་སྡུག་བསྔལ་བསམ་ཙ་ན་བཟོད་པའི་ཐབས་མི་འདུག །དེ་ལས་སྐྱོབ་པའི་སྐྱབས་ཤིག་དགོས་པར་འདུག །སྐྱབས་སུས་ཐུབ་ན། ཚངས་པའམ། བརྒྱ་བྱིན་ནམ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ཀྱང་སྐྱོབ་མི་ཐུབ་ན་གཞན་འདི་པ་ཀུན་གྱིས་ག་ལ་ཐུབ། འོ་ན་སུས་ཐུབ་ན་དཀོན་མཆོག་གསུམ་གྱིས་ཐུབ། བདག་ལྷ་ཇོ་བོ་དཀོན་མཆོག་རིན་པོ་ཆེ་གསུམ་ལ་སྐྱབས་སུ་འགྲོ། སངས་རྒྱས་ལ་སྟོན་པ་ཞུ། ཆོས་ལ་ནི་ཉམས་ལེན་ཞུ། དགེ་འདུན་ལ་ནི་དེ་སྒྲུབ་པའི་གྲོགས་ཞུ་བ་ཡིན་སྙམ་དུ་བསམ། ཡང་སྐྱབས་པ་སངས་རྒྱས་ལ་བསྐྱབས་ཀྱང༌། སྐྱོབ་པ་ཆོས་ཀྱིས་སྐྱོབ་བྱ་བ་ཡིན། སངས་རྒྱས་ཀྱིས་ཀྱང་མི་ཆུས་ཁྱེར་བ་སྐྲ་ནས་འཛིན་པ་ལྟར་སྐྱོབ་ཏུ་མི་བཏུབ། ཆོས་བཤད་ཆོས་བཞིན་བྱེད་དུ་བཅུག་ནས་སྐྱོབ་པ་ཡིན། སངས་རྒྱས་ལ་དད་པ་བསྒོམས་ཏེ། དེས་གསུངས་པའི་ཆོས་ནས་ཇི་སྐད་བཤད་པ་བཞིན་བྱ། འཕགས་པའི་དགེ་འདུན་རྣམས་ཀྱིས་ཇི་འདྲ་མཛད་འདུག་པ་དེ་བཞིན་དུ་རང་རེ་ཡང་དེའི་ལད་མོ་ཟློས་ཏེ་བྱེད་སྙམ་པ་རྒྱུན་དུ་བསྒོམ། ཐུན་གྱི་འགོ་ཞབས་ལ་སྐྱབས་འགྲོ་དང་འབྲེལ་བའི་ངག་འདོན་གྱི་དགེ་སྦྱོར་དེ་ཀུན་ཡང་འགྲུས་པར་བྱེད་པ་གནད་ཆེ། སྐྱེས་བུ་ཆུང་ངུའི་ལུགས་ཀྱི་སྐྱབས་འགྲོ་རྣམ་དག་དེ་མཚམས་འདི་ནས་སྐྱེ་བ་ལགས་སོ། །ཞེས་གདམས་ཏེ་དམིགས་སྐོར་བཅོ་ལྔ་པའོ། །སྐབས་འདིར་སྐྱབས་འགྲོའི་གོ་བ་རགས་རིམ་ཞིག་སློབ་མ་ལ་ངེས་པར་འཆད་པ་གལ་ཆེ། སློབ་མས་ཀྱང་བློ་ལ་བཅགས་པ་གལ་ཆེའོ། །ལམ་རིམ་གྱི་ཡིག་རྙིང་འགའ་ཞིག་ཏུ་སྐྱེས་བུ་ཆུང་ངུའི་རིམ་པ་དེ་ཡན་གྱིས་ཚར་བར་མཛད། ལས་འབྲས་གསེབ་ཚགས་སུ་གཏོང་བའི་ལུགས་ཀྱང་འདུག་སྟེ། ལམ་རིམ་གྱི་ཡི་གེ་ཕལ་ཆེར་གྱི་ལུགས་ལྟར་ལས་འབྲས་ལ་ཡང་ཁྲིད་ལོགས་པ་སྐྱོང་བ་ཉིད་ལེགས་སོ། །བཞི་པ་ལས་འབྲས་ཀྱི་ཁྲིད་ནི། ལས་འབྲས་སྤྱིར་བསམ་པ་དང༌། བྱེ་བྲག་ཏུ་བསམ་པའོ། །དང་པོ་ནི། ལས་དཀར་པོ་དགེ་བ་ལས་འབྲས་བུ་བདེ་བ་ཁོ་ན་འབྱུང༌། ལས་ནག་པོ་སྡིག་པ་ལས་འབྲས་བུ་སྡུག་བསྔལ་ཁོ་ན་འབྱུང་སྟེ། དཀར་ནག་ལས་འབྲས་སོ་སོར་ངེས་པས་ཀྱང་སྤང་བླང་བྱེད་དགོས། ལས་དགེ་སྡིག་གང་ཡིན་ཡང༌། རྒྱུ་ལས་ཀྱི་དུས་ན་ཆུང་ངུ་ལས་མེད་ཀྱང་འབྲས་བུ་རྣམ་སྨིན་གྱི་དུས་ན་འཕེལ་ཆེ་སྟེ། འགྱུར་ཆུང་ཤོས་རང་ལ་ཡང་བརྒྱ་འགྱུར་སྟོང་འགྱུར་དུ་འཕེལ། འགྱུར་ཆེ་བ་ལ་ཚད་གཟུང་དུ་མེད་པས་སྤང་བླང་གལ་ཆེ། རང་གིས་བྱས་པའི་ལས་དཀར་ནག་རྣམས་ནི་གཉེན་པོས་མ་བཅོམ་ན། འབྲས་བུ་མ་སྨིན་གྱི་བར་ཆུད་འཛའ་བ་མི་སྲིད། རང་གིས་མ་བྱས་ན་ལས་དཀར་ནག་གང་ཡང་རང་རྒྱུད་ལ་འབྱུང་བ་མི་སྲིད་པས། རང་ཉིད་བླང་དོར་གྱི་གནས་ལ་གཟབ་པ་གལ་ཆེ་སྙམ་དུ་བསྒོམ། དམིགས་སྐོར་བཅུ་དྲུག་པའོ། །གཉིས་པ་སོ་སོར་བསམ་པ་ལ། ནག་པོའི་རྒྱུ་འབྲས་བསམ་པ་དང༌། དཀར་པོའི་རྒྱུ་འབྲས་བསམ་པའོ། དང་པོ་ནི། སྔོན་འགྲོ་དང་རྗེས་སྔར་ལྟར་ལས། ཡན་ལག་བདུན་པའི་མཇུག་ཏུ་སྐྱབས་འགྲོ་རེ་ཡང་ངེས་པར་བྱ། འདི་ལྟར་ངན་སོང་གསུམ་དང༌། མཐོ་རིས་ཀྱི་སྡུག་བསྔལ་ཐམས་ཅད་ཀྱང་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མ་ཡིན། རྒྱུ་མི་དགེ་བའི་ལས་ལས་བྱུང་ངོ་སྙམ་དུ་དམིགས་པའི་གཞི་བཅས་ནས་མི་དགེ་བ་དེ་ཡང་རྣམ་གྲངས་མང་མོད་ཀྱི་བླང་དོར་གྱི་གནས་ལ་གལ་ཆེ་བ་རགས་པ་ཆེ་ལོང་ཙམ་དུ་བསྡུ་ན། མི་དགེ་བ་བཅུ་སྟེ། དེ་ལ་ལུས་ཀྱི་ལས་རྣམ་པ་གསུམ་གྱི་སྲོག་གཅོད་པ་ནི། སྲོག་གཅོད་འདོད་ཀྱིས་བསམ་བཞིན་དུ་བསད་བྱ་མ་ནོར་བར་བསད་ལ། བསད་བྱ་དེ་མ་ཤི་བར་དུ་གསོད་སེམས་རྒྱུན་མ་ལྡོག་པའོ། །མ་བྱིན་པར་ལེན་པ་ནི། གཞན་གྱི་ནོར་རང་ལ་མ་བྱིན་པ་འཕྲོག་པའམ་བརྐུས་པ་སོགས་ཇི་ལྟར་ཡིན་ཀྱང་རུང་སྟེ། རང་གིས་ཐོབ་བོ་
མདོ་སྡེ་ལ་སོགས་པ་རྣམས་ལས་ཇི་སྐད་གསུངས་པ་དག་རྣམ་པར་མཐའ་ཆོད་པར་ཤེས་པར་བྱས་ནས། དགོས་པ་རང་རྒྱུད་ལ་སེམས་དེ་གནས་ཤིང་མི་ཉམས་པར་འཕེལ་བའི་རྒྱུ་མཚན་ནམ་རྒྱུ་རྐྱེན་དུ། དེ་ལྟར་ཡང་དང་ཡང་དུ་ཐ་ན་ཉིན་དང་མཚན་མོ་ལན་གསུམ་གསུམ་དུ་བྱང་ཆུབ་ཀྱི་སེམས་དེ་ནི་བསྐྱེད་པར་བྱའོ། །དེ་ཡང་ཆོ་ག་རྒྱས་པ་མ་གྲུབ་ནའང༌། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་པ་སོགས་ཀྱི་ཚིགས་བཅད་ཇོ་བོ་ཉིད་ཀྱི་གཞུང་ལས་འབྱུང་བ་དེ་ལྟར་བྱའོ། །འོ་ན་བྱང་ཆུབ་སེམས་ཀྱི་ཡོན་ཏན་མཐའ་མེད་པ་དེ་གང་ལས་བཤད་ཅེ་ན། ཁྱིམ་བདག་དཔལ་སྦྱིན་གྱིས་ཞུས་པའི་མདོ་སྡེ་དག་ལས། བྱང་ཆུབ་ཀྱི་སེམས་འདི་ཡི་བསོད་ནམས་ཕན་ཡོན་རྒྱ་ཆེར་རབ་ཏུ་བསྟན་པ་གང་གི་ཚེ་ན། དེ་དག་ལས་ཚིགས་བཅད་གསུམ་ཙམ་དུ་མདོར་བསྡུས་ནས་གསུངས་པས་ན། དེ་ནི་གཞུང་འདིར་ཡང་བྲི་བར་བྱའོ། །འོ་ན་དེ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཉིད་ཀྱི་བསོད་ནམས་གང་ཡིན་པ་དེ་གཟུགས་སུ་མ་གྲུབ་མོད་ཀྱི། དེ་ལ་གལ་ཏེ་གཟུགས་ཤིག་མཆིས་ན་ཕྱོགས་བཅུའི་ནམ་མཁའི་ཁམས་ནི་མ་ལུས་པ་ཀུན་ཕྱུར་བུར་བཀང་སྟེ་གཏམས་ནའང༌། ཕན་ཡོན་དེ་ནི་ནམ་མཁའ་དེ་བས་ཀྱང་ལྷག་པར་འགྱུར་ཏེ་མི་ཤོང་བ་ཡིན་ནོ། །གཞན་ཡང་སྣོད་ཀྱི་ཁྱད་པར་ཆུ་བོ་གངྒཱའི་འགྲམ་གྱི་བྱེ་མའི་གྲངས་སམ། ཆུ་ཉིད་རྡུལ་དུ་ཕྱེ་བའི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་
སྙམ་པའི་བློ་སྐྱེས་པའོ། །འདོད་པས་ལོག་པར་གཡེམ་པ་ནི། ཡུལ་བགྲོད་པར་བྱ་བ་མ་ཡིན་པ་ལ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་སྟེ། གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་དང༌། བདུན་བརྒྱུད་ཚུན་ཆད་ཀྱི་གཉེན་ཉེ་དུར་གྱུར་པ་དང༌། ཕ་མ་ཉེ་དུ་རྒྱལ་པོ་ཡུལ་དཔོན་སོགས་གཞན་གྱིས་བསྲུངས་པ་དང༌། ཚངས་སྤྱོད་ཀྱི་སྡོམ་པ་བླངས་པ་སྡོམ་པས་བསྲུངས་པ་སྟེ། དེ་དག་ལ་སོགས་པ་ཡུལ་གྱི་སྒོ་ནས་བགྲོད་བྱ་མ་ཡིན་པ་དང༌། ནད་བུ་ཅན་དང་མྱ་ངན་ཅན་དང་སྦྲུམ་པ་ལ་སོགས་པ་དུས་ཀྱི་སྒོ་ནས་བགྲོད་བྱ་མ་ཡིན་པ་དང༌། ལྷ་ཁང་དང་ཀུན་དགའ་ར་བ་དང་མཆོད་རྟེན་གྱི་གནས་དང་བླ་མའི་གནས་སོགས་སུ་བསྟེན་པ་གནས་ཀྱི་སྒོ་ནས་བགྲོད་བྱ་མ་ཡིན་པ་དང༌། ནམ་ཡང་འདོད་པས་ཆོག་མི་ཤེས་ཤིང༌། སྐྱེ་གནས་ལས་གཞན་པའི་སྒོར་བསྟེན་པ་ལམ་གྱི་སྒོ་ནས་བགྲོད་བྱ་མ་ཡིན་པ་སྟེ། དབྱེ་ན་བཞིའོ། །དེ་ཙམ་གྱི་ཁྱིམ་པའི་དབང་དུ་བྱས་པ་སྟེ། ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཁས་བླངས་པས་ནི། མི་ཚངས་པར་སྤྱོད་པ་ཅི་འདྲ་ཞིག་བསྟེན་ཀྱང་ལོག་གཡེམ་ཁོ་ན་ཡིན་ནོ། །ངག་གི་ལས་བཞི་ལས་རྫུན་དུ་སྨྲ་བ་ནི། འདུ་ཤེས་བསྒྱུར་ནས་ཤེས་བཞིན་དུ་མི་བདེན་པར་སྨྲས་ལ་སྨྲ་བའི་ཡུལ་མིའི་འགྲོ་བར་གྱུར་པ་དེས་གོ་བ་ནའོ། །ཕྲ་མ་ནི། མི་མཐུན་པ་མེད་པའི་འགྲོ་བ་གཉིས་འཁོན་པར་བྱ་བའི་ཕྱིར་དུ་དཀྲུགས་ཀྱི་ཚིག་སྨྲས་ཤིང་ཕ་རོལ་གྱིས་གོ་བ་ནའོ། །ཚིག་རྩུབ་པ་ནི། དངོས་སུ་ཐོས་
རྣམས། རྟེན་དད་པ་དང་ལྡན་པའི་མི་གང་གིས། མཆོད་རྫས་ཀྱི་ཁྱད་པར་ལྷའི་རིན་ཆེན་དབང་གི་རྒྱལ་པོ་དག་གིས་ཀུན་ཏུ་བཀང་སྟེ། ཡུལ་ཁྱད་པར་ཅན་འཇིག་རྟེན་གྱི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་འབུལ་བ་ཕུལ་བ་བས། རྟེན་གྱི་གང་ཟག་ཐེག་ཆེན་གྱི་རིགས་ཅན་གང་གིས་དཀོན་མཆོག་གམ་བླ་མའི་དྲུང་དུ་དད་པས་ཐལ་མོ་སྦྱར་བ་བགྱིས་ཏེ། བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བཏུད་པ་སྟེ་བསྐྱེད་ན༑ བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཆོད་པ་འདི་ནི་སྔ་མ་ལས་ཁྱད་པར་དུ་འཕགས་ཤིང་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་སེམས་དེ་ལ་བསོད་ནམས་ཀྱི་མཐའ་ནི་མ་མཆིས་སོ། །གསུམ་པ་ནི། ཕན་ཡོན་དྲན་པ་དང་དུས་དྲུག་ཏུ་སྦྱོང་བ་གཉིས་ཀྱི་སྒོ་ནས་བྱང་ཆུབ་སྨོན་པའི་སེམས་དག་བསྐྱེད་པར་བྱས་ནས་ནི། དཀོན་མཆོག་ལ་མཆོད་པ། དགེ་འདུན་ལ་བསྙེན་བསྐུར། འབྱུང་པོ་ལ་གཏོར་མ། ཕོངས་པ་ལ་སྦྱིན་པ་སོགས་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་འབད་པ་མང་པོས་སེམས་དེ་ཀུན་ཏུ་སྤེལ་བར་བྱ་དགོས་ཏེ། ཚོགས་ཀྱི་གཏམ་ལས། བདག་གིས་དེ་རིང་བསོད་ནམས་དང༌། །ཡེ་ཤེས་ཚོགས་ནི་གང་ཞིག་གིས། །གཞན་ལ་ཕན་པ་གང་བྱ་ཞེས། །བྱང་ཆུབ་སེམས་དཔས་ཡང་ཡང་བསམ། །ཞེས་གསུངས་པའི་ཕྱིར་རོ། །ཞིང་ཞེས་པ་འོག་མ་སྡུད་པའི་ཚིག་གོ །བཞི་པ་ནི། འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། །ཞེས་པའི་གང་གིས་སྒྲས་བསྟན་པར་ཞང་རོམ་པས་བཞེད་དོ། །དེ་ཡང་གང་གི་སྒྲས་ཚེ་འདིར་སེམས་བསྐྱེད་མི་ཉམས་པའི་རྒྱུད་ལ་བསླབ་པར་བསྟན་ཞིང༌། སེམས་ཅན་བློས་སྤང་གིས་སེམས་བསྐྱེད་གཏོང་བས་སོ་སྙམ་དུ་དགོངས་པས་ཤིན་ཏུ་ལེགས་ཞེས་དམ་པ་ཁ་ཅིག་འཆད་དོ། །ལྔ་པ་ནི། འདིར་བསྟན་སྨོན་སེམས་ཆོ་གས་བཟུང་བ་འདི་ལ་ནི་སྔར་བཤད་པའི་བསླབ་བྱ་བཞིའི་སྒོ་ནས་ཚེ་འདིར་མི་ཉམས་པའི་རྒྱུ་ལ་བསླབ་པ་དེ་ཙམ་གྱིས་ཆོག་གམ་ཞེ་ན། མི་ཆོག་སྟེ་སྐྱེ་བ་ཕྱི་མ་ཚེ་རབས་གཞན་དུའང་སེམས་དེ་མི་བརྗེད་ཅིང་དྲན་པར་བྱ་བའི་དོན་དུ། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་ཇི་སྐད་བཤད་པའི་བསླབ་པ་བཞི་ཚན་གཉིས་པོ་ཡོངས་སུ་བསྲུང་བ་དང་བསྟེན་པར་བྱ་བ་ཡིན་ནོ༑ ༑གཉིས་པ་འཇུག་པ་བསླབ་བྱ་དང་བཅས་པ་བཤད་པ་ལ་གསུམ། མཚམས་སྦྱར་ཏེ་འཇུག་སྡོམ་བླང་བར་བསྟན་པ། ཇི་ལྟར་བླང་བའི་ཚུལ། སྡོམ་པ་བླངས་ནས་བསླབ་བྱ་ལ་བསླབ་པར་བསྟན་པའོ། །དང་པོ་ནི། དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ཀྱང་རྒྱལ་སྲས་ཀྱི་སྤྱོད་པ་ལ་མ་བསླབ་ན་འཚང་རྒྱ་མི་སྲིད་ཅིང༌། བྱང་སྡོམ་མ་བཟུང་ན་སྦྱིན་སོགས་ལ་བསླབ་ཀྱང་རྒྱལ་སྲས་ཀྱི་སྤྱོད་པར་མི་འགྱུར་བས། སྨོན་སེམས་ཆོ་གས་བརྟན་པོར་བཟུང་བ་དེས་སྤྱོད་པའི་རྟེན་སྡོམ་པ་གཟུང་དགོས་ཏེ། འཇུག་པའི་སེམས་ཀྱི་བདག་ཉིད་སྡོམ་པ་བཟུང་བ་མ་གཏོགས་པར་ཡང་དག་པ་མཆོག་ཉིད་དུ་སྨོན་པ་ཡི་སེམས་གོང་ནས་གོང་དུ་འཕེལ་བར་འགྱུར་བ་མ་ཡིན་པའི་ཕྱིར།
པར་དེའི་སྐྱོན་བརྗོད་པ་སོགས་ཞེ་ལ་ཕོག་པའི་ཚིག་སྨྲས་ཤིང་དེས་གོ་བའོ། །ངག་འཁྱལ་ནི། དེ་གསུམ་མ་ཡིན་པ་གཞན་ཉོན་མོངས་ཅན་གྱི་ཚིག་ཐམས་ཅད་དེ་ཁ་གསགས་དང་གཞོགས་སློང་དང་གླུ་དང་ཟློས་གར་དང་དམག་གི་གཏམ་དང་སྨད་འཚོང་མའི་གཏམ་དང་ཚོང་གི་གཏམ་ལ་སོགས་པ་དང༌། ལྟ་བ་ལོག་པའི་ཆོས་ཀྱི་གཏམ་ལ་སོགས་པའོ། །ཡིད་ཀྱི་ལས་གསུམ་ལས་བརྣབ་སེམས་ནི། གཞན་གྱི་ནོར་དང་བུད་མེད་དང་ཁྱིམ་དང་འཁོར་གཡོག་དང་ཡུལ་ལ་སོགས་པ་རང་གིར་བྱེད་འདོད་པའི་བསམ་པ་གཏིང་ཚུགས་པར་བྱེད་པའོ། །གནོད་སེམས་ནི། གཞན་ལ་གནོད་པར་བྱེད་འདོད་དང་སྡུག་བསྔལ་འབྱུང་བར་གྱུར་ཅིག་པའི་བསམ་པ་གཏིང་ཚུགས་པའོ། །
དེ་ལྟར་ན་དགོས་པ་འབྲས་མིང་རྒྱུ་ལ་བཏགས་པ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་སྡོམ་པ་སྨོན་པའི་སེམས་དེ་སྤེལ་ཞིང་མཐར་ཕྱིན་པར་འདོད་པས་བླང་དགོས་པ་ཡིན་ལ། རྒྱུ་མཚན་དེ་ཡི་ཕྱིར་ན་སྒྱིད་ལུག་པ་དང་ཞུམ་པ་མེད་པར་ཤིན་ཏུ་འབད་པས་འཇུག་པའི་སྡོམ་པ་འདི་ནི་ངེས་པར་བླང་བར་བྱའོ། །གཉིས་པ་འཇུག་སྡོམ་ཇི་ལྟར་ལེན་པའི་ཚུལ་ལ་གསུམ། གང་གིས་ལེན་པའི་རྟེན། གང་ལས་བླང་བའི་ཡུལ། ཇི་ལྟར་ལེན་པའི་ཆོ་གའོ། །དང་པོ་ནི། དགེ་བསྙེན་ནས་དགེ་སློང་གི་སྡོམ་པའི་བར་གྱི་སོ་སོར་ཐར་པའི་རིས་བདུན་དངོས་སམ། དེ་དང་ཐུན་མོང་བའི་རང་བཞིན་གྱི་ཁ་ན་མ་ཐོ་བ་དུས་རྟག་ཏུ་སྤོང་བའི་ཇི་སྲིད་འཚོ་བའི་སྡོམ་པ་གཞན་དེ་དག་དང་ལྡན་པའི་རྟེན་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཡི་སྐལ་བ་ཡོད་ཀྱིས། དེ་ལས་གཞན་དུ་བྱང་སྡོམ་ཕུན་སུམ་ཚོགས་པ་སྐྱེ་བ་མིན་ཏེ། བྱང་སྡོམ་ནི་དངོས་སམ་བརྒྱུད་པའི་སྒོ་ནས་གཞན་ལ་ཕན་འདོགས་ནུས་པ་གང་ཞིག །དེ་ལས་གཞན་གནོད་གཞི་བཅས་ལས་ལྡོག་དགོས་པའི་ཕྱིར། གལ་ཏེ་སོ་ཐར་གྱི་སྡོམ་པ་ནི་ཚེ་འཕོས་པས་གཏོང་བས། འདིའི་རྟེན་ཇི་ལྟར་རུང་སྙམ་ན། རྣལ་འབྱོར་པ་ཆེན་པོའི་ཞལ་ནས། རྒན་པོ་ལང་བའི་རྟེན་དབྱུག་པས་བྱེད་ཅིང༌། ཕྱིས་ནས་དབྱུག་པ་མི་འགྱེལ་བ་རྒན་པོས་མགོ་ནས་བཟུང་བས་བྱེད་པ་ལྟར། དང་པོར་སྐྱེ་བའི་རྟེན་སོ་ཐར་གྱིས་བྱེད་ལ། དེ་ནས་གཞན་གནོད་གཞི་བཅས་ལས་ལོག་པ་དེ་བྱང་ཆུབ་སྙིང་པོའི་བར་མི་འཆོར་བར་བྱང་སྡོམ་གྱིས་བྱེད་ཅེས་གསུངས་སོ། །སོ་ཐར་རིས་བདུན་ཅི་རིགས་ལ་གནས་པའི་རྟེན་ལ་བཟང་ངན་གྱི་ཁྱད་པར་ཡོད་དམ་མེད་ཅེ་ན། ཟླ་བ་སྒྲོན་མ་ལས། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང༌།
ལོག་ལྟ་ནི། ལས་འབྲས་མི་བདེན་པ་དང༌། ཚེ་སྔ་ཕྱི་དང༌། དཀོན་མཆོག་གསུམ་སོགས་མེད་པར་འཛིན་པ་དམ་པོ་འཆང་བ་ཡིན་ཏེ། དེ་ལྟར་བཅུ་པོ་དེ་ནི་ལས་ལམ་རྫོགས་པའི་དབང་དུ་བྱས་ལ། བསམ་བཞིན་མ་ཡིན་པ་ལ་ནོར་བར་བསད་པ་སོགས་བཅུ་པོའི་ཕྱོགས་མཐུན་ཐམས་ཅད་ཀྱང་ངེས་པར་སྤོང་དགོས་པའི་ལས་ནི་ཡིན་ནོ། །དེས་ན་བདག་གིས་ཐོག་མ་ཉིད་དུ་ངེས་པར་སྤོང་དགོས་པའི་ལས་ནི་འདི་དག་ཡིན་ནོ་སྙམ་དུ་ཡང་ཡང་བསྒོམ་སྟེ༑ དམིགས་སྐོར་བཅུ་བདུན་ནོ། །ད་ནི་མི་དགེ་བ་དེ་དག་གི་འབྲས་བུ་བསམ་པར་བྱ་སྟེ། མི་དགེ་བ་བཅུ་པོ་འདི་རྣམས་རེ་རེ་ཡང་སྟོབས་ཆེན་པོ་བྱས་པ་དང༌། ཡང་ཡང་བྱས་ན་དམྱལ་བར་སྐྱེ། འབྲིང་དུ་བྱས་ན་ཡི་དྭགས་
ཞེས་སོགས་གསུངས་པ་ལྟར་རོ། །འོ་ན་སོ་ཐར་གྱི་སྡོམ་ལྡན་གྱིས་བྱང་སྡོམ་བཟུང་བའི་ཚེ་གནས་འགྱུར་རམ། གཉིས་ལྡན་གང་ཡིན་ཞེ་ན། ནག་ཚོའི་འགྲེལ་པར། དེ་གཉིས་སྡོམ་པ་གཅིག་གམ་ཐ་དད་ཅེ་ན། གཅིག་པའང་ཡིན༑ ཐ་དད་པའང་ཡིན་ཏེ། འདི་ལྟར་སྡོམ་པའི་ཚུལ་ཁྲིམས་བྱ་བ་ལ་སོགས་པ་གཞན་ན་མེད་ཀྱི། སོ་སོར་ཐར་པ་རིགས་བདུན་པོ་གང་ལ་གནས་པ་ཉིད་སྡོམ་པའི་ཚུལ་ཁྲིམས་ཡིན་པས་ན་གཅིག་པའང་ཡིན་ནོ། །ཐ་དད་པའང་ཡིན་ཏེ། སོ་སོར་ཐར་པ་རྫས་སུ་འདོད་པ་དང༌། གཞན་ལ་གནོད་པ་བྱེད་པ་ལས་ལོག་ནས་གནོད་པ་མི་བྱེད་པ་དང༌། བྱང་སེམས་ཀྱི་སྡོམ་པ་རྫས་སུ་མི་འདོད་པ་དང༌། གཞན་ལ་ཕན་པ་ཉིད་སྒྲུབ་པས་ཐ་དད་པའང་ཡིན་ཞེས་བྱའོ་གསུངས་སོ། །གཉིས་པ་གང་ལས་བླང་བའི་ཡུལ་ནི། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་སྟེ། ཡང་དག་པར་ལེན་པ་དང༌། མི་ཉམས་པར་བསྲུང་བ་དང༌། ཉམས་ན་ཕྱིར་བཅོས་པའི་ཐབས་ལ་མཁས་པའི་ཤེས་རབ་ཕུན་སུམ་ཚོགས་པ་དང༌། བདག་ཉིད་གང་ཞིག་བྱང་ཆུབ་སེམས་དཔའི་སྡོམ་པ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ་གནས་པ་དང༌། བྱང་སེམས་ཀྱི་སྡོམ་པ་འབོགས་པར་བཟོད་པའི་ནུས་པའམ་སྤོབས་པ་ཕུན་སུམ་ཚོགས་པ་དང༌། སྙིང་རྗེ་དང་ལྡན་པའི་བསམ་པ་ཕུན་སུམ་ཚོགས་པ་སྟེ། བཞི་པོ་དེ་དག་དང་ལྡན་པ་ནི་བླ་མ་བཟང་པོར་ཤེས་པར་བྱ་ཞིང༌། དེ་དག་གི་ནང་ནས་སྔ་མ་གཉིས་གཙོ་ཆེ་བར་ཞང་རོམ་སོགས་ཀྱིས་བཞེད་དོ། །གསུམ་པ་ཇི་ལྟར་ལེན་པའི་ཆོ་ག་ལ་གཉིས། བླ་མ་ཡོད་པའི་དང༌། མེད་པའི་ཆོ་གའོ། །དང་པོ་ནི། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་ས་དག་གི་ནང་ཚན་ཚུལ་ཁྲིམས་ཀྱི་ལེའུ་ལས་གསུངས་པའི་ཆོ་ག་ཡིས། ཡང་དག་པའི་མཚན་ཉིད་ཕུན་སུམ་ཚོགས་པ་དང་ལྡན་པ་ཡི་བླ་མ་བཟང་པོ་དེ་ལས་འཇུག་པའི་སྡོམ་པ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་བླང་ངོ་། །དེའང་གསོལ་གདབ། སྤྲོ་བསྐྱེད། ཚོགས་བསགས། བསྐུལ་གདབ། བསམ་པ་ཁྱད་པར་ཅན་བསྐྱེད་པ། བར་ཆད་ཐུན་མོང་བ་དྲི་བ། བསླབ་པ་མདོར་བསྡུས་བརྗོད་པ་དང་བདུན་ནི། སྦྱོར་བ་དང༌། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་བསླབ་པ་ལན་གསུམ་གྱི་བར་དུ་ལེན་པ་ནི་དངོས་གཞི་དང༌། མཁྱེན་གསོལ། ཡེ་ཤེས་ཀྱི་གཟིགས་པ་འཇུག་པའི་ཕན་ཡོན། སྡོམ་པ་མནོས་པ་གྱ་ཚོམ་དུ་མི་བསྒྲག་པ། བསླབ་པ་མདོར་བསྡུས་བརྗོད་པ། གཏང་རག་གི་མཆོད་པ་དང་ལྔ་ནི་མཇུག་གི་ཆོ་གའོ། །གཉིས་པ་བླ་མ་མེད་པའི་ཆོ་ག་ལ་གཉིས། སྤྱི་དང་བྱེ་བྲག་གི་སྒོ་ནས་ལུང་བཞིན་དུ་བཤད་པར་དམ་བཅའ་བ་དང༌། མདོ་དེ་ལས་འབྱུང་བའི་སེམས་བསྐྱེད་དང་སྡོམ་པ་བཟུང་ཚུལ་སྟོན་པའོ། །དང་པོ་ནི། མཚན་ཉིད་དང་ལྡན་པའི་བླ་མ་དེ་འདྲ་བ་ལ་སྡོམ་པ་བླང་བར་གསུངས་པ་བཞིན་ཤིན་ཏུ་འབད་པས་བཙལ་ཡང༌། ཡུལ་དུས་ཀྱི་དབང་གིས་འདི་འདྲ་བའི་གལ་ཏེ་བླ་མ་གཏན་ནས་མ་རྙེད་ན་ཇི་ལྟར་བྱ་ཞེ་ན༑ བླ་མ་ཡོད་པ་དེ་ལས་གཞན་དམིགས་བསལ་རང་ཉིད་ཀྱིས་བླང་བའི་ཚུལ་ཡོད་དེ། བླ་མ་མེད་པའི་སྡོམ་པ་ནོད་པ་ཡི་ཆོ་ག་ལུང་ལས་གསུངས་པ་བཞིན་འདིར་ཡང་ཡང་དག་པར་བཤད་པར་བྱ་བ་ཡིན་པའི་ཕྱིར། ཞེས་སྤྱིར་བཤད་པར་དམ་བཅས་ནས། འོ་ན་ལུང་གང་ལས་བཤད་ཅེ་ན། དེ་ལ་སྔོན་བསྐལ་པ་དཔག་ཏུ་མེད་པའི་དུས་ཀྱི་ཚེ་འཇམ་པའི་དཔལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཨམྦ་རཱ་ཛ་སྟེ། རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་པ་ཡིས། དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བའི་དྲུང་དུ། ཇི་ལྟར་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ཡི་ཚུལ། འཇམ་དཔལ་གྱིས་ནི་སངས་རྒྱས་ཀྱི་ཞིང་གི་རྒྱན་གྱི་བཀོད་པ་སྟོན་པའི་མདོ་ལས་བཤད་པ་ལྟར། དེ་བཞིན་དུ་གཞུང་འདིར་ནི་རབ་ཏུ་གསལ་བར་བྲི་བར་བྱའོ། །ཞེས་བྱེ་བྲག་ཏུ་བཤད་པར་དམ་བཅའ་བའོ། །གཉིས་པ་མདོ་དེ་ལས་འབྱུང་བའི་སེམས་བསྐྱེད་དང་སྡོམ་པ་བཟུང་ཚུལ་ལ་གཉིས། སེམས་བསྐྱེད་དང༌། སྡོམ་པ་བཟུང་ཚུལ་ལོ། །དང་པོ་ནི། སེམས་ཅན་ཐམས་ཅད་ཀྱི་མགོན་པོ་སངས་རྒྱས་བྱང་སེམས་རྣམས་ཀྱི་སྤྱན་སྔ་རུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་
སུ་སྐྱེ། སྟོབས་ཆུང་བ་དང་ཉུང་ངུར་སྤྱོད་པས་དུད་འགྲོར་སྐྱེ། སྡུག་བསྔལ་ཅན་གྱི་འགྲོ་བ་དེ་དག་ཏུ་སྐྱེ་བ་ནི་རྣམ་སྨིན་གྱི་འབྲས་བུའོ། །སྲོག་བཅད་པས་ཚེ་ཐུང་བ་དང༌། མ་བྱིན་པར་བླངས་པས་ལོངས་སྤྱོད་ཆུང་བ་དང༌། ལོག་གཡེམ་གྱིས་དགྲ་མང་བ་དང༌། རྫུན་གྱིས་རང་ལ་སྐུར་པ་མང་བ་དང༌། ཕྲ་མས་གྲོགས་དང་འཁོན་པ་དང༌། ཚིག་རྩུབ་ཀྱིས་གཏམ་མི་སྙན་པ་ཐོས་པ་དང༌། ངག་འཁྱལ་སྨྲས་པས་རང་གི་ཚིག་ལ་གཞན་གྱིས་མི་ཉན་པ་དང༌། བརྣབ་སེམས་ཀྱིས་རེ་བ་མི་འགྲུབ་པ་དང༌། གནོད་སེམས་ཀྱིས་སེམས་ལ་སྡུག་བསྔལ་དང་འཇིགས་སྐྲག་འབྱུང་བ་དང༌། ལོག་ལྟས་ཤིན་ཏུ་གླེན་ཅིང་གཏི་མུག་པར་འགྱུར་བ་སྟེ། དེ་རྣམས་ནི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ཡིན་ལ། བྱེད་པ་རྒྱུ་མཐུན་ནི། སྔར་ལས་དེ་དང་དེ་བྱས་པས་ཕྱིས་ཀྱང་དེ་དང་དེ་དག་ལ་དགའ་བའོ། །བདག་པོའི་འབྲས་བུ་ནི། ཕྱི་རོལ་སྣོད་ཀྱི་འཇིག་རྟེན་ལ་འབྱུང་སྟེ། སྲོག་གཅོད་ཀྱིས་ནི་འབྲས་བུ་དང་སྨན་ལ་སོགས་པ་མཐུ་ཆུང་བ་དང༌། མ་བྱིན་ལེན་གྱིས་ལོ་ཉེས་པ་དང༌། ལོག་གཡེམ་གྱིས་ས་ཕྱོགས་རྡུལ་འཚུབ་ཆེ་ཞིང་དྲི་ང་བ་དང༌། རྫུན་གྱིས་ནི་ས་ཕྱོགས་མཐོ་དམན་ཅན་བགྲོད་མི་བདེ་བར་འགྱུར་བ་དང༌། ཕྲ་མས་ས་ཕྱོགས་ཚ་སྒོ་ཅན་དུ་འགྱུར་བ་དང༌། ཚིག་རྩུབ་ཀྱིས་བྱེ་མ་དང་གསེག་མ་སོགས་འཕེལ་བ་དང༌། ངག་འཁྱལ་གྱིས་དུས་ལོག་ཏུ་འགྱུར་ཏེ། དགུན་ནི་རུལ། དཔྱིད་ནི་རེངས། དབྱར་ནི་ཐན། སྟོན་ནི་ཞོད་པ་ལ་སོགས་པའོ། །
བྱེད་ཅིང༌། ཆེད་དུ་བྱ་བ་ནམ་མཁའི་མཐས་གཏུགས་པའི་འགྲོ་བ་མ་ལུས་པ་ཐམས་ཅད་མགྲོན་དུ་གཉེར་བའམ་དེའི་དོན་དུ། འགྲོ་བ་དེ་དག་འཁོར་བའི་སྡུག་བསྔལ་གྱི་ཆུ་བོ་ལས་མ་བརྒལ་བ་སྒྲོལ་བ་དང༌། ཀུན་འབྱུང་གི་འཆིང་བ་ལས་མ་གྲོལ་བ་དགྲོལ་ལོ། །བདག་ལྟས་དབུགས་མ་ཕྱུང་བ་ལམ་བདེན་གྱིས་དབུགས་དབྱུང་བ་དང༌། རྣམ་རྟོག་གིས་ཡོངས་སུ་མྱ་ངན་ལས་མ་འདས་པ་འགོག་བདེན་གྱིས་མྱ་ངན་ལས་འདས་པ་ལ་འགོད་ཅིང་མགྲོན་དུ་གཉེར་བའོ། །འདིས་འཇུག་པའི་སྦྱོར་བ་དང༌། སྨོན་པའི་དངོས་གཞི་བསྟན་པར་ཤ་ར་བ་བཞེད་དོ། །གཉིས་པ་སྡོམ་པ་བཟུང་ཚུལ་ལ་གསུམ། ཉེས་སྤྱོད་སྡོམ་པའི། སེམས་ཅན་དོན་བྱེད་ཀྱི། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཁས་ལེན་པའོ། །དང་པོ་ནི། ཀུན་ནས་མནར་སེམས་པའི་རྒྱུ་དགུ་གང་རུང་ལ་བརྟེན་ནས། ཞེ་སྡང་གིས་གསོད་འདོད་པ་ལ་སོགས་པའི་གནོད་སེམས་དང༌། གཞན་ལ་འཕྲལ་དུ་སེམས་འཁྲུག་པའི་ཁྲོ་བའི་སེམས་ཉིད་དང༌། ཡོ་བྱད་གཞན་ལ་བཏང་མི་ནུས་པའི་སེར་སྣ་དང་ནི། གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་ཕྲག་དོག་ཉིད་དེ། བཞི་པོ་དེ་དག་སྡོམ་པ་བླངས་པའི་ཉིན་དེང་ནས་བཟུང་སྟེ་བླ་ན་མེད་པའི་བྱང་ཆུབ་དག་མ་ཐོབ་ཀྱི་བར་དེ་སྲིད་དུ་མི་བྱའོ། །དབང་པོ་གཉིས་སྦྱོར་གྱི་འཁྲིག་པ་སྤངས་པའི་ཚངས་པར་སྤྱོད་པ་སྤྱད་པར་བྱ་ཞིང༌། སྡིག་པའི་ལས་དང༌། དེའི་རྒྱུ་འདོད་པའི་ཡུལ་ལ་ཆགས་པ་རྣམས་སྤང་བར་བྱའོ། །དེ་དག་སྤངས་པའི་ཚུལ་ཁྲིམས་ཀྱི་
བརྣབ་སེམས་ཀྱིས་འབྲུ་ཕྲ་བར་གྱུར་བ་དང༌། གནོད་སེམས་ཀྱིས་རོ་མི་ཞིམ་པར་འགྱུར་བ་དང༌། ལོག་ལྟས་ནི་འབྲས་བུ་རྩ་བ་ནས་མི་ཆགས་པར་བྱེད་དེ། དེ་ལྟར་ན་རྒྱུ་མཐུན་པའི་འབྲས་བུ་འདི་དག་དང༌། བདག་པོའི་འབྲས་བུ་འདི་རྣམས་ལས་དེ་དང་དེ་བྱས་པའི་སྐྱེ་བ་དེ་ཉིད་ལ་འབྱུང་བའང་ཡོད། སྐྱེ་བ་ཕྱི་མའི་གནས་སྐབས་མཐོ་རིས་སུ་སྐྱེས་པའི་སྐབས། དུས་ངེས་མེད་སྣ་ཚོགས་པར་ཡང་འབྱུང་བའོ། །དེ་ལྟར་ན་མི་དགེ་བ་བཅུ་པོ་འདི་ནི་སྡུག་བསྔལ་མི་འདོད་པ་སྣ་ཚོགས་པའི་གཞིར་གྱུར་པའི་ཕྱིར། འདི་རྣམས་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱ། སྔར་བྱས་པ་ཐམས་ཅད་ཀྱང་སྦྱོང་བའི་ཐབས་ལ་འབད་དགོས་སྙམ་དུ་ཡང་ཡང་བསྒོམ། དམིགས་སྐོར་བཅོ་བརྒྱད་པའོ། །ད་ནི་དགེ་བའི་ལས་བསམ་པར་བྱ་སྟེ། ཐོ་རིས་ཀྱི་ལུས་རྟེན་ཐོབ་པ་དང༌། གཞན་དག་འཁོར་བའི་བདེ་བ་གང་ཅི་ཡོད་པ་ཐམས་ཅད་དགེ་བའི་ལས་ལས་འབྱུང༌། འཇིག་རྟེན་ལས་འདས་པ་བྱང་ཆུབ་རྣམ་པ་གསུམ་ཡང་དགེ་བ་ལས་འབྱུང་བ་ཡིན་ཏེ། བདག་གིས་སྡིག་པ་ཐམས་ཅད་སྤང༌། དགེ་བ་ཐམས་ཅད་ལ་ཅི་ནུས་སུ་སློབ་དགོས་པ་ལས་བསླབ་རྒྱུའི་དགེ་བ་ཡང་རིགས་མང་མོད་ཀྱི། དགེ་བ་ཐམས་ཅད་ཀྱི་ཐོག་མའི་འཇུག་སྒོ་ནི༑ ཆོས་དཀར་པོ་དགེ་བ་བཅུ་ཞེས་བྱ་བ་ཡིན་ནོ། །དེ་ནི་སྔར་བསྟན་པའི་མི་དགེ་བ་བཅུ་པོ་དེ་རྣམས་ཡིད་ཀྱིས་སྤངས་ནས་ལུས་ངག་གིས་སླར་ལོག་པའི་སྤོང་བའི་སེམས་པ་སྤྱོད་ལམ་དང་བཅས་པ་དེ་ཡིན་ན། བདག་འདི་ལ་རྟག་ཏུ་གནས་པར་བྱའོ་སྙམ་དུ་བསྒོམ། དེ་ལ་མི་དགེ་བཅུ་ཡིད་ཀྱིས་སྤངས་པའི་གོ་དོན་ནི། དེ་རྣམས་ཉེས་དམིགས་ཅན་དང་སྐྱོན་ཆེན་པོར་ཤེས་ནས་ནམ་དུ་ཡང་མི་འདོད་པ་དེ་ཡིན་ལ། ལུས་ངག་གིས་སླར་ལོག་པ་ནི། བཅུ་པོ་དེ་དག་དུས་རྒྱུན་དུའམ། དལ་བར་འདུག་པའི་དུས་སུ་མི་བྱེད་པར་མ་ཟད། དེ་དག་བྱས་ན་ཁེ་ཡོད་པ་ལྟར་སྣང་ཞིང༌། འབད་རྩོལ་མི་དགོས་པར་བྱེད་ཐུབ་པའི་སྐབས་བྱུང་ཡང་སྔར་ཡིད་ཀྱིས་སྤངས་པ་དེ་དྲན་པས་བྱ་བ་ངན་པ་དེ་ལ་ཡེ་ནས་འཇུག་པར་མི་ནུས་པ་སྟེ། ལུས་ངག་གི་བདུན་པོ་ལ་ནི་འདི་གཉིས་ཀར་ཚང་བ་དགོས་ལ། ཡིད་ཀྱི་ལས་གསུམ་ལ་ཡིད་ཀྱིས་སྤངས་པ་ཁོ་ནས་ཆོག་གོ །མི་དགེ་བ་ལ་མི་རུང་བར་སེམས་པ་དེ་ཀ་སྤོང་སེམས་ཡིན་ལ། དེ་ནི་མི་རུང་བ་ཡིན་པ་ལ་མི་རུང་བར་ཤེས་པའི་ཀུན་རྫོབ་ཤེས་པ་མ་འཁྲུལ་བ་ཡིན་པས་ལམ་གཉེན་པོའི་ཆོས་སུ་འགྱུར་ཞིང༌། འདི་ཚུལ་ཁྲིམས་ཀྱི་ངོ་བོ་ཡིན། སྤོང་སེམས་ཤུགས་ཆེ་བ་ལན་འགའ་རེ་བྱུང་ན། གཉིད་རྨུགས་པ་དང་རྣམ་གཡེང་ལ་སོགས་པས་བར་ཆོད་ཀྱང༌། དེ་ལྟ་བུའི་རྐྱེན་དམིགས་པའི་ཚེ། ཉེས་སྤྱོད་དེ་སྐྱོན་དུ་ཤེས་ནས་མི་བྱེད་ཅིང་སྡོམ་པར་འགྱུར་རོ། །འདི་ནི་སྔར་གྱི་སེམས་པ་དེའི་ཤུགས་ལས་བྱུང་བ་ཡིན་པས་ཤུགས་དེ་ཡང་ས་བོན་གྱི་མཐུ་ལས་ཡིན་ཏེ། དེའི་ཕྱིར་མི་དགེ་བ་བཅུ་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་དགེ་བ་བཅུའོ། །དམིགས་སྐོར་བཅུ་དགུ་པའོ། །ད་ནི་དགེ་བ་བཅུའི་ཕན་ཡོན་བསམ་པར་བྱ་སྟེ། དེ་ཡང་ལས་དགེ་བ་བཅུ་ཆེར་སྤྱོད་པ་ལས་རྣམ་སྨིན་གྱི་འབྲས་བུ་ལྷའི་སྐྱེ་བ་ལེན། ཆུང་ངུར་སྤྱད་པ་ལས་རྣམ་སྨིན་གྱི་འབྲས་བུ་མི་ལུས་ཐོབ། དགེ་བ་ཡིན་ཡང་བསམ་པ་མ་དག་པ་སོགས་སྲ་བསྲེ་ཅན་གྱིས་ནི་ལྷ་མིན་དུ་སྐྱེ་བར་མདོ་ལས་བཤད། རྒྱུ་མཐུན་པ་དང་བདག་པོའི་འབྲས་བུ་ཡང་སྔར་མི་དགེ་བཅུའི་སྐབས་སུ་བཤད་པ་དེ་ཉིད་ཕྱིན་ཅི་ལོག་ཏུ་འབྱུང་སྟེ། ཚེ་རིང་འབྱོར་པ་དགྲ་སྤངས་དང༌། །བསྟོད་དང་གྲོགས་མང་སྙན་པའི་གཏམ། །ཚིག་བཙུན་བསམ་པ་འགྲུབ་པ་དང༌། །ཡིད་བདེ་བ་དང་བློ་གྲོས་འཕེལ། །འདི་དག་དགེ་བའི་རྒྱུ་མཐུན་བཅུ། །མཐུ་ཆེ་ལོ་ལེགས་ཉམས་དགའ་བ། །མཐོ་དམན་སྙོམས་དང་ཞིང་ས་གཤིན། །རྩ་ཤིང་རྒྱས་དང་དུས་ཚིགས་རན། །འབྲུ་སྦོམ་རོ་ཞིམ་འབྲས་བུ་རྒྱས། །དགེ་བ་བཅུ་ཡི་བདག་འབྲས་ཡིན། །ཅེས་སོ། །དེ་ལྟར་དགེ་བ་བཅུ་ལ་གནས་པ་ནི། ཚེ་འདི་དང་ཕྱི་མར་རྟག་ཏུ་བདེ་བའི་རྒྱུ་གང་ཡིན་པས་བདག་དགེ་བ་བཅུ་ལ་རྟག་ཏུ་གནས་པར་བགྱིའོ་སྙམ་དུ་ཡང་ཡང་བསྒོམ། དམིགས་སྐོར་ཉི་ཤུ་པའོ། །འདི་དག་གི་སྐབས་སུ་ལས་འབྲས་ཀྱི་དབྱེ་བ་ཞིབ་མོར་ཤེས་པ་གལ་ཆེ་བས་ཡང་དུ་ཡང་དུ་བླ་མས་བཤད་ཅིང༌། སློབ་མས་བློ་ལ་སྐྱོང་བ་དང༌། ཁ་ཕྱིར་ལྟས་སུ་མ་སོང་བར་རང་ཐོག་ཏུ་འགེལ་བ་ཁོ་ན་གནད་དུ་ཆེའོ། །ད་ནི་ལས་འབྲས་བསམ་པའི་ཆོས་སྐོར་རྣམས་ཀྱི་སྙིང་པོའི་གྲུབ་དོན་ཐོན་ཆོས་འདི་ཡིན་ཏེ། སྔར་ཇི་སྐད་བསྟན་པའི་དཀར་ནག་གི་
སྡོམ་པ་རྣམ་པར་དག་པ་ལ་དགའ་བས་སངས་རྒྱས་རྣམས་ཀྱི་སྤྱོད་པ་དམ་པའི་རྗེས་སུ་ལེགས་པར་བསླབ་པར་བྱའོ། །གཉིས་པ་ནི། བདག་ཉིད་མྱུར་བའི་ཚུལ་གྱིས་ཏེ་སེམས་ཀྱིས་ནི་བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང་དགའ་བ་མེད་པར། སེམས་ཅན་གཅིག་གི་དོན་བྱ་བའི་རྒྱུ་ཡིས་ནི་ཕྱི་མའི་མུ་མཐར་ཐུག་པ་མེད་པར་འཁོར་བ་ཅི་སྲིད་ཀྱི་བར་དེ་སྲིད་དུ་གནས་པར་བགྱིད་དོ། །གསུམ་པ་ནི། དེ་ལྟར་གནས་ནས་ཅི་བྱེད་སྙམ་ན། གྲངས་ཚད་གཟུང་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཞིང་དག་གིས་ངམ་གྲོག་དང༌། ཚེར་མ་སོགས་སྐྱོན་རྣམས་རྣམ་པར་སྦྱང་བར་བྱ་ཞིང༌། འགྲོ་བ་རྣམས་ཀྱིས་བདག་གི་མིང་ཐོས་ནས་བཟུང་བ་བྱས་པ་དང༌། མཐོང་ཐོས་དྲན་རེག་གིས་ཀྱང་སེམས་ཅན་རྣམས་ལ་ཕན་གདགས་པར་འདོད་པས་ཕྱོགས་བཅུ་ཐམས་ཅད་ཀྱི་ཞིང་དག་ཏུ། བདག་གི་མིང་གྲགས་ཤིང་རྣམ་པར་གནས་པར་བྱེད་པའི་སྒོ་ནས་སེམས་ཅན་གྱི་འཇིག་རྟེན་ཡང་སྦྱང་ཞིང་སྨིན་པར་བྱའོ། །ལས་དང་པོ་བས་སྡོམ་པའི་ཚུལ་ཁྲིམས་ཉིད་ལ་གཅེས་སྤྲས་བྱེད་དགོས་པས། སླར་ཡང་ཟློས་ཏེ་སྟོན་པ་ནི། བདག་གི་ལུས་དང་ངག་གི་ལས་དག་རྣམ་པ་ཐམས་ཅད་དུ་ནི་ལྟུང་བས་མ་གོས་པར་དག་པར་བྱ་ཞིང༌༑ ཡིད་ཀྱི་ལས་ཀྱང་ལྟུང་བས་དག་པར་བྱ་སྟེ། མདོར་ན་སྒོ་གསུམ་གྱི་མི་དགེ་བའི་ལས་རྣམས་རྣམ་པ་ཐམས་ཅད་དུ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ནམ་ཡང་མི་བྱའོ། །གསུམ་པ་སྡོམ་པ་བླངས་ནས་བསླབ་བྱ་ལ་སློབ་པར་
ལས་འབྲས་བསམ། སྡིག་པ་མི་དགེ་བའི་ལས་སྔར་བྱས་ཟིན་ལ། སྟོབས་བཞི་ཚང་བའི་བཤགས་པ་འབུལ་བ་གལ་ཆེ། རྟེན་གྱི་སྟོབས་སྐྱབས་འགྲོ་དང་སེམས་བསྐྱེད། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སྡིག་སྦྱོང་གི་དགེ་བ་གང་འགྲུབ། སུན་འབྱིན་པའི་སྟོབས་སྔར་བྱས་ལ་འགྱོད་སེམས། སླར་ལྡོག་པའི་སྟོབས་ཕྱིན་ཆད་སྡོམ་སེམས་ཏེ། དེ་བཞི་ཚང་བའོ། །དེ་ནས་ཐུན་གྱི་མགོ་གཞུག་རྣམས་སུའང་དེ་ལྟ་བུའི་བཤགས་པ་ཚར་རེ་བྱ། ཐུན་མཚམས་སུ་ནི། མཁན་པོ་སློབ་དཔོན་བླ་མ་རྟེན་གསུམ་དགེ་འདུན་ལ་སོགས་པའི་དྲུང་དུ་མཐོལ་བཤགས་ཡང་ཡང་འབུལ་བ་དང༌། དེ་དག་མ་འཛོམས་ཀྱང༌། རྒྱལ་བ་སྲས་བཅས་མཁའ་དབྱིངས་གང་བ་ལ་དམིགས་ཏེ་བཤགས་པ་འབུལ། བཤགས་ཚིག་ཕུང་པོ་གསུམ་པའི་མདོ་དང༌། གསེར་འོད་དམ་པའི་བཤགས་པ་སོགས་དང༌། རང་གིས་སྡིག་པ་བགྱིས་པ་གང་ཡིན་པ་དེ་འདི་ལྟར་བགྱིས་སོ་ཞེས་མ་སྦས་མ་གསང་བར་བརྗོད་པ་ཉིད་གནད་ཆེ་བ་ཡིན་ནོ། །མི་དགེ་བ་བཅུར་མ་ཟད་སྡིག་པ་མི་དགེ་བའི་ལས་སུ་གཏོགས་པ་ཆེ་ཆུང་ཐམས་ཅད་རང་ཡང་མི་བྱེད། གཞན་ཡང་བྱེད་དུ་མི་འཇུག །སྡིག་པ་ལ་ཡི་རང་བའམ་དགའ་བར་མི་བྱ༑ བསྟོད་ཅིང་བསྔགས་པར་ཡང་མི་བྱ་སྙམ་དུ་བསྒོམ། དཀར་པོ་དགེ་བའི་ལས་ནི་ལས་ལམ་བཅུ་པོ་དེར་མ་ཟད་གཞན་གྱི་སྲོག་བསྐྱབས་པ་དང༌། འཚོ་བ་སྟེར་བ་དང༌། ཡོ་བྱད་སྦྱིན་པ་དང༌། ཚུལ་ཁྲིམས་སྲུང་བ་དང༌།
བསྟན་པ་ལ་གསུམ། ཚུལ་ཁྲིམས་ཀྱི། སེམས་ཀྱི། ཤེས་རབ་ཀྱི་བསླབ་པ་ལ་སློབ་ཚུལ་ལོ། །དང་པོ་ལ་གཉིས། དངོས་དང༌། དེའི་ཆེ་བའོ། །དང་པོ་ནི། འོ་ན་སྒོ་གསུམ་དག་བྱེད་ཀྱི་རྒྱུ་གང་ཞེ་ན། དགོས་པ་བྱང་སེམས་རང་གི་ལུས་ངག་སེམས་གསུམ་པོ་ནི་ལྟུང་བས་རྣམ་པར་དག་ཅིང༌། སེམས་ཅན་གཞན་རྣམས་ལ་མཆོག་ཏུ་ཕན་པའི་རྒྱུ་ཡི་ཕྱིར་དུ་ཐེག་ཆེན་གྱི་རིགས་ཅན་འཇུག་པའི་སེམས་ཀྱི་བདག་ཉིད་ཀྱི་སྡོམ་པ་ལ་གནས་པས༑ ཡུལ་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ལ། ཚུལ་དང་མཐུན་པར་ལེགས་པར་འབད་པས་བསླབས་ན། གོམས་སྟོབས་ཀྱིས་ཕྱིས་ནས་སྔར་བཤད་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ལ་གཅེས་སྤྲས་སུ་འཛིན་པའི་གུས་པ་ཇེ་ཆེར་འགྱུར་རོ། །དེ་ལ་ལེགས་པ་ཞེས་བྱ་བའི་སྒྲ་ནི། དག་པ་དང༌། ཕྱིར་མི་ལྡོག་པ་དང༌། ཡོངས་སུ་རྫོགས་པ་གསུམ་ལ་འཇུག་པས། སྡོམ་པའི་ཚུལ་ཁྲིམས་ལ་བསླབས་པས་སྐྱེས་བུ་གཟུགས་ལེགས་པ་བཞིན་དུ་དག་པ་དང༌། དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བསླབས་པས་རྫོགས་བྱང་ལས་ཕྱིར་མི་ལྡོག་ཅིང་མི་ཉམས་པས་རིམས་ནད་ཡོངས་སུ་བྱང་བ་བཞིན་དུ་འགྱུར། ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ་བསླབས་པས་བུམ་པ་ལེགས་པར་གང་བ་བཞིན་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་པའི་སྒྲ་དོན་ཡང་གསུམ་པོ་དེ་ལས་འགྱུར་བ་ཡིན་ཏེ། སྡོམ་པའི་ཚུལ་ཁྲིམས་ཀྱིས་སྐྱོན་ཐམས་ཅད་བྱང༌། ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་ཡོན་ཏན་མཐའ་
དཀོན་མཆོག་མཆོད་པ་དང༌། དད་པ་ལ་སོགས་པའི་དགེ་བར་གཏོགས་སོ་ཅོག་རང་གིས་ཀྱང་ཅི་ལྕོགས་སུ་སྒྲུབ་གཞན་ཡང་བྱེད་དུ་འཇུག །རང་གཞན་གྱིས་དགེ་བ་བྱས་པ་ལ་ཡི་རང་ཡང་བསྒོམ། བསྔགས་པ་ཡང་བརྗོད་པར་བྱའོ་སྙམ་དུ་བསམ། ཡང་དགེ་སྡིག་གཉིས་མ་ཡིན་པའི་ལས་ལུང་མ་བསྟན་ཞེས་བྱ་བ་འགྲོ་འཆག་ཉལ་འདུག་སོགས་ངེས་མེད་སྣ་ཚོགས་པ་ཞིག་འདུག་པ། དེ་དག་ལ་རྣམ་པར་སྨིན་པའི་འབྲས་བུ་མེད་ཀྱང་དོན་མེད་དུ་དུས་འདའ་བར་འདུག །ལེ་ལོ་དང་རྣམ་གཡེང་གི་དབང་དུ་མི་གཏང༌། ལས་ལུང་མ་བསྟན་འབྱུང་བའི་དོད་དུ་ཡང་དགེ་བ་འབའ་ཞིག་ལ་བློ་དང་བྱ་སྤྱོད་བསྒྱུར་བར་བྱའོ་སྙམ་དུ་བསྒོམ། ཞར་བྱུང་ཐུན་མཚམས་སུ་འདི་ལྟར་ཡང་བསམ་དགོས་ཏེ། སྐྱེ་བ་ནས་སྐྱེ་བར་ཚོགས་ཁྱད་པར་ཅན་གསོག་པའི་རྒྱུར་མཐོ་རིས་ཀྱི་ལུས་ཡོན་ཏན་བརྒྱད་ལྡན་བསྒྲུབ་དགོས་པས། འཚེ་བའི་བསམ་པ་སྤངས་པས་ཚེ་རིང་བ་དང༌། མར་མེ་དང་གོས་ཀྱི་སྦྱིན་པ་སོགས་བྱས་པས་གཟུགས་བཟང་བ་དང༌། བླ་མ་དང་གྲོགས་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ལ་ང་རྒྱལ་མེད་ཅིང་གུས་པར་བྱས་པས་རིགས་ཕུན་སུམ་ཚོགས་པ་དང༌། ཕན་ཐོགས་ཀྱི་ཞིང་དང༌། སྡུག་བསྔལ་གྱི་ཞིང་དང༌། ཡོན་ཏན་གྱི་ཞིང་ལ་སོགས་པ་དང༌། གཞན་ཡང་སློང་བ་པོ་ལ་འདོད་དགུ་སྦྱིན་པས་དབང་ཕྱུག་སྟེ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༌། ངག་གི་དགེ་བ་ཁོ་ན་བྱས་པས་ཚིག་བཙུན་པ་དང༌། བླ་མ་དང་དཀོན་
དག་ཆུབ། དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱིས་སེམས་དཔའ་ཆེན་པོར་འགྱུར་བའི་ཕྱིར། ཞེས་གསུངས་སོ། །གཉིས་པ་ནི། ཚུལ་ཁྲིམས་གསུམ་ལ་བསླབས་པས་ལུས་ངག་ཡིད་གསུམ་དག་པར་འགྱུར་བ་དེ་བས་ན། སྤང་བྱ་རྣམ་པར་དག་ཅིང་གཉེན་པོའི་ཕྱོགས་ཡོངས་སུ་རྫོགས་པ་ནི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཡིན་ལ། དེ་ཉིད་གཞན་དོན་དུ་ཐོབ་བྱར་དམིགས་ཤིང་སེམས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྡོམ་པའི་ཚུལ་ཁྲིམས་གཙོ་བོར་གྱུར་པའི་ཚུལ་ཁྲིམས་གསུམ་གྱི་སྡོམ་པ་རྣམ་པར་དག་ཅིང་སྲུང་བ་ལ་ནི། དྲན་ཤེས་བག་ཡོད་དང་ལྡན་པའི་སྒོ་ནས་གུས་པ་ཆེན་པོས་ནན་ཏན་གྱིས་འབད་པར་བྱས་པས་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ནི་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་སེམས་ཀྱི་བསླབ་པ་ལ་སློབ་ཚུལ་ལ་གཉིས། མངོན་ཤེས་འབྱུང་བའི་རྒྱུའི་ཕྱིར་ཞི་གནས་ལ་བསླབ་པ་དང༌། ཞི་གནས་ལ་ཇི་ལྟར་བསླབ་ཚུལ་དངོས་སོ། །དང་པོ་ནི། དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་རང་བཞིན་གྱི་ཚོགས་གཉིས་པོ་ནི་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པ་ཡི་རྒྱུ་ཁྱད་པར་ཅན་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་པ་དག་གིས་མངོན་པར་ཤེས་པ་དྲུག་བསྐྱེད་པ་ཉིད་དུ་བཞེད་ཅིང༌། གཞན་དོན་རྣམ་དག་སྒྲུབ་པའང་མངོན་ཤེས་ལ་རག་ལས་ཏེ། ཇི་ལྟར་ན་འདབ་གཤོག་ཡོངས་སུ་མ་རྫོགས་པའི་བྱ་ནི་ནམ་མཁའ་ལ་འཕུར་བར་མི་ནུས་པ་ཡིན་ལ། དཔེ་དེ་
མཆོག་དང་ཕ་མ་སོགས་མཆོད་ཅིང༌། ཡོན་ཏན་སྣ་ཚོགས་སྒྲུབ་པར་སྨོན་ལམ་བཏབ་པས་དབང་ཐང་ཆེ་བ་དང༌། སྐྱེས་པའི་དངོས་པོ་ལ་དགའ་ཞིང༌། ཕོ་དབང་གཅོད་པ་ལས་བསྐྱབས་པས་སྐྱེས་པ་ཉིད་དུ་འགྱུར་བ་དང༌། སྐྱེ་བོ་གཞན་གྱི་བྱ་བ་ཆོས་ལྡན་ལ་རེ་བ་མེད་པའི་སྒོ་ནས་ཕན་པའི་གྲོགས་བྱས་པས། སྟོབས་ཕུན་སུམ་ཚོགས་པ་ཐོབ་སྟེ། དེ་དག་ཀྱང་ཅི་རིགས་པར་སྒྲུབ་པ་ཡིན་ནོ། །དམིགས་སྐོར་ཉེར་གཅིག་པའོ། །དེ་ཡན་ཆད་ཀྱིས་སྐྱེས་བུ་ཆུང་ངུའི་རིམ་པ་ཚར་རོ། །གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་གི་བསམ་པ་སྦྱོང་བ་ལ། འཁོར་བའི་རྒྱུ་འབྲས་བསམ་པ་དང༌། ཐར་པའི་རྒྱུ་འབྲས་བསམ་པའོ། །དང་པོ་ལ། འབྲས་བུ་འཁོར་བའི་སྡུག་བསྔལ་བསམ་པ་དང༌། རྒྱུ་ཀུན་འབྱུང་གི་རབ་དབྱེ་བསམ་པའོ། །དང་པོ་ལ། མཐོ་རིས་ཀྱི་སྡུག་བསྔལ་བསམ་པ་དང༌། འཁོར་བ་སྤྱིའི་སྡུག་བསྔལ་བསམ་པའོ། །དང་པོ་ནི། ཕྱག་མཆོད་བཤགས་པ་གསུམ་ཅུང་ཟད་རྒྱས་པ་རེ་བྱས་ནས༑ ཡན་ལག་བདུན་པ་དང་སྐྱབས་འགྲོ་རྣམས་སྔོན་དུ་བཏང༌། བདག་ལས་ཀྱི་དབང་གིས་འགྲོ་བ་རིགས་དྲུག་ཏུ་སྐྱེ་བ་ལེན་པར་འགྱུར་བ་ལས་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་ནི་དེ་འདྲ། མིར་སྐྱེས་ན་སྐྱིད་དོ་སྙམ་ནའང་མི་སྐྱིད་དེ་མི་ཕལ་ཆེར་མངལ་སྐྱེས་ཡིན། མངལ་དུ་ཟླ་བ་དགུའམ་བཅུའི་བར་དུ་གནས་དགོས་ན། མངལ་གནས་དེ་ལ་དོག་པའི་སྡུག་བསྔལ་དང༌། མུན་གནག་པའི་སྡུག་བསྔལ་དང༌། དྲི་མི་ཞིམ་པའི་སྡུག་བསྔལ་
བཞིན་དུ་མངོན་པར་ཤེས་པའི་སྟོབས་དང་བྲལ་བས་རང་སྐལ་དང་འཚམས་པར་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་ནུས་པ་མ་ཡིན་པའི་ཕྱིར་ཏེ། ཡུམ་ལས། རབ་འབྱོར་དཔེར་ན་བྱ་འདབ་མ་མེད་པ་ནི་ནམ་མཁའ་ལ་འཕུར་མི་ནུས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་མངོན་པར་ཤེས་པ་ལ་མ་བསྟེན་པར་སེམས་ཅན་རྣམས་ལ་ཆོས་བསྟན་པར་མི་ནུས་ཏེ། ལམ་གོལ་སར་ཞུགས་པས་སེམས་ཅན་རྣམས་ལམ་དུ་གཟུད་པར་མི་ནུས་སོ། །ཞེས་སོ། །དེ་ཡང་རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་སངས་རྒྱས་ཀྱི་ཞིང་དང་གདུལ་བྱ་གར་ཡོད་པའི་ཞིང་དུ་འགྲོ། གཞན་སེམས་ཤེས་པས་ཁམས་དང་བསམ་པ་ཇི་ལྟ་བ་བཞིན་དུ་རྟོགས། ལྷའི་རྣ་བས་དེ་དག་གི་སྐད་རིག །སྔོན་གནས་ཤེས་པས་སྔོན་གྱི་རྒྱུ་རྟོགས། ལྷའི་མིག་གིས་མ་འོངས་པར་ཅི་འགྱུར་རིག །ཟག་ཟད་ཀྱིས་བྱང་གྲོལ་གྱི་ལམ་སྟོན་པས་ཐེག་པ་གསུམ་ལ་འདུན་པ་དང༌། སྨིན་ཅིང་གྲོལ་བར་བྱེད་པ་ཡིན་ནོ། །གཞན་ཡང་རྟེན་བྱང་སེམས་མཉམ་པ་ལའང་མངོན་ཤེས་དང་ལྡན་པའི་བྱང་སེམས་དེས་ཉིན་མཚན་ཕྲུགས་གཅིག་ལ་སྦྱང་པའི་རང་བཞིན་གྱི་བསོད་ནམས་ཀྱི་ཚོགས་བསགས་པ་དག་ནི་གང་ཡིན་པ་དེ། མངོན་ཤེས་དག་དང་བྲལ་བར་གྱུར་པ་ལ་སྐྱེ་བ་བརྒྱར་ཡང་ཡོད་པ་མ་ཡིན་ནོ། །འདིས་ནི་ཡེ་ཤེས་ཀྱི་ཚོགས་ཀྱང་མཚོན་ནོ། །རྒྱུ་མཚན་དེས་ན་དུས་མྱུར་དུ་རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུ་ཚོགས་གཉིས་ཡོངས་སུ་རྫོགས་པར་འདོད་པར་གྱུར་པ་
གསུམ་རྟག་ཏུ་ཡོང༌། མ་དེ་བཀྲེས་པའི་ཚེ་གཡང་ཟ་བའི་རྣམ་པ་དང༌། འགྲངས་པའི་ཚེ་རིས་གནོན་པ་ལྟ་བུ་དང༌། བཟའ་བཏུང་དྲོན་མོ་ཟོས་འཐུངས་བྱས་ན་ཆུ་ཚན་དུ་བཙོས་པ་ལྟ་བུ་དང༌། གྲང་མོ་ཟོས་འཐུངས་ན་འཁྱགས་རུམ་དུ་བསྐྱུར་བ་ལྟ་བུའི་སྡུག་བསྔལ་ཡོད། མངལ་ནས་ཕྱི་རུ་བཙའ་བའི་ཚེ་ཡང་ཏིལ་མར་འཚིར་བའི་ཤིང་གི་བར་དུ་གཅིར་བ་ལྟ་བུ་དང༌། ཚིགས་ཐམས་ཅད་བྱེ་ཞིང་ཞིག་པ་ལྟ་བུའི་སྡུག་བསྔལ་ཡོད། བཙས་མ་ཐག་ཏུ་གང་ལ་རེག་ཀྱང་རྩུབ་སྟེ། དར་འཇམ་པོས་དཀྲིས་ཀྱང་ཚེར་མའི་དོང་དུ་བསྐྱུར་བ་ལྟ་བུ་དང༌། གཞན་གྱི་ལག་ཏུ་བླངས་པ་ན། བྱེའུ་ཁྲས་ཁྱེར་བ་ལྟ་བུའི་སྡུག་བསྔལ་ཡོད། ད་ལྟ་རང་རེས་མ་དྲན་པར་མ་ཟད། དྲན་ན་གཞན་མི་དགོས། སྐྱེ་བའི་སྡུག་བསྔལ་གཅིག་པུ་ལ་བསམ་ཀྱང་མིར་སྐྱེས་པ་ལ་གྲོགས་ཅི་ཡང་མི་འདུག །བདག་ལས་ཀྱི་དབང་གིས་འཁོར་བ་ན་སྐྱེ་བ་མི་ལེན་པའི་ཆོས་གཅིག་བྱ་དགོས། མིའི་འགྲོ་བ་མངལ་སྐྱེས་ཀྱི་སྡུག་བསྔལ་ནི་དེ་ལྟ་བུར་འདུག །སྤྱིར་ཁམས་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ། འགྲོ་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ། སྐྱེ་གནས་ཇི་ལྟ་བུར་སྐྱེས་ཀྱང་སྡུག་བསྔལ་ཏེ། སྡུག་བསྔལ་རྣམ་པ་ལྔ་དང་ལྡན་པའོ། །དེ་ཡང་སྐྱེ་བ་སྡུག་བསྔལ་དང་ལྡན་པ་ཞེས་བྱ་བ། ཚོར་བ་དྲག་པོ་དང་བཅས་ཏེ་སྐྱེ་དགོས། སྐྱེ་བ་གནས་ངན་ལེན་དང་ལྡན་པ་བྱ་བ། ཉོན་མོངས་པ་སྐྱེད་འཕེལ་གྱི་ས་བོན་དང་ལྡན་པར་སྐྱེ་དགོས། སྐྱེ་བ་སྡུག་བསྔལ་གྱི་གནས་སུ་
དེས་ནི། དེའི་ཐབས་མངོན་ཤེས་བསྐྱེད་དགོས་ལ། དེ་ཡང་དེའི་རྒྱུ་ལ་བརྩོན་འགྲུས་ཤུགས་དྲག་གིས་འབད་པ་ཆེར་བྱས་པས་མངོན་ཤེས་དྲུག་པོ་དག་འགྲུབ་པར་འགྱུར་གྱིས། ལེ་ལོས་དབང་དུ་བྱས་པས་འགྲུབ་པ་མིན་པས་བརྩོན་འགྲུས་རྩོམ་དགོས་སོ། །འོ་ན་དེའི་རྒྱུ་གང་ལ་འབད་ཅེ་ན། ཤིན་སྦྱངས་རྣམ་དག་གིས་ཟིན་པའི་ཞི་གནས་ཚུལ་བཞིན་དུ་གྲུབ་པ་མ་ཡིན་པས། བསྒོམས་སྟོབས་ལས་བྱུང་བའི་མངོན་ཤེས་ཁྱད་པར་ཅན་འབྱུང་བར་མི་འགྱུར་ལ། རྒྱུ་མཚན་དེ་ཡི་ཕྱིར་ཞི་གནས་བསྒྲུབ་པར་བྱ་བའི་ཕྱིར་དུ། སེམས་གནས་པའི་ཐབས་དགུ་ལ་ཡང་དང་ཡང་དུ་འབད་པར་བྱའོ། །གཉིས་པ་ཞི་གནས་ལ་ཇི་ལྟར་བསླབ་ཚུལ་དངོས་ལ་གསུམ། ཞི་གནས་ཀྱི་ཚོགས་བརྟེན་པ། ཞི་གནས་ཇི་ལྟར་སྒོམ་པའི་ཚུལ། བསྒོམས་པའི་ཕན་ཡོན་ནོ། །དང་པོ་ནི། འོ་ན་བརྩོན་འགྲུས་གཅིག་པུས་ཞི་གནས་འགྲུབ་བམ་ཞེ་ན། མ་ཡིན་ཏེ། ཞི་གནས་ཀྱི་ཡན་ལག་རྒྱུ་ཚོགས་རྣམ་པར་ཉམས་པས་ནི་བརྩོན་འགྲུས་དྲག་པོས་རབ་ཏུ་འབད་དེ་ཡུན་རིང་དུ་བསྒོམས་པར་བྱས་ཀྱང་ལོ་ནི་མང་པོ་སྟོང་ཕྲག་དག་གིས་ཀྱང་ཞི་གནས་ཀྱི་ཏིང་ངེ་འཛིན་འགྲུབ་པར་མི་འགྱུར་རོ། །དེ་ལྟར་ཡན་ལག་ཉམས་ན་ཞི་གནས་མི་འགྲུབ་པ་དེ་ཡི་ཕྱིར། མདོ་སྡེ་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་དང༌། ཉན་ས་ལ་སོགས་པ་ལས་ཇི་སྐད་གསུངས་པའི་ཡན་ལག་རྣམས་ལ་ལེགས་པར་གནས་ཤིང་བསྒྲུབས་པས་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །གཉིས་པ་ནི། དེ་ལྟར་ཞི་གནས་ཀྱི་
གྱུར་པ་བྱ་བ། སྐྱེས་པ་ལས་རྒ་ནད་འཆི་བ་སོགས་སྡུག་བསྔལ་གཞན་འབྱུང་བ་ཡིན། སྐྱེ་བ་ཉོན་མོངས་ཀྱི་གནས་སུ་གྱུར་པ་བྱ་བ། སྐྱེ་བ་བླངས་པས་ཕྱིས་རྐྱེན་ངན་དང་འཕྲད་ནས་ཉོན་མོངས་པ་མང་པོ་སྐྱེས་ཤིང་དེས་ཀུན་ནས་སླང་བའི་ལས་དུ་མ་གསོག་པའོ། །སྐྱེ་བ་ཉིད་དབང་མེད་དུ་འཇིག་པས་སྡུག་བསྔལ་བ་བྱ་བ་ནི། སྐྱེ་བ་ཉིད་སྐད་ཅིག་སྐད་ཅིག་གིས་འཇིག་པའོ། །དེ་ལྟར་ན་སྐྱེ་བ་སྡུག་བསྔལ་བའོ་སྙམ་དུ་བསྒོམ། དམིགས་སྐོར་ཉེར་གཉིས་པའོ། །གཞན་ཡང་མི་རྣམས་ལ་རྒས་པའི་སྡུག་བསྔལ་ཡོད་དེ། རྒས་པའི་ཚེ་ཉམས་པའི་སྡུག་བསྔལ་ལྔ་ཡོད། ཁ་དོག་ཉམས་པ་བྱ་བ་ཤ་མདོག་དང་མདངས་ལེགས་པོ་རྣམས་ནུབ་སྟེ་ཁ་དོག་མི་སྡུག་པ་ནག་སྦམ་པའམ། སྔོ་ཐལ་གྱིས་འགྲོ། མགོ་སྤྲ་བའི་མེ་ཏོག་ལྟར་སྐྱ་བ་དང༌། དབང་པོ་ཀུན་གྱི་བཀྲག་ཤོར་བ་ཡིན། དབྱིབས་ཉམས་པ་བྱ་བ་སོ་ནི་ལྷུང༌། ལུས་ནི་གུག་གུག་པོར་སོང༌། ཡན་ལག་རྣམས་ནི་འཁྱོགས། ཤ་ནི་སྐམས། ལྤགས་པ་ནི་ལྷོད། གདོང་བྱད་ནི་གྲས་གདན་རྙིང་པ་ལྟར་གཉེར་མས་ཁེངས་པ་ལ་བལྟས་ཀྱང་མི་མཛེས་པའོ། །མཐུ་སྟོབས་ཉམས་པ་བྱ་བ་ནི། ལྡང་བ་ན་སུག་བཞི་འཛུགས། འགྲོ་བ་ན་འཁྱོར། འདུག་པ་ན་ཚ་དོ་ཐག་པ་ཆད་པ་བཞིན་སྡོད། སྨྲས་ན་ལྡབ་ལྡིབ་ལས་མེད་པ་ལ་སོགས་པའོ། །དབང་པོ་ཉམས་པ་བྱ་བ་ནི། མིག་མི་གསལ་རྣ་བ་འོན་པ་སོགས་གཞན་གྱིས་བལྟས་ན་རྫུས་འདེབས་པ་འདྲ་བར་འགྱུར། ལོངས་སྤྱོད་ཉམས་པ་བྱ་བ་ནི། ཁ་ཟས་
རྒྱུ་ཚོགས་ལ་གནས་པ་དེས་རྒྱལ་བས་གསུངས་པའི་བསྒོམ་བྱའི་དམིགས་པ་ཚད་ཐུབ་ཀྱི་མདོ་དང་བསྟན་བཅོས་ལས་འབྱུང་བའི་གང་ཡང་རུང་བ་གཅིག་དག་ལ། སྒོམ་བྱེད་ཀྱི་ཡིད་ནི་དགེ་བ་ལ་སྟེ་གཞན་དུ་མི་ཡེངས་པར་རྩེ་གཅིག་ཏུ་བཞག་པར་བྱའོ། །གསུམ་པ་ནི། སྔར་བཤད་པ་ལྟར་ཏིང་ངེ་འཛིན་ལ་ཆུ་བོའི་རྒྱུན་བཞིན་བརྩོན་པའི་རྣལ་འབྱོར་པས་ཞི་གནས་གྲུབ་པར་གྱུར་པ་ན། དེ་སྦྱངས་པ་ལས་མངོན་པར་ཤེས་པ་རྣམས་སྐྱེ་བར་མ་ཟད། མི་རྟོག་པའི་ཡེ་ཤེས་དག་ཀྱང་འགྲུབ་པར་འགྱུར་ཏེ། ཇོ་བོ་ཉིད་ཀྱི་ཞལ་ནས། མངོན་ཤེས་མཐུ་དང་ལྡན་བྱས་དང༌། །ཟག་མེད་ལམ་ནི་བསྐྱེད་པའི་ཕྱིར། །དང་པོར་ཞི་གནས་བསྐྱེད་པར་བྱ། །ཞེས་སོ། །གསུམ་པ་ཤེས་རབ་ཀྱི་བསླབ་པ་ལ་སློབ་པའི་ཚུལ་ལ་གཉིས། ཐབས་ཤེས་ཟུང་འབྲེལ་གྱི་འཐད་པ་བསྟན་པའི་སྒོ་ནས་ལྷག་མཐོང་ལ་བསླབ་པར་བསྟན་པ་དང༌། ལྷག་མཐོང་ལ་ཇི་ལྟར་སློབ་པའི་ཚུལ་ལོ། །དང་པོ་ལ་གསུམ། ལྷག་མཐོང་ཤེས་རབ་ལ་སློབ་དགོས་པའི་རྒྱུ་མཚན་དང༌། ཐབས་ཤེས་ཟུང་འབྲེལ་ལ་སློབ་དགོས་པའི་རྒྱུ་མཚན། ཟུང་དུ་འབྲེལ་བའི་ལམ་དངོས་བཤད་པའོ། །དང་པོ་ནི། འོ་ན་ཞི་གནས་དང༌། དེས་དྲངས་པའི་མངོན་ཤེས་བསྐྱེད་པ་ཙམ་གྱིས་ཆོག་གམ་སྙམ་ན། འཇིག་རྟེན་པའི་བསམ་གཏན་གྱིས་ཉོན་མོངས་མངོན་གྱུར་སྤོང་ན་ཡང་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བའམ་རྣལ་འབྱོར་དང་བྲལ་བས་སྒྲིབ་པ་གཉིས་པོ་
ཉུང་ན་བཀྲེས། མང་ན་མི་འཇུ་བ་ལ་སོགས་པ་འདོད་ཡོན་ལ་སྤྱད་དུ་མེད་པའོ། །བདག་ཀྱང་རྒས་པའི་སྡུག་བསྔལ་མ་སྤངས་པས། ཚེ་རིང་རྒས་ལོང་བྱུང་ན་ཐ་མ་རྒས་པར་འགྱུར། གཉེན་བཤེས་དང་དགྲ་གཉེན་འགྲོ་བ་འདི་ཀུན་ཀྱང་དེ་དང་འདྲ་སྙམ་དུ་བསྒོམ། དམིགས་སྐོར་ཉེར་གསུམ་པའོ། །ན་བའི་སྡུག་བསྔལ་བསམ་པ་ནི། སྡུག་བསྔལ་གཞན་ཡང་ཡོད་དེ། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་ནད་རྣམ་པ་སྣ་ཚོགས་པ་འབྱུང་བ་ཡིན། དེ་ཡང་སྡུག་བསྔལ་ལྔ་སྟེ། སྡུག་བསྔལ་དང་ཡིད་མི་བདེ་འཕེལ་བ་ཞེས་བྱ་བ་ནི། ཟུག་རྔུ་དངོས་ཀྱི་སྡུག་བསྔལ་ཡིན། ལུས་ཀྱི་རང་བཞིན་འགྱུར་བ་ནི། ཤ་ཞུ་ལྤགས་པ་སྐམས་པ་ལ་སོགས་པའོ། །ཡུལ་ཡིད་དུ་འོང་བ་སྤྱད་དབང་མེད་པ་དང༌། ཡིད་དུ་མི་འོང་བ་ངེས་པར་བསྟེན་དགོས་པ་གཉིས་ནི། ཟས་དང་སྤྱོད་ལམ་འདོད་པ་བྱེད་དུ་མེད་ཅིང་། མི་འདོད་པའི་སྨན་ཁ་བ་དང་མེ་གཏར་སོགས་བསྟེན་དགོས་པའོ། །སྲོག་གི་དབང་པོ་དང་འབྲལ་བ་ཞེས་བྱ་བ་ནི། འཆི་བའམ་འཆིར་དོགས་པས་སྡུག་བསྔལ་བ་སྟེ། ན་བ་རང་བས་ཀྱང་འཆི་བའི་སྡུག་བསྔལ་སྔོན་བསུ་བ་ཡིན། བདག་ཀྱང་ན་བ་ལས་མ་ཐར་ན་བར་འགྱུར་ཏེ་འོང༌། བདག་གི་བཤེས་ལ་སོགས་པ་དགྲ་གཉེན་འགྲོ་བ་འདི་ཀུན་ཀྱང་ང་དང་འདྲའོ་སྙམ་མོ། །དམིགས་སྐོར་ཉེར་བཞི་པའོ། །ཡང་སྡུག་བསྔལ་གཞན་ཡོད་དེ་འཆི་བའི་སྡུག་བསྔལ་རྣམ་པ་ལྔ་ནི། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་འབྲལ། རྩ་འཇིང་ཕུན་སུམ་ཚོགས་པ་དང་
གང་གི་ཡང་ས་བོན་ཟད་པར་མི་འགྱུར་ཏེ། སློབ་དཔོན་ཆེན་པོ་ཙནྡྲ་གོ་མཱིས། བསམ་གཏན་ནགས་མེས་ཡང་དང་ཡང་དུ་ནི། །ཉེས་པའི་ཚང་ཚིང་མང་པོ་བསྲེགས་བྱས་ཀྱང༌། །བདག་ལྟའི་རྩ་བ་བརྟན་པོ་མ་བྱུང་ན། །ཆར་གྱི་བརླན་བཞིན་མདུན་ནས་རབ་ཏུ་བསྐྱེད། །ཅེས་སོ། །རྒྱུ་མཚན་དེ་ཡི་ཕྱིར་ན་ཆགས་སོགས་ཉོན་མོངས་པ་དང༌། གཉིས་སྣང་འཁྲུལ་པའི་བག་ཆགས་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤང་བའི་ཕྱིར། དེ་ཉིད་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དུས་རྟག་ཏུ་སྦྱིན་སོགས་ཀྱི་ཐབས་དང་བཅས་པའི་སྒོ་ནས་བསྒོམ་པར་བྱ་དགོས་ཏེ། སྤྱོད་འཇུག་ལས། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཇི་ལྟར་སྒོམ་མི་བྱེད། །ཅེས་སོ། །དེ་ལ་རྐང་པ་སྔ་མ་གཉིས་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་བྲལ་ན་ཉོན་མོངས་ཅི་ཡང་སྤོང་མི་ནུས་པས། ཉན་རང་ལའང་སྟོང་ཉིད་ཕྲ་མོ་རྟོགས་པ་ཡོད་པར་བསྟན། ཕྱི་མ་བཞིས་ཐེག་པ་ཆེ་ཆུང་ལྟ་བས་མི་འབྱེད་པས། ཐེག་པ་ཆེན་པོས་བགྲོད་པ་རྣམས་ཀྱིས་ཐབས་རྒྱ་ཆེན་པོས་ཟིན་པའི་ཤེས་རབ་ལ་སློབ་དགོས་པར་བསྟན་ནོ་གསུངས། གཉིས་པ་ནི། དེ་ལྟར་ན་ཐབས་དང་བྲལ་པའི་ཤེས་རབ་ཁོ་ན་དང༌། ཤེས་རབ་དང་བྲལ་བའི་ཐབས་གཅིག་པུ་ཉིད་ཀྱིས་ཀྱང་སངས་རྒྱས་མི་ཐོབ་པས། རྫོགས་བྱང་དོན་དུ་གཉེར་བའི་གང་ཟག་གིས་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ལ་སློབ་དགོས་ཏེ། རྒྱུ་མཚན་
འབྲལ། འཁོར་གྲོགས་ཕུན་སུམ་ཚོགས་པ་དང་འབྲལ། ཕོངས་ཤིང་སྡུག་པའི་ལུས་དང་ཡང་འབྲལ། འཆི་བ་ཉིད་སྡུག་བསྔལ་དང་ཡིད་མི་བདེ་དྲག་པོ་དང་བཅས་པའོ། །རང་རེ་མངོན་པར་ཞེན་ཅིང་ཆགས་པའི་ཡུལ་ཕྱོགས་སམ། ཁང་ཁྱིམ་མམ། ནོར་རྫས་སམ། ཡར་གྱི་དཔོན། མར་གྱི་གཡོག །ཐད་ཀའི་གྲོགས་པོ་ཐམས་ཅད་དང་བྲལ་ཞིང༌། གནད་གཅོད་ཀྱི་སྡུག་བསྔལ་ཆེན་པོ་དང་བཅས་ཏེ་འཆི་དགོས། རྒྱས་པར་གོང་འཆི་བ་མི་རྟག་པ་བཤད་པའི་སྐབས་སུ་བསྟན་པ་ལྟར་བསྒོམ། དམིགས་སྐོར་ཉེར་ལྔ་པའོ། །སྡུག་བསྔལ་གཞན་ཡང་ཡོད་དེ། འདོད་པ་བཙལ་ཏེ་མ་རྙེད་པས་སྡུག་བསྔལ། དེ་ཡང་ལོངས་སྤྱོད་དམ། ཁ་དྲག་གམ། མངའ་ཐང་ཕྲན་བུ་བསྒྲུབ་པའི་ཕྱིར་དུ་སྲོག་ལ་མ་བལྟས་པར་འཁྲུག་པ་ལ་ཡང་འཇུག །ལོ་ཟླ་མང་པོར་བགྲོད་དགོས་པའི་བྱེས་སུ་ཡང་འགྲོ། དུས་བཞིར་ཟིན་པ་དང་འཁོར་བ་མེད་པའི་ལས་ལ་རྟག་ཏུ་འཇུག །རྐང་ཁྲག་ནི་རྡོ། ལག་ཁྲག་ནི་ཤིང༌༑ བྱིན་པ་ནི་རྟ། སྣལ་མ་ནི་ལྕག་ཏུ་བྱས་ལྷོ་བསླན་བྱང་བཀུག་ཀྱང་འདོད་དོན་གང་ཡང་མ་བྱུང༌། ལྟོགས་སྐོམ་ཐམས་ཅད་ནི་དང་དུ་བླངས། ཚ་གྲང་ཐམས་ཅད་ནི་ཁྱད་དུ་བསད། ཉིན་མཚན་ཀུན་ཏུ་དལ་བ་མེད། ཤ་ཁྲག་སྦུ་བར་སོང་སོང་བྱས་ཀྱང་ལྟོ་རྒྱབ་ཙམ་ཡང་མ་འབྱོར། འབད་པ་བྱས་པ་དོན་མེད་དུ་སོང་བས་སེམས་ལ་ཡི་ཆད་སྐྱེ། གཞན་ཡང་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་བྱ་བ་ཡོད། རང་ཉིད་དགྲ་བོའི་དབང་དུ་སོང་བའམ།
གང་གི་ཕྱིར་ན། བཅོམ་ལྡན་འདས་ཀྱིས་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ། །ཤེས་རབ་དང་བྲལ་བའི་ཐབས་ནི་འཆིང་བའོ། །ཞེས་གསུངས་པ་དེ་བས་ན་གཉིས་ཀ་གང་ཡང་སྤང་ཞིང་དོར་བར་མི་བྱའོ། །གསུམ་པ་ཟུང་འབྲེལ་གྱི་ལམ་ཉིད་བཤད་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། འོ་ན་དེ་དག་སོ་སོའི་ངོ་བོ་གང་ཡིན་ཞེ་ན། ཤེས་རབ་ནི་གང་དང་ཐབས་ནི་གང་ཡིན་ཞེས་མ་རྟོགས་པ་དང༌། ལོག་པར་རྟོག་པ་དང༌། ཐེ་ཚོམ་དུ་གྱུར་པ་དག་ནི་སྤང་བའི་ཕྱིར། ཐབས་རྣམས་དང་ནི། ཤེས་རབ་ཀྱི་མཚན་ཉིད་འདྲེས་པ་ལྟ་བུར་སྣང་བ་དེ་ཕྱིན་ཅི་མ་ལོག་པར་ཡང་དག་པ་ཉིད་དུ་སོ་སོའི་དབྱེ་བའམ་ཁྱད་པར་མ་འདྲེས་པར་གསལ་བར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཐབས་ངོས་བཟུང་བ། དེ་གོམས་པའི་དགོས་པ། ཤེས་རབ་ངོས་བཟུང་བའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་པའམ་ལོགས་སུ་བཀར་ནས། དེ་ལས་གཞན་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་མཚོན་པའི་དཀར་པོ་དགེ་བའི་ཆོས་རྣམས་ཐམས་ཅད་པ་མཐའ་དག །
ནད་དང་སྡུག་བསྔལ་དྲག་པོ་ཐོག་ཏུ་བབ་པའམ། གསོད་པར་བྱེད་པའི་སྲོག་ཆགས་དང་འཕྲད་པའམ། གཡངས་སུ་ལྷུང་བའམ། ཆུས་ཁྱེར་བའམ། གཏམ་ངན་པ་ཐོས་པའམ། བཙོན་དུ་གཞུག་པ་དང་ཆད་པས་བཅད་པ་མྱོང་བ་ལ་སོགས་པ་ཡིན། གཞན་ཡང་སྡུག་པ་དང་བྲལ་བའི་སྡུག་བསྔལ་བྱ་བ་ཡོད། ཕ་མ་སྤུན་ཟླ་ཁྱིམ་ཐབ་གྲོགས་ལ་སོགས་པ་མེད་ཐབས་མེད་པ་དང་བྲལ་ཙ་ན་སེམས་ལ་གཟོད་ཐབས་མེད་པའི་སྡུག་བསྔལ་ལུས་ཚུན་ཆད་ཀྱང་རྒུད་ནས་འགྲོ་བ་ཡོད། དེ་བཞིན་དུ་ནོར་སྟོར་རླག་བྱུང་བའམ། མངའ་ཐང་ཉམས་པའམ། དབང་ཐང་ཤོར་བའམ། རང་གི་ཡིད་ཆགས་ཤིང་བློ་སྨོན་པའི་གནས་ཅི་འདྲ་ཞིག་ཉམས་ཀྱང་སེམས་ལ་མྱ་ངན་ཆེན་པོ་སྐྱེ་བ་ཡིན་ཏེ། དེ་ལྟར་ན་བདག་ཀྱང་སྡུག་བསྔལ་དེ་དག་ལས་མ་འདས། ཞེས་སོགས་གོང་བཞིན་བསྒོམ། དེ་ལྟར་སྡུག་བསྔལ་བདུན་པོ་དེ་ནི་འགྲོ་བ་གཞན་རྣམས་ལ་ཡང་ཡོད་མོད་ཀྱི་མི་རྣམས་གཙོ་བོར་སྤྱོད་པའི་ཕྱིར་འདིར་སྨོས་པའོ། །སྡུག་བསྔལ་བརྒྱད་པ་སྐབས་འདིར་བསམ་པའི་ལུགས་ཡོད་ཀྱང་འོག་ཏུ་བཤད་ན་བདེའོ། །དམིགས་སྐོར་ཉེར་དྲུག་པའོ། །ཡང་ལྷ་མིན་གྱི་འགྲོ་བ་ཞེས་བྱ་བར་སྐྱེས་ན་སྐྱིད་དམ་སྙམ་ན་མི་སྐྱིད་དེ། རང་བཞིན་གྱིས་ལྷའི་དཔལ་ལ་ཕྲག་དོག་པས་སེམས་ལ་མི་བདེ་བ་ཆེན་པོ་རྟག་ཏུ་ཡོད། དུས་དུས་ན་ལྷ་དང་འཐབ་པ་ལས་ལྷ་མིན་བསོད་ནམས་ཀྱི་སྟོབས་ཆུང་བས་གསོད་པ་དང་བརྡེག་པ་དང་ཡན་ལག་གཅོད་པ་དང་འདྲལ་བ་ལ་
དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་ཐབས་ཀྱི་ཕྱོགས་སུ་གཏོགས་པ་ཡིན་པར་བཤད་དོ། །གཉིས་པ་ནི། མི་རྟག་པ་དང་ལས་འབྲས་ནས་བརྩམས་ཏེ་སྦྱིན་པ་ལ་སོགས་པའི་ཐབས་རྣམས་གོམས་པ་ཤིན་ཏུ་བརྟན་པར་བྱས་
སོགས་པའི་སྡུག་བསྔལ་ཤིན་ཏུ་མང༌། ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་དགའ། འགའ་ཞིག་མོས་སུ་ཆུག་ཀྱང་རྣམ་སྨིན་སྒྲིབ་པ་ཅན་ཡིན་པས་ཁྱད་པར་རྟོགས་པའི་སྐལ་པ་མེད་དོ། །འོ་ན་འདོད་པའི་ཁམས་ཀྱི་ལྷར་སྐྱེས་ན་བདེའོ་སྙམ་ན། དེར་ཡང་མི་བདེ་སྟེ་འདོད་ཡོན་ལ་བག་མེད་པར་སྤྱད་པས་ཚེ་ཟད་དུ་མ་ཚོར་བ་ལ་ཟད། གཞན་ཡང་ལྷ་དབང་ཆུང་བ་རྣམས་དབང་ཆེ་བས་གནས་ནས་བསྐྲད་པས་སྡུག་བསྔལ། བསོད་ནམས་ཆུང་བ་འགའ་ཞིག་པི་ཝང་རེ་ཙམ་མ་གཏོགས་ཡོ་བྱད་གང་ཡང་མེད་པས་ཤིན་ཏུ་ཕོངས་པའང་ཡོད། དེ་དག་གིས་ལྷ་གཞན་འབྱོར་པ་ཆེན་པོ་རྣམས་མཐོང་བ་ན། རང་གི་བསོད་ནམས་ལ་ཡི་ཆད་པའི་སེམས་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད། ཁྱད་པར་རྒྱལ་ཆེན་བཞིའི་རིས་དང་སུམ་ཅུ་རྩ་གསུམ་པའི་གནས་ན་ལྷ་མ་ཡིན་དང་འཐབ་པའི་སྡུག་བསྔལ་ཤིན་ཏུ་ཆེ། འདོད་ཁམས་ཀྱི་ལྷ་ཐམས་ཅད་ལ་ཐུན་མོང་དུ་འཆི་འཕོ་བ་དང་ལྟུང་བའི་སྡུག་བསྔལ་ཞེས་བྱ་བ་ཡོད་དེ། དེ་ལ་ལྷ་རྣམས་འཆི་བའི་སྔོན་རོལ་ཞག་བདུན་ནས་འཆི་ལྟས་ལྔ་འབྱུང་སྟེ། ལུས་ཀྱི་ཁ་དོག་མི་སྡུག་པར་འགྱུར་བ་དང༌། ཡིད་སྐྱོ་ཞིང་སྟན་ལ་མི་དགའ་བ་དང་། མེ་ཏོག་གི་ཕྲེང་བའི་རྒྱན་རྣམས་རྙིང་པ་དང༌། གོས་ལ་དྲི་མ་ནག་པོ་ཆགས་པ་དང༌། ལུས་ལས་རྔུལ་འབྱུང་བ་རྣམས་སོ། །དེ་རྣམས་བྱུང་བ་ན་རང་རང་གི་གཡོག་དང་གྲོགས་ཕོ་མོ་རྣམས་ཀྱིས་ཀྱང་སྤངས་ཏེ། ལྷ་གཞན་གྱི་དྲུང་དུ་འགྲོ་ལ།
པའི་དབང་གིས། བྱང་སེམས་བདག་རང་ཉིད་ཀྱིས་ཕྱི་ནང་གི་དངོས་པོ་གང་ཡང་རུང་བ་ཞིག་ལ་དམིགས་ནས་མཚན་མར་འཛིན་པའི་དམིགས་གཏད་གཅོད་པའི་ཤེས་རབ་རྣམ་པར་བསྒོམ་པ་ཉིད་སྒྲིབ་པ་སྤོང་བ་ལ་ནུས་པ་ཤིན་ཏུ་ཆེ་བས་ན། དེས་ནི་བླ་ན་མེད་པའི་བྱང་ཆུབ་མྱུར་བ་ཉིད་དུ་ཐོབ་པར་འགྱུར་གྱིས། ཐབས་ཀྱི་ཆ་ཁྱད་དུ་བསད་ནས་བདག་མེད་གཅིག་པུ་བསྒོམ་པས་བླ་མེད་བྱང་ཆུབ་འགྲུབ་པ་མིན་ནོ། །གསུམ་པ་ནི། ཕུང་པོ་ལྔ་དང༌། ཁམས་བཅོ་བརྒྱད་དང༌། སྐྱེ་མཆེད་བཅུ་གཉིས་ཏེ། ཆོས་སུམ་ཅུ་རྩ་ལྔ་པོ་དེ་རྣམས་ནི་ཆོས་ཅན་ནམ་དམིགས་པའོ། །དེ་རྣམས་ཀྱི་སྟེང་དུ་ངེས་བྱའི་ཆོས་སམ་རྣམ་པ་ནི། རང་བཞིན་གྱིས་སྐྱེ་བ་མེད་པར་རྟོགས་ཤིང་ཤེས་པར་བྱ་བ་ཡིན་ཏེ། འཁོར་བར་འཁྱམས་པའི་རྒྱུའི་གཙོ་བོ་ནི་ཇི་ལྟར་སྣང་བའི་དངོས་པོ་འདི་དག་ལ་བདེན་པར་ཞེན་པ་ཉིད་ཡིན་ལ། བདེན་ཞེན་རྣམས་ལས་ཀྱང་རང་བཞིན་གྱིས་སྐྱེ་བར་འཛིན་པ་ཉིད་དངོས་འཛིན་གཞན་གྱི་རྟེན་ཡིན་པས་ལྡོག་དགོས། དེ་ལ་རང་བཞིན་གྱིས་སྐྱེ་བ་མེད་པར་རྟོགས་དགོས་པའི་ཕྱིར། དེ་ལྟར་ན་སྔར་ཡོད་པ་ཅིག་ཕྱིས་མེད་དེ་སོང་བ་ལྟ་བུའང་མ་ཡིན་པར། གཟོད་མ་ནས་སྟོང་པ་ཡིན་པས་རང་བཞིན་གྱིས་སྐྱེ་བ་མེད་པར་རྟོགས་པར་གྱུར་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་ཤེས་པ་ནི། ཐབས་ཤེས་གཉིས་ཀྱི་ནང་ནས་ཤེས་རབ་ཅེས་ནི་ཡོངས་སུ་བཤད་ལ། ཤེས་རབ་ཀྱི་བསླབ་པའི་གཙོ་བོ་ཡང་དེ་ཡིན་ནོ། །གཉིས་པ་
ལྷའི་འདོད་ཡོན་ལ་ནི་ཆགས་ཀྱང་དབང་མེད་དུ་འབྲལ་བར་ཤེས། ཟློག་ཐབས་ནི་མེད། རྔ་མོ་རྔེའུ་སྟོར་བ་ལྟ་བུ་དང༌། ཀླུ་ནམ་མཁའ་ལྡིང་གིས་ཁྱེར་བ་ལྟ་བུ་དང༌། ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུ་དང༌། རྒྱ་མཚོ་ཆེན་པོའི་དབུས་སུ་གྲུ་ཞིག་པ་ལྟ་བུའི་སྡུག་བསྔལ་འབྱུང༌། དུས་རིང་ཐུང་ནི་ལྷའི་ཞག་བདུན་ཡིན་ན་ཐུང་ཤོས་རྒྱལ་ཆེན་བཞིའི་རིས་ཀྱི་དབང་དུ་བྱས་ཀྱང་མི་ལོ་ཕྱེད་དང་བཞི་བརྒྱ་ཡིན། དོས་ནི་དྲག །ཡུན་ནི་རིང་། ལྟུང་བའི་སྡུག་བསྔལ་བྱ་བ་ལྷ་རྣམས་ཤི་བའི་འོག་ཏུ་ལྷར་སྐྱེ་བ་ནི་སྲིད་མཐའ་ཙམ། མིར་སྐྱེ་བ་ཡང་ཤིན་ཏུ་ཉུང༌། ཕལ་ཆེར་ངན་སོང་དུ་སྐྱེ་བ་ཡིན། ཇི་སྐད་དུ། ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང༌། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ཅེས་གསུངས། ལྷ་རྣམས་ཀྱི་མངོན་ཤེས་འོག་ཏུ་འཇུག་པས་འཆི་ཁར་གང་དུ་སྐྱེ་བ་ལེན་པ་ཤེས་ནས་མིར་སྐྱེ་ནའང་འདོད་ཡོན་གྱིས་མིག་མི་ཁེངས་ཤིང༌། སྡུག་བསྔལ་མང་པོ་ཅན་དུ་མཐོང༌། གལ་ཏེ་ངན་སོང་གསུམ་དུ་སྐྱེ་ན། དེའི་སྡུག་བསྔལ་མྱོང་དགོས་པར་ཤེས་ནས་སེམས་ཀྱི་སྡུག་བསྔལ་ལ་བཟོད་གླགས་མེད་པར་འབྱུང་བ་ཡིན་ཏེ། ངན་སོང་གསུམ་གྱི་ལུས་ཀྱི་སྡུག་བསྔལ་བས་དེའི་སེམས་ཀྱི་སྡུག་བསྔལ་ཆེ་བ་ཡོད་སྙམ་དུ་བསམ། དམིགས་སྐོར་ཉེར་བདུན་པའོ། །འོ་ན་ཁམས་གོང་མའི་ལྷར་སྐྱེས་ན་བདེ་བ་ཡོད་དམ་སྙམ་ན། དེར་ཡང་བདེ་བ་མེད་དེ། ཁམས་
ལྷག་མཐོང་ལ་སློབ་པའི་ཚུལ་ལ་གཉིས། རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་ལ་གསུམ། ལྷག་མཐོང་གི་ཚོགས་བརྟེན་པ། ལྷག་མཐོང་བསྒོམ་པའི་ཚུལ། བསྒོམ་པའི་འབྲས་བུའོ། །དང་པོ་ལ་གཉིས། རིགས་པ་ལ་བརྟེན་པ་བསམ་བྱུང་གི་ཤེས་རབ་དང༌། ལུང་ལ་བརྟེན་པ་ཐོས་བྱུང་གི་ཤེས་རབ་བསྟན་པའོ། །དང་པོ་ལ་གསུམ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིག །རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མའི་གཏན་ཚིག །ངོ་བོ་ལ་དཔྱོད་པ་གཅིག་དང་དུ་བྲལ་གྱི་གཏན་ཚིག་གོ །དང་པོ་ནི། གོང་དུ་རང་བཞིན་གྱིས་སྐྱེ་བ་མེད་པར་བརྟགས་པའི་བློས་ཤེས་རབ་ཏུ་བསྟན་པ་ལ། དངོས་སྨྲ་བ་རྣམས་ན་རེ། མི་འཐད་དེ། དངོས་པོ་རྣམས་རང་བཞིན་གྱིས་སྐྱེ་འཇིག་མངོན་སུམ་དུ་གྲུབ་པའི་ཕྱིར་ཞེ་ན། འོ་ན་མྱུ་གུ་རང་བཞིན་གྱིས་སྐྱེ་ན། རྒྱུའི་དུས་ན་ཡོད་པའམ། མེད་པའམ། གཉིས་ཀའམ། གཉིས་ཀ་མ་ཡིན་པ་ཞིག་རང་བཞིན་གྱིས་སྐྱེ་བར་བརྟག་གྲང༌། དང་པོ་ལྟར་ན། མྱུ་གུ་ཆོས་ཅན། རྒྱུ་ཡི་དུས་སུ་ཡོད་པ་སྐྱེ་བ་རིགས་པ་མིན་ཏེ། ཡོད་པ་གྲུབ་ཟིན་པས་སྐྱེ་བ་དགོས་པ་མེད་པའི་ཕྱིར་དང༌། གྲུབ་ཟིན་སྐྱེ་ན་སྐྱེ་བ་ཐུག་མེད་དུ་འགྱུར་བའི་ཕྱིར། གཉིས་པ་ལྟར་ན། རྒྱུའི་དུས་སུ་མེད་པའང་རང་བཞིན་གྱིས་སྐྱེ་བ་རིགས་པ་མ་ཡིན་ཏེ། རྒྱུ་ནུས་པ་རི་ལྟར་ཆེ་ཡང་རང་བཞིན་གྱིས་གྲུབ་པའི་མྱུ་གུ་བསྐྱེད་མི་ནུས་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །རྒྱུའི་དུས་སུ་མེད་ན། སྤྱིར་མེད་མི་དགོས་ཀྱང༌༑ རང་བཞིན་གྱིས་གྲུབ་པ་ཞིག་རྒྱུའི་དུས་སུ་མེད་ན་རྣམ་པ་ཐམས་ཅད་དུ་མེད་དགོས་ཏེ། སྔོན་བྱུང་ད་ལྟ་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་པས་བསྟན་པའི་རིགས་པས་སོ། །གསུམ་པ་ལྟར་ན། སྔར་བཤད་པའི་ཉེས་པ་གཉིས་ཀར་ཐལ་བར་འགྱུར་བའི་ཕྱིར། རྒྱུའི་དུས་སུ་ཡོད་པ་དང་མེད་པ་གཉིས་ཀ་དག་ཀྱང༌། རང་བཞིན་གྱིས་འབྱུང་བ་རིགས་པ་མིན་ནོ། །བཞི་པ་ལྟར་ན་ཡང་མི་འཐད་དེ། རྒྱུའི་དུས་སུ་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པའི་དངོས་པོ་ཕུང་གསུམ་པ་དེ་འདྲ་མི་སྲིད་པའི་ཕྱིར། དེ་ལྟར་ན་མྱུ་གུ་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། ཡོད་པ་དང༌། མེད་པ་དང༌། གཉིས་ཀ་དང༌། གཉིས་ཀ་མ་ཡིན་པ་རང་བཞིན་གྱིས་མི་སྐྱེ་བའི་ཕྱིར། ཞེས་པས། ཤེས་རབ་ཀྱི་ཡུལ་སྐྱེ་མེད་རིགས་པས་སྒྲུབ་པ་ཡིན་ཏེ། སྟོང་ཉིད་བདུན་ཅུ་པ་ལས། ཡོད་པ་ཡོད་ཕྱིར་སྐྱེ་མ་མིན། །མེད་པ་མེད་ཕྱིར་སྐྱེ་མ་ཡིན། །ཆོས་མི་མཐུན་ཕྱིར་གཉིས་ཆོས་མིན།
གོང་མ་དེ་དག་ནི། སོ་སོ་སྐྱེ་བོས་བལྟས་ན་སྡུག་བསྔལ་མངོན་འགྱུར་བ་མེད་ཀྱང་འཕགས་པས་གཟིགས་ན་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་རང་བཞིན་ལས་མ་འདས་པ་དང༌། ཏིང་ངེ་འཛིན་གྱིས་མྱོས་པ་ལྟར་གྱུར་པས་སོ་སོ་སྐྱེ་བོ་རྣམས་ཡོན་ཏན་གོང་ནས་གོང་དུ་འགྲོ་བ་མེད་ཅིང༌། ཏིང་ངེ་འཛིན་གྱི་རོ་མྱོངས་པས་རོ་མྱོང་ཅན་གྱི་ཏིང་ངེ་འཛིན་དེ་འབྲལ་མི་ཕོད་ཅིང༌། དེས་རང་རང་གི་ཏིང་ངེ་འཛིན་ཉམས་ནས་འཆི་བར་འགྱུར་བའང་ཡོད། སྒོས་སུ་དེ་ན་གནས་པའི་འགྲོ་བ་སོ་སོ་སྐྱེ་བོ་ཐམས་ཅད་སྔོན་གྱི་ལས་ཀྱི་འཕེན་པ་ཟད་པ་ན། སླར་ཡང་འདོད་པའི་ཁམས་སུ་སྐྱེ་བ་ལེན་ཏེ། སྔོན་མིའི་རྟེན་ལ་འཇིག་རྟེན་པའི་ཏིང་ངེ་འཛིན་བསྒོམས་པའི་སྐབས་དང༌༑ སྐབས་དེར་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་ཉམས་བདེ་བདེ་འདྲ་བ་སོས་དལ་དལ་འདྲ་བར་འདུག་ཀྱང་ཡིད་བརྟན་ཅིའང་མ་བྱུང་བར་སྐྱེ་བོ་ཕལ་པར་ཉམས་ཏེ། ཉོན་མོངས་དྲག་ལ་སྡུག་བསྔལ་ཆེ་བར་སོང་བ་དེ་འདྲ་བ་ལ་སྙིང་པོ་ཅི་ཞིག་ཡོད་སྙམ་དུ་བསམ། དམིགས་སྐོར་ཉེར་བརྒྱད་པའོ། །གཉིས་པ་འཁོར་བ་མཐའ་དག་སྡུག་བསྔལ་དུ་བསམ་པ་ནི། སྔོན་འགྲོ་སོགས་སྔར་བཞིན་ལས་དམྱལ་བའི་གནས་ན་ནི་སྡུག་བསྔལ་དེ་འདྲ་སྙམ་པ་ནས། ཡི་དྭགས་དང་དུད་འགྲོ་དང་མི་དང་ལྷ་མ་ཡིན་དང་འདོད་ཁམས་ཀྱི་ལྷ་དང་གཟུགས་དང་གཟུགས་མེད་པའི་ལྷའི་བར་དུ་སྡུག་བསྔལ་དེ་འདྲ་ན། ཁམས་གསུམ་འཁོར་བ་འདི་ཀུན་སྡུག་བསྔལ་
སྐྱེ་བ་མེད་ཕྱིར་གནས་འགག་མིན། །ཞེས་སོ། །གཉིས་པ་ནི། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། རང་ལས་མི་སྐྱེ་སྟེ། དེ་ལྟར་ན་སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་ཞིང༌། རྒྱུ་དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་འགྱུར། །ཞེས་པའི་གནོད་བྱེད་ཀྱང་འཇུག་པའི་ཕྱིར། ངོ་བོ་ཉིད་ཀྱིས་གཞན་ལས་ཀྱང་མི་སྐྱེ་སྟེ། ངོ་བོ་ཉིད་ཀྱིས་གཞན་ཡིན་ན་ཕན་གདགས་བྱ་འདོགས་བྱེད་འབྲེལ་མེད་དུ་འགྱུར། དེ་ལྟར་ན་ཐམས་ཅད་
གསུམ་མམ་དྲུག་གམ་བརྒྱད་ལ་སོགས་པ་སྡུག་བསྔལ་གྱི་རང་བཞིན་ཅན་དང༌། སྡུག་བསྔལ་གྱི་ཁོང་ཚངས་ཅན་དང༌། སྡུག་བསྔལ་གྱིས་ཀུན་ཏུ་བསྐོར་བ་ཡིན། སྡུག་བསྔལ་མེ་ལྟར་འབར། ཆུ་ལྟར་འཁྲུགས། རླུང་ལྟར་གཡེངས། རི་ལྟར་ནོན་པ་ཡིན། གནས་གང་དུ་གནས་ཀྱང་སྡུག་བསྔལ་གྱི་གནས། ལུས་ཅི་འདྲ་བླངས་ཀྱང་སྡུག་བསྔལ་གྱི་ལུས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ལོངས་སྤྱོད་ཅི་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ཡིན། སྡུག་བསྔལ་དེ་ཡང་རྣམ་པ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཞེས་བྱ་བ། ཚ་གྲང་ནད་ལ་སོགས་པ་ཚོར་བ་སྡུག་བསྔལ་ཐམས་ཅད་ཡིན། འགྱུར་བའི་སྡུག་བསྔལ་ཞེས་བྱ་བ། ཚེ་དང་ལོངས་སྤྱོད་ལ་སོགས་པ་ཐ་ན་བསམ་གཏན་གྱི་བདེ་བ་ཚུན་ཆད་དེ་ཚོར་བ་བདེ་བ་ཐམས་ཅད་ཡིན། འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བྱ་བ། སྡུག་བསྔལ་དེ་གཉིས་ཀའི་གཞི་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་ཙམ་འདི་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་གནས་དང་ཞིང་ས་ཡིན། འདི་ཚོར་བ་བཏང་སྙོམས་ཁོ་ན་དང་ལྡན་པའི་ཚེ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་མིང་ཐོགས་པ་ཡིན། འདི་ལས་མ་ཐར་ན་གཞན་གཉིས་ལས་ཐར་བར་མེད་པས་ཅིས་ཀྱང་སྡུག་བསྔལ་གསུམ་ལས་ཐར་བར་བྱ་སྙམ་དུ་སྒོམ། དམིགས་སྐོར་ཉེར་དགུ་པའོ། །ད་ནི་གོང་དུ་བཤད་པ་ལྟར་སྐྱེ་བ་སྡུག་བསྔལ། རྒས་པ་སྡུག་བསྔལ། ན་བ་སྡུག་བསྔལ། འཆི་བ་སྡུག་བསྔལ། མི་སྡུག་པ་
ལས་ཐམས་ཅད་སྐྱེ་བར་འགྱུར་བའི་ཕྱིར་དང༌། རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་པའི་རིགས་པས་གནོད་པའི་ཕྱིར། འདི་ནི་གཅིག་དུ་བྲལ་གྱི་རིགས་པའི་སྙིང་པོ་ཅན་ཡང་ཡིན་ཏེ། བདག་སྐྱེ་འགོག་པའི་གཅིག་དང༌། གཞན་སྐྱེ་འགོག་པའི་རང་བཞིན་གྱིས་ཐ་དད་ཡིན་པ་འགོག་པའི་ཕྱིར། བདག་གཞན་གཉིས་ཀ་ལས་ཀྱང་སྐྱེ་བ་མིན་ཏེ། བདག་གཞན་རེ་རེ་བ་ལས་སྐྱེ་བ་འགོག་པའི་ཕྱིར། རྒྱུ་མེད་ལས་ཀྱང་སྐྱེ་བ་མིན་ཏེ། དེ་ལྟར་ན་འཇིག་རྟེན་པ་རྣམས་འབྲས་བུ་སྟོན་ཐོག་འབྱུང་བའི་ཕྱིར། ཞིང་ལས་ལ་འབད་པའང་དོན་མེད་པའི་ཕྱིར་དང༌། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་པས་གནོད་བྱེད་ཐོག་ཏུ་འབབ་པའི་ཕྱིར། དེ་ལྟར་མཐའ་བཞི་ལས་སྐྱེ་བ་མི་འཐད་པ་དེ་ཡི་ཕྱིར། དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་རང་བཞིན་མེད་དོ། །གསུམ་པ་ནི། སྔར་བཤད་པ་ལས་ཡང་ན་རིགས་པའི་རྣམ་གྲངས་གཞན་ཕྱི་ནང་གི་ཆོས་རྣམས་ཐམས་ཅད་པ་དག་ནི་ཆོས་ཅན། རང་བཞིན་གྱིས་གྲུབ་པའི་གཅིག་དང༌། དེ་ལྟར་གྲུབ་པའི་དུ་མས་རྣམ་པར་དཔྱད་ན་ཡུལ་སྟེང་ནས་གྲུབ་པའི་ངོ་བོ་ཉིད་ནི་རྡུལ་ཙམ་ཡང་མི་དམིགས་པས་ན། རང་བཞིན་གྱིས་གྲུབ་པ་མེད་པ་ཉིད་དུ་ངེས་ཏེ། དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་བཞིན་ནོ། །གཉིས་པ་ལུང་ལ་བརྟེན་ནས་ཐོས་བྱུང་གི་ཤེས་རབ་ནི། བློ་གྲོས་དང་ལྡན་པ་རྣམས་ཀྱིས་སྟོང་ཉིད་ཟབ་མོ་ལ་ངེས་པ་ཡང་དག་
དང་ཕྲད་པས་སྡུག་བསྔལ། སྡུག་པ་དང་བྲལ་བས་སྡུག་བསྔལ། འདོད་པ་བཙལ་གྱིས་མ་རྙེད་པས་སྡུག་བསྔལ་ཅེས་སྡུག་བསྔལ་བདུན་དང༌། བརྒྱད་པ་ནི། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཏེ། དེ་ཡང་རྣམ་པ་ལྔས་སྡུག་བསྔལ་བ་སྟེ་མངོན་པར་འགྲུབ་པའི་སྡུག་བསྔལ་གྱི་སྣོད་དུ་གྱུར་པ་ནི། སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་སྡུག་བསྔལ་གསོས་འདེབས་པ་ཡིན། མངོན་པར་གྲུབ་པ་ལ་བརྟེན་པའི་སྡུག་བསྔལ་གྱི་སྣོད་ནི་ཕུང་པོ་ཉིད་གྲུབ་པ་ལ་བརྟེན་ནས། སྐྱེ་རྒ་ན་འཆི་སོགས་གཞན་ཐམས་ཅད་འབྱུང་དུ་རུང་བ་ཡིན། སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྣོད་དང༌། འགྱུར་བའི་སྡུག་བསྔལ་གྱི་སྣོད་ཅེས་བྱ་བ་གཉིས་ནི། ཕུང་པོ་ལ་བརྟེན་ནས་དེ་དག་འབྱུང་བ་ཡིན། འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པ་ནི། ཕུང་པོ་རང་ཉིད་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པར་ཤེས་པ་སྟེ། ཁམས་གསུམ་འཁོར་བ་ཐམས་ཅད་སྡུག་བསྔལ་བརྒྱད་ཀྱི་ངོ་བོའོ་སྙམ་དུ་སྒོམ་པའོ།
པར་དྲང་བའི་ཕྱིར། སྟོང་ཉིད་ངེས་དོན་གྱི་ལུང་གིས་བསྒྲུབ་པ་མདོ་ཀུན་ལས་བཏུས་པ་དང༌། རིགས་པས་བསྒྲུབ་པ་སྟོང་ཉིད་བདུན་ཅུ་པའི་གཞུང་ལས་འབྱུང་བའི་རིགས་པ་དང༌། སྟོང་ཉིད་ཟབ་མོ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གཏན་ལ་འབེབས་པ་དབུ་མ་རྩ་བ་ལ་སོགས་པའི་རིགས་པའི་ཚོགས་རྣམས་དང༌། ལྷག་པར་འཕགས་པའི་དགོངས་པ་འགྲེལ་བའི་མཆོག་སངས་རྒྱས་བསྐྱངས་དང་ཟླ་བའི་ཞབས། ཞི་བ་ལྷའི་གཞུང་རྣམས་ལས་ཀྱང་དངོས་པོ་རྣམས་ཀྱི་རང་བཞིན་ནམ་གནས་ཚུལ་ཉིད་གདོད་མ་ནས་སྟོང་པ་ཉིད་དུ་གྲུབ་པར་བཤད་པ་ལ། རྒྱ་ཆེར་བལྟ་ཞིང་ལྟ་བའི་ཕུ་ཐག་ཆོད་པར་བྱའོ། །འོ་ན་ལུང་དང་རིགས་པ་རྒྱ་ཆེན་པོ་དེ་དག་རྒྱུ་མཚན་གང་གི་ཕྱིར་འདིར་མི་འགོད་ཅེ་ན། དེ་དག་འདིར་བཀོད་ན་གཞུང་ནི་ཤིན་ཏུ་མངས་བར་འགྱུར་གྱིས་དོགས་ནས། རྒྱུ་མཚན་དེ་ཡི་ཕྱིར་འདིར་ནི་དེ་དག་མ་སྤྲོས་ལ། འོན་ཀྱང་ལུང་རིག་གིས་གྲུབ་པའི་གྲུབ་མཐའ་ཙམ་ཞིག་ཏུ་ཅུང་ཟད་བསྟན་པ་ནི། བདག་མེད་བསྒོམ་པའི་དོན་དུ་རབ་ཏུ་བསྡུས་ཏེ་བཤད་པ་ཡིན་ནོ། །དེ་ཡང༌། སྟོང་ཉིད་བདུན་ཅུའི་རིག་པ་དང༌། ཞེས་པ་འདིས་རྟེན་འབྲེལ་ཆེན་པོའི་གཏན་ཚིགས་བསྟན་པར་བཞེད་པ་ལྟར་ན༑ བློ་གྲོས་རྒྱ་མཚོས་ཞུས་པ་ལས། གང་རྣམས་རྟེན་ཅིང་འབྲེལ་བར་འབྱུང་། །དེ་རྣམས་ངོ་བོ་ཉིད་ཀྱིས་མེད། །ཅེས་རྟེན་འབྱུང་གི་རྟགས་ཀྱིས་རང་བཞིན་གྱིས་གྲུབ་པ་འགོག་པ་གསལ་བར་གསུངས་ཤིང༌། མ་དྲོས་པས་
སྡུག་བསྔལ་བརྒྱད་ལ་བསམ་པ་སྟེ་དམིགས་སྐོར་སུམ་ཅུ་པའོ། །འཁོར་བ་འདི་ལ་སྡུག་བསྔལ་གྱི་རྣམ་གྲངས་གཞན་ཡང་ཡོད་དེ། དང་པོ་ངེས་པ་མེད་པས་སྡུག་བསྔལ་བའི་ཉེས་པ་ནི། དགྲ་གཉེན་དང་ཕ་བུ་དང༌། གནས་ལུས་ལོངས་སྤྱོད་ཐམས་ཅད་མ་ངེས་པ་ཁོ་ནར་འགྲོ་བ་སྟེ། ཇི་སྐད་དུ། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །ཅེས་པ་ལ་སོགས་པ་ལྟ་བུའོ། །གཉིས་པ་ངོམས་མི་ཤེས་པའི་ཉེས་པ་ནི། འདོད་ཡོན་ཇི་ཙམ་སྤྱད་ཀྱང་ངོམས་པ་མེད།
ཞུས་པ་ལས་ཀྱང༌། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རགས་ལས་གང་དེ་སྟོང་པ་སྟེ། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཅེས་གསལ་བར་གསུངས་ཏེ༑ དེ་ཡང་རྐང་པ་དང་པོས་མ་སྐྱེས་ཞེས་གསུངས་པའི་དོན་ནི། རྐང་པ་གཉིས་པས། དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །ཅེས་བཤད་པས། སྐྱེ་བ་འགོག་པ་ལ་དགག་བྱའི་ཁྱད་པར་སྦྱར་བ་ཡིན་ལ། རྐང་པ་གསུམ་པས་རྐྱེན་ཚོགས་པའི་རྟེན་འབྲེལ་ལ་རག་ལས་པ་གང་ཡིན་པ་དེ་ནི་སྟོང་པའི་དོན་དུ་གསུངས་ཏེ། དེའང་རང་བཞིན་གྱིས་གྲུབ་པས་སྟོང་པ་རྟེན་འབྱུང་གི་དོན་ཡིན་གྱི། སྐྱེ་ཙམ་བཀག་པའི་སྣང་ཙམ་དུ་དོན་བྱེད་པས་སྟོང་པ་མིན་པར་བསྟན་ནོ། །རྩ་ཤེས་ལས་ཀྱང༌། རྟེན་ཅིང་འབྱུང་བ་གང་ཡིན་པ། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །ཞེས་བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས། ངོ་བོ་ཉིད་ཀྱིས་གྲུབ་པས་ཞི་བའམ་སྟོང་པར་གསུངས་སོ། །དེ་འདྲ་བའི་རྟེན་འབྱུང་གི་གཏན་ཚིགས་ལ་ཤིན་ཏུ་བསྔགས་ཏེ། མ་དྲོས་པས་ཞུས་པ་ལས། མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་འགྱུར་ཏེ། །མཐར་ལྟ་བ་ལ་བརྟེན་པར་ཡོང་མི་བྱེད། །ཅེས་རྟེན་འབྱུང་ཇི་བཞིན་དུ་རྟོགས་པས་མཐར་འཛིན་གྱི་ལྟ་བ་ལ་མི་བརྟེན་པར་གསུངས་ཏེ། འདི་ནི་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་ཁྱད་ཆོས་བླ་ན་མེད་པའོ། །དེ་ཡང་འདི་ལྟར་ལྟ་བ་རྣམ་དག་གི་གེགས་དང་གོལ་སའི་གཙོ་བོ་ནི་གཉིས་ཏེ། ཆོས་རྣམས་ལ་བདེན་པར་འཛིན་
སྡུག་བསྔལ་ཇི་ཙམ་མྱོང་ཡང་སུན་རྒྱུ་མེད་པའོ། །རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། །ཞེས་སོགས་སྦྱར། གསུམ་པ་ལུས་ཡང་ཡང་འདོར་བའི་ཉེས་པ་ནི། ཡང་ཡང་འཆི་བ་མྱང་དགོས་པ་སྟེ། རེ་རེས་བདག་ཉིད་རུས་པའི་ཕུང་པོ་ནི་སོགས་སོ། །བཞི་པ་ཡང་ཡང་ཉིང་མཚམས་སྦྱོར་བའི་ཉེས་པ་ནི། སྐྱེ་བ་མཐའ་མེད་པ་ལེན་དགོས་པ་སྟེ། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །སོགས་སོ། །ལྔ་པ་ཡང་ཡང་མཐོ་དམན་དུ་འགྱུར་བའི་ཉེས་པ་ནི། བརྒྱ་བྱིན་དུ་གྱུར་ཀྱང་ས་སྟེང་དུ་ལྟུང༌། འཁོར་ལོས་སྒྱུར་རྒྱལ་དུ་གྱུར་ཀྱང་བྲན་གྱི་ཐ་མར་སྐྱེ། ཚེ་གཅིག་པོ་འདི་ཉིད་ལ་ཡང་བདེ་སྡུག་མཐོ་དམན་འབྱོར་རྒུད་གང་ལ་ཡང་ཡིད་བརྟན་ཅུང་ཟད་ཀྱང་མེད་པ་སྟེ། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང༌། །ཞེས་པ་ལ་སོགས་པ་ལྟར་རོ། །དྲུག་པ་གཅིག་པུ་གྲོགས་མེད་པས་སྡུག་བསྔལ་བའི་ཉེས་པ་ནི། སྐྱེ་ན་ཡང་གཅིག་པུར་སྐྱེ། འཆི་ན་ཡང་གཅིག་པུར་འཆི། རྒས་པ་དང་ན་བ་ཡང་གཅིག་པུར་མྱོང༌། བར་དོར་འགྲོ་བ་ཡང་གཅིག་པུར་འགྲོ་དགོས་ན། འགྲོགས་བཤེས་མཛའ་བ་ཐམས་ཅད་སྙིང་པོ་མེད་དེ། དེ་ལྟར་ནོངས་པར་འགྱུར་འཚལ་བསོད་ནམས་ནི། །ཞེས་སོགས་དང་སྦྱར་རོ། །དེ་ལྟར་ན་འཁོར་བ་ཐམས་ཅད་སྡུག་བསྔལ་དྲུག་གི་རང་བཞིན་གྱིས་སྡུག་བསྔལ་ཏེ། ཡ་གི་སྲིད་པའི་རྩེ་མོར་སྐྱེས་ཀྱང་མནར་མེད་ཀྱི་འགྲམ་རྡོར་འགྲོ་བ་ལ་ཚེགས་མེད། སྡུག་བསྔལ་ཡང་ལ་ཡང་བསྲིངས་ཁོ་ན་ཡིན། ཁང་པ་མེ་འབར་བའི་
པའི་བདེན་འཛིན་གྱི་དམིགས་གཏད་ཅན་གྱི་རྟག་ལྟ་སྒྲོ་འདོགས་ཀྱི་ལྟ་བ་དང༌། རྒྱུ་འབྲས་རྟེན་འབྱུང་གི་ངེས་པ་རང་ལུགས་ལ་དྲང་དུ་མེད་པར་སོང་ནས་འདི་ཡིན་དང་འདི་མིན་གྱི་ངོས་བཟུང་བྱ་ས་མེད་པ་ཆད་ལྟ་སྐུར་འདེབས་ཀྱི་ལྟ་བའོ། །དེ་གཉིས་ནི་རྒྱུ་རྐྱེན་འདི་ལས་འབྲས་བུ་འདི་འབྱུང་ལ་ངེས་པ་དྲངས་པའི་གཏན་ཚིགས་ལ་བརྟེན་ནས། རང་བཞིན་གྱིས་གྲུབ་པ་བཀག་པ་ན་མ་ལུས་པ་སྤོང་བ་ཡིན་ཏེ། གཏན་ཚིགས་ཀྱི་དོན་ངེས་པས་ཆད་ལྟ་དང༌།
ནང་དུ་ཚུད་པ་དང་འདྲ། ཚོང་པ་སྲིན་མོའི་གླིང་དུ་ཚུད་པ་དང་འདྲ། འབྲོག་དགོན་ལམ་མེད་པར་འཁྱམས་པ་དང་འདྲ་བས། ཅིས་ཀྱང་མྱུར་དུ་འདི་ལས་ཐར་བར་བྱ་སྙམ་དུ་ཡང་ཡང་བསམ། སྡུག་བསྔལ་དྲུག་ལ་དམིགས་པ་སྟེ། དམིགས་སྐོར་སོ་གཅིག་པའོ། །གཉིས་པ་རྒྱུ་ཀུན་འབྱུང་བསམ་པ་ནི། འོ་ན་དེ་ཙམ་དུ་སྡུག་བསྔལ་ཆེ་བའི་འཁོར་བ་དེ་ཐམས་ཅད་ཀྱང་རྒྱུ་མེད་རྐྱེན་མེད་པ་མ་ཡིན་པས། རྒྱུ་སྤངས་ཏེ་འཁོར་བ་དེ་ཟློག་དགོས་པ་འདུག་ན། རྒྱུ་གང་ཡིན་སྙམ་ན་སྡུག་བསྔལ་དེ་རྣམས་ལས་བསགས་པ་ལས་བྱུང༌། ལས་དེ་ཐམས་ཅད་དང་པོར་ཉོན་མོངས་ཀྱིས་ཀུན་ནས་ལེན་དགོས་ཤིང༌། ཉོན་མོངས་མེད་ན་ནི་ཕྱིས་ནས་ཀྱང་ལས་ལས་འབྲས་བུ་མི་འབྱུང་བས་རྩ་བ་ཉོན་མོངས་པ་ལ་ཐུག །བདག་དང་སེམས་ཅན་འཁོར་བར་འཁྱམས་པའི་རྒྱུའི་རྩ་བ་ཉོན་མོངས་དེ་ཡང་འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་ངན་པ་དང༌། ཐེ་ཚོམ་སྟེ་དྲུག་ཏུ་ཡང་ཡོད། ཀུན་ཏུ་སྦྱོར་བ་དགུ་སོགས་རྣམ་གྲངས་དུ་མར་ཡོད་ཀྱང་ཀུན་གྱི་རྩ་བ་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་དུ་འདུས། ལས་ཀྱི་རྣམ་གྲངས་ཤིན་ཏུ་མང་ཡང་འཁོར་བར་འཕེན་བྱེད་ཀྱི་ལས་རྣམས་གསུམ་དུ་འདུས། བསོད་ནམས་མ་ཡིན་པའི་ལས་ཞེས་བྱ་བ། སྡིག་པ་སྟེ་ངན་འགྲོར་འཕེན་ནུས། བསོད་ནམས་ཀྱི་ལས་ནི། སེམས་མཉམ་པར་མ་གཞག་པ་འདོད་ཁམས་ཀྱི་དགེ་བ་སྟེ་ཐར་པའི་ལམ་དུ་མ་སོང་བའི་སྦྱིན་
དམ་བཅས་པའི་དོན་ངེས་པས་ནི་རྟག་ལྟ་རྩ་བ་ནས་སུན་འབྱིན་པའི་ཕྱིར་རོ། །དེས་ན་མྱུ་གུ་ལ་སོགས་པ་ཕྱི་དང༌། འདུ་བྱེད་ལ་སོགས་པ་ནང་གི་དངོས་པོ་རྣམས་རིམ་པ་བཞིན་དུ་ས་བོན་ལ་སོགས་ལེགས་པ་དང༌། མ་རིག་པ་ལ་སོགས་པ་ལ་བརྟེན་ནས་འབྱུང་ལ། དེ་ལྟ་ཡིན་ན་དེ་དག་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མི་འཐད་དེ། རང་གི་ངོ་བོ་ཉིད་ཀྱིས་གྲུབ་ན་ནི། རང་ལ་དབང་བའི་ཚུགས་ཐུབ་ཀྱི་རང་བཞིན་གྲུབ་དགོས་པས། རྒྱུ་རྐྱེན་ལ་རག་ལས་པ་འགལ་བའི་ཕྱིར། འདིས་ནི་གང་ཟག་དང་བུམ་པ་སོགས་ཀྱང་རང་གི་ཚོགས་པ་ལ་བརྟེན་ནས་བཏགས་པ་ཡིན་པས་རང་བཞིན་མེད་པར་ཤེས་པར་བྱའོ། །བརྟེན་ནས་སྐྱེས་པ་དང༌། བརྟེན་ནས་བཏགས་པ་ཡིན་ན། གང་ལ་བརྟེན་པ་དེ་དང་ངོ་བོ་ཉིད་ཀྱིས་གྲུབ་པའི་གཅིག་ཏུ་མེད་དོ། །གཅིག་ཏུ་ཡོད་ན་བྱ་བྱེད་ཐམས་ཅད་གཅིག་ཏུ་འགྱུར་རོ། །དེ་གཉིས་ངོ་བོ་ཉིད་དུ་གྲུབ་པའི་གཞན་དུའང་མེད་དེ། ཡོད་ན་འབྲེལ་བ་འགོག་ནུས་པས། དེ་ལ་ལྟོས་པ་
པ་དང༌། འདོད་པའི་ཚུལ་ཁྲིམས་ལ་སོགས་པ་སྟེ། འདོད་ཁམས་ཀྱི་ལྷ་དང་མིའི་རྒྱུ་ཡིན། མི་གཡོ་བའི་ལས་ནི། བསམ་གཏན་བཞིའམ་གཟུགས་མེད་བཞིའི་ཏིང་ངེ་འཛིན་གྱི་ལས་དགེ་བ་ཉག་གཅིག་སྟེ། གཟུགས་ཁམས་དང་གཟུགས་མེད་ཁམས་སུ་འཕེན་ནུས་པའོ། །དེ་དག་ཐམས་ཅད་གནས་ལུགས་མ་རྟོགས་པའི་མ་རིག་པས་བསྒྲིབས། འཁོར་བའི་ཕུང་པོ་ལ་ཞེན་ནས་བདག་ཏུ་འཛིན་པ་དང༌། བདག་གཅེས་པར་འཛིན་པས་ཀུན་ནས་བླངས་པས་འཁོར་བའི་རྒྱུར་སོང་བ་ཡིན། དེ་ལ་ཉོན་མོངས་པ་མ་རིག་པའམ། གཏི་མུག་ནི་རང་རེའི་བློ་ལ་རང་གིས་བརྟགས་དུས་འཁོར་བའི་རང་བཞིན་དང་འཁོར་བ་གང་ལས་བྱུང་བ་ཡང་མི་ཤེས། ཐར་པའི་རང་བཞིན་དང་དེ་ཐོབ་བྱེད་ཀྱི་ཐབས་ཇི་ལྟར་ཡིན་པའང་མི་ཤེས། དེ་དག་དེས་ཇི་ལྟར་འགྲུབ་ཀྱང་མི་ཤེས། ཐོས་བསམ་གྱི་གོ་བ་ཙམ་ཞིག་ཡོད་པ་སྲིད་ནའང་རང་བློའི་འཆར་ཚུལ་ལ་བརྟགས་ན། དེ་དག་གང་ལ་བལྟས་ཀྱང་ཆ་རྒྱུས་མེད་པའི་ལ་ཕར་རྒྱབ་ཀྱི་ཡུལ་ལ་སེམས་གཏད་པ་བཞིན་གང་ཡང་མི་ཤེས་པའི་མུན་ཐོམ་མེ་བའི་རྣམ་རྟོག་ཅིག་འདུག་པ་འདི་ཀ་ཡིན། འདིས་གནས་ཚུལ་མ་ཤེས་པས་བདེན་པའི་དོན་ལ་ཐེ་ཚོམ་སྐྱེ། ང་ཞེས་བྱ་བ་མེད་པ་ལ་ངར་བཟུང༌། ལྟ་བ་ངན་པ་ཐམས་ཅད་འབྱུང་སྟེ་ལྟ་བ་ངན་པ་ཐམས་ཅད་གཏི་མུག་གི་རྗེས་འབྲང་ཡིན། ཡང་དེ་ཡོད་པ་དང༌། དང་པོར་རང་གི་ལུས་སེམས་ལ་ཆགས། དེ་ལ་བརྟེན་ནས་བུད་མེད་ཉེ་དུ་འཁོར་གཡོག་སོགས་
འགལ་བའི་ཕྱིར་རོ། །རྩ་ཤེས་ལས་ཀྱང༌། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཏེ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་སོ། །དེ་ལྟར་མཚན་འཛིན་གྱི་དམིགས་གཏད་མཐའ་དག་གིས་སྟོང་པའི་སྟོང་ཉིད་ཀྱི་ངེས་པ་དྲངས་ནས། ལས་འབྲས་ཀྱི་འབྲེལ་བའི་ངེས་པ་མི་འདོར་བས། འདོར་ལེན་བསྟེན་པ་ལ་ཤིན་ཏུ་བསྔགས་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང༌། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང༌། །ཞེས་གསུངས་སོ། །དེ་ལྟར་འོང་བ་ལ་ནི་རང་བཞིན་གྱིས་ཡོད་པ་དང༌། ཡོད་ཙམ་དང༌། རང་གི་མཚན་ཉིད་ཀྱིས་མེད་པ་དང༌། མེད་པའི་ཁྱད་པར་ཕྱེད་དགོས་ཏེ། འཇུག་འགྲེལ་ལས། གཟུགས་བརྙན་རང་བཞིན་མེད་པའི་རྒྱུ་དང་འབྲས་བུའི་རྣམ་པར་གཞག་པ་ཡང་ཤེས་བཞིན་དུ། མཁས་པ་སུ་ཞིག་གཟུགས་དང་ཚོར་བ་ལ་སོགས་པ་རྒྱུ་དང༌། འབྲས་བུ་ལས་ཐ་དད་མེད་པར་གནས་པ་རྣམས་ཡོད་པ་ཙམ་ཞིག་ཏུ་དམིགས་པས་རང་བཞིན་དང་བཅས་པར་ངེས་པར་བྱེད། དེའི་ཕྱིར་ཡོད་པར་དམིགས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་དོ༑ ༑ཞེས་གསུངས་པ་ལྟར་རོ། །དེ་དག་མ་ཕྱེད་ན་དངོས་པོ་ཡོད་ཕྱིན་ཆད་རང་གི་ངོ་བོས་ཡོད་པ་དང༌། རང་གི་ངོ་བོས་མེད་ཕྱིན་ཆད་ཡེ་མེད་དུ་སོང་ནས། སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་གཉིས་ལས་མི་འདའ་བར་
ནང་སེམས་ཅན་ལ་ཆགས་པ་དང༌། ཟས་གོས་ལོངས་སྤྱོད་ཁང་ཞིང་ནོར་རྫས་ཡུལ་ཕྱོགས་སོགས་ཕྱི་ཉེར་སྤྱོད་ལ་ཆགས་པ་རྣམས་འབྱུང་སྟེ། ད་ལྟར་རང་རེའི་ལུས་ལོངས་སྤྱོད་ལ་དགའ་ལྷང་ངེ་སེམས་གནས་པ་འདི་ག་ཉོན་མོངས་པ་འདོད་ཆགས་ཡིན། འདི་ལ་བརྟེན་ནས་ང་རྒྱལ་དང་སེར་སྣ་དང་ཕྲག་དོག་ཐམས་ཅད་འབྱུང༌། ཡང་རང་ངམ་རང་ཕྱོགས་ལ་གནོད་ན་དེ་ལ་ཞེ་སྡང་འབྱུང་སྟེ། རང་ངམ་རང་གིས་ཡོངས་སུ་བཟུང་བ་ལ་གནོད་པ་བྱས་སམ་བྱེད་པར་དོགས་པ་ཡོད་པའི་སེམས་ཅན་དེ་རང་གི་བློ་ཡུལ་དུ་མ་བདེ་ཀར་རེ་འབྱུང་བ་དེ་ཁོ་ན་ཁོང་ཁྲོའམ་ཞེ་སྡང་ཡིན། དེར་མ་ཟད་སེམས་མེད་ལ་ཡང་ཁོང་ཁྲོ་འདི་སྐྱེ་སྟེ། དགྲ་བོའི་ཡུལ་མཁར་བློ་ཡུལ་དུ་མི་བདེ་བ་དང༌། རང་གི་ཞིང་ལ་གནོད་པའི་ཆུ་རྒྱུན་ཚུན་ཆད་ལ་ཡང་ཚིག་པ་ཟ་བ་སོགས་འབྱུང་བས་མཚོན་ནོ། །ཁོང་ཁྲོ་འདི་སྟོབས་ཆེ་བ་རྒྱས་པ་ལས་གནོད་སེམས་རགས་པ་དང༌། ཁྲོ་བ་དང༌། འཚིག་པ་དང༌། འཁོན་དུ་འཛིན་པ་ལ་སོགས་པ་ཞེ་སྡང་གི་རྣམ་འགྱུར་སྣ་ཚོགས་པ་འབྱུང་ངོ༌། །དུག་གསུམ་པོ་འདི་རྣམས་བདག་དང་སེམས་ཅན་གང་ཅི་ཡང་རུང་བ་ཐམས་ཅད་འཁོར་བར་འཁྱམ་བྱེད་ཀྱི་རྒྱུའི་གཙོ་བོ་ཡིན་པས་ད་རེས་འདི་ཅིས་ཀྱང་སྤང་ཐུབ་པ་ཞིག་བྱའོ་སྙམ་རང་གི་རྒྱུད་ཐོག་ཏུ་བཀར་གྱིན་རང་རྒྱུད་ལ་སྐྱེས་པའི་ཉོན་མོངས་དང༌། དེས་ཀུན་ནས་བླངས་པའི་ལས་ངོ་ཤེས་པར་བྱས་ཀྱིན་བསྒོམ་དགོས་སོ། །དམིགས་སྐོར་སོ་གཉིས་པའོ། །
གསུངས་སོ། །དེས་ན་རང་གི་ངོ་བོས་མེད་པས་ཡོད་མཐའ་ཐམས་ཅད་དང༌། དེ་ཉིད་ལ་རང་བཞིན་མེད་པའི་རྒྱུ་འབྲས་འཇོག་ནུས་པས་མེད་མཐའ་ཐམས་ཅད་ལས་གྲོལ་ལོ། །མདོར་ན་ཆོས་རྣམས་བདེན་པར་འཛིན་པ་དང༌། ཅིར་ཡང་མ་གྲུབ་པ་དང་ཡོད་པ་མིན་པར་འཛིན་པ་ནི། ཡང་དག་པའི་དོན་གྱི་བཟློག་ཕྱོགས་ཀྱི་རྟག་ཆད་ཀྱི་མཐར་ལྟུང་བ་ཡིན་གྱི། ཆོས་རྣམས་དོན་དམ་པར་མེད་པ་དང༌། ལས་འབྲས་སོགས་ཐ་སྙད་དུ་ཡོད་པར་འཛིན་པ་སོགས་ནི་མཐར་འཛིན་མིན་ཏེ། གཟུང་བ་ལྟར་དུ་ཡུལ་དེ་སྣང་ཙམ་དུ་དེ་ལྟར་གནས་པའི་ཕྱིར་ཏེ། སྟོང་ཉིད་བདུན་ཅུ་པ་ལས། འདི་རྟེན་འདི་འབྱུང་ཞེས་བྱ་བའི། །འཇིག་རྟེན་ཚུལ་འདི་འགོག་མི་མཛད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ལྷག་མཐོང་སྒོམ་ཚུལ་ནི། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་པ་དེ་བས་ན། གང་ཟག་དང་ཕུང་པོ་སོགས་ཀྱི་ཆོས་རྣམས་ལྷག་མ་མ་ལུས་པའི་རང་བཞིན་དག་ནི་ཡོད་ན། ལུང་དང་རིགས་པས་བཙལ་བའི་ཚེ་རྙེད་དགོས་པ་ལས། རྡུལ་ཙམ་ཡང་མི་དམིགས་པས་ན། གང་ཟག་དང་ཆོས་ལ་ངོ་བོས་གྲུབ་པའི་བདག་མེད་པ་ཉིད་ནི་ཡིན་ནོ། །ཞེས་རིགས་པས་རྣམ་པར་དཔྱད་ཅིང་སྒོམ་པ་གང་ཉིད་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡིན་ཏེ། སྒོམ་རིམ་བར་མ་ལས། ཤེས་རབ་ཀྱིས་དངོས་པོ་མཐའ་དག་གི་ངོ་བོ་ཉིད་ལ་སོ་སོར་བརྟགས་ནས་གང་གི་ཕྱིར། མི་དམིགས་པར་བསམ་
འདི་དག་གི་སྐབས་སུ་ལས་དང་ཉོན་མོངས་ཀྱི་རྣམ་གཞག་ཇི་ལྟར་རིགས་པ་ཤེས་ན་བོགས་ཆེ་བར་ཡོང་ངོ་། །གཉིས་པ་ཐར་པའི་རྒྱུ་འབྲས་བསམ་པ་ནི། ཡང་བདག་འཁོར་བ་སྤངས་ནས་ཐར་པ་ཐོབ་དགོས་པར་ནི་འདུག་ན༑ ཐར་པ་དེའི་རང་བཞིན་ཇི་ལྟ་ཞེས་དཔྱོད་དེ། ཐར་པ་ཞེས་བྱ་བ་ཡུལ་ཕྱོགས་གཞན་ཞིག་ཏུ་བྲོས་ཏེ་འགྲོ་ས་ཡོད་པ་མ་ཡིན། རང་གི་རིག་པའི་སྟེང་གི་ཉོན་མོངས་རྣམས་ས་བོན་རྩ་བ་ནས་སྤངས། ཕྱིན་ཆད་གཏན་དུ་མི་སྐྱེ་ཞིང་དབྱིངས་སུ་དག །དེ་དག་པས་ལས་རྣམས་ཀྱང་ཆེད་དུ་སྤང་མ་དགོས་པར་འབྲས་བུ་འབྱུང་བའི་ནུས་པ་མེད་དེ། དོན་ལ་དབྱིངས་སུ་ཡལ་བ་ཡིན། སྡེ་སྣོད་ཀྱི་ཆོས་སྐད་ལྟར་ན་འགའ་ཞིག་ས་བོན་སྤངས། འགའ་ཞིག་འབྲས་བུ་འབྱིན་མི་ནུས་པར་བྱས་པ་ཡིན། ལས་དང་ཉོན་མོངས་སྤངས་པས་འཁོར་བ་གསར་པ་ནི་མི་སྐྱེད། རྙིང་པའི་འཕྲོས་རྣམས་མྱུར་དུ་དེངས་པར་འགྱུར། ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཟད་པའི་མཐའ་རིག་པ་དྲི་མ་མེད་པར་གནས་པ་ལ་ཐར་པ་ཞེས་བྱ་སྟེ། སྤངས་པ་སླར་མི་ལྡོག་པ་ཞེས་བྱ་བ། ལན་གཅིག་ཐར་པ་ཐོབ་ནས་སླར་གོ་འཕང་ཉམས་པ་མི་སྲིད་པ་ཡིན། ཐར་པ་དེ་ཐོབ་པའི་རྒྱུ་ཟག་མེད་ཀྱི་ཤེས་རབ་ཀྱིས་བདག་མེད་ལ་སོགས་པའི་གནས་ལུགས་རྟོགས་ཤིང་སྒྲིབ་པ་སྤངས་པས་ཐོབ་པ་ཡིན། དེའི་རྒྱུར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དགོས། སེམས་རྩེ་གཅིག་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པ་དགོས། ཚུལ་ཁྲིམས་
གཏན་བྱེད་པ་དེའི་ཕྱིར། ཤེས་རབ་མཆོག་གི་བསམ་གཏན་པ་ཞེས་བྱ་སྟེ། ཞེས་གསུངས་པས་སོ། །འོ་ན་དེ་ལྟར་རྟོགས་མཁན་གྱི་ཤེས་རབ་ཉིད་ལ་འཛིན་པ་ཇི་ལྟར་སྤོང༌ཞེ་ན། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ནི་གང་ཟག་དང་ཆོས་རྣམས་ཀུན་ལ་དཔྱད་པའི་ཚེ་གང་གི་ཡང་རང་བཞིན་བདེན་གྲུབ་ཏུ་མ་མཐོང་བ་བཞིན་དུ། ཤེས་རབ་དེ་ཉིད་ཀྱང་རིག་པས་རྣམ་པར་དཔྱད་པ་ན་རང་བཞིན་གྱིས་བདེན་གྲུབ་ཏུ་མེད་དེ། བདེན་པའི་གཅིག་དང༌། བདེན་པའི་དུ་མ་དང་བྲལ་བའི་ཕྱིར། དེ་ལྟར་ཡུལ་ཅན་སྐྱེ་མེད་དུ་རྟོགས་པ་གང་ཡིན་པ་དེ་ཉིད་རྣམ་པར་རྟོག་པ་མེད་པར་གནས་པ། མི་རྟོགས་པའི་ཡེ་ཤེས་ཀྱི་རྒྱུར་ངེས་པས་དེ་བསྒོམ་པར་བྱའོ། །གསུམ་པ་ལྷག་མཐོང་བསྒོམ་པའི་འབྲས་བུ་ལ་གཉིས། དངོས་ཀྱི་དོན་དང༌། དེ་ཉིད་ལུང་གིས་སྒྲུབ་པའོ། །དང་པོ་ནི། བདེན་འཛིན་གྱི་རྣམ་པར་རྟོག་པ་ལས་བྱུང་ཞིང་དེའི་རྩ་བ་ཅན་གྱི་ཁམས་གསུམ་གྱི་སྲིད་པ་འཁོར་བ་འདི་ཐམས་ཅད་རྣམ་པར་རྟོག་པས་སྒྲོ་བཏགས་ནས་བཞག་པའི་བདག་ཉིད་དོ། །དེ་ཡི་ཕྱིར་ན་མ་ལུས་ཤིང་ལུས་པ་མེད་པའི་རྣམ་པར་རྟོག་པ་བག་ཆགས་དང་བཅས་ཀུན་སྤངས་པ་ནི། མི་གནས་པའི་མྱ་ངན་ལས་འདས་པ་ཐར་པའི་མཆོག་ཐོབ་པ་རང་གཞན་གྱི་དོན་ཐམས་ཅད་འགྲུབ་པ་ཡིན་ནོ། །གཉིས་པ་ནི། འོ་ན་འཁོར་བ་རྣམ་རྟོག་ལས་བྱུང་བ་དང༌། བདག་མེད་བསྒོམས་པས་དེ་ཉིད་སྤོང་ནུས་པའི་ཁུངས་ཇི་ལྟར་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་
དེ་ཡང་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་དང༌། བདག་མེད་ཀྱི་ལྟ་བས་ཟིན་ན་ཐར་པའི་རྒྱུ་གྲུང་པོ་ཡིན། ད་ནི་འཁོར་བ་ལས་ཐར་བའི་ཕྱིར་ཚུལ་ཁྲིམས་བསྲུང་བར་བྱ། ཏིང་ངེ་འཛིན་བསྒོམ་པར་བྱ། སྒོམ་བྱུང་གི་ཤེས་རབ་བསྐྱེད་ནས། མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་ཀྱི་དོན་རྟོགས་པར་བྱའོ་སྙམ་དུ་ཡང་ཡང་བསམ། དམིགས་སྐོར་སོ་གསུམ་པའོ། །སྐབས་འདིར་འབྲས་བུ་ཞི་བ་མྱང་འདས་ཐུན་མོང་བའི་རྣམ་གཞག་དང༌༑ བསླབ་པ་གསུམ་སོ་སོའི་རྣམ་གཞག་རགས་པ་ཙམ་བཤད་ན་ལེགས་སོ། །ཞི་གནས་ཀྱི་ཁྲིད་དང་གང་ཟག་གི་བདག་མེད་སྒོམ་པའང་སྐབས་འདིའི་ཐོབ་ཐང་ཡིན་མོད་ཀྱང༌། ཉམས་ལེན་གྱི་མཐིལ་སྐྱེས་བུ་འབྲིང་གི་ལམ་ལ་མི་བྱེད་ཅིང༌། སྐྱེས་བུ་ཆེན་པོའི་བསམ་པ་ལ་བསྒྲིལ་བ་ཡིན་པས། སྐབས་འདིར་ཐར་པའི་ལམ་ལ་སློབ་འདོད་ཀྱི་དམིགས་པ་སྦྱོང་བའི་རིམ་པ་ཙམ་ལ་ལག་ལེན་མཛད་དོ། །དེ་ཡན་ཆད་སྐྱེས་བུ་འབྲིང་གི་ཉམས་ལེན་ཚར་བ་ལགས། ད་ནི་གསུམ་པ་སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་བསམ་པ་ལ་བསླབ་པ་ལ། བསམ་པའི་འཇུག་སྒོ་ལ་བསླབ་པ་དང༌། དེ་ཉིད་མཐའ་རྒྱས་སུ་བྱེད་པའི་རྣམ་གྲངས་སོ། །དང་པོ་ནི། སྔ་མ་དང་སྦྲེལ་ཏེ་འཁོར་བའི་ཉེས་དམིགས་ལ་བསམ་ཙ་ན་འཁོར་བ་སྤངས་པའི་མྱ་ངན་ལས་འདས་པ་ཞིག་ཐོབ་དགོས་པ་འདུག །དེ་ཐོབ་པའི་ཕྱིར་བདག་བསླབ་པ་གསུམ་ལ་སློབ་དགོས་ན། ཐོབ་བྱ་མྱང་འདས་དེ་ལ་བྱང་ཆུབ་གསུམ་
སམྦུ་ཊའི་རྒྱུད་ལས། དངོས་པོར་འཛིན་པའི་རྣམ་པར་རྟོག་པ་འདི་ནི་སྲིད་པའི་རྩ་བར་གྱུར་པའི་མ་རིག་པ་ཆེན་པོ་ཞེས་བྱ་སྟེ། གཏིང་མཐའ་མེད་པའི་འཁོར་བའི་རྒྱ་མཚོར་ལྷུང་བར་བྱེད་པ་པོ་ཡིན་པའི་ཕྱིར། བདེན་འཛིན་གྱི་རྣམ་རྟོག་གི་གཉེན་པོར་བདག་མེད་པའི་དོན་རིགས་པས་དཔྱད་དེ་ངེས་པ་རྙེད་པའི་ཚེ། དཔྱད་མཐར་རྣམ་རྟོག་དང་བྲལ་བའི་རྟོག་མེད་ཀྱི་ཏིང་ངེ་འཛིན་ལ་གནས་ཤིང་གོམས་པར་བྱས་པས། གོམས་པ་རབ་ཀྱི་མཐར་ཕྱིན་པ་ན། སྟོན་དུས་ཀྱི་སྤྲིན་དང་བྲལ་བའི་ནམ་མཁའ་བཞིན་དུ་རྟོག་པ་མེད་པའི་སེམས་ཀྱི་ཆོས་ཉིད་གསལ་བར་མངོན་སུམ་དུ་མཐོང་བ་ཡིན་ནོ། །ཞེས་གསུངས་ཏེ། ཇི་སྐད་དུ། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྷུང་བར་བྱེད། །རྟོག་མེད་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །ཞེས་སོ། །གཞན་ཡང་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་ཀྱང༌། ཐེག་པ་ཆེན་པོའི་དམ་པའི་ཆོས་ཟབ་མོ་འདི་ལ། ཐོས་བསམ་གྱི་ཤེས་རབ་སྔོན་དུ་འགྲོ་བའི་རྒྱལ་བའི་སྲས་པོས། མཚན་འཛིན་གྱི་ཡིད་བྱེད་དང་འགལ་བའི་མི་མཐུན་ཕྱོགས་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཡིན་ལ། དེ་བསམས་ཤིང་གོམས་པར་གྱུར་ན། མཚན་མ་ལ་སྤྱོད་པའི་རྣམ་རྟོག་གི་དྲྭ་བ་བགྲོད་པར་དཀའ་བ་རྣམས་ལས་རྣམ་པར་འདས་ཏེ། རིམ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །ཞེས་གསུངས་ཏེ། དམ་ཆོས་འདི་ལ་རྒྱལ་བའི་སྲས། །རྣམ་པར་
དུ་དབྱེ། ཉན་ཐོས་ཀྱི་བྱང་ཆུབ། རང་རྒྱལ་གྱི་བྱང་ཆུབ། རྫོགས་པའི་བྱང་ཆུབ་གསུམ་ཡིན། དེ་གསུམ་ལས་ཉན་རང་གི་བྱང་ཆུབ་གཉིས་པོ་དེ་རང་དོན་སྤངས་རྟོགས་མ་རྫོགས། གཞན་དོན་སེམས་ཅན་ལ་ཕན་འདོགས་རྒྱ་ཆེན་པོ་དང་བྲལ། སྤངས་པ་མ་རྫོགས་ཏེ་ཉོན་མོངས་པའི་སྒྲིབ་པ་ཁོ་ན་སྤངས་ཀྱི་ཤེས་བྱའི་སྒྲིབ་པ་མ་སྤངས། རྟོགས་པ་མ་རྫོགས་ཏེ་གང་ཟག་གི་བདག་མེད་དང་གནས་སྐབས་ཀྱི་རྟེན་འབྲེལ་ཉི་ཚེ་ཙམ་རྟོགས་ཀྱི་ཆོས་ཀྱི་བདག་མེད་དང་རྟེན་འབྲེལ་མཐར་ཐུག་མ་རྟོགས། ཡོན་ཏན་གྱི་ཁྱད་པར་ཡང་ཐོར་བུ་ཐོར་བུ་མ་གཏོགས་མཐའ་མེད་འཕེལ་བ་མེད། དྲིན་ཅན་གྱི་འགྲོ་བ་རྣམས་སྡུག་བསྔལ་ལས་མི་འདྲེན་པར་རང་གཅིག་པུ་གྲོལ་བའི་ཐབས་སྒྲུབ་པ་དེ་ཁྲེལ་མེད་གདོང་ཆུང་ཕྱི་ཐག་མེད་པ་གཞན་དོན་སྤངས་པའི་ཐར་པར་འདུག་པ། འཕགས་པ་དེ་དག་འཁོར་བར་མི་ལྡོག་ཅིང་སྤྲོས་མེད་ལ་སེམས་ངང་གིས་གནས་པ། ཡོན་ཏན་ཡང་དུ་མ་དང་ལྡན་པ་ཡིན་པས༑ རང་ཅག་སོ་སོ་སྐྱེ་བོ་ལ་ལྟོས་ན་ཏ་བློས་མི་འཁྱུད་པའི་རྔམ་ཆེན་ཡིན་མོད་ཀྱི། སངས་རྒྱས་བྱང་སེམས་རྣམས་ཀྱིས་སྒྲིབ་པ་གཉིས་སྤངས་ཚུལ་དང༌། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྒྱས་ཚུལ་དང༌། ཡོན་ཏན་མུ་མཐའ་མེད་པ་མངའ་ཚུལ་དང༌། ཐུགས་རྗེའི་ཤུགས་དང་ནུས་མཐུའི་རྩལ་རྟོགས་པར་དཀའ་བ་བཞུགས་ཚུལ་དང༌། ཕྱོགས་ཐམས་ཅད་ལ་དུས་ཐམས་ཅད་དུ་སེམས་ཅན་གྱི་དོན་སྤྱོད་པའི་ཕྲིན་ལས་འཇུག་ཚུལ་
མི་རྟོག་བསམས་གྱུར་ན། །རྣམ་རྟོག་བགྲོད་དཀའ་རྣམས་འདས་ཏེ། །རིམ་གྱིས་མི་རྟོག་ཐོབ་པར་འགྱུར། །ཞེས་མདོ་རྒྱུད་གཉིས་ཀྱི་ལུང་གིས་བསྒྲུབ་པར་མཛད་དོ། །གཉིས་པ་མཇུག་བསྡུ་བ་ནི། དེ་ལྟར་ངེས་དོན་གྱི་ལུང་དང༌། དྲི་མ་མེད་པའི་རིག་པའི་ཚོགས་དག་གིས་ནི། གང་ཟག་དང་ཕུང་པོ་སོགས་ཀྱིས་བསྡུས་པའི་ཆོས་རྣམས་ཐམས་ཅད་བདེན་པར་སྐྱེ་བ་མེད་པའམ་སྐྱེ་བའི་རང་བཞིན་མེད་པར་ངེས་ཤིང་སྒྲོ་འདོགས་ཆོད་པར་བྱས་ནས། ཡིན་ལུགས་ཀྱི་དོན་ལ་མཚན་འཛིན་གྱི་རྣམ་པར་རྟོག་པ་མེད་པར་རྩེ་གཅིག་ཏུ་བསྒོམ་པར་བྱ་སྟེ། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱ། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་འབྲས་བུའི་ཆོས་བཤད་པ་ནི། དེ་ལྟར་སྐྱབས་འགྲོ་ཐུན་མོང་བ་ནས་བཟུང་སྟེ། སྐྱེས་བུ་ཆུང་འབྲིང་གི་ལམ་ལ་བློ་ལེགས་པར་སྦྱངས་ནས། སྨོན་འཇུག་གི་སེམས་གཉིས་བསྐྱེད་དེ། ཐབས་རྒྱ་ཆེན་པོས་ཟིན་པའི་སྒོ་ནས། ཞི་གནས་དང༌ལྷག་མཐོང་གི་དེ་ཁོ་ན་ཉིད་བསྒོམས་པར་བྱས་ན། ཚོགས་ལམ་ཆུང་འབྲིང་ཆེན་པོ་གསུམ་ལེགས་པར་བགྲོད་དེ། རིམ་གྱིས་དྲོད་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་ཐོབ་པར་བྱས་ནས། ས་དང་པོ་རབ་ཏུ་དགའ་བ་དང༌། གཉིས་པ་དྲི་མ་མེད་པ་ལ་སོགས་པ་ནས་བཟུང་སྟེ། བཅུ་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་གྱི་གནས་སྐབས་ཀྱི་འབྲས་བུ་ཐོབ་པར་འགྱུར་ཏེ། དེ་ལས་མཐར་
བསམ་གྱིས་མི་ཁྱབ་པ་རྣམས་དང་བསྒྲུན་ན། ཉན་རང་གི་རྣམ་གྲོལ་དེ་ཆེས་ཆུང་བར་འདུག་སྟེ། དཔེར་ན་རི་རབ་དང་ཡུངས་ཀར་གྱི་ཁྱད་ལས་ཀྱང་ཁྱད་པར་ཆེ། དེས་ན་རང་དོན་སྤངས་རྟོགས་ཐམས་ཅད་ཡོངས་སུ་རྫོགས་ནས་གཞན་དོན་ཕྲིན་ལས་ཟད་པ་མེད་པའི་རང་བཞིན་ཅན་ཐར་པའི་མཆོག་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ། ཇི་ལྟར་བྱས་ན་བདག་སངས་རྒྱས་ཐོབ་པར་འགྱུར་ཅིག་གུ་སྙམ་དུ་ཡང་ཡང་བསམ། དམིགས་སྐོར་སོ་བཞི་པའོ། །གཉིས་པ་དེ་ཉིད་མཐའ་རྒྱས་སུ་བྱེད་པའི་རྣམ་གྲངས་ལ། རྒྱུ་འབྲས་ཀྱི་འབྲེལ་བ་བསམ་པ་དང༌། རྒྱུ་འབྲས་ཀྱི་དོན་བསམ་པ་གཉིས་སོ། །དེ་ཡང་འདི་ལྟར་དམིགས་པ་སྔ་མ་དང་སྦྲེལ་ནས་བསྒོམ་སྟེ། བདག་སངས་རྒྱས་ཐོབ་དགོས་པ་དེ་སངས་རྒྱས་ཀྱི་རྒྱུར་བྱང་ཆུབ་ཀྱི་སེམས་དགོས་པར་འདུག །དེའི་རྒྱུར་སྙིང་རྗེ་དགོས་པར་འདུག །དེའི་རྒྱུར་བྱམས་པ་དགོས་པར་འདུག །དེའི་རྒྱུར་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་དགོས་པར་འདུག །དེའི་རྒྱུར་སེམས་ཅན་ཐམས་ཅད་ཕ་མར་ཤེས་པ་དགོས་པར་འདུག །འདི་རྣམས་བདག་གིས་རིམ་ཅན་དུ་བསྒོམ་དགོས། སེམས་ཅན་ཐམས་ཅད་ཕ་མ་ཡིན་དྲིན་རེ་ཆེ། འདི་རྣམས་སྡུག་བསྔལ་དང་བྲལ་ན་ཅི་མ་རུང༌། བདེ་ཞིང་སྐྱིད་ན་ཅི་མ་རུང༌། འདི་རྣམས་བདེ་བ་ལ་འགོད་པའི་ཕྱིར་སངས་རྒྱས་ཐོབ་པར་བྱའོ། །སངས་རྒྱས་ཐོབ་ནས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་གཞག་པར་བྱ་སྙམ་དུ་ཡང་
ཐུག་གི་འབྲས་བུ་སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་ཡང་ཡུན་མི་རིང་བར་མྱུར་བ་ཉིད་དུ་ཐོབ་ནས། སྐལ་བ་དང་ལྡན་པའི་འགྲོ་བ་མཐའ་ཡས་པ་སྨིན་ཅིང་གྲོལ་བར་བྱེད་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་དང༌། རྒྱུན་མི་ཆད་པར་འཁོར་བ་ཇི་སྲིད་དུ་འབྱུང་བ་ཡིན་ཏེ། དེ་བཞིན་འཁོར་བ་ཇི་སྲིད་དུ། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་གསུངས་སོ། །གཉིས་པ་སྔགས་ལ་འཇུག་པའི་ཚུལ་མདོ་ཙམ་བསྟན་པ་ལ་གསུམ། རྡོ་རྗེ་ཐེག་པ་ལ་འཇུག་པས་དབང་ཐོབ་དགོས་པར་བསྟན་པ། རྟེན་གྱི་ཁྱད་པར་གྱིས་དབང་གོང་མ་གཉིས་བྱར་རུང་མི་རུང་གི་ཚུལ། དབང་གོང་མ་གཉིས་མ་ཐོབ་ན་རྒྱུད་ཉན་བཤད་སོགས་བྱར་རུང་མི་རུང་དཔྱད་པའོ། །དང་པོ་ལ་གསུམ། རྟེན་གྱི་གང་ཟག །དེ་ལ་སྨིན་བྱེད་ཀྱི་དབང་བསྐུར་བ། དབང་བསྐུར་བའི་ཆེ་བ་བསྟན་པའོ། །དང་པོ་ནི། དེ་ལྟར་ཕར་ཕྱིན་ཐེག་པའི་ལུགས་ཀྱི་ཕྱིན་དྲུག་བསྡུ་བཞིའི་ཉམས་ལེན་གྱིས་དོན་ཡོངས་སུ་རྫོགས་པར་འགྱུར་བ་བཞིན་དུ། རྡོ་རྗེ་ཐེག་པའི་ས་ལམ་གྱིས་བགྲོད་པའི་རྟེན་ཇི་ལྟར་དགོས་ན། སྔགས་བཟླས་པའི་མཐུ་ཉིད་ལས་གྲུབ་པ་ཡིན་ནོ། །ཞི་བ་དང༌། རྒྱས་པ་ལ་སོགས་པའི་ཕྲིན་ལས་རྣམ་པ་བཞི་པོ་རྣམས་ཀྱིས་དང༌། འདོད་དགུ་འབྱུང་བའི་བུམ་པ་བཟང་པོ་གྲུབ་པ་ལ་སོགས་པ་དང༌། གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པའི་སྟོབས་ཀྱིས་ཀྱང༌། ལམ་བདེ་བ་དང༌། མྱུར་བ་ཡིས་ནི་རང་གི་བྱང་ཆུབ་ཆེན་པོའི་ཚོགས་ཡོངས་སུ་
ཡང་བསྒོམ། དམིགས་སྐོར་སོ་ལྔ་པའོ། །འདིར་བཤེས་གཉེན་ཤ་ར་བའི་སློབ་མ་དགེ་བཤེས་གཏུམ་སྟོན་པ་བློ་གྲོས་གྲགས་ནས་བརྒྱུད་པའི་མན་ངག་ལ། རྒྱུ་འབྲས་རིམ་པ་ལྔར་མཛད་པ་འདི་ཀར་འདུག །ཡང་བྱ་ཡུལ་བའི་སློབ་མ་གཙང་པ་རིན་པོ་ཆེ་ནས་བརྒྱུད་པ། དགེ་བཤེས་མུས་སྨན་པས་བཀོད་པའི་ཐེག་པ་ཆེན་པོ་བློ་སྦྱོང་གི་རིམ་པ་ཟེར་བའི་བསྟན་རིམ་གྱི་ཡི་གེ་ན། འདི་སྐད་ཅེས་སྣང་སྟེ་ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོ། ཨ་ཏི་ཤའི་རྒྱུ་འབྲས་བདུན་ལ། བློ་སྣ་རིམ་གྱིས་སྦྱང་དགོས་གསུངས། དེ་ཡང་རྒྱུ་འབྲས་རྣམ་པ་བདུན་གྱི་དབང་དུ་བྱས་ན་རྒྱུ་མེད་རྐྱེན་མེད་མ་ཡིན་ཏེ་རྒྱུ་བྱང་ཆུབ་ཀྱི་སེམས་ལས་སྐྱེ། དེ་ལྷག་པའི་བསམ་པ་རྣམ་པར་དག་པ་ལས་སྐྱེ༑ དེ་སྙིང་རྗེ་ཆེན་པོ་ལས་སྐྱེ། དེ་བྱམས་པ་ཆེན་པོ་ལས་སྐྱེ། དེ་ཡིད་དུ་འོང་བ་ལས་སྐྱེ། དེ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ལས་སྐྱེ། དེ་མའི་འདུ་ཤེས་བསྒོམས་པ་ལས་སྐྱེ་སྐད་པ། དེ་རྣམས་རྒྱུ་འབྲས་བདུན་ཡིན་བྱ་བ་ཡོད་པས། རྒྱུ་འབྲས་བདུན་གྱི་ཐ་སྙད་ཀྱང་ཕྱིས་ཀྱི་གསར་བྱུང་རང་མིན་པ་གོ་དགོས་སོ། །གཉིས་པ་རྒྱུ་འབྲས་ཀྱི་དོན་བསམ་པ་ལ། བྱམས་པ་སྒོམ་པ། སྙིང་རྗེ་སྒོམ་པ། བྱང་ཆུབ་ཀྱི་སེམས་སྒོམ་པ་གསུམ་མོ། །དང་པོ་ནི༑ རྩ་བའི་མ་བྱ་བ། ཚེ་འདི་བསྐྱེད་པའི་མ་ལ་ཟེར་བ་ལགས་ཏེ་འདི་བདག་ལ་དྲིན་ཆེ་བར་འདུག །དང་པོ་ཟླ་བ་དགུའམ་བཅུའི་བར་དུ་ཁོང་དུ་བཟུང༌། དེའི་བར་དུའང་རང་གི་སྲོག་ལས་གཅེས་པར་བསྐྱངས། མིའི་ལུས་དང་
རྫོགས་ཤིང༌། གཞན་དོན་ཐམས་ཅད་སྒྲུབ་པར་འདོད་པ་དང༌། བྱ་བ་དང་སྤྱོད་པ་ལ་སོགས་པའི་རྒྱུད་སྡེ་རྣམས་ལས་ཇི་སྐད་གསུངས་པའི་གལ་ཏེ་གསང་སྔགས་ཀྱི་སྤྱོད་པ་ཐམས་ཅད་ཚུལ་བཞིན་དུ་ཉམས་སུ་བླང་བར་འདོད་པ་དང་ལྡན་ན། དེ་ཉིད་གསང་སྔགས་ཀྱི་རྟེན་དུ་རུང་བར་རིག་པར་བྱའོ། །གཉིས་པ་ནི། རྡོ་རྗེ་ཐེག་པའི་ལམ་རྟེན་གྱི་གང་ཟག་དེ་ཉིད་གསང་སྔགས་ལ་འཇུག་པར་འདོད་པ་དེའི་ཚེ། མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་མཉེས་པར་བྱ་སྟེ། དགོས་པ་གང་གི་དོན་དུ་ན། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཐོབ་པའི་ཕྱིར་དུའོ། །འདིས་ནི་མཆོག་དབང་གོང་མ་གསུམ་ཡང་མཚོན་ནོ། །ཚུལ་ཇི་ལྟར་ན། ལུས་ངག་གིས་བསྙེན་བསྐུར་བ་དང༌། རིན་ཆེན་དང༌། བགོ་བ་དང༌། བཟའ་བཏུང་དང༌། རྐང་བྲན་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་གྱི་ཡོ་བྱད་སྦྱིན་པ་དང༌། བཀའ་སྩལ་དང་དུ་བླངས་ནས་ཚུལ་བཞིན་དུ་བསྒྲུབ་པ་ལ་སོགས་པ་སྒོ་གསུམ་གྱི་དངོས་པོ་ཐམས་ཅད་ཀྱིས་བླ་མ་དམ་པ་དེ་ཉིད་མཉེས་པར་བྱ་བ་ཡིན་ཏེ། བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང༌། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་པ་ལྟར་རོ། །དེ་ལྟར་བླ་མ་མཉེས་པར་གྱུར་པ་ན། སློབ་མ་དེ་ཡིས་དབང་དོན་དུ་གསོལ་བ་བཏབ་ནས། མཐའ་རྟེན་རྗེས་གནང་དང་བཅས་པ་ཡོངས་སུ་རྫོགས་པའི་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བས། སློབ་མ་རང་ཉིད་གསང་སྔགས་ཀྱི་སྣོད་རུང་དུ་བྱའོ། །གསུམ་པ་ནི། གོང་དུ་བཤད་པ་ལྟར་དབང་བཞི་རྫོགས་པར་བསྐུར་བས། སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཀུན་རྣམ་པར་དག་ཅིང༌། སློབ་མ་བདག་ཉིད་ནི་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་སྐལ་བ་དང་ལྡན་པར་འགྱུར་རོ། །གཉིས་པ་རྟེན་གྱི་ཁྱད་པར་གྱིས་དབང་གོང་མ་གཉིས་བྱར་རུང་མི་རུང་གི་ཚུལ་ནི། འོ་ན་དབང་བསྐུར་དེ་དག་དངོས་གྲུབ་འདོད་པའི་གང་ཟག་ཐམས་ཅད་ཀྱིས་བླང་བ་ཡིན་ནམ་ཞེ་ན། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ཆེན་པོ་ལས། བཅོམ་ལྡན་འདས་ཀྱིས་རབ་ཏུ་འབད་པས་བཀག་པ་ཆེན་པོ་མཛད་པའི་ཕྱིར། གསང་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་གཞན་ལ་བསྐུར་བ་ཚངས་པར་སྤྱོད་པའི་དགེ་བསྙེན་དང༌༑ རབ་བྱུང་སྡེ་ལྔ་གང་རུང་གི་ཚུལ་ཁྲིམས་ལ་གནས་པས་མི་བྱ་ཞིང༌། རང་ཉིད་ཀྱིས་ཀྱང་དངོས་སུ་བླང་བར་མི་བྱའོ། །འོ་ན་སྐྱོན་ཅི་ཞིག་གཟིགས་ནས་དབང་དེ་གཉིས་ཚངས་སྤྱོད་སོགས་ལ་བཀག་ཅེ་ན། གལ་ཏེ་དབང་བསྐུར་བ་གཉིས་པོ་དེ་དག་གང་ཟག་དེ་རྣམས་ཀྱིས་དངོས་སུ་འཛིན་ཅིང་བླངས་པ་སོགས་བྱས་ན། ཚངས་སྤྱོད་ཀྱི་དཀའ་ཐུབ་དང༌། རབ་བྱུང་གི་སྡོམ་པ་ལ་གནས་པས་ནི། སྟོན་པས་བཀག་པ་སྤྱད་པར་གྱུར་པའི་ཕྱིར་ཚངས་སྤྱོད་ཀྱི་དཀའ་ཐུབ་དང༌། རབ་བྱུང་གི་སྡོམ་པ་དེ་ཉམས་པར་གྱུར་ཏེ། ཚུལ་ཁྲིམས་ཀྱི་བརྟུལ་ཞུགས་ཅན་དེ་དག་ལ་ཕམ་པ་དང༌། ཕམ་པ་དང་འདྲ་བ་ཡི་རྩ་བའི་ལྟུང་བ་དག་ནི་འབྱུང་བར་འགྱུར་ཞིང༌། ལྟུང་བས་ཉམས་
སྲོག་དང་ཚེ་སྦྱིན་པ་ཡིན། བཙས་པ་ནས་བརྩམས། ལུས་ཀྱིས་ཕན་བཏགས་ཏེ་སོར་བཅུའི་རྩེ་ལ་བླངས། ཤའི་དྲོད་ལ་བཅར། ནུ་མ་བསྣུན། ཟས་ལྕེས་སྙོད། མི་གཙང་བ་ལག་པས་ཕྱིས། རང་ཅག་བྱ་བྱེད་གང་ཡང་མི་ནུས་པ་འབུ་འདྲ་བ་ཞིག་ནས་བསྐྱངས་པ་ཡིན། ངག་གི་སྒོ་ནས་ཀྱང་ཕན་བཏགས་ཏེ། མིང་སྙན་པ་ནས་བོས། བསྟོད་རྒྱུ་མེད་ཀྱང་བསྟོད་ར་གཏོང༌། ཡོན་ཏན་མེད་ཀྱང་ཡོན་ཏན་བརྗོད། འབྲིད་ཐབས་སྣ་ཚོགས་ཀྱིས་ཀྱང་སེམས་དགའ་བར་བྱས། ཡིད་ཀྱིས་ཀྱང་ཕན་བཏགས་ཏེ། བདག་གི་བུ་འདི་ཇི་ལྟར་བྱས་ན་ཚེ་རིང་བར་འགྱུར། ཅི་འདྲ་བྱས་ན་ནད་མེད་པ་ཡོང༌། གང་འདྲ་ཞིག་བྱས་ན་མིས་ཕུ་དུད་དུ་འཁུར་བ་ཞིག་ཡོང༌། གཏམ་སྙན་པ་ཞིག་ཨེ་འོང༌། མགོ་ཐོན་པ་ཞིག་ཨེ་ཡོང་ཁོ་ན་བསམ། དང་པོ་ཅོག་ཐུབ་པ་དང༌། འགོག་ཤེས་པ་དང༌། གཏམ་ཚིག་རེ་ཙམ་སྨྲ་ཤེས་པ་ལ་ཡང་དགའ་བ་དཔག་ཏུ་མེད་པ་བྱས། ཆེར་སྐྱེས་ནས་རང་ལ་ཡོད་ཚད་བུ་ལ་འབོགས་པ་ལ་ཉམ་ང་ཙམ་ཡང་མེད་ཀྱི་སྟེང་དུ་དགའ་བ་བསྒོམ། སྟོང་གསུམ་ནོར་དང་གཡོག་གིས་བཀང་བ་བྱིན་ཀྱང་ཆེས་སྙམ་པ་མེད། ངའི་མ་འདི་དེ་ཙམ་དུ་བདག་ལ་ཕན་འདོགས་པ་ཡིན། བདག་ལ་བྱམས་པ་དྲིན་ཆེ་བ་ཨང༌༑ མ་འདི་དུས་དང་གནས་སྐབས་ཐམས་ཅད་དུ་བདེ་ན་ཅི་མ་རུང༌། སྐྱིད་ན་ཅི་མ་རུང༌། ངས་མ་འདི་བདེ་སྐྱིད་བླ་ན་མེད་པ་ལ་དགོད་པར་བྱ་སྙམ་དུ་བསྒོམ། དམིགས་སྐོར་སོ་དྲུག་པའོ། །རྩ་བའི་མ་ལ་བྱམས་པ་བསྒོམ་པ་
པའི་གང་ཟག་དེ་དག་ནི་ངན་སོང་གསུམ་དུ་ངེས་པར་ལྟུང་བར་འགྱུར་བས་ན། དངོས་གྲུབ་འགྲུབ་པ་ཡང་དུས་ནམ་ཡང་ཡོད་པ་མ་ཡིན་ཏེ། ཇོ་བོ་ཉིད་ཀྱི་ཞལ་ནས། གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་ཚངས་པར་སྤྱོད་པ་གྲོལ་བའི་ལམ་པས་མི་བསྐུར་ཞིང༌། སློབ་མས་ཀྱང་མི་བླང་ངོ་། །དེ་ནི་ཚངས་པར་སྤྱོད་པ་ཟད་པར་བྱེད་པ་དང༌། སངས་རྒྱས་ཀྱི་བསྟན་པ་ནུབ་པར་བྱེད་པས་སེམས་ཅན་དམྱལ་བར་སློབ་དཔོན་དེ་དང༌༑ སློབ་མ་གཉིས་ཐེ་ཚོམ་མེད་པར་འགྲོ་བར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་དབང་གོང་མ་གཉིས་མ་ཐོབ་ན་རྒྱུད་བཤད་ཉན་སོགས་བྱར་རུང་མི་རུང་གི་དོགས་པ་སྤང་བ་ནི། གལ་ཏེ་ཚངས་པར་སྤྱོད་པས་དབང་དེ་གཉིས་དངོས་སུ་བླང་དུ་མི་རུང་ན་གསང་སྔགས་སྤྱོད་པའི་སྐལ་བ་མེད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། བྱ་བ་ལ་སོགས་པའི་རྒྱུད་སྡེ་བཞི་པོ་ཀུན་ལ་སློབ་མས་ཉན་པ་དང༌། སློབ་དཔོན་གྱིས་འཆད་པ་དང༌། ཐུན་མོངས་སུ་གཉིས་ཀས་སྦྱིན་སྲེག་དང༌། མཆོད་སྦྱིན་དང༌། རབ་གནས་དབང་བསྐུར་ལ་སོགས་པ་བྱེད་པ་ལ། སློབ་དཔོན་གྱིས་དབང་བསྐུར་བ་རྗེས་འབྲང་དང་བཅས་པ་བརྙེས་པའམ་ཐོབ་པར་གྱུར་ཅིང་དེ་ཁོ་ན་ཉིད་བཅུ་རིག་པའི་གང་ཟག་དག་ལ་ཉེས་པ་མེད་པའི་ཕྱིར་རོ། །གསུམ་པ་རྒྱུ་གང་ལ་བརྟེན་ནས་བརྩམས་པ་ནི། སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། བསྙེན་པར་རྫོགས་ནས་སྡོམ་རྒྱུན་རྣམ་དག་བར་མ་ཆད་དུ་ལོ་སུམ་ཅུ་ལྷག་ཙམ་བཞེས་པས་གནས་བརྟན་ཆེན་པོ་མར་མེ་མཛད་དཔལ་གྱིས་མདོ་དང༌། སོགས་ཁོངས་ནས་རྒྱུད་དང༌། མན་ངག་གི་བསྟན་བཅོས་ཏེ། དམ་པའི་ཆོས་རྣམས་ལས་བཤད་པ་ཇི་ལྟ་བ་བཞིན་མཐོང་བས་དང༌། བོད་ཡུལ་གྱི་བསྟན་པའི་ཁུར་བཞེས་པའི་ལྷ་རིག་དགེ་སློང་བྱང་ཆུབ་འོད་ཀྱིས། བསྟན་པ་སྤྱི་ཁྱབ་ཀྱི་དོན་དུ་ཐེག་པ་ཆེན་པོའི་ཤིང་རྟར་གྱུར་པའི་གཞུང་ཞིག་ཅིས་ཀྱང་གནང་དགོས་ཞེས་གསོལ་བ་བཏབ་པ་ལ་བརྟེན་ནས། ལས་དང་པོ་བའི་ས་ནས་བྱང་ཆུབ་མཆོག་གི་བར་དུ་བགྲོད་པའི་ཐེག་པ་ཆེན་པོའི་ལམ་རྣམ་པར་བཤད་པ་འདི་ཡང༌། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླངས་ན་ལེགས། །ཞེས་གསུངས་པ་ལྟར། དགག་སྒྲུབ་ཀྱི་སྤྲོས་པ་རྒྱ་ཆེན་པོ་དོར་ནས། ཐམས་ཅད་མཁྱེན་པ་དོན་གཉེར་གྱི་ཉམས་ལེན་མ་ཚང་བ་མེད་པ་བསྒྲུབ་པའི་ཆ་རྐྱེན་དུ་གྱུར་པ་ཙམ་ཞིག་ཚིག་མདོར་བསྡུས་ནས་བྱས་སོ། །བཞི་པ་མཇུག་གི་དོན་ལ་གཉིས། གང་གིས་མཛད་པ་དང་། སུས་བསྒྱུར་བའོ། །དང་པོ་ནི། བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བའི་གཞུང་འདི་ནི་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས། སྐལ་ལྡན་གྱི་གདུལ་བྱ་བགྲང་བ་ལས་འདས་པའི་དོན་དུ། ཐུགས་བརྩེ་བ་ཆེན་པོས་མཛད་པ་རྫོགས་སོ། །ཞེས་པའོ། །གཉིས་པ་ནི།
འདི་བྱམས་པའི་སྐོར་གྱི་དམིགས་པའི་རྩ་བ་ཡིན། སྐྱེ་ཡང་སླ་སྟེ་འདི་ལ་མྱོང་བ་ཐོན་པ་གལ་ཆེ་གསུང་ངོ༌། །དེ་ནས་བདག་གི་མ་འདིས་ཚེ་འདི་ལ་ཕན་བཏགས་ཚུལ་དེ་ལྟར་ཡིན། འདིས་སྐྱེ་བ་གཅིག་མིན་གཉིས་མིན་སྐྱེ་བ་ཤིན་ཏུ་མང་པོར་མ་ཁོ་ནར་གྱུར་ནས་ཚེ་འདིའི་དངོས་ཀྱི་མ་བཞིན་དུ་ཕན་བཏགས་པ་རང་ལའང་གྲངས་མེད། དེ་བཞིན་དུ་ཕར་གྱུར་ནས་ཕན་བཏགས་པ་རང་ཡང་དཔག་ཏུ་མེད། དེ་བཞིན་དུ་ཉེ་དུ་གཉེན་འདུན་གྲོགས་མཛའ་བཤེས་ལ་སོགས་པར་གྱུར་ནས་ཀྱང་ཕན་བཏགས་པ་ཡང་མཐའ་མེད། གོས་བསྐོན་པ་དང་རྒྱན་བཏགས་པ་རང་ཡང་ཕྱོགས་གཅིག་ཏུ་སྤུངས་ན། རི་བོ་མཆོག་རབ་ཀྱི་དཔང་ལས་ཀྱང་ཐལ། ནུ་ཞོ་འཐུངས་པ་གཅིག་པུ་བསགས་ཀྱང་རྒྱ་མཚོ་ཆེན་པོ་བཞིས་ཀྱང་མི་ཚད། མ་འདི་རང་ཅག་གི་ཕ་མ་བུ་ཚ་ཉེ་དུར་གྱུར་ནས་རང་རེ་སྔོན་ལ་ཤི་བ་ལ་གདུང་བའི་སེམས་ཀྱིས་འདུས་པའི་མཆི་མ་ཕྱོགས་གཅིག་ཏུ་བསགས་ན་ཆུ་ཀླུང་བྱེ་བ་ཕྲག་བརྒྱས་མི་བསྒྲུན། བདག་གི་དོན་དུ་སྡིག་པ་ལ་མ་བལྟས། སྡུག་བསྔལ་ལ་མ་བལྟས། གཏམ་ངན་ལ་མ་བལྟས་པར་བདག་གི་དོན་ཁོ་ན་བསྒྲུབས་པ་ཡིན། འདི་ཙམ་དུ་ཕན་འདོགས་པ་ཨང་སྙམ་པ་ལ་སོགས་པ་གོང་བཞིན་བསྒོམ། དམིགས་སྐོར་སོ་བདུན་པའོ། །དེ་ནས་དེའི་སྟེང་དུ་ཕ་དང་སྤུན་ཟླ་ཉེ་དུ་འདྲིས་པ་ལྔ་དྲུག་བསྣན་ཏེ། འདི་དག་གིས་ཀྱང་ཚེ་འདིར་ནི་ལ་ལས་ཕན་ཆེར་བཏགས། ལ་ལས་འབྲིང་དུ་བཏགས། ལ་ལས་ཆུང་ངུ་བཏགས་
རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་འཇིག་རྟེན་གྱི་མིག་དགེ་སློང་དགེ་བའི་བློ་གྲོས་ཀྱིས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཞིང༌། ཚིག་དོན་གྱི་ཞུ་ཆེན་བགྱིས་ནས་འཆད་ཉན་མཛད་པའོ༑ ༑ཕྱོགས་བཅུའི་རྒྱལ་ཀུན་བདེ་བར་གཤེགས་པའི་ཤུལ། །བྱང་སེམས་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ། །བསྟན་པ་ཡོངས་སུ་རྫོགས་པའི་གཞུང་བཟང་འདི། །ཐར་འདོད་སྐྱེ་བོས་སྙིང་གི་བཅུད་དུ་ལོངས། །སྐྱེ་ཀུན་དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང༌། །རྣམ་དག་ལེགས་པའི་ལམ་བཟང་འདིར་ཞུགས་ནས། །བྱང་ཆུབ་སེམས་མཆོག་སྐྱེས་བརྟན་གོང་དུ་འཕེལ། །བཟང་པོ་སྤྱོད་པ་རྒྱ་མཚོ་ཡོངས་རྫོགས་ཤོག །དཔལ་ལྡན་མར་མེ་མཛད་ཀྱི་ཐུགས་བསྐྱེད་དང༌། །སྨོན་ལམ་སྟོབས་ཀྱིས་བྱང་ཆུབ་ལམ་གྱི་རིམ། །བདག་སོགས་རྒྱུད་ལ་དཀའ་བ་མེད་པར་རྫོགས། །ཚེ་འདིར་དོན་གཉིས་ལྷུན་གྱིས་འགྲུབ་གྱུར་ཅིག །ཡོངས་སུ་གྲགས་པའི་གཞུང་ལུགས་ཆེན་པོ་འདི་ལ་འགྲེལ་ཟིན་གྱི་ཞབས་ཏོག་འདི་ལྟར་བགྱིས་ན་ལེགས་ཞེས་རྗེ་བཙུན་བླ་མ་ཀུན་མཁྱེན་བརྩེ་བ་ཆེན་པོས་བཀའ་གནང་བ་ལྟར། ཐུབ་བསྟན་རིས་སུ་མ་ཆད་པའི་རྗེས་སུ་སློབ་ཅིང་རྒྱལ་བའི་སྲས་པོའི་རྟགས་ཙམ་
པ་ཡིན་མོད། འཁོར་བ་ཐོག་མ་མེད་པ་ནས་བསམ་ན། རྩ་བའི་མ་བཞིན་དུ་ཕན་བཏགས་པ་ལ་མང་ཉུང་མེད། དྲིན་ལ་ཆེ་ཆུང་མེད་པས་འདི་ཙམ་དུ་ཕན་འདོགས་པ་འདི་བདེ་ན་ཅི་མ་རུང༌། སྐྱིད་ན་ཅི་མ་རུང༌། ངས་བདེ་སྐྱིད་མཐར་ཐུག་ལ་འགོད་དགོས་སྙམ་པ་སོགས་གོང་བཞིན་བསྒོམ། དེ་བཞིན་དུ་རིམ་གྱིས་སྦྱར་ནས་བསྒོམ་དགོས་ཏེ། དེ་ལ་ཡང་བཤེས་གཉེན་བྱ་ཡུལ་བ་དང་སྣར་ཐང་པའི་ལུགས་ཀྱིས་ཡུལ་ཕྱོགས་རེ་རེ་ནས་བསྣན་གྱིན་བསྒོམ་པའི་ལུགས་ཡོད་དེ། ལས་དང་པོ་བའི་དམིགས་པ་བསྒོམ་ཚུལ་ལ། ལུགས་འདི་ཁོ་ན་གནད་ཆེ་བར་མཐོང༌། དེའི་རྗེས་ནས་རང་ཉིད་གང་དུ་གནས་པའི་ཡུལ་ཕྱོགས་དེའི་མིའི་འགྲོ་བ་དགྲ་གཉེན་བར་མ་གསུམ། དུད་འགྲོ་ས་འོག་ས་སྟེང་བར་སྣང་ལ་སྤྱོད་པ་གསུམ། ཡི་དྭགས་འདྲེ་བཀྲེན་ཡང་མཆོག་དམན་བར་གསུམ་ཇི་ཙམ་གཅིག་ཡོད། དེ་ཐམས་ཅད་སྐྱེ་བ་དཔག་ཏུ་མེད་པའི་ཕ་དང་མ་ཡིན་པ་དང༌། ཕན་བཏགས་ཚུལ་དང༌༑ དྲིན་དུ་གཟོ་བ་དང་བྱམས་པ་བསྒོམ་པ་གོང་བཞིན་སྦྱར། དེ་བཞིན་དུ་རྒྱལ་ཁམས་རྒྱ་ཇེ་ཆེ་ཇེ་ཆེར་བསྣན་ཏེ། མཐར་རང་རེ་བོད་པའི་དབང་དུ་བྱས་ན་བོད་རིལ་པོ་ཙམ་གྱི་འགྲོ་བ་རིགས་གསུམ་ལ་བསྒོམ། དེ་ནས་དེ་བཞིན་དུ་བོད་ཀྱི་ཤར་ན་རྒྱ་ནག་ལྷོ་ན་རྒྱ་གར་ནུབ་ན་ཁ་ཆེ་བྱང་ན་ཧོར་དང་སྟག་གཟིག་སྟེ་རྒྱལ་ཁམས་ཆེན་པོ་དེ་རྣམས་ལ་གནས་པའི་འགྲོ་བ་རིགས་གསུམ་ལ་བསྒོམ། དེ་ནས་འཛམ་བུ་གླིང་རིལ་པོའི་འགྲོ་བ་རིགས་
འཛིན་པ་བློ་གྲོས་མཐའ་ཡས་ཀྱིས་དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱི་གསུང་གི་བཅུད་ཕྱུངས་ཏེ་བཀོད་པ་དགེ་ལེགས་འཕེལ།།     །།
གསུམ་ལ་བསྒོམ། དེ་ནས་འཛམ་བུ་གླིང་གི་འོག་ན་ཡི་དྭགས་ཀྱི་གནས་དང༌། ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་ཀྱི་གནས་ཡོད་དེ། དེ་རྣམས་ལ་སྔར་བཞིན་བསྒོམ། དེ་བཞིན་དུ་ཤར་ལུས་འཕགས་པོ་དང༌། ནུབ་བ་ལང་སྤྱོད་དང༌། བྱང་སྒྲ་མི་སྙན་ཏེ་གླིང་བཞི་ལ་སྟེང་ན་གོང་བཞིན་འགྲོ་བ་རིགས་གསུམ་གྱིས་གང་བ་དང༌། འོག་ན་ངན་སོང་གསུམ་གྱི་འགྲོ་བ་སྣ་ཚོགས་དང་བཅས་པ་ལ་ཡང་གོང་བཞིན། རི་རབ་ཀྱི་བང་རིམ་བཞི་ལ་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་ཡོད། རྩེ་མོ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡོད། རི་རབ་ཀྱི་ཁོང་སེང་ཆུ་མཚམས་མན་ཆད་ན། ལྷ་མ་ཡིན་གྱི་གཙོ་བོ་རྣམས་གནས་པའི་གྲོང་ཡོད། དེ་དག་ན་གནས་པ་ལ་སྔར་བཞིན་བསྒོམ། དེ་ནས་གསེར་གྱི་རི་བདུན་དང་ཕྱི་ལྕགས་རི་ཁོར་ཡུག་ཚུན་ཆད་ལ་ཆུ་མཚམས་ཡན་ཆད་ལ་ལྷ་དང༌། གནོད་སྦྱིན་དུད་འགྲོའི་འགྲོ་བ་དག་གནས། ཆུ་མཚམས་མན་ཆད་ལྷ་མིན་དང་ཡི་དྭགས་དང་དུད་འགྲོ་སྣ་ཚོགས་རྣམས་གནས། དེ་དག་གི་བར་བར་དུ་རོལ་མཚོ་བདུན་དང་། ཕྱིའི་རྒྱ་མཚོ་ལ་ཀླུ་དང་ལྷ་མ་ཡིན་དང༌། དུད་འགྲོའི་འགྲོ་བ་ཕལ་པ་གོ་མཚམས་མེད་པ་ཙམ་དུ་གནས། དེ་ཐམས་ཅད་ལ་སྔར་བཞིན་བསྒོམ། དུད་འགྲོའི་ནང་ན་དུད་འགྲོ་རྫུ་འཕྲུལ་ཅན་གསུམ་ཡོད་དེ། ནམ་མཁའ་ལ་སྤྱོད་པའི་བྱ་ཁྱུང༌། ས་སྟེང་ན་སྤྱོད་པའི་མིའམ་ཅི། ས་འོག་གམ་ཆུ་ལ་སྤྱོད་པའི་ཀླུ་རྣམས་སོ། །དེ་དག་ལ་ཡང་སྒོས་སུ་བསྒོམ། དམིགས་སྐོར་དེ་ཡན་ཆད་ཀྱིས་
འོག་དབང་ཆེན་གསེར་གྱི་ས་གཞི་ཡན་ཆོད། ཐད་ཀར་ཕྱི་ལྕགས་རི་ཚུན་ཆོད། སྟེང་དུ་སུམ་ཅུ་རྩ་གསུམ་མན་ཆད་ལ་བསྒོམས་ཚར། དེའི་སྟེང་དུ་འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་རྣམས་རིམ་པས་བསྣན་ཏེ་སྔར་བཞིན་བསྒོམ། དེ་ནས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་མཉམ་པའི་ཚངས་རིས། ཚངས་པ་མདུན་ན་འདོན། ཚངས་ཆེན་ཏེ་བསམ་གཏན་དང་པོའི་གནས་གསུམ་བསྣན། སྐབས་འདིར་འདི་སྐད་ཅེས་བྱ་སྟེ། འདི་ནས་བཟུང་སྟེ་གཟུགས་ཁམས་ཀྱི་སྐྱེ་གནས་འདི་ཀུན་ན་ལྷའི་འགྲོ་བ་གཟུགས་ཁམས་པ་རང་ཁོ་ན་མ་གཏོགས། འགྲོ་བ་གཞན་ལྔ་པོ་གང་ཡང་མེད་དེ། ལྷ་འདོད་ཁམས་པ་ཡང་མེད། གནས་སོ་སོ་རང་རང་གི་ལྷ་ཁོ་ན་གནས་པ་ཡིན། སྤྱིར་ན་ཚངས་པའི་འཇིག་རྟེན་མན་ཆད་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་གཅིག་ན་གནས་པའི་འགྲོ་བ་རིགས་དྲུག་པོ་ཐམས་ཅད་ལ་གོང་བཞིན་བསྒོམ། ད་ནི་དེ་ཀ་འདྲ་བ་འཕྲེད་ལ་སྟོང་ཕྲག་གཅིག་བཤིབས་པའི་མཐའ་ལྕགས་རི་གཅིག་གིས་བསྐོར་བ། སྟེང་ན་འོད་ཆུང༌། ཚད་མེད་འོད། འོད་གསལ་ཏེ་བསམ་གཏན་གཉིས་པའི་གནས་གསུམ་ཡོད་པའི་ནང་ནས། འོད་གསལ་བའི་གནས་ཆེན་པོ་གཅིག་གིས་སྟེང་ནས་ཁེབས་པ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཏེ། དེ་ན་གནས་པའི་རིགས་དྲུག་ལ་སྔར་བཞིན་བསྒོམ། དེ་འདྲ་བ་སྟོང་ཕྲག་གཅིག་ཐད་ཀར་བསྒྲིགས་པའི་མཐའ་
སྐོར་དུ། སླར་ཡང་ཁོར་ཡུག་གཅིག་གིས་བསྐོར་ཏེ། སྟེང་དུ་ནི་དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་ཏེ་བསམ་གཏན་གསུམ་པའི་གནས་གསུམ་ཡོད་ལ། དེ་ཀུན་གྱི་སྟེང་ནས་དགེ་རྒྱས་ཀྱི་གནས་གཅིག་གིས་ཁེབས་པ་ཡིན་ཏེ། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་གཅིག་གི་འགྲོ་བ་རིགས་དྲུག་ལ་སྔར་བཞིན་བསྒོམ། ཡང་དེ་འདྲ་བ་ཐད་ཀར་སྟོང་ཕྲག་གཅིག་བསྒྲིགས་པའི་ཐ་མ། སླར་ཡང་ཁོར་ཡུག་ཆེན་པོ་གཅིག་གིས་བསྐོར། འཇིག་རྟེན་གྱི་ཁམས་རེ་རེ་ལ་འོག་གཞི་གསེར་གྱི་ས་གཞི་རེ་རེ་ཡོད། དེ་རེ་རེའི་འོག་ན་ཆུའི་དཀྱིལ་འཁོར་རེ་རེ་ཡོད། ཆུའི་དཀྱིལ་འཁོར་བྱེ་བ་ཕྲག་བརྒྱ་རླུང་གི་དཀྱིལ་འཁོར་གཅིག་ལ་བརྟེན། འོག་ཏུ་ནི་རླུང་གི་དཀྱིལ་འཁོར་ཡན་ཆོད། སྟེང་དུ་ནི་སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་བ་སྟེ་བསམ་གཏན་བཞི་པའི་གནས་ཕལ་པ་གསུམ། དེ་བཞིན་དུ་མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང༌། ཤིན་ཏུ་མཐོང༌། འོག་མིན་པ་རྣམས་བསྣན། འོག་མིན་པའི་གནས་གཅིག་པོ་དེས་སྟེང་ནས་སྟོང་གསུམ་ཁེབས། དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་ཟེར། གཟུགས་མེད་ཁམས་ཀྱི་སེམས་ཅན་ཡང་དཔག་ཏུ་མེད་པ་ཞིག་ཡོད་པ་དེ་དག་ཀྱང་བསྣན་ཏེ། ཁམས་གསུམ་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ལ་གོང་བཞིན་བསྒོམ་མོ། །དེ་ནས་ཡང་སྟོང་གསུམ་འདིའི་ཤར་ཕྱོགས་ན་ཕར་ལ་སྟོང་གསུམ་གྲངས་མེད་གཞལ་དུ་མེད། དཔེར་ན་སྟོང་གསུམ་
གཅིག་ཡུངས་འབྲུས་མེར་ཏེ་བཀང་ནས། ཡུངས་འབྲུ་དེ་ལས་གཅིག་བླངས་ཏེ་འདིའི་ཤར་ཕྱོགས་ཀྱི་སྟོང་གསུམ་གཅིག་ལ་བཞག །དེ་བཞིན་དུ་སྟོང་གསུམ་རེ་རེ་ལ་ཡུངས་འབྲུ་རེ་རེ་བཞག་ན་མཐར་ཡུངས་འབྲུ་དེ་ནི་ཟད་འགྲོ། ཤར་ཕྱོགས་ཀྱི་སྟོང་གསུམ་མི་ཟད་དོ། །ཡང་དེ་ཀ་བཞིན་བྱས་ཀྱང་ཡུངས་འབྲུ་འཛད། སྟོང་གསུམ་མི་ཟད། ཡང་བསྐྱར་ཏེ་བྱས་ཀྱང་དེ་དང་འདྲ། དེ་འདྲ་བ་བསྐལ་པ་མཐའ་མེད་དུ་བྱས་ཀྱང་འཇིག་རྟེན་གྱི་ཁམས་ལ་ཟད་པ་མེད། དེ་དག་ཐམས་ཅད་འགྲོ་བ་རིགས་དྲུག་གིས་གང་བ་ཡིན་ཏེ། དེ་ཐམས་ཅད་ལ་མར་ཤེས་པ་ནས་བྱམས་པ་བསྒོམ་པའི་བར་གོང་བཞིན། ད་ནི་ཤར་ཕྱོགས་སུ་མ་ཟད། ཕྱོགས་བཅུ་རབ་འབྱམས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། ཕྱོགས་བཅུའི་ནམ་མཁའ་ལ་མཐའ་གཏན་ནས་མེད། ནམ་མཁས་གར་ཁྱབ་སྣོད་ཀྱི་འཇིག་རྟེན་གྱིས་ཁྱབ། སེམས་ཅན་ཐམས་ཅད་དྲིན་ཆེན་གྱི་ཕ་མ་ཡིན། ཕ་མ་བྱས་པ་ལན་གྲངས་དཔག་ཏུ་མེད༑ བྱས་རེས་ནས་ཕན་སྣ་ཚོགས་ནི་བཏགས། གནོད་པ་སྣ་ཚོགས་ནི་བསལ། མ་རྒན་སེམས་ཅན་འདི་རྣམས་བདེ་བར་གྱུར་ཅིག །སྐྱིད་པར་གྱུར་ཅིག །བདག་གིས་འདི་རྣམས་བདེ་སྐྱིད་བླ་ན་མེད་པ་ལ་འགོད་པར་བྱའོ་སྙམ་དུ་བསྒོམ། དེ་རྣམས་ལ་ནང་ཚན་དམིགས་སྐོར་ཤིན་ཏུ་མང་བར་འགྱུར་མོད། བློ་རིགས་དང་བསྟུན་ནས་ངེས་མེད་དུ་འཁྲིད་དགོས་པས་ཚད་ཀྱི་དབྱེ་བ་ཅུང་ཟད་དཀའ་བ་དང༌། བྱམས་པའི་སེམས་རྒྱ་བསྐྱེད་པར་
རིགས་གཅིག་པས་དམིགས་ཆེན་གཅིག་ཏུ་བསྡུས་ཏེ། དམིགས་སྐོར་སོ་བརྒྱད་པའི་ཐ་སྙད་བྱེད་དོ། །སྐབས་འདིར་སྣོད་བཅུད་འཇིག་རྟེན་ཁམས་ཀྱི་རྣམ་གཞག་ཅིག་ཤེས་ན་གནད་ཆེའོ། །དེས་བྱམས་པའི་ཁྲིད་ཚར་བ་ལགས། གཉིས་པ་སྙིང་རྗེ་བསྒོམ་པ་ནི། སྔོན་འགྲོ་དང་རྗེས་སོགས་སྔར་དང་འདྲ་བ་ལས། སེམས་ཅན་འདི་རྣམས་བདེ་ཞིང་སྐྱིད་པ་ལ་འགོད་དགོས་པ་འདུག་པ་ལ་སེམས་ཅན་གྱི་ཁམས་ལ་བལྟས་ན། སེམས་ཅན་འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་ལ་མི་གནས། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས། འདོད་པ་ནི་བདེ་བ་འདོད། སྡུག་བསྔལ་མི་འདོད་ཀྱང་ཡོང་བ་ནི་བདེ་བ་མི་འབྱུང་སྡུག་བསྔལ་ཁོ་ན་འབྱུང༌། ཕལ་ཆེར་ནི་སྡུག་བསྔལ་དངོས་ལ་གནས། དམྱལ་བ་ན་ཚ་གྲང༌། ཡི་དྭགས་ན་བཀྲེས་སྐོམ། དུད་འགྲོ་ན་གཅིག་ལ་གཅིག་ཟ། མཐོ་རིས་ན་ཡང་ཚེ་ཐུང་བ་དང༌། ནད་མང་བ་དང༌། དབང་ཆུང་བ་དང༌། བཀྲེན་ཅིང་ཕོངས་པ་དང༌། ལས་ལ་འཁོལ་བ་དང་ཆད་པས་བཅད་པ་སོགས་དངོས་སུ་རང་ཡང་སྡུག་བསྔལ་འདི་མི་མྱོང་བྱ་བ་མེད་པ་དེར་འདུག །འགྲོ་བ་ཐམས་ཅད་སྤྱིར་ན་སྡུག་བསྔལ་གྱི་རྒྱུ་དཔག་ཏུ་མེད་པ་ལ་སྤྱོད་པ་དེ་ཡིན། སྒོས་སུ་འགའ་ཞིག་ད་ལྟ་རང་མི་འདོད་པའི་སྡུག་བསྔལ་དྲག་པོ་ནི་མེད་དུ་ཆུག་ཀྱང་། སྡིག་པའི་ལས་རྔམ་པོ་ཆེ་བསགས་པས་དབུགས་ཁ་གང་པོ་འགགས་པ་དང་མཉམ་དུ་དམྱལ་བར་ཁྲོང་ཁྲོང་སྐྱེ་དགོས་པ་འདི་རྣམས་དངོས་སུ་ད་ལྟ་སྡུག་བསྔལ་མྱོང་བ་
རྣམས་ལས་ཀྱང་སྙིང་རྗེ་བར་འདུག །སྣང་བ་རེ་འཁྲུལ་ན་ཨ་ཙ་མ་ཅི་རང་དྲག་སྙམ་དུ་བསམ། དཔེར་ན་རང་གི་རྩ་བའི་མ་དེ་མིག་ནི་ལོང་། རྐང་པ་ནི་ཆག །ལོང་ཁྲིད་ནི་མེད། འཁར་བ་ནི་བོར། གད་ཁ་གཡང་ཁ་གཅིག་ནས་མར་ལྷུང་ལ་ཁད་ཁད་འདུག་ན། བདག་ཇི་ཙུག་བྱེད། གཞན་གང་ལ་ཡང་མ་བལྟས་པར་ཧབ་རྒྱུགས་སུ་ཕྱིན་ནས་མ་དེ་གཡང་ཁ་ནས་འཛིན་དགོས། དཔེ་དེ་བཞིན་དུ་མ་རྒན་འགྲོ་བ་འདི་རྣམས་ཤེས་རབ་ཀྱི་མིག་ནི་ལོང༌། ཐབས་ཀྱི་རྐང་པ་ནི་ཆགས། དགེ་བའི་བཤེས་གཉེན་ནམ་གྲོགས་བཟང་པོའི་ལོང་ཁྲིད་ནི་མེད། བསོད་ནམས་ཀྱི་འཁར་བ་དང་ནི་བྲལ། ཡིད་ལ་དྲན་དུ་ཡང་མི་རུང་བའི་སྡིག་པ་ཐམས་ཅད་ནི་ལག་ལེན་དུ་ཡང་ཡང་བཏབ། མཐོ་རིས་ཀྱི་ལམ་ནས་བརྡེག་འཆོས་ཏེ། ངན་སོང་གསུམ་གྱི་གཡང་ལ་ལྷུང་ལ་ཁད་ཁད་པ་སྡུག་བསྔལ་གྱི་རྒྱུ་མི་བཟད་པ་ལ་གནས་པ་འདི་རྣམས་སྙིང་རེ་རྗེ། ད་ནི་འདི་རྣམས་ངས་སྡུག་བསྔལ་ལས་དངོས་སུ་མ་སྐྱབས་པའི་ཐབས་མེད། དེས་ན་ངན་སོང་གསུམ་ན་ནི་ཚོར་བ་སྡུག་བསྔལ་དངོས་ལ་གཙོ་བོར་སྤྱོད། བདེ་འགྲོ་གསུམ་ན་ནི་ཚོར་བ་སྡུག་བསྔལ་གྱི་རྒྱུ་ལ་གཙོ་བོར་སྤྱོད། དེ་དག་གི་སྡུག་བསྔལ་སྐྱེས་བུ་ཆུང་འབྲིང་གི་སྐབས་སུ་བཤད་པ་ལྟར་དྲན་པར་བྱ། སྡུག་བསྔལ་དེ་བདག་གི་ཐོག་བབས་ན་ཆ་ཤས་ཙམ་ཡང་བཟོད་པའི་གླགས་མི་འདུག །བདག་གིས་མི་བཟོད་པ་ཞིག་འདི་རྣམས་ཀྱིས་ཀྱང་ག་ལ་བཟོད། དེ་འདྲ་བའི་སྡུག་བསྔལ་
དངོས་སུ་ཡང་མྱོང་ཞིང༌། སྡུག་བསྔལ་གྱི་རྒྱུ་ཟད་མི་ཤེས་པ་ལ་རིམ་གྱིས་རིམ་གྱིས་སྤྱད་པས། སྡུག་བསྔལ་ནས་སྡུག་བསྔལ་བརྒྱུད་མར་འབྱུང་བ་འདི་རྣམས་སྙིང་རེ་རྗེ། འདི་རྣམས་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་ཐམས་ཅད་དང་བྲལ་བར་གྱུར་ཅིག །མ་རྒན་འགྲོ་དྲུག་གི་སེམས་ཅན་འདི་རྣམས་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ལས་བདག་གིས་བསྐྱབ་པར་བྱ། སྡུག་བསྔལ་གྱི་གནས་འཁོར་བ་ལས་འདྲེན་པར་བྱ་སྙམ་དུ་ཡང་ཡང་བསམ། དམིགས་སྐོར་སོ་དགུ་པའོ། །ཡང་ན་འདི་ལ་སྡུག་བསྔལ་དངོས་ལ་སྤྱོད་པ་ལ་དམིགས་སྐོར་གཅིག །སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་ལ་དམིགས་སྐོར་གཅིག
གཉིས་ཀ་བསྡོམས་པ་ལ་གཅིག་སྟེ་གསུམ་བྱེད་པའི་ལུགས་ཀྱང་ཡོད། སྔར་བྱམས་པའི་སྐབས་སུ་བཤད་པ་བཞིན་རིམ་གྱིས་ཐམས་ཅད་ལ་རྒྱ་བསྐྱེད་དེ་བསྒོམས་ན་ཡང་ལེགས་པར་འོང་ངོ༌། །ཡང་བྱམས་པ་སྙིང་རྗེའི་ཁྲིད་ལན་གཅིག་བསྐྱངས་པའི་རྗེས་སུ་འདི་གཉིས་འབྲེལ་བ་ཅན་ཁོ་ན་འབྱུང་བས། བྱམས་པ་རེ་ལ་སྙིང་རྗེ་རེ་འཐུད་ཀྱིན་བསྒོམས་པས་ཆོག །ཚན་པ་སོ་སོར་མ་བཅད་ཀྱང་རུང་བ་ལགས་སོ། །གསུམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ། སྨོན་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། འཇུག་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གཉིས་སོ། །འདི་གཉིས་ལ་བསམ་པ་བྱང་ཆུབ་ཀྱི་སེམས་དང༌། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ཞེས་ཟེར་བའང་
ཡོད་དོ། །དེའི་དང་པོ་ལ། བྱང་ཆུབ་ཀྱི་སེམས་དངོས་ལ་བསླབ་པ། ཕན་ཡོན་དྲན་པ་ལ་བསླབ་པ། བསླབ་བྱ་ལ་དམ་བཅའ་བ་སྟེ་གསུམ་མོ། །དང་པོ་ནི། སྔར་གྱི་བྱམས་སྙིང་རྗེ་གཉིས་དང་འབྲེལ་བར་བསྒོམ་སྟེ། མ་འདི་རྣམས་བདེ་དགོས་པར་འདུག །སྐྱིད་དགོས་པར་འདུག་པ་ལ། མི་བདེ་མི་སྐྱིད་སྡུག་བསྔལ་བར་འདུག་པ་སྙིང་རེ་རྗེ་བདག་གིས་སྡུག་བསྔལ་མི་སེལ་བའི་ཐབས་མེད། འདི་རྣམས་བདེ་བ་ལ་མི་འགོད་པའི་ཐབས་མེད་དེ༑ འོན་ཀྱང་དེའི་ནུས་པ་བདག་ལ་མི་འདུག །དེར་མ་ཟད་ཚངས་པ་བརྒྱ་བྱིན་འཁོར་ལོས་བསྒྱུར་རྒྱལ་རྣམས་ལའང་མེད། འོ་ན་སུ་ལ་ཡོད་ན་རྫོགས་པའི་སངས་རྒྱས་ཁོ་ན་ལ་ཡོད། དེ་ལྟར་ན་ཡང་སངས་རྒྱས་དེ་བསྒྲུབས་ན་ཐོབ་ཡོང་བ་ཡིན་པས་བདག་གིས་སངས་རྒྱས་ཐོབ་པར་བྱ། ཐོབ་ནས་སེམས་ཅན་འཁོར་བ་ལས་འདྲེན་པར་བྱ། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་སངས་རྒྱས་ཐོབ་དགོས་པ་འདུག་སྙམ་པ་ཡང་ཡང་བྱ། དམིགས་སྐོར་བཞི་བཅུ་པའོ། །གོང་དུ་དམིགས་སྐོར་སོ་བཞི་པ་བསམ་པའི་འཇུག་སྒོ་ལ་བསླབ་པའི་སྐབས་སུ་ནི། སངས་རྒྱས་ཀྱི་ཡོན་ཏན་ཤེས། ཐེག་པ་ཆེ་ཆུང་གི་ཁྱད་པར་ཤེས་པའི་སྒོ་ནས་རྫོགས་བྱང་དོན་གཉེར་ཙམ་བསྒོམ་པ་ཡིན་ལ། དེ་ཙམ་གྱིས་བྱང་ཆུབ་སེམས་ཀྱི་མཚན་ཉིད་རྫོགས་པར་མི་འགྱུར་ཞིང༌། འདིར་གཞན་དོན་ཁོ་ནར་རྫོགས་བྱང་དོན་གཉེར་གྱི་བསམ་པ་བསྒོམས་པས་སྨོན་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཚང་བར་འགྱུར་རོ། །
གོང་དུའང་གཞན་དོན་བསམ་པ་ཙམ་ཡོད་མོད། བྱམས་སྙིང་རྗེ་མཐར་མ་ཕྱིན་པས་གཞན་དོན་དུ་གཙོ་བོར་དམིགས་པ་མི་འབྱུང་ངོ༌། །དེ་ནས་གཉིས་པ་ཕན་ཡོན་བསམ་པ་ལ་བསླབ་པ་ནི། རང་གི་དོན་ཐམས་ཅད་སྒྲུབ་པའི་ཕན་ཡོན་ནི། མདོ་ལས། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་ཕྱིར་ས་བོན་ལྟ་བུའོ། །ཞེས་གསུངས། གཞན་དོན་བསྒྲུབ་པའི་ཕན་ཡོན་ནི། འགྲོ་བ་རྣམས་ཀྱི་ཆོས་དཀར་པོ་འཕེལ་བས་ཞིང་ས་ལྟ་བུའོ། །ཞེས་སོ། །ཉེས་པ་ཐམས་ཅད་སེལ་བའི་ཕན་ཡོན་ནི། ཉེས་པར་སྤྱོད་པ་ཐམས་ཅད་ཟད་པས་སའི་འོག་ལྟ་བུའོ། །ཞེས་སོ། །ཡོན་ཏན་ཐོབ་པའི་ཕན་ཡོན་ནི། ཡོན་ཏན་ཐམས་ཅད་འདུ་བས་རྒྱ་མཚོ་ཆེན་པོ་ལྟ་བུའོ། །
ཞེས་འབྱུང་བ་ལྟར་ཕན་ཡོན་བཞི་སྟེ། ད་ལྟ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཉིད་ནས་རང་རྒྱུད་ཀྱི་ཐར་པའི་ས་བོན་གསོས་ཐེབས་ཤིང་དགེ་བའི་བག་ཆགས་ཐམས་ཅད་སད། བསམ་པ་བཟང་པོ་དེས་དངོས་སུ་སེམས་ཅན་ལ་ཕན་པ་བྱེད་ཅིང༌། ཕན་འདོགས་པའི་ནུས་པ་ཡང་རྙེད་འོང༌། འདི་བསྒོམ་ཙམ་ཉིད་ནས་སྡིག་པ་མང་པོ་འདག་ཅིང༌། ཆགས་སྡང་ང་རྒྱལ་ཕྲག་དོག་སོགས་ཉོན་མོངས་ཀྱི་དབལ་འཇོམས་རྒྱུད་འཇམ་པོར་སོང་བས་ཡོན་ཏན་ཐམས་ཅད་སྐྱེ་ཞིང༌། སངས་རྒྱས་བསྒྲུབ་པར་དམ་བཅས་ཕྱིན་ཡོན་ཏན་གཞན་མང་པོ་བསྒྲུབ་དགོས་པ་གཅིག་ཀྱང་ཤུགས་ལ་འོང༌། དེ་ནས་མཐར་ཐུག་གི་བར་དུ་རང་དོན་རྟོགས་པ་དང་གཞན་དོན་ཕྲིན་ལས་དང༌།
སྤང་བྱ་སྤོང་བ་དང༌། ཡོན་ཏན་བསྒྲུབ་པ་ཐམས་ཅད་འདིས་བྱེད་པ་ཡིན། མདོར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོན་ཏན་ཇི་ཙམ་ཡོད་པ། བྱང་ཆུབ་ཀྱི་སེམས་ལའང་ཡོད་པ་ཡིན། སངས་རྒྱས་ལ་ཇི་ཙམ་རི་བ་འདི་ལའང་རི་སྙམ་དུ། བྱང་ཆུབ་ཀྱི་སེམས་ལ་སྤྲོ་སིང་ངེ་བ་བསྐྱེད་ལ། སླར་ཡང་བྱང་ཆུབ་ཀྱི་སེམས་སྔར་བཞིན་བསྒོམ། དེ་ཀ་ཡང་ཡང་བསྐྱར། ཐུན་མཚམས་སུ་སེམས་བསྐྱེད་རང་གིས་ལེན་པའི་ཆོ་གས་ཀྱང་ཡང་ཡང་ལེན་པའི་དམིགས་པ་སྐྱོང༌། ཡང་སྔར་སེམས་བསྐྱེད་མ་ཐོབ་ན། རྒྱུན་བཤགས་ཀྱི་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་འབྱུང་བ་དེ་ཀ་སེམས་བསྐྱེད་ཡིན་པས་ཡན་ལག་བདུན་པ་ཡང་ཡང་བྱ། དམིགས་སྐོར་ཞེ་གཅིག་པའོ། །གསུམ་པ་བསླབ་བྱ་ལ་དམ་འཆའ་བ་ནི། བསླབ་བྱ་དང་པོ་སེམས་ཅན་བློས་མི་སྤང་བ་ལ་བསླབ་དགོས་ཏེ། སེམས་ཅན་བློས་སྤོང་བ་ལ་གཉིས་ཡོད། ཁྱུ་རིལ་དུ་བློས་སྤོང་བ་དང༌། སྒོ་ཐད་དུ་བློས་སྤོང་བའོ། །དང་པོ་ནི། ཆོས་ལ་འཇུག་པའི་བློ་ལོག་པ་སྟེ། ངས་རང་དོན་གཞན་དོན་གང་ཡང་མི་ཡོང་འཇིག་རྟེན་ཕལ་པ་བྱ་སྙམ་པ་དང༌། ཐེག་ཆེན་ལ་བློ་ལོག་པ་སྟེ་སེམས་ཅན་གྱི་དོན་སྒྲུབ་མི་ནུས་པས་བདག་ཉན་རང་གི་ཐེག་པར་སེམས་བསྐྱེད་དགོས་སྙམ་པ་ལྟ་བུ་ཡིན། སྒོ་ཐད་དུ་བློས་སྤངས་པ་ནི། རང་དང་འགལ་བ་ཁ་ཅིག་ལ་ཁྱོད་ལ་ཕན་ཐོགས་པའི་དུས་བྱུང་ཀྱང་གནས་སྐབས་མཐར་ཐུག་གང་ལ་ལྟོས་ཀྱང་ཕན་མི་འདོགས་སྙམ་དུ་
སྙིང་བརྩེ་ལྷན་གྱིས་བྲལ་བ་དེ་ཡིན། དེ་ལྟར་ཁྱུ་རིལ་གྱི་བློས་སྤངས་སམ། སྒོ་ཐད་ཀྱི་བློས་སྤངས་ཀྱང་རུང་སྟེ། གཉེན་པོས་མ་སླེབས་པར་ཐུན་ཚོད་གཅིག་འདས་ན་སེམས་བསྐྱེད་གཏོང་བ་ཡིན་པར་འདུག །བདག་གིས་སེམས་ཅན་སྤོང་བའི་བློ་ནམ་དུ་ཡང་མ་སྐྱེས་པ་ཞིག་བྱ། གལ་ཏེ་དབང་མེད་དུ་སྐྱེས་ཀྱང་འཕྲལ་དུ་གཉེན་པོས་སླེབས་ནས་དེ་མ་ཐག་བཤགས་པ་བྱ། ད་ལྟ་དངོས་སུ་ཕན་གདགས་མ་ནུས་པ་ལ་ཕུགས་སུ་ཕན་པར་བྱ་སྙམ་དུ་བསྒོམ། དམིགས་སྐོར་ཞེ་གཉིས་པའོ། །བསླབ་བྱ་གཉིས་པ་ཚོགས་བསག་པ་ལ་འབད་དགོས། བདག་རིམ་པས་ཡོན་ཏན་གོང་ནས་གོང་དུ་སོང་ན། ཚོགས་གཉིས་རྒྱ་ཇེ་ཆེ་ཇེ་ཆེ་ལ་བསླབ་དགོས། ཉི་མ་དེ་རིང་རང་ནས་ཚོགས་གཉིས་ལ་བསླབ་དགོས་ཏེ། བསོད་ནམས་ཀྱི་ཚོགས་ནི། མདོ་བསྟན་བཅོས་རྣམས་ལས་ཕན་ཡོན་ཆེ་བར་བཤད་པའི་དཀོན་མཆོག་གི་མཆོད་པ། དགེ་འདུན་གྱི་བསྙེན་བཀུར། འབྱུང་པོའི་གཏོར་མ་ཕྱག་མཆོད་བསྐོར་བ་གཟུངས་སྔགས་བཟླས་པ་དད་པ་བསྒོམ་པ་བྱམས་སྙིང་རྗེ་བསྒོམ་པ། བཟོད་པ་བསྒོམ་པ་ལ་སོགས་པ་ལ་བསླབ་དགོས་སྙམ་པ་དང༌། ཡེ་ཤེས་ཀྱི་ཚོགས་ཆོས་ཉན་པ། ཚིག་འཛིན་པ། དོན་སེམས་པ། འགལ་འབྲེལ་གྱི་སྒོ་ནས་རིགས་པས་ཐེ་ཚོམ་གཅོད་པ། འཁོར་གསུམ་རྣམ་པར་མི་རྟོག་པར་རྒྱས་འདེབས་པ་ཞེས་བྱ་བ། འཁོར་འདས་ཐམས་ཅད་བདེན་མེད་དུ་ཐོས་པའི་སྒོ་ནས་གོ་ཞིང་ཤེས། བསམ་པའི་སྒོ་ནས་ངེས་པ་རྙེད།
སྒོམ་པའི་སྒོ་ནས་མངོན་སུམ་དུ་རྟོགས་པ་གཅིག་དགོས་པས་དོན་འདི་ལ་བསླབ་དགོས་སྙམ་པ་དང༌། མཆོད་པ་ལ་སོགས་པ་བདེན་མེད་ཀྱི་ལྟ་བས་ཟིན་པ་དང༌། ལྟ་བ་དེའི་ངང་ནས་དེ་ལྟར་བསླབས་པས་བསོད་ནམས་ཀྱི་ཡེ་ཤེས། ཡེ་ཤེས་ཀྱི་བསོད་ནམས་སུ་སོང་ནས་ཚོགས་གཉིས་ཟུང་དུ་འཇུག་པ་གཅིག་བྱའོ་སྙམ་དུ་ཡང་ཡང་བསམ། ཐུན་མཚམས་ཀུན་ཏུ་དེ་དག་ལས་ཇི་ལྟར་འོས་འོས་ལག་ལེན་དུ་ཐེབས་པར་ཡང་བྱ། དམིགས་སྐོར་ཞེ་གསུམ་པའོ། །བསླབ་བྱ་གསུམ་པ་ཟུང་བཞི་ཡ་བརྒྱད་ལ་བསླབ་དགོས་ན། ནག་པོའི་ཆོས་བཞི་སྤྱིར་ཡང་ཉེས་པ་ཆེ། སྒོས་སུ་སྐྱེ་བ་འཕོས་ནས་སེམས་བསྐྱེད་བརྗེད་པའི་རྒྱུ་ཡིན། དཀར་པོའི་ཆོས་བཞི་སྤྱིར་ཡང་ཕན་ཡོན་ཆེ། སྒོས་སུ་སྐྱེ་བ་ཐམས་ཅད་དུ་སེམས་བསྐྱེད་དྲན་པའི་རྒྱུ་ཡིན། དེས་ན་ནག་པོའི་ཆོས་བཞི་སྤང༌། དཀར་པོའི་ཆོས་བཞི་ལ་བསླབ་དགོས། དེ་ལ་ཟུང་དང་པོ་བླ་མ་སྦྱིན་གནས་དང༌། མཆོད་འོས་བསླུ་བ་ནག་པོའི་ཆོས་ཡིན། བསླུ་བ་ཞེས་བྱ་བ་དེ་དག་ལ་རྫུན་གྱིས་མགོ་བསྐོར་གཏོང་བ་ལ་ཟེར། དེའི་གཉེན་པོར་ཤེས་བཞིན་གྱིས་རྫུན་སྨྲ་བ་མཐའ་དག་སྤངས་པ་ཡིན། སྐྱེ་བོ་ཐ་མལ་པ་ལ་ཤེས་བཞིན་གྱིས་རྫུན་ཕྲ་མོ་ཡང་མི་སྨྲ་ན། མཆོད་འོས་བསླུ་བ་ལྟ་ག་ལ་ཞིག །ཟུང་གཉིས་པ་གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་ནག་པོའི་ཆོས་ཟེར། འགྱོད་པའི་གནས་སྡིག་པ་ལ་འགྱོད་པ་བསྐྱེད་དགོས་ཀྱང༌། གནས་མ་ཡིན་པ་དགེ་བ་བྱས་པ་ལ་འགྱོད་པ་
བསྐྱེད་པའི་ཐབས་བྱས་ན། དེ་འགྱོད་རུང་མ་འགྱོད་རུང་ནག་པོའི་ཆོས་ཡིན། འགྱོད་པ་བསྐྱེད་ཚུལ་ནི། སྦྱིན་པ་འདི་ཆེས་ཏེ་འདི་ཙམ་སྦྱིན་ན་ཅི་ཟ། ཞེས་པ་དང༌། ཁྱོད་སྡོམ་པ་བླངས་ན་བུ་སྨད་འདི་ཀུན་ཁ་ཞན་པོར་འགྲོ་ཞེས་པའམ། དགྲ་ལ་ལན་པོ་མ་བྱས་པ་དེས་ཁྱེད་སྟངས་ཆག་པར་འགྱུར་ཅེས་པ་ལྟ་བུའོ། །དེའི་གཉེན་པོར་སེམས་ཅན་རྣམས་ཐེག་པ་གསུམ་གྱི་དགེ་བ་ལ་སྨིན་པར་བྱ་བ། དཀར་པོའི་ཆོས་ལ་བསླབ་སྟེ། སེམས་ཅན་རྣམས་ཐེག་པ་གསུམ་པོ་གང་མོས་མོས་ལ་སེམས་བསྐྱེད་དུ་གཞུག །སྒོས་སུ་ཐེག་ཆེན་ལ་ཅི་ནུས་ནུས་སུ་འགོད། དགེ་བའི་རིགས་ཅི་འགྲུབ་བྱེད་དུ་བཅུག །དེ་ཡང་བྱང་ཆུབ་ཏུ་སྨོན་ལམ་འདེབས་སུ་འཇུག་དགོས་ཏེ། དགེ་བ་མི་བྱེད་པ་ཚོ་ཡང་སླར་ནས་དགེ་བ་ལ་འགོད་གང་ཐུབ་བྱེད་དགོས་ན་འགྱོད་པ་བསྐྱེད་པ་ག་ལ་འོང༌། ད་ནི་ཟུང་གསུམ་པ་ལ་སློབ་སྟེ། སེམས་བསྐྱེད་པའི་གང་ཟག་ལ་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ་ནག་པོའི་ཆོས་ཟེར། ཚིགས་བཅད་མ་ཡིན་པ་ནི་དངོས་སམ་ལྐོག་ཏུ་སྐྱོན་བརྗོད་པ་ཡིན། སེམས་བསྐྱེད་སྐྱེས་རུང་མ་སྐྱེས་རུང་ཉམས་རུང་མ་ཉམས་རུང་འདྲ། སེམས་བསྐྱེད་བླངས་སོ་ཟེར་བ་ཚུན་ཆད་སྨད་དུ་མི་རུང༌། དེའི་གཉེན་པོར་སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བསྒོམ་པ་ལ་བསླབ་པ་དཀར་པོའི་ཆོས་ཡིན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པ་དང༌། ཚོགས་གསོག་སྒྲིབ་སྦྱོང་གི་ཡུལ་ལ་སངས་རྒྱས་དང་འདྲ། ཇི་སྐད་དུ།
སེམས་ཅན་རྣམས་དང་རྒྱལ་བ་ལ། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །ཞེས་གསུངས་པ་ལྟར་ཡིན། དེས་ན་སྟོན་པའི་འདུ་ཤེས་བསྐྱེད་ནས། རྟག་ཏུ་བསྔགས་པ་དང་བསྟོད་ར་བརྗོད་པར་བྱ། སེམས་ཅན་ཕལ་པ་ལ་ཡང་མི་སྨོད་ཅིང་བསྔགས་པ་བརྗོད་ན། སེམས་བསྐྱེད་པ་ལ་མི་སྨོད་པ་ལྟ་ཅི་སྨོས། ཟུང་བཞི་པ་སེམས་ཅན་ལ་གཡོ་སྒྱུས་ཀུན་ཏུ་སྤྱོད་པ་ནག་པོའི་ཆོས་ཟེར། རང་གི་དོན་བསྒྲུབ་པའི་ཕྱིར་དུ་གཞན་ལ་བྲིད་དང་མགོ་སྐོར་བྱེད་པ། ཐ་ན་བྲེ་སྲང་ཚུན་ཆད་ལ་གཡོ་སྒྱུ་བྱས་ཀྱང་རུང་སྟེ། ནག་པོའི་ཆོས་ཡིན། དེའི་གཉེན་པོར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་ལྷག་པའི་བསམ་པས་གནས་པ་དཀར་པོའི་ཆོས་ཡིན། ཕན་པ་དང་བདེ་བ་ནི་ཚེ་འདི་ཕྱི་གཉིས་ཀྱི་བདེ་བ་ལ་འགོད་པ་དང༌། ལྷག་པའི་བསམ་པ་ནི། གཞན་དོན་གྱི་ཁུར་རང་གིས་ཁྱེར་བ་ལ་ཡང་ཟེར། ཡང་གཡོ་ཐབས་ཀྱིས་གྱ་གྱུ་མི་བྱེད་པར་བསམ་པ་དྲང་པོས་ཚིག་གསོང་པོར་སྨྲ་བ་ལ་ཕ་མ་བུ་ཚ་ལྟར་ཕྱི་ནང་མེད་པ་ལའང་ཟེར་བས་དེ་ལྟ་བུ་ལ་བསླབ་དགོས། སེམས་ཅན་ཐམས་ཅད་ལ་ཕན་པའི་ལྷག་བསམ་དུ་གནས་དགོས་ན། ཕར་ལ་གཡོ་སྒྱུ་འཚོང་བའི་གོ་སྐབས་ག་ལ་ཡོད། དཀར་པོའི་ཆོས་འདི་རྣམས་ལ་ཤིན་ཏུ་ནན་ཏན་སྙིང་པོར་བྱ་རྒྱུ་ཡིན་པ་འདུག །བདག་དེང་ནས་བཟུང་སྟེ་ནག་པོའི་ཆོས་བཞི་ནམ་དུ་ཡང་མི་བྱེད། དཀར་པོའི་ཆོས་བཞི་ལ་ཅི་ནུས་ཅི་ལྕོགས་ཀྱིས་བསླབ་པར་བྱའོ་སྙམ་དུ་བསམ། དམིགས་སྐོར་ཞེ་
བཞི་པའོ། །འདིར་ཟུང་བཞི་རེ་རེ་ལ་དམིགས་སྐོར་རེ་རེ་མཛད་པའི་ལུགས་ཀྱང་ཡོད། བློ་འཁོབས་ཆུང་བ་འདི་ལྟར་བྱས་ན་ངེས་ཤེས་སྐྱེ་ཞིང་ལེགས་པར་འོང་ཡང་འོང་ངོ༌། །ཡང་སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པ་དང༌། ཉིན་མཚན་དུས་དྲུག་ཏུ་སེམས་བསྐྱེད་ལེན་པ་ཡང་བསླབ་བྱར་བསྡུས་ཏེ། སེམས་ཅན་མི་སྤང་བ། ཚོགས་གཉིས་ལ་བསླབ་པ། ཟུང་བཞི་ལ་རེ་རེ་སྟེ་བསླབ་བྱ་བརྒྱད་ཟེར་བའང་ཡོད་པས་ཇི་ལྟར་འོས་པར་སྦྱར་བར་བྱའོ། །སྙིང་རྗེའི་ཁྲིད་སོང་བའི་མཚམས་སུ་སེམས་བསྐྱེད་བླངས་ནས། དེ་རྗེས་སྨོན་སེམས་ཀྱི་ཁྲིད་འདི་རྣམས་བསྐྱངས་ན་གོ་རིམ་འགྲིག་མདོག་ཁ་ལེགས་པར་འགྱུར་ལ། ཡང་ཐོག་མར་དམིགས་པ་འདི་རྣམས་བྱང་བར་བྱས་ཏེ། བར་འདིར་སེམས་བསྐྱེད་བླངས་ན་ཆོ་གས་ལེན་པའི་སྐབས་དེར་ངེས་ཤེས་སྐྱེ་ཚབས་ཆེ་བས། སྐབས་འདིར་བྱས་ན་ཡང་ལེགས་པར་འགྱུར། ཡང་ཁྲིད་ཡོངས་སུ་རྫོགས་པའི་མཐར་བྱང་སྡོམ་ལེན་པའི་སྔོན་དུ་སེམས་བསྐྱེད་བླངས་ཀྱང་རུང་སྟེ། ཇི་ལྟར་སྐབས་སུ་བབས་པ་དེ་ལྟར་བྱའོ། །གཉིས་པ་འཇུག་པ་བྱང་ཆུབ་ཀྱི་སེམས་ལ་བསླབ་པ་ནི་འདི་ཡིན་ཏེ། སངས་རྒྱས་ཐོབ་པར་འདོད་པས་བྱང་ཆུབ་སྤྱོད་པ་ལ་བསླབ་དགོས། སངས་རྒྱས་འགྲུབ་པར་འདོད་ཀྱང་སྤྱོད་པ་ལ་མི་སློབ་ན། ལོ་ལེགས་པར་འདོད་སྐད། སོ་ནམ་མི་བྱེད་པ་དང་འདྲ། སྤྱིར་བྱང་ཆུབ་ཏུ་སྨོན་པ་ཙམ་ལའང་ཕན་ཡོན་མང་མོད་ཀྱི། བྱང་ཆུབ་སྤྱོད་པ་ཉམས་སུ་མ་བླངས་ན་ཡོན་ཏན་གོང་འཕེལ་དུ་མི་འགྲོ་བས་སྤྱོད་པ་ལ་བསླབ་དགོས། སྤྱོད་པའི་ངོ་བོ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་དངོས་བཞི་ཡིན། ཕར་ཕྱིན་དང་བསྡུ་དངོས་བྱ་བ་ཡང་ལོགས་ལོགས་སུ་མེད། ཕྱིན་དྲུག་རང་གིས་ཉམས་སུ་ལེན། གཞན་ལ་ཚིག་གི་སྒོ་ནས་སྟོན། གཞན་རྣམས་བྱེད་དུ་འཇུག་པ་དེ་ཀ་ཕར་ཕྱིན་ཀྱང་ཡིན། བསྡུ་དངོས་ཀྱང་ཡིན། བདག་གིས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་ནན་ཏན་སྙིང་པོར་བསྒྲུབ་པར་བྱའོ། །དེ་ཡང་ཕྱི་དུས་ཕྱི་དུས་ན་མ་ཡིན་པར་ད་ལྟ་ཉིད་དུ་འཇུག་པར་བྱའོ་སྙམ་པ་ཡང་ཡང་སྦྱོང་བ་ཡིན། འདི་སྐབས་དམ་བཅའ་དང་ལག་ལེན་མ་འཛོལ་བར་ཅི་ནུས་ཅི་ལྕོགས་ཀྱིས་ལག་ལེན་དུ་ཐེབས་པ་ཉི་མ་དེ་རིང་ནས་བྱེད་དགོས་པ་ཡིན་ནོ། །ཞེས་བྱ་སྟེ་འཇུག་སེམས་སྤྱིར་བསྒོམ་པ་ཡིན། དམིགས་སྐོར་ཞེ་ལྔ་པའོ། །བདག་གིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དགོས་ན། དང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་དགོས། སྦྱིན་པ་དེ་ལ་དབྱེ་ན་གསུམ། ཟང་ཟིང་གི་སྦྱིན་པ། མི་འཇིགས་པའི་སྦྱིན་པ། ཆོས་ཀྱི་སྦྱིན་པ་གསུམ་མོ། །བདག་གིས་སེམས་ཅན་ཐམས་ཅད་ལ་ཟང་ཟིང་གི་སྦྱིན་པ་བྱིན་ལ་ཚིམས་པར་བྱ། ད་ལྟ་དེ་ཙམ་གྱི་ནུས་པ་མེད་དེ། ཕྱིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཚུན་ཆོད་བཟུང་ལ་སྦྱིན་དགོས་སྙམ་པ་བསམ་པའི་སྒོ་ནས་བསླབ། ད་ལྟ་རང་ཡང་རང་གི་ནུས་པ་དང་སྦྱར་ལ་ཆོས་ཀྱི་འགལ་རྐྱེན་དུ་མི་འགྲོ་ཙམ་གྱི་སྒོ་ནས། ཟས་གོས་ལ་སོགས་པ་ཅི་ནུས་ཅི་ལྕོགས་སུ་སྦྱིན། མ་ཐ་རང་ལ་ཡང་སློང་མོ་ཁ་སྟོང་
དུ་མི་གཏོང་བ་ཙམ་རེ་མི་བྱེད་པའི་ཐབས་མི་འདུག་བསམ་ཞིང༌། འདི་དམིགས་པ་ཙམ་མ་ཡིན་པར་ལག་ལེན་དུ་ཡང་ཁེལ་ངེས་པ་དགོས་ཏེ་སྦྱོར་བ་ལ་བསླབ་པ་ཡིན། མི་འཇིགས་པའི་སྦྱིན་པ། བདག་གིས་སེམས་ཅན་ཐམས་ཅད་ནད་ཀྱི་འཇིགས་པ་དང༌། མཚོན་གྱི་འཇིགས་པ་དང༌། ཆོམ་རྐུན་གྱི་འཇིགས་པ་དང༌། དུག་གི་འཇིགས་པ་དང༌། གཅན་གཟན་དང་དུག་སྦྲུལ་སོགས་པ་སྲོག་ཆགས་གདུག་པ་ཅན་གྱི་འཇིགས་པ་དང༌། གཡང་སའི་འཇིགས་པ་དང༌། ལམ་འཕྲང་གི་འཇིགས་པ་དང༌། མེའི་འཇིགས་པ་དང༌། ཆུའི་འཇིགས་པ་དང༌། ཆད་པས་གཅད་པའི་འཇིགས་པ་ལ་སོགས་པ་ངན་འགྲོའི་འཇིགས་པའི་བར་ཐམས་ཅད་ལས་བསྐྱབ་པར་བྱ་སྙམ་དུ་བསམ་པས་སྦྱང༌། ད་ལྟ་ཡང་དངོས་སུ་ནད་དང་གདོན་དང་དགྲ་དང་འབྱུང་བཞིའི་འཇིགས་པ་སོགས་ལ་ཅི་ནུས་ཅི་ལྕོགས་ཀྱིས་སྐྱོབ་པའི་ཐབས་བྱའོ་སྙམ་དུ་བསྒོམ་ཞིང༌། དམིགས་པར་མ་ཟད་ལག་ལེན་གྱི་སྒོ་ནས་ཀྱང་ཚུལ་ཁྲིམས་
དང༌༑ སྒྲུབ་པའི་བར་ཆད་དུ་མི་འགྱུར་བ་རྣམས་ཅི་འགྲུབ་ཏུ་བྱ་ཞིང༌། ཐ་ན་ཁ་ཕན་ཚིག་ཕན་ཚུན་ཆོད་བྱ། སྦྱོར་བའི་སྒོ་ནས་བསླབ་པ་ཡིན། མི་འཇིགས་པའི་སྦྱིན་པ་བྱས་ཀྱང་སེམས་ཅན་སྡུག་བསྔལ་བ་ལ་ཕན་འདོགས་པའི་མིང་ཡིན། སྐབས་སུ་མ་བབ་པ་དང་སྡིག་རྐྱེན་དུ་འགྲོ་ན་ཁེ་ཡིས་གྱོང་མི་སུབས་པ་འབྱུང་ཉེན་ཆེ་བས། བསམ་པས་སྦྱོང་དགོས་ཀྱང་སྦྱོར་བ་བཏང་སྙོམས་སུ་འཇོག་པའི་སྐབས་ཡིན་ནོ། །ཆོས་ཀྱི་སྦྱིན་པ་བདག་གིས་
སེམས་ཅན་ཐམས་ཅད་ཆོས་ཀྱི་སྦྱིན་པས་ཚིམས་པར་བྱ། བདག་གིས་ཆོས་བསྟན་ཏེ། སེམས་ཅན་མ་སྨིན་པ་རྣམས་སྨིན་པར་བྱ། སྨིན་པ་རྣམས་གྲོལ་བར་བྱ། མ་གོ་བ་རྣམས་གོར་གཞུག །མ་རྟོགས་པ་རྣམས་རྟོགས་སུ་གཞུག །མ་ཐོབ་པ་རྣམས་ཐོབ་ཏུ་གཞུག་སྙམ་དུ་བསམ་པའི་སྒོ་ནས་སྦྱང༌། ད་ལྟ་ཡང་རང་ལ་ཆོས་བཤད་པའི་ནུས་པ་ཡོད་ན་རྙེད་བསྐུར་དང་ཁེ་གྲགས་ལ་མི་ལྟ་བར་གཞན་ལ་ཆོས་བཤད་པས་ཕན་འདོགས་དགོས། དེ་ལྟར་མི་ནུས་པ་ཞིག་ཡིན་ནའང༌། མི་དང་མི་མ་ཡིན་ལ་ཆོས་བཤད་པར་མོས་ཏེ། མདོ་འདོན་པའམ་གསུང་རབ་སྒྲོག་པའི་ཐུན་མ་ཆགས་པར་བྱའོ་སྙམ་དུ་བསམ་པས་སྦྱང་བར་བྱ་ཞིང༌། དེ་དམིགས་པར་མ་ཟད་ལག་ལེན་དུ་ཡང་ཁེལ་བར་བྱེད་པ་ནི། སྦྱོར་བའི་སྒོ་ནས་བསླབ་པ་ཡིན་ཏེ། དེ་ལྟར་ན་སྦྱིན་པ་གསུམ་ལ་བསམ་སྦྱོར་གཉིས་གཉིས་ཀྱིས་བསླབ་ཚུལ་ཏེ་དྲུག་ཡོད། ཡོངས་བསྡོམས་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ཡིན་ཏེ། དམིགས་སྐོར་ཞེ་དྲུག་པའོ། །བསམ་སྦྱོར་སོ་སོ་ལ་བསླབ་ཚུལ་འདི་ཕྱི་མ་རྣམས་ལའང་རིགས་འགྲེ། ད་གཞན་ཡང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་བསླབ་དགོས། ཚུལ་ཁྲིམས་ལ་གསུམ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་མོ། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། སྤྱིར་མི་དགེ་བ་བཅུ་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཐམས་ཅད་སྤངས་པ་ཞིག་དང༌།
སྒོས་སུ་དགེ་བསྙེན་ནམ། དགེ་སློང་ངམ། དགེ་ཚུལ་ལམ། བྱང་སྡོམ་གྱི་བསླབ་བྱའམ། སྔགས་ཀྱི་དམ་ཚིག་སོགས་རང་གིས་གང་བླངས་པའི་སྡོམ་ཁྲིམས་ཀྱི་བསྲུང་བྱ་དང་མ་འགལ་བ་ཞིག་དགོས། མདོར་ན་མདོ་དང་བསྟན་བཅོས་ལས་མི་རུང་བར་གསུངས་པ་ཐམས་ཅད་ལས་ཟློག་པ་སྟེ། བདག་གིས་འདི་ལ་འཕྲལ་དུ་བསླབ་པར་བྱ་སྙམ་དུ་བསྒོམ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། དགེ་བ་སྣ་རེ་དང་ཕྱོགས་རེར་མ་སོང་བར་ཕར་ཕྱིན་དྲུག་གིས་བསྡུས་པ་ཐམས་ཅད་ལ་རྟག་ཏུ་བསླབ་དགོས་པའི་དོན་ཡིན། དེ་ལའང་ད་ལྟ་རང་ནས་ཅི་ནུས་ཅི་ལྕོགས་སུ་བསྒྲུབ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། སེམས་ཅན་རྣམས་བདེ་བ་དང༌། དགེ་བ་སྣ་ཚོགས་པ་ལ་འགོད་པའི་སྒོ་ནས་ཕན་པ་སྒྲུབ་པ་ལ་ཟེར། དེ་ཡང་བདག་གིས་ཅི་ནུས་ཅི་ལྕོགས་ཀྱིས་ད་ལྟ་རང་ནས་ཀྱང་སེམས་ཅན་རྣམས་ཕན་པ་དང་བདེ་བ་ལ་འགོད་གང་ཐུབ་བྱ་སྙམ་དུ་བསྒོམ། ཉེས་སྤྱོད་སྡོམ་པ་ལ་ཕྱི་དུས་འདེབས་སུ་མེད། ཐོས་མ་ཐག་ནས་བཅག་སྟེ་ཟློག་དགོས། ཕྱི་མ་གཉིས་ལ་ཕྱི་དུས་གཅིག་ཀྱང་འདེབས་སུ་ཡོད་དེ། རང་གི་བློ་སྟོབས་དང་བསྟུན་ནས་ད་ལྟ་གང་ནུས་གང་ལྕོགས་བྱས། ད་ལྟ་མི་ཐུབ་པ་རྣམས་ཕྱིས་སྨོན་ལམ་གྱི་ཡུལ་དུ་བཞག་པས་ཆོག་པ་ཡིན། སྤྱིར་བྱང་ཆུབ་སེམས་དཔའ་གཞན་དོན་མ་བྱས་ན་དེ་ཉིད་ཉེས་པ་ཆེ་ཤོས་ཡིན་ཏེ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དགོས། གཞན་དོན་བྱེད་པ་ལ་རང་རྒྱུད་སྨིན་དགོས་པས། དགེ་བ་ཆོས་སྡུད་དགོས་པ་ཡིན། རང་ཉེས་ལྟུང་གིས་མ་གོས་པ་གཅིག་པོས་ཀྱང་མི་ཆོག་པ་གཅིག་ཡིན་པར་འདུག་ནའང༌། ཐོག་མའི་གཞི་ལ་ཉེས་སྤྱོད་སྡོམ་པ་རང་གལ་ཆེ་སྟེ། འདི་མེད་ན་གཞན་གཉིས་ཀྱང་ཇི་བཞིན་མི་ཡོང་བ་ལགས། དམིགས་སྐོར་ཞེ་བདུན་པའོ། །ད་ནི་བཟོད་པའི་ཕར་ཕྱིན་ལ་གསུམ། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ། སྡུག་བསྔལ་དང་ལེན་གྱི་བཟོད་པ། ཆོས་ལ་ངེས་པར་སེམས་པའི་བཟོད་པ་སྟེ་གསུམ་མོ། །དེའི་དང་པོ་ནི། གཞན་གྱིས་བདག་ལ་བརྡེག་པ་དང༌། ནོར་འཕྲོག་པ་ལ་སོགས་པའི་གནོད་པ་བྱས་པའི་ཚེ་མི་བཟོད་ཅིང་ཞེ་སྡང་སྐྱེ་བའི་རྣམ་འགྱུར་ཡོང་བས། བདག་སངས་རྒྱས་བསྒྲུབ་རྒྱུ་ཡིན་པ་ལ་གནོད་པ་འདི་ཙམ་མ་བཟོད་པས་ག་ན་འོང༌། ཁམས་གསུམ་སེམས་ཅན་དགྲར་གྱུར་ནས་གནོད་པ་སྒོ་མི་འདྲ་བ་ཐམས་ཅད་ནས་བྱེད་ཀྱང་བཟོད་སྲན་ཚུགས་པར་བྱ། གནོད་པ་འདི་ཙམ་ཡང་མི་བཟོད་པར་སངས་རྒྱས་ཐོབ་ཏུ་རེ་བ་དང༌༑ ཆོས་པ་ཡིན་དུ་རེ་བ་ང་རང་འཁྲུལ་སྙམ་དུ་བསྒོམ། སྡུག་བསྔལ་དང་ལེན་གྱི་བཟོད་པ་ནི། ཆོས་སྒྲུབ་པའི་དུས་ན་ཚ་གྲང་ལྟོགས་སྐོམ་ལ་སོགས་པའི་སྡུག་བསྔལ་བྱུང་བའམ། ལམ་བགྲོད་དཀའ་བའམ། མཐུན་རྐྱེན་མ་འཛོམས་པ་དང༌། ངལ་དུབ་ཐང་ཆད་ཉི་ལྷགས་ཆར་གསུམ་སོགས་བྱུང་ཡང་བདག་ཆོས་ཀྱི་ཕྱིར་དུ་དཀའ་སྤྱད་ཕྲ་མོ་འདི་ཙམ་མ་བཟོད་པས་ག་ལ་ཡོང༌། ནོར་དང་བུ་སྨད་ཀྱི་ཕྱིར། འདི་འདྲ་བས་བརྒྱ་འགྱུར་སྟོང་འགྱུར་གྱི་
སྡུག་བསྔལ་ཆེ་བ་ཀུན་ལའང་ཚམ་ཚོམ་མེད་པར་འཇུག་གིན་གདའ་བ། བདག་སངས་རྒྱས་བསྒྲུབ་དགོས་པ་ལ། སྔོན་གྱི་བྱང་ཆུབ་སེམས་དཔའི་རྣམ་ཐར་ལ་སློབ་དགོས་ན། ཆོས་ཕྱིར་དཀའ་བ་འདི་ཙམ་ཡང་མི་བཟོད་པར་ཐེག་ཆེན་པར་ཁས་འཆེ་བ་རེ་བླུན་ན་སྙམ་དུ་གཉེན་པོ་བརྟན་ཐང་གིས་བཏང༌། ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི། ཐབས་ཟབ་མོ་དང༌། ཐབས་མཁས་ཀྱི་ཁྱད་པར་དང༌། མཛད་པ་རླབས་པོ་ཆེ་དང༌། ཡོན་ཏན་མཐའ་ཡས་པ་དང༌། གནས་ལུགས་སྤྲོས་བྲལ་སོགས་གང་ལའང་བློར་མི་ཤོང་བ་མེད་པ་གཅིག་ལ་ཟེར། སྟོང་ཉིད་ལ་སེམས་ཡུན་རིང་དུ་གནས་ཐུབ་པ་གཅིག་ལའང་ཟེར། ད་རེས་འདིར་གནོད་པ་དང་སྡུག་བསྔལ་ཐམས་ཅད་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་བདེན་པས་སྟོང་པ་མེད་བཞིན་དུ་སྣང་བ་ཡིན་ན་མི་བཟོད་རྒྱུ་ཅི་ཡོད་སྙམ་དུ་སྒོམ་པར་བྱའོ། །དམིགས་སྐོར་ཞེ་བརྒྱད་པའོ། །ད་ནི་གཞན་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་དགོས་ཏེ། དེ་ལ་གསུམ་གོ་ཆའི་བརྩོན་འགྲུས། སྦྱོར་བའི་བརྩོན་འགྲུས། སླར་མི་ལྡོག་པའི་བརྩོན་འགྲུས་སོ། །གོ་ཆའི་བརྩོན་འགྲུས་ནི། ཆོས་དགེ་བ་ཐམས་ཅད་ལ་འདི་ལྟ་བུ་བྱེད་མི་དགོས་སྙམ་པའི་ཁྱད་གསོད་དང༌། ཆེན་པོ་རྣམས་ལ་འདི་ཙམ་སྒྲུབ་མི་ནུས་སྙམ་པའི་ཞུམ་པའི་སེམས་གཉིས་ཀ་མི་བྱེད་པར་བདག་གིས་འདི་དག་ཐམས་ཅད་བསྒྲུབ་ཀྱང་དགོས། བསྒྲུབ་ནུས་པ་ཡང་ཡིན། ད་ལྟ་ཉིད་དུ་བསྒྲུབ་པར་བྱའོ། །རྒྱུན་མི་འཆད་པར་བསྒྲུབ་པར་བྱའོ།
ཞེས་སེམས་ཀྱི་དམ་བཅའ་དང་འབྲེལ་བའི་དགེ་བ་ལ་སྤྲོ་སེམས་དཔའ་མ་ཞུམ་པ་དེ་ཡིན། དེ་རང་གི་རྒྱུད་ཐོག་ཏུ་སྦྱར་ནས་ཡང་ཡང་བསྒོམ་པར་བྱ། སྦྱོར་བའི་བརྩོན་འགྲུས་ནི། དངོས་སུ་ལག་ལེན་ལ་སྦྱོར་བའི་སྐབས་ལེ་ལོ་དང་རྣམ་གཡེང་གི་དབང་དུ་མི་གཏོང་བར་སྤྲོ་བ་དང་བཅས་པས་འཕྲལ་དུ་དགེ་བ་ལ་འཇུག་ཅིང༌། དེ་ཉིད་སྤྲོ་བཞིན་དུ་རྒྱུན་བསྲིང་བའོ། །སླར་མི་ཟློག་པའི་བརྩོན་འགྲུས་ནི། དྲོད་རྟགས་དང་ཕན་ཡོན་འཕྲལ་དུ་མ་བྱུང་ནའང༌། དང་པོར་གང་ལ་ཞུགས་པ་དེའི་འབྲས་བུ་མངོན་དུ་མ་གྱུར་བར་ཡུན་ཇི་ཙམ་འགོར་ཡང་རུང༌། དཀའ་བ་ཇི་ཙམ་སྤྱོད་དགོས་ཀྱང་རུང་སྤྲོ་བ་ཡེ་མི་ཟློག་པའོ། །ཡང་བསྟན་རིམ་གྱི་མན་ངག་འགའ་ཞིག་ལས།
ལུས་ཀྱི་བརྩོན་འགྲུས་ཕྱག་དང་བསྐོར་བ་སོགས། ངག་གི་བརྩོན་འགྲུས་བཟླས་བརྗོད་ཁ་ཏོན་སོགས། ཡིད་ཀྱི་བརྩོན་འགྲུས་སྤྱིར་དགེ་བ་དང་སྒོས་སུ་ཆོས་འདི་ལ་སྤྲོ་ཞིང་བརྩོན་པ་སྟེ། ཞེས་པའང་ཡོད་པས། གང་ལྟར་ཡང་རུང་བརྩོན་འགྲུས་ནི་དེ་རྣམས་ཡིན་ན། བདག་ཀྱང་བརྩོན་འགྲུས་དང་ལྡན་པར་བྱ། ལེ་ལོ་ཕྱི་བཤོལ་གྱི་དབང་དུ་མི་བཏང་བར་དགེ་བ་ལ་སྤྲོ་བར་བྱའོ་སྙམ་དུ་བསྒོམ། དམིགས་སྐོར་ཞེ་དགུ་པའོ། །ད་ནི་གཞན་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བྱ་བ་ཡོད་དེ། དེའི་རྒྱུ་ཚོགས་ལ་ད་ལྟ་ནས་གནས་དགོས། ཏིང་ངེ་འཛིན་གྱི་རྒྱུར་སེམས་དབེན་པ་གཅིག་དགོས། དེའི་རྒྱུར་ལུས་དབེན་པ་དགོས། དེའི་རྒྱུར་དོན་ཉུང་ལ་བྱ་བ་ཉུང་བ་དགོས།
དེའི་རྒྱུར་འདོད་པ་ཆུང་ཞིང་ཆོག་ཤེས་པ་དགོས། དེའི་རྒྱུར་ཟས་གོས་གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དགོས། བདག་ཀྱང་ཅི་སྟེ་འབྱོར་པ་དང་ལྡན་ན་དེ་ལ་མ་ཆགས་པར་ཏིང་ངེ་འཛིན་བསྒོམ། གལ་ཏེ་མ་འབྱོར་ན་ཡང་མ་འབྱོར་པ་ཉིད་བཟང་སྟེ། ཆོས་ཀྱི་བར་ཆད་མེད་པ་ཡིན། གང་བྱུང་དེ་ཀས་ཆོག་སྙམ་པ་ཡང་ཡང་བསམ་ཞིང་བསྒོམ། དེས་ཏིང་ངེ་འཛིན་གྱི་རྒྱུ་བསམ་པ་སོང༌། དམིགས་སྐོར་ལྔ་བཅུ་པའོ། །དངོས་ནི་བསམ་གཏན་ལ་དབྱེ་ན། དབྱེ་སྒོ་མི་འདྲ་བ་དུ་མ་ཡོད་ཀྱང༌། མཐོང་ཆོས་ལ་བདེ་བར་གནས་པའི་བསམ་གཏན་ཞེས་བྱ་བ། ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་སྒྲུབ་པ་ཡིན། ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་ཞེས་བྱ་བ༑ སྤྱི་ལྡོག་ནས་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པ་སྒྲུབ་པར་བྱེད་པ་རྣམས་ཡིན། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ཞེས་བྱ་བ། ཏིང་ངེ་འཛིན་གྱི་སྟོབས་ལ་བརྟེན་ནས། གཞན་རྒྱུད་བྱིན་གྱིས་རློབ་པར་བྱེད་པའམ། མངོན་ཤེས་ཀྱི་ཁྱད་པར་ལ་བརྟེན་ནས་སེམས་ཅན་གྱི་དོན་སྤྱོད་པ་ཡིན། དེ་ཐམས་ཅད་ཀྱང་ཞི་གནས་སྐྱོན་དང་བྲལ་ཞིང་མཚན་ཉིད་རྫོགས་པ་གཅིག་ལ་བརྟེན་དགོས། བདག་གིས་ཐོག་མ་ཞི་གནས་ལ་སེམས་མཉམ་པར་བཞག་པར་བྱ། དེ་ནས་ཏིང་ངེ་འཛིན་གྱི་ཁྱད་པར་གཞན་ཐམས་ཅད་ཀྱང་བསྒྲུབ་པར་བྱའོ། །སྙམ་དུ་ཡང་ཡང་བསྒོམ། དམིགས་སྐོར་ང་གཅིག་པའོ། །སྐབས་འདིར་ཞི་གནས་ཀྱི་རྣམ་གཞག་ཞིབ་ཙམ་བཤད་ཅིང་
ངེས་པོར་བྱུང་ན་ལེགས། ཞི་གནས་ཀྱི་ཁྲིད་ཀྱང་འདིར་སྟོན་པ་ཐོབ་ཐང་ཡིན་མོད་ཀྱང་ལྟ་བ་ལ་ངེས་པ་དང་ཉམས་མྱོང་རྙེད་པར་འགྱུར་བ་ཙམ་ལ། ཞི་གནས་བརྟན་པོ་མེད་ཀྱང་ཆོག་པ་དང༌། ཞི་གནས་བརྟན་པོ་ལེགས་པོ་བསྒྲུབས་ནས། དེའི་འོག་ཏུ་ལྟ་བ་བསྐྱངས་ཏེ་ལྷག་མཐོང་བསྒྲུབ་པ་གཞུང་ཆེན་ཀུན་གྱི་དགོངས་པ་དང༌། གཞུང་ལམ་ཆེན་མོ་ཡིན་མོད་ཀྱང༌། དེང་སང་གི་གང་ཟག་དབང་པོ་རྟུལ་པོས་སེམས་གནས་སྐྱོན་མེད་བརྟན་པོ་ཞིག་སྒྲུབ་པ་ལ་ཡུན་རིང་དུ་ཐོགས་པས་ཤེར་ཕྱིན་སྒོམ་པའི་སྐལ་པ་ཆད་ཀྱི་དོགས་པ་དང༌། ལྟ་བའི་མྱོང་བ་རྙེད་པའི་སྟེང་དུ་སེམས་གནས་བསྒྲུབ་ན། ཞི་ལྷག་ལྷན་གཅིག་ཏུ་འགྲུབ་སྟེ། སློབ་མ་ཁྲིད་སླ་མྱོང་བ་རྙེད་སླ་བའི་གནད་ཡོད་པར་དགོངས་ནས་ཕྱག་ལེན་ལ་སྐབས་འདིར་མི་མཛད་པ་ཡིན་པར་སྣང་ངོ་། །ད་ནི་དེ་ཐམས་ཅད་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་བསླབ་བྱ་ཀུན་གྱི་གཙོ་བོ་ཡང་ཡིན། ཉམས་ལེན་ཀུན་གྱི་མཐར་ཐུག་ཀྱང་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད། དེ་ལ་ཤེས་རབ་ནི་གསུམ་ཡོད་དེ། དོན་དམ་པའི་ཤེས་རབ་དང༌། ཀུན་རྫོབ་ཤེས་པའི་ཤེས་རབ་དང༌། གཞན་དོན་ཤེས་པའི་ཤེས་རབ་སྟེ་གསུམ་མོ། །དང་པོ་ནི། གནས་ལུགས་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན། གཉིས་པ་ནི། ཤེས་བྱ་ཐམས་ཅད་ཀྱི་ངོ་བོ་དབྱེ་བ་རྒྱུ་འབྲས་རྟེན་འབྲེལ་མ་ནོར་བར་ཤེས་པའི་ཤེས་རབ་ཡིན། གསུམ་པ་ནི། བསྡུ་བའི་དངོས་པོ་བཞིའི་སྒོ་ནས་འགྲོ་དོན་
ཤེས་པའི་ཤེས་རབ་སྟེ། དེ་ལ་ཟང་ཟིང་གི་སྦྱིན་པ་བཏང་སྟེ། སྐྱེ་བོ་རྣམས་མགུ་ནས་ཆོས་ལ་འགོད་ཐུབ་པ་ཤེས། བསམ་པ་དང་མཐུན་པར་ཆོས་སྟོན་པའི་སྙན་པར་སྨྲ་བ་ཤེས། དོན་སྤྱོད་པ་གཞན་ཕྱིན་དྲུག་ལ་འགོད་ཐབས་ཤེས། དོན་མཐུན་པ་རང་ཡང་ཕྱིན་དྲུག་ལས་མི་འདའ་བར་སྤྱོད་ཤེས་པ་སྟེ། དེའི་ནང་གི་གཞན་ཕྱིན་དྲུག་ལ་འགོད་པ་ནི། གདུལ་བྱ་གང་ལ་གང་འདུལ་གྱི་ཐབས་ཤེས་པའི་སྒོ་ནས་ཡིན་ནོ། །ཡང་ན་ཐོས་པ་དང༌༑ བསམ་པ་དང༌། སྒོམ་པའི་ཤེས་རབ་སྟེ། ཐོས་པས་གོ །བསམ་པས་སྒྲོ་འདོགས་ཆོད། སྒོམ་པས་མངོན་སུམ་དུ་རྟོགས་པའི་ཤེས་རབ་སྟེ་གསུམ་པོ་འདི་རྣམས་བདག་གིས་ཅི་ནས་ཀྱང་རྒྱུད་ལ་བསྐྱེད་པར་བྱའོ། །འདི་ཤེར་ཕྱིན་གྱི་བསམ་པ་ལ་བསླབ་པ་ཡིན། དམིགས་སྐོར་ང་གཉིས་པའོ། །ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ལ་བསླབ་དགོས་ཏེ། དེ་ལ་གང་ཟག་གི་བདག་མེད་བསྒོམ་པ། ཆོས་ཀྱི་བདག་མེད་བསྒོམ་པ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་བསླབ་པ་སྟེ་གསུམ་མོ། །དང་པོ་ནི། སྔོན་འགྲོ་དང་རྗེས་སོགས་སྔར་བཤད་པ་ལྟར་ལས། དངོས་གཞིའི་སྐབས་འདིར་རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་གཞག །རྒལ་ཚིགས་བསྲང༌། མགྲིན་པ་དགུག །དཔུང་པ་ཕྱིར་བསྐྱེད། སོ་མཆུ་རང་སར་བཞག་ཅིང་ལྕེ་རྩེ་རྐན་ལ་སྦྱར། མིག་སྣ་རྩེར་བལྟ། དེ་ནས་རླུང་སྣ་ནས་ལན་གསུམ་ཕྱི་ལ་སང་སང་བ་འབུད། དེ་རྗེས་དབུགས་རང་སོར་བཞག །ངེས་འབྱུང་སྐྱོ་ཤས་དུང་ཙམ་དང༌། བྱམས་སྙིང་རྗེ་རྒྱུད་འགྱུར་ཙམ་བསྒོམ། དེ་ནས་རང་གི་ལུས་ངག་ཡིད་གསུམ་ལ་སེམས་གཏད། གཞིག་འགྲེལ་བཅུག །འཁོར་བ་ཐོག་མ་མེད་པ་ནས་ང་བདག་ཏུ་འཛིན་པ་གོམས་པས་བདག་ཡོད་ཡོད་ལྟར་སྣང་བ་མ་གཏོགས། ང་བདག་ཅེས་པ་གནས་ཚུལ་ལ་གྲུབ་པ་ཡེ་མེད་པར་འདུག་སྙམ་དུ་བསམ། འདི་དག་དམིགས་པའི་གཞི་ཡིན། དེ་ལ་ངའམ་བདག་ཅེས་བྱ་བ། གནས་ལུགས་ལ་ཡོད་ན་ཏ་དེ་གང་ཟག་གི་བདག་ཡིན་མོད། དེ་འདྲ་དངོས་པོ་ལ་ཡེ་མ་གྲུབ་པས་གང་ཟག་གི་བདག་དེ་འདྲ་ངོ་བོའི་སྒོ་ནས་སྟོན་རྒྱུ་མེད། འོན་ཀྱང་མེད་པ་ལ་ཡོད་པར་འཛིན་པའི་བདག་འཛིན་གྱི་འཛིན་སྟངས་རློམ་ཚུལ་དང་བསྟུན་ན་རྟག་པ་གཅིག་པུ་རང་དབང་ཅན་དུ་འཛིན་པ་ཡིན། དེ་ཡང་ན་ནིང་ངས་འདི་བྱས། ང་ད་གཟོད་འདི་བྱེད་སྙམ་པ། ན་ནིང་གི་ང་དེ་ད་ལྟའི་ང་འདི་ཡིན། འདི་ད་གཟོད་ཡང་འགྲོ་སྙམ་པ་དེ་ལ་རྟག་པར་འཛིན་པ་ཟེར། ང་སྙམ་པ་ཤར་དུས་ཕྱི་ནང་གི་དངོས་པོ་གཞན་སུ་དང་ཡང་མ་འདྲེས་པའི་ཁོ་རང་གི་ངོ་བོ་ཚུགས་ཐུབ་གཅིག་ཡོད་པའི་ཁུངས་སུ་སྣང་བ་དེ་གཅིག་པུར་འཛིན་པ་ཡིན། ཇི་ལྟར་རིགས་པའི་ལོངས་སྤྱོད་དམ། རྫས་སམ་འཁོར་ལ་རང་ཉིད་བདག་པོའི་ཚུལ་དུ་ཡོད་པ་ལྟར་སྣང་བ་དེ་རང་དབང་ཅན་དུ་འཛིན་པ་ཞེས་བྱ་བ་ཡིན། འཛིན་སྟངས་ཀྱིས་དེ་ལྟར་བཟུང་ཡང་དེ་ལྟ་བུར་མ་གྲུབ་སྟེ། གལ་ཏེ་བདག་དེ་རྟག་ན་ནི་བདག་དེ་ལན་གཅིག་བདེ་བ་མྱོང་ན་རྟག་ཏུ་བདེ་དགོས་པ་དང༌།
ལན་གཅིག་སྡུག་བསྔལ་མྱོང་ན་རྟག་ཏུ་སྡུག་དགོས་པ་དང༌། དུས་དང་པོ་འཁོར་བར་བཅིངས་ན་ཕྱིས་གྲོལ་བའི་དུས་མི་སྲིད་པ་དང༌། ཕྱིས་གྲོལ་བའི་གནས་སྐབས་སུ་ཡོད་ན། སྔོན་འཁོར་བ་མ་མྱོང་བར་ཐལ་བ་ལས་བདེ་སྡུག་སྤེལ་མ་དང༌། བཅིངས་གྲོལ་གྱི་གནས་སྐབས་སོ་སོར་འབྱུང་བས་རྟག་པའི་བདག་མེད་པར་ཐག་ཆོད། གཅིག་པུ་ཡང་མི་འཐད་དེ། བདག་ཅེས་བྱ་བ། རང་གི་ལུས་སེམས་ཀྱི་ཕུང་པོ་ལ་ཡོད་པ་ལྟར་སྣང་ན། མིག་ཀྱང་བདག་མ་ཡིན། རྣ་བ་དང༌། སྣ་དང༌། ལྕེ་དང༌། ཡིད་ཀྱང་བདག་མ་ཡིན། དེ་དག་རེ་རེ་བཞིན་བདག་ཡིན་ན་དུ་མར་འགྱུར། རེ་རེ་ནས་བདག་མ་ཡིན་ན་བདག་མ་རྙེད། གཞན་ཡང་བདག་ཕུང་པོ་ཡིན་ན་བདག་མི་རྟག་པར་ཐལ།
བདག་ཕུང་པོ་ལས་གཞན་ཡིན་ན་མིག་ཤེས་ཀྱིས་མཐོང་བ་ལ་བདག་གིས་མཐོང་། ལུས་ཀྱི་རེག་པ་ལ་བདག་གིས་རེག་ཅེས་པའི་འདུ་ཤེས་འབྱུང་བ་འགལ། དེའི་ཕྱིར་གཅིག་པུའི་རང་བཞིན་ཅན་གྱི་ང་བདག་མ་གྲུབ། གཅིག་པུ་མ་གྲུབ་པས་རང་དབང་ཅན་མི་འགྲུབ། ཁྱད་པར་དུ་ཡང་བྱ་བྱེད་ཐམས་ཅད་རྐྱེན་ལ་རག་ལུས་པར་མངོན་སུམ་དུ་མཐོང་བས། རང་དབང་ཅན་གྱི་བདག་མི་སྲིད། གཞན་ཡང་ཕུང་པོའི་ཕྱི་རོལ་ན་ཡང་བདག་མ་གྲུབ། ཕུང་པོའི་ནང་ནའང་བདག་མི་གནས། ཕུང་པོ་རེ་རེའང་བདག་མིན། ཕུང་པོ་བསལ་བའི་ཤུལ་ནའང་བདག་མེད། ཕུང་པོའི་སྤྱི་ལའང་བདག་མེད་དེ། རེ་རེ་ལས་གཞན་པའི་སྤྱི་མ་གྲུབ་པའི་ཕྱིར་རོ། །དེས་ན་བདག་ཅེས་བྱ་བ་ནི་
བློས་བཏགས་པ་ཙམ། འཁྲུལ་ངོ་ཙམ་ཕྱིན་ཅི་ལོག་ཁོ་ན་ཡིན་གྱི། ངོ་བོས་གྲུབ་པ་ནི་འགའ་ཡང་མེད་དོ་སྙམ་དུ་བསྒོམ། དམིགས་སྐོར་ང་གསུམ་པའོ། །གང་ཟག་གི་བདག་མེད་སྒོམ་པ་འདི་ལ་བློའི་འཁོབས་དང་བསྟུན་པའི་དམིགས་སྐོར་དུམ་བུ་འགའ་ཤས་སུ་བཅད་ཀྱང་རུང་བ་ལགས། ད་ནི་ཆོས་ཀྱི་བདག་མེད་སྟོན་ཏེ། ཆོས་ཞེས་པ་ཕུང་ཁམས་སྐྱེ་མཆེད་ལ་ཟེར། དེ་རྣམས་ལ་བློས་བཏགས་པ་ཙམ་མ་ཡིན་པར་རང་ཚུགས་ཐུབ་པའི་དངོས་པོ་གཅིག་ཡོད་སྲིད་ན། དེ་ཆོས་ཀྱི་བདག་ཡིན་མོད་ཀྱང༌། དེ་འདྲ་ཡེ་མི་སྲིད་པས་ཆོས་ཐམས་ཅད་ཆོས་ཀྱི་བདག་མེད་པ་ཡིན་ནོ། །དེ་ལྟར་ཡིན་ཀྱང་འཁོར་བ་ཐོག་མ་མེད་པ་ནས་ཕུང་ཁམས་སྐྱེ་མཆེད་རྣམས་རང་ཚུགས་སུ་གྲུབ་པར་འཛིན་པའི་རྣམ་རྟོག་འདི་སྦྱོང་བའི་ཕྱིར་ཆོས་ཀྱི་བདག་མེད་བསྒོམ་དགོས་པ་ཡིན་ནོ། །དེ་ལ་དང་པོར་རང་རྒྱུད་ཀྱི་ཕུང་པོ་རང་བཞིན་མེད་པར་བསྒོམ་དགོས། དེའི་ཡང་ཐོག་མ་རང་རྒྱུད་ཀྱིས་བསྡུས་པའི་གཟུགས་ཕུང་ལུས་ཀྱི་ཆོས་ལ་བལྟས་ན། དངོས་པོ་སྣ་ཚོགས་ཚོགས་པ་ལྟར་སྣང་བ་གཅིག་ལ་ལུས་ཞེས་སྤྱི་མིང་གཅིག་ཏུ་བཏགས་ནས། མིང་དང་མཚུངས་པའི་དངོས་པོ་ཞིག་ཡོད་དོ་སྙམ། བློ་ཕྱིན་ཅི་ལོག་གིས་བཟུང་བ་མ་གཏོགས། དེ་ལྟར་མ་གྲུབ་སྟེ། དང་པོར་ལུས་འདི་ལ་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་དབང་པོ་རྣམས་ཀྱང་ཐ་དད། དབང་པོ་རྣམས་དང་མི་གཅིག་པའི་དབང་རྟེན་ཁོག་པ་ཡང་སོ་སོ་རེ་འདུག །
མགོ་བོ་དང༌། མགྲིན་པ་དང༌། བྲང་དང༌། རྒྱབ་དང༌། རྐེད་པ་དང༌། ཕོ་བ་དང༌། ལྟོ་བ་དང༌། ཕྲག་པ་གཉིས་དང༌། དཔུང་པ་གཉིས་དང༌། བར་ལྷུ་གཉིས་དང༌། ལག་ངར་གཉིས་དང༌། ལག་མགོ་གཉིས་དང༌། དཔྱི་གཉིས་དང༌། བྱིན་པ་གཉིས་དང༌། རྐང་མགོ་གཉིས་དང༌། དོན་ལྔ་སྣོད་དྲུག་སོགས་ནང་ཁྲོལ་རྣམས་དང༌། བུ་ག་དགུ་ལ་སོགས་པ་སྣ་ཚོགས་པ་འདུས་པའི་ཕུང་པོ་ཡིན་སྙམ་དུ་བསམ། དེས་ན་ལུས་ཞེས་པ་ལ་བློས་བཏགས་པ་མ་གཏོགས་བདེན་པར་མི་འདུག །དེ་རྣམས་རེ་རེ་ནས་ལུས་ཡིན་ན་ལུས་མང་པོ་ཅན་དུ་འགྱུར། རེ་རེ་ནས་མིན་ན་ནི་ལུས་མ་རྙེད། ཚོགས་པ་ཙམ་ཡིན་ནོ་སྙམ་ན། རེ་རེ་ལས་གཞན་པའི་ཚོགས་པ་མེད་པའི་ཕྱིར་བློས་བཏགས་པ་ཙམ་མ་གཏོགས་མེད་པར་སོང་ངོ༌། །དམིགས་སྐོར་ང་བཞི་པའོ། །ཡང་གཟུགས་ཀྱི་ཕུང་པོས་བསྡུས་པའི་ལུས་འདི་བདེན་པར་མ་གྲུབ་སྟེ། རྐང་ལག་བཞི་སྟོད་སྨད་མགོ་བྲང་ཞོལ་ནང་ཁྲོལ་ཏེ་གཟུགས་དགུར་འགྲོ། གཟུགས་རེ་རེ་ནས་གྲུབ་བམ་ན་མ་གྲུབ་སྟེ། རེ་རེ་བཞིན་ལྷུ་གསུམ་གསུམ་ལ་སོགས་པར་འགྲོ། ལྷུ་རེ་རེ་ནས་བདེན་ནམ་སྙམ་ན་མི་བདེན་ཏེ། སོར་ཚིགས་ཙམ་དུ་མར་འགྲོ། སོར་ཚད་རེ་རེ་ནས་གྲུབ་བམ་སྙམ་ན་མ་གྲུབ་སྟེ། རེ་རེ་ནས་ནས་ཙམ་བདུན་བདུན་དུ་འགྲོ། དེ་རེ་རེ་ནས་ཀྱང་མི་བདེན་ཏེ། ཤིག་གི་ཚད་ཙམ་བདུན་བདུན་མཐར་སྲོ་མ་དང༌། ཉི་ཟེར་རྡུལ་དང༌། གླང་རྡུལ་དང༌། ལུག་རྡུལ་དང༌། རི་བོང་རྡུལ་དང༌། ཆུ་རྡུལ་དང༌། ལྕགས་རྡུལ་གྱི་
བར་དུ་སྔ་མ་སྔ་མའི་དཀྱུས་ཀྱི་ཚད་བདུན་བདུན་དུ་བཏུབས་པས་ཕྱི་མ་ཕྱི་མའི་ཚད་དུ་འགྱུར། ལྕགས་རྡུལ་རེ་རེ་ནས་བདེན་ནམ་སྙམ་ན་མི་བདེན་ཏེ། ལྕགས་རྡུལ་གྱི་དཀྱུས་ཀྱི་ཚད་ལ་རྡུལ་ཕྲན་བདུན་ཡོད། དེར་ཡང་མ་གྲུབ་སྟེ་རྡུལ་ཕྲན་རེ་རེ་ལ་རྡུལ་ཕྲ་རབ་བདུན་ཡོད་དོ། །བདུན་འགྱུར་འདི་རྣམས་ལ་དཀྱུས་ཞེང་རྒྱ་དཔངས་ཐམས་ཅད་བསྡོམས་ན། སྔ་མ་སྔ་མ་གསིལ་བས་ཕྱི་མ་ཕྱི་མ་སུམ་བརྒྱ་བཞི་བཅུ་ཞེ་གསུམ་རེ་ཡོད། དཀྱུས་ལ་བདུན་ཡོད་པ་ཞེང་ལའང་དེ་ཙམ་ཡིན་པས་བཞི་བཅུ་ཞེ་དགུར་འགྱུར་ལ། དེ་ཙམ་པ་དཔངས་སུ་ཡང་བདུན་ཡོད་པས་སོ། །དམིགས་སྐོར་ང་ལྔ་པའོ། །རྡུལ་ཕྲ་རབ་རེ་རེ་བཞིན་བདེན་པར་གྲུབ་བམ་སྙམ་ན་མ་གྲུབ་སྟེ། རེ་རེ་བཞིན་ཕྱོགས་རེ་དང༌། སྟེང་འོག་ཏུ་ལྟ་བའི་ཆ་རེ་སྟེ་དྲུག་ཏུ་སྣང་ལ། དབུས་ཀྱི་ཆ་གཅིག་ཀྱང་ཡོད་དགོས་ཏེ། དེ་མེད་ན་ཤར་ནུབ་སོགས་ལ་ལྟ་བ་རྩོམ་མི་ཐུབ་པས་སོ། །དེ་ལྟར་ཆ་བདུན་པོ་རེ་རེ་ལ་ཡང་དེ་བཞིན་དུ་ཕྱེ་བས་དེ་ཡང་མ་གྲུབ། དེ་ལྟར་ཐུག་མེད་དུ་ཕྱེ་བས་མཐའ་མེད་དེ། ལུས་ཞེས་བྱ་བ་བློས་བཏགས་པ་ཙམ་མ་གཏོགས། གནས་ཚུལ་ལ་མ་གྲུབ་པ་ཁོ་ནའོ། །དེས་ན་སྣང་བ་ཙམ་མ་འགགས་པ་སྒྱུ་མ་ལྟ་བུ་ལ། རང་བཞིན་གདོད་ནས་གང་དུའང་མ་གྲུབ་སྟེ། དངོས་པོ་འདི་རྣམས་དེ་ལྟར་ན་གཅིག་ཏུ་མ་གྲུབ། དེ་མ་གྲུབ་པས་དུ་མར་ཡང་མི་འགྲུབ་སྟེ། གཅིག་གཅིག་པོར་གྲུབ་པ་མང་པོར་བསགས་པ་ལས་དུ་མ་སྒྲུབ་དགོས་པའི་ཕྱིར་རོ། །དམིགས་སྐོར་
ང་དྲུག་པའོ། །འོ་ན་གཟུགས་ཕུང་མི་བདེན་ཀྱང་སེམས་སུ་བདེན་པ་ཡིན་སྙམ་ན། སེམས་ལ་དབྱེ་ནའང༌། གཟུགས་མཐོང་བ་དང་སྒྲ་ཚོར་བ་ལ་སོགས་པ་གཙོ་བོར་རྣམ་པར་ཤེས་པ། རྣམ་ཤེས་ཚོགས་བརྒྱད་སོ་སོར་འདུག་སྟེ། རྣམ་ཤེས་ཀྱི་ཕུང་པོ་ཡང་དུ་མར་ཞིག་སྟེ་ཐལ། བདེ་སྡུག་བཏང་སྙོམས་མྱོང་བ་སོགས་ཚོར་བར་འདུག་སྟེ། ཚོར་བ་ཡང་གཅིག་ཏུ་མ་གྲུབ། མཐོ་དམན་བཟང་ངན་མིང་དོན་སྣ་ཚོགས་འཛིན་པ་སོགས་འདུ་ཤེས་སུ་འདུག་སྟེ། དེ་ལའང་གཅིག་ཏུ་ངོས་བཟུང་མ་བྱུང༌། ལྷག་མ་འདོད་ཆགས་ཞེ་སྡང་དད་པ་ལ་སོགས་པ་རྣམ་རྟོག་མི་འདྲ་བ་ཇི་སྙེད་གཅིག་ལ་བློས་བསྡོམས་ནས་འདུ་བྱེད་ཅེས་བཏགས་པར་ཟད་ཀྱི། སེམས་ཞེས་བྱ་བ་ཡང་གཅིག་ཏུ་མ་གྲུབ། གཅིག་མ་གྲུབ་པས་དུ་མར་ཡང་མ་གྲུབ་བོ་ཞེས་བསྒོམ་སྟེ། དམིགས་སྐོར་ང་བདུན་པའོ། །ད་ཤེས་པའི་རྣམ་གྲངས་དེ་ཐམས་ཅད་ཀྱང་རིག་རིག་ཏུར་ཏུར་པོ་འདིའི་རྣམ་འགྱུར་མ་གཏོགས་ཚུགས་ཐུབ་ཏུ་མི་འདུག །དཔེར་ན་ཆུ་ལ་རི་བྲག་གི་གཟུགས་བརྙན་ཤར་བ་དང་འདྲ། རིག་རིག་པོ་འདི་ལ་བལྟས་ན། འདས་པའི་སེམས་ནི་འགགས་ནས་མེད། མ་འོངས་པའི་སེམས་ནི་མ་སྐྱེས་ནས་མེད། ད་ལྟའི་རིག་པ་སྐད་ཅིག་མ་བྱས་ཀྱང་རང་ངོས་ནས་བདེན་པར་གྲུབ་པ་མེད་དེ། སྐད་ཅིག་གཅིག་པོ་དེ་ལའང་སྔ་མ་དང་འབྲེལ་བ་སྐྱེ་བའི་ཆ་གཅིག་དང༌། ཕྱི་མ་དང་འབྲེལ་བ་འགགས་པའི་ཆ་གཅིག་དང༌། དབུས་ན་གནས་པའི་ཆ་གཅིག་སྟེ་སིལ་བུར་འགྲོ།
དེའི་དབུས་ཀྱི་ཆ་ལ་བལྟས་ན་ཆ་གསུམ་སོགས་ཐུག་མེད་དུ་དཔྱད་ན་མཐའ་མེད་དུ་སོང་ནས་གང་ཡང་གཅིག་པུའི་ངོ་བོ་མ་གྲུབ་པ་དེར་གདའ། གཅིག་མ་གྲུབ་པས་དུ་མ་མི་འགྲུབ་པ་སོགས་གོང་བཞིན། དམིགས་སྐོར་ང་བརྒྱད་པའོ། །དེས་རང་རྒྱུད་ཀྱི་ཕུང་པོ་བདེན་མེད་དུ་གཏན་ལ་ཕབ་ཟིན། ད་ནི་རང་གི་ལུས་སེམས་ཀྱིས་བསྡུས་པའི་ཕུང་པོ་ལྔ་པོ་བདེན་མེད་དུ་གཏན་ལ་ཕབ་ཟིན་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ཕུང་པོ་ལྔ་ཡང་དེ་དང་འདྲ། ཁྱད་པར་དུ་དགྲ་སྡང་བའམ། གཉེན་བྱམས་པ་ལྟ་བུ་ཉོན་མོངས་དྲག་ཏུ་སྐྱེ་བའི་ཡུལ་གཅིག་ལ་ཆེད་དུ་དམིགས་ནས། རང་གི་ལུས་ལ་དཔྱད་པ་བཞིན་དེའི་ལུས་ལ་ཡང་དཔྱད། རང་གི་སེམས་མིང་གཞིའི་ཕུང་པོ་ལ་དཔྱད་པ་བཞིན་དུ། དེའི་སེམས་ལ་ཡང་དཔྱད་དེ། དེས་ན་སྐྱེ་བོ་ཆེ་གེ་མོ་དང༌། ག་གེ་མོ་ཞེས་བྱ་བ་འདི་ཀུན་ཀྱང་བློས་བཏགས་ནས་སེམས་ཅན་དེ་དང་དེའོ་ཞེས་ཕྱིན་ཅི་ལོག་ཏུ་བཏགས་པར་ཟད་ཀྱི་ངེས་པར་ན་གང་དུ་ཡང་མ་གྲུབ་པས་སྒྱུ་མ་ལྟ་བུའོ་ཞེས་སྦྱངས་ནས། དེས་ཐམས་ཅད་ལ་རིགས་འགྲེས་ཏེ་བསྒོམ་དགོས་སོ། །འདི་བཅུད་ཀྱི་སེམས་ཅན་ཐམས་ཅད་སྟོང་པར་བསྒོམ་པ་ཞེས་བྱ་སྟེ། དམིགས་སྐོར་ང་དགུ་པའོ། །ཡང་བཅུད་ཀྱི་སེམས་ཅན་དུ་མ་ཟད། ཕྱི་སྣོད་ཀྱི་འཇིག་རྟེན་ཡང་མི་བདེན་ཏེ། སྟོང་གསུམ་བཤིག་པས་སྟོང་བར་མ་དང༌། དེ་བཞིན་དུ་སྟོང་སྤྱི་ཕུད་དང༌། གླིང་བཞི་པ་དང༌། འཛམ་བུ་གླིང་ལྟ་བུ་དང༌། རྒྱལ་ཁམས་
གཅིག་དང་། དཔག་ཚད་ཙམ་དང༌། རྒྱང་གྲགས་ཙམ་དང༌། འདོམ་གང་ཙམ་དང༌། ཁྲུ་གྲུ་བཞི་པ་དང༌། སོར་གཅིག་ཙམ་དང༌། ནས་ཙམ་ནས་རྡུལ་ཕྲ་རབ་ཀྱི་བར་དུ་བཤིག་ན་སྔ་མ་སྔ་མ་མ་གྲུབ་ཅིང༌། རྡུལ་ཕྲན་ཡང་སྔོན་བཞིན་དུ་བཤིག་པས་མཐར་གང་ཡང་མ་གྲུབ། གཅིག་ཏུ་མ་གྲུབ་པས་དུ་མ་མི་འགྲུབ་པ་སོགས་གོང་བཞིན་ཏེ། མདོར་ན་འདི་དང་འདི་ལྟ་བུའོ། །འདི་ནི་ཁང་ཁྱིམ་མོ། །འདི་ནི་ཞིང་ངོ༌། །འདི་ནི་འབྲུའོ། །འདི་ནི་ནོར་རྫས་སོ།
འདི་ནི་ལོ་ཐོག་གོ །དེ་བཞིན་དུ་རི་དང་ཐང་དང་ཆུ་དང་རྒྱལ་ཁམས་ལ་སོགས་པར་འཛིན་པ་དག་ཀྱང་བདེན་དངོས་སུ་མ་གྲུབ་པའི་ཚོགས་པར་སྣང་བ་ཙམ་བློས་མིང་འདོགས་ཐ་དད་བཏགས་ནས་བདེན་དངོས་སུ་འཛིན་པ་ཙམ་དུ་ཟད་ཀྱི། དོན་དུ་ན་ཅུང་ཟད་ཙམ་ཡང་གྲུབ་པ་མེད་དོ་སྙམ་དུ་འདུན་པ་སྦྱངས། སྣོད་ཀྱི་འཇིག་རྟེན་སྟོང་པར་བསྒོམ་པ་སྟེ། དམིགས་སྐོར་དྲུག་ཅུ་པའོ། །ཡང་རང་གཞན་སྣོད་བཅུད་མཐོང་ཐོས་གཟུགས་ཅན་ཐོགས་བཅས་ཐམས་ཅད་ནི། ས་ཆུ་མེ་རླུང་ནམ་མཁའ་སྟེ་ཁམས་ལྔས་བསྡུས། རིག་ཙམ་འགྱུ་བ་ཐམས་ཅད་ནི་རྣམ་པར་ཤེས་པས་བསྡུས། དེ་ལ་འབྱུང་བ་བཞི་པོ་ནི། ཕྲ་མོར་ན་རང་ཚུགས་མ་ཐུབ་སྟེ་འདྲེས་ཤིང་གནས། སའི་རྡུལ་ཕྲན་ཡང་མ་གྲུབ་སྟེ་འབྱུང་བ་གཞན་དང་འདྲེས་པའི་ཕྱིར་དང༌། ནམ་མཁའ་ཞེས་བྱ་བ་ནི་གཟུགས་ཅན་དེ་རྣམས་མེད་པའི་ཤུལ་ལ་བློས་བཏགས་པ་མ་གཏོགས་བྱ་བྱེད་མེད་ཅིང་བདེན་དངོས་མེད་ལ། རྣམ་པར་ཤེས་པ་
ཡང་རྐྱེན་གློ་བུར་བའི་སྣང་ཆ་ཙམ་མ་གཏོགས་ངོས་གཟུང་དུ་མེད་པར་རང་གཞན་སྣོད་བཅུད་ཐམས་ཅད་གནས་ཚུལ་ལ་ཡེ་མ་གྲུབ་ལ། རེ་ཞིག་འཁྲུལ་པ་ཅན་གྱི་བློ་ལ་སྣང་ཆ་མ་འགགས་ཀྱང་རང་བཞིན་མེད་པས་སྒྱུ་མ་ལྟ་བུའོ་སྙམ་དུ་བསྒོམ། སྣོད་བཅུད་ཐམས་ཅད་སྟོང་པར་བསྒོམ་པ་སྟེ། དམིགས་སྐོར་དྲུག་ཅུ་རེ་གཅིག་པའོ། །གཞན་ཡང་དངོས་མེད་ཅེས་བྱ་བ་ནི། དངོས་པོ་ལ་བརྟེན་ནས་བློས་བཞག་པ་ཙམ་ཡིན་གྱི་དོན་དམ་པར་ལྟ་ཅི་སྨོས། ཀུན་རྫོབ་བླང་དོར་གྱི་ཡུལ་དུ་ཡང་མ་གྲུབ་སྟེ་གང་ཡང་ཡོད་པ་མ་ཡིན་ལ། གང་དུ་སྣང་གྲགས་ཀྱི་ཆོས་འདི་དག་ཐམས་ཅད་ཡེ་ནས་མ་གྲུབ་བོ་ཞེས་བསམ་མོ། །གདོད་ནས་རྩ་བ་དང་བྲལ་བ་ལ་སྟོང་པའི་ཆོས་ཞེས་བྱ་བ་ཡང་མེད་དེ། མོ་གཤམ་གྱི་བུ་དང་པོ་ནས་བྱུང་བ་མི་སྲིད་པས་མོ་གཤམ་གྱི་བུ་མེད་ཅེས་པའང་མི་སྲིད་དེ། དེ་འདྲ་བའི་སྟོང་པ་ཡང་མི་སྟོང་པ་ལ་ལྟོས་ཏེ་བློས་བཞག་པ་ཡིན་པའི་ཕྱིར། ཡོད་མེད་ཡིན་མིན་སོགས་ཅིར་ཡང་མ་གྲུབ་པ་ལ་བློས་གང་དུའང་མི་འཛིན་པར་གསལ་ལ་རྟོག་མེད་ཀྱི་ངང་དུ་ལྷན་ནེ་འཇོག །ཡང་རྟོག་པ་སྐྱེས་བྱུང་ན། དེའི་ངོ་བོ་ལ་བལྟས་ཏེ་ངོས་བཟུང་དང་བྲལ་བ་དེ་ཀ་བསྒོམ། དམིགས་པ་སྔ་མ་དང་འདི་གཉིས་སྦྲེལ་ནས་གསལ་ལ་ཐུང་བ་ཡང་ཡང་བསྒོམ་པ་གནད་དུ་ཆེ། མཐར་ཐུག་སྤྲོས་བྲལ་བསྒོམ་པའི་དམིགས་པ་སྟེ། དམིགས་སྐོར་རེ་གཉིས་པའོ། །དེ་ནས་དེ་ཐམས་ཅད་བསྡོམས་ནས་བསྒོམ་སྟེ། སྔར་གྱི་གོ་བ་རྣམས་
ཡུད་ཅིག་དྲན་པར་བྱས་ནས། རང་གཞན་སྣོད་བཅུད་འདི་དག་ཐམས་ཅད་ལ་ང་བདག་ཅེས་བྱ་བ་ཡང་མ་གྲུབ། བྱེད་པ་པོ་གང་ཡང་མེད་དེ། རྟེན་འབྲེལ་ཚོགས་པ་ཙམ་ལས་སྣང་བ་ཡིན། འདི་ཐམས་ཅད་གཅིག་དང་དུ་མ་གང་ཡང་མ་གྲུབ་པས་འཁྲུལ་ངོར་སྣང་ཙམ་མ་གཏོགས། གནས་ལུགས་ལ་ཅི་ཡང་མ་གྲུབ་ཅིང༌། ལེགས་པར་བརྟགས་ན་མ་གྲུབ་པ་དང་མེད་པ་ཞེས་བྱ་བ་ཡང་བློས་ཡོད་པའི་མཚན་ཉིད་གཅིག་གསར་དུ་བཅོས་ནས་དེ་དང་འགལ་བར་སྣང་བ་ལ་མེད་པ་དང་མ་གྲུབ་པའི་ཐ་སྙད་བཏགས་པ་ཙམ་དུ་ཟད་དོ། །དེ་ལྟར་ཕན་ཚུན་བརྟགས་པས་དམིགས་གཏད་ཡལ་བ་དེ་ལ་ཅིར་ཡང་མི་བསམ་པར་མཉམ་པར་བཞག་ཅིང༌། སྔར་གྱི་དམིགས་གཏད་སངས་པའི་ངོས་བཟུང་ཐམས་ཅད་དང་བྲལ་བའི་རྣམ་ཆ་དེ་མ་ཡལ་བར་དུ་མི་རྟོག་པ་དེ་ལ་བཞག །ཡང་དེ་ཡལ་སོང་ན་སྟོང་ཉིད་ཀྱི་རྣམ་པ་ནུབ་པའི་མི་རྟོག་པ་ཙམ་ལ་མི་འཇུག་སྟེ། སྔར་གྱི་དེ་བསྐྱར་གྱིན་བསྒོམ་དགོས་པས་ཡལ་མ་ཡལ་གྱི་ས་མཚམས་ཤེས་པ་གལ་ཆེ་གསུང༌། ཐོག་མའི་སྐབས་སུ་སྡོད་པའི་རྣམ་པ་ཡུན་རིང་མི་སྡོད་པ་འདྲ་བ་ཞིག་ཡོང་ཡང་ཉམས་མྱོང་གི་སྣེ་ཞིག་རྙེད་པའི་མཚམས་ནས་ཇེ་རིང་ཇེ་རིང་ལ་འགྲོ། འདིར་དམིགས་པ་ལ་སེམས་གཏད་པ་འཇོག་པ་དང༌། དེའི་རྒྱུན་བསྲིང་བ་ཉེ་བར་འཇོག་པ་ཡིན། རྣམ་རྟོག་བྱུང་ཚད་འཕྲོ་གཅོད་པ་དེ་བསླན་ཏེ་འཇོག་པ་ཡིན། དེ་ནས་ཡུན་ཇེ་རིང་ཇེ་རིང་ལ་འགྲོ་བ་དེ་ཉེ་བར་འཇོག་པ་ཡིན། དེ་ནས་
ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་ནས་དགའ་བ་བསྒོམས་པས་ལྷག་པར་བསྒོམ་པ་ལ་སྤྲོ་བ་འབྱུང་སྟེ། འདུལ་བར་བྱེད་པ་ཡིན། རེས་འགའ་རྣམ་གཡེང་ལ་སོགས་པའི་ཉེས་དམིགས་དྲན་པས་རྣམ་གཡེང་སོགས་རང་འགགས་ལ་འགྲོ་སྟེ། ཞི་བར་བྱེད་པ་ཡིན། དེ་གཉིས་སྤྲོ་བ་བསྐྱེད་པ་དང་སྐྱོ་ཤས་བསྐྱེད་པའི་རྣམ་གྲངས་ཡིན། རེ་དོགས་དང་ཆགས་སྡང་གི་རྣམ་རྟོག་གང་བྱུང་བ་ཐམས་ཅད་གང་སྐྱེས་ཀྱི་ངོ་བོ་ལ་ཆེར་རེ་བལྟས་པས། སྔར་ཤེས་པ་བདེན་མེད་དུ་བསྒོམས་པ་དེས་རྒྱས་ཐེབས་ནས། རང་བབས་སུ་ཞི་བ་ནི་ཉེ་བར་ཞི་བ་ཡིན། རེ་ཞིག་བར་ལ་རྒྱུད་ལང་ཤོར་ཅན་དེ་ཐབས་དེ་དག་གིས་ཡང་ཡང་འཚོ་དགོས་ཤིང༌། དེ་ནས་ཇི་ཞིག་ལྟར་ན་སེམས་བསྒྲིམས་ན་བྱིང་རྒོད་ཀྱི་སྐྱོན་མེད་ཅིང༌། དམིགས་ཡུལ་སྟོང་པའི་རྣམ་པ་དེ་ལ་སེམས་ཡུན་རིང་དུ་གནས་པར་འགྱུར། དེ་སྐབས་བསྒྲིམ་དགོས་ཏེ། སེམས་ཀྱི་རྒྱུད་གཅིག་ཏུ་བྱེད་བྱ་བ་དེ་ཡིན། མཐར་སྔར་གྱི་ལྟ་བའི་ཉམས་མྱོང་དྲན་ཙམ་བྱས་ནས་བཞག་པ་ཁོ་ནས་སྟོང་པའི་རྣམ་པ་ཅན་དེ་ཡུན་རིང་དུ་གནས་པ་འབྱུང་སྟེ། དེའི་ཚེ་རྩོལ་བ་ཀློད་དེ་རང་བབས་སུ་འཇོག་དགོས་པས་མཉམ་པར་བཞག་པ་ཞེས་བྱ་བ་གྲུབ་པ་ཡིན་ནོ། །སྒོམ་སྐྱོང་ཚུལ་འདི། ཆོས་མངོན་པ་ལས། ལྷག་མཐོང་སྔོན་དུ་སོང་བའི་ཞི་གནས་སྒོམ་ཚུལ་གཅིག་ཀྱང་ཡོད་པ་དེའི་ལུགས་ཡིན། འདི་ཀ་མ་ལ་ཤཱི་ལའི་སྒོམ་རིམ་ལ་སོགས་པའི་ལུགས་དང་མཚུངས་པར་དཔྱད་པ་སྔོན་སོང་གི་
མི་རྟོག་པ་སྒོམ་ཚུལ་ཡིན། བཤེས་གཉེན་པོ་ཏོ་བ་ཆེན་པོའི་བེའུ་བུམ་ལས། དཔལ་ལྡན་ཨ་ཏི་ཤའི་ལུགས་ལ་དཔྱད་པ་སྔོན་སོང་ཁོ་ན་དགོས་པར་གསུངས། འོན་ཀྱང་ཨ་ཏི་ཤའི་བློ་སྦྱོང་གི་གདམས་ངག་འགའ་རེ་སོགས་མདོ་ལུགས་དང༌། ཕྱག་ཆེན་སོགས་སྔགས་ཀྱི་གདམས་ངག་མང་པོ་ལ་དཔྱད་པ་སྤངས་པའི་གདམས་ངག་ཀྱང་ཤིན་ཏུ་མང་མོད། རེ་ཞིག་བསྟན་རིམ་གྱི་མན་ངག་སྟོན་པའི་སྐབས་འདིར། བཤེས་གཉེན་ཆེན་པོ་པོ་ཏོ་བས་གསུངས་པ་ལྟར་བྱེད་དགོས་སོ། །དམིགས་སྐོར་རེ་གསུམ་མོ། །ལྟ་བ་སྐྱོང་ལུགས་འདིའི་རིགས་ལ་སེམས་གནས་པ་ནམ་གྲུབ་པ་ན་ལྷག་མཐོང་ཡང་གྲུབ་སྟེ། ཐོག་མ་ཉིད་ནས་ཞི་ལྷག་ཟུང་དུ་འཇུག་པ་ཉིད་ཡོང་བར་བཞེད་དོ༑ ༑གསུམ་པ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ནི། དེ་ལ་སྟོང་རྐྱང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པར་མི་འགྲོ་བས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཅིག་དགོས་པ་ཡིན། དེ་ལྟར་ན་དོན་དམ་པར་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་གང་ཡང་མ་གྲུབ་པར་འདུག །དཔེ་ནམ་མཁའ་དང་འདྲ། དེ་ལྟར་མ་གྲུབ་པ་ལ་མ་གྲུབ་པར་མངོན་སུམ་དུ་རྟོགས་ན། སྡུག་བསྔལ་མྱོང་བ་པོའི་སེམས་ཅན་ཡང་མེད། མྱོང་རྒྱུའི་སྡུག་བསྔལ་ཡང་མེད། མྱོང་ཚུལ་ལས་ཉོན་སྡུག་བསྔལ་གསུམ་ཕན་ཚུན་གཅིག་ནས་གཅིག་ཏུ་འཁོར་འགྲོ་རྒྱུ་ཡང་གདོད་ནས་མ་གྲུབ་པར་འདུག་མོད། དེ་ལྟར་མ་རྟོགས་ཙ་ན། སྡུག་བསྔལ་མྱོང་བ་པོའི་སེམས་ཅན་གྱི་སྣང་བ་ཡང་ཤར། མྱོང་བྱ་
སྡུག་བསྔལ་གྱི་སྣང་བ་ཡང་ཤར། མྱོང་ཚུལ་དང་འཁོར་ཚུལ་ཡང་ཤར། དེ་ཐམས་ཅད་མེད་བཞིན་དུ་སྣང་བ་ཡིན་ཀྱང་སྒྱུ་མས་བསླུས་པའི་སེམས་ཅན་ལྟར་སྡུག་བསྔལ་སྣ་ཚོགས་མྱོང་བ་སྙིང་རེ་རྗེ། འདི་རྣམས་འཁྲུལ་པ་སངས་ཏེ། གནས་ལུགས་རྟོགས་པའི་སངས་རྒྱས་ལ་འགོད་པར་བྱ། དོན་དམ་པར་བདག་ཀྱང་མ་གྲུབ། སེམས་ཅན་དེ་རྣམས་ཀྱང་མ་གྲུབ། འཁྲུལ་པ་ཡང་མ་གྲུབ། འཁྲུལ་པ་སེལ་བར་བྱེད་པའི་ལམ་ཡང་མ་གྲུབ་མོད་ཀྱི། ཀུན་རྫོབ་འཁྲུལ་པའི་སྣང་བ་ཙམ་དུ་སྡུག་བསྔལ་དང་སྒྲིབ་པ་ཡོད་པར་སྣང་བ་བཞིན་དུ། ལམ་ཡང་ཡོད་པར་སྣང༌། ལམ་བསྒོམས་པས་འཁྲུལ་པ་སངས་ཏེ། གནས་ལུགས་ལ་ངང་གིས་གནས་པའི་སངས་རྒྱས་སུ་འགྱུར་བའང་ཡིན་པ་ལ། སྒྱུ་མ་ལྟ་བུའི་བདག་གིས་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ། སྒྱུ་མ་ལྟ་བུའི་ལམ་མམ་ཆོས་བསྟན་པས་སྒྱུ་མ་ལྟ་བུའི་སྡུག་བསྔལ་གྱིས་ཤ་ཐང་ཆད་པ་འདི་དབྱིངས་སུ་དགྲོལ་བར་བྱའོ། །སྡུག་བསྔལ་མྱོང་བྱ་མྱོང་བྱེད་ཐམས་ཅད་བདེན་པར་མ་གྲུབ་ལ། སྣང་གྲགས་ཀྱི་ཆོས་གང་ཡང་བདེན་པར་གྲུབ་པ་མི་སྲིད་མོད་ཀྱི། རྟག་པ་མཐར་བཟུང་སྟེ། ཅི་སྟེ་བདེན་གྲུབ་ཀྱི་སྡུག་བསྔལ་ཞིག་སྲིད་དུ་ཆུག་ཀྱང༌། བདེན་མེད་ཀྱི་སྡུག་བསྔལ་མྱོང་བ་འདི་ལས་ལྷག་པའི་སྡུག་བསྔལ་མྱོང་རྒྱུ་མེད། འདི་མེད་པར་རྟོགས་ན་རང་གྲོལ་དུ་འདུག་པ་ལ་དེ་ལྟར་མ་རྟོགས་པ་སྙིང་རེ་རྗེ། ཞེས་ཡང་ཡང་བསམ་ཞིང་བསྒོམ། དམིགས་སྐོར་དྲུག་ཅུ་རེ་བཞི་པའོ། །
ད་ནི་དེའི་བོགས་འདོན་དུ་ཞག་གཅིག་སྟོང་ཉིད་འབའ་ཞིག་བསྒོམ། ཞག་གཅིག་སྙིང་རྗེ་འབའ་ཞིག་བསྒོམ། ཞག་གཅིག་སྔར་གྱི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་དེ་བསྒོམ། དེ་འདྲ་ཡང་ཡང་བྱས་པས་བོགས་ཤིག་ཐོན་ནས་འོང༌། ཡང་རེས་འགའ་ཐུན་གཅིག་སྟོང་ཉིད་རྐྱང་པ་བསྒོམ། ཐུན་གཅིག་སྙིང་རྗེ་རྐྱང་པ་བསྒོམ། ཐུན་གཅིག་གམ་གཉིས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་བསྒོམ། དེ་ལྟར་སྐབས་སྐབས་སུ་ཡང་ཡང་བྱས་པས་བོགས་ཤིག་ཐོན་ནས་ཡོང༌། ཐུན་གཅིག་གོ །ད་འདི་ལ་གེགས་སེལ་གྱི་ཐ་སྙད་གསུང་བར་གདའ། སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་དེ་སྒོམ་གྱི་མཐིལ་ཡིན། དེ་ལ་ཚེ་འདིའི་བདེ་བ་ལ་ཞེན་པའི་གེགས་འབྱུང་སྟེ། ཚེ་འདིར་ལོངས་སྤྱོད་ཆེ་བ་དང༌། གཏམ་སྙན་པ་དང༌། ཁ་དྲག་པ་ཅིག་འདོད་དམ། མི་གཞན་རྣམས་ཀྱིས་ཀྱང་ཆོས་པ་བཟང་པོར་འཛིན་དུ་རེ། གཞན་བས་རང་ལྷག་པ་གཅིག་ཡོང་དུ་རེ། སྙིང་ནས་འདོད་ཞེན་མ་ལོག་པར་གཞན་སུན་འབྱིན་པའི་ཕྱིར་དང༌། རང་ཕྱོགས་འཁྱོངས་པའི་ཕྱིར་དུ་བྱ་བཏང་བྱེད། ཆིིག་རིའམ། འདག་སྦྱར་རམ། དཀའ་ཐུབ་བམ། ལྡུམ་བུའམ། ལྟོ་འདོད་ཀྱི་བཙུན་པ། གྲགས་ཕྱིར་གྱི་བསྙེན་རྫོགས། ཁེངས་དྲེགས་ཀྱི་ཚུལ་འཆོས། ཕུགས་མི་ཐམས་ཅད་རང་ལ་དད་པ་སྐྱེས་ཏེ། རང་རྒྱལ་བ་ཞིག་ཡོང་དུ་རེ་བས་འཕྲལ་ཕམ་ཁ་ལེན་པ་ལྟར་བྱེད་པ་སོགས་ཀྱང་ཆོས་ལ་སྙད་ནས་འཇིག་རྟེན་གྱི་ཆེ་ཐབས་སྒྲུབ་པར་གདའ། སྟོང་ཉིད་སྙིང་རྗེ་དང་རྒྱབ་འགལ་ཡིན། དེ་དག་དུག་དང་འདྲེས་པའི་
ཟས་བྱ་བ་ལགས། ཐོག་མ་ཉིད་ནས་འཇིག་རྟེན་ཕལ་པ་བསམ་པ་དང་སྤྱོད་པ་གཉིས་དཀར་ནག་རྐྱང་དུ་སོང་བ་དེ་ཆེས་སྨད་པ་གཞིར་བཞག་མོད་ཀྱང༌། དེ་ལ་དགེ་སྦྱོར་དང་འདྲེས་པ་ལྟར་བཟང་རྫུའི་ཡུལ་དུ་ཡང་མ་བྱུང༌། དེ་རྣམས་ཀྱི་གཉེན་པོར་སྐྱེས་བུ་ཆུང་ངུའི་བསམ་པ་ཡང་ཡང་དྲན་དགོས། ཕྱི་མ་ལྷ་མིའི་བདེ་བ་ལ་ཞེན་པའི་གེགས་བྱ་བ། འཁོར་བའི་བདེ་བ་ལ་སྲེད་པ་མ་ལོག་པས་སྦྱིན་པ་འདྲ་གཏོང༌། ཚུལ་ཁྲིམས་འདྲ་སྲུང༌། ཁྲིགས་ཆགས་ཀྱི་དགེ་སྦྱོར་བག་རེ་བྱེད་ཀྱང་སྐྱེ་བ་ཕྱི་མའི་ཟས་གོས་ལོངས་སྤྱོད་གནས་ཁང༌། བུ་སྨད་འཁོར་གཡོག་དབང་ཐང་འཛོམས་པའི་སྐྱིད་པ་གཅིག་ཀ་སྨོན་ན། སྟོང་ཉིད་སྙིང་རྗེའི་མི་མཐུན་ཕྱོགས་སུ་སོང༌། དེའི་གཉེན་པོར་སྐྱེས་བུ་འབྲིང་གི་བསམ་པ་རྣམས་བསྐྱར་གྱིན་བསྒོམ་དགོས། བློ་ཆོས་སུ་སོང་ཡང་རང་དོན་ཡིད་བྱེད་ཁོ་ན་འདུག་ན་སྟོང་ཉིད་སྙིང་རྗེ་དང་རྒྱབ་འགལ་ཡིན་པས། དེའི་གཉེན་པོར་བདག་གཞན་མཉམ་པ་དང་བརྗེ་བ་བསྒོམ་དགོས། དེ་ཡང་གོ་ཡུལ་ཙམ་ལ་མ་ལུས་པའི་རང་གི་ལུས་སེམས་ཀྱི་ཐོག་ཏུ་དམིགས་གཏད་ཁེལ་ངེས་ཤེས་པ་གལ་ཆེ། དེའི་གདམས་ངག་བློ་སྦྱོང་ན་གསལ། སྤྱོད་འཇུག་དང་བསླབ་བཏུས་ཀུན་ན་ཡང་རྒྱས་པར་ཡོད། རྒྱལ་ཚབ་བྱམས་པས། བདག་དང་གཞན་དུ་མཉམ་པའི་སེམས་ཉིད་དམ། །བདག་བས་གཞན་གཅེས་སྡུག་པ་རྙེད་ནས་ནི། །དེ་ལྟར་བདག་བས་གཞན་དོན་མཆོག་ཏུ་ཤེས། །རང་གི་དོན་གང་གཞན་གྱི་དོན་
གང་ཡིན། །ཅེས་གསུངས། སྟོང་ཉིད་སྒོམ་པའི་གོ་ཡུལ་ཡང་ཡང་བྱས་ཀྱང༌། བདེན་པར་མེད་དོ། །སྒྱུ་མ་ལྟ་བུའོ་བྱ་བ་དེ་ཡལ་ཡུལ་དུ་སོང་ནས་གནད་དུ་མ་འབྱོར། དགྲ་གཉེན་ལོངས་སྤྱོད་གཏམ་སོགས་ཀྱི་རྣམ་རྟོག་རགས་པ་དེ་ཀ་འདུག་ན། སྟོང་ཉིད་སྙིང་རྗེའི་མི་མཐུན་ཕྱོགས་ཡིན་པས་རང་གི་ལུས་སེམས་རྫས་ཡོ་བྱད་དགྲ་གཉེན་རྣམས་ཀྱི་སྟེང་དུ། སྒྱུ་མ་ལྟ་བུའི་བློ་དེ་ཁ་ལ་ངེས་ཤེས་སྙིང་ཐག་པ་ནས་སྐྱོང་བ་གལ་ཆེ། དེ་ཡང་ཐུན་གཅིག་གོ །
ཡང་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་སྡུག་བསྔལ། ལས་རྒྱུ་འབྲས། ཆོས་ལ་དད་པ། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས། བདག་མེད་གཉིས་བསྒོམ་པ་རྣམས་ཞག་རེའམ། ཐུན་རེའི་ནང་དུ་རེས་འགའ་བསྟར་ཆགས་སུ་བསྒོམ། རེས་འགའ་ལུགས་ཟློག་ཏུ་བསྒོམ། རེས་འགའ་རྐང་འཐོན་དུ་བསྒོམ། རེས་འགའ་དཀྲུགས་པ་དང་འཆོལ་བར་བསྒོམ། རེས་འགའ་སེམས་ལ་གང་གནོད་པའི་སྤང་བྱ་ཤས་ཆེ་བ་དེའི་སྟེང་དུ་བསྒོམ། རེ་འགའ་འདི་སྒོམ་བདེ་བར་འདུག་སྙམ་པ་དེ་བསྒོམ། འདི་ཡང་ཐུན་གཅིག་གོ །རྒྱུན་གྱི་ཉམས་ལེན་ལ་མི་རྟག་པ་དུར་དུར་དྲན་པ་དང༌། ལས་འབྲས་ཀྱི་དོན་བསམ་པའི་འཛེམ་བག་དང༌། ཁམས་གསུམ་འཁོར་བ་ཐམས་ཅད་ལ་སྙིང་རྗེ་དང༌། སྤྲོས་བྲལ་གྱི་གནས་ལུགས་ལ་མཉམ་པར་འཇོག་པ་སྟེ། བཞི་པོ་འདི་གཙོ་བོར་བསྒོམ། གཞན་རྣམས་འཁོར་གྱི་ཚུལ་དུ་བསྒོམ་མོ། །ཆོས་འདི་སྤྱོད་པའི་བླ་མ་དམ་པའམ། གྲོགས་བཟང་པོ་དང་
འགྲོགས། ཐུན་མཚམས་སུ་མདོ་སྡེ་རྣམས་ཀློག་པའམ། ཉན་པས་ཀྱང་སྒོམ་གྱི་བོགས་འབྱིན། ཆོས་ལ་ངེས་པ་རྙེད། དད་པ་གསོས་འདེབས་པ་ཡིན། ཁྱད་པར་བཀའ་གདམས་གོང་མའི་གསུང་བསྟན་རིམ་དང་འབྲེལ་བའི་བེའུ་བུམ་རེ་ལའང་ལྟ་རྟོག་དང་ནན་ཆགས་དང་དོན་སེམས་ཐོག་ཏུ་འཇོག་པ་ཁོ་ན་གནད་དུ་ཆེ་བ་ལགས། འདི་ལའང་ཐུན་གཅིག་སྟེ། ཕྱི་མ་བཞི་པོ་འདི་རྒྱུན་གྱི་ཉམས་ལེན་དང༌། གེགས་སེལ་བོགས་འདོན་ལ་སློབ་པ་ཡིན། དམིགས་སྐོར་དུ་བཅད་མི་དགོས། ཡང་དམིགས་སྐོར་དུ་བྱས་ཀྱང་འགལ་བ་ཡང་མེད་དོ། །རྩ་བའི་ས་བཅད་གསུམ་པ། དེ་ལས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་འགྲུབ་ཚུལ་ནི། རྒྱས་པར་གཞུང་ལུགས་ཆེན་པོ་རྣམས་ཉན་པས་གོ་བར་འགྱུར། འདིར་བཤད་ཀྱི་ཡང་མི་ལང་བ་ལགས། སྙིང་པོ་ནི། ཇི་སྐད་དུ། སློབ་དཔོན་འཕགས་པས། ཚུལ་ཁྲིམས་སྦྱིན་པ་གཞན་གྱི་དོན། །བརྩོན་འགྲུས་བཟོད་པ་བདག་ཉིད་ཀྱི། །བསམ་གཏན་ཤེས་རབ་ཐར་པའི་རྒྱུ། །སྙིང་རྗེ་བས་ནི་དོན་ཀུན་འགྲུབ། །ཅེས་དང༌། བདུན་པོ་འདི་དག་མ་ལུས་པར། །གཅིག་ཅར་ཕ་རོལ་ཕྱིན་པ་ཡིས། །ཡེ་ཤེས་བསམ་གྱིས་མི་ཁྱབ་ཡུལ། །འཇིག་རྟེན་མགོན་པོ་ཉིད་ཐོབ་འགྱུར། །ཅེས་གསུངས་པ་ལྟར་ཡིན་ཏེ། བསམ་པ་བྱང་ཆུབ་ཀྱི་སེམས་དང༌། སྤྱོད་པ་སྦྱིན་སོགས་དྲུག་ལ་སྦྱངས་པས། རང་ཤུགས་ཀྱིས་ཆོས་ལས་གཞན་དུ་བློ་མི་འགྲོ་ཞིང༌། དཀོན་མཆོག་ལ་དད་པ་དང༌། ལས་འབྲས་ལ་འཛེམ་བག་དང༌།
འཁོར་བ་ལ་སྐྱོ་ཤས་རྣམས་ངང་གིས་སྐྱེ། ཆོས་རྩེ་གཅིག་ཏུ་བསྒོམ་པ་ལ་སུན་པ་མེད་པར་སྤྲོ་བ་ངང་གིས་འཕེལ་ན། ཏིང་ངེ་འཛིན་བརྟན་པོ་སྐྱེས་རུང་མ་སྐྱེས་རུང་ལམ་སྣ་ཟིན་པ་དང༌། ཚོགས་ལམ་ཆུང་ངུ་རྒྱུད་ལ་སྐྱེས་པ་ཡིན་ནོ། །དེ་ནས་ཚོགས་ལམ་དུ་མི་རྟག་སྡུག་བསྔལ་སྟོང་བདག་མེད་ཀྱི་དོན་ལ་གསལ་སྣང་ཅུང་ཟད་རྙེད་པ་ནི། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་བྱའོ། །དེ་ནས་བསྒོམ་པའི་སྟོབས་དང་ཚོགས་བསགས་པའི་སྟོབས་གཉིས་འཛོམས་པ་ལས། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཞེས་སོགས་ལྟར། ཕུང་པོ་ལྔ་སྒྱུ་མ་ལྟར་རྟོགས་ཤིང༌། ཆོས་ཀྱི་བདག་མེད་ལ་གསལ་སྣང་རིམ་པས་རྙེད་པ་ནི། དོན་རབ་འབྱེད་པའི་བསམ་གཏན་ཞེས་པའོ༑ ༑མཐོང་ལམ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་ས་བཅུ་ལ་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེས་པ་ནི། དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་ཞེས་བྱའོ། །ས་དང་པོ་ནས་བདུན་པའི་བར་དུ་དེ་བཞིན་གཤེགས་པ་དགེ་བའི་བསམ་གཏན་ཆ་ཕྲ་བ་ཙམ་ཡོད་ལ། ས་བརྒྱད་པ་དགུ་པ་བཅུ་པ་རྣམས་ལ། ཆུང་ངུ་དང་འབྲིང་དང་ཆེན་པོ་དག་ཡོད་དོ། །རྫོགས་པའི་སངས་རྒྱས་ཀྱི་སར་ནི། དེ་བཞིན་གཤེགས་པ་དགེ་བའི་བསམ་གཏན་མཐར་ཐུག་པ་ཡོད་དེ། བསམ་གཏན་བཞི་པ་འདི་ནི་སྙིང་པོ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཏེ་རྒྱས་པར་གཞན་དུ་རྟོགས་པར་བྱའོ། །བསམ་གཏན་བཞི་པོ་འདི་གོང་མའི་ཡི་གེ་ན་མ་བྲིས་ཀྱང་མདོ་ནས་
འབྱུང་བ་ལྟར་བཀོད་པ་ཡིན་ནོ། །དང་པོར་ལམ་སྣ་མ་ཟིན་གྱི་བར་དུ་ཅུང་དཀའ་བ་ཡིན་པས་བྱ་བ་གཞན་ཐམས་ཅད་བོར་ལ་གཅིག་ཏུ་འབད་པ་གལ་ཆེ། དེ་ནས་ཀྱང་འབད་རྩོལ་གོང་འཕེལ་དུ་གཏོང་དགོས་མོད་ཀྱི་ཅུང་ཟད་སླ་བར་འོང༌། ཚོགས་སྒོ་དུ་མ་ནས་བསགས། སྨོན་ལམ་ཕྱོགས་སྣ་ཚོགས་ནས་བཏབ་སྟེ་རྒྱུད་སྦྱངས་པས་སྦྱོར་ལམ་གྱི་ཡེ་ཤེས་སྐྱེས་པ་ན། རང་ཤུགས་ཀྱིས་གོང་འཕེལ་དུ་འགྲོ་ཞིང་འཇུག་པ་བདེ་བ་ཡིན། དེར་ཡང་བདུད་ཀྱི་ལས་ཕྲ་མོ་སྤོང་བ་དང༌། གེགས་སེལ་བ་དང༌། བོགས་དབྱུང་བ་མང་དུ་དགོས་པར་ཡོད། དེ་ནས་རིམ་པས་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། དེ་ནས་བདེ་བ་ནས་བདེ་བར་སྤྱོད་པ་འབའ་ཞིག་གོ །འབྲས་བུའི་སངས་རྒྱས་ནི། ངོ་བོ་ཉིད་སྐུ་རང་བཞིན་འོད་གསལ་སྤྲོས་བྲལ་གྱི་ཡེ་ཤེས་དང༌། ལོངས་སྐུ་འོག་མིན་དུ་དག་པའི་འཁོར་ལ་ཆོས་འཁོར་མཐར་ཐུག་སྐོར་བ་པོ་དང༌། སྤྲུལ་པའི་སྐུ་མ་དག་པའི་ཞིང་རྣམས་སུ་གང་ལ་གང་འདུལ་གྱིས་འགྲོ་བའི་དོན་མཛད་པ་དང༌། ཕྲིན་ལས་ནི་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་སྐལ་པ་དང་འཚམས་པར་ཕན་པ་དང་བདེ་བ་བླ་ན་མེད་པ་ལ་འགོད་པའོ། །འདི་ལ་ཐུན་གྱི་ངེས་པ་མེད་ཇི་ལྟར་འཚམས་པར་བཤད་པར་བྱའོ། །དེས་བསྟན་པ་ལ་འཇུག་པ་ཞེས་བྱ་བའི་ཁྲིད་ལེགས་པར་ཚར་རོ། །ད་ནི་གྲུབ་འབྲས་སེམས་བསྐྱེད་དང༌། བྱང་སྡོམ་ལེན་པའི་ཆོ་ག་བཤད་པར་བྱ་སྟེ། དེ་ལ་གཉིས།
སེམས་བསྐྱེད་ཀྱི་ཆོ་ག་དང༌། བྱང་སྡོམ་གྱི་ཆོ་གའོ། །དང་པོ་ནི། རྟེན་དང་མཆོད་པ་བཤམས། མཎྜལ་ཕུལ་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ། ཅེས་ལན་གསུམ་རྗེས་ཟློས་བྱ། དེ་ནས་དགོངས་གསོལ་གོང་བཞིན་ལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའི་རྗེས་ཟློས་ལན་གསུམ་བྱ། སྐྱབས་འགྲོ་རེ་རེ་བཞིན་དགོངས་གསོལ་རེ་བྱེད་པ་དེ་རྒྱས་པའི་ལུགས་ཡིན། བསྡུ་ན་འདི་ཙམ་གྱིས་ཆོག །བར་འདིར་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་
བདུན་པ་ཚར་གསུམ་བྱ་སྟེ་ཚོགས་བསགས་པའོ། །དངོས་གཞིའི་ཆོ་ག་ནི་དགོངས་གསོལ་གོང་དང་འདྲ། བདག་མིང་འདི་ཞེས་བགྱི་བས། སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་དང༌། སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་བདག་གིས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ནས། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱི་སྟེ། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་ལན་གསུམ་རྗེས་ཟློས་བྱར་གཞུག །སྨོན་སེམས་ཀྱི་བསླབ་བྱ་གོང་དུ་བཤད་པ་རྣམས་ལས་ཅི་རིགས་པའམ་རྒྱས་བསྡུས་ཇི་ལྟར་རིགས་པ་བཤད། འཕགས་པ་སྤྱན་རས་གཟིགས་ཀྱིས་ཞུས་པ་ཆོས་བདུན་པ་ཞེས་བྱ་བའི་མདོ་དང༌། སྡོང་པོ་བཀོད་པ་ལ་སོགས་པའི་
མདོ་ནས་བསླབ་བྱ་དང་ཕན་ཡོན་དུ་མ་འབྱུང་བ་རྣམས་རྒྱས་པར་མདོ་སྡེ་དེ་དག་ལས་ཤེས་པར་བྱའོ། །ཞེས་བརྗོད། དེ་ནས་སྨོན་ལམ་ཇི་ལྟར་འོས་པ་གདབ་ཅིང༌། བསྡུ་ན། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་བརྗོད། སླར་ཡང་དཀོན་མཆོག་མཆོད། སློབ་དཔོན་ལ་ཡོན་དབུལ། འདི་ནི་སེམས་བསྐྱེད་ཀྱི་ཆོ་གར་གྲགས་པ་སྨོན་སེམས་ཀྱི་ཆོ་ག་སྟེ། འདི་ལ་སྣོད་བརྟག་པ་དང༌། སོ་ཐར་རིགས་བརྒྱད་སྔོན་དུ་འགྲོ་བ་སོགས་གང་ཡང་མི་དགོས་པས་དོན་དུ་གཉེར་བ་ཐམས་ཅད་ལ་སྦྱིན་དུ་རུང་ངོ༌། །འདི་ནི་བྱམས་པ་ནས་བརྒྱུད་པའི་སེམས་བསྐྱེད་དེ། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་སེམས་བསྐྱེད་ཀྱི་ཆོ་ག་ལོགས་པ་ཞིག་འཕགས་ཡུལ་ན་ཡོད་པར་གྲགས་ལ། དེ་ནི་དཀོན་བརྩེགས་ཀྱི་ནང་གི་འདི་མ་ཡིན་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་མདོ་ལོགས་པ་ཞིག་ལས་བསྡུས་པ་སྟེ། དེའི་དགོངས་དོན་ཕྱོགས་འདིར་ཡོད་པ། དཔལ་ལྡན་ཨ་ཏི་ཤས་མཛད་པའི་སེམས་བསྐྱེད་ཀྱི་ཆོ་ག་ན་གསལ་བར་བཞུགས་པ་བཞིན་བཀོད་པ་ཡིན་ནོ། །གཉིས་པ་བྱང་སྡོམ་ལེན་པའི་ཆོ་ག་ནི། རབ་ཏུ་བྱང་ཆུབ་སེམས་དཔའི་བསླབ་གཞི་རྒྱས་པར་སྟོན་པ་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཡིན་པས་མདོ་སྡེ་མང་དུ་ཐོས་པར་བྱ། ཡང་ན་བྱང་ཆུབ་སེམས་དཔའི་སའམ། བསླབ་པ་ཀུན་ལས་བཏུས་པ་ལྟ་བུ་ཉན་ནའང༌། ཐེག་ཆེན་ཀུན་གྱི་སྙིང་པོ་འདུས་པ་ཡིན་པས་ཤིན་ཏུ་ལེགས། འཕགས་པ་དཀོན་མཆོག་སྤྲིན་
ནམ་ནམ་མཁའི་སྙིང་པོའི་མདོ་ལྟ་བུ་གཅིག་གི་བཀླགས་ལུང་ཙམ་མ་མཐའ་ཡང་ངེས་པར་ཐོབ་པར་བྱའོ། །སྔར་བསྟན་རིམ་གྱི་ཁྲིད་ཞིབ་པར་བསྐྱངས་པས་ཀྱང་ཐེག་ཆེན་གྱི་སྙིང་པོ་ཐོས་པ་ཡིན་མོད་ཀྱི། རྗོད་བྱེད་ཚིག་གི་སྒོ་ནས་ཐེག་ཆེན་གྱི་མདོ་སྡེ་གཅིག་མ་ཐོས་པའི་ཐབས་མེད། དེ་ནས་བྱང་སྡོམ་བླང་བ་དངོས་ནི། རྟེན་གསུམ་གྱི་དྲུང་དུ་མཆོད་པ་བཤམས། སློབ་དཔོན་ལ་ལན་གསུམ་དུ་ཕྱག་བྱས་ནས་ཐལ་མོ་སྦྱར་ཏེ། སློབ་དཔོན་ཁྱོད་ལས་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པ་ལེན་པར་འཚལ་གྱི། དེ་ལ་གནོད་པ་མ་མཆིས་ན། བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བའི་རིགས་སོ། །ཞེས་ལན་གསུམ་གསོལ་བ་གདབ་དགོས་ཏེ། ཚིག་དེ་བློ་ལ་ཡོད་ན་སློབ་མ་ཉིད་ཀྱིས་གསོལ་བ་གདབ། དེ་མིན་སློབ་དཔོན་ནམ་གྲོགས་ཀྱི་རྗེས་ཟློས་བྱའོ། །དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས། རིགས་ཀྱི་བུ་ཁྱོད་ཉོན་ཅིག །
ཁྱོད་འདི་ལྟར་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བ་དང༌། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་དམ། སློབ་མས་ཀྱང་འདོད་ལགས། ཞེས་བརྗོད། སློབ་དཔོན་གྱིས་འདི་སྐད་ཅེས་བྱ་སྟེ། དེ་ལ་ཁྱོད་ཀྱིས་སེམས་བསྐྱེད་པ་བརྟན་པ་དང༌། ཡི་དམ་བརྟན་པར་བྱའོ། །
ཞེས་དང༌། གཞན་དང་འགྲན་པའི་ཆེད་དུ་མ་ཡིན་ནམ། མ་ལགས། གཞན་གྱི་ནན་གྱིས་ལེན་དུ་བཅུག་པ་མ་ཡིན་ནམ། མ་ལགས། ཞེས་དྲི་བ་དང་ལན་བྱ། དེ་ནས་མཆོད་ཡོན་ཕལ་ཆེར་ལ་སོགས་པའི་ཚིགས་བཅད་ཀྱིས་མཆོད་པ་རྣམས་ཕུལ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཞེས་པ་ལ་སོགས་པ་ཇི་ལྟར་འོས་པས་བསྟོད་ཅིང་ཕྱག་ཀྱང་འབུལ། དེ་ནས་སློབ་དཔོན་ལ་གུས་པ་དང་བཅས་པས་བསྐུལ་མའི་གསོལ་གདབ་ནི་འདི་སྐད་ཅེས། སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བདག་ལ་མྱུར་དུ་སྩལ་དུ་གསོལ། ལན་གསུམ། སློབ་དཔོན་གྱིས་འདི་སྐད་ཅེས། མིང་འདི་ཞེས་བྱ་བའམ། རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། དེས་ཀྱང་ཡིན་ལགས། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། བཏབ་ལགས། དེ་ནས་དངོས་གཞི་ནི་སློབ་དཔོན་གྱིས་འདི་སྐད་ཅེས། རིགས་ཀྱི་བུ་ཁྱོད་ཉོན་ཅིག །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚུལ་ཁྲིམས་དེ་དག་ཅི་བདག་ལས་ལེན་པར་འདོད་དམ། དེ་ལྟར་ལེན་པར་འཚལ་ལོ། །དེ་ནས་ཆོ་ག་དངོས་གཞི་ནི་སློབ་དཔོན་གྱིས་འདི་སྐད་ཅེས། ཚེ་དང་ལྡན་པའམ་རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་
སུ་གྱུར་པ་གང་ཡིན་པ་དང༌། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང༌། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པའི་བསླབ་པའི་གཞི་གང་དག་དང༌། ཚུལ་ཁྲིམས་གང་དག་ལ། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པར་གྱུར་པ་དང༌། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང༌། ཕྱོགས་བཅུ་དག་ན་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་བཞིན་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་ང་ལས་ནོད་དམ། ཞེས་དྲིས་པ་ལ། སློབ་མས་རབ་ཏུ་ལེན་ལགས་སོ། །དེ་ལྟར་ལན་གསུམ་བརྗོད་པས་བྱང་ཆུབ་སེམས་དཔའི་སྡོམ་པ་སྐྱེ་བ་ཡིན་ནོ། །དེ་ནས་སློབ་དཔོན་གྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཁྱེན་པར་གསོལ་བ་ནི། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་
བླང་བར་བྱ་བ་ལན་གསུམ་གྱི་བར་དུ་ཡང་དག་པར་མནོས་ལགས་ཏེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་འདིས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ། བདག་མིང་འདི་ཞེས་བགྱི་བ་དཔང་པོར་གྱུར་པས། འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐས་གཏུགས་པའི་ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །
ཞེས་ལན་གསུམ་མོ། །འདི་སློབ་དཔོན་ལངས་ཏེ་ཕྱོགས་བཅུར་མེ་ཏོག་གཏོར་ནས་ཐལ་མོ་སྦྱར་ཏེ་འདོན་པར་སྣང་ངོ༌། །དེ་ནས་སློབ་མས་དཀོན་མཆོག་དང༌། སློབ་དཔོན་ལ་ཕྱག་གསུམ་བྱས་ཏེ་ཡང་འདུག་པ་ལ་འདི་སྐད་ཅེས་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བུ་དང་སྤུན་ཟླའི་དགོངས་པ་མཛད་དེ། རྟག་ཏུ་སྲུང་ཞིང་སྐྱོང་བར་འགྱུར་རོ། །ཁྱོད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་འཕེལ་བར་འགྱུར་རོ། །ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་འདི། དད་པ་མེད་པའི་མི་རྣམས་ལ་མི་སྨྲ་ཞིང་གསང་བ་གལ་ཆེ། དེང་ཕྱིན་ཆད་ཕས་ཕམ་པ་བཞིའམ་བརྒྱད། ཉེས་བྱས་བཞི་བཅུ་ཞེ་དྲུག་ལ་སོགས་པ་རྟག་ཏུ་སྤང་བར་བྱ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སྲུང་བའི་ཐབས་དང༌། ལྟུང་བ་ཡང་ལྕིའི་ཁྱད་པར་དང༌། དེ་དག་ཕྱིར་བཅོས་པ་ལ་ཡང་མཁས་པར་བྱའོ། །ཞེས་བརྗོད། རྒྱས་པ་
ལ་སྤྲོ་ན་བསླབ་བྱ་རགས་རིམ་ཙམ་སྐབས་འདིར་བརྗོད་ནའང་ལེགས་སོ། །སྤྱིར་བྱང་སྡོམ་ལེན་པའི་ལུགས་འདི་ལ། བསླབ་བྱ་རྣམས་སྔོན་དུ་ངེས་པར་བྱས་ནས་སྡོམ་པ་ཕྱིས་ལེན་པ་ཡིན་པས་སྐབས་འདིར་མ་བརྗོད་ཀྱང་ཆོ་གའི་ཡན་ལག་ཉམས་པའི་སྐྱོན་དུ་མི་འགྱུར་རོ། །དེ་རྗེས་ཡོན་ཕུལ། དགེ་བ་བྱང་ཆུབ་ཏུ་བསྔོའོ། །དེས་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་ལེགས་པར་སོང༌། བསྟན་པ་ལ་འཇུག་པའི་རིམ་པའམ། སྐྱེས་བུ་གསུམ་གྱི་ཁྲིད་བསྐྱངས་པའི་གྲུབ་འབྲས་སེམས་བསྐྱེད་ལག་ལེན་དང་བཅས་པ་ཚར་བ་ལགས། ཆོས་འདོད་པ་གང་ཞིག་མདོ་ལུགས་ཁོ་ན་ལ་མོས་ན། མདོའི་ཉམས་ལེན་ཐམས་ཅད་འདིར་འདུས་ཤིང༌། དེང་སང་གི་མདོ་ལུགས་པ་གཞན་ལ་མེད་པའི་བྱིན་རླབས་ཀྱི་བཀའ་བབས་དང་ལྡན་པ་ཡིན་པས། ཆོས་འདི་ཉིད་ཉམས་ལེན་གྱི་གཙོ་བོར་བྱེད་དགོས་ལ། སྔགས་ལ་མོས་པ་རྣམས་ཀྱང་འདི་ལ་མ་ཞུགས་ན། གསང་སྔགས་ལོག་པར་འགྲོ་ཉེན་ཡོད་པས། རྒྱལ་བ་སྲས་བཅས་ཀུན་གྱི་བཞེད་གཞུང་འདི་ལ་ལེགས་པར་འདོད་པ་ཐམས་ཅད་ཀྱིས་བསླབ་པར་བྱའོ། །ཐུགས་རྗེའི་དབང་ཕྱུག་རྒྱལ་བ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་པ་རྒྱལ་སྲས་མི་ཕམ་མགོན། །
ཆོས་ཀུན་བདག་པོ་འཕགས་པ་ཐོགས་མེད་ཞབས། །ཀུན་མཁྱེན་གཉིས་པ་རྒྱལ་སྲས་དབྱིག་གཉེན་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་གསོལ་བ་འདེབས། །མཆོག་སྡེ་ལ་སོགས་གསེར་གླིང་རྒྱལ་པོའི་བར། །རྒྱ་ཆེན་སྤྱོད་བརྒྱུད་བླ་མ་མཆོག་རྣམས་དང༌། །རྒྱལ་སྲས་འཇམ་དཔལ་འཕགས་པ་ཀླུ་སྒྲུབ་སོགས། །ཟབ་མོ་ལྟ་བའི་བརྒྱུད་པ་མཆོག་རྣམས་དང༌། །གསང་བདག་རྣལ་འབྱོར་མ་དཔལ་ཏིལླི་སོགས། །ཉམས་ལེན་བྱིན་རླབས་བརྒྱུད་པ་མཆོག་རྣམས་ལ། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཡིད་བཞིན་ནོར་འདྲའི་ཐུགས་མངའ་ཨ་ཏི་ཤ །རྒྱལ་བའི་འབྱུང་གནས་འབྲོམ་སྟོན་རིན་པོ་ཆེ། །མཁྱེན་པའི་དཀྱིལ་འཁོར་རབ་རྒྱས་པོ་ཏོ་བ། །གཞུང་ལུགས་རྒྱ་མཚོའི་མཐར་སོན་ཤ་ར་བ། །ཆོས་བཞིན་སྤྱོད་མཛད་གཏུམ་སྟོན་བློ་གྲོས་གྲགས། །བཀའ་གདམས་བསྟན་པའི་སྲོག་ཤིང་རྡོ་སྟོན་པ། །ཤེས་རབ་གྲགས། མཆན། ཡེ་ཤེས་གཟི་འོད་འབར་བའི་དཔལ་ལྡན་ བདུད་རྩི་གྲགས།
གྲོ༑ ༑བསླབ་གསུམ་རྣམ་དག་སྐྱོ་སྟོན་སེང་གེ་སྐྱབས། །ཆེ་དགུའི་གཙུག་རྒྱན་འཆིམས་ཆེན་ནམ་མཁའ་གྲགས། །ནུས་མཐུའི་མངའ་བདག་སྨོན་ལམ་ཚུལ་ཁྲིམས་ཞབས། །འགྲོ་དོན་དཔག་མེད་ཟེའུ་གྲགས་ བརྩོན་འགྲུས་གྲགས། པའི་མཚན། །ཆོས་མངོན་རྒྱ་མཚོའི་མཐར་སོན་བློ་བཟང་མཆིམས། །རྣམ་དག་ཐུགས་མངའ་གྲོ་སྟོན་ཀུན་རྒྱལ་བ། །གྲུབ་པ་ཤེས་རབ་སྤང་སྟོན་ཆོས་ཀྱི་རྗེ། །བློ་མཆོག་དམ་པ་བསོད་ནམས་མཆོག་གྲུབ་དང༌། །ཟབ་དོན་སྲོལ་འཛིན་དཔལ་ལྡན་དོན་གྲུབ་ཞབས། །ཐུགས་ཀྱི་སྲས་གྱུར་གནས་བརྟན་བསོད་ནམས་གྲགས། །བྱང་ཆུབ་ཐུགས་ལྡན་ཀུན་དགའ་མཆོག་གྲུབ་ཞབས། །འཇམ་མགོན་གྲུབ་པའི་དཔའ་བོ་གྲོལ་མཆོག་རྗེ། །སྐྱེ་མེད་དོན་གཟིགས་ལུང་རིག་རྒྱ་མཚོའི་ཞབས། །དེ་ལྟར་རྩ་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཡང་ན་རྒྱལ་བའི་འབྱུང་གནས་ཀྱི་རྗེས་སུ། ཚུལ་ཁྲིམས་ཡེ་ཤེས་འབར་བའི་སྤྱན་མངའ་བ། །བླ་མ་དམ་པས་བྱིན་རླབས་བྱ་ཡུལ་བ། །གནས་ལུགས་མངོན་གྱུར་གཙང་པ་རིན་པོ་ཆེ། །གདམས་ངག་རྒྱ་མཚོའི་མཐར་སོན་མུས་སྨན་པ། །དེ་རྗེས་དཔལ་མངའ་གྲོ་ནས་མཁན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་བར་གོང་བཞིན། དེ་ནས། ཡོན་ཏན་མཆོག་གྱུར་མཁན་ཆེན་ཀུན་རྒྱལ་བ། །མཁྱེན་རབ་རྣམ་དག་ཡེ་ཤེས་རིན་ཆེན་དང༌། །བརྩོན་པས་རྩེ་གཅིག་སྒྲུབ་མཛད་ལྷ་ཆུང་བ། །བྱམས་པའི་མཚན་ཅན་རྩ་བའི་བླ་མ་ལ༑ ༑གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གཞན་ཡང་སྣེ་ཟུར་བ་ནས་བརྒྱུད་པ་སོགས་བརྒྱུད་པ་མི་འདྲ་བ་མང་དུ་བཞུགས་པས་ཇི་ལྟར་སྦྱར་ཀྱང་ཆོག་ལ་གཞུང་གདམས་ངག་གཉིས་ཀྱི་བརྒྱུད་པའི་རྐང་གོང་དུ་བཤད་པ་ཉིད་གཙོ་བོར་བྱའོ། །དེ་ནས་འདི་སྐད་ཅེས་བྱ་སྟེ། དད་པ་རྣམ་དག་སྐྱེས་བུ་ཆུང་ངུའི་ལམ། །ངེས་འབྱུང་རྣམ་དག་སྐྱེས་བུ་འབྲིང་གི་ལམ། །ལྷག་བསམ་རྣམ་དག་སྐྱེས་བུ་ཆེན་པོའི་ལམ། །རྣམ་དག་ལམ་གསུམ་ཐོབ་པར་བྱིན་གྱིས་རློབས། །མི་རྟག་འཆི་བ་རྒྱུད་ལ་མ་སྐྱེས་ན། །ཇི་ལྟར་འབད་ཀྱང་ཚེ་འདིའི་ཁ་འཛིན་ཅན། །རང་བློ་ཆོས་སུ་འགྲོ་སྐབས་མི་འདུག་པས། །ཆོས་བརྒྱད་འཆིང་བ་གྲོལ་བར་བྱིན་གྱིས་རློབས། །ལས་འབྲས་
བསླུ་མེད་ཡིད་ཆེས་མ་སྐྱེས་ན། །ཆོས་སྤྱོད་ཐམས་ཅད་བཟང་བརྫུའི་ངང་དུ་འཆོར། །སྒྲུབ་པ་ལྷུར་ལེན་སྐད་ཀྱང་གཞན་ངོར་ཐལ། །ཆོས་ལ་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །བྱམས་དང་སྙིང་རྗེ་རྒྱུད་ལ་མ་སྐྱེས་ན༑ ༑སྒྲུབ་ལ་བརྩོན་ཡང་ཐེག་པ་དམན་པར་གོལ། །འགྲོ་བ་ཀུན་གྱི་སྡུག་བསྔལ་ཁུར་ཁྱེར་ནས། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །སྤྲོས་ཀུན་རང་གྲོལ་སྟོང་ཉིད་མ་རྟོགས་ན། །ཆོས་ཀུན་སྒྱུ་མ་ལྟ་བུར་མི་ཤེས་ཤིང༌། །མཚན་འཛིན་དབང་སོང་རང་སེམས་མི་གྲོལ་བས། །གནས་ལུགས་མཐར་ཐུག་རྟོགས་པར་བྱིན་གྱིས་རློབས། །ཞེས་གསོལ་བ་གདབ་པར་བྱའོ། །བདག་གིས་ཆོས་སྐོར་འདིར་གཏོགས་པ་ལ། ལམ་སྒྲོན་རྩ་འགྲེལ། བདེན་གཉིས་རྩ་འགྲེལ། དབུ་མའི་མན་ངག་རྩ་འགྲེལ་གྱི་བཤད་པ། མུས་སྨན་པའི་ཁྲིད་ཡིག །ལུམ་པ་བའི་ལམ་རིམ། པོ་ཏོ་བའི་དཔེ་ཆོས་རྩ་འགྲེལ་རྣམས་མཁས་མཆོག་བྱམས་པ་ལྷུན་གྲུབ་ལས་ཐོས། པོ་ཏོ་བའི་བེའུ་བུམ་རྩ་འགྲེལ་དང༌། སྣར་ཐང་པའི་ལམ་མཆོག་རྩ་འགྲེལ། འཆིམས་ཀྱི་གསུང་རྒྱུན་ཁྲིད་ཡིག་གི་ལུང་རྣམས་དང༌། བསྟན་རིམ་གྱི་ཁྲིད་ཚུལ་རྒྱས་པ་གསུང་ངག་ནས་ཉམས་ཁྲིད་ཀྱི་ཚུལ་དུ་མཁན་ཆེན་ལུང་རིག་རྒྱ་མཚོ་ལས་ཐོས་སོ། །ཐོར་བུ་དམ་པ་གཞན་འགའ་ཞིག་ལས་ཀྱང་ཐོས་མོད་ཀྱི། ཆོས་སྐོར་འདི་ལ་བརྒྱུད་པའི་གཙོ་བོ་གོང་དུ་སྨོས་པ་ཉིད་ཡིན་ནོ། །རྒྱལ་བ་སྲས་བཅས་ཀུན་གྱི་དགོངས་པ་འདི། །མདོ་ཙམ་བྲིས་ལས་བསོད་ནམས་གང་ཡོད་དེས། །མ་ལུས་ལུས་པ་མེད་པའི་སེམས་ཅན་རྣམས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །བསྟན་པ་ལ་འཇུག་པའི་རིམ་པ། སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ། །འདི་ནི་སྒོམ་ཚུལ་དམིགས་པའི་ཁྲིད་ཡིག་ཡིན་ལ་གོ་དོན་བློ་ལ་འགོད་པའི་བཤད་པ་ནི། དམ་པ་སྔ་མ་རྣམས་ཀྱིས་མཛད་པ་ལས་བཙལ་བར་བྱའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བརྒྱུད་འདེབས་ཁ་སྐོང་ནི། ལུང་རིགས་རྒྱ་མཚོའི་རྗེས་སུ། མདོ་རྒྱུད་བསྟན་པའི་མངའ་བདག་སྒྲོལ་བའི་མགོན། །རྒྱལ་ཚབ་དབང་ཐོབ་རིན་ཆེན་རྒྱ་མཚོའི་སྡེ། །འགྲོ་བའི་མགོན་པོ་བློ་གྲོས་རྣམ་པར་རྒྱལ། །བསླབ་གསུམ་རྣམ་དག་ངག་དབང་ཕྲིན་ལས་ཞབས། །ངེས་ལེགས་ལམ་གྱི་ས་མཁན་ཀུན་བཟང་དབང༌། །མཆོག་གི་རིག་འཛིན་ཚེ་དབང་ནོར་བུའི་དཔལ། །སྤྱན་རས་གཟིགས་དབང་ཀུན་མཁྱེན་འབྲུག་པ་རྗེ། །འགྲོ་ཀུན་དགའ་མཛད་དགེ་ལེགས་དཔལ་འབར་བ། །ཀུན་ལ་ཕན་བདེའི་དགའ་སྟེར་ལྷུན་གྲུབ་མཚན། །ལམ་རིམ་མཐར་ཕྱིན་བཀའ་བརྒྱུད་བསྟན་འཛིན་ཞབས། །
འབྲེལ་ཚད་དོན་ལྡན་ཀརྨ་ལྷག་མཐོང་རྗེ། །བྱང་སེམས་མངའ་བདག་གཞན་ཕན་འོད་ཟེར་མཆོག  །ཐར་པའི་ལམ་སྟོན་བཤེས་གཉེན་དམ་པ་སྟེ། །དེ་ལྟར་སོགས་སྦྲེལ་ལོ། །འདིའང་གུ་ཎས་སོ།།     །།
}}
}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 18:50, 31 January 2025

DNZ-03-GA-005.pdf
Rigpe Dorje Publications, 2024
Wylie title
Location gdams ngag rin po che'i mdzod
Volume 3, Text 5, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
༄༅། །རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །

ན་མོ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡོན་ཏན་དུ་མའི་ནོར་གྱིས་བརྗིད་པ་ཡི། །བརྒྱུད་པ་གསུམ་གྱི་བླ་མ་ལ་བཏུད་ནས། །མར་མེ་མཛད་དཔལ་བཞེད་གཞུང་སྙིང་པོའི་དོན། །ཤིང་རྟ་ཆེན་པོའི་ལམ་མཆོག་འདིར་བཤད་བྱ། །དེ་ལ་འདིར་དུས་གསུམ་དུ་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་རྒྱལ་དང་ཉན་ཐོས་སུ་བཅས་པ་ཐེག་པ་གསུམ་གྱི་འཕགས་པ་ཐམས་ཅད་ལམ་འདི་ཉིད་བསྒོམས་ཏེ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་བརྙེས་པ་ལགས་ཏེ། ཆོས་ཚུལ་འདི་ལ་བསྟན་པ་ལ་འཇུག་པའི་རིམ་པ་ཞེས་ཀྱང་བྱ། སྐྱེས་བུ་གསུམ་གྱི་ལམ་རིམ་ཞེས་ཀྱང་བྱ། བྱང་ཆུབ་ལམ་གྱི་རིམ་པ་ཞེས་ཀྱང་བྱ། ཤིང་རྟ་ཆེན་པོའི་འཇུག་ངོགས་ཞེས་ཀྱང་བྱ་སྟེ། ཆོས་འདི་སྟོན་ པར་བྱེད་པ་ལ། ལམ་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་བསྟེན་པ་དང༌། ལམ་རིམ་དངོས་སྐྱེས་བུ་གསུམ་གྱི་བསམ་པ་ལ་བསླབ་པ་དང༌། དེ་ལས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ལ་སྦྱོར་ཚུལ་ཏེ་གསུམ་མོ། །དང་པོ་ནི། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དང་དེ་ལ་གུས་པས་བསྟེན་ཚུལ་ཁོང་དུ་ཆུད་པར་བྱས་ནས༑ མཉམ་བཞག་ཐུན་གྱི་སྐབས་སུ་འདི་ལྟར་བྱ་སྟེ། རྐང་པ་སྐྱིལ་ཀྲུང་བཅའ། ལུས་དྲང་པོར་བསྲང་བ་སོགས་སྤྱོད་ལམ་རགས་པ་གཙང་སིང་ངེ་བ་བྱས་ནས། སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་དབྱིངས་གང་བ་ལ་དམིགས། ཕྱག་འཚལ་བ་དང་མཆོད་པ་རྒྱས་བསྡུས་ཇི་ལྟར་རིགས་པ་གཅིག་ཡན་ལག་བདུན་པ་ལས་ལོགས་སུ་བྱེད་དགོས་པས། ཐོག་མར་ཕྱག་མཆོད་སྔོན་དུ་བཏང༌། དེ་རྗེས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་དེ་དོན་དྲན་བཞིན་པས་ཚར་གསུམ་བརྗོད། །དེ་ནས་མདུན་གྱི་ནམ་མཁའ་ལ་ཆེས་མཐོ་བའི་སྟེང་གི་ཕྱོགས་སུ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས། མདུན་དྲང་ཐད་ཀྱི་ནམ་མཁར་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་ཐིབས་སེ་བཞུགས་པར་བསམ་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། བླ་མ་ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བདག་ལ་དགོངས་སུ་གསོལ། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་ལ་ཕྱིན་ཅི་ལོག་གི་དྲི་མ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། ཕྱིན་ཅི་མ་ལོག་པའི་རྟོགས་པ་ཐམས་ཅད་སྐྱེད་པར་མཛད་དུ་གསོལ། ཐེག་པ་ཆེན་པོའི་ཆོས་བསྒྲུབ་པ་ལ་བར་ཆད་ཐམས་ཅད་སེལ་བར་མཛད་དུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ་བོ། །མཐར་ཡང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་གཅིག་ཕུལ་ལ། རྩ་བརྒྱུད་ཀྱི་བླ་མ་རྣམས་རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་འོད་ཀྱི་གུར་ཁང་དུ་བཞུགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དེ་ཉིད་དུ་མི་སྣང་བར་མོས། བདག་གི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་པ་དང༌། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་པ་ལྟ་བུས་དགེ་བ་བསྔོ། ཐུན་མཚམས་སུ་ཡང་བླ་མའི་སྐྱོན་ལ་མི་བརྟག །ཡོན་ཏན་ཁོ་ན་དྲན་པར་བྱ། བདག་ལ་སངས་རྒྱས་དངོས་སུ་མཐོང་བའི་སྐལ་པ་ནི་མེད། དུས་གསུམ་དུ་བཞུགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རྣམ་འཕྲུལ་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བསྟན་པ་ཡིན་པས། བདག་གི་བླ་མ་འདི་དོན་ལ་ནི་སངས་རྒྱས་དངོས་ཡིན། བདག་ལ་བཀའ་དྲིན་གྱི་སྒོ་ནས་ནི་སངས་རྒྱས་ཀུན་བས་ཀྱང་ཆེས་ལྷག །མཐོ་རིས་ཐར་པ་སངས་རྒྱས་གསུམ་གང་འདོད་ཀྱང་ཐབས་གང་དགོས་བདག་ལ་མ་སྦས་པར་གནང་བ་ཡིན། བདག་གི་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེས་པ་དང༌། སྐྱོན་སྣ་གཅིག་བྲི་བ་ཡང་བླ་མའི་བཀའ་དྲིན་ཡིན། ཤིན་ཏུ་རྙེད་པར་དཀའ་བའི་ཆོས་ཟབ་མོ་འདི་ལྟ་བུ་ཐོབ། བཀའ་དྲིན་རེ་ཆེ་སྙམ་དུ་བསམ། གཞན་ཡང་བདག་གི་ལུས་དང་ལོངས་སྤྱོད་ཐམས་ཅད་ཀྱང་བླ་མའི་ཕྱིར་དུ་གཏོང་དགོས། ལུས་ཀྱི་སྒོ་ནས་བླ་མའི་བཞེད་པ་དང་མཐུན་པའི་བཀུར་སྟི་རིམ་གྲོ་འཕྲལ་གཡོག་གི་བྱ་བ་ཐམས་ཅད་ཀྱང་བསྒྲུབ་དགོས། ངག་གི་སྒོ་ནས་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསྔགས་པ་དང༌། ཞབས་ཏོག་ཏུ་འགྱུར་བའི་གཏམ་ཁོ་ན་སྨྲ་དགོས། སྤྱོད་ལམ་གྱི་སྒོ་ནས་ཐུགས་གང་ལ་དགྱེས་པ་དང༌། གསུང་ཅི་འབྱོན་པ་དེ་བསྒྲུབ་དགོས་སྙམ་དུ་ཡང་ཡང་བསམ་ཞིང་ལག་ལེན་དུ་ཐེབས་པར་བྱའོ། །དེ་ལ་སྐབས་འདིར་གསོལ་འདེབས་ཀྱི་དོན་ནི། ཕྱིན་ཅི་ལོག་གི་དྲི་མ་ལྔ་སྟེ། ཚེ་འདི་ལ་མངོན་པར་ཞེན་པའི་དྲི་མ། ལས་རྒྱུ་འབྲས་ལ་ཡིད་མི་ཆེས་པའི་དྲི་མ། འཁོར་བ་ལ་བདེ་བར་འཛིན་པའི་དྲི་མ། རང་དོན་ལ་གཅེས་པར་འཛིན་པའི་དྲི་མ། དངོས་པོ་དང་མཚན་མ་ལ་ཡང་དག་ཏུ་འཛིན་པའི་དྲི་མའོ། །ཕྱིན་ཅི་མ་ལོག་པའི་རྟོགས་པ་ཡང་ལྔ་སྟེ། ཚེ་འདི་ལས་ཕྱི་མ་གལ་ཆེ་བར་རྟོགས་པ། ལས་འབྲས་ལ་ཡིད་ཆེས་པར་རྟོགས་པ། འཁོར་བ་སྡུག་བསྔལ་དུ་རྟོགས་པ། རང་དོན་བས་གཞན་དོན་གཅེས་པར་རྟོགས་པ། དོན་དམ་སྟོང་པ་ཉིད་དང་ཀུན་རྫོབ་སྒྱུ་མར་རྟོགས་པའོ། །ཆོས་སྒྲུབ་པའི་བར་ཆད་ལ། ཕྱི་མི་དང་མི་མ་ཡིན་གྱིས་གནོད་པ༑ བར་འབྱུང་བ་ལུས་འཁྲུགས་ཀྱི་ན་ཚ། ནང་ཆོས་འགལ་གྱི་རྣམ་རྟོག་ཉོན་མོངས་རྣམས་ཡིན་པས། དེ་གསུམ་སེལ་བར་མཛད་དུ་གསོལ་ཞིག་པའོ། །དམིགས་སྐོར་གཅིག་གོ །གཉིས་པ་ལམ་རིམ་དངོས་སྐྱེས་བུ་གསུམ་གྱི་བསམ་པ་ལ་བསླབ་པ་ལ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་གི་རིམ་པ་ལ་བསླབ་པ། སྐྱེས་བུ་འབྲིང་དང་ཐུན་མོང་གི་རིམ་པ་ལ་བསླབ་པ། སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་རིམ་པ་ལ་བསླབ་པ་སྟེ་གསུམ་ལས། དང་པོ་ལ་སྤྱིར་སྲོལ་ཀ་སོ་སོ་ལ་ཁྲིད་ལུགས་མི་འདྲ་བ་དུ་མ་འདུག །རྗེ་བཙུན་མར་མེ་མཛད་དཔལ་བཀའ་སྲོལ་གདམས་ངག་འདི་པ་རང་གི་ལུགས་ཀྱིས་ཀྱང༌། འགའ་ཞིག་འཁོར་བའི་སྡུག་བསྔལ་བསམ་པ་ལ་འགོ་འཛིན། འགའ་ཞིག་ལས་འབྲས་ནས་འགོ་འཛིན། འགའ་ཞིག་དལ་འབྱོར་རྙེད་དཀའ་ནས་འགོ་འཛིན། ཕལ་ཆེར་འཆི་བ་མི་རྟག་པ་ནས་འགོ་འཛིན་པར་མཛད་པ་སོགས་སྣ་ཚོགས་ཡོད་ཀྱང་ཐམས་ཅད་གནད་གཅིག་ལ་འབབ། དོན་གྱི་ སྟེང་ནས་ཁྱད་པར་མེད། འོན་ཀྱང་སྤྱི་ཁྱབ་གྲགས་ཆེ་བར་མཐུན་པར་དལ་འབྱོར་རྙེད་དཀའ་ནས་འགོ་བཟུང་ན་དེ་ཀ་མི་རྟག་བསྒོམ་པའི་གཞི་རྟེན་ཡིན་པས། མི་རྟག་བསྒོམ་པའི་འགོ་འཛིན་པ་དང༌། དོན་ལ་ཁྱད་ནམ་ཡང་མེད་པ་ལས་འཕྲལ་འདི་དངོས་རྣམ་པ་བདེ་བར་སྣང་བས་དེའི་དབང་དུ་བྱས་ཏེ་བཤད་ན། འདི་ལ་དལ་འབྱོར་རྙེད་དཀའ་བསམ་པ། འཆི་བ་མི་རྟག་པ་བསམ་པ། ངན་སོང་གི་སྡུག་བསྔལ་བསམ་པ། ལས་རྒྱུ་འབྲས་བསམ་པ་སྟེ་བཞིའོ། །དང་པོ་ནི། ཕྱག་མཆོད་ཡན་ལག་བདུན་པ་སྔར་བཞིན་བྱས། གོང་དུ་བཤད་པའི་གསོལ་འདེབས་དེ་ཡང་ཅུང་ཟད་བྱ་སྟེ། དེ་རྗེས་རང་གི་ལུས་དང་གནས་དང་ལོངས་སྤྱོད་དང་ཡུལ་ཕྱོགས་སོགས་ཐམས་ཅད་ལ་གཞིག་འགྲེལ་ཞིག་བཏང་སྟེ་བདག་གིས་ད་རེས་ཐོབ་པའི་མི་ལུས་འདི་འདྲ་བ་ལར་ནས་ཤིན་ཏུ་རྙེད་པར་དཀའ། འདི་དོན་མེད་དུ་མི་གཏོང༌། ཆོས་ལ་ཁོལ་བ་ཞིག་བྱེད་དགོས་སྙམ་པ་དམིགས་པའི་གཞི་འདི་སྤྱི་ལྡོག་ནས་ཐམས་ཅད་ཀྱི་མགོར་སྦྱར་ནས་བསྒོམ་སྟེ། དེ་ལ་སྡོམ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་ཅན་དང་སངས་རྒྱས་སྟོང༌། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་ལྟར་ལས། ངན་སོང་གསུམ་དུ་སྐྱེས་ན་ནི་སྡུག་བསྔལ་དོས་དྲག་པ་དང༌། ལུས་དེ་ཆོས་ཀྱི་རྟེན་དུ་ཤིན་ཏུ་ངན་པས་ཆོས་བྱེད་མི་ཁོམ། འདོད་ཁམས་ཀྱི་ལྷ་རྣམས་ཀྱང་འདོད་ཡོན་ལ་ཆགས་པས་གཡེངས། གཟུགས་ཁམས་དང་གཟུགས་མེད་ཀྱི་ལྷ་ཕལ་ཆེར་ཏིང་ངེ་འཛིན་གྱིས་མྱོས་པས་ཆོས་ཉན་པའི་སྐལ་པ་མེད། ལྷ་མ་ཡིན་ཡང་འདོད་ལྷ་དང་འདྲ་བ་ལས་ལྷག་པོར་ངན་སོང་བཞིན་དུ་ལུས་རྟེན་ངན། སངས་རྒྱས་མ་བྱོན་པའི་འཇིག་རྟེན་ཁམས་སུ་སྐྱེས་ པའམ། སངས་རྒྱས་བྱོན་པའི་ཞིང་ཁམས་སུ་ཡང་ཆོས་དར་བའི་ས་ཆ་ནི་རྒྱ་ཆུང༌། ཆོས་མེད་ས་ཆ་ཡུལ་ཕྱོགས་མཐའ་འཁོབ་ཀླ་ཀློར་སྐྱེས་པའམ། ཆོས་དར་བའི་ཡུལ་ཕྱོགས་སུ་སྐྱེས་ཀྱང་ལོག་ལྟ་ཅན་ཆོས་ལ་སྡང་བའམ། གླེན་ལྐུགས་སུ་གྱུར་ནས་བླང་དོར་གྱི་གནས་གང་ཡང་མི་གོ་བར་སོང་ན་ཆོས་བྱེད་པའི་སྐལ་པ་མི་འདུག་པ་ལས། བདག་གིས་ད་རེས་མི་ཁོམ་པ་བརྒྱད་ལས་ལོག་ནས་ཆོས་བྱེད་ནུས་སུ་རུང་བའི་ལུས་ཤིག་ཐོབ་འདུག་སྙམ་པ་དང༌། སྡོམ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པ་ལྟར་ཏེ། བདག་སྤྱིར་མི་ལུས་ཐོབ། དགོས་སུ་ཡུལ་དབུས་ཆོས་དར་བར་སྐྱེས། ཡང་དགོས་སུ་དབང་པོ་སྒོ་ལྔ་ཚང་བས་སྤང་བླང་ཤེས་སུ་རུང༌། ཞེས་དགོས་སུ་ལྟ་བ་ལོག་པ་དང་མ་ཕྲད་ཙམ། མཚམས་མེད་ལྟ་བུ་ལོག་པར་ལྟ་བའི་ལས་ཀྱང་མ་བྱས་ཙམ། གནས་དམ་པའི་ཆོས་འདུལ་བ་ལ་དད་པ་སྐྱེད་རུང་བ་ཙམ་དུ་འདུག་པས་རང་གི་འབྱོར་བ་ལྔ་ཚང་འདུག །འཇིག་རྟེན་དུ་སངས་རྒྱས་ཀྱང་བྱོན་ཟིན། དམ་པའི་ཆོས་ཀྱང་གསུངས་ཟིན། བསྟན་པ་ཡང་མ་ནུབ་པར་གནས། ཆོས་ལ་གསར་དུ་འཇུག་པ་ཡང་མང་བའི་སྐབས་སུ་ཡོད། ཆོས་བྱེད་རྣམས་ལ་གཞན་གྱིས་སྙིང་བརྩེ་བའི་སྒོ་ནས། ཟས་གོས་ཡོ་བྱད་སོགས་ཀྱང་སྟེར་བ་པོ་མང་པོ་སྣང་བས་ཆོས་ མཐུན་གྱི་འཚོ་བ་འབྱོར་དུ་རུང་བའི་སྐབས་སུ་འདུག་པས་གཞན་འབྱོར་ལྔ་པོ་ཡང་བདག་ལ་ཚང༌། དེ་ལྟར་ན་མི་ཁོམ་པ་བརྒྱད་ལས་ལོག །འབྱོར་བ་བཅུ་ཚང་བའི་ལུས་འདི་ལྟ་བུ་ཤིན་ཏུ་རྙེད་དཀའ། སྐབས་འདིར་ཆོས་ལ་འབད་དགོས་པར་འདུག་སྙམ་པ་རྒྱུ་མཚན་དྲན་པའི་སྒོ་ནས་ཡང་ཡང་བསམ། རྗེས་ཐུན་མཚམས་ལ་འཇུག་ན་གོང་བཞིན་དགེ་བ་བྱང་ཆུབ་ཏུ་བསྔོ། དམིགས་སྐོར་གཉིས་པའོ། །ཡང་སྔོན་འགྲོ་དང་རྗེས་སྔ་མ་བཞིན་ལས་སེམས་ཅན་རྣམས་ཀྱི་ནང་ན་ངན་སོང་གི་འགྲོ་བ་ནི་ཤིན་ཏུ་མང༌། དཔེར་ན་ས་ཆེན་པོའི་རྡུལ་ཙམ། མཐོ་རིས་ཀྱི་འགྲོ་བ་ནི་ཤིན་ཏུ་ཉུང༌། དཔེར་ན་སེན་མོའི་སྟེང་གི་རྡུལ་ཙམ་ཡིན། ཡང་དམྱལ་བ་ནི། ས་གཞི་ཆེན་པོའི་རྡུལ་ཕྲན་ཙམ། ཡི་དྭགས་ནི་ཁ་བ་བུ་ཡུག་འཚུབས་པ་ཙམ། དུད་འགྲོ་བྱིངས་ནི་རྒྱ་མཚོ་ཆེན་པོར་ཆང་གར་མའི་སྦང་མ་ཙམ། དུད་འགྲོ་ཁ་ཐོར་བ་ནི། ས་གཞི་རི་ཀླུང་བར་སྣང་ཐམས་ཅད་ཁེངས་པ་ཙམ། ལྷ་དང་མིའི་འགྲོ་བ་ནི། དེ་རྣམས་ལ་ལྟོས་ན་སྲིད་མཐའ་ཙམ་ཡིན་པར་འདུག །དེ་ལས་ཀྱང་སྤྱིར་མིའི་འགྲོ་བ་ཉུང༌། དགོས་སུ་འཛམ་བུ་གླིང་པའི་མི་ཉུང༌། ཡང་དགོས་སུ་ཆོས་བྱེད་པའི་མི་ལུས་ནི་སྲིད་མཐའ་ཙམ་དུ་འདུག་སྟེ། ད་རེས་ཅིས་ཀྱང་ཆོས་ལ་འབད་དགོས་སྙམ་པ་དང༌། དེ་ལྟར་འབྱུང་བའི་རྒྱུ་མཚན་ཡང་སེམས་ཅན་གྱི་ནང་ན་སྡིག་པའི་ལས་བྱེད་པ་ནི་ཆེས་མང་སྟེ་མཐའ་མེད། དགེ་བའི་ལས་བྱེད་པ་ནི་སྤྱི་ཙམ་ནས་ཀྱང་ཤིན་ཏུ་ཉུང༌། དགེ་བའི་ནང་ནས་ཀྱང་མི་ལུས་འཕེན་ཐུབ་པའི་ཚུལ་ཁྲིམས་སྲུང་བ་ནི་ཆེས་ཤིན་ཏུ་དཀོན་པས། དེའི་ཕྱིར་མི་ལུས་རྙེད་དཀའ་བ་ཡིན། དེའི་སྟེང་དུ་ཡང་འབྱོར་བ་བཅུ་ཚང་ཞིང་ཆོས་དང་མཇལ་བ་ལ་བསོད་ནམས་མང་པོ་གསོག་དགོས་པས་འདི་འདྲ་ཤིན་ཏུ་རྙེད་དཀའ་བ་ཡིན་ཡང་། སྔོན་སྟེས་དབང་གིས་དགེ་བ་ཆེ་རབ་ཅིག་ལན་གཅིག་བསགས་ཡོད་འདུག་པས་ད་རེས་དལ་འབྱོར་གྱི་ལུས་འདི་ཐོབ་འདུག །སྐབས་འདིར་ཆོས་ལ་འབད་པར་བྱ་སྙམ་དུ་བསྒོམ། དམིགས་སྐོར་གསུམ་པའོ། །འདིར་ཁ་ཅིག་དཔེའི་སྒོ་ནས་རྙེད་དཀའ་བ་ཞེས་ཟེར་ཞིང་། དེ་ལྟར་གྲགས་པ་ནི་དཀོན་པའི་དཔེ་བསྟན་པ་ཙམ་ཡིན་པས་དམིགས་སྐོར་ལོགས་པ་མི་དགོས་སོ། །ཡང་སྔོན་འགྲོ་དང་རྗེས་སྔར་ལྟར་ལས་གོང་དུ་བཤད་པའི་རྒྱུ་མཚན་རྣམས་དྲན་པར་བྱས་ནས། དེ་ལྟར་ཤིན་ཏུ་རྙེད་དཀའ་བའི་མི་ལུས་འདི་ལན་གཅིག་ཐོབ་པའི་སྐབས་འདིར་དོན་ཆེན་པོ་ཞིག་སྒྲུབ་དགོས་པར་འདུག །སྐྱེ་བ་ནས་སྐྱེ་བར་འཁོར་བའི་བདེ་བ་ཕུན་སུམ་ཚོགས་པ་འདོད་ན་ཡང་མི་ལུས་འདི་ལ་བརྟེན་ནས་འབད་མེད་དུ་སྒྲུབ་ནུས། འཁོར་བ་ལས་ཐར་བའི་ཉན་རང་གི་བྱང་ཆུབ་སྒྲུབ་ན་ཡང་ད་རེས་དཀའ་ཚེགས་ཙམ་མེད། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པར་འདོད་ཀྱང་ད་རེས་ ཀྱི་སྐབས་འདིར་བྱེད་སླ་བསྒྲུབ་སླ་བ་ཡིན་ལ། མི་ལུས་འདི་འདྲ་བ་ཞིག་མ་ཐོབ་ན། ཐར་པ་དང་སངས་རྒྱས་ལྟ་ཅི་སྨོས། འཁོར་བའི་བདེ་སྐྱིད་ཕུན་སུམ་ཚོགས་པ་གཅིག་ཀྱང་སྒྲུབ་མི་ཤེས་པས་ད་རེས་རང་མི་ལུས་ལ་སྙིང་པོ་ལེན་དགོས་སྙམ་དུ་བསྒོམ། དེ་བཞིན་དུ་གལ་ཏེ་མི་ལུས་ལན་གཅིག་ཐོབ་པ་འདི་དོན་མེད་དུ་སོང་ན་ཤིན་ཏུ་གོད་ཀ་ཆེ་སྟེ། ཇི་སྐད་དུ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་ནས་ནི། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་གསུངས་པ་ལྟར། རང་གིས་རང་ཉིད་ལ་བསླུས་ཚབས་ཆེ། རིན་པོ་ཆེའི་གླིང་དུ་ཕྱིན་ནས་སྟོང་ལྡོག་བྱས་པ་དང་འདྲ༑ འདོད་དོན་ཁྱད་པར་ཅན་གང་བསྒྲུབ་ཀྱང་འགྲུབ་ཏུ་རུང་བའི་རྟེན་ཁྱད་པར་ཅན་ལན་གཅིག་ཐོབ་པ་ལ་བྱ་བ་གང་ཡང་མ་བྱས་པར་དོན་མེད་དུ་ཐལ་འགྲོ་བ་འདི་རང་སྐྱོན་ཆེ་བར་འདུག །སྔར་དེ་ཙམ་ཞིག་དོན་མེད་དུ་སོང༌༑ ད་ནི་ཉི་མ་དེ་རིང་ནས་བརྩམས་ཏེ་དོན་མེད་དུ་མ་ལུས་པར་ཆོས་ལ་འབད་དགོས་སྙམ་དུ་ཡང་ཡང་བསམ་པའོ། །ཡང་ཚེ་འདིའི་བདེ་སྐྱིད་དང་བྱ་བྱེད་རྣམས་བློས་མི་ཐོངས་སྙམ་ན། འཇིག་རྟེན་ན་ཡང་ཕུགས་སྐྱིད་ཡུན་རིང་བ་གཅིག་ཡོད་ན། འཕྲལ་ཞག་འགའ་ཟླ་ཤས་སོས་དལ་བའི་བདེ་བ་ལ་མི་ལྟ་བར་ཕུགས་ཀྱི་དེ་སྒྲུབ་པ་ལ་འབད་རྩོལ་བྱེད་དགོས་པ་ལྟར། སྐྱེ་བ་གཏན་གྱི་བདེ་སྐྱིད་སྒྲུབ་པའི་ཕྱིར་ཚེ་འདིའི་བྱ་བ་ལ་མ་ཆགས་པར་ཆོས་ཀྱི་བྱ་བ་ལ་འབད་དགོས་སྙམ་དུ་བསམ་པའོ། །དེ་དག་གིས་ནི། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་སུ་ཡང་དག་འབྱོར་བར་ག་ལ་འགྱུར། །ཅེས་པ་ལྟར། མི་ལུས་རྙེད་དཀའ་ཞིང་རྙེད་པ་དོན་དང་ལྡན་པར་བསམ་པ་ཡིན་ཏེ། དམིགས་སྐོར་བཞི་པའོ། །གཉིས་པ་འཆི་བ་མི་རྟག་པ་བསམ་པ་ལ་གསུམ་གྱི་དང་པོ། ངེས་པར་མྱུར་དུ་འཆི་བ་བསམ་པ་ནི། མདོ་ལས། བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང༌། །དེ་ཀུན་འཇིག་པར་མཁས་པས་རྟོགས་བགྱི་སྟེ། །ཆོས་ལ་གནས་བགྱི་ངེས་པར་སྤྱད་པ་སྤྱོད། །ཅེས་གསུངས་པ་ལྟར༑ གནས་གང་དུ་གནས་ཀྱང་འཆི་བ་ལས་མ་འདས། གྲོགས་སུ་དང་འགྲོགས་ཀྱང་འཆི་བ་ལས་མ་འདས། ས་སྟེང་གི་འགྲོ་བ་སྔར་བྱུང་བ་ཐམས་ཅད་ཀྱང་ཤི། ད་གཟོད་འབྱུང་འགྱུར་ཐམས་ཅད་ཀྱང་འཆི། ད་ལྟ་དངོས་སུ་ཡོད་པ་འདི་ཐམས་ཅད་ཀྱང་འཆི་བ་ལས་གྲོལ་བ་སུ་ཡང་མེད། རང་རེ་བཙས་ནས་ཉི་མ་དེ་རིང་ཡན་ཆད་དུ་རང་དང་ཉེ་བ་ཡང་ཇི་ཙམ་ཞིག་ཤི། བར་མ་དང་དགྲ་ཡང་ཇི་ཙམ་ཞིག་ཤི། དེ་རྣམས་ཤི་སྟེ་བདག་ལ་སྡོད་པའི་གདིང་ཡོད་པའང་མིན། སྤྱིར་འཆི་བ་ལས་འོས་མི་འདུག །དགོས་སུ་ཚེ་ལ་སྣོན་ཁ་རྒྱག་མཁན་ནི་མེད། དུས་སྐད་ཅིག་ཀྱང་སྡོད་ས་མེད་པར་ཚེའི་སྟེང་ནས་འབྲིད་པ་ཡིན་པས་སྐད་ཅིག་རེ་རེ་སོང་ནས་འཆི་བ་ལ་ཇེ་ཉེ། ཞག་རེ་ཞག་རེ་སོང་ནས་དེ་བས་ཉེ་རུ་སོང༌། ཟླ་བ་རེ་རེ་སོང་གིན་ལྷག་པར་ཉེ་རུ་སོང༌། ལོ་གཅིག་གཅིག་སོང་གིན་ལྷག་པར་ཉེ་རུ་སོང༌། དེ་བས་ན་མྱུར་དུ་འཆི་བ་ཡིན། བདག་ཆོས་ཉམས་སུ་ལེན་དགོས་ན། ད་རུང་རྒས་པ་ལ་ནི་མ་ཐུག་རིམ་པར་བྱས་པས་ཆོག་སྙམ་ན། ཚེ་ཐུང་འདི་ལ་དེ་འདྲའི་ལོང་ཡོད་བྱེད་མི་ཉན་པར་འདུག །དཔེར་ན་ལོ་དྲུག་ཅུ་ལ་གཞོན་པའི་དུས་སུ་ནི་ཆོས་མ་བྱུང་བར་ཡར་འདས། རྒས་ནས་ནི་ཆོས་བྱེད་བློ་བྱས་ཀྱང་ལུས་སེམས་ཀྱི་སྟོབས་ཟད་པས་བོགས་སྐྱེད་མི་འབྱུང༌། དེའི་ལྷག་མའི་ཕྱེད་ནི་གཉིད་ཀྱིས་འདས། གཞན་ཡང་ལྟོ་རྒྱབ་ཀྱི་ཕྱིར་དང༌། འགྲོ་འདུག་དང་གཡེང་བ་སོགས་དོན་མེད་སྣ་ཚོགས་ཀྱི་དབང་དུ་འགྲོ་བས་འདུན་པ་དང་བརྩོན་འགྲུས་ཆེ་བ་གཅིག་གི་དབང་དུ་བྱས་ཀྱང་ཆོས་རང་ཉམས་ལེན་བྱས་པའི་ཚད་ལ་ཡུན་རིང་མི་ཡོང་བ་འདུག །དམ་པ་རྣམས་ཀྱིས་དུས་ཇི་སྙེད་ཅིག་འབད་པ་བྱས་ཏེ་རྟོགས་པའི་ཆོས་དེ་བདག་གིས་མྱུར་དུ་རྟོགས་དགོས་ན། ཚེ་ཐུང་འདི་ལ་ཆོས་ལ་ཕྱི་འགྱངས་དང༌། ལེ་ལོ་དང་བར་སྐབས་སུ་བཤོལ་བའི་ཐབས་ཡེ་མི་འདུག་སྙམ་དུ་བསམ་དགོས། དེ་ལྟར་རྒྱུ་མཚན་བསམས་ནས་ཡང་ཡང་སྒོམ་པ་གལ་ཆེ། དམིགས་སྐོར་ལྔ་པའོ། །དོན་ཚན་གཉིས་པ་ནམ་འཆི་ཆ་མེད་བསམ་པ་ནི། འོ་སྐོལ་རྣམས་སྤྱི་ཙམ་དུ་ཚེ་ཐུང་བར་མ་ཟད་ནམ་འཆི་ཆ་མེད་པ་ཡིན། གལ་ཏེ་སྟེས་དབང་ལེགས་ན་སྔོན་གྱི་ལས་ཀྱིས་འཕངས་པའི་ཚེ་ལོ་དྲུག་ཅུ་བདུན་ཅུ་ ཙམ་འཕངས་པ་སྲིད་ཀྱང༌། རང་རེ་ལ་ཕལ་དུ་དེ་ཙམ་མེད་དེ་འོང་། ཡོད་དུ་ཆུག་ཀྱང་ཉི་མ་དེ་རིང་ནས་རྩི་རྒྱུ་མིན། ཕྱེད་ཙམ་སོང་ཟིན་ནམ་ཕལ་ཆེར་སོང་ཟིན། ཡང་གཅིག་ཏུ་ན་སྔོན་གྱི་ལས་ཀྱིས་ཚེ་ལོ་སུམ་ཅུའམ་བཞི་བཅུ་ཙམ་ལས་མ་འཕངས་པ་ཡང་སྲིད། འཆི་བདག་སྒོ་དྲུང་ན་སླེབ་ཚར་བའི་ཚོད་དུ་གདའ། ཚེ་འདིའི་དགྲ་གཉེན་ནོར་རྫས་འཁོར་གཡོག་གྲོགས་པོ། བདེ་སྡུག་གཏམ་གསུམ་འདི་ཀུན་དང་ཡུན་རིང་འགྲོགས་སྐབས་མི་འདུག ། ཅིས་ཀྱང་ཅི་བྱེད་སྙམ་པ་དང༌། ཇི་སྐད་དུ། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀུན། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཅེས་པ་ལྟར༑ ལུས་ཤ་ཁྲག་རྣག་གི་ཕུང་པོ་འདི་ནི་ཉམ་རེ་ཆུང༌། དབུགས་མི་བརྟན་སྟོན་ཀའི་ན་བུན་བཞིན་དུ་ནམ་ཡལ་འགྲོ་ཆ་མེད། སེམས་ལ་རང་དབང་མ་ཐོབ། གང་ལ་ཡང་གདིང་མི་འདུག་པས་ནམ་འཆི་ཆ་མེད། ཇི་སྐད་དུ༑ དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང༌། །ཞེས་པ་ལྟར་བསྒོམ་པ་དང༌། ཀླུ་སྒྲུབ་ཀྱི་ཞལ་ནས། འཆི་བའི་རྐྱེན་ནི་མང་བ་སྟེ། ། གསོན་པ་ཡི་ནི་ཅུང་ཟད་གཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས་པ་ལྟར། ཕྱིའི་རྐྱེན་མི་དང་དུད་འགྲོ་དང་གདོན་ལ་སོགས་པ་སེམས་ཅན་དུ་གཏོགས་པ་དང་། གཡང་ས་ དང་མེ་ཆུ་ལ་སོགས་པ་སྣོད་དང་འབྱུང་བར་གཏོགས་པ། ནང་ལུས་ལ་ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པ་མདོར་ན་འཆི་རྐྱེན་ལ་འདིས་མི་བྱེད་བྱ་བ་མེད། མི་འཆི་བ་འཚོ་བའི་རྐྱེན་དུ་འདོད་པ་ཟས་གོས་གནས་མལ་སྨན་ལ་སོགས་པ་ཡིན་ན། ཁ་ཟས་མ་འཕྲོད་པ་དང༌། སྨན་ལོག་པ་སོགས་འཚོ་བའི་རྐྱེན་དེ་ཀུན་ཡང་ནམ་ཞིག་ན་འཆི་རྐྱེན་དུ་འགྱུར་ཏེ། ལུས་སྲོག་ལ་རྒོལ་བའི་རྐྱེན་ངན་བུ་ཡུག་འཚུབས་པ་ལྟ་བུའི་དབུས་ན་བདག་གནས་པ་ཡིན་ན། ནམ་འཆི་ཆ་མེད་སྙམ་དུ་བསྒོམ། དམིགས་སྐོར་དྲུག་པའོ། །དོན་ཚན་གསུམ་པ་འཆི་བ་ལ་ཆོས་མ་ཡིན་པ་ཅིས་ཀྱང་མི་ཕན་པར་བསམ་པ་ནི། ཇི་སྐད་དུ། ཞི་བ་ལྷས། གཤིན་རྗེའི་སྐྱེས་བུས་ཟིན་པ་ལ༑ ༑གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །ཞེས་པ་ལྟར། འཆི་བའི་དུས་ན་ནོར་རྫས་མང་ཡང་ཏིལ་འབྲུ་ཙམ་ཡང་ཁྱེར་དབང་མེད། གཉེན་གྲོགས་གཡོག་འཁོར་རྗེ་དཔོན་སོགས་རྩ་འཇིང་ཆེ་ཡང་བྲན་གྱི་ཐ་མ་ཁྱེའུ་གཅིག་ཙམ་ཞིག་རང་ལ་ཁྲིད་དབང་ཡང་མེད། ཁོ་ལ་རྗེས་སུ་འབྲང་དབང་ཡང་མེད། འདི་ཐམས་ཅད་བྱེ་བྲལ་བྱེད་པའི་ཆོས་ཉིད་ཡིན། ཅིས་ཀྱང་ཕན་པ་མེད་སྙམ་སྐྱུག་ལོག་གེ་བ་བསྒོམ། དགྲ་གཉེན་བདེ་སྡུག་གཏམ་བཟང་ངན་ཐམས་ཅད་ལ་དེ་བཞིན་དུ་སྦྱར། འོ་ན་འདི་དག་རྗེས་སུ་མི་འབྲང་ན་སུ་རྗེས་སུ་འབྲང་སྙམ་ན། རང་གིས་བསགས་པའི་ལས་དགེ་སྡིག་གཉིས་པོ་རྗེས་སུ་འབྲང༌། སྡིག་པ་བྱས་ཟིན་པ་དེ་ཡང་ཤུལ་དུ་བཞག་ཐབས་མེད་རྟག་ཏུ་གནོད་ པ་ཡིན། དགེ་བ་གང་བསགས་པ་དེས་ཀྱང་བདག་ལ་ཕན་པ་ཡིན་ཤུལ་དུ་མི་ལུས། ཆོས་ལྡན་རབ་འབྱོར་གྱི་ཞལ་ནས་ཀྱང༌། དགེ་དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལྡོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་གྱིས་ལ་ལེགས་པར་དཔྱོད། །ཅེས་གསུངས་པ་ལྟར་བསམ་པ་དང༌། དེ་ལྟར་ན་ངེས་པར་འཆི། མྱུར་དུ་འཆི། ནམ་འཆི་ཆ་མེད། འཆི་བ་ལ་གཞན་ཅིས་ཀྱང་མི་ཕན། འཆི་ཁ་ཕན་ཆད་སྐྱེ་བ་མཐའ་མེད་དུ་ཕན་ནུས་པ་ནི་དམ་པའི་ཆོས་ཁོ་ན་ཡིན་ན། ད་ལྟ་ཉིད་དུ་ཆོས་ལ་འབད་པར་བྱའོ་སྙམ་དུ་བསྒོམ། དམིགས་སྐོར་བདུན་པའོ། །ད་ནི་འཆི་བ་མི་རྟག་པའི་ཐོན་ཆོས་འདི་བསྒོམ་སྟེ། འདི་ལ་རྩ་བའི་ཚིག་ལྔ་ཞེས་བྱ། དང་པོ་མི་སྡོད་འགྱུར་བ་བསམ། །གཞན་དག་ཤི་བ་མང་དུ་བསམ། །འཆི་རྐྱེན་མང་པོ་ཡང་ཡང་བསམ། །འཆི་ཁར་ཇི་ལྟར་འགྱུར་སྙམ་བསྒོམ། །ཤི་ནས་ཇི་ལྟར་འགྱུར་བ་བསམ། །བྱ་བ་ཡིན་ཏེ་རང་རེ་སྐྱེས་ནས་མ་ཤིའི་བར་དུ་ཡང་ཕུང་པོའི་རྒྱུན་འདི་རྟག་ཏུ་འགྱུར་ཞིང་འགྲོ། བདག་དང་པོ་བུ་ཆུང་གི་དུས་ན་དེ་འདྲ། བྱིས་པའི་དུས་ན་དེ་འདྲ། ལང་ཚོ་ཙ་ན་དེ་འདྲ། ད་ནི་འདི་འདྲ་སྙམ་པ་དང༌། འཆི་བ་ལ་ཇེ་ཉེ་ཇེ་ཉེར་འགྲོ་བ་དེར་འདུག །ཅིས་ཀྱང་མ་ཕན་སྙམ་དུ་རིག་པ་གཅུན་ལ་སྐྱོ་ལྷང་ལྷང་བ་ལ་བཞག །རང་རེས་དྲན་ནས་ད་ལྟ་ཡན་ཆད་ལ་ཡུལ་འདི་ན་མི་འདི་འདྲ་ཞིག་ཡོད་པ་ཡང་ཤི་འདུག །དེ་ན་དེ་འདྲ་ཞིག་ཡོད་པ་ཡང་ཤི་འདུག་སྙམ་དུ་རེ་རེ་ནས་ཞིབ་ཏུ་བགྲང༌། རང་བས་རྒན་པ་ཡང་ཇི་ཙམ་ཞིག་ཤི་འདུག །མཉམ་པ་དང་གཞོན་པ་ཡང་ཇི་ཙམ་ཞིག་ཤི་འདུག་བསམ་ན། ད་ལྟ་ཡོད་པ་བས་ཤི་བ་མང༌། དེ་དག་ཀྱང་ཚེ་ཚད་དུ་ཐུབ་ནས་ཤི་བ་ཙམ་ཆེར་མི་འདུག །ཕལ་ཆེར་དུས་མིན་བར་མ་དོར་ཤི། བདག་ཀྱང་དེ་ལྟ་བུའི་ཆོས་ཉིད་ཡིན། དེ་ལྟ་བུའི་རང་བཞིན་ལས་མ་འདས། སྔར་དེ་དག་གི་གསེབ་ཏུ་མ་སོང་བ་ཁར་རྗེ་ཆེ། མ་ཤི་གོང་དུ་ཆོས་གཤའ་མ་ཞིག་མི་བྱེད་པའི་ཐབས་མེད་སྙམ་དུ་བསམ། གཞན་མི་དང་དུད་འགྲོ་ཤི་བ་ཐོས་སམ། མཐོང་ངམ། བྱིས་པ་ནས་རྒན་པོའི་བར་དུ་ལང་ཚོ་འགྱུར་བ་མཐོང་ངམ། མ་ཤི་བ་ཉིད་ལ་ཡང་ཁ་དྲག་པོ་ཁ་ཞན་པོར་སོང་བ་དང༌། ཞན་པོ་དྲག་པོར་སོང་བ་དང༌། ཕྱུག་པོ་སྤྲང་པོར་སོང་བ་སོགས་གང་མཐོང་གང་ཐོས་ཀྱང་མི་རྟག་པ་ལྷང་གིས་དྲན་ཏེ། བདག་གམ་བདག་གི་ཕྱོགས་དང༌། བདག་གི་ལོངས་སྤྱོད་སོགས་ཀྱང་འདི་ལྟ་བུའི་རང་བཞིན་ཡིན། འདི་ལྟ་བུའི་ཆོས་ཉིད་ཡིན་སྙམ་དུ་བསམ། དེ་ནས་གོང་བཞིན་འཆི་བའི་རྐྱེན་མང་བ་བསམས་ཏེ། རང་གི་གདོང་དུ་བྱུང་བའི་དངོས་པོ་ཐམས་ཅད་ལ་འདི་ཀུན་གྱིས་ཀྱང་བདག་འཆི་བའི་རྐྱེན་ཇི་ལྟར་བྱེད་མི་ཤེས། ད་ལྟ་རང་དུ་ཡང་ཇི་ལྟར་འགྱུར་མི་ཤེས་སྙམ་དུ་བསམ། འཆི་བའི་ཚེ་མི་དགེ་བའི་སེམས་ཀྱིས་འཆི་བ་ན་ནི་གནད་གཅོད་ཀྱི་ལས་ལ་སོགས་པ་སྡུག་བསྔལ་འཇིགས་སུ་རུང་བ་ཡོད། འཆི་བ་དེ་འདོད་བཞིན་དགའ་བཞིན་དུ་ཡོང་བ་མིན། མི་འདོད་བཞིན་དུ་ཐོག་ཏུ་འབབ་པ་ཡིན། དགའ་བཞིན་ སྐྱིད་བཞིན་དུ་འཆི་བ་མ་ཡིན། སྡུག་བསྔལ་ཤུགས་དྲག་པོ་དང་བཅས་ཏེ་འཆི་བ་ཡིན། འཇིག་རྟེན་ཕ་རོལ་ཆ་རྒྱུས་ཡོད་ནས་མ་ཡིན། ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་འཁྱམས་པ་ཡིན་སྙམ་པ་དང༌། བདག་ཤི་ཟིན་པའི་གནས་སྐབས་ན། ལུས་སེམས་གཉིས་ནི་བྱེ་བྲལ་དུ་སོང༌། ལུས་འདི་ནི་ཡང་ན་ས་ལ་སྐུངས་ནས་སྲིན་འབུའི་ཕུང་པོ་གཅིག་གམ། ཡང་ན་ཆུ་ལ་སྐྱུར་ནས་ཉ་སྲམ་གྱི་ཟས་གཅིག་གམ། མེ་ལ་བསྲེགས་ནས་རུས་པ་སྤར་གང་ངམ༑ རིའམ་ཐང་ལ་བསྐྱལ་ནས་བྱ་ཁྱིའི་ཁ་ན་ཕར་ཡེ་རེ་རེ་བ་གཅིག་གམ། མཐར་ཞག་ཤས་ནས་ཤུལ་ཙམ་ཡང་མི་ལུས། ད་ལྟ་གཅེས་གཅེས་མོར་བྱས་པའི་ལུས་ཀྱི་ཐ་མ་ནི་དེ་འདྲ། སེམས་ནི་ལས་ཀྱི་ཁུར་ཐོགས་ནས་གར་སྐྱེ་ངེས་པ་མེད་པའི་གནས་སུ་འགྲོ་དགོས་ན། ད་ལྟ་ཆོས་མི་བྱེད་པའི་ཐབས་རང་འདུག་གམ། བྱས་ནས་ཕྱི་བཤོལ་དུ་འཇོག་པའི་ཐབས་རང་འདུག་གམ་སྙམ་དུ་བསམ། དེ་རྣམས་ཀྱིས་གཞུག་བསྡམས་ཏེ། ད་ལྟ་རང་ཆོས་གཤའ་མ་ཞིག་བྱེད་སྙམ་པའི་གོ་ཆ་ཡོད་པ་བཞིན་ཆོས་ཀྱི་མགོ་ཐོན་གཞུག་འཁྱོངས་ནས། རང་ཡང་དགའ་བཞིན་དུ་ཚེའི་དུས་བྱེད། གཞན་ཀུན་གྱིས་ཀྱང་ཁོ་ལ་ཆོས་གཤའ་མ་ཞིག་བྱུང་ཟེར་ནས་སྨོན་བཞིན་དུ་ཚེའི་དུས་བྱེད་པ་གཅིག་ལ་གཏད་སོ་འཆོལ་དགོས། དེ་ལ་ཆོས་བསྒོམ་དགོས། བརྟན་པ་ཐོབ་དགོས། གོམས་དགོས། ལྷོངས་སུ་གྱུར་དགོས་པ་འདུག །བརྟན་པ་ནི་མ་ཐོབ། གལ་ཏེ་ན་རྐྱེན་ངན་དང་འཕྲད། རང་གི་བློ་ལས་སུ་མ་རུང༌། ཆོས་ཀྱི་གཞུག་མ་འཁྱོངས། ཆོས་དང་འགལ། རང་ཡང་འགྱོད། གཞན་ཀུན་གྱིས་ཀྱང་སྨད་ར་དིར་རེ་འཆི་བ་ཞིག་ཡོང་ཉེན་ཡོད་ན། དེ་ལྟར་སོང་བའི་ཐབས་མི་འདུག་པས་ཆོས་གཤའ་མ་གཅིག་ལ་ད་ལྟ་རང་ཞུགས་ཏེ་མ་ཤི་བར་དུ་འཁྱོངས་པ་གཅིག་གཞན་སྨོན་ལ་རང་བདེ་བ་གཅིག་མི་བྱེད་རེ་སྙམ་དུ་ཞེ་མནའ་ཡང་ཡང་བསྐྱལ། དེང་སང་གི་ཆོས་པ་ཀུན་ལ་གཉེན་པོ་འདི་ཁ་གནད་དུ་ཆེ། དེས་མི་རྟག་པའི་ཁྲིད་ཚར་བ་ལགས། དམིགས་སྐོར་བརྒྱད་པའོ། །གསུམ་པ་ངན་སོང་གི་སྡུག་བསྔལ་བསམ་པ་ལ། དམྱལ་བའི་སྡུག་བསྔལ་བསམ་པ། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ། དུད་འགྲོའི་སྡུག་བསྔལ་བསམ་པ་གསུམ་ལས། དང་པོ་ནི༑ སྔོན་འགྲོ་དང་རྗེས་སྔར་ལྟར་ལས། བདག་མི་ཡུལ་དུ་ཡུན་རིང་བསྡད་དབང་མི་འདུག །འཆི་བ་འདིས་འཇིགས་སོ་བསམ། ནན་ཏར་ན་འཆི་བ་ཁོ་ན་ལ་ཏ་ཆེས་འཇིགས་རྒྱུ་ཡང་མེད་དེ། ཤི་བས་མི་ཆོག་དབང་མེད་དུ་སྐྱེ་བ་ལེན་དགོས་པས་འདི་ཁོ་ན་སྐྲག །དགེ་བ་ནི་མ་བྱས་སྡིག་པ་ནི་མང་ན་ངན་སོང་གསུམ་དུ་སྐྱེ་སྟེ་འོང༌། ཅི་རང་དྲག་སྙམ་དུ་བསམ། འདི་ངན་སོང་གི་སྡུག་བསྔལ་བསམ་པའི་དམིགས་པ་ཐམས་ཅད་ཀྱི་སྒོ་ཡིན། དེ་ནས་ཚ་དམྱལ་གྱི་སྡུག་བསྔལ་བསམ་པ་ལ། སྡོམ་ནི། ཡང་སོས་ཐིག་ནག་བསྡུས་འཇོམས་དང༌། །ངུ་འབོད་ངུ་འབོད་ཆེན་པོ་དང༌། །ཚ་བ་རབ་ཚ་མནར་མེད་པའོ། །དེ་ལ་ཚ་དམྱལ་ཐམས་ཅད་ཀྱི་གནས་ས་གཞི་རི་མེད་ཀླུང་མེད་ ལྕགས་བསྲེག་ཡིན་པ། མེ་ལྕེ་ཁྲུ་གང་ཙམ་རྟག་ཏུ་འབར་བ། རི་རོང་ངམ་གྲོག་སལ་སུལ་ཁོ་ནས་ཁྱབ་པ། ཟངས་ཞུན་ནམ་ཁྲོ་ཆུའམ་ཞ་ཉེ་བཞུ་བ་དང༌། ལན་ཚྭ་རྣོན་པོ་སོགས་འགྱུར་བྱེད་ཀྱི་ཆུ་ཚན་ཤིན་ཏུ་ཚ་བ་དང༌། དེ་འདྲའི་རིགས་ཀྱི་འབབ་ཆུ་དང་མཚོ་ཡོད་པ། ཤིང་རྣམས་ཀྱང་ལྕགས་བསྲེགས་སོགས་ལས་གྲུབ་པ། གདུག་པའི་བྱ་དང་གཅན་གཟན་དང་ལས་ཀྱི་སྲིན་པོ་དང་གཤིན་རྗེ་དུ་མས་གང་བ་ཞིག་ཡོད་དོ། །དེར་སྐྱེ་བའི་བར་དོ་རྣམས་ཆར་རླུང་གིས་བདས་པ་སོགས་གྲང་བའི་རྣམ་པ་ཆེར་བྱུང་ནས་ལས་ཀྱི་དབང་གིས་ཚ་དམྱལ་གྱི་གནས་མཐོང་བས། དེར་དྲོ་བར་ཤེས་ནས་སྲེད་པས་རྒྱུགས་པས་གནས་དེར་ཚུད་ནས་སྐྱེ་བ་ལེན་པར་བཤད། དེ་ཡང་མེ་ཕལ་པ་བས་ཙན་དན་གྱི་མེ་བདུན་འགྱུར་གྱིས་ཚ། དེ་བས་ཀྱང་ཡང་སོས་ཀྱི་མེ་བདུན་འགྱུར་གྱིས་ཚ། དེ་བཞིན་དུ་གོང་མ་གོང་མ་ལས་འོག་མ་འོག་མ་བདུན་འགྱུར་གྱིས་ཚ་བར་གྲགས། དམྱལ་བའི་འགྲོ་བ་ཐམས་ཅད་རིག་པ་ཚོར་ངད་སྐྱེན་ཅིང་སྒྲིན་པ། ལུས་འཇམ་ཞིང་མཉེན་ལ་གཞོན་ཤ་ཆགས་པ། ལུས་སེམས་གཉིས་ཀའི་ཆ་ནས་བཟོད་སྲན་ཆུང་བ་ཞིག་ཡོད། དེས་ཀྱང་ལྷག་པར་སྡུག་བསྔལ་ཆེ། གནས་དེ་དག་ཏུ་བཞིན་ལག་དབང་པོ་ཐམས་ཅད་སྐད་ཅིག་ལ་ཁྲོང་གིས་སྐྱེ་སྟེ། གཉིད་སད་པ་འདྲ་བ་ཞིག་ཡོད་པར་གདའ། དམྱལ་བ་ཐམས་ཅད་རྫུས་སྐྱེས་ཡིན། རྫུས་སྐྱེས་ཕལ་ཆེར་གྱི་ལུགས་ལ་དེ་བཞིན་དུ་འབྱུང༌། སྡུག་བསྔལ་མི་འདྲ་བ་སོ་སོའི་ཁྱད་པར་ནི། ཡང་སོས་ན་ཕན་ཚུན་དགྲ་མི་ཤ་བོ་མཐོང་བ་བཞིན་ཞེ་སྡང་སྐྱེ་ལ། ལག་ཏུ་བླངས་ཚད་མཚོན་ཆ་རྣོན་པོར་སོང་ནས་གཅིག་ལ་གཅིག་གིས་བསྣུན་པས་དུམ་བུ་མང་པོར་སོང་བ་ན། རེ་ཞིག་ཤི་བ་བཞིན་དུ་བརྒྱལ་ཞིང་འགྱེལ་འགྲོ། ནམ་མཁའ་ལས་རླུང་གྲང་མོ་དང༌། ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་བ་ན་སོས་པར་འགྱུར་ཞིང༌། ཡང་སྔོན་བཞིན་འཐབ་པ་སོགས་ཡང་ཤི་ཡང་སོས་ལ་ཟད་པ་མེད་པའི་ཚུལ་དུ་ཡོད། ཐིག་ནག་ནི་གཤིན་རྗེ་རྣམས་ཀྱིས་དམྱལ་བའི་སེམས་ཅན་དེའི་ལུས་ལ་ཐིག་ནག་པོ་མང་པོ་བཏབ་སྟེ་སོག་ལེས་གཅོད་པ་དང༌། སྟེའུས་གཞོག་པ་དང༌། མཚོན་ཆ་རྣོན་པོས་འདྲ་བ་སོགས་ཡོད་དེ། དེ་ཡང་སྟོད་བཏུབས་ཙ་ན་སྨད་འགྲིག །སྨད་བཏུབས་ཙ་ན་སྟོད་འགྲིག །ཚུལ་དེ་ཀས་གྲུབ་ཟིན་མེད་པ་ལ་དུས་འདའ་བའོ། །བསྡུས་འཇོམས་ནི། ལུག་ཐུག་སོགས་སྲོག་ཆགས་ཆེན་པོ་མི་བཟད་པ་འཐབ་པའི་བར་དུ་གཅེར་བ་དང༌། ཡང་ན་བྲག་རི་ལུག་གི་གདོང་དང་རའི་གདོང་པ་མ་ཧེ་དང་སེང་གེ་ལ་སོགས་པ་འཇིགས་སུ་རུང་བའི་རྣམ་པ་ཅན་གྱི་བར་དུ་གཅེར་བ་དང༌། རི་ཆེན་པོས་སྟེང་ནས་བཙིར་ཞིང་འཇོམས་པ་དང༌། ལྕགས་ཀྱི་གཏན་པ་དཔག་ཚད་མང་པོ་ཅན་གྱི་སྟེང་དུ་དམྱལ་བའི་སེམས་ཅན་མང་པོ་ཕྱོགས་གཅིག་ཏུ་བསྡུས་ནས། རི་བོ་ཙམ་གྱི་གཏུན་ནམ་ཐོ་བས་འཇོམས་ཤིང་འཐག་པར་བྱེད་དོ། །རི་ཁ་གྱེས་པའམ་གཏུན་ཤིང་སོགས་བཏེག་ན། ཡང་སྔར་བཞིན་སོས་པར་ འགྱུར་ལ། ཡང་བསྣུན་ཅིང་བཙིར་བ་ན། ལུས་ཕྱེ་མར་འཐག་པ་ཡིན་ནོ། །ངུ་འབོད་ནི། སྲོག་ཆགས་འཇིགས་སུ་རུང་བ་དུ་མས་བདས་པ་ན། རྒྱང་རིང་པོ་ནས་ཁང་པ་དཀར་པོ་ཞིག་མཐོང་ནས། དེ་བདེའོ་སྙམ་ནས་དེར་རྒྱུགས་ཏེ་ནང་དུ་ཕྱིན་པ་ན། ལྕགས་ཀྱི་ཁང་པ་སྒོ་མེད་དུ་གྱུར་ནས་ཕྱི་ནང་ཀུན་ཏུ་མེ་འབར་ཞིང་བསྲེགས་པས་ཐར་པའི་གོ་སྐབས་མེད་ཅིང་དྲག་ཏུ་ངུ་བར་བྱེད་པའོ། །ངུ་འབོད་ཆེན་པོ་ཡང་དེ་དང་འདྲ་བ་ལས་ལྕགས་ཀྱི་ཁང་པ་ཉིས་རིམ་དུ་ཡོད་པའོ། །ལྕགས་ཀྱི་བུམ་པའི་ནང་དུ་འཚེད་པ་དང༌། ཟངས་ཆེན་པོར་འཚེད་པ་སོགས་ཀྱང་དེ་དག་ན་ཡོད་དོ། །ཚ་བ་ནི། ལྕགས་ཀྱི་གསལ་ཤིང་ངམ་མདུང་ཐུང་རྣོན་པོ་མེ་འབར་བས་སྤྱི་བོ་ནས་བཤང་ལམ་མམ། བཤང་ལམ་ནས་སྤྱི་བོར་ཐལ་ཕྱུང་དུ་ཕུག་པས་ནང་ཁྲོལ་ཐམས་ཅད་ནི་ཚིག །བུ་ག་དགུ་ནས་མེ་དང་དུད་པ་བརྒྱུད་མར་འབྱུང་བའོ། །རབ་ཏུ་ཚ་བ་ཡང་དེ་དང་འདྲ་བ་ལས་མདུང་རྩེ་གསུམ་པ་ལ་སོགས་པས་བསྣུན་པའོ། །གོང་མ་གོང་མའི་སྡུག་བསྔལ་ཐམས་ཅད་འོག་མ་འོག་མ་ལ་ཡོད་ཅིང༌། འོག་མ་འོག་མའི་སྡུག་བསྔལ་དུ་བཤད་པ་རྣམས་ལྷག་པའོ། །མནར་མེད་ཀྱི་གནས་ན་ནི་སྡུག་བསྔལ་ཚད་བཟུང་དུ་མེད་དེ། བདེ་བའི་གོ་སྐབས་ཅུང་ཟད་ཙམ་ཡང་མེད་དོ། །གནས་དེ་ན་ལྕགས་བསྲེགས་ཀྱི་འདབ་མ་ལ་ལུས་ཐམས་ཅད་འགྲིལ་བ་དང༌། ལྕགས་ཀྱི་ཞིབ་མ་ཆེན་པོར་བྱེ་ཚན་དང་ལྷན་ཅིག་འཁྲབ་པ་དང༌། ལྕེ་ལ་རྨོས་དོར་ལྔ་བརྒྱས་རྨོས་པ་སོགས་ཀྱང་ཡོད་པར་བཤད་ལ། མར་མེའི་སྡོང་བུ་ལ་མེ་འབར་བ་ལྟར་ལུས་ཀྱི་ཕྱི་ནང་ཐམས་ཅད་ལ་མེ་འབར་བས་མེ་ལྕེ་དང་སྲོག་ཆགས་དབྱེ་བ་མི་བྱེད་དེ། སྨྲེ་སྔགས་འདོན་པ་ཙམ་ལས་སེམས་ཅན་ཡོད་པར་རྗེས་སུ་དཔོག་གོ །དེ་ལྟར་སྡུག་བསྔལ་དོས་དྲག་ཚུལ་དེ་བཞིན་ཡིན་ལ། ཡུན་ཚད་རིང་བ་ནི། མངོན་པ་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། ། གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཞེས་དང༌། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་གསུངས་ཏེ། མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ཞག་གཅིག །དེས་རྩིས་པའི་རང་ལོ་ལྔ་བརྒྱ་ཐུབ། དེ་ཡོངས་རྫོགས་ཡང་སོས་པའི་ཞག་གཅིག་ཏུ་བྱས། དེའི་ལོ་ལྔ་བརྒྱ་ནི། ཡང་སོས་པའི་ཚེ་ཚད་ཡིན་ལ། འོག་མ་རྣམས་ལོ་གྲངས་ཡང་ཉིས་འགྱུར་ཉིས་འགྱུར་དུ་འཕེལ་ཞིང༌། ཞག་གྲངས་ཀྱང་ཉིས་འགྱུར་གྱིས་རིང་བས་གོང་མ་གོང་མའི་བཞི་འགྱུར་འོག་མ་འོག་མ་ལ་ཡོད་པར་ཤེས་པར་བྱའོ། །དམིགས་པའི་འཇུག་སྡོམ་ནི། དེ་ལྟར་སྡུག་བསྔལ་དོས་ནི་དྲག །ཡུན་ནི་རིང༌། ད་ལྟ་མེ་ཕྲ་མོ་གཅིག་ལ་སོར་མོའི་རྩེ་མོ་ཙམ་ཡང་ཡུད་ཙམ་རེ་ཡང་འཇོག་ཏུ་མི་བཏུབ་ན་ནམ་ཞིག་དེ་ལྟ་བུ་རང་གི་ཐོག་ཏུ་བབས་ན། བཟོད་པའི་གོ་སྐབས་ཅུང་ཟད་ཀྱང་མི་འདུག་སྟེ། ལན་གཅིག་དེར་སྐྱེས་ཟིན་ནས་ཟློག་པའི་ཐབས་མེད། ད་ལྟ་ཟློག་པའི་ཐབས་ཡོད་དེ་དེར་ སྐྱེ་བའི་རྒྱུ་ལས་ངན་སྡིག་པ་དག་སྦྱངས་ན་ཟློག་པའི་ཐབས་ཁོ་ན་ཡིན། དེར་མི་སྐྱེ་བའི་ཕྱིར་ཆོས་ལ་འབད་དགོས་སྙམ་དུ་བསམ་མོ། །དམིགས་སྐོར་དགུ་པའོ། །ཡང་བློའི་རིམ་པ་དང་བསྟུན་ནས་སོ་སོར་ཕྲལ་ཏེ་དམིགས་སྐོར་འགའ་རེ་བྱས་ཀྱང་མི་རུང་བ་མེད་པ་ལགས། ད་ནི་གྲང་དམྱལ་གྱི་སྡུག་བསྔལ་བསམ་པར་བྱ་སྟེ། སྡོམ་ནི། ཆུ་བུར་ཆུ་བུར་རྡོལ་པ་ཅན། །ཨ་ཆུ་ཀྱི་ཧུད་སོ་ཐམ་པ། །ཨུཏྤལ་པདྨ་པད་ཆེར་གས། །ཞེས་སོ། །གྲང་དམྱལ་ཐམས་ཅད་མཐུན་པར་ས་གཞི་རི་ཀླུང་ཐམས་ཅད་གངས་དང་ཆུ་འཁྱགས་ཀྱི་རང་བཞིན་སྐྱབས་སྐྱིབས་སལ་སུལ་ཉུང་བ། རླུང་དང་བུ་ཡུག་འདྲེས་པ་ཆེས་ཤིན་ཏུ་གྲང་བས་རྟག་ཏུ་ཁྱབ་པ། རླུང་གྲང་མོ་རྣམས་ཤ་ལྤགས་ཕུག་ནས་རུས་པའི་གཏིང་དུ་ཡང་འགྲོ་བ་ཡོད། བརྒྱད་པོ་ཡང་གོང་མ་གོང་མ་ལས་འོག་མ་འོག་མ་བདུན་འགྱུར་གྱིས་གྲང་བར་བཤད། དེར་སྐྱེ་བའི་སེམས་ཅན་དེ་ཡང་བར་དོའི་སྐབས་སུ་ཐོག་མར་མེ་ནང་དུ་ཚིག་པ་ལྟ་བུའི་ཉམས་བྱུང་ནས་གྲང་བ་འདོད་པའི་སྐབས་སུ་གྲང་དམྱལ་གྱི་གནས་མཐོང༌། དེ་ཕྱོགས་སུ་རྒྱུགས་པས་དེར་ཚུད་ནས་སྐྱེ་བ་ལེན་པར་བཤད། དེ་ལ་ཆུ་བུར་ཅན་ནི། ཆེས་གྲང་བས་ལུས་ཀྱི་ཕྱི་ནང་ཐམས་ཅད་ཆུ་བུར་གྱིས་གང་བའོ༑ ༑ཆུ་བུར་བརྡོལ་བ་ཅན་ནི། དེ་བས་ཀྱང་གྲང་བས་ཆུ་བུར་བརྡོལ་ཏེ། ཆུ་སེར་གྱིས་ལུས་གཡོག་པ་རྣམས་ཀྱང་འཁྱག་པར་འགྲོ་བ་ཡིན་པར་བཤད་ལ། སློབ་སྤྲིང་ལས་ནི་ཆུ་སེར་ལས་སྐྱེས་པའི་སྲོག་ཆགས་ཀྱིས་ལུས་ འབུགས་ཤིང་ཟ་བར་ཡང་བཤད་དོ། །ཨ་ཆུ་ཟེར་བ་ནི། སྐད་ཤིབ་ཤིབ་པོར་འབྲུ་དག་ཁ་ན་ཅུང་ཟད་ཐོན་ཙམ་གྱི་སྨྲེ་སྔགས་འདོན་པ་དང༌། ཀྱི་ཧུད་ཟེར་བ་ནི། དེ་བས་ཀྱང་གྲང་བས་འབྲུ་དག་མི་ཐོན་ཏེ། ཉེན་སྐད་ཕྲ་མོ་ཙམ་འབྱིན་པའོ། །སོ་ཐམ་ཐམ་པ་ནི། དེ་བས་ཀྱང་ཤིན་ཏུ་གྲང་བས་སྐད་མི་ཐོན་པར་ལུས་འདར་བས་སྐོས་ཐག་ཅིང་སོ་བདར་རྡེབ་པའོ། །ཨུཏྤལ་ལྟར་གས་པ་ནི། ལུས་དུམ་བུ་བཞིའམ་བརྒྱད་ལ་སོགས་པར་གས་པ་ཡིན་ལ། པདྨ་ལྟར་གས་པ་ནི། ལུས་དུམ་བུ་བརྒྱ་ལ་སོགས་པར་གས་པ་དང༌། པདྨ་ལྟར་ཆེར་གས་པ་ནི། གྲང་བའི་མཐར་ཐུག་པས་ལུས་ཀྱི་ཆ་ཤས་རེ་རེ་ཡང་དུམ་བུ་བརྒྱ་ཚལ་སྟོང་ཚལ་དུ་གས་པའོ། །ཚེ་ཚད་ནི་ཆུ་བུར་ཅན་ལ་ཁལ་བརྒྱད་ཅུ་འགྲོ་བའི་སྣོད་ཆེན་པོ་སྦྱང་ཞེས་ཟེར་བ་གཅིག་ཏིལ་གྱིས་ཕྱུར་བུར་བཀང༌། ལོ་བརྒྱ་རེ་ནས་ཏིལ་འབྲུ་རེ་ཕྱིར་བསྐྱུར་ན་དེ་ནམ་ཟད་པ་ཙམ་ཆུ་བུར་ཅན་གྱི་ཚེ་ཐུབ་པར་བཤད། འོག་མ་རྣམས་ལ་ཉི་ཤུ་ཉི་ཤུ་འགྱུར་གྱི་འགྲེས་རྩི་བ་ཡིན། འདི་ལ་ཡང་དམིགས་པའི་གཞི་དང་འཇུག་སྡོམ་ཚ་དམྱལ་གྱི་སྐབས་དང་འདྲ། དམིགས་སྐོར་བཅུ་པའོ། །ད་ནི་ཉེ་འཁོར་བའི་སྡུག་བསྔལ་བསམ་སྟེ། འདི་ནི་མངོན་པ་ལས། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །འདི་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་དང༌། །སྤུ་གྲི་ལམ་སོགས་ཆུ་བོ་ཡིན། །ཅེས་འབྱུང༌། དེ་ཡང་དམྱལ་བའི་དངོས་གཞི་ཚ་དམྱལ་བརྒྱད་པོ་རེ་རེ་ལ་ཡང་སོ་སོའི་ཕྱོགས་བཞི་པོ་རྣམས་སུ་ཉེ་འཁོར་བ་བཞི་པོ་འདི་རྣམས་ཆ་ཚང་བ་རེ་རེ་ཡོད་པ་ཡིན། དེ་ཡང་མེ་མ་མུར་གྱི་འོབས་ནི། འོབས་མེ་འདག་གིས་གང་བ་ཁ་ཞེང་ཤིན་ཏུ་ཆེ་བ་ཡོད་དེ། དེར་དང་པོ་ནས་སྐྱེས་པའམ་ཚ་དམྱལ་དངོས་གཞི་ནས་འཁྱམས་པ་ཡིན་ཀྱང་རུང༌། དམྱལ་བའི་སེམས་ཅན་རྣམས་ནི་སྡུག་བསྔལ་ཆེ་དྲགས་པས་གཅིག་ཏུ་བློ་ཆགས་ནས་སྡོད་པའི་གནས་མེད། འོབས་དེར་ཡང་གར་བབ་བབ་ཏུ་བྲོས་པས་མེ་འདག་གི་འོབས་དེར་ཚུད། ལས་ཆེ་ཆུང་གི་མཐུ་ལས་པུས་ནུབ་ཙམ་མམ། སྐེད་པ་ནུབ་ཙམ་སོགས་མ་ངེས་པར་འབྱུང༌། འབྲོས་པར་འདོད་ན་ཡང་མགོ་འཁོར་བས་ལྡོག་གིན་ཡོང་བ་དང༌། དམྱལ་སྲུང་འཇིགས་པ་རྣམས་ཀྱིས་འགྲམ་ནས་བསྲུངས་ཏེ་འགྲོས་སུ་མི་སྟེར་རོ། །རོ་མྱགས་ཀྱི་འདམ་ནི། ཡང་བྲོས་པ་ན་རོ་མྱགས་ཞེས་བྱ་བ་མི་གཙང་བ་བཙོག་དགུའི་འདམ་ལ་ཐེབས་ཏེ། དྲི་མི་བཟང་བ་ཚོར་བས་མགོ་འགས་པ་ཙམ་དྲན་མེད་དུ་རྒྱལ་བ་ཙམ་འབྱུང༌། འདམ་གྱི་དབུས་སུ་སྲིན་བུ་ལྕགས་མཆུ་ཅན་དང་ཟངས་མཆུ་ཅན་མང་པོ་བྱུང་སྟེ། ཤིང་སྲིན་གྱིས་ཤིང་ལ་ཟ་བ་བཞིན་དུ་ལུས་འབུགས་ཤིང་ཟ་བར་བྱེད་དོ། །སྤུ་གྲིས་གཏམས་པའི་ལམ་ལ་སོགས་པ་ནི། རྒྱང་རིང་པོ་ནས་ནེ་གསིང་ཡིད་དུ་འོང་བ་ལྟར་མཐོང་ནས། དེར་རྒྱུགས་པ་ན་ས་གཞི་ཐམས་ཅད་སྤུ་གྲི་སོར་བཞི་པས་གཏམས་པ་ཡིན་ཏེ། རྐང་པ་གཅོད་པ་ལ་སོགས་པས་སྡུག་བསྔལ་བའོ། །སོགས་ཁོངས་ནས་བསྡུས་པ་རལ་གྲི་ལོ་མའི་ནགས་ཚལ་ཅེས་པ་ནི། ཚ་བས་གདུངས་པ་ན་རྒྱང་རིང་པོ་ནས་ནགས་ཚལ་སྔོན་པོ་མཐོང་སྟེ། དགའ་བས་རྒྱུགས་ནས་དེར་ཕྱིན་པ་ན། ལོ་འདབ་ཐམས་ཅད་རལ་གྲི་ལ་སོགས་པའི་མཚོན་ཆར་ཡོད་པ་དེ་རླུང་གིས་བསྐྱོད་པས་ཆར་ལྟར་བབས་ཏེ་ལུས་དུམ་བུ་མང་པོར་བྱེད་པའོ། །ཤལ་མ་ལིའི་སྡོང་པོ་ནི། སྲོག་ཆགས་གདུག་པ་ཅན་མང་པོས་བདས་པས་ཤལ་མ་ལིའི་སྡོང་པོ་ཆེན་པོ་མཐོང་ནས་དེ་ལ་འཛེགས་པ་ན། ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག་པ་ཁ་ཐུར་དུ་བལྟས་པ་མང་པོ་ཡོད་པས་ལུས་ཐལ་ཕྱུང་དུ་ཕུག །རིམ་པས་རྩེ་མོར་ཕྱིན་པ་ན། བྱ་གདུག་པ་ཅན་གྱི་ཚོགས་ཀྱིས་མིག་འབྱིན་པ་དང་ཤ་འཐོག་པ་ལ་སོགས་པ་འཇིགས་པ་དུ་མ་བྱུང་སྟེ། ཡང་ཐུར་དུ་བབས་ན། ཚེར་མ་ཁ་གྱེན་དུ་བལྟས་ཏེ་ལུས་འབུགས་པ་ལ་སོགས་པའོ། །གསུམ་པོ་དེ་མཚོན་ཆའི་གནོད་པ་ཡིན་པས་གཅིག་ཏུ་བསྡམས་སོ། །བཞི་པ་ཐལ་ཚན་གྱི་ཆུ་བོ་རབ་མེད་ནི། ཤིན་ཏུ་ཚ་བས་གདུངས་པ་དེ་རྒྱང་རིང་པོ་ན་ཆུ་ཀླུང་འབབ་པ་མཐོང་སྟེ། དེར་ཕྱིན་ནས་ཚམ་ཚོམ་མེད་པར་མཆོངས་པ་ན། དེ་ནི་མེ་ཆུ་འདྲེས་མ་ཤིན་ཏུ་ཚ་བ་གཏིང་ཟབ་ལ་རྒྱ་ཆེ་བ་ཞིག་ཡོད་དེ། དེའི་ལུས་ཆུ་ནང་དུ་ནུབ་པ་ན་ཤིན་ཏུ་ཚོས་པས་ཤ་རུས་བྲལ་ཏེ། ཤ་རྣམས་བུད། སྲོག་ནི་རུས་པ་ལ་གནས། ཀེང་རུས་སུ་ཟང་གིས་སོང་བ་དེའི་ཆུའི་སྟེང་སྟེང་དུ་ཐོན་ཡོང༌། དེ་མ་ཐག་ཤ་སྔར་བཞིན་སྐྱེས་ནས་ཡང་ནུབ་པ་སོགས་སོ། །དེ་དག་ལ་ཚེ་ཚད་ངེས་པ་མེད་ཀྱང་། སོ་སོར་ལོ་བརྒྱ་སྟོང་དུ་མ་གནས་དགོས་ པས་དོས་ནི་དྲག་ཡུན་ནི་རིང་ངོ༌། །དམིགས་པའི་གཞི་དང༌། འཇུག་སྡོམ་སྔར་བཞིན་ནོ། །དམིགས་སྐོར་བཅུ་གཅིག་པའོ། །ད་ནི་དམྱལ་བ་ཉི་ཚེ་བའི་སྡུག་བསྔལ་བསམ་པར་བྱ་སྟེ། དེ་ལ་གནས་ནི། ས་འོག་དང་ས་སྟེང་གི་རི་དང་ཐང་དང་ཆུ་ལ་སོགས་པ་ངེས་མེད་ལ་གནས། ཚེ་ཡང་ངེས་པ་མེད་དེ། འགའ་ཞིག་དངོས་གཞི་རྣམས་ལས་ཀྱང་ཚེ་རིང་བ་ཙམ་ཡང་ཡོད། ཁ་ཅིག་ཚེ་ཐུང་བའང་ཡོད། སྡུག་བསྔལ་མྱོང་ཚུལ་ཡང་མ་ངེས་པ་སྣ་ཚོགས་པ་སྟེ༑ མདོ་ལས། ཉིན་མོ་ལྷའི་བདེ་བ་མྱོང་། མཚན་མོ་དམྱལ་བའི་སྡུག་བསྔལ་མྱོང་བ་སོགས་དང༌། དམྱལ་བ་གདན་འདྲ་བ་དང༌། རྩིག་པ་འདྲ་བ་དང༌། གཏུན་བུ་འདྲ་བ་དང༌། ཕྲུ་བ་འདྲ་བ་དང༌། ལྗོན་ཤིང་འདྲ་བ་དང༌། ཕྱགས་ཤིང་འདྲ་བ་ལ་སོགས་པ་ལུས་ཀྱི་རྣམ་པ་ཡང་མ་ངེས་པ་སྣ་ཚོགས་པ་ཡོད་དོ། །དམིགས་པའི་གཞི་དང་འཇུག་སྡོམ་སྔོན་དང་འདྲ། དམིགས་སྐོར་བཅུ་གཉིས་པའོ། །སྐབས་འདི་དག་ཏུ་རྣ་བ་བྱེ་བ་རི་པ་དང༌། འཕགས་པ་དགེ་འདུན་འཚོའི་རྟོགས་བརྗོད་ལ་སོགས་པས་ཀྱང་ངེས་ཤེས་བསྐྱེད་པར་བྱའོ། །གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། སྔོན་འགྲོ་དང་དམིགས་པའི་གཞི་སྔར་ལྟར་བྱས། ཡང་འདི་ལྟར་བསམ་སྟེ་བདག་དམྱལ་བར་མ་སྐྱེས། ཡི་དྭགས་སུ་སྐྱེས་པའི་ཚེ་བདེ་བ་ཡོད་དམ་སྙམ་ན། དེ་ན་ཡང་བདེ་བ་མེད་དེ། ཡི་དྭགས་ལ་གནས་ན་གནས་པ་དང་། ཁ་འཐོར་བ་རིགས་གཉིས་ཡོད། དང་པོ་ནི། ས་འོག་དཔག་ཚད་ལྔ་བརྒྱ་འདས་ པ་ན། ཡི་དྭགས་ཀྱི་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་ན། ཡི་དྭགས་ཐམས་ཅད་ཀྱི་གཙོ་བོ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཁབ་ཡོད། དེའི་ཉེ་སྐོར་ན་ཡི་དྭགས་བགྲང་བ་ལས་འདས་པ་ཞིག་གནས། ཁ་འཐོར་བ་ནི། བར་སྣང་ལ་རྒྱུ་བ་དང་ས་སྟེང་ན་རྒྱུ་བ་དང༌། ས་འོག་ན་རྒྱུ་བ་བགྲང་བ་ལས་འདས་པ་ཞིག་ཡོད་དེ། གལ་ཏེ་མངོན་ཤེས་དང་ལྡན་པས་བལྟས་ན། ཕྱོགས་གང་ལ་ཕྱིན་ཀྱང་ཡི་དྭགས་ཀྱི་འགྲོ་བས་ཁྱབ། འགྲོ་སྡོད་ཀྱི་ས་ཙམ་མི་རྙེད་པའི་ཚུལ་ཙམ་དུ་ཡོད་པར་གདའ། དེ་དག་ལས་ཡི་དྭགས་རྫུ་འཕྲུལ་ཆེ་བ་རེ་རེ་ཙམ་ཅུང་ཟད་སྐྱིད། གཞན་ཐམས་ཅད་ཆེས་སྡུག་བསྔལ་བ་ཡིན། མདོ་སྡེ་ཆེན་པོ་དྲན་པ་ཉེར་བཞག་ལས། ཡི་དྭགས་ལ་རིགས་སུམ་ཅུ་སོ་དྲུག་གསུངས། འདིར་བསྡུ་ན། ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན་གསུམ་དུ་འདུས། ཕྱིའི་སྒྲིབ་པ་ཅན་ནི། ལོ་མང་པོར་ཟས་སྐོམ་ཡེ་མི་རྙེད། རྒྱང་རིང་པོ་ནས་ཟས་ཀྱི་ཕུང་པོ་མཐོང་ཡང་དྲུང་དུ་ཕྱིན་ན་ཤུལ་ཙམ་མེད་པར་སྟོང་པ་ལྟར་མཐོང་བ་དང༌། ཆུ་ཀླུང་ཆེན་པོའི་འགྲམ་དུ་ཕྱིན་ན། གསེག་མ་དང་བྱེ་མའི་གྲོག་པོར་འགྲོ་བ་དང༌། ལྗོན་ཤིང་འབྲས་བུ་རྒྱས་པའི་དྲུང་དུ་གཏུག་ནའང༌། ཤིང་སྐམ་པོར་འགྱུར་བ་སོགས་ཡོད༑ འགའ་ཞིག་ལ་སྲིན་པོ་མང་པོས་བསྲུངས་ཏེ་མི་གཏོང་བ་ཡང་ཡོད། ནང་གི་སྒྲིབ་པ་ཅན་ནི། ཁ་ཁབ་མིག་ཙམ་དུ་གྱུར་ནས་དང་པོར་བཟའ་བཏུང་ཁར་མི་ཆུད། ཅུང་ཟད་ཆུད་ན་ཡང་ཟས་རྣམས་འགྲམ་ཕུག་ཡངས་པོ་ དེར་སྟོར། སྐོམ་རྣམས་ཁའི་དུག་ཆེན་པོས་སྐམ། གལ་ཏེ་བཟའ་བཏུང་མིད་ཀྱང་མགྲིན་པ་གཞུ་རྒྱུད་ལྟར་ཕྲ་བ་ནས་མི་འགྲོ། སོང་ཡང་ལྟེ་བ་རིའི་གཏོས་ཙམ་ཡོད་པས་ལྟོ་ཁེངས་པའི་དུས་མེད་པ་ཡིན། ཟས་སྐོམ་གྱི་སྒྲིབ་པ་ཅན་ནི། བཟའ་བཏུང་ཟོས་ཚད་ཁོང་ནང་དུ་མེ་འབར་བར་སོང་ནས་ཚིག་པ་དང༌། དང་པོ་ཉིད་ནས་ཀྱང་མེ་འདག་དང་བཤང་གཅི་དང་རྣག་ཁྲག་ལ་སོགས་པ་ངན་པ་དང་སྡུག་བསྔལ་སྐྱེད་པ་ཁོ་ན་ཟ་དགོས་ཀྱི། བཟང་པོ་ཡེ་མི་རྙེད་པ་ཡིན། ཡི་དྭགས་དེ་ཐམས་ཅད་སྤྱིར་ན་དུས་རྟག་ཏུ་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་བཟོད་གླགས་མེད་པ་ཡིན། གོས་དང་བྲལ་ཏེ་ཚད་པས་ཚིག་པ་དང༌། གྲང་བས་སྦྲེབས་པའི་སྡུག་བསྔལ་དཔག་ཏུ་མེད། དགུན་གྲང་དུས་ཉི་མའི་འོད་ཀྱིས་ཀྱང་གྲང་རོགས་བྱེད་པ། སོས་ཀ་ཚ་དུས་སུ་ཟླ་བའི་འོད་ཀྱིས་ཀྱང་ཚིག་སྟེ་འོང༌། ཆར་བབ་ན་མེ་ཆར་བབས་ཏེ་ཚིག་པའི་སྣང་བ་འབྱུང༌། དུས་རྟག་ཏུ་འཚོལ་འགྲོས་ཀྱི་བྲེལ་བས་ངལ་ཞིང་ཐང་ཆད་པའི་སྡུག་བསྔལ་དང་ཟས་སྐོམ་ཡེ་མ་བྱུང་བས་ལུས་སྐམས་པ་ལྟ་བུར་གྱུར། རུས་ཚིགས་སུམ་བརྒྱ་དྲུག་ཅུ་འཁྲོགས་པས་རྡོ་ངར་མ་འཐབས་པ་ལྟར་མེ་ལྕེ་ཉུག་ཉུག་པ་འབྱུང༌། ཕན་ཚུན་དགྲ་གྱུར་པས་བཟུང་བ་དང་འཆིང་བ་དང༌། རྡེག་པ་དང༌། ཆད་པས་གཅོད་པའི་འཇིགས་པ་ཡང་ཡོད། ཞར་བ་རང་འདྲོགས་ཟེར་བའི་ཚུལ་གྱིས་གཏད་པ་མེད་པར་ཡང་འཇིགས་སྐྲག་ཆེན་པོས་འབྲོས། དེ་འདྲ་བའི་སྡུག་བསྔལ་དོས་དྲག་པ་དང༌། ཡི་དྭགས་ཕལ་མོ་ཆེའི་ཚེ་ཚད་མི་ལོ་སྟོང་ཕྲག་བཅོ་ལྔ་ཐུབ་པས་ཡུན་རིང༌། དམིགས་པའི་འཇུག་སྡོམ་དང༌། རྗེས་ཀྱི་བྱ་བ་སྔར་དང་འདྲ། དམིགས་སྐོར་བཅུ་གསུམ་པའོ། །དེར་མ་འདུས་པ་མིན་ཀྱང་ད་ལྟའི་ཡི་དྭགས་ཁ་འཐོར་བ་མཁའ་ལ་རྒྱུ་བའི་འདྲེ་བཀྲེན་འདི་རྣམས་ལ་སྒོས་སུ་བསྒོམ་པའི་དམིགས་སྐོར་གཅིག་མཛད་པའི་སྲོལ་ཡོད། དེ་ལྟ་ན་གཞན་ལ་གནོད་པ་བྱས་པས་སླར་ཡང་ངན་སོང་དུ་འགྲོ་བ་དང༌། ཤུགས་ལ་མ་བསམས་ཀྱང་དུག་ཆེན་པོས་གཞན་ལ་གནོད་པ་འབྱུང་བ་དང༌། མཐུ་བོ་ཆེས་རྡུང་རྡེག་བྱེད་པ་དང༌། མ་ཉེས་མ་ལན་པ་ལ་འདྲེས་བྱས་སོ་ཞེས། ཁག་ངན་བྱུང་བའི་ཚེ། སེམས་ལ་སྡུག་བསྔལ་སྐྱེ་བ་སོགས་ཡོད་གསུངས། འདི་དམིགས་སྐོར་ལོགས་པར་མ་བྱས་ཀྱང་རུང་སྔ་མ་དེའི་ནང་དུ་བལྡབ་པས་ཆོག་གོ །གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། དུད་འགྲོ་ལ་བྱིངས་དང་ཁ་འཐོར་བ་གཉིས། བྱིངས་ན་གནས་པ་རྒྱ་མཚོ་ཆེན་པོ་ན་ཡོད། སྐྱོབས་པའི་གནས་མེད་རླབས་ཀྱིས་བདས་ཏེ་འགྲོ་བས་ངེས་མེད་འཁྱམས། ཕན་ཚུན་གཅིག་ལ་གཅིག་ཟ། རྟག་ཏུ་དགྲ་བྱུང་གི་དོགས་པས་འཇིགས་ཤིང་སྐྲག །གསོན་བཞིན་དུ་ཟ་བ་སོགས་ཀྱིས་སྡུག་བསྔལ་ལ་བཟོད་ཐབས་མེད། ཁ་འཐོར་བ་མི་དང་ལྷའི་ཡུལ་ན་ཡོད་པ་འདི་རྣམས་ཡིན། མིས་བདག་ཏུ་མ་བཟུང་བ་རྣམས་ནི་དགྲ་བྱུང་གི་དོགས་པས་རྟག་ཏུ་སེམས་ལ་བདེ་བ་མེད། མིས་བདག་ཏུ་བཟུང་བ་རྣམས་ཀྱང་སྤུ་འབྱིད་ པ་དང༌། སྣ་འབིགས་པ་དང༌། རྡེག་པ་དང༌། ཁུར་ལྕི་བས་ངལ་བ་སོགས་དང༌། ཤ་དང་ཁྲག་དང་ལྤགས་པ་རུས་པའི་ཕྱིར་གསོད་པ་ལ་སོགས་གསོད་གཅོད་བཀོལ་སྤྱོད་ཀྱི་སྡུག་བསྔལ་མང་པོ་དང༌། གཞན་ཡང་བཀྲེས་སྐོམ་ཚ་གྲང་ངལ་དུབ་ལ་སོགས་པ་དམྱལ་བའམ། ཡི་དྭགས་རྣམས་དང་སྡུག་བསྔལ་འདྲ་རུང་དུ་ཡོད། གཙོ་བོར་སྡུག་བསྔལ་གྱི་གཙོ་བོ་ཤིན་ཏུ་རྨོངས་པས་གཅིག་ལ་གཅིག་ཟ་བ་ཡིན་ཏེ། མི་ཤ་ཆགས་པའི་དགྲ་ལ་ཟོན་བྱེད་པ་ལྟར་རྟག་ཏུ་གནས་དགོས་པ་ཡིན། དམིགས་པའི་གཞི་དང་འཇུག་སྡོམ་སྔར་དང་འདྲ། སྔོན་འགྲོ་དང་རྗེས་ཀྱང་སྔར་དང་འདྲ། དམིགས་སྐོར་བཅུ་བཞི་པའོ། །དེ་རྣམས་ཀྱི་གནད་བསྡུས་པའི་ཐོན་ཆོས་ལ། དེ་ལྟར་ངན་སོང་གསུམ་གྱི་སྡུག་བསྔལ་བསམ་ཙ་ན་བཟོད་པའི་ཐབས་མི་འདུག །དེ་ལས་སྐྱོབ་པའི་སྐྱབས་ཤིག་དགོས་པར་འདུག །སྐྱབས་སུས་ཐུབ་ན། ཚངས་པའམ། བརྒྱ་བྱིན་ནམ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ཀྱང་སྐྱོབ་མི་ཐུབ་ན་གཞན་འདི་པ་ཀུན་གྱིས་ག་ལ་ཐུབ། འོ་ན་སུས་ཐུབ་ན་དཀོན་མཆོག་གསུམ་གྱིས་ཐུབ། བདག་ལྷ་ཇོ་བོ་དཀོན་མཆོག་རིན་པོ་ཆེ་གསུམ་ལ་སྐྱབས་སུ་འགྲོ། སངས་རྒྱས་ལ་སྟོན་པ་ཞུ། ཆོས་ལ་ནི་ཉམས་ལེན་ཞུ། དགེ་འདུན་ལ་ནི་དེ་སྒྲུབ་པའི་གྲོགས་ཞུ་བ་ཡིན་སྙམ་དུ་བསམ། ཡང་སྐྱབས་པ་སངས་རྒྱས་ལ་བསྐྱབས་ཀྱང༌། སྐྱོབ་པ་ཆོས་ཀྱིས་སྐྱོབ་བྱ་བ་ཡིན། སངས་རྒྱས་ཀྱིས་ཀྱང་མི་ཆུས་ཁྱེར་བ་སྐྲ་ནས་འཛིན་པ་ལྟར་སྐྱོབ་ཏུ་མི་བཏུབ། ཆོས་བཤད་ཆོས་བཞིན་བྱེད་དུ་བཅུག་ནས་སྐྱོབ་པ་ཡིན། སངས་རྒྱས་ལ་དད་པ་བསྒོམས་ཏེ། དེས་གསུངས་པའི་ཆོས་ནས་ཇི་སྐད་བཤད་པ་བཞིན་བྱ། འཕགས་པའི་དགེ་འདུན་རྣམས་ཀྱིས་ཇི་འདྲ་མཛད་འདུག་པ་དེ་བཞིན་དུ་རང་རེ་ཡང་དེའི་ལད་མོ་ཟློས་ཏེ་བྱེད་སྙམ་པ་རྒྱུན་དུ་བསྒོམ། ཐུན་གྱི་འགོ་ཞབས་ལ་སྐྱབས་འགྲོ་དང་འབྲེལ་བའི་ངག་འདོན་གྱི་དགེ་སྦྱོར་དེ་ཀུན་ཡང་འགྲུས་པར་བྱེད་པ་གནད་ཆེ། སྐྱེས་བུ་ཆུང་ངུའི་ལུགས་ཀྱི་སྐྱབས་འགྲོ་རྣམ་དག་དེ་མཚམས་འདི་ནས་སྐྱེ་བ་ལགས་སོ། །ཞེས་གདམས་ཏེ་དམིགས་སྐོར་བཅོ་ལྔ་པའོ། །སྐབས་འདིར་སྐྱབས་འགྲོའི་གོ་བ་རགས་རིམ་ཞིག་སློབ་མ་ལ་ངེས་པར་འཆད་པ་གལ་ཆེ། སློབ་མས་ཀྱང་བློ་ལ་བཅགས་པ་གལ་ཆེའོ། །ལམ་རིམ་གྱི་ཡིག་རྙིང་འགའ་ཞིག་ཏུ་སྐྱེས་བུ་ཆུང་ངུའི་རིམ་པ་དེ་ཡན་གྱིས་ཚར་བར་མཛད། ལས་འབྲས་གསེབ་ཚགས་སུ་གཏོང་བའི་ལུགས་ཀྱང་འདུག་སྟེ། ལམ་རིམ་གྱི་ཡི་གེ་ཕལ་ཆེར་གྱི་ལུགས་ལྟར་ལས་འབྲས་ལ་ཡང་ཁྲིད་ལོགས་པ་སྐྱོང་བ་ཉིད་ལེགས་སོ། །བཞི་པ་ལས་འབྲས་ཀྱི་ཁྲིད་ནི། ལས་འབྲས་སྤྱིར་བསམ་པ་དང༌། བྱེ་བྲག་ཏུ་བསམ་པའོ། །དང་པོ་ནི། ལས་དཀར་པོ་དགེ་བ་ལས་འབྲས་བུ་བདེ་བ་ཁོ་ན་འབྱུང༌། ལས་ནག་པོ་སྡིག་པ་ལས་འབྲས་བུ་སྡུག་བསྔལ་ཁོ་ན་འབྱུང་སྟེ། དཀར་ནག་ལས་འབྲས་སོ་སོར་ངེས་པས་ཀྱང་སྤང་བླང་བྱེད་དགོས། ལས་དགེ་སྡིག་གང་ཡིན་ཡང༌། རྒྱུ་ལས་ཀྱི་དུས་ན་ཆུང་ངུ་ལས་མེད་ཀྱང་འབྲས་བུ་རྣམ་སྨིན་གྱི་དུས་ན་འཕེལ་ཆེ་སྟེ། འགྱུར་ཆུང་ཤོས་རང་ལ་ཡང་བརྒྱ་འགྱུར་སྟོང་འགྱུར་དུ་འཕེལ། འགྱུར་ཆེ་བ་ལ་ཚད་གཟུང་དུ་མེད་པས་སྤང་བླང་གལ་ཆེ། རང་གིས་བྱས་པའི་ལས་དཀར་ནག་རྣམས་ནི་གཉེན་པོས་མ་བཅོམ་ན། འབྲས་བུ་མ་སྨིན་གྱི་བར་ཆུད་འཛའ་བ་མི་སྲིད། རང་གིས་མ་བྱས་ན་ལས་དཀར་ནག་གང་ཡང་རང་རྒྱུད་ལ་འབྱུང་བ་མི་སྲིད་པས། རང་ཉིད་བླང་དོར་གྱི་གནས་ལ་གཟབ་པ་གལ་ཆེ་སྙམ་དུ་བསྒོམ། དམིགས་སྐོར་བཅུ་དྲུག་པའོ། །གཉིས་པ་སོ་སོར་བསམ་པ་ལ། ནག་པོའི་རྒྱུ་འབྲས་བསམ་པ་དང༌། དཀར་པོའི་རྒྱུ་འབྲས་བསམ་པའོ། དང་པོ་ནི། སྔོན་འགྲོ་དང་རྗེས་སྔར་ལྟར་ལས། ཡན་ལག་བདུན་པའི་མཇུག་ཏུ་སྐྱབས་འགྲོ་རེ་ཡང་ངེས་པར་བྱ། འདི་ལྟར་ངན་སོང་གསུམ་དང༌། མཐོ་རིས་ཀྱི་སྡུག་བསྔལ་ཐམས་ཅད་ཀྱང་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མ་ཡིན། རྒྱུ་མི་དགེ་བའི་ལས་ལས་བྱུང་ངོ་སྙམ་དུ་དམིགས་པའི་གཞི་བཅས་ནས་མི་དགེ་བ་དེ་ཡང་རྣམ་གྲངས་མང་མོད་ཀྱི་བླང་དོར་གྱི་གནས་ལ་གལ་ཆེ་བ་རགས་པ་ཆེ་ལོང་ཙམ་དུ་བསྡུ་ན། མི་དགེ་བ་བཅུ་སྟེ། དེ་ལ་ལུས་ཀྱི་ལས་རྣམ་པ་གསུམ་གྱི་སྲོག་གཅོད་པ་ནི། སྲོག་གཅོད་འདོད་ཀྱིས་བསམ་བཞིན་དུ་བསད་བྱ་མ་ནོར་བར་བསད་ལ། བསད་བྱ་དེ་མ་ཤི་བར་དུ་གསོད་སེམས་རྒྱུན་མ་ལྡོག་པའོ། །མ་བྱིན་པར་ལེན་པ་ནི། གཞན་གྱི་ནོར་རང་ལ་མ་བྱིན་པ་འཕྲོག་པའམ་བརྐུས་པ་སོགས་ཇི་ལྟར་ཡིན་ཀྱང་རུང་སྟེ། རང་གིས་ཐོབ་བོ་ སྙམ་པའི་བློ་སྐྱེས་པའོ། །འདོད་པས་ལོག་པར་གཡེམ་པ་ནི། ཡུལ་བགྲོད་པར་བྱ་བ་མ་ཡིན་པ་ལ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་སྟེ། གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་དང༌། བདུན་བརྒྱུད་ཚུན་ཆད་ཀྱི་གཉེན་ཉེ་དུར་གྱུར་པ་དང༌། ཕ་མ་ཉེ་དུ་རྒྱལ་པོ་ཡུལ་དཔོན་སོགས་གཞན་གྱིས་བསྲུངས་པ་དང༌། ཚངས་སྤྱོད་ཀྱི་སྡོམ་པ་བླངས་པ་སྡོམ་པས་བསྲུངས་པ་སྟེ། དེ་དག་ལ་སོགས་པ་ཡུལ་གྱི་སྒོ་ནས་བགྲོད་བྱ་མ་ཡིན་པ་དང༌། ནད་བུ་ཅན་དང་མྱ་ངན་ཅན་དང་སྦྲུམ་པ་ལ་སོགས་པ་དུས་ཀྱི་སྒོ་ནས་བགྲོད་བྱ་མ་ཡིན་པ་དང༌། ལྷ་ཁང་དང་ཀུན་དགའ་ར་བ་དང་མཆོད་རྟེན་གྱི་གནས་དང་བླ་མའི་གནས་སོགས་སུ་བསྟེན་པ་གནས་ཀྱི་སྒོ་ནས་བགྲོད་བྱ་མ་ཡིན་པ་དང༌། ནམ་ཡང་འདོད་པས་ཆོག་མི་ཤེས་ཤིང༌། སྐྱེ་གནས་ལས་གཞན་པའི་སྒོར་བསྟེན་པ་ལམ་གྱི་སྒོ་ནས་བགྲོད་བྱ་མ་ཡིན་པ་སྟེ། དབྱེ་ན་བཞིའོ། །དེ་ཙམ་གྱི་ཁྱིམ་པའི་དབང་དུ་བྱས་པ་སྟེ། ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཁས་བླངས་པས་ནི། མི་ཚངས་པར་སྤྱོད་པ་ཅི་འདྲ་ཞིག་བསྟེན་ཀྱང་ལོག་གཡེམ་ཁོ་ན་ཡིན་ནོ། །ངག་གི་ལས་བཞི་ལས་རྫུན་དུ་སྨྲ་བ་ནི། འདུ་ཤེས་བསྒྱུར་ནས་ཤེས་བཞིན་དུ་མི་བདེན་པར་སྨྲས་ལ་སྨྲ་བའི་ཡུལ་མིའི་འགྲོ་བར་གྱུར་པ་དེས་གོ་བ་ནའོ། །ཕྲ་མ་ནི། མི་མཐུན་པ་མེད་པའི་འགྲོ་བ་གཉིས་འཁོན་པར་བྱ་བའི་ཕྱིར་དུ་དཀྲུགས་ཀྱི་ཚིག་སྨྲས་ཤིང་ཕ་རོལ་གྱིས་གོ་བ་ནའོ། །ཚིག་རྩུབ་པ་ནི། དངོས་སུ་ཐོས་ པར་དེའི་སྐྱོན་བརྗོད་པ་སོགས་ཞེ་ལ་ཕོག་པའི་ཚིག་སྨྲས་ཤིང་དེས་གོ་བའོ། །ངག་འཁྱལ་ནི། དེ་གསུམ་མ་ཡིན་པ་གཞན་ཉོན་མོངས་ཅན་གྱི་ཚིག་ཐམས་ཅད་དེ་ཁ་གསགས་དང་གཞོགས་སློང་དང་གླུ་དང་ཟློས་གར་དང་དམག་གི་གཏམ་དང་སྨད་འཚོང་མའི་གཏམ་དང་ཚོང་གི་གཏམ་ལ་སོགས་པ་དང༌། ལྟ་བ་ལོག་པའི་ཆོས་ཀྱི་གཏམ་ལ་སོགས་པའོ། །ཡིད་ཀྱི་ལས་གསུམ་ལས་བརྣབ་སེམས་ནི། གཞན་གྱི་ནོར་དང་བུད་མེད་དང་ཁྱིམ་དང་འཁོར་གཡོག་དང་ཡུལ་ལ་སོགས་པ་རང་གིར་བྱེད་འདོད་པའི་བསམ་པ་གཏིང་ཚུགས་པར་བྱེད་པའོ། །གནོད་སེམས་ནི། གཞན་ལ་གནོད་པར་བྱེད་འདོད་དང་སྡུག་བསྔལ་འབྱུང་བར་གྱུར་ཅིག་པའི་བསམ་པ་གཏིང་ཚུགས་པའོ། ། ལོག་ལྟ་ནི། ལས་འབྲས་མི་བདེན་པ་དང༌། ཚེ་སྔ་ཕྱི་དང༌། དཀོན་མཆོག་གསུམ་སོགས་མེད་པར་འཛིན་པ་དམ་པོ་འཆང་བ་ཡིན་ཏེ། དེ་ལྟར་བཅུ་པོ་དེ་ནི་ལས་ལམ་རྫོགས་པའི་དབང་དུ་བྱས་ལ། བསམ་བཞིན་མ་ཡིན་པ་ལ་ནོར་བར་བསད་པ་སོགས་བཅུ་པོའི་ཕྱོགས་མཐུན་ཐམས་ཅད་ཀྱང་ངེས་པར་སྤོང་དགོས་པའི་ལས་ནི་ཡིན་ནོ། །དེས་ན་བདག་གིས་ཐོག་མ་ཉིད་དུ་ངེས་པར་སྤོང་དགོས་པའི་ལས་ནི་འདི་དག་ཡིན་ནོ་སྙམ་དུ་ཡང་ཡང་བསྒོམ་སྟེ༑ དམིགས་སྐོར་བཅུ་བདུན་ནོ། །ད་ནི་མི་དགེ་བ་དེ་དག་གི་འབྲས་བུ་བསམ་པར་བྱ་སྟེ། མི་དགེ་བ་བཅུ་པོ་འདི་རྣམས་རེ་རེ་ཡང་སྟོབས་ཆེན་པོ་བྱས་པ་དང༌། ཡང་ཡང་བྱས་ན་དམྱལ་བར་སྐྱེ། འབྲིང་དུ་བྱས་ན་ཡི་དྭགས་ སུ་སྐྱེ། སྟོབས་ཆུང་བ་དང་ཉུང་ངུར་སྤྱོད་པས་དུད་འགྲོར་སྐྱེ། སྡུག་བསྔལ་ཅན་གྱི་འགྲོ་བ་དེ་དག་ཏུ་སྐྱེ་བ་ནི་རྣམ་སྨིན་གྱི་འབྲས་བུའོ། །སྲོག་བཅད་པས་ཚེ་ཐུང་བ་དང༌། མ་བྱིན་པར་བླངས་པས་ལོངས་སྤྱོད་ཆུང་བ་དང༌། ལོག་གཡེམ་གྱིས་དགྲ་མང་བ་དང༌། རྫུན་གྱིས་རང་ལ་སྐུར་པ་མང་བ་དང༌། ཕྲ་མས་གྲོགས་དང་འཁོན་པ་དང༌། ཚིག་རྩུབ་ཀྱིས་གཏམ་མི་སྙན་པ་ཐོས་པ་དང༌། ངག་འཁྱལ་སྨྲས་པས་རང་གི་ཚིག་ལ་གཞན་གྱིས་མི་ཉན་པ་དང༌། བརྣབ་སེམས་ཀྱིས་རེ་བ་མི་འགྲུབ་པ་དང༌། གནོད་སེམས་ཀྱིས་སེམས་ལ་སྡུག་བསྔལ་དང་འཇིགས་སྐྲག་འབྱུང་བ་དང༌། ལོག་ལྟས་ཤིན་ཏུ་གླེན་ཅིང་གཏི་མུག་པར་འགྱུར་བ་སྟེ། དེ་རྣམས་ནི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ཡིན་ལ། བྱེད་པ་རྒྱུ་མཐུན་ནི། སྔར་ལས་དེ་དང་དེ་བྱས་པས་ཕྱིས་ཀྱང་དེ་དང་དེ་དག་ལ་དགའ་བའོ། །བདག་པོའི་འབྲས་བུ་ནི། ཕྱི་རོལ་སྣོད་ཀྱི་འཇིག་རྟེན་ལ་འབྱུང་སྟེ། སྲོག་གཅོད་ཀྱིས་ནི་འབྲས་བུ་དང་སྨན་ལ་སོགས་པ་མཐུ་ཆུང་བ་དང༌། མ་བྱིན་ལེན་གྱིས་ལོ་ཉེས་པ་དང༌། ལོག་གཡེམ་གྱིས་ས་ཕྱོགས་རྡུལ་འཚུབ་ཆེ་ཞིང་དྲི་ང་བ་དང༌། རྫུན་གྱིས་ནི་ས་ཕྱོགས་མཐོ་དམན་ཅན་བགྲོད་མི་བདེ་བར་འགྱུར་བ་དང༌། ཕྲ་མས་ས་ཕྱོགས་ཚ་སྒོ་ཅན་དུ་འགྱུར་བ་དང༌། ཚིག་རྩུབ་ཀྱིས་བྱེ་མ་དང་གསེག་མ་སོགས་འཕེལ་བ་དང༌། ངག་འཁྱལ་གྱིས་དུས་ལོག་ཏུ་འགྱུར་ཏེ། དགུན་ནི་རུལ། དཔྱིད་ནི་རེངས། དབྱར་ནི་ཐན། སྟོན་ནི་ཞོད་པ་ལ་སོགས་པའོ། ། བརྣབ་སེམས་ཀྱིས་འབྲུ་ཕྲ་བར་གྱུར་བ་དང༌། གནོད་སེམས་ཀྱིས་རོ་མི་ཞིམ་པར་འགྱུར་བ་དང༌། ལོག་ལྟས་ནི་འབྲས་བུ་རྩ་བ་ནས་མི་ཆགས་པར་བྱེད་དེ། དེ་ལྟར་ན་རྒྱུ་མཐུན་པའི་འབྲས་བུ་འདི་དག་དང༌། བདག་པོའི་འབྲས་བུ་འདི་རྣམས་ལས་དེ་དང་དེ་བྱས་པའི་སྐྱེ་བ་དེ་ཉིད་ལ་འབྱུང་བའང་ཡོད། སྐྱེ་བ་ཕྱི་མའི་གནས་སྐབས་མཐོ་རིས་སུ་སྐྱེས་པའི་སྐབས། དུས་ངེས་མེད་སྣ་ཚོགས་པར་ཡང་འབྱུང་བའོ། །དེ་ལྟར་ན་མི་དགེ་བ་བཅུ་པོ་འདི་ནི་སྡུག་བསྔལ་མི་འདོད་པ་སྣ་ཚོགས་པའི་གཞིར་གྱུར་པའི་ཕྱིར། འདི་རྣམས་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱ། སྔར་བྱས་པ་ཐམས་ཅད་ཀྱང་སྦྱོང་བའི་ཐབས་ལ་འབད་དགོས་སྙམ་དུ་ཡང་ཡང་བསྒོམ། དམིགས་སྐོར་བཅོ་བརྒྱད་པའོ། །ད་ནི་དགེ་བའི་ལས་བསམ་པར་བྱ་སྟེ། ཐོ་རིས་ཀྱི་ལུས་རྟེན་ཐོབ་པ་དང༌། གཞན་དག་འཁོར་བའི་བདེ་བ་གང་ཅི་ཡོད་པ་ཐམས་ཅད་དགེ་བའི་ལས་ལས་འབྱུང༌། འཇིག་རྟེན་ལས་འདས་པ་བྱང་ཆུབ་རྣམ་པ་གསུམ་ཡང་དགེ་བ་ལས་འབྱུང་བ་ཡིན་ཏེ། བདག་གིས་སྡིག་པ་ཐམས་ཅད་སྤང༌། དགེ་བ་ཐམས་ཅད་ལ་ཅི་ནུས་སུ་སློབ་དགོས་པ་ལས་བསླབ་རྒྱུའི་དགེ་བ་ཡང་རིགས་མང་མོད་ཀྱི། དགེ་བ་ཐམས་ཅད་ཀྱི་ཐོག་མའི་འཇུག་སྒོ་ནི༑ ཆོས་དཀར་པོ་དགེ་བ་བཅུ་ཞེས་བྱ་བ་ཡིན་ནོ། །དེ་ནི་སྔར་བསྟན་པའི་མི་དགེ་བ་བཅུ་པོ་དེ་རྣམས་ཡིད་ཀྱིས་སྤངས་ནས་ལུས་ངག་གིས་སླར་ལོག་པའི་སྤོང་བའི་སེམས་པ་སྤྱོད་ལམ་དང་བཅས་པ་དེ་ཡིན་ན། བདག་འདི་ལ་རྟག་ཏུ་གནས་པར་བྱའོ་སྙམ་དུ་བསྒོམ། དེ་ལ་མི་དགེ་བཅུ་ཡིད་ཀྱིས་སྤངས་པའི་གོ་དོན་ནི། དེ་རྣམས་ཉེས་དམིགས་ཅན་དང་སྐྱོན་ཆེན་པོར་ཤེས་ནས་ནམ་དུ་ཡང་མི་འདོད་པ་དེ་ཡིན་ལ། ལུས་ངག་གིས་སླར་ལོག་པ་ནི། བཅུ་པོ་དེ་དག་དུས་རྒྱུན་དུའམ། དལ་བར་འདུག་པའི་དུས་སུ་མི་བྱེད་པར་མ་ཟད། དེ་དག་བྱས་ན་ཁེ་ཡོད་པ་ལྟར་སྣང་ཞིང༌། འབད་རྩོལ་མི་དགོས་པར་བྱེད་ཐུབ་པའི་སྐབས་བྱུང་ཡང་སྔར་ཡིད་ཀྱིས་སྤངས་པ་དེ་དྲན་པས་བྱ་བ་ངན་པ་དེ་ལ་ཡེ་ནས་འཇུག་པར་མི་ནུས་པ་སྟེ། ལུས་ངག་གི་བདུན་པོ་ལ་ནི་འདི་གཉིས་ཀར་ཚང་བ་དགོས་ལ། ཡིད་ཀྱི་ལས་གསུམ་ལ་ཡིད་ཀྱིས་སྤངས་པ་ཁོ་ནས་ཆོག་གོ །མི་དགེ་བ་ལ་མི་རུང་བར་སེམས་པ་དེ་ཀ་སྤོང་སེམས་ཡིན་ལ། དེ་ནི་མི་རུང་བ་ཡིན་པ་ལ་མི་རུང་བར་ཤེས་པའི་ཀུན་རྫོབ་ཤེས་པ་མ་འཁྲུལ་བ་ཡིན་པས་ལམ་གཉེན་པོའི་ཆོས་སུ་འགྱུར་ཞིང༌། འདི་ཚུལ་ཁྲིམས་ཀྱི་ངོ་བོ་ཡིན། སྤོང་སེམས་ཤུགས་ཆེ་བ་ལན་འགའ་རེ་བྱུང་ན། གཉིད་རྨུགས་པ་དང་རྣམ་གཡེང་ལ་སོགས་པས་བར་ཆོད་ཀྱང༌། དེ་ལྟ་བུའི་རྐྱེན་དམིགས་པའི་ཚེ། ཉེས་སྤྱོད་དེ་སྐྱོན་དུ་ཤེས་ནས་མི་བྱེད་ཅིང་སྡོམ་པར་འགྱུར་རོ། །འདི་ནི་སྔར་གྱི་སེམས་པ་དེའི་ཤུགས་ལས་བྱུང་བ་ཡིན་པས་ཤུགས་དེ་ཡང་ས་བོན་གྱི་མཐུ་ལས་ཡིན་ཏེ། དེའི་ཕྱིར་མི་དགེ་བ་བཅུ་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་དགེ་བ་བཅུའོ། །དམིགས་སྐོར་བཅུ་དགུ་པའོ། །ད་ནི་དགེ་བ་བཅུའི་ཕན་ཡོན་བསམ་པར་བྱ་སྟེ། དེ་ཡང་ལས་དགེ་བ་བཅུ་ཆེར་སྤྱོད་པ་ལས་རྣམ་སྨིན་གྱི་འབྲས་བུ་ལྷའི་སྐྱེ་བ་ལེན། ཆུང་ངུར་སྤྱད་པ་ལས་རྣམ་སྨིན་གྱི་འབྲས་བུ་མི་ལུས་ཐོབ། དགེ་བ་ཡིན་ཡང་བསམ་པ་མ་དག་པ་སོགས་སྲ་བསྲེ་ཅན་གྱིས་ནི་ལྷ་མིན་དུ་སྐྱེ་བར་མདོ་ལས་བཤད། རྒྱུ་མཐུན་པ་དང་བདག་པོའི་འབྲས་བུ་ཡང་སྔར་མི་དགེ་བཅུའི་སྐབས་སུ་བཤད་པ་དེ་ཉིད་ཕྱིན་ཅི་ལོག་ཏུ་འབྱུང་སྟེ། ཚེ་རིང་འབྱོར་པ་དགྲ་སྤངས་དང༌། །བསྟོད་དང་གྲོགས་མང་སྙན་པའི་གཏམ། །ཚིག་བཙུན་བསམ་པ་འགྲུབ་པ་དང༌། །ཡིད་བདེ་བ་དང་བློ་གྲོས་འཕེལ། །འདི་དག་དགེ་བའི་རྒྱུ་མཐུན་བཅུ། །མཐུ་ཆེ་ལོ་ལེགས་ཉམས་དགའ་བ། །མཐོ་དམན་སྙོམས་དང་ཞིང་ས་གཤིན། །རྩ་ཤིང་རྒྱས་དང་དུས་ཚིགས་རན། །འབྲུ་སྦོམ་རོ་ཞིམ་འབྲས་བུ་རྒྱས། །དགེ་བ་བཅུ་ཡི་བདག་འབྲས་ཡིན། །ཅེས་སོ། །དེ་ལྟར་དགེ་བ་བཅུ་ལ་གནས་པ་ནི། ཚེ་འདི་དང་ཕྱི་མར་རྟག་ཏུ་བདེ་བའི་རྒྱུ་གང་ཡིན་པས་བདག་དགེ་བ་བཅུ་ལ་རྟག་ཏུ་གནས་པར་བགྱིའོ་སྙམ་དུ་ཡང་ཡང་བསྒོམ། དམིགས་སྐོར་ཉི་ཤུ་པའོ། །འདི་དག་གི་སྐབས་སུ་ལས་འབྲས་ཀྱི་དབྱེ་བ་ཞིབ་མོར་ཤེས་པ་གལ་ཆེ་བས་ཡང་དུ་ཡང་དུ་བླ་མས་བཤད་ཅིང༌། སློབ་མས་བློ་ལ་སྐྱོང་བ་དང༌། ཁ་ཕྱིར་ལྟས་སུ་མ་སོང་བར་རང་ཐོག་ཏུ་འགེལ་བ་ཁོ་ན་གནད་དུ་ཆེའོ། །ད་ནི་ལས་འབྲས་བསམ་པའི་ཆོས་སྐོར་རྣམས་ཀྱི་སྙིང་པོའི་གྲུབ་དོན་ཐོན་ཆོས་འདི་ཡིན་ཏེ། སྔར་ཇི་སྐད་བསྟན་པའི་དཀར་ནག་གི་ ལས་འབྲས་བསམ། སྡིག་པ་མི་དགེ་བའི་ལས་སྔར་བྱས་ཟིན་ལ། སྟོབས་བཞི་ཚང་བའི་བཤགས་པ་འབུལ་བ་གལ་ཆེ། རྟེན་གྱི་སྟོབས་སྐྱབས་འགྲོ་དང་སེམས་བསྐྱེད། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སྡིག་སྦྱོང་གི་དགེ་བ་གང་འགྲུབ། སུན་འབྱིན་པའི་སྟོབས་སྔར་བྱས་ལ་འགྱོད་སེམས། སླར་ལྡོག་པའི་སྟོབས་ཕྱིན་ཆད་སྡོམ་སེམས་ཏེ། དེ་བཞི་ཚང་བའོ། །དེ་ནས་ཐུན་གྱི་མགོ་གཞུག་རྣམས་སུའང་དེ་ལྟ་བུའི་བཤགས་པ་ཚར་རེ་བྱ། ཐུན་མཚམས་སུ་ནི། མཁན་པོ་སློབ་དཔོན་བླ་མ་རྟེན་གསུམ་དགེ་འདུན་ལ་སོགས་པའི་དྲུང་དུ་མཐོལ་བཤགས་ཡང་ཡང་འབུལ་བ་དང༌། དེ་དག་མ་འཛོམས་ཀྱང༌། རྒྱལ་བ་སྲས་བཅས་མཁའ་དབྱིངས་གང་བ་ལ་དམིགས་ཏེ་བཤགས་པ་འབུལ། བཤགས་ཚིག་ཕུང་པོ་གསུམ་པའི་མདོ་དང༌། གསེར་འོད་དམ་པའི་བཤགས་པ་སོགས་དང༌། རང་གིས་སྡིག་པ་བགྱིས་པ་གང་ཡིན་པ་དེ་འདི་ལྟར་བགྱིས་སོ་ཞེས་མ་སྦས་མ་གསང་བར་བརྗོད་པ་ཉིད་གནད་ཆེ་བ་ཡིན་ནོ། །མི་དགེ་བ་བཅུར་མ་ཟད་སྡིག་པ་མི་དགེ་བའི་ལས་སུ་གཏོགས་པ་ཆེ་ཆུང་ཐམས་ཅད་རང་ཡང་མི་བྱེད། གཞན་ཡང་བྱེད་དུ་མི་འཇུག །སྡིག་པ་ལ་ཡི་རང་བའམ་དགའ་བར་མི་བྱ༑ བསྟོད་ཅིང་བསྔགས་པར་ཡང་མི་བྱ་སྙམ་དུ་བསྒོམ། དཀར་པོ་དགེ་བའི་ལས་ནི་ལས་ལམ་བཅུ་པོ་དེར་མ་ཟད་གཞན་གྱི་སྲོག་བསྐྱབས་པ་དང༌། འཚོ་བ་སྟེར་བ་དང༌། ཡོ་བྱད་སྦྱིན་པ་དང༌། ཚུལ་ཁྲིམས་སྲུང་བ་དང༌། དཀོན་མཆོག་མཆོད་པ་དང༌། དད་པ་ལ་སོགས་པའི་དགེ་བར་གཏོགས་སོ་ཅོག་རང་གིས་ཀྱང་ཅི་ལྕོགས་སུ་སྒྲུབ་གཞན་ཡང་བྱེད་དུ་འཇུག །རང་གཞན་གྱིས་དགེ་བ་བྱས་པ་ལ་ཡི་རང་ཡང་བསྒོམ། བསྔགས་པ་ཡང་བརྗོད་པར་བྱའོ་སྙམ་དུ་བསམ། ཡང་དགེ་སྡིག་གཉིས་མ་ཡིན་པའི་ལས་ལུང་མ་བསྟན་ཞེས་བྱ་བ་འགྲོ་འཆག་ཉལ་འདུག་སོགས་ངེས་མེད་སྣ་ཚོགས་པ་ཞིག་འདུག་པ། དེ་དག་ལ་རྣམ་པར་སྨིན་པའི་འབྲས་བུ་མེད་ཀྱང་དོན་མེད་དུ་དུས་འདའ་བར་འདུག །ལེ་ལོ་དང་རྣམ་གཡེང་གི་དབང་དུ་མི་གཏང༌། ལས་ལུང་མ་བསྟན་འབྱུང་བའི་དོད་དུ་ཡང་དགེ་བ་འབའ་ཞིག་ལ་བློ་དང་བྱ་སྤྱོད་བསྒྱུར་བར་བྱའོ་སྙམ་དུ་བསྒོམ། ཞར་བྱུང་ཐུན་མཚམས་སུ་འདི་ལྟར་ཡང་བསམ་དགོས་ཏེ། སྐྱེ་བ་ནས་སྐྱེ་བར་ཚོགས་ཁྱད་པར་ཅན་གསོག་པའི་རྒྱུར་མཐོ་རིས་ཀྱི་ལུས་ཡོན་ཏན་བརྒྱད་ལྡན་བསྒྲུབ་དགོས་པས། འཚེ་བའི་བསམ་པ་སྤངས་པས་ཚེ་རིང་བ་དང༌། མར་མེ་དང་གོས་ཀྱི་སྦྱིན་པ་སོགས་བྱས་པས་གཟུགས་བཟང་བ་དང༌། བླ་མ་དང་གྲོགས་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ལ་ང་རྒྱལ་མེད་ཅིང་གུས་པར་བྱས་པས་རིགས་ཕུན་སུམ་ཚོགས་པ་དང༌། ཕན་ཐོགས་ཀྱི་ཞིང་དང༌། སྡུག་བསྔལ་གྱི་ཞིང་དང༌། ཡོན་ཏན་གྱི་ཞིང་ལ་སོགས་པ་དང༌། གཞན་ཡང་སློང་བ་པོ་ལ་འདོད་དགུ་སྦྱིན་པས་དབང་ཕྱུག་སྟེ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༌། ངག་གི་དགེ་བ་ཁོ་ན་བྱས་པས་ཚིག་བཙུན་པ་དང༌། བླ་མ་དང་དཀོན་ མཆོག་དང་ཕ་མ་སོགས་མཆོད་ཅིང༌། ཡོན་ཏན་སྣ་ཚོགས་སྒྲུབ་པར་སྨོན་ལམ་བཏབ་པས་དབང་ཐང་ཆེ་བ་དང༌། སྐྱེས་པའི་དངོས་པོ་ལ་དགའ་ཞིང༌། ཕོ་དབང་གཅོད་པ་ལས་བསྐྱབས་པས་སྐྱེས་པ་ཉིད་དུ་འགྱུར་བ་དང༌། སྐྱེ་བོ་གཞན་གྱི་བྱ་བ་ཆོས་ལྡན་ལ་རེ་བ་མེད་པའི་སྒོ་ནས་ཕན་པའི་གྲོགས་བྱས་པས། སྟོབས་ཕུན་སུམ་ཚོགས་པ་ཐོབ་སྟེ། དེ་དག་ཀྱང་ཅི་རིགས་པར་སྒྲུབ་པ་ཡིན་ནོ། །དམིགས་སྐོར་ཉེར་གཅིག་པའོ། །དེ་ཡན་ཆད་ཀྱིས་སྐྱེས་བུ་ཆུང་ངུའི་རིམ་པ་ཚར་རོ། །གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་གི་བསམ་པ་སྦྱོང་བ་ལ། འཁོར་བའི་རྒྱུ་འབྲས་བསམ་པ་དང༌། ཐར་པའི་རྒྱུ་འབྲས་བསམ་པའོ། །དང་པོ་ལ། འབྲས་བུ་འཁོར་བའི་སྡུག་བསྔལ་བསམ་པ་དང༌། རྒྱུ་ཀུན་འབྱུང་གི་རབ་དབྱེ་བསམ་པའོ། །དང་པོ་ལ། མཐོ་རིས་ཀྱི་སྡུག་བསྔལ་བསམ་པ་དང༌། འཁོར་བ་སྤྱིའི་སྡུག་བསྔལ་བསམ་པའོ། །དང་པོ་ནི། ཕྱག་མཆོད་བཤགས་པ་གསུམ་ཅུང་ཟད་རྒྱས་པ་རེ་བྱས་ནས༑ ཡན་ལག་བདུན་པ་དང་སྐྱབས་འགྲོ་རྣམས་སྔོན་དུ་བཏང༌། བདག་ལས་ཀྱི་དབང་གིས་འགྲོ་བ་རིགས་དྲུག་ཏུ་སྐྱེ་བ་ལེན་པར་འགྱུར་བ་ལས་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་ནི་དེ་འདྲ། མིར་སྐྱེས་ན་སྐྱིད་དོ་སྙམ་ནའང་མི་སྐྱིད་དེ་མི་ཕལ་ཆེར་མངལ་སྐྱེས་ཡིན། མངལ་དུ་ཟླ་བ་དགུའམ་བཅུའི་བར་དུ་གནས་དགོས་ན། མངལ་གནས་དེ་ལ་དོག་པའི་སྡུག་བསྔལ་དང༌། མུན་གནག་པའི་སྡུག་བསྔལ་དང༌། དྲི་མི་ཞིམ་པའི་སྡུག་བསྔལ་ གསུམ་རྟག་ཏུ་ཡོང༌། མ་དེ་བཀྲེས་པའི་ཚེ་གཡང་ཟ་བའི་རྣམ་པ་དང༌། འགྲངས་པའི་ཚེ་རིས་གནོན་པ་ལྟ་བུ་དང༌། བཟའ་བཏུང་དྲོན་མོ་ཟོས་འཐུངས་བྱས་ན་ཆུ་ཚན་དུ་བཙོས་པ་ལྟ་བུ་དང༌། གྲང་མོ་ཟོས་འཐུངས་ན་འཁྱགས་རུམ་དུ་བསྐྱུར་བ་ལྟ་བུའི་སྡུག་བསྔལ་ཡོད། མངལ་ནས་ཕྱི་རུ་བཙའ་བའི་ཚེ་ཡང་ཏིལ་མར་འཚིར་བའི་ཤིང་གི་བར་དུ་གཅིར་བ་ལྟ་བུ་དང༌། ཚིགས་ཐམས་ཅད་བྱེ་ཞིང་ཞིག་པ་ལྟ་བུའི་སྡུག་བསྔལ་ཡོད། བཙས་མ་ཐག་ཏུ་གང་ལ་རེག་ཀྱང་རྩུབ་སྟེ། དར་འཇམ་པོས་དཀྲིས་ཀྱང་ཚེར་མའི་དོང་དུ་བསྐྱུར་བ་ལྟ་བུ་དང༌། གཞན་གྱི་ལག་ཏུ་བླངས་པ་ན། བྱེའུ་ཁྲས་ཁྱེར་བ་ལྟ་བུའི་སྡུག་བསྔལ་ཡོད། ད་ལྟ་རང་རེས་མ་དྲན་པར་མ་ཟད། དྲན་ན་གཞན་མི་དགོས། སྐྱེ་བའི་སྡུག་བསྔལ་གཅིག་པུ་ལ་བསམ་ཀྱང་མིར་སྐྱེས་པ་ལ་གྲོགས་ཅི་ཡང་མི་འདུག །བདག་ལས་ཀྱི་དབང་གིས་འཁོར་བ་ན་སྐྱེ་བ་མི་ལེན་པའི་ཆོས་གཅིག་བྱ་དགོས། མིའི་འགྲོ་བ་མངལ་སྐྱེས་ཀྱི་སྡུག་བསྔལ་ནི་དེ་ལྟ་བུར་འདུག །སྤྱིར་ཁམས་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ། འགྲོ་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ། སྐྱེ་གནས་ཇི་ལྟ་བུར་སྐྱེས་ཀྱང་སྡུག་བསྔལ་ཏེ། སྡུག་བསྔལ་རྣམ་པ་ལྔ་དང་ལྡན་པའོ། །དེ་ཡང་སྐྱེ་བ་སྡུག་བསྔལ་དང་ལྡན་པ་ཞེས་བྱ་བ། ཚོར་བ་དྲག་པོ་དང་བཅས་ཏེ་སྐྱེ་དགོས། སྐྱེ་བ་གནས་ངན་ལེན་དང་ལྡན་པ་བྱ་བ། ཉོན་མོངས་པ་སྐྱེད་འཕེལ་གྱི་ས་བོན་དང་ལྡན་པར་སྐྱེ་དགོས། སྐྱེ་བ་སྡུག་བསྔལ་གྱི་གནས་སུ་ གྱུར་པ་བྱ་བ། སྐྱེས་པ་ལས་རྒ་ནད་འཆི་བ་སོགས་སྡུག་བསྔལ་གཞན་འབྱུང་བ་ཡིན། སྐྱེ་བ་ཉོན་མོངས་ཀྱི་གནས་སུ་གྱུར་པ་བྱ་བ། སྐྱེ་བ་བླངས་པས་ཕྱིས་རྐྱེན་ངན་དང་འཕྲད་ནས་ཉོན་མོངས་པ་མང་པོ་སྐྱེས་ཤིང་དེས་ཀུན་ནས་སླང་བའི་ལས་དུ་མ་གསོག་པའོ། །སྐྱེ་བ་ཉིད་དབང་མེད་དུ་འཇིག་པས་སྡུག་བསྔལ་བ་བྱ་བ་ནི། སྐྱེ་བ་ཉིད་སྐད་ཅིག་སྐད་ཅིག་གིས་འཇིག་པའོ། །དེ་ལྟར་ན་སྐྱེ་བ་སྡུག་བསྔལ་བའོ་སྙམ་དུ་བསྒོམ། དམིགས་སྐོར་ཉེར་གཉིས་པའོ། །གཞན་ཡང་མི་རྣམས་ལ་རྒས་པའི་སྡུག་བསྔལ་ཡོད་དེ། རྒས་པའི་ཚེ་ཉམས་པའི་སྡུག་བསྔལ་ལྔ་ཡོད། ཁ་དོག་ཉམས་པ་བྱ་བ་ཤ་མདོག་དང་མདངས་ལེགས་པོ་རྣམས་ནུབ་སྟེ་ཁ་དོག་མི་སྡུག་པ་ནག་སྦམ་པའམ། སྔོ་ཐལ་གྱིས་འགྲོ། མགོ་སྤྲ་བའི་མེ་ཏོག་ལྟར་སྐྱ་བ་དང༌། དབང་པོ་ཀུན་གྱི་བཀྲག་ཤོར་བ་ཡིན། དབྱིབས་ཉམས་པ་བྱ་བ་སོ་ནི་ལྷུང༌། ལུས་ནི་གུག་གུག་པོར་སོང༌། ཡན་ལག་རྣམས་ནི་འཁྱོགས། ཤ་ནི་སྐམས། ལྤགས་པ་ནི་ལྷོད། གདོང་བྱད་ནི་གྲས་གདན་རྙིང་པ་ལྟར་གཉེར་མས་ཁེངས་པ་ལ་བལྟས་ཀྱང་མི་མཛེས་པའོ། །མཐུ་སྟོབས་ཉམས་པ་བྱ་བ་ནི། ལྡང་བ་ན་སུག་བཞི་འཛུགས། འགྲོ་བ་ན་འཁྱོར། འདུག་པ་ན་ཚ་དོ་ཐག་པ་ཆད་པ་བཞིན་སྡོད། སྨྲས་ན་ལྡབ་ལྡིབ་ལས་མེད་པ་ལ་སོགས་པའོ། །དབང་པོ་ཉམས་པ་བྱ་བ་ནི། མིག་མི་གསལ་རྣ་བ་འོན་པ་སོགས་གཞན་གྱིས་བལྟས་ན་རྫུས་འདེབས་པ་འདྲ་བར་འགྱུར། ལོངས་སྤྱོད་ཉམས་པ་བྱ་བ་ནི། ཁ་ཟས་ ཉུང་ན་བཀྲེས། མང་ན་མི་འཇུ་བ་ལ་སོགས་པ་འདོད་ཡོན་ལ་སྤྱད་དུ་མེད་པའོ། །བདག་ཀྱང་རྒས་པའི་སྡུག་བསྔལ་མ་སྤངས་པས། ཚེ་རིང་རྒས་ལོང་བྱུང་ན་ཐ་མ་རྒས་པར་འགྱུར། གཉེན་བཤེས་དང་དགྲ་གཉེན་འགྲོ་བ་འདི་ཀུན་ཀྱང་དེ་དང་འདྲ་སྙམ་དུ་བསྒོམ། དམིགས་སྐོར་ཉེར་གསུམ་པའོ། །ན་བའི་སྡུག་བསྔལ་བསམ་པ་ནི། སྡུག་བསྔལ་གཞན་ཡང་ཡོད་དེ། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་ནད་རྣམ་པ་སྣ་ཚོགས་པ་འབྱུང་བ་ཡིན། དེ་ཡང་སྡུག་བསྔལ་ལྔ་སྟེ། སྡུག་བསྔལ་དང་ཡིད་མི་བདེ་འཕེལ་བ་ཞེས་བྱ་བ་ནི། ཟུག་རྔུ་དངོས་ཀྱི་སྡུག་བསྔལ་ཡིན། ལུས་ཀྱི་རང་བཞིན་འགྱུར་བ་ནི། ཤ་ཞུ་ལྤགས་པ་སྐམས་པ་ལ་སོགས་པའོ། །ཡུལ་ཡིད་དུ་འོང་བ་སྤྱད་དབང་མེད་པ་དང༌། ཡིད་དུ་མི་འོང་བ་ངེས་པར་བསྟེན་དགོས་པ་གཉིས་ནི། ཟས་དང་སྤྱོད་ལམ་འདོད་པ་བྱེད་དུ་མེད་ཅིང་། མི་འདོད་པའི་སྨན་ཁ་བ་དང་མེ་གཏར་སོགས་བསྟེན་དགོས་པའོ། །སྲོག་གི་དབང་པོ་དང་འབྲལ་བ་ཞེས་བྱ་བ་ནི། འཆི་བའམ་འཆིར་དོགས་པས་སྡུག་བསྔལ་བ་སྟེ། ན་བ་རང་བས་ཀྱང་འཆི་བའི་སྡུག་བསྔལ་སྔོན་བསུ་བ་ཡིན། བདག་ཀྱང་ན་བ་ལས་མ་ཐར་ན་བར་འགྱུར་ཏེ་འོང༌། བདག་གི་བཤེས་ལ་སོགས་པ་དགྲ་གཉེན་འགྲོ་བ་འདི་ཀུན་ཀྱང་ང་དང་འདྲའོ་སྙམ་མོ། །དམིགས་སྐོར་ཉེར་བཞི་པའོ། །ཡང་སྡུག་བསྔལ་གཞན་ཡོད་དེ་འཆི་བའི་སྡུག་བསྔལ་རྣམ་པ་ལྔ་ནི། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་འབྲལ། རྩ་འཇིང་ཕུན་སུམ་ཚོགས་པ་དང་ འབྲལ། འཁོར་གྲོགས་ཕུན་སུམ་ཚོགས་པ་དང་འབྲལ། ཕོངས་ཤིང་སྡུག་པའི་ལུས་དང་ཡང་འབྲལ། འཆི་བ་ཉིད་སྡུག་བསྔལ་དང་ཡིད་མི་བདེ་དྲག་པོ་དང་བཅས་པའོ། །རང་རེ་མངོན་པར་ཞེན་ཅིང་ཆགས་པའི་ཡུལ་ཕྱོགས་སམ། ཁང་ཁྱིམ་མམ། ནོར་རྫས་སམ། ཡར་གྱི་དཔོན། མར་གྱི་གཡོག །ཐད་ཀའི་གྲོགས་པོ་ཐམས་ཅད་དང་བྲལ་ཞིང༌། གནད་གཅོད་ཀྱི་སྡུག་བསྔལ་ཆེན་པོ་དང་བཅས་ཏེ་འཆི་དགོས། རྒྱས་པར་གོང་འཆི་བ་མི་རྟག་པ་བཤད་པའི་སྐབས་སུ་བསྟན་པ་ལྟར་བསྒོམ། དམིགས་སྐོར་ཉེར་ལྔ་པའོ། །སྡུག་བསྔལ་གཞན་ཡང་ཡོད་དེ། འདོད་པ་བཙལ་ཏེ་མ་རྙེད་པས་སྡུག་བསྔལ། དེ་ཡང་ལོངས་སྤྱོད་དམ། ཁ་དྲག་གམ། མངའ་ཐང་ཕྲན་བུ་བསྒྲུབ་པའི་ཕྱིར་དུ་སྲོག་ལ་མ་བལྟས་པར་འཁྲུག་པ་ལ་ཡང་འཇུག །ལོ་ཟླ་མང་པོར་བགྲོད་དགོས་པའི་བྱེས་སུ་ཡང་འགྲོ། དུས་བཞིར་ཟིན་པ་དང་འཁོར་བ་མེད་པའི་ལས་ལ་རྟག་ཏུ་འཇུག །རྐང་ཁྲག་ནི་རྡོ། ལག་ཁྲག་ནི་ཤིང༌༑ བྱིན་པ་ནི་རྟ། སྣལ་མ་ནི་ལྕག་ཏུ་བྱས་ལྷོ་བསླན་བྱང་བཀུག་ཀྱང་འདོད་དོན་གང་ཡང་མ་བྱུང༌། ལྟོགས་སྐོམ་ཐམས་ཅད་ནི་དང་དུ་བླངས། ཚ་གྲང་ཐམས་ཅད་ནི་ཁྱད་དུ་བསད། ཉིན་མཚན་ཀུན་ཏུ་དལ་བ་མེད། ཤ་ཁྲག་སྦུ་བར་སོང་སོང་བྱས་ཀྱང་ལྟོ་རྒྱབ་ཙམ་ཡང་མ་འབྱོར། འབད་པ་བྱས་པ་དོན་མེད་དུ་སོང་བས་སེམས་ལ་ཡི་ཆད་སྐྱེ། གཞན་ཡང་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་བྱ་བ་ཡོད། རང་ཉིད་དགྲ་བོའི་དབང་དུ་སོང་བའམ། ནད་དང་སྡུག་བསྔལ་དྲག་པོ་ཐོག་ཏུ་བབ་པའམ། གསོད་པར་བྱེད་པའི་སྲོག་ཆགས་དང་འཕྲད་པའམ། གཡངས་སུ་ལྷུང་བའམ། ཆུས་ཁྱེར་བའམ། གཏམ་ངན་པ་ཐོས་པའམ། བཙོན་དུ་གཞུག་པ་དང་ཆད་པས་བཅད་པ་མྱོང་བ་ལ་སོགས་པ་ཡིན། གཞན་ཡང་སྡུག་པ་དང་བྲལ་བའི་སྡུག་བསྔལ་བྱ་བ་ཡོད། ཕ་མ་སྤུན་ཟླ་ཁྱིམ་ཐབ་གྲོགས་ལ་སོགས་པ་མེད་ཐབས་མེད་པ་དང་བྲལ་ཙ་ན་སེམས་ལ་གཟོད་ཐབས་མེད་པའི་སྡུག་བསྔལ་ལུས་ཚུན་ཆད་ཀྱང་རྒུད་ནས་འགྲོ་བ་ཡོད། དེ་བཞིན་དུ་ནོར་སྟོར་རླག་བྱུང་བའམ། མངའ་ཐང་ཉམས་པའམ། དབང་ཐང་ཤོར་བའམ། རང་གི་ཡིད་ཆགས་ཤིང་བློ་སྨོན་པའི་གནས་ཅི་འདྲ་ཞིག་ཉམས་ཀྱང་སེམས་ལ་མྱ་ངན་ཆེན་པོ་སྐྱེ་བ་ཡིན་ཏེ། དེ་ལྟར་ན་བདག་ཀྱང་སྡུག་བསྔལ་དེ་དག་ལས་མ་འདས། ཞེས་སོགས་གོང་བཞིན་བསྒོམ། དེ་ལྟར་སྡུག་བསྔལ་བདུན་པོ་དེ་ནི་འགྲོ་བ་གཞན་རྣམས་ལ་ཡང་ཡོད་མོད་ཀྱི་མི་རྣམས་གཙོ་བོར་སྤྱོད་པའི་ཕྱིར་འདིར་སྨོས་པའོ། །སྡུག་བསྔལ་བརྒྱད་པ་སྐབས་འདིར་བསམ་པའི་ལུགས་ཡོད་ཀྱང་འོག་ཏུ་བཤད་ན་བདེའོ། །དམིགས་སྐོར་ཉེར་དྲུག་པའོ། །ཡང་ལྷ་མིན་གྱི་འགྲོ་བ་ཞེས་བྱ་བར་སྐྱེས་ན་སྐྱིད་དམ་སྙམ་ན་མི་སྐྱིད་དེ། རང་བཞིན་གྱིས་ལྷའི་དཔལ་ལ་ཕྲག་དོག་པས་སེམས་ལ་མི་བདེ་བ་ཆེན་པོ་རྟག་ཏུ་ཡོད། དུས་དུས་ན་ལྷ་དང་འཐབ་པ་ལས་ལྷ་མིན་བསོད་ནམས་ཀྱི་སྟོབས་ཆུང་བས་གསོད་པ་དང་བརྡེག་པ་དང་ཡན་ལག་གཅོད་པ་དང་འདྲལ་བ་ལ་ སོགས་པའི་སྡུག་བསྔལ་ཤིན་ཏུ་མང༌། ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་དགའ། འགའ་ཞིག་མོས་སུ་ཆུག་ཀྱང་རྣམ་སྨིན་སྒྲིབ་པ་ཅན་ཡིན་པས་ཁྱད་པར་རྟོགས་པའི་སྐལ་པ་མེད་དོ། །འོ་ན་འདོད་པའི་ཁམས་ཀྱི་ལྷར་སྐྱེས་ན་བདེའོ་སྙམ་ན། དེར་ཡང་མི་བདེ་སྟེ་འདོད་ཡོན་ལ་བག་མེད་པར་སྤྱད་པས་ཚེ་ཟད་དུ་མ་ཚོར་བ་ལ་ཟད། གཞན་ཡང་ལྷ་དབང་ཆུང་བ་རྣམས་དབང་ཆེ་བས་གནས་ནས་བསྐྲད་པས་སྡུག་བསྔལ། བསོད་ནམས་ཆུང་བ་འགའ་ཞིག་པི་ཝང་རེ་ཙམ་མ་གཏོགས་ཡོ་བྱད་གང་ཡང་མེད་པས་ཤིན་ཏུ་ཕོངས་པའང་ཡོད། དེ་དག་གིས་ལྷ་གཞན་འབྱོར་པ་ཆེན་པོ་རྣམས་མཐོང་བ་ན། རང་གི་བསོད་ནམས་ལ་ཡི་ཆད་པའི་སེམས་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད། ཁྱད་པར་རྒྱལ་ཆེན་བཞིའི་རིས་དང་སུམ་ཅུ་རྩ་གསུམ་པའི་གནས་ན་ལྷ་མ་ཡིན་དང་འཐབ་པའི་སྡུག་བསྔལ་ཤིན་ཏུ་ཆེ། འདོད་ཁམས་ཀྱི་ལྷ་ཐམས་ཅད་ལ་ཐུན་མོང་དུ་འཆི་འཕོ་བ་དང་ལྟུང་བའི་སྡུག་བསྔལ་ཞེས་བྱ་བ་ཡོད་དེ། དེ་ལ་ལྷ་རྣམས་འཆི་བའི་སྔོན་རོལ་ཞག་བདུན་ནས་འཆི་ལྟས་ལྔ་འབྱུང་སྟེ། ལུས་ཀྱི་ཁ་དོག་མི་སྡུག་པར་འགྱུར་བ་དང༌། ཡིད་སྐྱོ་ཞིང་སྟན་ལ་མི་དགའ་བ་དང་། མེ་ཏོག་གི་ཕྲེང་བའི་རྒྱན་རྣམས་རྙིང་པ་དང༌། གོས་ལ་དྲི་མ་ནག་པོ་ཆགས་པ་དང༌། ལུས་ལས་རྔུལ་འབྱུང་བ་རྣམས་སོ། །དེ་རྣམས་བྱུང་བ་ན་རང་རང་གི་གཡོག་དང་གྲོགས་ཕོ་མོ་རྣམས་ཀྱིས་ཀྱང་སྤངས་ཏེ། ལྷ་གཞན་གྱི་དྲུང་དུ་འགྲོ་ལ། ལྷའི་འདོད་ཡོན་ལ་ནི་ཆགས་ཀྱང་དབང་མེད་དུ་འབྲལ་བར་ཤེས། ཟློག་ཐབས་ནི་མེད། རྔ་མོ་རྔེའུ་སྟོར་བ་ལྟ་བུ་དང༌། ཀླུ་ནམ་མཁའ་ལྡིང་གིས་ཁྱེར་བ་ལྟ་བུ་དང༌། ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུ་དང༌། རྒྱ་མཚོ་ཆེན་པོའི་དབུས་སུ་གྲུ་ཞིག་པ་ལྟ་བུའི་སྡུག་བསྔལ་འབྱུང༌། དུས་རིང་ཐུང་ནི་ལྷའི་ཞག་བདུན་ཡིན་ན་ཐུང་ཤོས་རྒྱལ་ཆེན་བཞིའི་རིས་ཀྱི་དབང་དུ་བྱས་ཀྱང་མི་ལོ་ཕྱེད་དང་བཞི་བརྒྱ་ཡིན། དོས་ནི་དྲག །ཡུན་ནི་རིང་། ལྟུང་བའི་སྡུག་བསྔལ་བྱ་བ་ལྷ་རྣམས་ཤི་བའི་འོག་ཏུ་ལྷར་སྐྱེ་བ་ནི་སྲིད་མཐའ་ཙམ། མིར་སྐྱེ་བ་ཡང་ཤིན་ཏུ་ཉུང༌། ཕལ་ཆེར་ངན་སོང་དུ་སྐྱེ་བ་ཡིན། ཇི་སྐད་དུ། ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང༌། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ཅེས་གསུངས། ལྷ་རྣམས་ཀྱི་མངོན་ཤེས་འོག་ཏུ་འཇུག་པས་འཆི་ཁར་གང་དུ་སྐྱེ་བ་ལེན་པ་ཤེས་ནས་མིར་སྐྱེ་ནའང་འདོད་ཡོན་གྱིས་མིག་མི་ཁེངས་ཤིང༌། སྡུག་བསྔལ་མང་པོ་ཅན་དུ་མཐོང༌། གལ་ཏེ་ངན་སོང་གསུམ་དུ་སྐྱེ་ན། དེའི་སྡུག་བསྔལ་མྱོང་དགོས་པར་ཤེས་ནས་སེམས་ཀྱི་སྡུག་བསྔལ་ལ་བཟོད་གླགས་མེད་པར་འབྱུང་བ་ཡིན་ཏེ། ངན་སོང་གསུམ་གྱི་ལུས་ཀྱི་སྡུག་བསྔལ་བས་དེའི་སེམས་ཀྱི་སྡུག་བསྔལ་ཆེ་བ་ཡོད་སྙམ་དུ་བསམ། དམིགས་སྐོར་ཉེར་བདུན་པའོ། །འོ་ན་ཁམས་གོང་མའི་ལྷར་སྐྱེས་ན་བདེ་བ་ཡོད་དམ་སྙམ་ན། དེར་ཡང་བདེ་བ་མེད་དེ། ཁམས་ གོང་མ་དེ་དག་ནི། སོ་སོ་སྐྱེ་བོས་བལྟས་ན་སྡུག་བསྔལ་མངོན་འགྱུར་བ་མེད་ཀྱང་འཕགས་པས་གཟིགས་ན་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་རང་བཞིན་ལས་མ་འདས་པ་དང༌། ཏིང་ངེ་འཛིན་གྱིས་མྱོས་པ་ལྟར་གྱུར་པས་སོ་སོ་སྐྱེ་བོ་རྣམས་ཡོན་ཏན་གོང་ནས་གོང་དུ་འགྲོ་བ་མེད་ཅིང༌། ཏིང་ངེ་འཛིན་གྱི་རོ་མྱོངས་པས་རོ་མྱོང་ཅན་གྱི་ཏིང་ངེ་འཛིན་དེ་འབྲལ་མི་ཕོད་ཅིང༌། དེས་རང་རང་གི་ཏིང་ངེ་འཛིན་ཉམས་ནས་འཆི་བར་འགྱུར་བའང་ཡོད། སྒོས་སུ་དེ་ན་གནས་པའི་འགྲོ་བ་སོ་སོ་སྐྱེ་བོ་ཐམས་ཅད་སྔོན་གྱི་ལས་ཀྱི་འཕེན་པ་ཟད་པ་ན། སླར་ཡང་འདོད་པའི་ཁམས་སུ་སྐྱེ་བ་ལེན་ཏེ། སྔོན་མིའི་རྟེན་ལ་འཇིག་རྟེན་པའི་ཏིང་ངེ་འཛིན་བསྒོམས་པའི་སྐབས་དང༌༑ སྐབས་དེར་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་ཉམས་བདེ་བདེ་འདྲ་བ་སོས་དལ་དལ་འདྲ་བར་འདུག་ཀྱང་ཡིད་བརྟན་ཅིའང་མ་བྱུང་བར་སྐྱེ་བོ་ཕལ་པར་ཉམས་ཏེ། ཉོན་མོངས་དྲག་ལ་སྡུག་བསྔལ་ཆེ་བར་སོང་བ་དེ་འདྲ་བ་ལ་སྙིང་པོ་ཅི་ཞིག་ཡོད་སྙམ་དུ་བསམ། དམིགས་སྐོར་ཉེར་བརྒྱད་པའོ། །གཉིས་པ་འཁོར་བ་མཐའ་དག་སྡུག་བསྔལ་དུ་བསམ་པ་ནི། སྔོན་འགྲོ་སོགས་སྔར་བཞིན་ལས་དམྱལ་བའི་གནས་ན་ནི་སྡུག་བསྔལ་དེ་འདྲ་སྙམ་པ་ནས། ཡི་དྭགས་དང་དུད་འགྲོ་དང་མི་དང་ལྷ་མ་ཡིན་དང་འདོད་ཁམས་ཀྱི་ལྷ་དང་གཟུགས་དང་གཟུགས་མེད་པའི་ལྷའི་བར་དུ་སྡུག་བསྔལ་དེ་འདྲ་ན། ཁམས་གསུམ་འཁོར་བ་འདི་ཀུན་སྡུག་བསྔལ་ གསུམ་མམ་དྲུག་གམ་བརྒྱད་ལ་སོགས་པ་སྡུག་བསྔལ་གྱི་རང་བཞིན་ཅན་དང༌། སྡུག་བསྔལ་གྱི་ཁོང་ཚངས་ཅན་དང༌། སྡུག་བསྔལ་གྱིས་ཀུན་ཏུ་བསྐོར་བ་ཡིན། སྡུག་བསྔལ་མེ་ལྟར་འབར། ཆུ་ལྟར་འཁྲུགས། རླུང་ལྟར་གཡེངས། རི་ལྟར་ནོན་པ་ཡིན། གནས་གང་དུ་གནས་ཀྱང་སྡུག་བསྔལ་གྱི་གནས། ལུས་ཅི་འདྲ་བླངས་ཀྱང་སྡུག་བསྔལ་གྱི་ལུས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ལོངས་སྤྱོད་ཅི་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ཡིན། སྡུག་བསྔལ་དེ་ཡང་རྣམ་པ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཞེས་བྱ་བ། ཚ་གྲང་ནད་ལ་སོགས་པ་ཚོར་བ་སྡུག་བསྔལ་ཐམས་ཅད་ཡིན། འགྱུར་བའི་སྡུག་བསྔལ་ཞེས་བྱ་བ། ཚེ་དང་ལོངས་སྤྱོད་ལ་སོགས་པ་ཐ་ན་བསམ་གཏན་གྱི་བདེ་བ་ཚུན་ཆད་དེ་ཚོར་བ་བདེ་བ་ཐམས་ཅད་ཡིན། འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བྱ་བ། སྡུག་བསྔལ་དེ་གཉིས་ཀའི་གཞི་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་ཙམ་འདི་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་གནས་དང་ཞིང་ས་ཡིན། འདི་ཚོར་བ་བཏང་སྙོམས་ཁོ་ན་དང་ལྡན་པའི་ཚེ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་མིང་ཐོགས་པ་ཡིན། འདི་ལས་མ་ཐར་ན་གཞན་གཉིས་ལས་ཐར་བར་མེད་པས་ཅིས་ཀྱང་སྡུག་བསྔལ་གསུམ་ལས་ཐར་བར་བྱ་སྙམ་དུ་སྒོམ། དམིགས་སྐོར་ཉེར་དགུ་པའོ། །ད་ནི་གོང་དུ་བཤད་པ་ལྟར་སྐྱེ་བ་སྡུག་བསྔལ། རྒས་པ་སྡུག་བསྔལ། ན་བ་སྡུག་བསྔལ། འཆི་བ་སྡུག་བསྔལ། མི་སྡུག་པ་ དང་ཕྲད་པས་སྡུག་བསྔལ། སྡུག་པ་དང་བྲལ་བས་སྡུག་བསྔལ། འདོད་པ་བཙལ་གྱིས་མ་རྙེད་པས་སྡུག་བསྔལ་ཅེས་སྡུག་བསྔལ་བདུན་དང༌། བརྒྱད་པ་ནི། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཏེ། དེ་ཡང་རྣམ་པ་ལྔས་སྡུག་བསྔལ་བ་སྟེ་མངོན་པར་འགྲུབ་པའི་སྡུག་བསྔལ་གྱི་སྣོད་དུ་གྱུར་པ་ནི། སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་སྡུག་བསྔལ་གསོས་འདེབས་པ་ཡིན། མངོན་པར་གྲུབ་པ་ལ་བརྟེན་པའི་སྡུག་བསྔལ་གྱི་སྣོད་ནི་ཕུང་པོ་ཉིད་གྲུབ་པ་ལ་བརྟེན་ནས། སྐྱེ་རྒ་ན་འཆི་སོགས་གཞན་ཐམས་ཅད་འབྱུང་དུ་རུང་བ་ཡིན། སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྣོད་དང༌། འགྱུར་བའི་སྡུག་བསྔལ་གྱི་སྣོད་ཅེས་བྱ་བ་གཉིས་ནི། ཕུང་པོ་ལ་བརྟེན་ནས་དེ་དག་འབྱུང་བ་ཡིན། འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པ་ནི། ཕུང་པོ་རང་ཉིད་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པར་ཤེས་པ་སྟེ། ཁམས་གསུམ་འཁོར་བ་ཐམས་ཅད་སྡུག་བསྔལ་བརྒྱད་ཀྱི་ངོ་བོའོ་སྙམ་དུ་སྒོམ་པའོ། ། སྡུག་བསྔལ་བརྒྱད་ལ་བསམ་པ་སྟེ་དམིགས་སྐོར་སུམ་ཅུ་པའོ། །འཁོར་བ་འདི་ལ་སྡུག་བསྔལ་གྱི་རྣམ་གྲངས་གཞན་ཡང་ཡོད་དེ། དང་པོ་ངེས་པ་མེད་པས་སྡུག་བསྔལ་བའི་ཉེས་པ་ནི། དགྲ་གཉེན་དང་ཕ་བུ་དང༌། གནས་ལུས་ལོངས་སྤྱོད་ཐམས་ཅད་མ་ངེས་པ་ཁོ་ནར་འགྲོ་བ་སྟེ། ཇི་སྐད་དུ། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །ཅེས་པ་ལ་སོགས་པ་ལྟ་བུའོ། །གཉིས་པ་ངོམས་མི་ཤེས་པའི་ཉེས་པ་ནི། འདོད་ཡོན་ཇི་ཙམ་སྤྱད་ཀྱང་ངོམས་པ་མེད། ། སྡུག་བསྔལ་ཇི་ཙམ་མྱོང་ཡང་སུན་རྒྱུ་མེད་པའོ། །རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། །ཞེས་སོགས་སྦྱར། གསུམ་པ་ལུས་ཡང་ཡང་འདོར་བའི་ཉེས་པ་ནི། ཡང་ཡང་འཆི་བ་མྱང་དགོས་པ་སྟེ། རེ་རེས་བདག་ཉིད་རུས་པའི་ཕུང་པོ་ནི་སོགས་སོ། །བཞི་པ་ཡང་ཡང་ཉིང་མཚམས་སྦྱོར་བའི་ཉེས་པ་ནི། སྐྱེ་བ་མཐའ་མེད་པ་ལེན་དགོས་པ་སྟེ། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །སོགས་སོ། །ལྔ་པ་ཡང་ཡང་མཐོ་དམན་དུ་འགྱུར་བའི་ཉེས་པ་ནི། བརྒྱ་བྱིན་དུ་གྱུར་ཀྱང་ས་སྟེང་དུ་ལྟུང༌། འཁོར་ལོས་སྒྱུར་རྒྱལ་དུ་གྱུར་ཀྱང་བྲན་གྱི་ཐ་མར་སྐྱེ། ཚེ་གཅིག་པོ་འདི་ཉིད་ལ་ཡང་བདེ་སྡུག་མཐོ་དམན་འབྱོར་རྒུད་གང་ལ་ཡང་ཡིད་བརྟན་ཅུང་ཟད་ཀྱང་མེད་པ་སྟེ། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང༌། །ཞེས་པ་ལ་སོགས་པ་ལྟར་རོ། །དྲུག་པ་གཅིག་པུ་གྲོགས་མེད་པས་སྡུག་བསྔལ་བའི་ཉེས་པ་ནི། སྐྱེ་ན་ཡང་གཅིག་པུར་སྐྱེ། འཆི་ན་ཡང་གཅིག་པུར་འཆི། རྒས་པ་དང་ན་བ་ཡང་གཅིག་པུར་མྱོང༌། བར་དོར་འགྲོ་བ་ཡང་གཅིག་པུར་འགྲོ་དགོས་ན། འགྲོགས་བཤེས་མཛའ་བ་ཐམས་ཅད་སྙིང་པོ་མེད་དེ། དེ་ལྟར་ནོངས་པར་འགྱུར་འཚལ་བསོད་ནམས་ནི། །ཞེས་སོགས་དང་སྦྱར་རོ། །དེ་ལྟར་ན་འཁོར་བ་ཐམས་ཅད་སྡུག་བསྔལ་དྲུག་གི་རང་བཞིན་གྱིས་སྡུག་བསྔལ་ཏེ། ཡ་གི་སྲིད་པའི་རྩེ་མོར་སྐྱེས་ཀྱང་མནར་མེད་ཀྱི་འགྲམ་རྡོར་འགྲོ་བ་ལ་ཚེགས་མེད། སྡུག་བསྔལ་ཡང་ལ་ཡང་བསྲིངས་ཁོ་ན་ཡིན། ཁང་པ་མེ་འབར་བའི་ ནང་དུ་ཚུད་པ་དང་འདྲ། ཚོང་པ་སྲིན་མོའི་གླིང་དུ་ཚུད་པ་དང་འདྲ། འབྲོག་དགོན་ལམ་མེད་པར་འཁྱམས་པ་དང་འདྲ་བས། ཅིས་ཀྱང་མྱུར་དུ་འདི་ལས་ཐར་བར་བྱ་སྙམ་དུ་ཡང་ཡང་བསམ། སྡུག་བསྔལ་དྲུག་ལ་དམིགས་པ་སྟེ། དམིགས་སྐོར་སོ་གཅིག་པའོ། །གཉིས་པ་རྒྱུ་ཀུན་འབྱུང་བསམ་པ་ནི། འོ་ན་དེ་ཙམ་དུ་སྡུག་བསྔལ་ཆེ་བའི་འཁོར་བ་དེ་ཐམས་ཅད་ཀྱང་རྒྱུ་མེད་རྐྱེན་མེད་པ་མ་ཡིན་པས། རྒྱུ་སྤངས་ཏེ་འཁོར་བ་དེ་ཟློག་དགོས་པ་འདུག་ན། རྒྱུ་གང་ཡིན་སྙམ་ན་སྡུག་བསྔལ་དེ་རྣམས་ལས་བསགས་པ་ལས་བྱུང༌། ལས་དེ་ཐམས་ཅད་དང་པོར་ཉོན་མོངས་ཀྱིས་ཀུན་ནས་ལེན་དགོས་ཤིང༌། ཉོན་མོངས་མེད་ན་ནི་ཕྱིས་ནས་ཀྱང་ལས་ལས་འབྲས་བུ་མི་འབྱུང་བས་རྩ་བ་ཉོན་མོངས་པ་ལ་ཐུག །བདག་དང་སེམས་ཅན་འཁོར་བར་འཁྱམས་པའི་རྒྱུའི་རྩ་བ་ཉོན་མོངས་དེ་ཡང་འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་ངན་པ་དང༌། ཐེ་ཚོམ་སྟེ་དྲུག་ཏུ་ཡང་ཡོད། ཀུན་ཏུ་སྦྱོར་བ་དགུ་སོགས་རྣམ་གྲངས་དུ་མར་ཡོད་ཀྱང་ཀུན་གྱི་རྩ་བ་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་དུ་འདུས། ལས་ཀྱི་རྣམ་གྲངས་ཤིན་ཏུ་མང་ཡང་འཁོར་བར་འཕེན་བྱེད་ཀྱི་ལས་རྣམས་གསུམ་དུ་འདུས། བསོད་ནམས་མ་ཡིན་པའི་ལས་ཞེས་བྱ་བ། སྡིག་པ་སྟེ་ངན་འགྲོར་འཕེན་ནུས། བསོད་ནམས་ཀྱི་ལས་ནི། སེམས་མཉམ་པར་མ་གཞག་པ་འདོད་ཁམས་ཀྱི་དགེ་བ་སྟེ་ཐར་པའི་ལམ་དུ་མ་སོང་བའི་སྦྱིན་ པ་དང༌། འདོད་པའི་ཚུལ་ཁྲིམས་ལ་སོགས་པ་སྟེ། འདོད་ཁམས་ཀྱི་ལྷ་དང་མིའི་རྒྱུ་ཡིན། མི་གཡོ་བའི་ལས་ནི། བསམ་གཏན་བཞིའམ་གཟུགས་མེད་བཞིའི་ཏིང་ངེ་འཛིན་གྱི་ལས་དགེ་བ་ཉག་གཅིག་སྟེ། གཟུགས་ཁམས་དང་གཟུགས་མེད་ཁམས་སུ་འཕེན་ནུས་པའོ། །དེ་དག་ཐམས་ཅད་གནས་ལུགས་མ་རྟོགས་པའི་མ་རིག་པས་བསྒྲིབས། འཁོར་བའི་ཕུང་པོ་ལ་ཞེན་ནས་བདག་ཏུ་འཛིན་པ་དང༌། བདག་གཅེས་པར་འཛིན་པས་ཀུན་ནས་བླངས་པས་འཁོར་བའི་རྒྱུར་སོང་བ་ཡིན། དེ་ལ་ཉོན་མོངས་པ་མ་རིག་པའམ། གཏི་མུག་ནི་རང་རེའི་བློ་ལ་རང་གིས་བརྟགས་དུས་འཁོར་བའི་རང་བཞིན་དང་འཁོར་བ་གང་ལས་བྱུང་བ་ཡང་མི་ཤེས། ཐར་པའི་རང་བཞིན་དང་དེ་ཐོབ་བྱེད་ཀྱི་ཐབས་ཇི་ལྟར་ཡིན་པའང་མི་ཤེས། དེ་དག་དེས་ཇི་ལྟར་འགྲུབ་ཀྱང་མི་ཤེས། ཐོས་བསམ་གྱི་གོ་བ་ཙམ་ཞིག་ཡོད་པ་སྲིད་ནའང་རང་བློའི་འཆར་ཚུལ་ལ་བརྟགས་ན། དེ་དག་གང་ལ་བལྟས་ཀྱང་ཆ་རྒྱུས་མེད་པའི་ལ་ཕར་རྒྱབ་ཀྱི་ཡུལ་ལ་སེམས་གཏད་པ་བཞིན་གང་ཡང་མི་ཤེས་པའི་མུན་ཐོམ་མེ་བའི་རྣམ་རྟོག་ཅིག་འདུག་པ་འདི་ཀ་ཡིན། འདིས་གནས་ཚུལ་མ་ཤེས་པས་བདེན་པའི་དོན་ལ་ཐེ་ཚོམ་སྐྱེ། ང་ཞེས་བྱ་བ་མེད་པ་ལ་ངར་བཟུང༌། ལྟ་བ་ངན་པ་ཐམས་ཅད་འབྱུང་སྟེ་ལྟ་བ་ངན་པ་ཐམས་ཅད་གཏི་མུག་གི་རྗེས་འབྲང་ཡིན། ཡང་དེ་ཡོད་པ་དང༌། དང་པོར་རང་གི་ལུས་སེམས་ལ་ཆགས། དེ་ལ་བརྟེན་ནས་བུད་མེད་ཉེ་དུ་འཁོར་གཡོག་སོགས་ ནང་སེམས་ཅན་ལ་ཆགས་པ་དང༌། ཟས་གོས་ལོངས་སྤྱོད་ཁང་ཞིང་ནོར་རྫས་ཡུལ་ཕྱོགས་སོགས་ཕྱི་ཉེར་སྤྱོད་ལ་ཆགས་པ་རྣམས་འབྱུང་སྟེ། ད་ལྟར་རང་རེའི་ལུས་ལོངས་སྤྱོད་ལ་དགའ་ལྷང་ངེ་སེམས་གནས་པ་འདི་ག་ཉོན་མོངས་པ་འདོད་ཆགས་ཡིན། འདི་ལ་བརྟེན་ནས་ང་རྒྱལ་དང་སེར་སྣ་དང་ཕྲག་དོག་ཐམས་ཅད་འབྱུང༌། ཡང་རང་ངམ་རང་ཕྱོགས་ལ་གནོད་ན་དེ་ལ་ཞེ་སྡང་འབྱུང་སྟེ། རང་ངམ་རང་གིས་ཡོངས་སུ་བཟུང་བ་ལ་གནོད་པ་བྱས་སམ་བྱེད་པར་དོགས་པ་ཡོད་པའི་སེམས་ཅན་དེ་རང་གི་བློ་ཡུལ་དུ་མ་བདེ་ཀར་རེ་འབྱུང་བ་དེ་ཁོ་ན་ཁོང་ཁྲོའམ་ཞེ་སྡང་ཡིན། དེར་མ་ཟད་སེམས་མེད་ལ་ཡང་ཁོང་ཁྲོ་འདི་སྐྱེ་སྟེ། དགྲ་བོའི་ཡུལ་མཁར་བློ་ཡུལ་དུ་མི་བདེ་བ་དང༌། རང་གི་ཞིང་ལ་གནོད་པའི་ཆུ་རྒྱུན་ཚུན་ཆད་ལ་ཡང་ཚིག་པ་ཟ་བ་སོགས་འབྱུང་བས་མཚོན་ནོ། །ཁོང་ཁྲོ་འདི་སྟོབས་ཆེ་བ་རྒྱས་པ་ལས་གནོད་སེམས་རགས་པ་དང༌། ཁྲོ་བ་དང༌། འཚིག་པ་དང༌། འཁོན་དུ་འཛིན་པ་ལ་སོགས་པ་ཞེ་སྡང་གི་རྣམ་འགྱུར་སྣ་ཚོགས་པ་འབྱུང་ངོ༌། །དུག་གསུམ་པོ་འདི་རྣམས་བདག་དང་སེམས་ཅན་གང་ཅི་ཡང་རུང་བ་ཐམས་ཅད་འཁོར་བར་འཁྱམ་བྱེད་ཀྱི་རྒྱུའི་གཙོ་བོ་ཡིན་པས་ད་རེས་འདི་ཅིས་ཀྱང་སྤང་ཐུབ་པ་ཞིག་བྱའོ་སྙམ་རང་གི་རྒྱུད་ཐོག་ཏུ་བཀར་གྱིན་རང་རྒྱུད་ལ་སྐྱེས་པའི་ཉོན་མོངས་དང༌། དེས་ཀུན་ནས་བླངས་པའི་ལས་ངོ་ཤེས་པར་བྱས་ཀྱིན་བསྒོམ་དགོས་སོ། །དམིགས་སྐོར་སོ་གཉིས་པའོ། ། འདི་དག་གི་སྐབས་སུ་ལས་དང་ཉོན་མོངས་ཀྱི་རྣམ་གཞག་ཇི་ལྟར་རིགས་པ་ཤེས་ན་བོགས་ཆེ་བར་ཡོང་ངོ་། །གཉིས་པ་ཐར་པའི་རྒྱུ་འབྲས་བསམ་པ་ནི། ཡང་བདག་འཁོར་བ་སྤངས་ནས་ཐར་པ་ཐོབ་དགོས་པར་ནི་འདུག་ན༑ ཐར་པ་དེའི་རང་བཞིན་ཇི་ལྟ་ཞེས་དཔྱོད་དེ། ཐར་པ་ཞེས་བྱ་བ་ཡུལ་ཕྱོགས་གཞན་ཞིག་ཏུ་བྲོས་ཏེ་འགྲོ་ས་ཡོད་པ་མ་ཡིན། རང་གི་རིག་པའི་སྟེང་གི་ཉོན་མོངས་རྣམས་ས་བོན་རྩ་བ་ནས་སྤངས། ཕྱིན་ཆད་གཏན་དུ་མི་སྐྱེ་ཞིང་དབྱིངས་སུ་དག །དེ་དག་པས་ལས་རྣམས་ཀྱང་ཆེད་དུ་སྤང་མ་དགོས་པར་འབྲས་བུ་འབྱུང་བའི་ནུས་པ་མེད་དེ། དོན་ལ་དབྱིངས་སུ་ཡལ་བ་ཡིན། སྡེ་སྣོད་ཀྱི་ཆོས་སྐད་ལྟར་ན་འགའ་ཞིག་ས་བོན་སྤངས། འགའ་ཞིག་འབྲས་བུ་འབྱིན་མི་ནུས་པར་བྱས་པ་ཡིན། ལས་དང་ཉོན་མོངས་སྤངས་པས་འཁོར་བ་གསར་པ་ནི་མི་སྐྱེད། རྙིང་པའི་འཕྲོས་རྣམས་མྱུར་དུ་དེངས་པར་འགྱུར། ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཟད་པའི་མཐའ་རིག་པ་དྲི་མ་མེད་པར་གནས་པ་ལ་ཐར་པ་ཞེས་བྱ་སྟེ། སྤངས་པ་སླར་མི་ལྡོག་པ་ཞེས་བྱ་བ། ལན་གཅིག་ཐར་པ་ཐོབ་ནས་སླར་གོ་འཕང་ཉམས་པ་མི་སྲིད་པ་ཡིན། ཐར་པ་དེ་ཐོབ་པའི་རྒྱུ་ཟག་མེད་ཀྱི་ཤེས་རབ་ཀྱིས་བདག་མེད་ལ་སོགས་པའི་གནས་ལུགས་རྟོགས་ཤིང་སྒྲིབ་པ་སྤངས་པས་ཐོབ་པ་ཡིན། དེའི་རྒྱུར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དགོས། སེམས་རྩེ་གཅིག་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པ་དགོས། ཚུལ་ཁྲིམས་ དེ་ཡང་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་དང༌། བདག་མེད་ཀྱི་ལྟ་བས་ཟིན་ན་ཐར་པའི་རྒྱུ་གྲུང་པོ་ཡིན། ད་ནི་འཁོར་བ་ལས་ཐར་བའི་ཕྱིར་ཚུལ་ཁྲིམས་བསྲུང་བར་བྱ། ཏིང་ངེ་འཛིན་བསྒོམ་པར་བྱ། སྒོམ་བྱུང་གི་ཤེས་རབ་བསྐྱེད་ནས། མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་ཀྱི་དོན་རྟོགས་པར་བྱའོ་སྙམ་དུ་ཡང་ཡང་བསམ། དམིགས་སྐོར་སོ་གསུམ་པའོ། །སྐབས་འདིར་འབྲས་བུ་ཞི་བ་མྱང་འདས་ཐུན་མོང་བའི་རྣམ་གཞག་དང༌༑ བསླབ་པ་གསུམ་སོ་སོའི་རྣམ་གཞག་རགས་པ་ཙམ་བཤད་ན་ལེགས་སོ། །ཞི་གནས་ཀྱི་ཁྲིད་དང་གང་ཟག་གི་བདག་མེད་སྒོམ་པའང་སྐབས་འདིའི་ཐོབ་ཐང་ཡིན་མོད་ཀྱང༌། ཉམས་ལེན་གྱི་མཐིལ་སྐྱེས་བུ་འབྲིང་གི་ལམ་ལ་མི་བྱེད་ཅིང༌། སྐྱེས་བུ་ཆེན་པོའི་བསམ་པ་ལ་བསྒྲིལ་བ་ཡིན་པས། སྐབས་འདིར་ཐར་པའི་ལམ་ལ་སློབ་འདོད་ཀྱི་དམིགས་པ་སྦྱོང་བའི་རིམ་པ་ཙམ་ལ་ལག་ལེན་མཛད་དོ། །དེ་ཡན་ཆད་སྐྱེས་བུ་འབྲིང་གི་ཉམས་ལེན་ཚར་བ་ལགས། ད་ནི་གསུམ་པ་སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་བསམ་པ་ལ་བསླབ་པ་ལ། བསམ་པའི་འཇུག་སྒོ་ལ་བསླབ་པ་དང༌། དེ་ཉིད་མཐའ་རྒྱས་སུ་བྱེད་པའི་རྣམ་གྲངས་སོ། །དང་པོ་ནི། སྔ་མ་དང་སྦྲེལ་ཏེ་འཁོར་བའི་ཉེས་དམིགས་ལ་བསམ་ཙ་ན་འཁོར་བ་སྤངས་པའི་མྱ་ངན་ལས་འདས་པ་ཞིག་ཐོབ་དགོས་པ་འདུག །དེ་ཐོབ་པའི་ཕྱིར་བདག་བསླབ་པ་གསུམ་ལ་སློབ་དགོས་ན། ཐོབ་བྱ་མྱང་འདས་དེ་ལ་བྱང་ཆུབ་གསུམ་ དུ་དབྱེ། ཉན་ཐོས་ཀྱི་བྱང་ཆུབ། རང་རྒྱལ་གྱི་བྱང་ཆུབ། རྫོགས་པའི་བྱང་ཆུབ་གསུམ་ཡིན། དེ་གསུམ་ལས་ཉན་རང་གི་བྱང་ཆུབ་གཉིས་པོ་དེ་རང་དོན་སྤངས་རྟོགས་མ་རྫོགས། གཞན་དོན་སེམས་ཅན་ལ་ཕན་འདོགས་རྒྱ་ཆེན་པོ་དང་བྲལ། སྤངས་པ་མ་རྫོགས་ཏེ་ཉོན་མོངས་པའི་སྒྲིབ་པ་ཁོ་ན་སྤངས་ཀྱི་ཤེས་བྱའི་སྒྲིབ་པ་མ་སྤངས། རྟོགས་པ་མ་རྫོགས་ཏེ་གང་ཟག་གི་བདག་མེད་དང་གནས་སྐབས་ཀྱི་རྟེན་འབྲེལ་ཉི་ཚེ་ཙམ་རྟོགས་ཀྱི་ཆོས་ཀྱི་བདག་མེད་དང་རྟེན་འབྲེལ་མཐར་ཐུག་མ་རྟོགས། ཡོན་ཏན་གྱི་ཁྱད་པར་ཡང་ཐོར་བུ་ཐོར་བུ་མ་གཏོགས་མཐའ་མེད་འཕེལ་བ་མེད། དྲིན་ཅན་གྱི་འགྲོ་བ་རྣམས་སྡུག་བསྔལ་ལས་མི་འདྲེན་པར་རང་གཅིག་པུ་གྲོལ་བའི་ཐབས་སྒྲུབ་པ་དེ་ཁྲེལ་མེད་གདོང་ཆུང་ཕྱི་ཐག་མེད་པ་གཞན་དོན་སྤངས་པའི་ཐར་པར་འདུག་པ། འཕགས་པ་དེ་དག་འཁོར་བར་མི་ལྡོག་ཅིང་སྤྲོས་མེད་ལ་སེམས་ངང་གིས་གནས་པ། ཡོན་ཏན་ཡང་དུ་མ་དང་ལྡན་པ་ཡིན་པས༑ རང་ཅག་སོ་སོ་སྐྱེ་བོ་ལ་ལྟོས་ན་ཏ་བློས་མི་འཁྱུད་པའི་རྔམ་ཆེན་ཡིན་མོད་ཀྱི། སངས་རྒྱས་བྱང་སེམས་རྣམས་ཀྱིས་སྒྲིབ་པ་གཉིས་སྤངས་ཚུལ་དང༌། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྒྱས་ཚུལ་དང༌། ཡོན་ཏན་མུ་མཐའ་མེད་པ་མངའ་ཚུལ་དང༌། ཐུགས་རྗེའི་ཤུགས་དང་ནུས་མཐུའི་རྩལ་རྟོགས་པར་དཀའ་བ་བཞུགས་ཚུལ་དང༌། ཕྱོགས་ཐམས་ཅད་ལ་དུས་ཐམས་ཅད་དུ་སེམས་ཅན་གྱི་དོན་སྤྱོད་པའི་ཕྲིན་ལས་འཇུག་ཚུལ་ བསམ་གྱིས་མི་ཁྱབ་པ་རྣམས་དང་བསྒྲུན་ན། ཉན་རང་གི་རྣམ་གྲོལ་དེ་ཆེས་ཆུང་བར་འདུག་སྟེ། དཔེར་ན་རི་རབ་དང་ཡུངས་ཀར་གྱི་ཁྱད་ལས་ཀྱང་ཁྱད་པར་ཆེ། དེས་ན་རང་དོན་སྤངས་རྟོགས་ཐམས་ཅད་ཡོངས་སུ་རྫོགས་ནས་གཞན་དོན་ཕྲིན་ལས་ཟད་པ་མེད་པའི་རང་བཞིན་ཅན་ཐར་པའི་མཆོག་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ། ཇི་ལྟར་བྱས་ན་བདག་སངས་རྒྱས་ཐོབ་པར་འགྱུར་ཅིག་གུ་སྙམ་དུ་ཡང་ཡང་བསམ། དམིགས་སྐོར་སོ་བཞི་པའོ། །གཉིས་པ་དེ་ཉིད་མཐའ་རྒྱས་སུ་བྱེད་པའི་རྣམ་གྲངས་ལ། རྒྱུ་འབྲས་ཀྱི་འབྲེལ་བ་བསམ་པ་དང༌། རྒྱུ་འབྲས་ཀྱི་དོན་བསམ་པ་གཉིས་སོ། །དེ་ཡང་འདི་ལྟར་དམིགས་པ་སྔ་མ་དང་སྦྲེལ་ནས་བསྒོམ་སྟེ། བདག་སངས་རྒྱས་ཐོབ་དགོས་པ་དེ་སངས་རྒྱས་ཀྱི་རྒྱུར་བྱང་ཆུབ་ཀྱི་སེམས་དགོས་པར་འདུག །དེའི་རྒྱུར་སྙིང་རྗེ་དགོས་པར་འདུག །དེའི་རྒྱུར་བྱམས་པ་དགོས་པར་འདུག །དེའི་རྒྱུར་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་དགོས་པར་འདུག །དེའི་རྒྱུར་སེམས་ཅན་ཐམས་ཅད་ཕ་མར་ཤེས་པ་དགོས་པར་འདུག །འདི་རྣམས་བདག་གིས་རིམ་ཅན་དུ་བསྒོམ་དགོས། སེམས་ཅན་ཐམས་ཅད་ཕ་མ་ཡིན་དྲིན་རེ་ཆེ། འདི་རྣམས་སྡུག་བསྔལ་དང་བྲལ་ན་ཅི་མ་རུང༌། བདེ་ཞིང་སྐྱིད་ན་ཅི་མ་རུང༌། འདི་རྣམས་བདེ་བ་ལ་འགོད་པའི་ཕྱིར་སངས་རྒྱས་ཐོབ་པར་བྱའོ། །སངས་རྒྱས་ཐོབ་ནས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་གཞག་པར་བྱ་སྙམ་དུ་ཡང་ ཡང་བསྒོམ། དམིགས་སྐོར་སོ་ལྔ་པའོ། །འདིར་བཤེས་གཉེན་ཤ་ར་བའི་སློབ་མ་དགེ་བཤེས་གཏུམ་སྟོན་པ་བློ་གྲོས་གྲགས་ནས་བརྒྱུད་པའི་མན་ངག་ལ། རྒྱུ་འབྲས་རིམ་པ་ལྔར་མཛད་པ་འདི་ཀར་འདུག །ཡང་བྱ་ཡུལ་བའི་སློབ་མ་གཙང་པ་རིན་པོ་ཆེ་ནས་བརྒྱུད་པ། དགེ་བཤེས་མུས་སྨན་པས་བཀོད་པའི་ཐེག་པ་ཆེན་པོ་བློ་སྦྱོང་གི་རིམ་པ་ཟེར་བའི་བསྟན་རིམ་གྱི་ཡི་གེ་ན། འདི་སྐད་ཅེས་སྣང་སྟེ་ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོ། ཨ་ཏི་ཤའི་རྒྱུ་འབྲས་བདུན་ལ། བློ་སྣ་རིམ་གྱིས་སྦྱང་དགོས་གསུངས། དེ་ཡང་རྒྱུ་འབྲས་རྣམ་པ་བདུན་གྱི་དབང་དུ་བྱས་ན་རྒྱུ་མེད་རྐྱེན་མེད་མ་ཡིན་ཏེ་རྒྱུ་བྱང་ཆུབ་ཀྱི་སེམས་ལས་སྐྱེ། དེ་ལྷག་པའི་བསམ་པ་རྣམ་པར་དག་པ་ལས་སྐྱེ༑ དེ་སྙིང་རྗེ་ཆེན་པོ་ལས་སྐྱེ། དེ་བྱམས་པ་ཆེན་པོ་ལས་སྐྱེ། དེ་ཡིད་དུ་འོང་བ་ལས་སྐྱེ། དེ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ལས་སྐྱེ། དེ་མའི་འདུ་ཤེས་བསྒོམས་པ་ལས་སྐྱེ་སྐད་པ། དེ་རྣམས་རྒྱུ་འབྲས་བདུན་ཡིན་བྱ་བ་ཡོད་པས། རྒྱུ་འབྲས་བདུན་གྱི་ཐ་སྙད་ཀྱང་ཕྱིས་ཀྱི་གསར་བྱུང་རང་མིན་པ་གོ་དགོས་སོ། །གཉིས་པ་རྒྱུ་འབྲས་ཀྱི་དོན་བསམ་པ་ལ། བྱམས་པ་སྒོམ་པ། སྙིང་རྗེ་སྒོམ་པ། བྱང་ཆུབ་ཀྱི་སེམས་སྒོམ་པ་གསུམ་མོ། །དང་པོ་ནི༑ རྩ་བའི་མ་བྱ་བ། ཚེ་འདི་བསྐྱེད་པའི་མ་ལ་ཟེར་བ་ལགས་ཏེ་འདི་བདག་ལ་དྲིན་ཆེ་བར་འདུག །དང་པོ་ཟླ་བ་དགུའམ་བཅུའི་བར་དུ་ཁོང་དུ་བཟུང༌། དེའི་བར་དུའང་རང་གི་སྲོག་ལས་གཅེས་པར་བསྐྱངས། མིའི་ལུས་དང་ སྲོག་དང་ཚེ་སྦྱིན་པ་ཡིན། བཙས་པ་ནས་བརྩམས། ལུས་ཀྱིས་ཕན་བཏགས་ཏེ་སོར་བཅུའི་རྩེ་ལ་བླངས། ཤའི་དྲོད་ལ་བཅར། ནུ་མ་བསྣུན། ཟས་ལྕེས་སྙོད། མི་གཙང་བ་ལག་པས་ཕྱིས། རང་ཅག་བྱ་བྱེད་གང་ཡང་མི་ནུས་པ་འབུ་འདྲ་བ་ཞིག་ནས་བསྐྱངས་པ་ཡིན། ངག་གི་སྒོ་ནས་ཀྱང་ཕན་བཏགས་ཏེ། མིང་སྙན་པ་ནས་བོས། བསྟོད་རྒྱུ་མེད་ཀྱང་བསྟོད་ར་གཏོང༌། ཡོན་ཏན་མེད་ཀྱང་ཡོན་ཏན་བརྗོད། འབྲིད་ཐབས་སྣ་ཚོགས་ཀྱིས་ཀྱང་སེམས་དགའ་བར་བྱས། ཡིད་ཀྱིས་ཀྱང་ཕན་བཏགས་ཏེ། བདག་གི་བུ་འདི་ཇི་ལྟར་བྱས་ན་ཚེ་རིང་བར་འགྱུར། ཅི་འདྲ་བྱས་ན་ནད་མེད་པ་ཡོང༌། གང་འདྲ་ཞིག་བྱས་ན་མིས་ཕུ་དུད་དུ་འཁུར་བ་ཞིག་ཡོང༌། གཏམ་སྙན་པ་ཞིག་ཨེ་འོང༌། མགོ་ཐོན་པ་ཞིག་ཨེ་ཡོང་ཁོ་ན་བསམ། དང་པོ་ཅོག་ཐུབ་པ་དང༌། འགོག་ཤེས་པ་དང༌། གཏམ་ཚིག་རེ་ཙམ་སྨྲ་ཤེས་པ་ལ་ཡང་དགའ་བ་དཔག་ཏུ་མེད་པ་བྱས། ཆེར་སྐྱེས་ནས་རང་ལ་ཡོད་ཚད་བུ་ལ་འབོགས་པ་ལ་ཉམ་ང་ཙམ་ཡང་མེད་ཀྱི་སྟེང་དུ་དགའ་བ་བསྒོམ། སྟོང་གསུམ་ནོར་དང་གཡོག་གིས་བཀང་བ་བྱིན་ཀྱང་ཆེས་སྙམ་པ་མེད། ངའི་མ་འདི་དེ་ཙམ་དུ་བདག་ལ་ཕན་འདོགས་པ་ཡིན། བདག་ལ་བྱམས་པ་དྲིན་ཆེ་བ་ཨང༌༑ མ་འདི་དུས་དང་གནས་སྐབས་ཐམས་ཅད་དུ་བདེ་ན་ཅི་མ་རུང༌། སྐྱིད་ན་ཅི་མ་རུང༌། ངས་མ་འདི་བདེ་སྐྱིད་བླ་ན་མེད་པ་ལ་དགོད་པར་བྱ་སྙམ་དུ་བསྒོམ། དམིགས་སྐོར་སོ་དྲུག་པའོ། །རྩ་བའི་མ་ལ་བྱམས་པ་བསྒོམ་པ་ འདི་བྱམས་པའི་སྐོར་གྱི་དམིགས་པའི་རྩ་བ་ཡིན། སྐྱེ་ཡང་སླ་སྟེ་འདི་ལ་མྱོང་བ་ཐོན་པ་གལ་ཆེ་གསུང་ངོ༌། །དེ་ནས་བདག་གི་མ་འདིས་ཚེ་འདི་ལ་ཕན་བཏགས་ཚུལ་དེ་ལྟར་ཡིན། འདིས་སྐྱེ་བ་གཅིག་མིན་གཉིས་མིན་སྐྱེ་བ་ཤིན་ཏུ་མང་པོར་མ་ཁོ་ནར་གྱུར་ནས་ཚེ་འདིའི་དངོས་ཀྱི་མ་བཞིན་དུ་ཕན་བཏགས་པ་རང་ལའང་གྲངས་མེད། དེ་བཞིན་དུ་ཕར་གྱུར་ནས་ཕན་བཏགས་པ་རང་ཡང་དཔག་ཏུ་མེད། དེ་བཞིན་དུ་ཉེ་དུ་གཉེན་འདུན་གྲོགས་མཛའ་བཤེས་ལ་སོགས་པར་གྱུར་ནས་ཀྱང་ཕན་བཏགས་པ་ཡང་མཐའ་མེད། གོས་བསྐོན་པ་དང་རྒྱན་བཏགས་པ་རང་ཡང་ཕྱོགས་གཅིག་ཏུ་སྤུངས་ན། རི་བོ་མཆོག་རབ་ཀྱི་དཔང་ལས་ཀྱང་ཐལ། ནུ་ཞོ་འཐུངས་པ་གཅིག་པུ་བསགས་ཀྱང་རྒྱ་མཚོ་ཆེན་པོ་བཞིས་ཀྱང་མི་ཚད། མ་འདི་རང་ཅག་གི་ཕ་མ་བུ་ཚ་ཉེ་དུར་གྱུར་ནས་རང་རེ་སྔོན་ལ་ཤི་བ་ལ་གདུང་བའི་སེམས་ཀྱིས་འདུས་པའི་མཆི་མ་ཕྱོགས་གཅིག་ཏུ་བསགས་ན་ཆུ་ཀླུང་བྱེ་བ་ཕྲག་བརྒྱས་མི་བསྒྲུན། བདག་གི་དོན་དུ་སྡིག་པ་ལ་མ་བལྟས། སྡུག་བསྔལ་ལ་མ་བལྟས། གཏམ་ངན་ལ་མ་བལྟས་པར་བདག་གི་དོན་ཁོ་ན་བསྒྲུབས་པ་ཡིན། འདི་ཙམ་དུ་ཕན་འདོགས་པ་ཨང་སྙམ་པ་ལ་སོགས་པ་གོང་བཞིན་བསྒོམ། དམིགས་སྐོར་སོ་བདུན་པའོ། །དེ་ནས་དེའི་སྟེང་དུ་ཕ་དང་སྤུན་ཟླ་ཉེ་དུ་འདྲིས་པ་ལྔ་དྲུག་བསྣན་ཏེ། འདི་དག་གིས་ཀྱང་ཚེ་འདིར་ནི་ལ་ལས་ཕན་ཆེར་བཏགས། ལ་ལས་འབྲིང་དུ་བཏགས། ལ་ལས་ཆུང་ངུ་བཏགས་ པ་ཡིན་མོད། འཁོར་བ་ཐོག་མ་མེད་པ་ནས་བསམ་ན། རྩ་བའི་མ་བཞིན་དུ་ཕན་བཏགས་པ་ལ་མང་ཉུང་མེད། དྲིན་ལ་ཆེ་ཆུང་མེད་པས་འདི་ཙམ་དུ་ཕན་འདོགས་པ་འདི་བདེ་ན་ཅི་མ་རུང༌། སྐྱིད་ན་ཅི་མ་རུང༌། ངས་བདེ་སྐྱིད་མཐར་ཐུག་ལ་འགོད་དགོས་སྙམ་པ་སོགས་གོང་བཞིན་བསྒོམ། དེ་བཞིན་དུ་རིམ་གྱིས་སྦྱར་ནས་བསྒོམ་དགོས་ཏེ། དེ་ལ་ཡང་བཤེས་གཉེན་བྱ་ཡུལ་བ་དང་སྣར་ཐང་པའི་ལུགས་ཀྱིས་ཡུལ་ཕྱོགས་རེ་རེ་ནས་བསྣན་གྱིན་བསྒོམ་པའི་ལུགས་ཡོད་དེ། ལས་དང་པོ་བའི་དམིགས་པ་བསྒོམ་ཚུལ་ལ། ལུགས་འདི་ཁོ་ན་གནད་ཆེ་བར་མཐོང༌། དེའི་རྗེས་ནས་རང་ཉིད་གང་དུ་གནས་པའི་ཡུལ་ཕྱོགས་དེའི་མིའི་འགྲོ་བ་དགྲ་གཉེན་བར་མ་གསུམ། དུད་འགྲོ་ས་འོག་ས་སྟེང་བར་སྣང་ལ་སྤྱོད་པ་གསུམ། ཡི་དྭགས་འདྲེ་བཀྲེན་ཡང་མཆོག་དམན་བར་གསུམ་ཇི་ཙམ་གཅིག་ཡོད། དེ་ཐམས་ཅད་སྐྱེ་བ་དཔག་ཏུ་མེད་པའི་ཕ་དང་མ་ཡིན་པ་དང༌། ཕན་བཏགས་ཚུལ་དང༌༑ དྲིན་དུ་གཟོ་བ་དང་བྱམས་པ་བསྒོམ་པ་གོང་བཞིན་སྦྱར། དེ་བཞིན་དུ་རྒྱལ་ཁམས་རྒྱ་ཇེ་ཆེ་ཇེ་ཆེར་བསྣན་ཏེ། མཐར་རང་རེ་བོད་པའི་དབང་དུ་བྱས་ན་བོད་རིལ་པོ་ཙམ་གྱི་འགྲོ་བ་རིགས་གསུམ་ལ་བསྒོམ། དེ་ནས་དེ་བཞིན་དུ་བོད་ཀྱི་ཤར་ན་རྒྱ་ནག་ལྷོ་ན་རྒྱ་གར་ནུབ་ན་ཁ་ཆེ་བྱང་ན་ཧོར་དང་སྟག་གཟིག་སྟེ་རྒྱལ་ཁམས་ཆེན་པོ་དེ་རྣམས་ལ་གནས་པའི་འགྲོ་བ་རིགས་གསུམ་ལ་བསྒོམ། དེ་ནས་འཛམ་བུ་གླིང་རིལ་པོའི་འགྲོ་བ་རིགས་ གསུམ་ལ་བསྒོམ། དེ་ནས་འཛམ་བུ་གླིང་གི་འོག་ན་ཡི་དྭགས་ཀྱི་གནས་དང༌། ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་ཀྱི་གནས་ཡོད་དེ། དེ་རྣམས་ལ་སྔར་བཞིན་བསྒོམ། དེ་བཞིན་དུ་ཤར་ལུས་འཕགས་པོ་དང༌། ནུབ་བ་ལང་སྤྱོད་དང༌། བྱང་སྒྲ་མི་སྙན་ཏེ་གླིང་བཞི་ལ་སྟེང་ན་གོང་བཞིན་འགྲོ་བ་རིགས་གསུམ་གྱིས་གང་བ་དང༌། འོག་ན་ངན་སོང་གསུམ་གྱི་འགྲོ་བ་སྣ་ཚོགས་དང་བཅས་པ་ལ་ཡང་གོང་བཞིན། རི་རབ་ཀྱི་བང་རིམ་བཞི་ལ་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་ཡོད། རྩེ་མོ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡོད། རི་རབ་ཀྱི་ཁོང་སེང་ཆུ་མཚམས་མན་ཆད་ན། ལྷ་མ་ཡིན་གྱི་གཙོ་བོ་རྣམས་གནས་པའི་གྲོང་ཡོད། དེ་དག་ན་གནས་པ་ལ་སྔར་བཞིན་བསྒོམ། དེ་ནས་གསེར་གྱི་རི་བདུན་དང་ཕྱི་ལྕགས་རི་ཁོར་ཡུག་ཚུན་ཆད་ལ་ཆུ་མཚམས་ཡན་ཆད་ལ་ལྷ་དང༌། གནོད་སྦྱིན་དུད་འགྲོའི་འགྲོ་བ་དག་གནས། ཆུ་མཚམས་མན་ཆད་ལྷ་མིན་དང་ཡི་དྭགས་དང་དུད་འགྲོ་སྣ་ཚོགས་རྣམས་གནས། དེ་དག་གི་བར་བར་དུ་རོལ་མཚོ་བདུན་དང་། ཕྱིའི་རྒྱ་མཚོ་ལ་ཀླུ་དང་ལྷ་མ་ཡིན་དང༌། དུད་འགྲོའི་འགྲོ་བ་ཕལ་པ་གོ་མཚམས་མེད་པ་ཙམ་དུ་གནས། དེ་ཐམས་ཅད་ལ་སྔར་བཞིན་བསྒོམ། དུད་འགྲོའི་ནང་ན་དུད་འགྲོ་རྫུ་འཕྲུལ་ཅན་གསུམ་ཡོད་དེ། ནམ་མཁའ་ལ་སྤྱོད་པའི་བྱ་ཁྱུང༌། ས་སྟེང་ན་སྤྱོད་པའི་མིའམ་ཅི། ས་འོག་གམ་ཆུ་ལ་སྤྱོད་པའི་ཀླུ་རྣམས་སོ། །དེ་དག་ལ་ཡང་སྒོས་སུ་བསྒོམ། དམིགས་སྐོར་དེ་ཡན་ཆད་ཀྱིས་ འོག་དབང་ཆེན་གསེར་གྱི་ས་གཞི་ཡན་ཆོད། ཐད་ཀར་ཕྱི་ལྕགས་རི་ཚུན་ཆོད། སྟེང་དུ་སུམ་ཅུ་རྩ་གསུམ་མན་ཆད་ལ་བསྒོམས་ཚར། དེའི་སྟེང་དུ་འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་རྣམས་རིམ་པས་བསྣན་ཏེ་སྔར་བཞིན་བསྒོམ། དེ་ནས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་མཉམ་པའི་ཚངས་རིས། ཚངས་པ་མདུན་ན་འདོན། ཚངས་ཆེན་ཏེ་བསམ་གཏན་དང་པོའི་གནས་གསུམ་བསྣན། སྐབས་འདིར་འདི་སྐད་ཅེས་བྱ་སྟེ། འདི་ནས་བཟུང་སྟེ་གཟུགས་ཁམས་ཀྱི་སྐྱེ་གནས་འདི་ཀུན་ན་ལྷའི་འགྲོ་བ་གཟུགས་ཁམས་པ་རང་ཁོ་ན་མ་གཏོགས། འགྲོ་བ་གཞན་ལྔ་པོ་གང་ཡང་མེད་དེ། ལྷ་འདོད་ཁམས་པ་ཡང་མེད། གནས་སོ་སོ་རང་རང་གི་ལྷ་ཁོ་ན་གནས་པ་ཡིན། སྤྱིར་ན་ཚངས་པའི་འཇིག་རྟེན་མན་ཆད་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་གཅིག་ན་གནས་པའི་འགྲོ་བ་རིགས་དྲུག་པོ་ཐམས་ཅད་ལ་གོང་བཞིན་བསྒོམ། ད་ནི་དེ་ཀ་འདྲ་བ་འཕྲེད་ལ་སྟོང་ཕྲག་གཅིག་བཤིབས་པའི་མཐའ་ལྕགས་རི་གཅིག་གིས་བསྐོར་བ། སྟེང་ན་འོད་ཆུང༌། ཚད་མེད་འོད། འོད་གསལ་ཏེ་བསམ་གཏན་གཉིས་པའི་གནས་གསུམ་ཡོད་པའི་ནང་ནས། འོད་གསལ་བའི་གནས་ཆེན་པོ་གཅིག་གིས་སྟེང་ནས་ཁེབས་པ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཏེ། དེ་ན་གནས་པའི་རིགས་དྲུག་ལ་སྔར་བཞིན་བསྒོམ། དེ་འདྲ་བ་སྟོང་ཕྲག་གཅིག་ཐད་ཀར་བསྒྲིགས་པའི་མཐའ་ སྐོར་དུ། སླར་ཡང་ཁོར་ཡུག་གཅིག་གིས་བསྐོར་ཏེ། སྟེང་དུ་ནི་དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་ཏེ་བསམ་གཏན་གསུམ་པའི་གནས་གསུམ་ཡོད་ལ། དེ་ཀུན་གྱི་སྟེང་ནས་དགེ་རྒྱས་ཀྱི་གནས་གཅིག་གིས་ཁེབས་པ་ཡིན་ཏེ། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་གཅིག་གི་འགྲོ་བ་རིགས་དྲུག་ལ་སྔར་བཞིན་བསྒོམ། ཡང་དེ་འདྲ་བ་ཐད་ཀར་སྟོང་ཕྲག་གཅིག་བསྒྲིགས་པའི་ཐ་མ། སླར་ཡང་ཁོར་ཡུག་ཆེན་པོ་གཅིག་གིས་བསྐོར། འཇིག་རྟེན་གྱི་ཁམས་རེ་རེ་ལ་འོག་གཞི་གསེར་གྱི་ས་གཞི་རེ་རེ་ཡོད། དེ་རེ་རེའི་འོག་ན་ཆུའི་དཀྱིལ་འཁོར་རེ་རེ་ཡོད། ཆུའི་དཀྱིལ་འཁོར་བྱེ་བ་ཕྲག་བརྒྱ་རླུང་གི་དཀྱིལ་འཁོར་གཅིག་ལ་བརྟེན། འོག་ཏུ་ནི་རླུང་གི་དཀྱིལ་འཁོར་ཡན་ཆོད། སྟེང་དུ་ནི་སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་བ་སྟེ་བསམ་གཏན་བཞི་པའི་གནས་ཕལ་པ་གསུམ། དེ་བཞིན་དུ་མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང༌། ཤིན་ཏུ་མཐོང༌། འོག་མིན་པ་རྣམས་བསྣན། འོག་མིན་པའི་གནས་གཅིག་པོ་དེས་སྟེང་ནས་སྟོང་གསུམ་ཁེབས། དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་ཟེར། གཟུགས་མེད་ཁམས་ཀྱི་སེམས་ཅན་ཡང་དཔག་ཏུ་མེད་པ་ཞིག་ཡོད་པ་དེ་དག་ཀྱང་བསྣན་ཏེ། ཁམས་གསུམ་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ལ་གོང་བཞིན་བསྒོམ་མོ། །དེ་ནས་ཡང་སྟོང་གསུམ་འདིའི་ཤར་ཕྱོགས་ན་ཕར་ལ་སྟོང་གསུམ་གྲངས་མེད་གཞལ་དུ་མེད། དཔེར་ན་སྟོང་གསུམ་ གཅིག་ཡུངས་འབྲུས་མེར་ཏེ་བཀང་ནས། ཡུངས་འབྲུ་དེ་ལས་གཅིག་བླངས་ཏེ་འདིའི་ཤར་ཕྱོགས་ཀྱི་སྟོང་གསུམ་གཅིག་ལ་བཞག །དེ་བཞིན་དུ་སྟོང་གསུམ་རེ་རེ་ལ་ཡུངས་འབྲུ་རེ་རེ་བཞག་ན་མཐར་ཡུངས་འབྲུ་དེ་ནི་ཟད་འགྲོ། ཤར་ཕྱོགས་ཀྱི་སྟོང་གསུམ་མི་ཟད་དོ། །ཡང་དེ་ཀ་བཞིན་བྱས་ཀྱང་ཡུངས་འབྲུ་འཛད། སྟོང་གསུམ་མི་ཟད། ཡང་བསྐྱར་ཏེ་བྱས་ཀྱང་དེ་དང་འདྲ། དེ་འདྲ་བ་བསྐལ་པ་མཐའ་མེད་དུ་བྱས་ཀྱང་འཇིག་རྟེན་གྱི་ཁམས་ལ་ཟད་པ་མེད། དེ་དག་ཐམས་ཅད་འགྲོ་བ་རིགས་དྲུག་གིས་གང་བ་ཡིན་ཏེ། དེ་ཐམས་ཅད་ལ་མར་ཤེས་པ་ནས་བྱམས་པ་བསྒོམ་པའི་བར་གོང་བཞིན། ད་ནི་ཤར་ཕྱོགས་སུ་མ་ཟད། ཕྱོགས་བཅུ་རབ་འབྱམས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། ཕྱོགས་བཅུའི་ནམ་མཁའ་ལ་མཐའ་གཏན་ནས་མེད། ནམ་མཁས་གར་ཁྱབ་སྣོད་ཀྱི་འཇིག་རྟེན་གྱིས་ཁྱབ། སེམས་ཅན་ཐམས་ཅད་དྲིན་ཆེན་གྱི་ཕ་མ་ཡིན། ཕ་མ་བྱས་པ་ལན་གྲངས་དཔག་ཏུ་མེད༑ བྱས་རེས་ནས་ཕན་སྣ་ཚོགས་ནི་བཏགས། གནོད་པ་སྣ་ཚོགས་ནི་བསལ། མ་རྒན་སེམས་ཅན་འདི་རྣམས་བདེ་བར་གྱུར་ཅིག །སྐྱིད་པར་གྱུར་ཅིག །བདག་གིས་འདི་རྣམས་བདེ་སྐྱིད་བླ་ན་མེད་པ་ལ་འགོད་པར་བྱའོ་སྙམ་དུ་བསྒོམ། དེ་རྣམས་ལ་ནང་ཚན་དམིགས་སྐོར་ཤིན་ཏུ་མང་བར་འགྱུར་མོད། བློ་རིགས་དང་བསྟུན་ནས་ངེས་མེད་དུ་འཁྲིད་དགོས་པས་ཚད་ཀྱི་དབྱེ་བ་ཅུང་ཟད་དཀའ་བ་དང༌། བྱམས་པའི་སེམས་རྒྱ་བསྐྱེད་པར་ རིགས་གཅིག་པས་དམིགས་ཆེན་གཅིག་ཏུ་བསྡུས་ཏེ། དམིགས་སྐོར་སོ་བརྒྱད་པའི་ཐ་སྙད་བྱེད་དོ། །སྐབས་འདིར་སྣོད་བཅུད་འཇིག་རྟེན་ཁམས་ཀྱི་རྣམ་གཞག་ཅིག་ཤེས་ན་གནད་ཆེའོ། །དེས་བྱམས་པའི་ཁྲིད་ཚར་བ་ལགས། གཉིས་པ་སྙིང་རྗེ་བསྒོམ་པ་ནི། སྔོན་འགྲོ་དང་རྗེས་སོགས་སྔར་དང་འདྲ་བ་ལས། སེམས་ཅན་འདི་རྣམས་བདེ་ཞིང་སྐྱིད་པ་ལ་འགོད་དགོས་པ་འདུག་པ་ལ་སེམས་ཅན་གྱི་ཁམས་ལ་བལྟས་ན། སེམས་ཅན་འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་ལ་མི་གནས། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས། འདོད་པ་ནི་བདེ་བ་འདོད། སྡུག་བསྔལ་མི་འདོད་ཀྱང་ཡོང་བ་ནི་བདེ་བ་མི་འབྱུང་སྡུག་བསྔལ་ཁོ་ན་འབྱུང༌། ཕལ་ཆེར་ནི་སྡུག་བསྔལ་དངོས་ལ་གནས། དམྱལ་བ་ན་ཚ་གྲང༌། ཡི་དྭགས་ན་བཀྲེས་སྐོམ། དུད་འགྲོ་ན་གཅིག་ལ་གཅིག་ཟ། མཐོ་རིས་ན་ཡང་ཚེ་ཐུང་བ་དང༌། ནད་མང་བ་དང༌། དབང་ཆུང་བ་དང༌། བཀྲེན་ཅིང་ཕོངས་པ་དང༌། ལས་ལ་འཁོལ་བ་དང་ཆད་པས་བཅད་པ་སོགས་དངོས་སུ་རང་ཡང་སྡུག་བསྔལ་འདི་མི་མྱོང་བྱ་བ་མེད་པ་དེར་འདུག །འགྲོ་བ་ཐམས་ཅད་སྤྱིར་ན་སྡུག་བསྔལ་གྱི་རྒྱུ་དཔག་ཏུ་མེད་པ་ལ་སྤྱོད་པ་དེ་ཡིན། སྒོས་སུ་འགའ་ཞིག་ད་ལྟ་རང་མི་འདོད་པའི་སྡུག་བསྔལ་དྲག་པོ་ནི་མེད་དུ་ཆུག་ཀྱང་། སྡིག་པའི་ལས་རྔམ་པོ་ཆེ་བསགས་པས་དབུགས་ཁ་གང་པོ་འགགས་པ་དང་མཉམ་དུ་དམྱལ་བར་ཁྲོང་ཁྲོང་སྐྱེ་དགོས་པ་འདི་རྣམས་དངོས་སུ་ད་ལྟ་སྡུག་བསྔལ་མྱོང་བ་ རྣམས་ལས་ཀྱང་སྙིང་རྗེ་བར་འདུག །སྣང་བ་རེ་འཁྲུལ་ན་ཨ་ཙ་མ་ཅི་རང་དྲག་སྙམ་དུ་བསམ། དཔེར་ན་རང་གི་རྩ་བའི་མ་དེ་མིག་ནི་ལོང་། རྐང་པ་ནི་ཆག །ལོང་ཁྲིད་ནི་མེད། འཁར་བ་ནི་བོར། གད་ཁ་གཡང་ཁ་གཅིག་ནས་མར་ལྷུང་ལ་ཁད་ཁད་འདུག་ན། བདག་ཇི་ཙུག་བྱེད། གཞན་གང་ལ་ཡང་མ་བལྟས་པར་ཧབ་རྒྱུགས་སུ་ཕྱིན་ནས་མ་དེ་གཡང་ཁ་ནས་འཛིན་དགོས། དཔེ་དེ་བཞིན་དུ་མ་རྒན་འགྲོ་བ་འདི་རྣམས་ཤེས་རབ་ཀྱི་མིག་ནི་ལོང༌། ཐབས་ཀྱི་རྐང་པ་ནི་ཆགས། དགེ་བའི་བཤེས་གཉེན་ནམ་གྲོགས་བཟང་པོའི་ལོང་ཁྲིད་ནི་མེད། བསོད་ནམས་ཀྱི་འཁར་བ་དང་ནི་བྲལ། ཡིད་ལ་དྲན་དུ་ཡང་མི་རུང་བའི་སྡིག་པ་ཐམས་ཅད་ནི་ལག་ལེན་དུ་ཡང་ཡང་བཏབ། མཐོ་རིས་ཀྱི་ལམ་ནས་བརྡེག་འཆོས་ཏེ། ངན་སོང་གསུམ་གྱི་གཡང་ལ་ལྷུང་ལ་ཁད་ཁད་པ་སྡུག་བསྔལ་གྱི་རྒྱུ་མི་བཟད་པ་ལ་གནས་པ་འདི་རྣམས་སྙིང་རེ་རྗེ། ད་ནི་འདི་རྣམས་ངས་སྡུག་བསྔལ་ལས་དངོས་སུ་མ་སྐྱབས་པའི་ཐབས་མེད། དེས་ན་ངན་སོང་གསུམ་ན་ནི་ཚོར་བ་སྡུག་བསྔལ་དངོས་ལ་གཙོ་བོར་སྤྱོད། བདེ་འགྲོ་གསུམ་ན་ནི་ཚོར་བ་སྡུག་བསྔལ་གྱི་རྒྱུ་ལ་གཙོ་བོར་སྤྱོད། དེ་དག་གི་སྡུག་བསྔལ་སྐྱེས་བུ་ཆུང་འབྲིང་གི་སྐབས་སུ་བཤད་པ་ལྟར་དྲན་པར་བྱ། སྡུག་བསྔལ་དེ་བདག་གི་ཐོག་བབས་ན་ཆ་ཤས་ཙམ་ཡང་བཟོད་པའི་གླགས་མི་འདུག །བདག་གིས་མི་བཟོད་པ་ཞིག་འདི་རྣམས་ཀྱིས་ཀྱང་ག་ལ་བཟོད། དེ་འདྲ་བའི་སྡུག་བསྔལ་ དངོས་སུ་ཡང་མྱོང་ཞིང༌། སྡུག་བསྔལ་གྱི་རྒྱུ་ཟད་མི་ཤེས་པ་ལ་རིམ་གྱིས་རིམ་གྱིས་སྤྱད་པས། སྡུག་བསྔལ་ནས་སྡུག་བསྔལ་བརྒྱུད་མར་འབྱུང་བ་འདི་རྣམས་སྙིང་རེ་རྗེ། འདི་རྣམས་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་ཐམས་ཅད་དང་བྲལ་བར་གྱུར་ཅིག །མ་རྒན་འགྲོ་དྲུག་གི་སེམས་ཅན་འདི་རྣམས་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ལས་བདག་གིས་བསྐྱབ་པར་བྱ། སྡུག་བསྔལ་གྱི་གནས་འཁོར་བ་ལས་འདྲེན་པར་བྱ་སྙམ་དུ་ཡང་ཡང་བསམ། དམིགས་སྐོར་སོ་དགུ་པའོ། །ཡང་ན་འདི་ལ་སྡུག་བསྔལ་དངོས་ལ་སྤྱོད་པ་ལ་དམིགས་སྐོར་གཅིག །སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་ལ་དམིགས་སྐོར་གཅིག ། གཉིས་ཀ་བསྡོམས་པ་ལ་གཅིག་སྟེ་གསུམ་བྱེད་པའི་ལུགས་ཀྱང་ཡོད། སྔར་བྱམས་པའི་སྐབས་སུ་བཤད་པ་བཞིན་རིམ་གྱིས་ཐམས་ཅད་ལ་རྒྱ་བསྐྱེད་དེ་བསྒོམས་ན་ཡང་ལེགས་པར་འོང་ངོ༌། །ཡང་བྱམས་པ་སྙིང་རྗེའི་ཁྲིད་ལན་གཅིག་བསྐྱངས་པའི་རྗེས་སུ་འདི་གཉིས་འབྲེལ་བ་ཅན་ཁོ་ན་འབྱུང་བས། བྱམས་པ་རེ་ལ་སྙིང་རྗེ་རེ་འཐུད་ཀྱིན་བསྒོམས་པས་ཆོག །ཚན་པ་སོ་སོར་མ་བཅད་ཀྱང་རུང་བ་ལགས་སོ། །གསུམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ། སྨོན་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། འཇུག་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གཉིས་སོ། །འདི་གཉིས་ལ་བསམ་པ་བྱང་ཆུབ་ཀྱི་སེམས་དང༌། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ཞེས་ཟེར་བའང་ ཡོད་དོ། །དེའི་དང་པོ་ལ། བྱང་ཆུབ་ཀྱི་སེམས་དངོས་ལ་བསླབ་པ། ཕན་ཡོན་དྲན་པ་ལ་བསླབ་པ། བསླབ་བྱ་ལ་དམ་བཅའ་བ་སྟེ་གསུམ་མོ། །དང་པོ་ནི། སྔར་གྱི་བྱམས་སྙིང་རྗེ་གཉིས་དང་འབྲེལ་བར་བསྒོམ་སྟེ། མ་འདི་རྣམས་བདེ་དགོས་པར་འདུག །སྐྱིད་དགོས་པར་འདུག་པ་ལ། མི་བདེ་མི་སྐྱིད་སྡུག་བསྔལ་བར་འདུག་པ་སྙིང་རེ་རྗེ་བདག་གིས་སྡུག་བསྔལ་མི་སེལ་བའི་ཐབས་མེད། འདི་རྣམས་བདེ་བ་ལ་མི་འགོད་པའི་ཐབས་མེད་དེ༑ འོན་ཀྱང་དེའི་ནུས་པ་བདག་ལ་མི་འདུག །དེར་མ་ཟད་ཚངས་པ་བརྒྱ་བྱིན་འཁོར་ལོས་བསྒྱུར་རྒྱལ་རྣམས་ལའང་མེད། འོ་ན་སུ་ལ་ཡོད་ན་རྫོགས་པའི་སངས་རྒྱས་ཁོ་ན་ལ་ཡོད། དེ་ལྟར་ན་ཡང་སངས་རྒྱས་དེ་བསྒྲུབས་ན་ཐོབ་ཡོང་བ་ཡིན་པས་བདག་གིས་སངས་རྒྱས་ཐོབ་པར་བྱ། ཐོབ་ནས་སེམས་ཅན་འཁོར་བ་ལས་འདྲེན་པར་བྱ། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་སངས་རྒྱས་ཐོབ་དགོས་པ་འདུག་སྙམ་པ་ཡང་ཡང་བྱ། དམིགས་སྐོར་བཞི་བཅུ་པའོ། །གོང་དུ་དམིགས་སྐོར་སོ་བཞི་པ་བསམ་པའི་འཇུག་སྒོ་ལ་བསླབ་པའི་སྐབས་སུ་ནི། སངས་རྒྱས་ཀྱི་ཡོན་ཏན་ཤེས། ཐེག་པ་ཆེ་ཆུང་གི་ཁྱད་པར་ཤེས་པའི་སྒོ་ནས་རྫོགས་བྱང་དོན་གཉེར་ཙམ་བསྒོམ་པ་ཡིན་ལ། དེ་ཙམ་གྱིས་བྱང་ཆུབ་སེམས་ཀྱི་མཚན་ཉིད་རྫོགས་པར་མི་འགྱུར་ཞིང༌། འདིར་གཞན་དོན་ཁོ་ནར་རྫོགས་བྱང་དོན་གཉེར་གྱི་བསམ་པ་བསྒོམས་པས་སྨོན་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཚང་བར་འགྱུར་རོ། ། གོང་དུའང་གཞན་དོན་བསམ་པ་ཙམ་ཡོད་མོད། བྱམས་སྙིང་རྗེ་མཐར་མ་ཕྱིན་པས་གཞན་དོན་དུ་གཙོ་བོར་དམིགས་པ་མི་འབྱུང་ངོ༌། །དེ་ནས་གཉིས་པ་ཕན་ཡོན་བསམ་པ་ལ་བསླབ་པ་ནི། རང་གི་དོན་ཐམས་ཅད་སྒྲུབ་པའི་ཕན་ཡོན་ནི། མདོ་ལས། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་ཕྱིར་ས་བོན་ལྟ་བུའོ། །ཞེས་གསུངས། གཞན་དོན་བསྒྲུབ་པའི་ཕན་ཡོན་ནི། འགྲོ་བ་རྣམས་ཀྱི་ཆོས་དཀར་པོ་འཕེལ་བས་ཞིང་ས་ལྟ་བུའོ། །ཞེས་སོ། །ཉེས་པ་ཐམས་ཅད་སེལ་བའི་ཕན་ཡོན་ནི། ཉེས་པར་སྤྱོད་པ་ཐམས་ཅད་ཟད་པས་སའི་འོག་ལྟ་བུའོ། །ཞེས་སོ། །ཡོན་ཏན་ཐོབ་པའི་ཕན་ཡོན་ནི། ཡོན་ཏན་ཐམས་ཅད་འདུ་བས་རྒྱ་མཚོ་ཆེན་པོ་ལྟ་བུའོ། ། ཞེས་འབྱུང་བ་ལྟར་ཕན་ཡོན་བཞི་སྟེ། ད་ལྟ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཉིད་ནས་རང་རྒྱུད་ཀྱི་ཐར་པའི་ས་བོན་གསོས་ཐེབས་ཤིང་དགེ་བའི་བག་ཆགས་ཐམས་ཅད་སད། བསམ་པ་བཟང་པོ་དེས་དངོས་སུ་སེམས་ཅན་ལ་ཕན་པ་བྱེད་ཅིང༌། ཕན་འདོགས་པའི་ནུས་པ་ཡང་རྙེད་འོང༌། འདི་བསྒོམ་ཙམ་ཉིད་ནས་སྡིག་པ་མང་པོ་འདག་ཅིང༌། ཆགས་སྡང་ང་རྒྱལ་ཕྲག་དོག་སོགས་ཉོན་མོངས་ཀྱི་དབལ་འཇོམས་རྒྱུད་འཇམ་པོར་སོང་བས་ཡོན་ཏན་ཐམས་ཅད་སྐྱེ་ཞིང༌། སངས་རྒྱས་བསྒྲུབ་པར་དམ་བཅས་ཕྱིན་ཡོན་ཏན་གཞན་མང་པོ་བསྒྲུབ་དགོས་པ་གཅིག་ཀྱང་ཤུགས་ལ་འོང༌། དེ་ནས་མཐར་ཐུག་གི་བར་དུ་རང་དོན་རྟོགས་པ་དང་གཞན་དོན་ཕྲིན་ལས་དང༌། སྤང་བྱ་སྤོང་བ་དང༌། ཡོན་ཏན་བསྒྲུབ་པ་ཐམས་ཅད་འདིས་བྱེད་པ་ཡིན། མདོར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོན་ཏན་ཇི་ཙམ་ཡོད་པ། བྱང་ཆུབ་ཀྱི་སེམས་ལའང་ཡོད་པ་ཡིན། སངས་རྒྱས་ལ་ཇི་ཙམ་རི་བ་འདི་ལའང་རི་སྙམ་དུ། བྱང་ཆུབ་ཀྱི་སེམས་ལ་སྤྲོ་སིང་ངེ་བ་བསྐྱེད་ལ། སླར་ཡང་བྱང་ཆུབ་ཀྱི་སེམས་སྔར་བཞིན་བསྒོམ། དེ་ཀ་ཡང་ཡང་བསྐྱར། ཐུན་མཚམས་སུ་སེམས་བསྐྱེད་རང་གིས་ལེན་པའི་ཆོ་གས་ཀྱང་ཡང་ཡང་ལེན་པའི་དམིགས་པ་སྐྱོང༌། ཡང་སྔར་སེམས་བསྐྱེད་མ་ཐོབ་ན། རྒྱུན་བཤགས་ཀྱི་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་འབྱུང་བ་དེ་ཀ་སེམས་བསྐྱེད་ཡིན་པས་ཡན་ལག་བདུན་པ་ཡང་ཡང་བྱ། དམིགས་སྐོར་ཞེ་གཅིག་པའོ། །གསུམ་པ་བསླབ་བྱ་ལ་དམ་འཆའ་བ་ནི། བསླབ་བྱ་དང་པོ་སེམས་ཅན་བློས་མི་སྤང་བ་ལ་བསླབ་དགོས་ཏེ། སེམས་ཅན་བློས་སྤོང་བ་ལ་གཉིས་ཡོད། ཁྱུ་རིལ་དུ་བློས་སྤོང་བ་དང༌། སྒོ་ཐད་དུ་བློས་སྤོང་བའོ། །དང་པོ་ནི། ཆོས་ལ་འཇུག་པའི་བློ་ལོག་པ་སྟེ། ངས་རང་དོན་གཞན་དོན་གང་ཡང་མི་ཡོང་འཇིག་རྟེན་ཕལ་པ་བྱ་སྙམ་པ་དང༌། ཐེག་ཆེན་ལ་བློ་ལོག་པ་སྟེ་སེམས་ཅན་གྱི་དོན་སྒྲུབ་མི་ནུས་པས་བདག་ཉན་རང་གི་ཐེག་པར་སེམས་བསྐྱེད་དགོས་སྙམ་པ་ལྟ་བུ་ཡིན། སྒོ་ཐད་དུ་བློས་སྤངས་པ་ནི། རང་དང་འགལ་བ་ཁ་ཅིག་ལ་ཁྱོད་ལ་ཕན་ཐོགས་པའི་དུས་བྱུང་ཀྱང་གནས་སྐབས་མཐར་ཐུག་གང་ལ་ལྟོས་ཀྱང་ཕན་མི་འདོགས་སྙམ་དུ་ སྙིང་བརྩེ་ལྷན་གྱིས་བྲལ་བ་དེ་ཡིན། དེ་ལྟར་ཁྱུ་རིལ་གྱི་བློས་སྤངས་སམ། སྒོ་ཐད་ཀྱི་བློས་སྤངས་ཀྱང་རུང་སྟེ། གཉེན་པོས་མ་སླེབས་པར་ཐུན་ཚོད་གཅིག་འདས་ན་སེམས་བསྐྱེད་གཏོང་བ་ཡིན་པར་འདུག །བདག་གིས་སེམས་ཅན་སྤོང་བའི་བློ་ནམ་དུ་ཡང་མ་སྐྱེས་པ་ཞིག་བྱ། གལ་ཏེ་དབང་མེད་དུ་སྐྱེས་ཀྱང་འཕྲལ་དུ་གཉེན་པོས་སླེབས་ནས་དེ་མ་ཐག་བཤགས་པ་བྱ། ད་ལྟ་དངོས་སུ་ཕན་གདགས་མ་ནུས་པ་ལ་ཕུགས་སུ་ཕན་པར་བྱ་སྙམ་དུ་བསྒོམ། དམིགས་སྐོར་ཞེ་གཉིས་པའོ། །བསླབ་བྱ་གཉིས་པ་ཚོགས་བསག་པ་ལ་འབད་དགོས། བདག་རིམ་པས་ཡོན་ཏན་གོང་ནས་གོང་དུ་སོང་ན། ཚོགས་གཉིས་རྒྱ་ཇེ་ཆེ་ཇེ་ཆེ་ལ་བསླབ་དགོས། ཉི་མ་དེ་རིང་རང་ནས་ཚོགས་གཉིས་ལ་བསླབ་དགོས་ཏེ། བསོད་ནམས་ཀྱི་ཚོགས་ནི། མདོ་བསྟན་བཅོས་རྣམས་ལས་ཕན་ཡོན་ཆེ་བར་བཤད་པའི་དཀོན་མཆོག་གི་མཆོད་པ། དགེ་འདུན་གྱི་བསྙེན་བཀུར། འབྱུང་པོའི་གཏོར་མ་ཕྱག་མཆོད་བསྐོར་བ་གཟུངས་སྔགས་བཟླས་པ་དད་པ་བསྒོམ་པ་བྱམས་སྙིང་རྗེ་བསྒོམ་པ། བཟོད་པ་བསྒོམ་པ་ལ་སོགས་པ་ལ་བསླབ་དགོས་སྙམ་པ་དང༌། ཡེ་ཤེས་ཀྱི་ཚོགས་ཆོས་ཉན་པ། ཚིག་འཛིན་པ། དོན་སེམས་པ། འགལ་འབྲེལ་གྱི་སྒོ་ནས་རིགས་པས་ཐེ་ཚོམ་གཅོད་པ། འཁོར་གསུམ་རྣམ་པར་མི་རྟོག་པར་རྒྱས་འདེབས་པ་ཞེས་བྱ་བ། འཁོར་འདས་ཐམས་ཅད་བདེན་མེད་དུ་ཐོས་པའི་སྒོ་ནས་གོ་ཞིང་ཤེས། བསམ་པའི་སྒོ་ནས་ངེས་པ་རྙེད། སྒོམ་པའི་སྒོ་ནས་མངོན་སུམ་དུ་རྟོགས་པ་གཅིག་དགོས་པས་དོན་འདི་ལ་བསླབ་དགོས་སྙམ་པ་དང༌། མཆོད་པ་ལ་སོགས་པ་བདེན་མེད་ཀྱི་ལྟ་བས་ཟིན་པ་དང༌། ལྟ་བ་དེའི་ངང་ནས་དེ་ལྟར་བསླབས་པས་བསོད་ནམས་ཀྱི་ཡེ་ཤེས། ཡེ་ཤེས་ཀྱི་བསོད་ནམས་སུ་སོང་ནས་ཚོགས་གཉིས་ཟུང་དུ་འཇུག་པ་གཅིག་བྱའོ་སྙམ་དུ་ཡང་ཡང་བསམ། ཐུན་མཚམས་ཀུན་ཏུ་དེ་དག་ལས་ཇི་ལྟར་འོས་འོས་ལག་ལེན་དུ་ཐེབས་པར་ཡང་བྱ། དམིགས་སྐོར་ཞེ་གསུམ་པའོ། །བསླབ་བྱ་གསུམ་པ་ཟུང་བཞི་ཡ་བརྒྱད་ལ་བསླབ་དགོས་ན། ནག་པོའི་ཆོས་བཞི་སྤྱིར་ཡང་ཉེས་པ་ཆེ། སྒོས་སུ་སྐྱེ་བ་འཕོས་ནས་སེམས་བསྐྱེད་བརྗེད་པའི་རྒྱུ་ཡིན། དཀར་པོའི་ཆོས་བཞི་སྤྱིར་ཡང་ཕན་ཡོན་ཆེ། སྒོས་སུ་སྐྱེ་བ་ཐམས་ཅད་དུ་སེམས་བསྐྱེད་དྲན་པའི་རྒྱུ་ཡིན། དེས་ན་ནག་པོའི་ཆོས་བཞི་སྤང༌། དཀར་པོའི་ཆོས་བཞི་ལ་བསླབ་དགོས། དེ་ལ་ཟུང་དང་པོ་བླ་མ་སྦྱིན་གནས་དང༌། མཆོད་འོས་བསླུ་བ་ནག་པོའི་ཆོས་ཡིན། བསླུ་བ་ཞེས་བྱ་བ་དེ་དག་ལ་རྫུན་གྱིས་མགོ་བསྐོར་གཏོང་བ་ལ་ཟེར། དེའི་གཉེན་པོར་ཤེས་བཞིན་གྱིས་རྫུན་སྨྲ་བ་མཐའ་དག་སྤངས་པ་ཡིན། སྐྱེ་བོ་ཐ་མལ་པ་ལ་ཤེས་བཞིན་གྱིས་རྫུན་ཕྲ་མོ་ཡང་མི་སྨྲ་ན། མཆོད་འོས་བསླུ་བ་ལྟ་ག་ལ་ཞིག །ཟུང་གཉིས་པ་གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་ནག་པོའི་ཆོས་ཟེར། འགྱོད་པའི་གནས་སྡིག་པ་ལ་འགྱོད་པ་བསྐྱེད་དགོས་ཀྱང༌། གནས་མ་ཡིན་པ་དགེ་བ་བྱས་པ་ལ་འགྱོད་པ་ བསྐྱེད་པའི་ཐབས་བྱས་ན། དེ་འགྱོད་རུང་མ་འགྱོད་རུང་ནག་པོའི་ཆོས་ཡིན། འགྱོད་པ་བསྐྱེད་ཚུལ་ནི། སྦྱིན་པ་འདི་ཆེས་ཏེ་འདི་ཙམ་སྦྱིན་ན་ཅི་ཟ། ཞེས་པ་དང༌། ཁྱོད་སྡོམ་པ་བླངས་ན་བུ་སྨད་འདི་ཀུན་ཁ་ཞན་པོར་འགྲོ་ཞེས་པའམ། དགྲ་ལ་ལན་པོ་མ་བྱས་པ་དེས་ཁྱེད་སྟངས་ཆག་པར་འགྱུར་ཅེས་པ་ལྟ་བུའོ། །དེའི་གཉེན་པོར་སེམས་ཅན་རྣམས་ཐེག་པ་གསུམ་གྱི་དགེ་བ་ལ་སྨིན་པར་བྱ་བ། དཀར་པོའི་ཆོས་ལ་བསླབ་སྟེ། སེམས་ཅན་རྣམས་ཐེག་པ་གསུམ་པོ་གང་མོས་མོས་ལ་སེམས་བསྐྱེད་དུ་གཞུག །སྒོས་སུ་ཐེག་ཆེན་ལ་ཅི་ནུས་ནུས་སུ་འགོད། དགེ་བའི་རིགས་ཅི་འགྲུབ་བྱེད་དུ་བཅུག །དེ་ཡང་བྱང་ཆུབ་ཏུ་སྨོན་ལམ་འདེབས་སུ་འཇུག་དགོས་ཏེ། དགེ་བ་མི་བྱེད་པ་ཚོ་ཡང་སླར་ནས་དགེ་བ་ལ་འགོད་གང་ཐུབ་བྱེད་དགོས་ན་འགྱོད་པ་བསྐྱེད་པ་ག་ལ་འོང༌། ད་ནི་ཟུང་གསུམ་པ་ལ་སློབ་སྟེ། སེམས་བསྐྱེད་པའི་གང་ཟག་ལ་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ་ནག་པོའི་ཆོས་ཟེར། ཚིགས་བཅད་མ་ཡིན་པ་ནི་དངོས་སམ་ལྐོག་ཏུ་སྐྱོན་བརྗོད་པ་ཡིན། སེམས་བསྐྱེད་སྐྱེས་རུང་མ་སྐྱེས་རུང་ཉམས་རུང་མ་ཉམས་རུང་འདྲ། སེམས་བསྐྱེད་བླངས་སོ་ཟེར་བ་ཚུན་ཆད་སྨད་དུ་མི་རུང༌། དེའི་གཉེན་པོར་སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བསྒོམ་པ་ལ་བསླབ་པ་དཀར་པོའི་ཆོས་ཡིན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པ་དང༌། ཚོགས་གསོག་སྒྲིབ་སྦྱོང་གི་ཡུལ་ལ་སངས་རྒྱས་དང་འདྲ། ཇི་སྐད་དུ། སེམས་ཅན་རྣམས་དང་རྒྱལ་བ་ལ། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །ཞེས་གསུངས་པ་ལྟར་ཡིན། དེས་ན་སྟོན་པའི་འདུ་ཤེས་བསྐྱེད་ནས། རྟག་ཏུ་བསྔགས་པ་དང་བསྟོད་ར་བརྗོད་པར་བྱ། སེམས་ཅན་ཕལ་པ་ལ་ཡང་མི་སྨོད་ཅིང་བསྔགས་པ་བརྗོད་ན། སེམས་བསྐྱེད་པ་ལ་མི་སྨོད་པ་ལྟ་ཅི་སྨོས། ཟུང་བཞི་པ་སེམས་ཅན་ལ་གཡོ་སྒྱུས་ཀུན་ཏུ་སྤྱོད་པ་ནག་པོའི་ཆོས་ཟེར། རང་གི་དོན་བསྒྲུབ་པའི་ཕྱིར་དུ་གཞན་ལ་བྲིད་དང་མགོ་སྐོར་བྱེད་པ། ཐ་ན་བྲེ་སྲང་ཚུན་ཆད་ལ་གཡོ་སྒྱུ་བྱས་ཀྱང་རུང་སྟེ། ནག་པོའི་ཆོས་ཡིན། དེའི་གཉེན་པོར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་ལྷག་པའི་བསམ་པས་གནས་པ་དཀར་པོའི་ཆོས་ཡིན། ཕན་པ་དང་བདེ་བ་ནི་ཚེ་འདི་ཕྱི་གཉིས་ཀྱི་བདེ་བ་ལ་འགོད་པ་དང༌། ལྷག་པའི་བསམ་པ་ནི། གཞན་དོན་གྱི་ཁུར་རང་གིས་ཁྱེར་བ་ལ་ཡང་ཟེར། ཡང་གཡོ་ཐབས་ཀྱིས་གྱ་གྱུ་མི་བྱེད་པར་བསམ་པ་དྲང་པོས་ཚིག་གསོང་པོར་སྨྲ་བ་ལ་ཕ་མ་བུ་ཚ་ལྟར་ཕྱི་ནང་མེད་པ་ལའང་ཟེར་བས་དེ་ལྟ་བུ་ལ་བསླབ་དགོས། སེམས་ཅན་ཐམས་ཅད་ལ་ཕན་པའི་ལྷག་བསམ་དུ་གནས་དགོས་ན། ཕར་ལ་གཡོ་སྒྱུ་འཚོང་བའི་གོ་སྐབས་ག་ལ་ཡོད། དཀར་པོའི་ཆོས་འདི་རྣམས་ལ་ཤིན་ཏུ་ནན་ཏན་སྙིང་པོར་བྱ་རྒྱུ་ཡིན་པ་འདུག །བདག་དེང་ནས་བཟུང་སྟེ་ནག་པོའི་ཆོས་བཞི་ནམ་དུ་ཡང་མི་བྱེད། དཀར་པོའི་ཆོས་བཞི་ལ་ཅི་ནུས་ཅི་ལྕོགས་ཀྱིས་བསླབ་པར་བྱའོ་སྙམ་དུ་བསམ། དམིགས་སྐོར་ཞེ་ བཞི་པའོ། །འདིར་ཟུང་བཞི་རེ་རེ་ལ་དམིགས་སྐོར་རེ་རེ་མཛད་པའི་ལུགས་ཀྱང་ཡོད། བློ་འཁོབས་ཆུང་བ་འདི་ལྟར་བྱས་ན་ངེས་ཤེས་སྐྱེ་ཞིང་ལེགས་པར་འོང་ཡང་འོང་ངོ༌། །ཡང་སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པ་དང༌། ཉིན་མཚན་དུས་དྲུག་ཏུ་སེམས་བསྐྱེད་ལེན་པ་ཡང་བསླབ་བྱར་བསྡུས་ཏེ། སེམས་ཅན་མི་སྤང་བ། ཚོགས་གཉིས་ལ་བསླབ་པ། ཟུང་བཞི་ལ་རེ་རེ་སྟེ་བསླབ་བྱ་བརྒྱད་ཟེར་བའང་ཡོད་པས་ཇི་ལྟར་འོས་པར་སྦྱར་བར་བྱའོ། །སྙིང་རྗེའི་ཁྲིད་སོང་བའི་མཚམས་སུ་སེམས་བསྐྱེད་བླངས་ནས། དེ་རྗེས་སྨོན་སེམས་ཀྱི་ཁྲིད་འདི་རྣམས་བསྐྱངས་ན་གོ་རིམ་འགྲིག་མདོག་ཁ་ལེགས་པར་འགྱུར་ལ། ཡང་ཐོག་མར་དམིགས་པ་འདི་རྣམས་བྱང་བར་བྱས་ཏེ། བར་འདིར་སེམས་བསྐྱེད་བླངས་ན་ཆོ་གས་ལེན་པའི་སྐབས་དེར་ངེས་ཤེས་སྐྱེ་ཚབས་ཆེ་བས། སྐབས་འདིར་བྱས་ན་ཡང་ལེགས་པར་འགྱུར། ཡང་ཁྲིད་ཡོངས་སུ་རྫོགས་པའི་མཐར་བྱང་སྡོམ་ལེན་པའི་སྔོན་དུ་སེམས་བསྐྱེད་བླངས་ཀྱང་རུང་སྟེ། ཇི་ལྟར་སྐབས་སུ་བབས་པ་དེ་ལྟར་བྱའོ། །གཉིས་པ་འཇུག་པ་བྱང་ཆུབ་ཀྱི་སེམས་ལ་བསླབ་པ་ནི་འདི་ཡིན་ཏེ། སངས་རྒྱས་ཐོབ་པར་འདོད་པས་བྱང་ཆུབ་སྤྱོད་པ་ལ་བསླབ་དགོས། སངས་རྒྱས་འགྲུབ་པར་འདོད་ཀྱང་སྤྱོད་པ་ལ་མི་སློབ་ན། ལོ་ལེགས་པར་འདོད་སྐད། སོ་ནམ་མི་བྱེད་པ་དང་འདྲ། སྤྱིར་བྱང་ཆུབ་ཏུ་སྨོན་པ་ཙམ་ལའང་ཕན་ཡོན་མང་མོད་ཀྱི། བྱང་ཆུབ་སྤྱོད་པ་ཉམས་སུ་མ་བླངས་ན་ཡོན་ཏན་གོང་འཕེལ་དུ་མི་འགྲོ་བས་སྤྱོད་པ་ལ་བསླབ་དགོས། སྤྱོད་པའི་ངོ་བོ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་དངོས་བཞི་ཡིན། ཕར་ཕྱིན་དང་བསྡུ་དངོས་བྱ་བ་ཡང་ལོགས་ལོགས་སུ་མེད། ཕྱིན་དྲུག་རང་གིས་ཉམས་སུ་ལེན། གཞན་ལ་ཚིག་གི་སྒོ་ནས་སྟོན། གཞན་རྣམས་བྱེད་དུ་འཇུག་པ་དེ་ཀ་ཕར་ཕྱིན་ཀྱང་ཡིན། བསྡུ་དངོས་ཀྱང་ཡིན། བདག་གིས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་ནན་ཏན་སྙིང་པོར་བསྒྲུབ་པར་བྱའོ། །དེ་ཡང་ཕྱི་དུས་ཕྱི་དུས་ན་མ་ཡིན་པར་ད་ལྟ་ཉིད་དུ་འཇུག་པར་བྱའོ་སྙམ་པ་ཡང་ཡང་སྦྱོང་བ་ཡིན། འདི་སྐབས་དམ་བཅའ་དང་ལག་ལེན་མ་འཛོལ་བར་ཅི་ནུས་ཅི་ལྕོགས་ཀྱིས་ལག་ལེན་དུ་ཐེབས་པ་ཉི་མ་དེ་རིང་ནས་བྱེད་དགོས་པ་ཡིན་ནོ། །ཞེས་བྱ་སྟེ་འཇུག་སེམས་སྤྱིར་བསྒོམ་པ་ཡིན། དམིགས་སྐོར་ཞེ་ལྔ་པའོ། །བདག་གིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དགོས་ན། དང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་དགོས། སྦྱིན་པ་དེ་ལ་དབྱེ་ན་གསུམ། ཟང་ཟིང་གི་སྦྱིན་པ། མི་འཇིགས་པའི་སྦྱིན་པ། ཆོས་ཀྱི་སྦྱིན་པ་གསུམ་མོ། །བདག་གིས་སེམས་ཅན་ཐམས་ཅད་ལ་ཟང་ཟིང་གི་སྦྱིན་པ་བྱིན་ལ་ཚིམས་པར་བྱ། ད་ལྟ་དེ་ཙམ་གྱི་ནུས་པ་མེད་དེ། ཕྱིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཚུན་ཆོད་བཟུང་ལ་སྦྱིན་དགོས་སྙམ་པ་བསམ་པའི་སྒོ་ནས་བསླབ། ད་ལྟ་རང་ཡང་རང་གི་ནུས་པ་དང་སྦྱར་ལ་ཆོས་ཀྱི་འགལ་རྐྱེན་དུ་མི་འགྲོ་ཙམ་གྱི་སྒོ་ནས། ཟས་གོས་ལ་སོགས་པ་ཅི་ནུས་ཅི་ལྕོགས་སུ་སྦྱིན། མ་ཐ་རང་ལ་ཡང་སློང་མོ་ཁ་སྟོང་ དུ་མི་གཏོང་བ་ཙམ་རེ་མི་བྱེད་པའི་ཐབས་མི་འདུག་བསམ་ཞིང༌། འདི་དམིགས་པ་ཙམ་མ་ཡིན་པར་ལག་ལེན་དུ་ཡང་ཁེལ་ངེས་པ་དགོས་ཏེ་སྦྱོར་བ་ལ་བསླབ་པ་ཡིན། མི་འཇིགས་པའི་སྦྱིན་པ། བདག་གིས་སེམས་ཅན་ཐམས་ཅད་ནད་ཀྱི་འཇིགས་པ་དང༌། མཚོན་གྱི་འཇིགས་པ་དང༌། ཆོམ་རྐུན་གྱི་འཇིགས་པ་དང༌། དུག་གི་འཇིགས་པ་དང༌། གཅན་གཟན་དང་དུག་སྦྲུལ་སོགས་པ་སྲོག་ཆགས་གདུག་པ་ཅན་གྱི་འཇིགས་པ་དང༌། གཡང་སའི་འཇིགས་པ་དང༌། ལམ་འཕྲང་གི་འཇིགས་པ་དང༌། མེའི་འཇིགས་པ་དང༌། ཆུའི་འཇིགས་པ་དང༌། ཆད་པས་གཅད་པའི་འཇིགས་པ་ལ་སོགས་པ་ངན་འགྲོའི་འཇིགས་པའི་བར་ཐམས་ཅད་ལས་བསྐྱབ་པར་བྱ་སྙམ་དུ་བསམ་པས་སྦྱང༌། ད་ལྟ་ཡང་དངོས་སུ་ནད་དང་གདོན་དང་དགྲ་དང་འབྱུང་བཞིའི་འཇིགས་པ་སོགས་ལ་ཅི་ནུས་ཅི་ལྕོགས་ཀྱིས་སྐྱོབ་པའི་ཐབས་བྱའོ་སྙམ་དུ་བསྒོམ་ཞིང༌། དམིགས་པར་མ་ཟད་ལག་ལེན་གྱི་སྒོ་ནས་ཀྱང་ཚུལ་ཁྲིམས་ དང༌༑ སྒྲུབ་པའི་བར་ཆད་དུ་མི་འགྱུར་བ་རྣམས་ཅི་འགྲུབ་ཏུ་བྱ་ཞིང༌། ཐ་ན་ཁ་ཕན་ཚིག་ཕན་ཚུན་ཆོད་བྱ། སྦྱོར་བའི་སྒོ་ནས་བསླབ་པ་ཡིན། མི་འཇིགས་པའི་སྦྱིན་པ་བྱས་ཀྱང་སེམས་ཅན་སྡུག་བསྔལ་བ་ལ་ཕན་འདོགས་པའི་མིང་ཡིན། སྐབས་སུ་མ་བབ་པ་དང་སྡིག་རྐྱེན་དུ་འགྲོ་ན་ཁེ་ཡིས་གྱོང་མི་སུབས་པ་འབྱུང་ཉེན་ཆེ་བས། བསམ་པས་སྦྱོང་དགོས་ཀྱང་སྦྱོར་བ་བཏང་སྙོམས་སུ་འཇོག་པའི་སྐབས་ཡིན་ནོ། །ཆོས་ཀྱི་སྦྱིན་པ་བདག་གིས་ སེམས་ཅན་ཐམས་ཅད་ཆོས་ཀྱི་སྦྱིན་པས་ཚིམས་པར་བྱ། བདག་གིས་ཆོས་བསྟན་ཏེ། སེམས་ཅན་མ་སྨིན་པ་རྣམས་སྨིན་པར་བྱ། སྨིན་པ་རྣམས་གྲོལ་བར་བྱ། མ་གོ་བ་རྣམས་གོར་གཞུག །མ་རྟོགས་པ་རྣམས་རྟོགས་སུ་གཞུག །མ་ཐོབ་པ་རྣམས་ཐོབ་ཏུ་གཞུག་སྙམ་དུ་བསམ་པའི་སྒོ་ནས་སྦྱང༌། ད་ལྟ་ཡང་རང་ལ་ཆོས་བཤད་པའི་ནུས་པ་ཡོད་ན་རྙེད་བསྐུར་དང་ཁེ་གྲགས་ལ་མི་ལྟ་བར་གཞན་ལ་ཆོས་བཤད་པས་ཕན་འདོགས་དགོས། དེ་ལྟར་མི་ནུས་པ་ཞིག་ཡིན་ནའང༌། མི་དང་མི་མ་ཡིན་ལ་ཆོས་བཤད་པར་མོས་ཏེ། མདོ་འདོན་པའམ་གསུང་རབ་སྒྲོག་པའི་ཐུན་མ་ཆགས་པར་བྱའོ་སྙམ་དུ་བསམ་པས་སྦྱང་བར་བྱ་ཞིང༌། དེ་དམིགས་པར་མ་ཟད་ལག་ལེན་དུ་ཡང་ཁེལ་བར་བྱེད་པ་ནི། སྦྱོར་བའི་སྒོ་ནས་བསླབ་པ་ཡིན་ཏེ། དེ་ལྟར་ན་སྦྱིན་པ་གསུམ་ལ་བསམ་སྦྱོར་གཉིས་གཉིས་ཀྱིས་བསླབ་ཚུལ་ཏེ་དྲུག་ཡོད། ཡོངས་བསྡོམས་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ཡིན་ཏེ། དམིགས་སྐོར་ཞེ་དྲུག་པའོ། །བསམ་སྦྱོར་སོ་སོ་ལ་བསླབ་ཚུལ་འདི་ཕྱི་མ་རྣམས་ལའང་རིགས་འགྲེ། ད་གཞན་ཡང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་བསླབ་དགོས། ཚུལ་ཁྲིམས་ལ་གསུམ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་མོ། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། སྤྱིར་མི་དགེ་བ་བཅུ་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཐམས་ཅད་སྤངས་པ་ཞིག་དང༌། སྒོས་སུ་དགེ་བསྙེན་ནམ། དགེ་སློང་ངམ། དགེ་ཚུལ་ལམ། བྱང་སྡོམ་གྱི་བསླབ་བྱའམ། སྔགས་ཀྱི་དམ་ཚིག་སོགས་རང་གིས་གང་བླངས་པའི་སྡོམ་ཁྲིམས་ཀྱི་བསྲུང་བྱ་དང་མ་འགལ་བ་ཞིག་དགོས། མདོར་ན་མདོ་དང་བསྟན་བཅོས་ལས་མི་རུང་བར་གསུངས་པ་ཐམས་ཅད་ལས་ཟློག་པ་སྟེ། བདག་གིས་འདི་ལ་འཕྲལ་དུ་བསླབ་པར་བྱ་སྙམ་དུ་བསྒོམ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། དགེ་བ་སྣ་རེ་དང་ཕྱོགས་རེར་མ་སོང་བར་ཕར་ཕྱིན་དྲུག་གིས་བསྡུས་པ་ཐམས་ཅད་ལ་རྟག་ཏུ་བསླབ་དགོས་པའི་དོན་ཡིན། དེ་ལའང་ད་ལྟ་རང་ནས་ཅི་ནུས་ཅི་ལྕོགས་སུ་བསྒྲུབ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། སེམས་ཅན་རྣམས་བདེ་བ་དང༌། དགེ་བ་སྣ་ཚོགས་པ་ལ་འགོད་པའི་སྒོ་ནས་ཕན་པ་སྒྲུབ་པ་ལ་ཟེར། དེ་ཡང་བདག་གིས་ཅི་ནུས་ཅི་ལྕོགས་ཀྱིས་ད་ལྟ་རང་ནས་ཀྱང་སེམས་ཅན་རྣམས་ཕན་པ་དང་བདེ་བ་ལ་འགོད་གང་ཐུབ་བྱ་སྙམ་དུ་བསྒོམ། ཉེས་སྤྱོད་སྡོམ་པ་ལ་ཕྱི་དུས་འདེབས་སུ་མེད། ཐོས་མ་ཐག་ནས་བཅག་སྟེ་ཟློག་དགོས། ཕྱི་མ་གཉིས་ལ་ཕྱི་དུས་གཅིག་ཀྱང་འདེབས་སུ་ཡོད་དེ། རང་གི་བློ་སྟོབས་དང་བསྟུན་ནས་ད་ལྟ་གང་ནུས་གང་ལྕོགས་བྱས། ད་ལྟ་མི་ཐུབ་པ་རྣམས་ཕྱིས་སྨོན་ལམ་གྱི་ཡུལ་དུ་བཞག་པས་ཆོག་པ་ཡིན། སྤྱིར་བྱང་ཆུབ་སེམས་དཔའ་གཞན་དོན་མ་བྱས་ན་དེ་ཉིད་ཉེས་པ་ཆེ་ཤོས་ཡིན་ཏེ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དགོས། གཞན་དོན་བྱེད་པ་ལ་རང་རྒྱུད་སྨིན་དགོས་པས། དགེ་བ་ཆོས་སྡུད་དགོས་པ་ཡིན། རང་ཉེས་ལྟུང་གིས་མ་གོས་པ་གཅིག་པོས་ཀྱང་མི་ཆོག་པ་གཅིག་ཡིན་པར་འདུག་ནའང༌། ཐོག་མའི་གཞི་ལ་ཉེས་སྤྱོད་སྡོམ་པ་རང་གལ་ཆེ་སྟེ། འདི་མེད་ན་གཞན་གཉིས་ཀྱང་ཇི་བཞིན་མི་ཡོང་བ་ལགས། དམིགས་སྐོར་ཞེ་བདུན་པའོ། །ད་ནི་བཟོད་པའི་ཕར་ཕྱིན་ལ་གསུམ། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ། སྡུག་བསྔལ་དང་ལེན་གྱི་བཟོད་པ། ཆོས་ལ་ངེས་པར་སེམས་པའི་བཟོད་པ་སྟེ་གསུམ་མོ། །དེའི་དང་པོ་ནི། གཞན་གྱིས་བདག་ལ་བརྡེག་པ་དང༌། ནོར་འཕྲོག་པ་ལ་སོགས་པའི་གནོད་པ་བྱས་པའི་ཚེ་མི་བཟོད་ཅིང་ཞེ་སྡང་སྐྱེ་བའི་རྣམ་འགྱུར་ཡོང་བས། བདག་སངས་རྒྱས་བསྒྲུབ་རྒྱུ་ཡིན་པ་ལ་གནོད་པ་འདི་ཙམ་མ་བཟོད་པས་ག་ན་འོང༌། ཁམས་གསུམ་སེམས་ཅན་དགྲར་གྱུར་ནས་གནོད་པ་སྒོ་མི་འདྲ་བ་ཐམས་ཅད་ནས་བྱེད་ཀྱང་བཟོད་སྲན་ཚུགས་པར་བྱ། གནོད་པ་འདི་ཙམ་ཡང་མི་བཟོད་པར་སངས་རྒྱས་ཐོབ་ཏུ་རེ་བ་དང༌༑ ཆོས་པ་ཡིན་དུ་རེ་བ་ང་རང་འཁྲུལ་སྙམ་དུ་བསྒོམ། སྡུག་བསྔལ་དང་ལེན་གྱི་བཟོད་པ་ནི། ཆོས་སྒྲུབ་པའི་དུས་ན་ཚ་གྲང་ལྟོགས་སྐོམ་ལ་སོགས་པའི་སྡུག་བསྔལ་བྱུང་བའམ། ལམ་བགྲོད་དཀའ་བའམ། མཐུན་རྐྱེན་མ་འཛོམས་པ་དང༌། ངལ་དུབ་ཐང་ཆད་ཉི་ལྷགས་ཆར་གསུམ་སོགས་བྱུང་ཡང་བདག་ཆོས་ཀྱི་ཕྱིར་དུ་དཀའ་སྤྱད་ཕྲ་མོ་འདི་ཙམ་མ་བཟོད་པས་ག་ལ་ཡོང༌། ནོར་དང་བུ་སྨད་ཀྱི་ཕྱིར། འདི་འདྲ་བས་བརྒྱ་འགྱུར་སྟོང་འགྱུར་གྱི་ སྡུག་བསྔལ་ཆེ་བ་ཀུན་ལའང་ཚམ་ཚོམ་མེད་པར་འཇུག་གིན་གདའ་བ། བདག་སངས་རྒྱས་བསྒྲུབ་དགོས་པ་ལ། སྔོན་གྱི་བྱང་ཆུབ་སེམས་དཔའི་རྣམ་ཐར་ལ་སློབ་དགོས་ན། ཆོས་ཕྱིར་དཀའ་བ་འདི་ཙམ་ཡང་མི་བཟོད་པར་ཐེག་ཆེན་པར་ཁས་འཆེ་བ་རེ་བླུན་ན་སྙམ་དུ་གཉེན་པོ་བརྟན་ཐང་གིས་བཏང༌། ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི། ཐབས་ཟབ་མོ་དང༌། ཐབས་མཁས་ཀྱི་ཁྱད་པར་དང༌། མཛད་པ་རླབས་པོ་ཆེ་དང༌། ཡོན་ཏན་མཐའ་ཡས་པ་དང༌། གནས་ལུགས་སྤྲོས་བྲལ་སོགས་གང་ལའང་བློར་མི་ཤོང་བ་མེད་པ་གཅིག་ལ་ཟེར། སྟོང་ཉིད་ལ་སེམས་ཡུན་རིང་དུ་གནས་ཐུབ་པ་གཅིག་ལའང་ཟེར། ད་རེས་འདིར་གནོད་པ་དང་སྡུག་བསྔལ་ཐམས་ཅད་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་བདེན་པས་སྟོང་པ་མེད་བཞིན་དུ་སྣང་བ་ཡིན་ན་མི་བཟོད་རྒྱུ་ཅི་ཡོད་སྙམ་དུ་སྒོམ་པར་བྱའོ། །དམིགས་སྐོར་ཞེ་བརྒྱད་པའོ། །ད་ནི་གཞན་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་དགོས་ཏེ། དེ་ལ་གསུམ་གོ་ཆའི་བརྩོན་འགྲུས། སྦྱོར་བའི་བརྩོན་འགྲུས། སླར་མི་ལྡོག་པའི་བརྩོན་འགྲུས་སོ། །གོ་ཆའི་བརྩོན་འགྲུས་ནི། ཆོས་དགེ་བ་ཐམས་ཅད་ལ་འདི་ལྟ་བུ་བྱེད་མི་དགོས་སྙམ་པའི་ཁྱད་གསོད་དང༌། ཆེན་པོ་རྣམས་ལ་འདི་ཙམ་སྒྲུབ་མི་ནུས་སྙམ་པའི་ཞུམ་པའི་སེམས་གཉིས་ཀ་མི་བྱེད་པར་བདག་གིས་འདི་དག་ཐམས་ཅད་བསྒྲུབ་ཀྱང་དགོས། བསྒྲུབ་ནུས་པ་ཡང་ཡིན། ད་ལྟ་ཉིད་དུ་བསྒྲུབ་པར་བྱའོ། །རྒྱུན་མི་འཆད་པར་བསྒྲུབ་པར་བྱའོ། ། ཞེས་སེམས་ཀྱི་དམ་བཅའ་དང་འབྲེལ་བའི་དགེ་བ་ལ་སྤྲོ་སེམས་དཔའ་མ་ཞུམ་པ་དེ་ཡིན། དེ་རང་གི་རྒྱུད་ཐོག་ཏུ་སྦྱར་ནས་ཡང་ཡང་བསྒོམ་པར་བྱ། སྦྱོར་བའི་བརྩོན་འགྲུས་ནི། དངོས་སུ་ལག་ལེན་ལ་སྦྱོར་བའི་སྐབས་ལེ་ལོ་དང་རྣམ་གཡེང་གི་དབང་དུ་མི་གཏོང་བར་སྤྲོ་བ་དང་བཅས་པས་འཕྲལ་དུ་དགེ་བ་ལ་འཇུག་ཅིང༌། དེ་ཉིད་སྤྲོ་བཞིན་དུ་རྒྱུན་བསྲིང་བའོ། །སླར་མི་ཟློག་པའི་བརྩོན་འགྲུས་ནི། དྲོད་རྟགས་དང་ཕན་ཡོན་འཕྲལ་དུ་མ་བྱུང་ནའང༌། དང་པོར་གང་ལ་ཞུགས་པ་དེའི་འབྲས་བུ་མངོན་དུ་མ་གྱུར་བར་ཡུན་ཇི་ཙམ་འགོར་ཡང་རུང༌། དཀའ་བ་ཇི་ཙམ་སྤྱོད་དགོས་ཀྱང་རུང་སྤྲོ་བ་ཡེ་མི་ཟློག་པའོ། །ཡང་བསྟན་རིམ་གྱི་མན་ངག་འགའ་ཞིག་ལས། ལུས་ཀྱི་བརྩོན་འགྲུས་ཕྱག་དང་བསྐོར་བ་སོགས། ངག་གི་བརྩོན་འགྲུས་བཟླས་བརྗོད་ཁ་ཏོན་སོགས། ཡིད་ཀྱི་བརྩོན་འགྲུས་སྤྱིར་དགེ་བ་དང་སྒོས་སུ་ཆོས་འདི་ལ་སྤྲོ་ཞིང་བརྩོན་པ་སྟེ། ཞེས་པའང་ཡོད་པས། གང་ལྟར་ཡང་རུང་བརྩོན་འགྲུས་ནི་དེ་རྣམས་ཡིན་ན། བདག་ཀྱང་བརྩོན་འགྲུས་དང་ལྡན་པར་བྱ། ལེ་ལོ་ཕྱི་བཤོལ་གྱི་དབང་དུ་མི་བཏང་བར་དགེ་བ་ལ་སྤྲོ་བར་བྱའོ་སྙམ་དུ་བསྒོམ། དམིགས་སྐོར་ཞེ་དགུ་པའོ། །ད་ནི་གཞན་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བྱ་བ་ཡོད་དེ། དེའི་རྒྱུ་ཚོགས་ལ་ད་ལྟ་ནས་གནས་དགོས། ཏིང་ངེ་འཛིན་གྱི་རྒྱུར་སེམས་དབེན་པ་གཅིག་དགོས། དེའི་རྒྱུར་ལུས་དབེན་པ་དགོས། དེའི་རྒྱུར་དོན་ཉུང་ལ་བྱ་བ་ཉུང་བ་དགོས། དེའི་རྒྱུར་འདོད་པ་ཆུང་ཞིང་ཆོག་ཤེས་པ་དགོས། དེའི་རྒྱུར་ཟས་གོས་གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དགོས། བདག་ཀྱང་ཅི་སྟེ་འབྱོར་པ་དང་ལྡན་ན་དེ་ལ་མ་ཆགས་པར་ཏིང་ངེ་འཛིན་བསྒོམ། གལ་ཏེ་མ་འབྱོར་ན་ཡང་མ་འབྱོར་པ་ཉིད་བཟང་སྟེ། ཆོས་ཀྱི་བར་ཆད་མེད་པ་ཡིན། གང་བྱུང་དེ་ཀས་ཆོག་སྙམ་པ་ཡང་ཡང་བསམ་ཞིང་བསྒོམ། དེས་ཏིང་ངེ་འཛིན་གྱི་རྒྱུ་བསམ་པ་སོང༌། དམིགས་སྐོར་ལྔ་བཅུ་པའོ། །དངོས་ནི་བསམ་གཏན་ལ་དབྱེ་ན། དབྱེ་སྒོ་མི་འདྲ་བ་དུ་མ་ཡོད་ཀྱང༌། མཐོང་ཆོས་ལ་བདེ་བར་གནས་པའི་བསམ་གཏན་ཞེས་བྱ་བ། ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་སྒྲུབ་པ་ཡིན། ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་ཞེས་བྱ་བ༑ སྤྱི་ལྡོག་ནས་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པ་སྒྲུབ་པར་བྱེད་པ་རྣམས་ཡིན། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ཞེས་བྱ་བ། ཏིང་ངེ་འཛིན་གྱི་སྟོབས་ལ་བརྟེན་ནས། གཞན་རྒྱུད་བྱིན་གྱིས་རློབ་པར་བྱེད་པའམ། མངོན་ཤེས་ཀྱི་ཁྱད་པར་ལ་བརྟེན་ནས་སེམས་ཅན་གྱི་དོན་སྤྱོད་པ་ཡིན། དེ་ཐམས་ཅད་ཀྱང་ཞི་གནས་སྐྱོན་དང་བྲལ་ཞིང་མཚན་ཉིད་རྫོགས་པ་གཅིག་ལ་བརྟེན་དགོས། བདག་གིས་ཐོག་མ་ཞི་གནས་ལ་སེམས་མཉམ་པར་བཞག་པར་བྱ། དེ་ནས་ཏིང་ངེ་འཛིན་གྱི་ཁྱད་པར་གཞན་ཐམས་ཅད་ཀྱང་བསྒྲུབ་པར་བྱའོ། །སྙམ་དུ་ཡང་ཡང་བསྒོམ། དམིགས་སྐོར་ང་གཅིག་པའོ། །སྐབས་འདིར་ཞི་གནས་ཀྱི་རྣམ་གཞག་ཞིབ་ཙམ་བཤད་ཅིང་ ངེས་པོར་བྱུང་ན་ལེགས། ཞི་གནས་ཀྱི་ཁྲིད་ཀྱང་འདིར་སྟོན་པ་ཐོབ་ཐང་ཡིན་མོད་ཀྱང་ལྟ་བ་ལ་ངེས་པ་དང་ཉམས་མྱོང་རྙེད་པར་འགྱུར་བ་ཙམ་ལ། ཞི་གནས་བརྟན་པོ་མེད་ཀྱང་ཆོག་པ་དང༌། ཞི་གནས་བརྟན་པོ་ལེགས་པོ་བསྒྲུབས་ནས། དེའི་འོག་ཏུ་ལྟ་བ་བསྐྱངས་ཏེ་ལྷག་མཐོང་བསྒྲུབ་པ་གཞུང་ཆེན་ཀུན་གྱི་དགོངས་པ་དང༌། གཞུང་ལམ་ཆེན་མོ་ཡིན་མོད་ཀྱང༌། དེང་སང་གི་གང་ཟག་དབང་པོ་རྟུལ་པོས་སེམས་གནས་སྐྱོན་མེད་བརྟན་པོ་ཞིག་སྒྲུབ་པ་ལ་ཡུན་རིང་དུ་ཐོགས་པས་ཤེར་ཕྱིན་སྒོམ་པའི་སྐལ་པ་ཆད་ཀྱི་དོགས་པ་དང༌། ལྟ་བའི་མྱོང་བ་རྙེད་པའི་སྟེང་དུ་སེམས་གནས་བསྒྲུབ་ན། ཞི་ལྷག་ལྷན་གཅིག་ཏུ་འགྲུབ་སྟེ། སློབ་མ་ཁྲིད་སླ་མྱོང་བ་རྙེད་སླ་བའི་གནད་ཡོད་པར་དགོངས་ནས་ཕྱག་ལེན་ལ་སྐབས་འདིར་མི་མཛད་པ་ཡིན་པར་སྣང་ངོ་། །ད་ནི་དེ་ཐམས་ཅད་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་བསླབ་བྱ་ཀུན་གྱི་གཙོ་བོ་ཡང་ཡིན། ཉམས་ལེན་ཀུན་གྱི་མཐར་ཐུག་ཀྱང་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད། དེ་ལ་ཤེས་རབ་ནི་གསུམ་ཡོད་དེ། དོན་དམ་པའི་ཤེས་རབ་དང༌། ཀུན་རྫོབ་ཤེས་པའི་ཤེས་རབ་དང༌། གཞན་དོན་ཤེས་པའི་ཤེས་རབ་སྟེ་གསུམ་མོ། །དང་པོ་ནི། གནས་ལུགས་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན། གཉིས་པ་ནི། ཤེས་བྱ་ཐམས་ཅད་ཀྱི་ངོ་བོ་དབྱེ་བ་རྒྱུ་འབྲས་རྟེན་འབྲེལ་མ་ནོར་བར་ཤེས་པའི་ཤེས་རབ་ཡིན། གསུམ་པ་ནི། བསྡུ་བའི་དངོས་པོ་བཞིའི་སྒོ་ནས་འགྲོ་དོན་ ཤེས་པའི་ཤེས་རབ་སྟེ། དེ་ལ་ཟང་ཟིང་གི་སྦྱིན་པ་བཏང་སྟེ། སྐྱེ་བོ་རྣམས་མགུ་ནས་ཆོས་ལ་འགོད་ཐུབ་པ་ཤེས། བསམ་པ་དང་མཐུན་པར་ཆོས་སྟོན་པའི་སྙན་པར་སྨྲ་བ་ཤེས། དོན་སྤྱོད་པ་གཞན་ཕྱིན་དྲུག་ལ་འགོད་ཐབས་ཤེས། དོན་མཐུན་པ་རང་ཡང་ཕྱིན་དྲུག་ལས་མི་འདའ་བར་སྤྱོད་ཤེས་པ་སྟེ། དེའི་ནང་གི་གཞན་ཕྱིན་དྲུག་ལ་འགོད་པ་ནི། གདུལ་བྱ་གང་ལ་གང་འདུལ་གྱི་ཐབས་ཤེས་པའི་སྒོ་ནས་ཡིན་ནོ། །ཡང་ན་ཐོས་པ་དང༌༑ བསམ་པ་དང༌། སྒོམ་པའི་ཤེས་རབ་སྟེ། ཐོས་པས་གོ །བསམ་པས་སྒྲོ་འདོགས་ཆོད། སྒོམ་པས་མངོན་སུམ་དུ་རྟོགས་པའི་ཤེས་རབ་སྟེ་གསུམ་པོ་འདི་རྣམས་བདག་གིས་ཅི་ནས་ཀྱང་རྒྱུད་ལ་བསྐྱེད་པར་བྱའོ། །འདི་ཤེར་ཕྱིན་གྱི་བསམ་པ་ལ་བསླབ་པ་ཡིན། དམིགས་སྐོར་ང་གཉིས་པའོ། །ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ལ་བསླབ་དགོས་ཏེ། དེ་ལ་གང་ཟག་གི་བདག་མེད་བསྒོམ་པ། ཆོས་ཀྱི་བདག་མེད་བསྒོམ་པ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་བསླབ་པ་སྟེ་གསུམ་མོ། །དང་པོ་ནི། སྔོན་འགྲོ་དང་རྗེས་སོགས་སྔར་བཤད་པ་ལྟར་ལས། དངོས་གཞིའི་སྐབས་འདིར་རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་གཞག །རྒལ་ཚིགས་བསྲང༌། མགྲིན་པ་དགུག །དཔུང་པ་ཕྱིར་བསྐྱེད། སོ་མཆུ་རང་སར་བཞག་ཅིང་ལྕེ་རྩེ་རྐན་ལ་སྦྱར། མིག་སྣ་རྩེར་བལྟ། དེ་ནས་རླུང་སྣ་ནས་ལན་གསུམ་ཕྱི་ལ་སང་སང་བ་འབུད། དེ་རྗེས་དབུགས་རང་སོར་བཞག །ངེས་འབྱུང་སྐྱོ་ཤས་དུང་ཙམ་དང༌། བྱམས་སྙིང་རྗེ་རྒྱུད་འགྱུར་ཙམ་བསྒོམ། དེ་ནས་རང་གི་ལུས་ངག་ཡིད་གསུམ་ལ་སེམས་གཏད། གཞིག་འགྲེལ་བཅུག །འཁོར་བ་ཐོག་མ་མེད་པ་ནས་ང་བདག་ཏུ་འཛིན་པ་གོམས་པས་བདག་ཡོད་ཡོད་ལྟར་སྣང་བ་མ་གཏོགས། ང་བདག་ཅེས་པ་གནས་ཚུལ་ལ་གྲུབ་པ་ཡེ་མེད་པར་འདུག་སྙམ་དུ་བསམ། འདི་དག་དམིགས་པའི་གཞི་ཡིན། དེ་ལ་ངའམ་བདག་ཅེས་བྱ་བ། གནས་ལུགས་ལ་ཡོད་ན་ཏ་དེ་གང་ཟག་གི་བདག་ཡིན་མོད། དེ་འདྲ་དངོས་པོ་ལ་ཡེ་མ་གྲུབ་པས་གང་ཟག་གི་བདག་དེ་འདྲ་ངོ་བོའི་སྒོ་ནས་སྟོན་རྒྱུ་མེད། འོན་ཀྱང་མེད་པ་ལ་ཡོད་པར་འཛིན་པའི་བདག་འཛིན་གྱི་འཛིན་སྟངས་རློམ་ཚུལ་དང་བསྟུན་ན་རྟག་པ་གཅིག་པུ་རང་དབང་ཅན་དུ་འཛིན་པ་ཡིན། དེ་ཡང་ན་ནིང་ངས་འདི་བྱས། ང་ད་གཟོད་འདི་བྱེད་སྙམ་པ། ན་ནིང་གི་ང་དེ་ད་ལྟའི་ང་འདི་ཡིན། འདི་ད་གཟོད་ཡང་འགྲོ་སྙམ་པ་དེ་ལ་རྟག་པར་འཛིན་པ་ཟེར། ང་སྙམ་པ་ཤར་དུས་ཕྱི་ནང་གི་དངོས་པོ་གཞན་སུ་དང་ཡང་མ་འདྲེས་པའི་ཁོ་རང་གི་ངོ་བོ་ཚུགས་ཐུབ་གཅིག་ཡོད་པའི་ཁུངས་སུ་སྣང་བ་དེ་གཅིག་པུར་འཛིན་པ་ཡིན། ཇི་ལྟར་རིགས་པའི་ལོངས་སྤྱོད་དམ། རྫས་སམ་འཁོར་ལ་རང་ཉིད་བདག་པོའི་ཚུལ་དུ་ཡོད་པ་ལྟར་སྣང་བ་དེ་རང་དབང་ཅན་དུ་འཛིན་པ་ཞེས་བྱ་བ་ཡིན། འཛིན་སྟངས་ཀྱིས་དེ་ལྟར་བཟུང་ཡང་དེ་ལྟ་བུར་མ་གྲུབ་སྟེ། གལ་ཏེ་བདག་དེ་རྟག་ན་ནི་བདག་དེ་ལན་གཅིག་བདེ་བ་མྱོང་ན་རྟག་ཏུ་བདེ་དགོས་པ་དང༌། ལན་གཅིག་སྡུག་བསྔལ་མྱོང་ན་རྟག་ཏུ་སྡུག་དགོས་པ་དང༌། དུས་དང་པོ་འཁོར་བར་བཅིངས་ན་ཕྱིས་གྲོལ་བའི་དུས་མི་སྲིད་པ་དང༌། ཕྱིས་གྲོལ་བའི་གནས་སྐབས་སུ་ཡོད་ན། སྔོན་འཁོར་བ་མ་མྱོང་བར་ཐལ་བ་ལས་བདེ་སྡུག་སྤེལ་མ་དང༌། བཅིངས་གྲོལ་གྱི་གནས་སྐབས་སོ་སོར་འབྱུང་བས་རྟག་པའི་བདག་མེད་པར་ཐག་ཆོད། གཅིག་པུ་ཡང་མི་འཐད་དེ། བདག་ཅེས་བྱ་བ། རང་གི་ལུས་སེམས་ཀྱི་ཕུང་པོ་ལ་ཡོད་པ་ལྟར་སྣང་ན། མིག་ཀྱང་བདག་མ་ཡིན། རྣ་བ་དང༌། སྣ་དང༌། ལྕེ་དང༌། ཡིད་ཀྱང་བདག་མ་ཡིན། དེ་དག་རེ་རེ་བཞིན་བདག་ཡིན་ན་དུ་མར་འགྱུར། རེ་རེ་ནས་བདག་མ་ཡིན་ན་བདག་མ་རྙེད། གཞན་ཡང་བདག་ཕུང་པོ་ཡིན་ན་བདག་མི་རྟག་པར་ཐལ། བདག་ཕུང་པོ་ལས་གཞན་ཡིན་ན་མིག་ཤེས་ཀྱིས་མཐོང་བ་ལ་བདག་གིས་མཐོང་། ལུས་ཀྱི་རེག་པ་ལ་བདག་གིས་རེག་ཅེས་པའི་འདུ་ཤེས་འབྱུང་བ་འགལ། དེའི་ཕྱིར་གཅིག་པུའི་རང་བཞིན་ཅན་གྱི་ང་བདག་མ་གྲུབ། གཅིག་པུ་མ་གྲུབ་པས་རང་དབང་ཅན་མི་འགྲུབ། ཁྱད་པར་དུ་ཡང་བྱ་བྱེད་ཐམས་ཅད་རྐྱེན་ལ་རག་ལུས་པར་མངོན་སུམ་དུ་མཐོང་བས། རང་དབང་ཅན་གྱི་བདག་མི་སྲིད། གཞན་ཡང་ཕུང་པོའི་ཕྱི་རོལ་ན་ཡང་བདག་མ་གྲུབ། ཕུང་པོའི་ནང་ནའང་བདག་མི་གནས། ཕུང་པོ་རེ་རེའང་བདག་མིན། ཕུང་པོ་བསལ་བའི་ཤུལ་ནའང་བདག་མེད། ཕུང་པོའི་སྤྱི་ལའང་བདག་མེད་དེ། རེ་རེ་ལས་གཞན་པའི་སྤྱི་མ་གྲུབ་པའི་ཕྱིར་རོ། །དེས་ན་བདག་ཅེས་བྱ་བ་ནི་ བློས་བཏགས་པ་ཙམ། འཁྲུལ་ངོ་ཙམ་ཕྱིན་ཅི་ལོག་ཁོ་ན་ཡིན་གྱི། ངོ་བོས་གྲུབ་པ་ནི་འགའ་ཡང་མེད་དོ་སྙམ་དུ་བསྒོམ། དམིགས་སྐོར་ང་གསུམ་པའོ། །གང་ཟག་གི་བདག་མེད་སྒོམ་པ་འདི་ལ་བློའི་འཁོབས་དང་བསྟུན་པའི་དམིགས་སྐོར་དུམ་བུ་འགའ་ཤས་སུ་བཅད་ཀྱང་རུང་བ་ལགས། ད་ནི་ཆོས་ཀྱི་བདག་མེད་སྟོན་ཏེ། ཆོས་ཞེས་པ་ཕུང་ཁམས་སྐྱེ་མཆེད་ལ་ཟེར། དེ་རྣམས་ལ་བློས་བཏགས་པ་ཙམ་མ་ཡིན་པར་རང་ཚུགས་ཐུབ་པའི་དངོས་པོ་གཅིག་ཡོད་སྲིད་ན། དེ་ཆོས་ཀྱི་བདག་ཡིན་མོད་ཀྱང༌། དེ་འདྲ་ཡེ་མི་སྲིད་པས་ཆོས་ཐམས་ཅད་ཆོས་ཀྱི་བདག་མེད་པ་ཡིན་ནོ། །དེ་ལྟར་ཡིན་ཀྱང་འཁོར་བ་ཐོག་མ་མེད་པ་ནས་ཕུང་ཁམས་སྐྱེ་མཆེད་རྣམས་རང་ཚུགས་སུ་གྲུབ་པར་འཛིན་པའི་རྣམ་རྟོག་འདི་སྦྱོང་བའི་ཕྱིར་ཆོས་ཀྱི་བདག་མེད་བསྒོམ་དགོས་པ་ཡིན་ནོ། །དེ་ལ་དང་པོར་རང་རྒྱུད་ཀྱི་ཕུང་པོ་རང་བཞིན་མེད་པར་བསྒོམ་དགོས། དེའི་ཡང་ཐོག་མ་རང་རྒྱུད་ཀྱིས་བསྡུས་པའི་གཟུགས་ཕུང་ལུས་ཀྱི་ཆོས་ལ་བལྟས་ན། དངོས་པོ་སྣ་ཚོགས་ཚོགས་པ་ལྟར་སྣང་བ་གཅིག་ལ་ལུས་ཞེས་སྤྱི་མིང་གཅིག་ཏུ་བཏགས་ནས། མིང་དང་མཚུངས་པའི་དངོས་པོ་ཞིག་ཡོད་དོ་སྙམ། བློ་ཕྱིན་ཅི་ལོག་གིས་བཟུང་བ་མ་གཏོགས། དེ་ལྟར་མ་གྲུབ་སྟེ། དང་པོར་ལུས་འདི་ལ་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་དབང་པོ་རྣམས་ཀྱང་ཐ་དད། དབང་པོ་རྣམས་དང་མི་གཅིག་པའི་དབང་རྟེན་ཁོག་པ་ཡང་སོ་སོ་རེ་འདུག ། མགོ་བོ་དང༌། མགྲིན་པ་དང༌། བྲང་དང༌། རྒྱབ་དང༌། རྐེད་པ་དང༌། ཕོ་བ་དང༌། ལྟོ་བ་དང༌། ཕྲག་པ་གཉིས་དང༌། དཔུང་པ་གཉིས་དང༌། བར་ལྷུ་གཉིས་དང༌། ལག་ངར་གཉིས་དང༌། ལག་མགོ་གཉིས་དང༌། དཔྱི་གཉིས་དང༌། བྱིན་པ་གཉིས་དང༌། རྐང་མགོ་གཉིས་དང༌། དོན་ལྔ་སྣོད་དྲུག་སོགས་ནང་ཁྲོལ་རྣམས་དང༌། བུ་ག་དགུ་ལ་སོགས་པ་སྣ་ཚོགས་པ་འདུས་པའི་ཕུང་པོ་ཡིན་སྙམ་དུ་བསམ། དེས་ན་ལུས་ཞེས་པ་ལ་བློས་བཏགས་པ་མ་གཏོགས་བདེན་པར་མི་འདུག །དེ་རྣམས་རེ་རེ་ནས་ལུས་ཡིན་ན་ལུས་མང་པོ་ཅན་དུ་འགྱུར། རེ་རེ་ནས་མིན་ན་ནི་ལུས་མ་རྙེད། ཚོགས་པ་ཙམ་ཡིན་ནོ་སྙམ་ན། རེ་རེ་ལས་གཞན་པའི་ཚོགས་པ་མེད་པའི་ཕྱིར་བློས་བཏགས་པ་ཙམ་མ་གཏོགས་མེད་པར་སོང་ངོ༌། །དམིགས་སྐོར་ང་བཞི་པའོ། །ཡང་གཟུགས་ཀྱི་ཕུང་པོས་བསྡུས་པའི་ལུས་འདི་བདེན་པར་མ་གྲུབ་སྟེ། རྐང་ལག་བཞི་སྟོད་སྨད་མགོ་བྲང་ཞོལ་ནང་ཁྲོལ་ཏེ་གཟུགས་དགུར་འགྲོ། གཟུགས་རེ་རེ་ནས་གྲུབ་བམ་ན་མ་གྲུབ་སྟེ། རེ་རེ་བཞིན་ལྷུ་གསུམ་གསུམ་ལ་སོགས་པར་འགྲོ། ལྷུ་རེ་རེ་ནས་བདེན་ནམ་སྙམ་ན་མི་བདེན་ཏེ། སོར་ཚིགས་ཙམ་དུ་མར་འགྲོ། སོར་ཚད་རེ་རེ་ནས་གྲུབ་བམ་སྙམ་ན་མ་གྲུབ་སྟེ། རེ་རེ་ནས་ནས་ཙམ་བདུན་བདུན་དུ་འགྲོ། དེ་རེ་རེ་ནས་ཀྱང་མི་བདེན་ཏེ། ཤིག་གི་ཚད་ཙམ་བདུན་བདུན་མཐར་སྲོ་མ་དང༌། ཉི་ཟེར་རྡུལ་དང༌། གླང་རྡུལ་དང༌། ལུག་རྡུལ་དང༌། རི་བོང་རྡུལ་དང༌། ཆུ་རྡུལ་དང༌། ལྕགས་རྡུལ་གྱི་ བར་དུ་སྔ་མ་སྔ་མའི་དཀྱུས་ཀྱི་ཚད་བདུན་བདུན་དུ་བཏུབས་པས་ཕྱི་མ་ཕྱི་མའི་ཚད་དུ་འགྱུར། ལྕགས་རྡུལ་རེ་རེ་ནས་བདེན་ནམ་སྙམ་ན་མི་བདེན་ཏེ། ལྕགས་རྡུལ་གྱི་དཀྱུས་ཀྱི་ཚད་ལ་རྡུལ་ཕྲན་བདུན་ཡོད། དེར་ཡང་མ་གྲུབ་སྟེ་རྡུལ་ཕྲན་རེ་རེ་ལ་རྡུལ་ཕྲ་རབ་བདུན་ཡོད་དོ། །བདུན་འགྱུར་འདི་རྣམས་ལ་དཀྱུས་ཞེང་རྒྱ་དཔངས་ཐམས་ཅད་བསྡོམས་ན། སྔ་མ་སྔ་མ་གསིལ་བས་ཕྱི་མ་ཕྱི་མ་སུམ་བརྒྱ་བཞི་བཅུ་ཞེ་གསུམ་རེ་ཡོད། དཀྱུས་ལ་བདུན་ཡོད་པ་ཞེང་ལའང་དེ་ཙམ་ཡིན་པས་བཞི་བཅུ་ཞེ་དགུར་འགྱུར་ལ། དེ་ཙམ་པ་དཔངས་སུ་ཡང་བདུན་ཡོད་པས་སོ། །དམིགས་སྐོར་ང་ལྔ་པའོ། །རྡུལ་ཕྲ་རབ་རེ་རེ་བཞིན་བདེན་པར་གྲུབ་བམ་སྙམ་ན་མ་གྲུབ་སྟེ། རེ་རེ་བཞིན་ཕྱོགས་རེ་དང༌། སྟེང་འོག་ཏུ་ལྟ་བའི་ཆ་རེ་སྟེ་དྲུག་ཏུ་སྣང་ལ། དབུས་ཀྱི་ཆ་གཅིག་ཀྱང་ཡོད་དགོས་ཏེ། དེ་མེད་ན་ཤར་ནུབ་སོགས་ལ་ལྟ་བ་རྩོམ་མི་ཐུབ་པས་སོ། །དེ་ལྟར་ཆ་བདུན་པོ་རེ་རེ་ལ་ཡང་དེ་བཞིན་དུ་ཕྱེ་བས་དེ་ཡང་མ་གྲུབ། དེ་ལྟར་ཐུག་མེད་དུ་ཕྱེ་བས་མཐའ་མེད་དེ། ལུས་ཞེས་བྱ་བ་བློས་བཏགས་པ་ཙམ་མ་གཏོགས། གནས་ཚུལ་ལ་མ་གྲུབ་པ་ཁོ་ནའོ། །དེས་ན་སྣང་བ་ཙམ་མ་འགགས་པ་སྒྱུ་མ་ལྟ་བུ་ལ། རང་བཞིན་གདོད་ནས་གང་དུའང་མ་གྲུབ་སྟེ། དངོས་པོ་འདི་རྣམས་དེ་ལྟར་ན་གཅིག་ཏུ་མ་གྲུབ། དེ་མ་གྲུབ་པས་དུ་མར་ཡང་མི་འགྲུབ་སྟེ། གཅིག་གཅིག་པོར་གྲུབ་པ་མང་པོར་བསགས་པ་ལས་དུ་མ་སྒྲུབ་དགོས་པའི་ཕྱིར་རོ། །དམིགས་སྐོར་ ང་དྲུག་པའོ། །འོ་ན་གཟུགས་ཕུང་མི་བདེན་ཀྱང་སེམས་སུ་བདེན་པ་ཡིན་སྙམ་ན། སེམས་ལ་དབྱེ་ནའང༌། གཟུགས་མཐོང་བ་དང་སྒྲ་ཚོར་བ་ལ་སོགས་པ་གཙོ་བོར་རྣམ་པར་ཤེས་པ། རྣམ་ཤེས་ཚོགས་བརྒྱད་སོ་སོར་འདུག་སྟེ། རྣམ་ཤེས་ཀྱི་ཕུང་པོ་ཡང་དུ་མར་ཞིག་སྟེ་ཐལ། བདེ་སྡུག་བཏང་སྙོམས་མྱོང་བ་སོགས་ཚོར་བར་འདུག་སྟེ། ཚོར་བ་ཡང་གཅིག་ཏུ་མ་གྲུབ། མཐོ་དམན་བཟང་ངན་མིང་དོན་སྣ་ཚོགས་འཛིན་པ་སོགས་འདུ་ཤེས་སུ་འདུག་སྟེ། དེ་ལའང་གཅིག་ཏུ་ངོས་བཟུང་མ་བྱུང༌། ལྷག་མ་འདོད་ཆགས་ཞེ་སྡང་དད་པ་ལ་སོགས་པ་རྣམ་རྟོག་མི་འདྲ་བ་ཇི་སྙེད་གཅིག་ལ་བློས་བསྡོམས་ནས་འདུ་བྱེད་ཅེས་བཏགས་པར་ཟད་ཀྱི། སེམས་ཞེས་བྱ་བ་ཡང་གཅིག་ཏུ་མ་གྲུབ། གཅིག་མ་གྲུབ་པས་དུ་མར་ཡང་མ་གྲུབ་བོ་ཞེས་བསྒོམ་སྟེ། དམིགས་སྐོར་ང་བདུན་པའོ། །ད་ཤེས་པའི་རྣམ་གྲངས་དེ་ཐམས་ཅད་ཀྱང་རིག་རིག་ཏུར་ཏུར་པོ་འདིའི་རྣམ་འགྱུར་མ་གཏོགས་ཚུགས་ཐུབ་ཏུ་མི་འདུག །དཔེར་ན་ཆུ་ལ་རི་བྲག་གི་གཟུགས་བརྙན་ཤར་བ་དང་འདྲ། རིག་རིག་པོ་འདི་ལ་བལྟས་ན། འདས་པའི་སེམས་ནི་འགགས་ནས་མེད། མ་འོངས་པའི་སེམས་ནི་མ་སྐྱེས་ནས་མེད། ད་ལྟའི་རིག་པ་སྐད་ཅིག་མ་བྱས་ཀྱང་རང་ངོས་ནས་བདེན་པར་གྲུབ་པ་མེད་དེ། སྐད་ཅིག་གཅིག་པོ་དེ་ལའང་སྔ་མ་དང་འབྲེལ་བ་སྐྱེ་བའི་ཆ་གཅིག་དང༌། ཕྱི་མ་དང་འབྲེལ་བ་འགགས་པའི་ཆ་གཅིག་དང༌། དབུས་ན་གནས་པའི་ཆ་གཅིག་སྟེ་སིལ་བུར་འགྲོ། དེའི་དབུས་ཀྱི་ཆ་ལ་བལྟས་ན་ཆ་གསུམ་སོགས་ཐུག་མེད་དུ་དཔྱད་ན་མཐའ་མེད་དུ་སོང་ནས་གང་ཡང་གཅིག་པུའི་ངོ་བོ་མ་གྲུབ་པ་དེར་གདའ། གཅིག་མ་གྲུབ་པས་དུ་མ་མི་འགྲུབ་པ་སོགས་གོང་བཞིན། དམིགས་སྐོར་ང་བརྒྱད་པའོ། །དེས་རང་རྒྱུད་ཀྱི་ཕུང་པོ་བདེན་མེད་དུ་གཏན་ལ་ཕབ་ཟིན། ད་ནི་རང་གི་ལུས་སེམས་ཀྱིས་བསྡུས་པའི་ཕུང་པོ་ལྔ་པོ་བདེན་མེད་དུ་གཏན་ལ་ཕབ་ཟིན་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ཕུང་པོ་ལྔ་ཡང་དེ་དང་འདྲ། ཁྱད་པར་དུ་དགྲ་སྡང་བའམ། གཉེན་བྱམས་པ་ལྟ་བུ་ཉོན་མོངས་དྲག་ཏུ་སྐྱེ་བའི་ཡུལ་གཅིག་ལ་ཆེད་དུ་དམིགས་ནས། རང་གི་ལུས་ལ་དཔྱད་པ་བཞིན་དེའི་ལུས་ལ་ཡང་དཔྱད། རང་གི་སེམས་མིང་གཞིའི་ཕུང་པོ་ལ་དཔྱད་པ་བཞིན་དུ། དེའི་སེམས་ལ་ཡང་དཔྱད་དེ། དེས་ན་སྐྱེ་བོ་ཆེ་གེ་མོ་དང༌། ག་གེ་མོ་ཞེས་བྱ་བ་འདི་ཀུན་ཀྱང་བློས་བཏགས་ནས་སེམས་ཅན་དེ་དང་དེའོ་ཞེས་ཕྱིན་ཅི་ལོག་ཏུ་བཏགས་པར་ཟད་ཀྱི་ངེས་པར་ན་གང་དུ་ཡང་མ་གྲུབ་པས་སྒྱུ་མ་ལྟ་བུའོ་ཞེས་སྦྱངས་ནས། དེས་ཐམས་ཅད་ལ་རིགས་འགྲེས་ཏེ་བསྒོམ་དགོས་སོ། །འདི་བཅུད་ཀྱི་སེམས་ཅན་ཐམས་ཅད་སྟོང་པར་བསྒོམ་པ་ཞེས་བྱ་སྟེ། དམིགས་སྐོར་ང་དགུ་པའོ། །ཡང་བཅུད་ཀྱི་སེམས་ཅན་དུ་མ་ཟད། ཕྱི་སྣོད་ཀྱི་འཇིག་རྟེན་ཡང་མི་བདེན་ཏེ། སྟོང་གསུམ་བཤིག་པས་སྟོང་བར་མ་དང༌། དེ་བཞིན་དུ་སྟོང་སྤྱི་ཕུད་དང༌། གླིང་བཞི་པ་དང༌། འཛམ་བུ་གླིང་ལྟ་བུ་དང༌། རྒྱལ་ཁམས་ གཅིག་དང་། དཔག་ཚད་ཙམ་དང༌། རྒྱང་གྲགས་ཙམ་དང༌། འདོམ་གང་ཙམ་དང༌། ཁྲུ་གྲུ་བཞི་པ་དང༌། སོར་གཅིག་ཙམ་དང༌། ནས་ཙམ་ནས་རྡུལ་ཕྲ་རབ་ཀྱི་བར་དུ་བཤིག་ན་སྔ་མ་སྔ་མ་མ་གྲུབ་ཅིང༌། རྡུལ་ཕྲན་ཡང་སྔོན་བཞིན་དུ་བཤིག་པས་མཐར་གང་ཡང་མ་གྲུབ། གཅིག་ཏུ་མ་གྲུབ་པས་དུ་མ་མི་འགྲུབ་པ་སོགས་གོང་བཞིན་ཏེ། མདོར་ན་འདི་དང་འདི་ལྟ་བུའོ། །འདི་ནི་ཁང་ཁྱིམ་མོ། །འདི་ནི་ཞིང་ངོ༌། །འདི་ནི་འབྲུའོ། །འདི་ནི་ནོར་རྫས་སོ། ། འདི་ནི་ལོ་ཐོག་གོ །དེ་བཞིན་དུ་རི་དང་ཐང་དང་ཆུ་དང་རྒྱལ་ཁམས་ལ་སོགས་པར་འཛིན་པ་དག་ཀྱང་བདེན་དངོས་སུ་མ་གྲུབ་པའི་ཚོགས་པར་སྣང་བ་ཙམ་བློས་མིང་འདོགས་ཐ་དད་བཏགས་ནས་བདེན་དངོས་སུ་འཛིན་པ་ཙམ་དུ་ཟད་ཀྱི། དོན་དུ་ན་ཅུང་ཟད་ཙམ་ཡང་གྲུབ་པ་མེད་དོ་སྙམ་དུ་འདུན་པ་སྦྱངས། སྣོད་ཀྱི་འཇིག་རྟེན་སྟོང་པར་བསྒོམ་པ་སྟེ། དམིགས་སྐོར་དྲུག་ཅུ་པའོ། །ཡང་རང་གཞན་སྣོད་བཅུད་མཐོང་ཐོས་གཟུགས་ཅན་ཐོགས་བཅས་ཐམས་ཅད་ནི། ས་ཆུ་མེ་རླུང་ནམ་མཁའ་སྟེ་ཁམས་ལྔས་བསྡུས། རིག་ཙམ་འགྱུ་བ་ཐམས་ཅད་ནི་རྣམ་པར་ཤེས་པས་བསྡུས། དེ་ལ་འབྱུང་བ་བཞི་པོ་ནི། ཕྲ་མོར་ན་རང་ཚུགས་མ་ཐུབ་སྟེ་འདྲེས་ཤིང་གནས། སའི་རྡུལ་ཕྲན་ཡང་མ་གྲུབ་སྟེ་འབྱུང་བ་གཞན་དང་འདྲེས་པའི་ཕྱིར་དང༌། ནམ་མཁའ་ཞེས་བྱ་བ་ནི་གཟུགས་ཅན་དེ་རྣམས་མེད་པའི་ཤུལ་ལ་བློས་བཏགས་པ་མ་གཏོགས་བྱ་བྱེད་མེད་ཅིང་བདེན་དངོས་མེད་ལ། རྣམ་པར་ཤེས་པ་ ཡང་རྐྱེན་གློ་བུར་བའི་སྣང་ཆ་ཙམ་མ་གཏོགས་ངོས་གཟུང་དུ་མེད་པར་རང་གཞན་སྣོད་བཅུད་ཐམས་ཅད་གནས་ཚུལ་ལ་ཡེ་མ་གྲུབ་ལ། རེ་ཞིག་འཁྲུལ་པ་ཅན་གྱི་བློ་ལ་སྣང་ཆ་མ་འགགས་ཀྱང་རང་བཞིན་མེད་པས་སྒྱུ་མ་ལྟ་བུའོ་སྙམ་དུ་བསྒོམ། སྣོད་བཅུད་ཐམས་ཅད་སྟོང་པར་བསྒོམ་པ་སྟེ། དམིགས་སྐོར་དྲུག་ཅུ་རེ་གཅིག་པའོ། །གཞན་ཡང་དངོས་མེད་ཅེས་བྱ་བ་ནི། དངོས་པོ་ལ་བརྟེན་ནས་བློས་བཞག་པ་ཙམ་ཡིན་གྱི་དོན་དམ་པར་ལྟ་ཅི་སྨོས། ཀུན་རྫོབ་བླང་དོར་གྱི་ཡུལ་དུ་ཡང་མ་གྲུབ་སྟེ་གང་ཡང་ཡོད་པ་མ་ཡིན་ལ། གང་དུ་སྣང་གྲགས་ཀྱི་ཆོས་འདི་དག་ཐམས་ཅད་ཡེ་ནས་མ་གྲུབ་བོ་ཞེས་བསམ་མོ། །གདོད་ནས་རྩ་བ་དང་བྲལ་བ་ལ་སྟོང་པའི་ཆོས་ཞེས་བྱ་བ་ཡང་མེད་དེ། མོ་གཤམ་གྱི་བུ་དང་པོ་ནས་བྱུང་བ་མི་སྲིད་པས་མོ་གཤམ་གྱི་བུ་མེད་ཅེས་པའང་མི་སྲིད་དེ། དེ་འདྲ་བའི་སྟོང་པ་ཡང་མི་སྟོང་པ་ལ་ལྟོས་ཏེ་བློས་བཞག་པ་ཡིན་པའི་ཕྱིར། ཡོད་མེད་ཡིན་མིན་སོགས་ཅིར་ཡང་མ་གྲུབ་པ་ལ་བློས་གང་དུའང་མི་འཛིན་པར་གསལ་ལ་རྟོག་མེད་ཀྱི་ངང་དུ་ལྷན་ནེ་འཇོག །ཡང་རྟོག་པ་སྐྱེས་བྱུང་ན། དེའི་ངོ་བོ་ལ་བལྟས་ཏེ་ངོས་བཟུང་དང་བྲལ་བ་དེ་ཀ་བསྒོམ། དམིགས་པ་སྔ་མ་དང་འདི་གཉིས་སྦྲེལ་ནས་གསལ་ལ་ཐུང་བ་ཡང་ཡང་བསྒོམ་པ་གནད་དུ་ཆེ། མཐར་ཐུག་སྤྲོས་བྲལ་བསྒོམ་པའི་དམིགས་པ་སྟེ། དམིགས་སྐོར་རེ་གཉིས་པའོ། །དེ་ནས་དེ་ཐམས་ཅད་བསྡོམས་ནས་བསྒོམ་སྟེ། སྔར་གྱི་གོ་བ་རྣམས་ ཡུད་ཅིག་དྲན་པར་བྱས་ནས། རང་གཞན་སྣོད་བཅུད་འདི་དག་ཐམས་ཅད་ལ་ང་བདག་ཅེས་བྱ་བ་ཡང་མ་གྲུབ། བྱེད་པ་པོ་གང་ཡང་མེད་དེ། རྟེན་འབྲེལ་ཚོགས་པ་ཙམ་ལས་སྣང་བ་ཡིན། འདི་ཐམས་ཅད་གཅིག་དང་དུ་མ་གང་ཡང་མ་གྲུབ་པས་འཁྲུལ་ངོར་སྣང་ཙམ་མ་གཏོགས། གནས་ལུགས་ལ་ཅི་ཡང་མ་གྲུབ་ཅིང༌། ལེགས་པར་བརྟགས་ན་མ་གྲུབ་པ་དང་མེད་པ་ཞེས་བྱ་བ་ཡང་བློས་ཡོད་པའི་མཚན་ཉིད་གཅིག་གསར་དུ་བཅོས་ནས་དེ་དང་འགལ་བར་སྣང་བ་ལ་མེད་པ་དང་མ་གྲུབ་པའི་ཐ་སྙད་བཏགས་པ་ཙམ་དུ་ཟད་དོ། །དེ་ལྟར་ཕན་ཚུན་བརྟགས་པས་དམིགས་གཏད་ཡལ་བ་དེ་ལ་ཅིར་ཡང་མི་བསམ་པར་མཉམ་པར་བཞག་ཅིང༌། སྔར་གྱི་དམིགས་གཏད་སངས་པའི་ངོས་བཟུང་ཐམས་ཅད་དང་བྲལ་བའི་རྣམ་ཆ་དེ་མ་ཡལ་བར་དུ་མི་རྟོག་པ་དེ་ལ་བཞག །ཡང་དེ་ཡལ་སོང་ན་སྟོང་ཉིད་ཀྱི་རྣམ་པ་ནུབ་པའི་མི་རྟོག་པ་ཙམ་ལ་མི་འཇུག་སྟེ། སྔར་གྱི་དེ་བསྐྱར་གྱིན་བསྒོམ་དགོས་པས་ཡལ་མ་ཡལ་གྱི་ས་མཚམས་ཤེས་པ་གལ་ཆེ་གསུང༌། ཐོག་མའི་སྐབས་སུ་སྡོད་པའི་རྣམ་པ་ཡུན་རིང་མི་སྡོད་པ་འདྲ་བ་ཞིག་ཡོང་ཡང་ཉམས་མྱོང་གི་སྣེ་ཞིག་རྙེད་པའི་མཚམས་ནས་ཇེ་རིང་ཇེ་རིང་ལ་འགྲོ། འདིར་དམིགས་པ་ལ་སེམས་གཏད་པ་འཇོག་པ་དང༌། དེའི་རྒྱུན་བསྲིང་བ་ཉེ་བར་འཇོག་པ་ཡིན། རྣམ་རྟོག་བྱུང་ཚད་འཕྲོ་གཅོད་པ་དེ་བསླན་ཏེ་འཇོག་པ་ཡིན། དེ་ནས་ཡུན་ཇེ་རིང་ཇེ་རིང་ལ་འགྲོ་བ་དེ་ཉེ་བར་འཇོག་པ་ཡིན། དེ་ནས་ ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་ནས་དགའ་བ་བསྒོམས་པས་ལྷག་པར་བསྒོམ་པ་ལ་སྤྲོ་བ་འབྱུང་སྟེ། འདུལ་བར་བྱེད་པ་ཡིན། རེས་འགའ་རྣམ་གཡེང་ལ་སོགས་པའི་ཉེས་དམིགས་དྲན་པས་རྣམ་གཡེང་སོགས་རང་འགགས་ལ་འགྲོ་སྟེ། ཞི་བར་བྱེད་པ་ཡིན། དེ་གཉིས་སྤྲོ་བ་བསྐྱེད་པ་དང་སྐྱོ་ཤས་བསྐྱེད་པའི་རྣམ་གྲངས་ཡིན། རེ་དོགས་དང་ཆགས་སྡང་གི་རྣམ་རྟོག་གང་བྱུང་བ་ཐམས་ཅད་གང་སྐྱེས་ཀྱི་ངོ་བོ་ལ་ཆེར་རེ་བལྟས་པས། སྔར་ཤེས་པ་བདེན་མེད་དུ་བསྒོམས་པ་དེས་རྒྱས་ཐེབས་ནས། རང་བབས་སུ་ཞི་བ་ནི་ཉེ་བར་ཞི་བ་ཡིན། རེ་ཞིག་བར་ལ་རྒྱུད་ལང་ཤོར་ཅན་དེ་ཐབས་དེ་དག་གིས་ཡང་ཡང་འཚོ་དགོས་ཤིང༌། དེ་ནས་ཇི་ཞིག་ལྟར་ན་སེམས་བསྒྲིམས་ན་བྱིང་རྒོད་ཀྱི་སྐྱོན་མེད་ཅིང༌། དམིགས་ཡུལ་སྟོང་པའི་རྣམ་པ་དེ་ལ་སེམས་ཡུན་རིང་དུ་གནས་པར་འགྱུར། དེ་སྐབས་བསྒྲིམ་དགོས་ཏེ། སེམས་ཀྱི་རྒྱུད་གཅིག་ཏུ་བྱེད་བྱ་བ་དེ་ཡིན། མཐར་སྔར་གྱི་ལྟ་བའི་ཉམས་མྱོང་དྲན་ཙམ་བྱས་ནས་བཞག་པ་ཁོ་ནས་སྟོང་པའི་རྣམ་པ་ཅན་དེ་ཡུན་རིང་དུ་གནས་པ་འབྱུང་སྟེ། དེའི་ཚེ་རྩོལ་བ་ཀློད་དེ་རང་བབས་སུ་འཇོག་དགོས་པས་མཉམ་པར་བཞག་པ་ཞེས་བྱ་བ་གྲུབ་པ་ཡིན་ནོ། །སྒོམ་སྐྱོང་ཚུལ་འདི། ཆོས་མངོན་པ་ལས། ལྷག་མཐོང་སྔོན་དུ་སོང་བའི་ཞི་གནས་སྒོམ་ཚུལ་གཅིག་ཀྱང་ཡོད་པ་དེའི་ལུགས་ཡིན། འདི་ཀ་མ་ལ་ཤཱི་ལའི་སྒོམ་རིམ་ལ་སོགས་པའི་ལུགས་དང་མཚུངས་པར་དཔྱད་པ་སྔོན་སོང་གི་ མི་རྟོག་པ་སྒོམ་ཚུལ་ཡིན། བཤེས་གཉེན་པོ་ཏོ་བ་ཆེན་པོའི་བེའུ་བུམ་ལས། དཔལ་ལྡན་ཨ་ཏི་ཤའི་ལུགས་ལ་དཔྱད་པ་སྔོན་སོང་ཁོ་ན་དགོས་པར་གསུངས། འོན་ཀྱང་ཨ་ཏི་ཤའི་བློ་སྦྱོང་གི་གདམས་ངག་འགའ་རེ་སོགས་མདོ་ལུགས་དང༌། ཕྱག་ཆེན་སོགས་སྔགས་ཀྱི་གདམས་ངག་མང་པོ་ལ་དཔྱད་པ་སྤངས་པའི་གདམས་ངག་ཀྱང་ཤིན་ཏུ་མང་མོད། རེ་ཞིག་བསྟན་རིམ་གྱི་མན་ངག་སྟོན་པའི་སྐབས་འདིར། བཤེས་གཉེན་ཆེན་པོ་པོ་ཏོ་བས་གསུངས་པ་ལྟར་བྱེད་དགོས་སོ། །དམིགས་སྐོར་རེ་གསུམ་མོ། །ལྟ་བ་སྐྱོང་ལུགས་འདིའི་རིགས་ལ་སེམས་གནས་པ་ནམ་གྲུབ་པ་ན་ལྷག་མཐོང་ཡང་གྲུབ་སྟེ། ཐོག་མ་ཉིད་ནས་ཞི་ལྷག་ཟུང་དུ་འཇུག་པ་ཉིད་ཡོང་བར་བཞེད་དོ༑ ༑གསུམ་པ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ནི། དེ་ལ་སྟོང་རྐྱང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པར་མི་འགྲོ་བས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཅིག་དགོས་པ་ཡིན། དེ་ལྟར་ན་དོན་དམ་པར་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་གང་ཡང་མ་གྲུབ་པར་འདུག །དཔེ་ནམ་མཁའ་དང་འདྲ། དེ་ལྟར་མ་གྲུབ་པ་ལ་མ་གྲུབ་པར་མངོན་སུམ་དུ་རྟོགས་ན། སྡུག་བསྔལ་མྱོང་བ་པོའི་སེམས་ཅན་ཡང་མེད། མྱོང་རྒྱུའི་སྡུག་བསྔལ་ཡང་མེད། མྱོང་ཚུལ་ལས་ཉོན་སྡུག་བསྔལ་གསུམ་ཕན་ཚུན་གཅིག་ནས་གཅིག་ཏུ་འཁོར་འགྲོ་རྒྱུ་ཡང་གདོད་ནས་མ་གྲུབ་པར་འདུག་མོད། དེ་ལྟར་མ་རྟོགས་ཙ་ན། སྡུག་བསྔལ་མྱོང་བ་པོའི་སེམས་ཅན་གྱི་སྣང་བ་ཡང་ཤར། མྱོང་བྱ་ སྡུག་བསྔལ་གྱི་སྣང་བ་ཡང་ཤར། མྱོང་ཚུལ་དང་འཁོར་ཚུལ་ཡང་ཤར། དེ་ཐམས་ཅད་མེད་བཞིན་དུ་སྣང་བ་ཡིན་ཀྱང་སྒྱུ་མས་བསླུས་པའི་སེམས་ཅན་ལྟར་སྡུག་བསྔལ་སྣ་ཚོགས་མྱོང་བ་སྙིང་རེ་རྗེ། འདི་རྣམས་འཁྲུལ་པ་སངས་ཏེ། གནས་ལུགས་རྟོགས་པའི་སངས་རྒྱས་ལ་འགོད་པར་བྱ། དོན་དམ་པར་བདག་ཀྱང་མ་གྲུབ། སེམས་ཅན་དེ་རྣམས་ཀྱང་མ་གྲུབ། འཁྲུལ་པ་ཡང་མ་གྲུབ། འཁྲུལ་པ་སེལ་བར་བྱེད་པའི་ལམ་ཡང་མ་གྲུབ་མོད་ཀྱི། ཀུན་རྫོབ་འཁྲུལ་པའི་སྣང་བ་ཙམ་དུ་སྡུག་བསྔལ་དང་སྒྲིབ་པ་ཡོད་པར་སྣང་བ་བཞིན་དུ། ལམ་ཡང་ཡོད་པར་སྣང༌། ལམ་བསྒོམས་པས་འཁྲུལ་པ་སངས་ཏེ། གནས་ལུགས་ལ་ངང་གིས་གནས་པའི་སངས་རྒྱས་སུ་འགྱུར་བའང་ཡིན་པ་ལ། སྒྱུ་མ་ལྟ་བུའི་བདག་གིས་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ། སྒྱུ་མ་ལྟ་བུའི་ལམ་མམ་ཆོས་བསྟན་པས་སྒྱུ་མ་ལྟ་བུའི་སྡུག་བསྔལ་གྱིས་ཤ་ཐང་ཆད་པ་འདི་དབྱིངས་སུ་དགྲོལ་བར་བྱའོ། །སྡུག་བསྔལ་མྱོང་བྱ་མྱོང་བྱེད་ཐམས་ཅད་བདེན་པར་མ་གྲུབ་ལ། སྣང་གྲགས་ཀྱི་ཆོས་གང་ཡང་བདེན་པར་གྲུབ་པ་མི་སྲིད་མོད་ཀྱི། རྟག་པ་མཐར་བཟུང་སྟེ། ཅི་སྟེ་བདེན་གྲུབ་ཀྱི་སྡུག་བསྔལ་ཞིག་སྲིད་དུ་ཆུག་ཀྱང༌། བདེན་མེད་ཀྱི་སྡུག་བསྔལ་མྱོང་བ་འདི་ལས་ལྷག་པའི་སྡུག་བསྔལ་མྱོང་རྒྱུ་མེད། འདི་མེད་པར་རྟོགས་ན་རང་གྲོལ་དུ་འདུག་པ་ལ་དེ་ལྟར་མ་རྟོགས་པ་སྙིང་རེ་རྗེ། ཞེས་ཡང་ཡང་བསམ་ཞིང་བསྒོམ། དམིགས་སྐོར་དྲུག་ཅུ་རེ་བཞི་པའོ། ། ད་ནི་དེའི་བོགས་འདོན་དུ་ཞག་གཅིག་སྟོང་ཉིད་འབའ་ཞིག་བསྒོམ། ཞག་གཅིག་སྙིང་རྗེ་འབའ་ཞིག་བསྒོམ། ཞག་གཅིག་སྔར་གྱི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་དེ་བསྒོམ། དེ་འདྲ་ཡང་ཡང་བྱས་པས་བོགས་ཤིག་ཐོན་ནས་འོང༌། ཡང་རེས་འགའ་ཐུན་གཅིག་སྟོང་ཉིད་རྐྱང་པ་བསྒོམ། ཐུན་གཅིག་སྙིང་རྗེ་རྐྱང་པ་བསྒོམ། ཐུན་གཅིག་གམ་གཉིས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་བསྒོམ། དེ་ལྟར་སྐབས་སྐབས་སུ་ཡང་ཡང་བྱས་པས་བོགས་ཤིག་ཐོན་ནས་ཡོང༌། ཐུན་གཅིག་གོ །ད་འདི་ལ་གེགས་སེལ་གྱི་ཐ་སྙད་གསུང་བར་གདའ། སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་དེ་སྒོམ་གྱི་མཐིལ་ཡིན། དེ་ལ་ཚེ་འདིའི་བདེ་བ་ལ་ཞེན་པའི་གེགས་འབྱུང་སྟེ། ཚེ་འདིར་ལོངས་སྤྱོད་ཆེ་བ་དང༌། གཏམ་སྙན་པ་དང༌། ཁ་དྲག་པ་ཅིག་འདོད་དམ། མི་གཞན་རྣམས་ཀྱིས་ཀྱང་ཆོས་པ་བཟང་པོར་འཛིན་དུ་རེ། གཞན་བས་རང་ལྷག་པ་གཅིག་ཡོང་དུ་རེ། སྙིང་ནས་འདོད་ཞེན་མ་ལོག་པར་གཞན་སུན་འབྱིན་པའི་ཕྱིར་དང༌། རང་ཕྱོགས་འཁྱོངས་པའི་ཕྱིར་དུ་བྱ་བཏང་བྱེད། ཆིིག་རིའམ། འདག་སྦྱར་རམ། དཀའ་ཐུབ་བམ། ལྡུམ་བུའམ། ལྟོ་འདོད་ཀྱི་བཙུན་པ། གྲགས་ཕྱིར་གྱི་བསྙེན་རྫོགས། ཁེངས་དྲེགས་ཀྱི་ཚུལ་འཆོས། ཕུགས་མི་ཐམས་ཅད་རང་ལ་དད་པ་སྐྱེས་ཏེ། རང་རྒྱལ་བ་ཞིག་ཡོང་དུ་རེ་བས་འཕྲལ་ཕམ་ཁ་ལེན་པ་ལྟར་བྱེད་པ་སོགས་ཀྱང་ཆོས་ལ་སྙད་ནས་འཇིག་རྟེན་གྱི་ཆེ་ཐབས་སྒྲུབ་པར་གདའ། སྟོང་ཉིད་སྙིང་རྗེ་དང་རྒྱབ་འགལ་ཡིན། དེ་དག་དུག་དང་འདྲེས་པའི་ ཟས་བྱ་བ་ལགས། ཐོག་མ་ཉིད་ནས་འཇིག་རྟེན་ཕལ་པ་བསམ་པ་དང་སྤྱོད་པ་གཉིས་དཀར་ནག་རྐྱང་དུ་སོང་བ་དེ་ཆེས་སྨད་པ་གཞིར་བཞག་མོད་ཀྱང༌། དེ་ལ་དགེ་སྦྱོར་དང་འདྲེས་པ་ལྟར་བཟང་རྫུའི་ཡུལ་དུ་ཡང་མ་བྱུང༌། དེ་རྣམས་ཀྱི་གཉེན་པོར་སྐྱེས་བུ་ཆུང་ངུའི་བསམ་པ་ཡང་ཡང་དྲན་དགོས། ཕྱི་མ་ལྷ་མིའི་བདེ་བ་ལ་ཞེན་པའི་གེགས་བྱ་བ། འཁོར་བའི་བདེ་བ་ལ་སྲེད་པ་མ་ལོག་པས་སྦྱིན་པ་འདྲ་གཏོང༌། ཚུལ་ཁྲིམས་འདྲ་སྲུང༌། ཁྲིགས་ཆགས་ཀྱི་དགེ་སྦྱོར་བག་རེ་བྱེད་ཀྱང་སྐྱེ་བ་ཕྱི་མའི་ཟས་གོས་ལོངས་སྤྱོད་གནས་ཁང༌། བུ་སྨད་འཁོར་གཡོག་དབང་ཐང་འཛོམས་པའི་སྐྱིད་པ་གཅིག་ཀ་སྨོན་ན། སྟོང་ཉིད་སྙིང་རྗེའི་མི་མཐུན་ཕྱོགས་སུ་སོང༌། དེའི་གཉེན་པོར་སྐྱེས་བུ་འབྲིང་གི་བསམ་པ་རྣམས་བསྐྱར་གྱིན་བསྒོམ་དགོས། བློ་ཆོས་སུ་སོང་ཡང་རང་དོན་ཡིད་བྱེད་ཁོ་ན་འདུག་ན་སྟོང་ཉིད་སྙིང་རྗེ་དང་རྒྱབ་འགལ་ཡིན་པས། དེའི་གཉེན་པོར་བདག་གཞན་མཉམ་པ་དང་བརྗེ་བ་བསྒོམ་དགོས། དེ་ཡང་གོ་ཡུལ་ཙམ་ལ་མ་ལུས་པའི་རང་གི་ལུས་སེམས་ཀྱི་ཐོག་ཏུ་དམིགས་གཏད་ཁེལ་ངེས་ཤེས་པ་གལ་ཆེ། དེའི་གདམས་ངག་བློ་སྦྱོང་ན་གསལ། སྤྱོད་འཇུག་དང་བསླབ་བཏུས་ཀུན་ན་ཡང་རྒྱས་པར་ཡོད། རྒྱལ་ཚབ་བྱམས་པས། བདག་དང་གཞན་དུ་མཉམ་པའི་སེམས་ཉིད་དམ། །བདག་བས་གཞན་གཅེས་སྡུག་པ་རྙེད་ནས་ནི། །དེ་ལྟར་བདག་བས་གཞན་དོན་མཆོག་ཏུ་ཤེས། །རང་གི་དོན་གང་གཞན་གྱི་དོན་ གང་ཡིན། །ཅེས་གསུངས། སྟོང་ཉིད་སྒོམ་པའི་གོ་ཡུལ་ཡང་ཡང་བྱས་ཀྱང༌། བདེན་པར་མེད་དོ། །སྒྱུ་མ་ལྟ་བུའོ་བྱ་བ་དེ་ཡལ་ཡུལ་དུ་སོང་ནས་གནད་དུ་མ་འབྱོར། དགྲ་གཉེན་ལོངས་སྤྱོད་གཏམ་སོགས་ཀྱི་རྣམ་རྟོག་རགས་པ་དེ་ཀ་འདུག་ན། སྟོང་ཉིད་སྙིང་རྗེའི་མི་མཐུན་ཕྱོགས་ཡིན་པས་རང་གི་ལུས་སེམས་རྫས་ཡོ་བྱད་དགྲ་གཉེན་རྣམས་ཀྱི་སྟེང་དུ། སྒྱུ་མ་ལྟ་བུའི་བློ་དེ་ཁ་ལ་ངེས་ཤེས་སྙིང་ཐག་པ་ནས་སྐྱོང་བ་གལ་ཆེ། དེ་ཡང་ཐུན་གཅིག་གོ ། ཡང་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་སྡུག་བསྔལ། ལས་རྒྱུ་འབྲས། ཆོས་ལ་དད་པ། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས། བདག་མེད་གཉིས་བསྒོམ་པ་རྣམས་ཞག་རེའམ། ཐུན་རེའི་ནང་དུ་རེས་འགའ་བསྟར་ཆགས་སུ་བསྒོམ། རེས་འགའ་ལུགས་ཟློག་ཏུ་བསྒོམ། རེས་འགའ་རྐང་འཐོན་དུ་བསྒོམ། རེས་འགའ་དཀྲུགས་པ་དང་འཆོལ་བར་བསྒོམ། རེས་འགའ་སེམས་ལ་གང་གནོད་པའི་སྤང་བྱ་ཤས་ཆེ་བ་དེའི་སྟེང་དུ་བསྒོམ། རེ་འགའ་འདི་སྒོམ་བདེ་བར་འདུག་སྙམ་པ་དེ་བསྒོམ། འདི་ཡང་ཐུན་གཅིག་གོ །རྒྱུན་གྱི་ཉམས་ལེན་ལ་མི་རྟག་པ་དུར་དུར་དྲན་པ་དང༌། ལས་འབྲས་ཀྱི་དོན་བསམ་པའི་འཛེམ་བག་དང༌། ཁམས་གསུམ་འཁོར་བ་ཐམས་ཅད་ལ་སྙིང་རྗེ་དང༌། སྤྲོས་བྲལ་གྱི་གནས་ལུགས་ལ་མཉམ་པར་འཇོག་པ་སྟེ། བཞི་པོ་འདི་གཙོ་བོར་བསྒོམ། གཞན་རྣམས་འཁོར་གྱི་ཚུལ་དུ་བསྒོམ་མོ། །ཆོས་འདི་སྤྱོད་པའི་བླ་མ་དམ་པའམ། གྲོགས་བཟང་པོ་དང་ འགྲོགས། ཐུན་མཚམས་སུ་མདོ་སྡེ་རྣམས་ཀློག་པའམ། ཉན་པས་ཀྱང་སྒོམ་གྱི་བོགས་འབྱིན། ཆོས་ལ་ངེས་པ་རྙེད། དད་པ་གསོས་འདེབས་པ་ཡིན། ཁྱད་པར་བཀའ་གདམས་གོང་མའི་གསུང་བསྟན་རིམ་དང་འབྲེལ་བའི་བེའུ་བུམ་རེ་ལའང་ལྟ་རྟོག་དང་ནན་ཆགས་དང་དོན་སེམས་ཐོག་ཏུ་འཇོག་པ་ཁོ་ན་གནད་དུ་ཆེ་བ་ལགས། འདི་ལའང་ཐུན་གཅིག་སྟེ། ཕྱི་མ་བཞི་པོ་འདི་རྒྱུན་གྱི་ཉམས་ལེན་དང༌། གེགས་སེལ་བོགས་འདོན་ལ་སློབ་པ་ཡིན། དམིགས་སྐོར་དུ་བཅད་མི་དགོས། ཡང་དམིགས་སྐོར་དུ་བྱས་ཀྱང་འགལ་བ་ཡང་མེད་དོ། །རྩ་བའི་ས་བཅད་གསུམ་པ། དེ་ལས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་འགྲུབ་ཚུལ་ནི། རྒྱས་པར་གཞུང་ལུགས་ཆེན་པོ་རྣམས་ཉན་པས་གོ་བར་འགྱུར། འདིར་བཤད་ཀྱི་ཡང་མི་ལང་བ་ལགས། སྙིང་པོ་ནི། ཇི་སྐད་དུ། སློབ་དཔོན་འཕགས་པས། ཚུལ་ཁྲིམས་སྦྱིན་པ་གཞན་གྱི་དོན། །བརྩོན་འགྲུས་བཟོད་པ་བདག་ཉིད་ཀྱི། །བསམ་གཏན་ཤེས་རབ་ཐར་པའི་རྒྱུ། །སྙིང་རྗེ་བས་ནི་དོན་ཀུན་འགྲུབ། །ཅེས་དང༌། བདུན་པོ་འདི་དག་མ་ལུས་པར། །གཅིག་ཅར་ཕ་རོལ་ཕྱིན་པ་ཡིས། །ཡེ་ཤེས་བསམ་གྱིས་མི་ཁྱབ་ཡུལ། །འཇིག་རྟེན་མགོན་པོ་ཉིད་ཐོབ་འགྱུར། །ཅེས་གསུངས་པ་ལྟར་ཡིན་ཏེ། བསམ་པ་བྱང་ཆུབ་ཀྱི་སེམས་དང༌། སྤྱོད་པ་སྦྱིན་སོགས་དྲུག་ལ་སྦྱངས་པས། རང་ཤུགས་ཀྱིས་ཆོས་ལས་གཞན་དུ་བློ་མི་འགྲོ་ཞིང༌། དཀོན་མཆོག་ལ་དད་པ་དང༌། ལས་འབྲས་ལ་འཛེམ་བག་དང༌། འཁོར་བ་ལ་སྐྱོ་ཤས་རྣམས་ངང་གིས་སྐྱེ། ཆོས་རྩེ་གཅིག་ཏུ་བསྒོམ་པ་ལ་སུན་པ་མེད་པར་སྤྲོ་བ་ངང་གིས་འཕེལ་ན། ཏིང་ངེ་འཛིན་བརྟན་པོ་སྐྱེས་རུང་མ་སྐྱེས་རུང་ལམ་སྣ་ཟིན་པ་དང༌། ཚོགས་ལམ་ཆུང་ངུ་རྒྱུད་ལ་སྐྱེས་པ་ཡིན་ནོ། །དེ་ནས་ཚོགས་ལམ་དུ་མི་རྟག་སྡུག་བསྔལ་སྟོང་བདག་མེད་ཀྱི་དོན་ལ་གསལ་སྣང་ཅུང་ཟད་རྙེད་པ་ནི། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་བྱའོ། །དེ་ནས་བསྒོམ་པའི་སྟོབས་དང་ཚོགས་བསགས་པའི་སྟོབས་གཉིས་འཛོམས་པ་ལས། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཞེས་སོགས་ལྟར། ཕུང་པོ་ལྔ་སྒྱུ་མ་ལྟར་རྟོགས་ཤིང༌། ཆོས་ཀྱི་བདག་མེད་ལ་གསལ་སྣང་རིམ་པས་རྙེད་པ་ནི། དོན་རབ་འབྱེད་པའི་བསམ་གཏན་ཞེས་པའོ༑ ༑མཐོང་ལམ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་ས་བཅུ་ལ་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེས་པ་ནི། དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་ཞེས་བྱའོ། །ས་དང་པོ་ནས་བདུན་པའི་བར་དུ་དེ་བཞིན་གཤེགས་པ་དགེ་བའི་བསམ་གཏན་ཆ་ཕྲ་བ་ཙམ་ཡོད་ལ། ས་བརྒྱད་པ་དགུ་པ་བཅུ་པ་རྣམས་ལ། ཆུང་ངུ་དང་འབྲིང་དང་ཆེན་པོ་དག་ཡོད་དོ། །རྫོགས་པའི་སངས་རྒྱས་ཀྱི་སར་ནི། དེ་བཞིན་གཤེགས་པ་དགེ་བའི་བསམ་གཏན་མཐར་ཐུག་པ་ཡོད་དེ། བསམ་གཏན་བཞི་པ་འདི་ནི་སྙིང་པོ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཏེ་རྒྱས་པར་གཞན་དུ་རྟོགས་པར་བྱའོ། །བསམ་གཏན་བཞི་པོ་འདི་གོང་མའི་ཡི་གེ་ན་མ་བྲིས་ཀྱང་མདོ་ནས་ འབྱུང་བ་ལྟར་བཀོད་པ་ཡིན་ནོ། །དང་པོར་ལམ་སྣ་མ་ཟིན་གྱི་བར་དུ་ཅུང་དཀའ་བ་ཡིན་པས་བྱ་བ་གཞན་ཐམས་ཅད་བོར་ལ་གཅིག་ཏུ་འབད་པ་གལ་ཆེ། དེ་ནས་ཀྱང་འབད་རྩོལ་གོང་འཕེལ་དུ་གཏོང་དགོས་མོད་ཀྱི་ཅུང་ཟད་སླ་བར་འོང༌། ཚོགས་སྒོ་དུ་མ་ནས་བསགས། སྨོན་ལམ་ཕྱོགས་སྣ་ཚོགས་ནས་བཏབ་སྟེ་རྒྱུད་སྦྱངས་པས་སྦྱོར་ལམ་གྱི་ཡེ་ཤེས་སྐྱེས་པ་ན། རང་ཤུགས་ཀྱིས་གོང་འཕེལ་དུ་འགྲོ་ཞིང་འཇུག་པ་བདེ་བ་ཡིན། དེར་ཡང་བདུད་ཀྱི་ལས་ཕྲ་མོ་སྤོང་བ་དང༌། གེགས་སེལ་བ་དང༌། བོགས་དབྱུང་བ་མང་དུ་དགོས་པར་ཡོད། དེ་ནས་རིམ་པས་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། དེ་ནས་བདེ་བ་ནས་བདེ་བར་སྤྱོད་པ་འབའ་ཞིག་གོ །འབྲས་བུའི་སངས་རྒྱས་ནི། ངོ་བོ་ཉིད་སྐུ་རང་བཞིན་འོད་གསལ་སྤྲོས་བྲལ་གྱི་ཡེ་ཤེས་དང༌། ལོངས་སྐུ་འོག་མིན་དུ་དག་པའི་འཁོར་ལ་ཆོས་འཁོར་མཐར་ཐུག་སྐོར་བ་པོ་དང༌། སྤྲུལ་པའི་སྐུ་མ་དག་པའི་ཞིང་རྣམས་སུ་གང་ལ་གང་འདུལ་གྱིས་འགྲོ་བའི་དོན་མཛད་པ་དང༌། ཕྲིན་ལས་ནི་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་སྐལ་པ་དང་འཚམས་པར་ཕན་པ་དང་བདེ་བ་བླ་ན་མེད་པ་ལ་འགོད་པའོ། །འདི་ལ་ཐུན་གྱི་ངེས་པ་མེད་ཇི་ལྟར་འཚམས་པར་བཤད་པར་བྱའོ། །དེས་བསྟན་པ་ལ་འཇུག་པ་ཞེས་བྱ་བའི་ཁྲིད་ལེགས་པར་ཚར་རོ། །ད་ནི་གྲུབ་འབྲས་སེམས་བསྐྱེད་དང༌། བྱང་སྡོམ་ལེན་པའི་ཆོ་ག་བཤད་པར་བྱ་སྟེ། དེ་ལ་གཉིས། སེམས་བསྐྱེད་ཀྱི་ཆོ་ག་དང༌། བྱང་སྡོམ་གྱི་ཆོ་གའོ། །དང་པོ་ནི། རྟེན་དང་མཆོད་པ་བཤམས། མཎྜལ་ཕུལ་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ། ཅེས་ལན་གསུམ་རྗེས་ཟློས་བྱ། དེ་ནས་དགོངས་གསོལ་གོང་བཞིན་ལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའི་རྗེས་ཟློས་ལན་གསུམ་བྱ། སྐྱབས་འགྲོ་རེ་རེ་བཞིན་དགོངས་གསོལ་རེ་བྱེད་པ་དེ་རྒྱས་པའི་ལུགས་ཡིན། བསྡུ་ན་འདི་ཙམ་གྱིས་ཆོག །བར་འདིར་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་ བདུན་པ་ཚར་གསུམ་བྱ་སྟེ་ཚོགས་བསགས་པའོ། །དངོས་གཞིའི་ཆོ་ག་ནི་དགོངས་གསོལ་གོང་དང་འདྲ། བདག་མིང་འདི་ཞེས་བགྱི་བས། སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་དང༌། སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་བདག་གིས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ནས། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱི་སྟེ། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་ལན་གསུམ་རྗེས་ཟློས་བྱར་གཞུག །སྨོན་སེམས་ཀྱི་བསླབ་བྱ་གོང་དུ་བཤད་པ་རྣམས་ལས་ཅི་རིགས་པའམ་རྒྱས་བསྡུས་ཇི་ལྟར་རིགས་པ་བཤད། འཕགས་པ་སྤྱན་རས་གཟིགས་ཀྱིས་ཞུས་པ་ཆོས་བདུན་པ་ཞེས་བྱ་བའི་མདོ་དང༌། སྡོང་པོ་བཀོད་པ་ལ་སོགས་པའི་ མདོ་ནས་བསླབ་བྱ་དང་ཕན་ཡོན་དུ་མ་འབྱུང་བ་རྣམས་རྒྱས་པར་མདོ་སྡེ་དེ་དག་ལས་ཤེས་པར་བྱའོ། །ཞེས་བརྗོད། དེ་ནས་སྨོན་ལམ་ཇི་ལྟར་འོས་པ་གདབ་ཅིང༌། བསྡུ་ན། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་བརྗོད། སླར་ཡང་དཀོན་མཆོག་མཆོད། སློབ་དཔོན་ལ་ཡོན་དབུལ། འདི་ནི་སེམས་བསྐྱེད་ཀྱི་ཆོ་གར་གྲགས་པ་སྨོན་སེམས་ཀྱི་ཆོ་ག་སྟེ། འདི་ལ་སྣོད་བརྟག་པ་དང༌། སོ་ཐར་རིགས་བརྒྱད་སྔོན་དུ་འགྲོ་བ་སོགས་གང་ཡང་མི་དགོས་པས་དོན་དུ་གཉེར་བ་ཐམས་ཅད་ལ་སྦྱིན་དུ་རུང་ངོ༌། །འདི་ནི་བྱམས་པ་ནས་བརྒྱུད་པའི་སེམས་བསྐྱེད་དེ། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་སེམས་བསྐྱེད་ཀྱི་ཆོ་ག་ལོགས་པ་ཞིག་འཕགས་ཡུལ་ན་ཡོད་པར་གྲགས་ལ། དེ་ནི་དཀོན་བརྩེགས་ཀྱི་ནང་གི་འདི་མ་ཡིན་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་མདོ་ལོགས་པ་ཞིག་ལས་བསྡུས་པ་སྟེ། དེའི་དགོངས་དོན་ཕྱོགས་འདིར་ཡོད་པ། དཔལ་ལྡན་ཨ་ཏི་ཤས་མཛད་པའི་སེམས་བསྐྱེད་ཀྱི་ཆོ་ག་ན་གསལ་བར་བཞུགས་པ་བཞིན་བཀོད་པ་ཡིན་ནོ། །གཉིས་པ་བྱང་སྡོམ་ལེན་པའི་ཆོ་ག་ནི། རབ་ཏུ་བྱང་ཆུབ་སེམས་དཔའི་བསླབ་གཞི་རྒྱས་པར་སྟོན་པ་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཡིན་པས་མདོ་སྡེ་མང་དུ་ཐོས་པར་བྱ། ཡང་ན་བྱང་ཆུབ་སེམས་དཔའི་སའམ། བསླབ་པ་ཀུན་ལས་བཏུས་པ་ལྟ་བུ་ཉན་ནའང༌། ཐེག་ཆེན་ཀུན་གྱི་སྙིང་པོ་འདུས་པ་ཡིན་པས་ཤིན་ཏུ་ལེགས། འཕགས་པ་དཀོན་མཆོག་སྤྲིན་ ནམ་ནམ་མཁའི་སྙིང་པོའི་མདོ་ལྟ་བུ་གཅིག་གི་བཀླགས་ལུང་ཙམ་མ་མཐའ་ཡང་ངེས་པར་ཐོབ་པར་བྱའོ། །སྔར་བསྟན་རིམ་གྱི་ཁྲིད་ཞིབ་པར་བསྐྱངས་པས་ཀྱང་ཐེག་ཆེན་གྱི་སྙིང་པོ་ཐོས་པ་ཡིན་མོད་ཀྱི། རྗོད་བྱེད་ཚིག་གི་སྒོ་ནས་ཐེག་ཆེན་གྱི་མདོ་སྡེ་གཅིག་མ་ཐོས་པའི་ཐབས་མེད། དེ་ནས་བྱང་སྡོམ་བླང་བ་དངོས་ནི། རྟེན་གསུམ་གྱི་དྲུང་དུ་མཆོད་པ་བཤམས། སློབ་དཔོན་ལ་ལན་གསུམ་དུ་ཕྱག་བྱས་ནས་ཐལ་མོ་སྦྱར་ཏེ། སློབ་དཔོན་ཁྱོད་ལས་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པ་ལེན་པར་འཚལ་གྱི། དེ་ལ་གནོད་པ་མ་མཆིས་ན། བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བའི་རིགས་སོ། །ཞེས་ལན་གསུམ་གསོལ་བ་གདབ་དགོས་ཏེ། ཚིག་དེ་བློ་ལ་ཡོད་ན་སློབ་མ་ཉིད་ཀྱིས་གསོལ་བ་གདབ། དེ་མིན་སློབ་དཔོན་ནམ་གྲོགས་ཀྱི་རྗེས་ཟློས་བྱའོ། །དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས། རིགས་ཀྱི་བུ་ཁྱོད་ཉོན་ཅིག ། ཁྱོད་འདི་ལྟར་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བ་དང༌། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་དམ། སློབ་མས་ཀྱང་འདོད་ལགས། ཞེས་བརྗོད། སློབ་དཔོན་གྱིས་འདི་སྐད་ཅེས་བྱ་སྟེ། དེ་ལ་ཁྱོད་ཀྱིས་སེམས་བསྐྱེད་པ་བརྟན་པ་དང༌། ཡི་དམ་བརྟན་པར་བྱའོ། ། ཞེས་དང༌། གཞན་དང་འགྲན་པའི་ཆེད་དུ་མ་ཡིན་ནམ། མ་ལགས། གཞན་གྱི་ནན་གྱིས་ལེན་དུ་བཅུག་པ་མ་ཡིན་ནམ། མ་ལགས། ཞེས་དྲི་བ་དང་ལན་བྱ། དེ་ནས་མཆོད་ཡོན་ཕལ་ཆེར་ལ་སོགས་པའི་ཚིགས་བཅད་ཀྱིས་མཆོད་པ་རྣམས་ཕུལ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཞེས་པ་ལ་སོགས་པ་ཇི་ལྟར་འོས་པས་བསྟོད་ཅིང་ཕྱག་ཀྱང་འབུལ། དེ་ནས་སློབ་དཔོན་ལ་གུས་པ་དང་བཅས་པས་བསྐུལ་མའི་གསོལ་གདབ་ནི་འདི་སྐད་ཅེས། སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བདག་ལ་མྱུར་དུ་སྩལ་དུ་གསོལ། ལན་གསུམ། སློབ་དཔོན་གྱིས་འདི་སྐད་ཅེས། མིང་འདི་ཞེས་བྱ་བའམ། རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། དེས་ཀྱང་ཡིན་ལགས། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། བཏབ་ལགས། དེ་ནས་དངོས་གཞི་ནི་སློབ་དཔོན་གྱིས་འདི་སྐད་ཅེས། རིགས་ཀྱི་བུ་ཁྱོད་ཉོན་ཅིག །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚུལ་ཁྲིམས་དེ་དག་ཅི་བདག་ལས་ལེན་པར་འདོད་དམ། དེ་ལྟར་ལེན་པར་འཚལ་ལོ། །དེ་ནས་ཆོ་ག་དངོས་གཞི་ནི་སློབ་དཔོན་གྱིས་འདི་སྐད་ཅེས། ཚེ་དང་ལྡན་པའམ་རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་ སུ་གྱུར་པ་གང་ཡིན་པ་དང༌། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང༌། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པའི་བསླབ་པའི་གཞི་གང་དག་དང༌། ཚུལ་ཁྲིམས་གང་དག་ལ། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པར་གྱུར་པ་དང༌། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང༌། ཕྱོགས་བཅུ་དག་ན་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་བཞིན་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་ང་ལས་ནོད་དམ། ཞེས་དྲིས་པ་ལ། སློབ་མས་རབ་ཏུ་ལེན་ལགས་སོ། །དེ་ལྟར་ལན་གསུམ་བརྗོད་པས་བྱང་ཆུབ་སེམས་དཔའི་སྡོམ་པ་སྐྱེ་བ་ཡིན་ནོ། །དེ་ནས་སློབ་དཔོན་གྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཁྱེན་པར་གསོལ་བ་ནི། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ བླང་བར་བྱ་བ་ལན་གསུམ་གྱི་བར་དུ་ཡང་དག་པར་མནོས་ལགས་ཏེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་འདིས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ། བདག་མིང་འདི་ཞེས་བགྱི་བ་དཔང་པོར་གྱུར་པས། འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐས་གཏུགས་པའི་ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། ། ཞེས་ལན་གསུམ་མོ། །འདི་སློབ་དཔོན་ལངས་ཏེ་ཕྱོགས་བཅུར་མེ་ཏོག་གཏོར་ནས་ཐལ་མོ་སྦྱར་ཏེ་འདོན་པར་སྣང་ངོ༌། །དེ་ནས་སློབ་མས་དཀོན་མཆོག་དང༌། སློབ་དཔོན་ལ་ཕྱག་གསུམ་བྱས་ཏེ་ཡང་འདུག་པ་ལ་འདི་སྐད་ཅེས་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བུ་དང་སྤུན་ཟླའི་དགོངས་པ་མཛད་དེ། རྟག་ཏུ་སྲུང་ཞིང་སྐྱོང་བར་འགྱུར་རོ། །ཁྱོད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་འཕེལ་བར་འགྱུར་རོ། །ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་འདི། དད་པ་མེད་པའི་མི་རྣམས་ལ་མི་སྨྲ་ཞིང་གསང་བ་གལ་ཆེ། དེང་ཕྱིན་ཆད་ཕས་ཕམ་པ་བཞིའམ་བརྒྱད། ཉེས་བྱས་བཞི་བཅུ་ཞེ་དྲུག་ལ་སོགས་པ་རྟག་ཏུ་སྤང་བར་བྱ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སྲུང་བའི་ཐབས་དང༌། ལྟུང་བ་ཡང་ལྕིའི་ཁྱད་པར་དང༌། དེ་དག་ཕྱིར་བཅོས་པ་ལ་ཡང་མཁས་པར་བྱའོ། །ཞེས་བརྗོད། རྒྱས་པ་ ལ་སྤྲོ་ན་བསླབ་བྱ་རགས་རིམ་ཙམ་སྐབས་འདིར་བརྗོད་ནའང་ལེགས་སོ། །སྤྱིར་བྱང་སྡོམ་ལེན་པའི་ལུགས་འདི་ལ། བསླབ་བྱ་རྣམས་སྔོན་དུ་ངེས་པར་བྱས་ནས་སྡོམ་པ་ཕྱིས་ལེན་པ་ཡིན་པས་སྐབས་འདིར་མ་བརྗོད་ཀྱང་ཆོ་གའི་ཡན་ལག་ཉམས་པའི་སྐྱོན་དུ་མི་འགྱུར་རོ། །དེ་རྗེས་ཡོན་ཕུལ། དགེ་བ་བྱང་ཆུབ་ཏུ་བསྔོའོ། །དེས་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་ལེགས་པར་སོང༌། བསྟན་པ་ལ་འཇུག་པའི་རིམ་པའམ། སྐྱེས་བུ་གསུམ་གྱི་ཁྲིད་བསྐྱངས་པའི་གྲུབ་འབྲས་སེམས་བསྐྱེད་ལག་ལེན་དང་བཅས་པ་ཚར་བ་ལགས། ཆོས་འདོད་པ་གང་ཞིག་མདོ་ལུགས་ཁོ་ན་ལ་མོས་ན། མདོའི་ཉམས་ལེན་ཐམས་ཅད་འདིར་འདུས་ཤིང༌། དེང་སང་གི་མདོ་ལུགས་པ་གཞན་ལ་མེད་པའི་བྱིན་རླབས་ཀྱི་བཀའ་བབས་དང་ལྡན་པ་ཡིན་པས། ཆོས་འདི་ཉིད་ཉམས་ལེན་གྱི་གཙོ་བོར་བྱེད་དགོས་ལ། སྔགས་ལ་མོས་པ་རྣམས་ཀྱང་འདི་ལ་མ་ཞུགས་ན། གསང་སྔགས་ལོག་པར་འགྲོ་ཉེན་ཡོད་པས། རྒྱལ་བ་སྲས་བཅས་ཀུན་གྱི་བཞེད་གཞུང་འདི་ལ་ལེགས་པར་འདོད་པ་ཐམས་ཅད་ཀྱིས་བསླབ་པར་བྱའོ། །ཐུགས་རྗེའི་དབང་ཕྱུག་རྒྱལ་བ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་པ་རྒྱལ་སྲས་མི་ཕམ་མགོན། ། ཆོས་ཀུན་བདག་པོ་འཕགས་པ་ཐོགས་མེད་ཞབས། །ཀུན་མཁྱེན་གཉིས་པ་རྒྱལ་སྲས་དབྱིག་གཉེན་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་གསོལ་བ་འདེབས། །མཆོག་སྡེ་ལ་སོགས་གསེར་གླིང་རྒྱལ་པོའི་བར། །རྒྱ་ཆེན་སྤྱོད་བརྒྱུད་བླ་མ་མཆོག་རྣམས་དང༌། །རྒྱལ་སྲས་འཇམ་དཔལ་འཕགས་པ་ཀླུ་སྒྲུབ་སོགས། །ཟབ་མོ་ལྟ་བའི་བརྒྱུད་པ་མཆོག་རྣམས་དང༌། །གསང་བདག་རྣལ་འབྱོར་མ་དཔལ་ཏིལླི་སོགས། །ཉམས་ལེན་བྱིན་རླབས་བརྒྱུད་པ་མཆོག་རྣམས་ལ། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཡིད་བཞིན་ནོར་འདྲའི་ཐུགས་མངའ་ཨ་ཏི་ཤ །རྒྱལ་བའི་འབྱུང་གནས་འབྲོམ་སྟོན་རིན་པོ་ཆེ། །མཁྱེན་པའི་དཀྱིལ་འཁོར་རབ་རྒྱས་པོ་ཏོ་བ། །གཞུང་ལུགས་རྒྱ་མཚོའི་མཐར་སོན་ཤ་ར་བ། །ཆོས་བཞིན་སྤྱོད་མཛད་གཏུམ་སྟོན་བློ་གྲོས་གྲགས། །བཀའ་གདམས་བསྟན་པའི་སྲོག་ཤིང་རྡོ་སྟོན་པ། །ཤེས་རབ་གྲགས། མཆན། ཡེ་ཤེས་གཟི་འོད་འབར་བའི་དཔལ་ལྡན་ བདུད་རྩི་གྲགས། གྲོ༑ ༑བསླབ་གསུམ་རྣམ་དག་སྐྱོ་སྟོན་སེང་གེ་སྐྱབས། །ཆེ་དགུའི་གཙུག་རྒྱན་འཆིམས་ཆེན་ནམ་མཁའ་གྲགས། །ནུས་མཐུའི་མངའ་བདག་སྨོན་ལམ་ཚུལ་ཁྲིམས་ཞབས། །འགྲོ་དོན་དཔག་མེད་ཟེའུ་གྲགས་ བརྩོན་འགྲུས་གྲགས། པའི་མཚན། །ཆོས་མངོན་རྒྱ་མཚོའི་མཐར་སོན་བློ་བཟང་མཆིམས། །རྣམ་དག་ཐུགས་མངའ་གྲོ་སྟོན་ཀུན་རྒྱལ་བ། །གྲུབ་པ་ཤེས་རབ་སྤང་སྟོན་ཆོས་ཀྱི་རྗེ། །བློ་མཆོག་དམ་པ་བསོད་ནམས་མཆོག་གྲུབ་དང༌། །ཟབ་དོན་སྲོལ་འཛིན་དཔལ་ལྡན་དོན་གྲུབ་ཞབས། །ཐུགས་ཀྱི་སྲས་གྱུར་གནས་བརྟན་བསོད་ནམས་གྲགས། །བྱང་ཆུབ་ཐུགས་ལྡན་ཀུན་དགའ་མཆོག་གྲུབ་ཞབས། །འཇམ་མགོན་གྲུབ་པའི་དཔའ་བོ་གྲོལ་མཆོག་རྗེ། །སྐྱེ་མེད་དོན་གཟིགས་ལུང་རིག་རྒྱ་མཚོའི་ཞབས། །དེ་ལྟར་རྩ་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཡང་ན་རྒྱལ་བའི་འབྱུང་གནས་ཀྱི་རྗེས་སུ། ཚུལ་ཁྲིམས་ཡེ་ཤེས་འབར་བའི་སྤྱན་མངའ་བ། །བླ་མ་དམ་པས་བྱིན་རླབས་བྱ་ཡུལ་བ། །གནས་ལུགས་མངོན་གྱུར་གཙང་པ་རིན་པོ་ཆེ། །གདམས་ངག་རྒྱ་མཚོའི་མཐར་སོན་མུས་སྨན་པ། །དེ་རྗེས་དཔལ་མངའ་གྲོ་ནས་མཁན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་བར་གོང་བཞིན། དེ་ནས། ཡོན་ཏན་མཆོག་གྱུར་མཁན་ཆེན་ཀུན་རྒྱལ་བ། །མཁྱེན་རབ་རྣམ་དག་ཡེ་ཤེས་རིན་ཆེན་དང༌། །བརྩོན་པས་རྩེ་གཅིག་སྒྲུབ་མཛད་ལྷ་ཆུང་བ། །བྱམས་པའི་མཚན་ཅན་རྩ་བའི་བླ་མ་ལ༑ ༑གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གཞན་ཡང་སྣེ་ཟུར་བ་ནས་བརྒྱུད་པ་སོགས་བརྒྱུད་པ་མི་འདྲ་བ་མང་དུ་བཞུགས་པས་ཇི་ལྟར་སྦྱར་ཀྱང་ཆོག་ལ་གཞུང་གདམས་ངག་གཉིས་ཀྱི་བརྒྱུད་པའི་རྐང་གོང་དུ་བཤད་པ་ཉིད་གཙོ་བོར་བྱའོ། །དེ་ནས་འདི་སྐད་ཅེས་བྱ་སྟེ། དད་པ་རྣམ་དག་སྐྱེས་བུ་ཆུང་ངུའི་ལམ། །ངེས་འབྱུང་རྣམ་དག་སྐྱེས་བུ་འབྲིང་གི་ལམ། །ལྷག་བསམ་རྣམ་དག་སྐྱེས་བུ་ཆེན་པོའི་ལམ། །རྣམ་དག་ལམ་གསུམ་ཐོབ་པར་བྱིན་གྱིས་རློབས། །མི་རྟག་འཆི་བ་རྒྱུད་ལ་མ་སྐྱེས་ན། །ཇི་ལྟར་འབད་ཀྱང་ཚེ་འདིའི་ཁ་འཛིན་ཅན། །རང་བློ་ཆོས་སུ་འགྲོ་སྐབས་མི་འདུག་པས། །ཆོས་བརྒྱད་འཆིང་བ་གྲོལ་བར་བྱིན་གྱིས་རློབས། །ལས་འབྲས་ བསླུ་མེད་ཡིད་ཆེས་མ་སྐྱེས་ན། །ཆོས་སྤྱོད་ཐམས་ཅད་བཟང་བརྫུའི་ངང་དུ་འཆོར། །སྒྲུབ་པ་ལྷུར་ལེན་སྐད་ཀྱང་གཞན་ངོར་ཐལ། །ཆོས་ལ་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །བྱམས་དང་སྙིང་རྗེ་རྒྱུད་ལ་མ་སྐྱེས་ན༑ ༑སྒྲུབ་ལ་བརྩོན་ཡང་ཐེག་པ་དམན་པར་གོལ། །འགྲོ་བ་ཀུན་གྱི་སྡུག་བསྔལ་ཁུར་ཁྱེར་ནས། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །སྤྲོས་ཀུན་རང་གྲོལ་སྟོང་ཉིད་མ་རྟོགས་ན། །ཆོས་ཀུན་སྒྱུ་མ་ལྟ་བུར་མི་ཤེས་ཤིང༌། །མཚན་འཛིན་དབང་སོང་རང་སེམས་མི་གྲོལ་བས། །གནས་ལུགས་མཐར་ཐུག་རྟོགས་པར་བྱིན་གྱིས་རློབས། །ཞེས་གསོལ་བ་གདབ་པར་བྱའོ། །བདག་གིས་ཆོས་སྐོར་འདིར་གཏོགས་པ་ལ། ལམ་སྒྲོན་རྩ་འགྲེལ། བདེན་གཉིས་རྩ་འགྲེལ། དབུ་མའི་མན་ངག་རྩ་འགྲེལ་གྱི་བཤད་པ། མུས་སྨན་པའི་ཁྲིད་ཡིག །ལུམ་པ་བའི་ལམ་རིམ། པོ་ཏོ་བའི་དཔེ་ཆོས་རྩ་འགྲེལ་རྣམས་མཁས་མཆོག་བྱམས་པ་ལྷུན་གྲུབ་ལས་ཐོས། པོ་ཏོ་བའི་བེའུ་བུམ་རྩ་འགྲེལ་དང༌། སྣར་ཐང་པའི་ལམ་མཆོག་རྩ་འགྲེལ། འཆིམས་ཀྱི་གསུང་རྒྱུན་ཁྲིད་ཡིག་གི་ལུང་རྣམས་དང༌། བསྟན་རིམ་གྱི་ཁྲིད་ཚུལ་རྒྱས་པ་གསུང་ངག་ནས་ཉམས་ཁྲིད་ཀྱི་ཚུལ་དུ་མཁན་ཆེན་ལུང་རིག་རྒྱ་མཚོ་ལས་ཐོས་སོ། །ཐོར་བུ་དམ་པ་གཞན་འགའ་ཞིག་ལས་ཀྱང་ཐོས་མོད་ཀྱི། ཆོས་སྐོར་འདི་ལ་བརྒྱུད་པའི་གཙོ་བོ་གོང་དུ་སྨོས་པ་ཉིད་ཡིན་ནོ། །རྒྱལ་བ་སྲས་བཅས་ཀུན་གྱི་དགོངས་པ་འདི། །མདོ་ཙམ་བྲིས་ལས་བསོད་ནམས་གང་ཡོད་དེས། །མ་ལུས་ལུས་པ་མེད་པའི་སེམས་ཅན་རྣམས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །བསྟན་པ་ལ་འཇུག་པའི་རིམ་པ། སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ། །འདི་ནི་སྒོམ་ཚུལ་དམིགས་པའི་ཁྲིད་ཡིག་ཡིན་ལ་གོ་དོན་བློ་ལ་འགོད་པའི་བཤད་པ་ནི། དམ་པ་སྔ་མ་རྣམས་ཀྱིས་མཛད་པ་ལས་བཙལ་བར་བྱའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བརྒྱུད་འདེབས་ཁ་སྐོང་ནི། ལུང་རིགས་རྒྱ་མཚོའི་རྗེས་སུ། མདོ་རྒྱུད་བསྟན་པའི་མངའ་བདག་སྒྲོལ་བའི་མགོན། །རྒྱལ་ཚབ་དབང་ཐོབ་རིན་ཆེན་རྒྱ་མཚོའི་སྡེ། །འགྲོ་བའི་མགོན་པོ་བློ་གྲོས་རྣམ་པར་རྒྱལ། །བསླབ་གསུམ་རྣམ་དག་ངག་དབང་ཕྲིན་ལས་ཞབས། །ངེས་ལེགས་ལམ་གྱི་ས་མཁན་ཀུན་བཟང་དབང༌། །མཆོག་གི་རིག་འཛིན་ཚེ་དབང་ནོར་བུའི་དཔལ། །སྤྱན་རས་གཟིགས་དབང་ཀུན་མཁྱེན་འབྲུག་པ་རྗེ། །འགྲོ་ཀུན་དགའ་མཛད་དགེ་ལེགས་དཔལ་འབར་བ། །ཀུན་ལ་ཕན་བདེའི་དགའ་སྟེར་ལྷུན་གྲུབ་མཚན། །ལམ་རིམ་མཐར་ཕྱིན་བཀའ་བརྒྱུད་བསྟན་འཛིན་ཞབས། ། འབྲེལ་ཚད་དོན་ལྡན་ཀརྨ་ལྷག་མཐོང་རྗེ། །བྱང་སེམས་མངའ་བདག་གཞན་ཕན་འོད་ཟེར་མཆོག །ཐར་པའི་ལམ་སྟོན་བཤེས་གཉེན་དམ་པ་སྟེ། །དེ་ལྟར་སོགས་སྦྲེལ་ལོ། །འདིའང་གུ་ཎས་སོ།། །།