DNZ-04-NGA-006: Difference between revisions

From Damngak Dzö
DNZ-04-NGA-006
No edit summary
No edit summary
 
Line 4: Line 4:
|fulltitletib=རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱིས་མཛད་པའི་བློ་སྦྱོང་དོན་བདུན་མ།
|fulltitletib=རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱིས་མཛད་པའི་བློ་སྦྱོང་དོན་བདུན་མ།
|fulltitle=rgyal ba'i sras po thogs med bzang po dpal gyis mdzad pa'i blo sbyong don bdun ma
|fulltitle=rgyal ba'i sras po thogs med bzang po dpal gyis mdzad pa'i blo sbyong don bdun ma
|fulltitletrans=The Seven-Point Mind Training Instruction Composed by Gyalse Tokme Zangpo Pel
|citation=Thogs med bzang po. ''Rgyal ba'i sras po thogs med bzang po dpal gyis mdzad pa'i blo sbyong don bdun ma''. In ''Gdams ngag rin po che'i mdzod'', Vol. 4: 243-274. Kalimpong: Rigpe Dorje Publications, 2024.
|citation=Thogs med bzang po. ''Rgyal ba'i sras po thogs med bzang po dpal gyis mdzad pa'i blo sbyong don bdun ma''. In ''Gdams ngag rin po che'i mdzod'', Vol. 4: 243-274. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།

Latest revision as of 16:21, 10 September 2026

The Seven-Point Mind Training Instruction Composed by Gyalse Tokme Zangpo Pel
Rigpe Dorje Publications, 2024
Wylie title rgyal ba'i sras po thogs med bzang po dpal gyis mdzad pa'i blo sbyong don bdun ma
Location gdams ngag rin po che'i mdzod
Volume 4, Text 6, Pages 243-274 (Folios 1a1 to 16b6)
Author རྒྱལ་སྲས་ཐོགས་མེད་བཟང་པོ་
Citation Thogs med bzang po. Rgyal ba'i sras po thogs med bzang po dpal gyis mdzad pa'i blo sbyong don bdun ma. In Gdams ngag rin po che'i mdzod, Vol. 4: 243-274. Kalimpong: Rigpe Dorje Publications, 2024.
Shechen Publications, 1999
Side notes Recto: thogs med 'grel ba   Verso: bka' gdams skor
More details More details
Genre Commentaries - 'grel pa  ·  Mind Training Texts - blo sbyong
Colophon

།བློ་སྦྱོང་དོན་བདུན་མའི་སྙན་བརྒྱུད་ཀྱི་ཚིག་རྣམས་ཡི་གེ་ཉུང་ངུའི་སྒོ་ནས་བཀྲོལ་བ་འདི། ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཡང་དང་ཡང་དུ་བསྐུལ་ནས། བཙུན་པ་ཐོགས་མེད་ཀྱིས་དབེན་གནས་དངུལ་ཆུའི་ཆོས་རྫོང་དུ་སྦྱར་བའོ།།

blo sbyong don bdun ma'i snyan brgyud kyi tshig rnams yi ge nyung ngu'i sgo nas bkrol ba 'di/_theg pa mchog gi rnal 'byor pa grags pa rgyal mtshan gyis yang dang yang du bskul nas/_btsun pa thogs med kyis dben gnas dngul chu'i chos rdzong du sbyar ba'o//

[edit]
༄༅། །རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱིས་མཛད་པའི་བློ་སྦྱོང་དོན་བདུན་མ་བཞུགས་སོ། །

༄༅། །ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །བསླབ་གསུམ་རྣམ་དག་བྱང་ཆུབ་ཐུགས་གཉིས་འབྱོངས། །བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་མཛད་ཅིང༌། །བསྟན་འཛིན་རྣམས་ཀྱི་གཙུག་གི་རྒྱན་གྱུར་པའི། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་སྲས་བཅས་བགྲོད་གཅིག་ལམ། །ཕན་བདེ་མ་ལུས་འབྱུང་བའི་རིན་ཆེན་གཏེར། །སྐལ་ལྡན་སློབ་མས་ཡང་ཡང་བསྐུལ་བའི་ངོར། །བླ་མའི་གསུང་ལ་བརྟེན་ནས་རྣམ་པར་དབྱེ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་གང་ཟག་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཀུན་རྫོབ་དང༌། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་འབད་པར་བྱ་དགོས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང༌། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང༌། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་ཤིང༌། དེ་སྒོམ་པའི་མན་ངག་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གིས། བླ་མ་དྷརྨ་རཀྵི་ཏ་ཞེས་བྱ་བ། རང་གི་སྐུ་ཤ་བཅད་ནས་གཞན་ལ་བྱིན་ཞིང༌། བྱམས་སྙིང་རྗེ་འབའ་ཞིག་བསྒོམས་པས་སྟོང་ཉིད་ཀྱི་རྟོགས་པ་ཐུགས་ལ་འཁྲུངས་པ་དང༌། ཡང་བླ་མ་བྱམས་པའི་རྣལ་འབྱོར་པ་ཞེས་བྱ་བ། གཞན་གྱི་སྡུག་བསྔལ་བདག་ལ་དངོས་སུ་ལེན་ནུས་པ་དང༌། བླ་མ་གསེར་གླིང་པ་དང་གསུམ་ལས་ཐོབ་པ་ལས། འདི་བླ་མ་གསེར་གླིང་པའི་ལུགས་ཡིན་ཞིང༌། དེ་ལ་ཡང་འཁྲིད་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང༌། དགེ་བའི་བཤེས་གཉེན་འཆད་ཁ་བའི་ལུགས་ཀྱིས་དོན་བདུན་དུ་མཛད་དེ། སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ་དང༌། དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་ཁྱེར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག །བློ་སྦྱོང་གི་བསླབ་བྱ་དང་བདུན་གྱི། དང་པོ་ནི། དང་པོ་སྔོན་འགྲོ་དག་ལ་བསླབ། །ཅེས་གསུངས་ཏེ། དལ་འབྱོར་རྙེད་པར་དཀའ་བ་དང༌། འཆི་བ་མི་རྟག་པ་དང༌། འཁོར་བའི་ཉེས་དམིགས་བསྒོམ་པ་དང་གསུམ་ལས། དང་པོ་ནི། ཆོས་སྒྲུབ་པའི་རྟེན་དལ་འབྱོར་གྱི་མི་ལུས་འདི་ཐོབ་པ་ལ་རྒྱུ་དགེ་བ་ཕུན་སུམ་ཚོགས་པ་བསྒྲུབ་དགོས་ལ། སེམས་ཅན་གྱི་ནང་ན་དགེ་བ་རྣམ་དག་བསྒྲུབ་པ་ཉུང་བས་འབྲས་བུ་དལ་འབྱོར་ཐོབ་པ་དཀའ་ལ། དུད་འགྲོ་ལ་སོགས་པ་འགྲོ་བ་གཞན་ལ་ལྟོས་ན་དལ་འབྱོར་ཐོབ་པ་སྲིད་ཙམ་དུ་འདུག་པ་ལས། བདག་གིས་ད་རེས་དལ་འབྱོར་ཐོབ་པ་འདི། དོན་མེད་པར་མི་འགྱུར་བར་ཆོས་རྣམ་དག་ཅིག་བྱེད་དགོས་སྙམ་དུ་བསྒོམ། གཉིས་པ་ནི། ཚེ་ལ་ངེས་པ་མེད་ཅིང་འཆི་བའི་རྐྱེན་ཤིན་ཏུ་མང་བས། དེ་རིང་ཙམ་ཡང་མི་འཆི་བའི་གདིང་ཡང་མི་འདུག་པས། ད་ལྟ་ཉིད་ནས་དམ་པའི་ཆོས་ལ་འབད་དགོས་སྙམ་དུ་བསྒོམ། གསུམ་པ་ནི། དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བར་གསུངས་པས། སྡིག་པ་ཐམས་ཅད་སྤོང་ཞིང༌། དགེ་བ་ཅི་ནུས་སུ་བསྒྲུབ་པར་བྱའོ་སྙམ་དུ་བསྒོམ། གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ་ལ། དོན་དམ་དང༌། ཀུན་རྫོབ་བྱང་སེམས་སྦྱོང་བ་གཉིས་ལས། དང་པོ་ལ་སྦྱོར་དངོས་རྗེས་གསུམ་གྱི་སྦྱོར་བ་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། ལྷ་དང་བླ་མ་ལ་གསོལ་བ་བཏབ་སྟེ། ཡན་ལག་བདུན་པ་ཕུལ་ནས། ལུས་དྲང་པོར་འདུག་སྟེ། དབུགས་ཕྱིར་འགྲོ་དང༌། ནང་འགྲོ་ཉི་ཤུ་རྩ་གཅིག་གི་བར་དུ་མ་འཁྲུགས་པ་ལྷག་ཆད་མེད་པར་བགྲངས་ཏེ། འདིས་བསམ་གཏན་གྱི་སྣོད་དུ་རུང་བར་འགྱུར་རོ། །དངོས་གཞི་ནི། ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །ཞེས་གསུངས་ཏེ། འདི་ལྟར་གཟུང་བའི་ཡུལ་དུ་སྣང་བའི་སྣོད་བཅུད་འདི་དག་ཐམས་ཅད་རྨི་ལམ་དང་འདྲ་སྟེ། རང་གི་སེམས་ཉིད་འཁྲུལ་ནས་དེ་ལྟར་སྣང་བ་ཡིན་གྱིས། སེམས་ལས་ལོགས་སུ་གྱུར་པ་ཅུང་ཟད་ཙམ་ཡང་མེད་པར་སྒྲོ་འདོགས་བཅད། སེམས་ཉིད་བདེན་ནམ་སྙམ་ན། མ་སྐྱེས་རིག་པའི་གཤིས་ལ་དཔྱོད། །ཅེས་གསུངས་ཏེ། སེམས་ཉིད་སྐྱེ་འགག་གནས་གསུམ་གྱིས་སྟོང་ཞིང༌། ཁ་དོག་དང་དབྱིབས་ལ་སོགས་པ་མེད་ལ། ལུས་ཀྱི་ཕྱི་ནང་གང་ནའང་མི་གནས་པས། གཤིས་ཅིར་ཡང་མ་གྲུབ་པས། གང་དུ་ཡང་མི་འཛིན་པར་རྟོག་མེད་ཀྱི་ངང་ལ་བཞག་གོ ༑དེའི་ཚེ་ལུས་སེམས་ཐམས་ཅད་སྟོང་པའོ་སྙམ་པའི་གཉེན་པོའི་རྣམ་རྟོག་བྱུང་ན། གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ཞེས་གསུངས་ཏེ། གཉེན་པོ་དེ་ཉིད་ཀྱི་ངོ་བོ་ལ་བལྟས་ཏེ། རང་བཞིན་མེད་པར་ཤེས་པར་བྱས་ནས་དེའི་ངང་ལ་བཞག་གོ །དེའི་འཇོག་ཚུལ་བསྟན་པའི་ཕྱིར། ལམ་གྱི་ངོ་བོ་ཀུན་གཞིའི་ངང་ལ་བཞག །ཅེས་གསུངས་ཏེ། རྣམ་ཤེས་ཚོགས་བདུན་གྱི་སྤྲོ་བསྡུ་ཐམས་ཅད་དང་ཕྲལ་ནས། གཤིས་ཅིར་ཡང་མ་གྲུབ་པ་ལ་བློས་ཅིར་ཡང་མི་འཛིན་པར་རྟོག་མེད་ཀྱི་ངང་ལ་གསལ་སིང་ངེ་བཞག་གོ །གསུམ་པ་རྗེས་ནི། ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ། །ཞེས་གསུངས་ཏེ། མཉམ་བཞག་གི་ཉམས་ཀྱི་རྗེས་སུ་འབྲངས་ནས། རང་གཞན་སྣོད་བཅུད་ཅི་སྣང་ཐམས་ཅད་སྒྱུ་མ་ལྟར་སྣང་ཡང་བདེན་པ་མེད་པར་ཤེས་པར་བྱས་ལ་སྤྱོད་ལམ་ཐམས་ཅད་སྤྱོད་དོ། །གཉིས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ། མཉམ་རྗེས་གཉིས་ལས། མཉམ་བཞག་ནི། གཏོང་ལེན་གཉིས་པོ་སྤེལ་མར་སྦྱང༌། །ཞེས་གསུངས་ཏེ། འདི་ཤིན་ཏུ་གལ་ཆེ་སྟེ། སློབ་དཔོན་ཆེན་པོ་ཞི་བ་ལྷས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་པ་དང༌། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་ནི་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་པ་དང༌། དེ་ལྟར་བདག་གནོད་ཞི་བ་དང༌། །གཞན་གྱི་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་གཞན་ལ་བཏང་བ་དང༌། །གཞན་རྣམས་བདག་བཞིན་བསྲུང་བར་བྱ། །ཞེས་གསུངས་པས། ཐོག་མར་རང་གི་རྩ་བའི་མ་གསལ་བར་དམིགས་ཏེ། འདིས་བདག་ལྟོ་ན་གནས་པ་ནས་བཟུང་སྟེ། ཆུད་མ་ཟོས་པར་བསྐྱངས་པས་སངས་རྒྱས་ཀྱི་བསྟན་པ་དང་མཇལ་ཞིང༌། ལམ་བསྒྲུབ་ཏུ་བྱུང་བས་ཤིན་ཏུ་དྲིན་ཆེ། ཚེ་འདི་ཁོ་ནར་མ་ཟད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས། བྱམས་པའི་མིག་གིས་བལྟས། བརྩེ་བའི་སེམས་ཀྱིས་བཟུང༌། གནོད་པ་ལས་བསྐྱབས། ཕན་བདེ་བསྒྲུབས་པས་ཤིན་ཏུ་དྲིན་ཆེ། དེ་ལྟར་བདག་གི་དོན་བྱེད་བྱེད་ནས། འདིས་འཁོར་བར་སྡུག་བསྔལ་སྣ་ཚོགས་མྱོང་བ་རེ་སྙིང་རྗེ་སྙམ་དུ་ཡིད་དྲག་ཏུ་བསྒོམས་ལ། ད་ནི་ངས་ཀྱང་འདི་ལ་ལན་དུ་ཕན་གདགས། གནོད་པ་བསལ་བར་བྱའོ། །འདི་ལ་གང་གིས་གནོད་ན། སྡུག་བསྔལ་དང་ཀུན་འབྱུང་གིས་གནོད་དེ། སྡུག་བསྔལ་གྱིས་དངོས་སུ་གནོད་ཅིང༌། ཀུན་འབྱུང་གིས་བརྒྱུད་ནས་གནོད་པས། དེ་གཉིས་ངས་བླང་སྙམ་དུ་བསམས་ལ། མའི་རྒྱུད་ལ་ཡོད་པའི་སྡུག་བསྔལ་ཀུན་འབྱུང་ཐམས་ཅད་མ་ལུས་པར་རང་གི་སྙིང་གི་ནང་དུ་བྱུང་བར་བསྒོམ་ཞིང༌༑ བྱུང་ན་དགའ་བའི་འདུན་པ་དྲག་ཏུ་བྱའོ། །མ་ལ་ཅིས་ཕན་ན་བདེ་བ་དང་དགེ་བས་ཕན་པས། བདག་གི་བདེ་བ་དང་དགེ་བ་ཐམས་ཅད་རང་འདོད་ལ་ལྟོས་པ་མེད་པར་མ་ལ་བཏང་བས། མ་དེ་འཕྲལ་ལ་བདེ་ཞིང་། ཆོས་བསྒྲུབ་པའི་མཐུན་རྐྱེན་ཐམས་ཅད་འཛོམ་ནས། འཕྲལ་ལ་འཚང་རྒྱ་བར་ནུས་པ་ཙམ་དུ་གྱུར་པར་བསྒོམ་ཞིང༌། དེ་ལྟར་གྱུར་ན་དགའ་བའི་འདུན་པ་དྲག་ཏུ་བསྐྱེད་དོ། །དེ་བཞིན་དུ་ཕ་ལ་སོགས་པ་ལ་ཡང་བསྒོམ་སྟེ༑ མཐར་སེམས་ཅན་ཐམས་ཅད་ལ་ཡང་བསྒོམ་པར་བྱའོ། །དེ་ཡང་འདི་ལྟར་སེམས་ཅན་ཐམས་ཅད་ཀྱང་ཐོག་མ་མེད་པ་ནས་བདག་གི་ཕ་མར་གྱུར་ཏེ། ཕན་དཔག་ཏུ་མེད་པ་བཏགས་པས་ཤིན་ཏུ་དྲིན་ཆེ་ལ། དྲིན་ཅན་དེ་རྣམས་འཁོར་བར་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པས། དེ་དག་སྡུག་བསྔལ་དེ་དག་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དྲག་ཏུ་བསྒོམས་ལ། དེ་དག་གི་སྡུག་བསྔལ་ཐམས་ཅད་བདག་ལ་ཐིམ་ཞིང༌། བདག་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་རྣམས་དེ་རྣམས་ལ་བཏང་བས་དེ་རྣམས་བདེ་ཞིང༌། དགེ་བ་འཕེལ་བར་བསམ་ཞིང༌། དེ་ལྟར་གྱུར་ན་དགའ་བའི་འདུན་པ་དྲག་ཏུ་བྱའོ། །བདག་གཞན་བརྗེ་བའི་བློ་དེ་སྐྱེ་སླ་བར་བྱ་བའི་ཕྱིར། དེ་གཉིས་རླུང་ལ་བསྐྱོན་པར་བྱ། །ཞེས་གསུངས་ཏེ། རླུང་ཕར་འགྲོ་བ་ན་དེ་དང་འགྲོགས་ནས་བདག་གི་བདེ་དགེ་ཐམས་ཅད་གཞན་ལ་སོང་ཞིང༌། ཚུར་འོང་བ་ན་གཞན་གྱི་སྡིག་སྡུག་ཐམས་ཅད་བདག་ལ་བྱུང་བར་བསྒོམ་མོ། །གཉིས་པ་རྗེས་ཐོབ་ནི། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །ཞེས་གསུངས་ཏེ། ཡུལ་ཡིད་དུ་འོང་མི་འོང་བར་མ་གསུམ་ལ་བརྟེན་ནས། ཆགས་སྡང་རྨོངས་གསུམ་སྐྱེས་པ་ན། བདག་ལྟར་ཡུལ་གསུམ་ལ་བརྟེན་ནས། དུག་གསུམ་སྐྱེས་པའི་སེམས་ཅན་མང་པོ་ཡོད་པས། དེ་རྣམས་ཀྱི་དུག་གསུམ་ཐམས་ཅད་བདག་ལ་འདུས་ནས། དེ་རྣམས་ཆགས་སྡང་གཏི་མུག་མེད་པའི་དགེ་བ་གསུམ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསྒོམ་མོ། །དེ་ལ་དྲན་པ་བསྐུལ་བའི་ཕྱིར། སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱང༌། །ཞེས་གསུངས་ཏེ། སེམས་ཅན་རྣམས་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་ཞིང༌། བདག་གི་བདེ་བ་དང་དགེ་བ་ཐམས་ཅད་སེམས་ཅན་རྣམས་ལ་སྨིན་པར་གྱུར་ཅིག །ཅེས་བརྗོད་ཅིང་འདུན་པ་དྲག་ཏུ་བྱའོ། །གཞན་གྱི་སྡུག་བསྔལ་བདག་ལ་ལེན་ནུས་པར་བྱ་བའི་ཕྱིར། ལེན་པའི་གོ་རིམ་རང་ནས་བརྩམ། །ཞེས་གསུངས་ཏེ། བདག་ལ་མ་འོངས་པ་ན་འབྱུང་བའི་སྡུག་བསྔལ་རྣམས་ད་ལྟ་བླངས་པས་རྒྱུད་གཞན་གྱི་སྡུག་བསྔལ་ཡང་ལེན་ནུས་པར་འགྱུར་རོ། །གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་ཁྱེར་བ་ནི། སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ཞེས་གསུངས་ཏེ། སྡིག་པའི་འབྲས་བུས་སྣོད་ཀྱི་འབྱོར་པ་ཉམས་པ་དང་སེམས་ཅན་མ་རུངས་པ་ལ་སོགས་པས། སྡུག་བསྔལ་མང་པོ་བྱུང་བ་ན། དེ་ཉིད་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ལ། བསམ་སྦྱོར་གཉིས་ལས། བསམ་པ་ལ་ཡང་ཀུན་རྫོབ་དང༌། དོན་དམ་བྱང་སེམས་ཀྱིས་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བའོ། །དང་པོ་ནི། སྡུག་བསྔལ་བྱུང་བ་ཐམས་ཅད་སྔར་བདག་འཛིན་ལ་དགྲར་མ་ཤེས་ཤིང༌། སེམས་ཅན་རྣམས་དྲིན་ཆེ་བར་མ་ཤེས་པས་ལན་པས། ད་སྡུག་བསྔལ་ཐམས་ཅད་བདག་འཛིན་གྱིས་ཉེས་པར་བསྟན་པའི་ཕྱིར། ལེ་ལན་ཐམས་ཅད་གཅིག་ལ་གདའ། །ཞེས་གསུངས་ཏེ། བདག་ལ་སྡུག་བསྔལ་ཅི་བྱུང་ཡང་རང་ཉིད་ཀྱིས་རང་ལ་བདག་ཏུ་བཟུང་བས་ལན་པ་ཡིན་པས། གཞན་ལ་ཁག་མི་སྐུར་ཏེ། སྤྱོད་འཇུག་ལས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང༌། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་གསུངས་པས། ཐོག་མ་མེད་པ་ནས་བདག་མེད་ལ་བདག་ཏུ་བཟུང་ནས། དེའི་གཅེས་སྤྲས་ཀྱི་ཕྱིར་གཞན་ལ་གནོད་པ་ལ་སོགས་པའི་ལས་བསགས་པས། འཁོར་བར་ངན་སོང་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་བྱུང་བ་ཡིན་ཏེ། སྤྱོད་འཇུག་ལས། ཡིད་ཁྱོད་རང་དོན་བྱེད་འདོད་པས། །བསྐལ་པ་གྲངས་མེད་འདས་གྱུར་ཀྱང༌། །ངལ་བ་ཆེན་པོ་དེ་ལྟ་བུས། །ཁྱོད་ཀྱིས་སྡུག་བསྔལ་འབའ་ཞིག་བསྒྲུབས། །ཞེས་གསུངས་སོ། །དེ་ལྟར་སྡུག་བསྔལ་བདག་འཛིན་གྱིས་བསྐྱེད་པས། བདག་འཛིན་དེ་ལ་དགྲར་བལྟས་ཏེ། བདག་མེད་ལ་བདག་ཏུ་འཛིན་པའི་བློ་འདིས། འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྡུག་བསྔལ་ཐམས་ཅད་སྐྱེད་ཅིང༌། མཐོ་བ་ལ་ཕྲག་དོག །དམའ་བ་ལ་བརྙས་བཅོས། མཉམ་པ་ལ་འགྲན་སེམས་ཐམས་ཅད་འདི་ལས་བྱུང་ཞིང༌། བདག་འཁོར་བ་ལས་མ་ཐར་བ་དང༌། མི་དང་མི་མ་ཡིན་པའི་གནོད་པ་ལ་སོགས་པ་སྡུག་བསྔལ་ཐམས་ཅད་འདིས་བྱས་པ་ཡིན་ཏེ། སྤྱོད་འཇུག་ལས། འདི་ཡིས་བརྒྱ་ཕྲག་ཐམས་ཅད་དུ། །འཁོར་བར་བདག་ལ་གནོད་པ་བྱས། །ད་ནི་འཁོན་རྣམས་དྲན་བྱས་ཏེ། །ཁྱོད་ཀྱིས་རང་དོན་སེམས་པ་གཞོམ། །ཞེས་གསུངས་པས། བདག་འཛིན་ནམ་བྱུང་ཙ་ན་བརྟགས་ན་བདག་གང་ཡང་མི་འདུག་པ་ལ། ཅིའི་ཕྱིར་བདག་ཏུ་འཛིན་ཞེས་བདག་འཛིན་ནམ་སྐྱེས་དུས་འཕྲལ་ལ་སྤངས་ལ། ཕྱིན་ཆད་བདག་གཅེས་འཛིན་མི་སྐྱེ་བར་བྱ་བའི་ཕྱིར་འབད་པར་བྱ་སྟེ། སྤྱོད་འཇུག་ལས། ཁྱོད་ཀྱིས་ཁོ་བོ་གར་བརླག་པའི། །སྔོན་གྱི་དུས་དེ་གཞན་ཡིན་གྱིས། །ངས་མཐོང་ད་ཁྱོད་གང་དུ་འགྲོ། །ཁྱོད་ཀྱིས་དྲེགས་པ་ཀུན་གཞོམ་བྱ། །ཞེས་གསུངས་སོ། །དེས་ན་གནོད་པ་ཅི་བྱུང་ཡང་། བདག་འཛིན་གྱི་འགོང་པོ་འདིས་ལན་པ་ཡིན་པས། འདི་ཅི་ཐུལ་ལ་འབད་པར་བྱ་སྟེ། ཤ་བོ་བའི་ཞལ་ནས། ད་རེས་ཀྱི་ཚེ་ཐུང་འདི་ལ། འགོང་པོ་འདི་ཅི་ཐུལ་ཅིག་བྱ་འཚལ་གསུངས། ཡང་རང་དོན་བསྒྲུབ་པའི་བསམ་སྦྱོར་ལ་མི་སྐྱའི་མིང་དང༌། གཞན་དོན་བསྒྲུབ་པའི་བསམ་སྦྱོར་ལ་ཆོས་པའི་མིང་གིས་བཏགས་ལ། དགེ་བའི་བཤེས་གཉེན་འབན་གྱི་ཕྱག་ལེན་ལྟར་སྤང་བླང་བྱའོ། །དགེ་བཤེས་འབན་གྱི་ཞལ་ནས། ད་ནི་སེམས་ཀྱི་མཁར་སྒོར་གཉེན་པོའི་མདུང་ཐུང་གཅིག་མནན་ལ་བསྡད་པ་མིན་པ་གཞན་བྱ་རྒྱུ་མེད། ཁོ་སྒྲིམ་ན་ང་ཡང་སྒྲིམ། ཁོ་གློད་ན་ང་ཡང་གློད་གསུངས། བདག་འཛིན་ལ་དགྲར་བལྟས་ནས་སྤོང་བ་འདི་ལ། ཤ་བོ་པའི་ཞལ་ནས། འགོང་པོ་འགོང་རྫོངས་ཀྱི་ཆོས་ཞེས་གསུང་ངོ༌། །དེ་ལྟར་བདག་འཛིན་ལ་དགྲར་བལྟས་ནས་གཞན་གཅེས་པར་གཟུང་བའི་ཕྱིར། ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །ཞེས་གསུངས་ཏེ༑ སྤྱིར་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་ཀྱི་ཕ་མ་དྲིན་ཅན་ཡིན་པས། སྔར་ཡང་དྲིན་ཆེ་ལ། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ཡང་སེམས་ཅན་ལ་རག་ལས་ཏེ། སྤྱོད་འཇུག་ལས། སེམས་ཅན་རྣམས་དང་རྒྱལ་བ་ལ། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱེད་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །ཞེས་གསུངས་པ་ལྟར། སངས་རྒྱས་བསྒྲུབ་པའི་གང་ཟག་ལ། སངས་རྒྱས་དང་སེམས་ཅན་ལ་དྲིན་མཉམ་པའི་ཚོད་ཡིན་པས། དེ་ལྟར་དྲིན་ཆེ་བའི་སེམས་ཅན་རྣམས་ལ། བྱམས་པ་དང་སྙིང་རྗེ་དྲག་ཏུ་བསྒོམས་ནས། དེ་དག་གི་སྡིག་སྡུག་བདག་ལ་བླང་ཞིང༌། བདག་གི་བདེ་དགེ་དེ་རྣམས་ལ་སྦྱིན་པར་བྱའོ། །ཁྱད་པར་དུ་བདག་ལ་གནོད་པ་བྱེད་པའི་མིའམ་མི་མ་ཡིན་བྱུང་ན་གནོད་བྱེད་འདིས་ཐོག་མ་མེད་པ་ནས་བདག་གི་མ་བྱས་ནས། ཁོ་རང་གི་སྡིག་སྡུག་གཏམ་ངན་ལ་མ་འཛེམས་པར་བདག་གི་དོན་བྱེད་བྱེད་ནས་འཁོར་བར་སྡུག་བསྔལ་སྣ་ཚོགས་མྱོང་ཞིང༌། འཁྲུལ་པའི་སྟོབས་ཀྱིས་སྔོན་གྱི་ཉེ་དུ་ཡིན་པ་ངོ་མ་ཤེས་པ་དང༌། བདག་གི་ལས་ངན་གྱིས་བསྐུལ་ནས། འདིས་ད་ལྟ་བདག་ལ་གནོད་པའི་སྡིག་པ་བྱས་པས། ཕྱིས་དེའི་འབྲས་བུས་སྡུག་བསྔལ་མྱོང་བར་འགྱུར་བས། བདག་ལ་བརྟེན་ནས་འདི་དུས་རིང་པོར་སྡུག་བསྔལ་མྱོང་ཞིང༌། མྱོང་བར་འགྱུར་བར་འདུག་པས་རེ་སྙིང་རྗེ་སྙམ་དུ་དྲག་ཏུ་བསྒོམ། སྔར་ནི་ངས་འདི་ལ་གནོད་པ་འབའ་ཞིག་བྱས་འདུག །ད་ནི་འདིའི་གནོད་པ་བསལ་ཞིང་ཕན་པ་བསྒྲུབ་པར་བྱའོ་སྙམ་དུ་བསམས་ལ། གཏོང་ལེན་དྲག་ཏུ་བསྒོམ། ཁྱད་པར་དུ་མིའམ་ཁྱི་ལྟ་བུ་དངོས་སུ་མཐོང་བ་ཡིན་ན། དེ་ལ་དངོས་སུ་ཕན་ཅི་ཐོགས་ལ་འབད་ཅིང༌། གང་ལྟར་བྱས་ཀྱང་དངོས་སུ་ཕན་གདགས་མ་ནུས་ནའང༌། བསམ་པས་གནོད་བྱེད་འདི་སྡུག་བསྔལ་དང་བྲལ་བདེ་བ་དང་ལྡན་སངས་རྒྱས་མྱུར་དུ་ཐོབ་པར་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་བསམ་ཞིང་ངག་ཏུ་ཡང་བརྗོད་པར་བྱ༑ ཡང་ད་ཕྱིན་ཆད་བདག་གི་དགེ་བ་ཅི་བྱེད་རྣམས་འདིའི་དོན་དུ་བྱའོ་སྙམ་པའི་སེམས་བསྐྱེད་པར་བྱའོ། །ཡང་གནོད་བྱེད་ལྷ་འདྲེ་ཡིན་ན། ངས་ཐོག་མ་མེད་པ་ནས་ཁྱོད་ཀྱི་ཤ་ཁྲག་ལ་སོགས་པ་ཟོས་འཐུངས་པས། དེའི་ལན་དུ་བདག་གི་ཤ་ཁྲག་ལ་སོགས་པ་ཁྱོད་ལ་སྦྱིན་པར་བྱའོ་སྙམ་དུ་བསམས་ལ། གནོད་བྱེད་དེའི་མདུན་དུ་རང་གི་ལུས་བློས་ཁ་ཕྱེ་སྟེ། བདག་གི་ཤ་ཁྲག་རུས་པ་ལ་སོགས་གང་འདོད་པ་ཁྱོད་ཟོ་ཞིག་སྙམ་དུ་བློས་ལིངས་བསྐྱུར་ཞིང༌། ངག་ཏུ་ཡང་བརྗོད་པར་བྱའོ། །དེ་ནས་གནོད་བྱེད་དེས་བདག་གི་ཤ་ཟོས་པས་བཀྲེས་སྐོམ་ལ་སོགས་པ་ཞི་ནས་ལུས་སེམས་ཟག་མེད་ཀྱི་བདེ་བས་གང་ཞིང༌། བྱང་ཆུབ་ཀྱི་སེམས་གཉིས་འབྱོངས་པར་བསམ། དེ་བཞིན་དུ་ཤ་ཁྲག་ཟ་བའི་ལྷ་འདྲེའི་རིགས་ཇི་སྙེད་ཡོད་པ་ཐམས་ཅད་ལ་བདག་གི་ལུས་སྔར་ལྟར་བྱིན་པས། ཐམས་ཅད་ཚིམས་ནས་བདེ་ཞིང་དགེ་བར་གྱུར་པར་བསམ། དེ་ལྟར་ན་ཉེས་པ་ཐམས་ཅད་བདག་གཅེས་འཛིན་ལས་བྱུང་འདུག་པས་དེ་ལ་དགྲར་བལྟས་ལ། ཕན་བདེ་ཐམས་ཅད་སེམས་ཅན་ལས་བྱུང་བར་འདུག་པས། དེ་དག་ལ་གཉེན་དུ་བལྟས་ལ་ཕན་ཅི་ཐོགས་བྱ། གླང་རི་ཐང་པའི་ཞལ་ནས། ངས་ཇི་ཙམ་གྱི་ཆོས་ཟབ་མོ་ཅིག་ཞལ་ཕྱེ་སྟེ་བལྟས་ཀྱང་སྐྱོན་ཐམས་ཅད་རང་གི་ཡིན། ཡོན་ཏན་ཐམས་ཅད་ཇོ་བོ་སེམས་ཅན་གྱི་ཡིན་པར་འདུག །དེའི་གནད་ཀས་ཁེ་དང་རྒྱལ་ཁ་གཞན་ལ་བྱིན། གྱོང་དང་བུབ་ཀ་རང་གིས་ལེན་པ་འདི་མིན་པ་གོ་རྒྱུ་མེད་གསུངས། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་རྐྱེན་ངན་ལམ་དུ་བསྒྱུར་བ་ནི། འཁྲུལ་སྣང་སྐུ་བཞིར་བསྒོམ་པ་ཡི། །སྟོང་ཉིད་བསྲུང་བ་བླ་ན་མེད། །ཅེས་གསུངས་ཏེ། ཉོན་མོངས་པ་དང་ཕྱི་ནང་སྣོད་བཅུད་ཀྱི་གནོད་པ་ལ་བརྟེན་པའི་སྡུག་བསྔལ་གང་བྱུང་ཡང༌། ཉོན་མོངས་པ་དང་སྡུག་བསྔལ་འདི་ཐམས་ཅད་རང་གི་སེམས་འཁྲུལ་པའི་སྣང་བ་འདི་ཡིན་པས་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད། ཀུན་རྫོབ་ཏུ་དེ་ལྟར་སྣང་བ་ནི། རྨི་ལམ་དུ་མེས་ཚིག་པའམ། ཆུས་ཁྱེར་ནས་ཉམ་ཐག་པ་ལྟར་མི་བདེན་པ་ལ་བདེན་པར་བཟུང་བས་ཉེས་པ་ཡིན། དོན་དམ་པར་ནི་ཆོས་ཐམས་ཅད་ཅིར་ཡང་གྲུབ་པ་མེད་པས། ཉོན་མོངས་སམ་སྡུག་བསྔལ་དེའི་ངོ་བོ་ལ་བལྟས་ན། དེ་དང་པོ་གང་ནས་ཀྱང་མ་སྐྱེས་པས་སྐྱེ་མེད་ཆོས་སྐུ་ཡིན། མ་སྐྱེས་པ་ལ་འགག་རྒྱུ་མེད་པས་འགག་མེད་ལོངས་སྐུ་ཡིན། སྐྱེ་འགག་མེད་པ་ལ་བར་དུ་གནས་པ་མེད་པ་དེ་སྤྲུལ་སྐུ་ཡིན། དེ་རྣམས་ངོ་བོ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་ཡིན་པས། འཁྲུལ་སྣང་ཉིད་སྐུ་བཞིར་བལྟ་བ་འདི་སྐུ་བཞི་ངོ་སྤྲོད་ཀྱི་གདམས་ངག་བྱ་བ་ཡིན་གསུང་ངོ༌། །གཞན་ཡང་གནོད་བྱེད་འདིས་བདག་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བའི་བསྐུལ་མ་བྱས་པས་ཀྱང་བཀའ་དྲིན་ཆེ། བདག་གཉེན་པོ་དང་བྲལ་ནས། ཉོན་མོངས་པ་སྐྱེས་པ་མ་ཚོར་བ་ལ་འདིས་སྦྲན་པས། བླ་མའམ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་སྙམ་དུ་བསམ། ཡང་མཛེ་ནད་ལ་སོགས་པ་སྡུག་བསྔལ་དྲག་པོ་བྱུང་ན། སྡུག་བསྔལ་འདི་མེད་ན་བདག་ཚེ་འདིའི་ཤོམ་ར་ལ་སོང་ནས། ཆོས་མི་དྲན་པར་འདུག་པ་ལ་འདིས་ཆོས་དྲན་དུ་བཙུད་ནས། འདི་བླ་མ་དཀོན་མཆོག་གི་ཕྲིན་ལས་ཡིན་སྙམ་དུ་བསམ། མདོར་ན་བླ་མ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལྟར། གནོད་བྱེད་དམ་སྡུག་བསྔལ་འདི་དག་ལ་བརྟེན་ནས་བདག་ལ་བྱང་ཆུབ་ཀྱི་སེམས་གཉིས་སྐྱེ་བར་འདུག་པས། འདི་དག་གིས་གོ་བཅད་སྙམ་དུ་ཞེ་ཐག་པ་ནས་བསམ་མོ། །སྦྱོར་བ་ཁྱད་པར་ཅན་བསགས་སྦྱོང་གཉིས་ཀྱིས་རྐྱེན་ངན་ལམ་དུ་བསྒྱུར་བ་ནི། སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །ཅེས་གསུངས་ཏེ། དང་པོ་ཚོགས་བསག་པའི་སྦྱོར་བ་ནི། བདག་ལ་སྡུག་བསྔལ་བྱུང་བ་ན། སྡུག་བསྔལ་འདི་མེད་ན་དགའ་སྟེ་སྙམ་པའི་བསམ་པ་འབྱུང་བས། དེའི་ཚེ་ཁྱོད་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་ན། བདེ་བའི་རྒྱུ་ཚོགས་སོགས་ཤིག་པའི་བརྡ་ཡིན་གྱིས་སྙམ་པ་བྱས་ལ། བླ་མ་དཀོན་མཆོག་གི་མཆོད་པ། དགེ་འདུན་གྱི་བསྙེན་བཀུར། འབྱུང་པོའི་གཏོར་མ་ལ་སོགས་པ་མདོར་ན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཚོགས་གསོག་པ་ལ་འབད་ནས། སྐྱབས་འགྲོ་སེམས་བསྐྱེད་བྱ་སྟེ། བླ་མ་དཀོན་མཆོག་ལ་མཎྜལ་ཕུལ་ལ་གསོལ་བ་དྲག་ཏུ་བཏབ་ནས། བདག་ན་བ་ལེགས་ན་ན་བར་བྱིན་གྱིས་བརླབ་ཏུ་གསོལ། སོས་པ་ལེགས་ན་སོས་པར་བྱིན་གྱིས་བརླབ་ཏུ་གསོལ། ཤི་བ་ལེགས་ན་འཆི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རེ་དོགས་འགོག་པའི་གསོལ་བ་གདབ་བོ། །སྦྱོར་བ་གཉིས་པ་སྡིག་པ་སྦྱང་བ་ནི། ཁྱོད་སྡུག་བསྔལ་མི་འདོད་ན་སྡུག་བསྔལ་གྱི་རྒྱུ་སྡིག་པ་སྤོངས་ཤིག་པའི་བརྡ་ཡིན་གྱིས་སྙམ་པ་བྱས་ལ། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་རྣམ་པར་སུན་འབྱིན་པའི་སྟོབས་དང༌། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་པའི་ཉེས་པ་ལས་ལྡོག་པའི་སྟོབས་དང༌། དཀོན་ཅོག་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་རྟེན་གྱི་སྟོབས་དང༌། སྟོང་པ་ཉིད་བསྒོམ་པ་དང༌། གཟུངས་སྔགས་ཁྱད་པར་ཅན་ཟློས་པ་ལ་སོགས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། སྟོབས་བཞིའི་སྒོ་ནས་སྡིག་བཤགས་ཚད་དུ་ལང་བར་བྱའོ། །སྦྱོར་བ་གསུམ་པ་གདོན་ལ་མཆོད་པ་ནི། གཏོར་མ་ཕུལ་ཏེ། ཁྱོད་ཀྱིས་བདག་གི་བྱང་ཆུབ་ཀྱི་སེམས་སྦྱོང་བའི་གྲོགས་བྱས་པས་བཀའ་དྲིན་ཆེ། ད་དུང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་སྨིན་པར་མཛད་དུ་གསོལ་ཞེས་ཞེ་ཐག་པ་ནས་གསོལ་བ་གདབ་བོ། །དེ་ལྟར་མི་ནུས་ན་གཏོར་མ་བྱིན། བྱམས་སྙིང་རྗེ་བསྒོམས་ལ། ངས་ཁྱོད་ལ་འཕྲལ་དང་ཡུན་དུ་གང་ཕན་པ་བྱ་ཡིས། ངའི་ཆོས་ཀྱི་བར་ཆད་མ་བྱེད་ཅིག་ཅེས་བསྒོ་བར་བྱའོ། །སྦྱོར་བ་བཞི་པ་ཆོས་སྐྱོང་ལ་མཆོད་པ་ནི། ཆོས་སྐྱོང་ལ་གཏོར་མ་ཕུལ་ལ། ཆོས་ཀྱི་འགལ་རྐྱེན་ཞི་བ་དང༌། མཐུན་རྐྱེན་འགྲུབ་པར་གསོལ་བ་གདབ་བོ། །རྐྱེན་གློ་བུར་བ་ལམ་དུ་སློང་བའི་ཕྱིར། འཕྲལ་ལ་གང་ཐུག་བསྒོམ་དུ་སྦྱར། །ཞེས་གསུངས་ཏེ། ནད་དང་གདོན་དང་དགྲ་ལ་སོགས་པ་གློ་བུར་དུ་བྱུང་ནས་སྡུག་བསྔལ་དྲག་པོ་བྱུང་ན། འཇིག་རྟེན་གྱི་ཁམས་ན་འདི་ལྟ་བུའི་སྡུག་བསྔལ་བྱུང་བ་དཔག་ཏུ་མེད་པ་ཡོད་པས། དེ་རྣམས་རེ་སྙིང་རྗེ་སྙམ་དུ་བསམས་ལ། དེ་དག་གི་སྡུག་བསྔལ་ཐམས་ཅད་བདག་ལ་འུབས་ཀྱིས་བསྡུ། ཡང་ན་གནོད་བྱེད་འདིས་བདག་བྱང་ཆུབ་ཀྱི་སེམས་སྦྱོང་བའི་གྲོགས་བྱས་པས། བླ་མ་ལྟར་བཀའ་དྲིན་ཆེ་སྙམ་དུ་བསམ། ཡང་གཞན་སྡུག་བསྔལ་བ་མཐོང་ན་ཡང༌། དེ་མ་ཐག་ཏུ་བདག་ལ་བླང་ཞིང་། རང་ངམ་གཞན་ལ་ཉོན་མོངས་པ་དྲག་པོ་སྐྱེས་ན་ཡང༌། གཞན་གྱི་ཉོན་མོངས་པ་ཐམས་ཅད་བདག་ལ་འདུས་པར་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་བསམ་མོ། །རྐྱེན་ངན་ལམ་དུ་བྱ་ཐབས་འདི་ཐམས་ཅད་ཀྱིས་རེ་དོགས་གཉིས་འགོག་པ་ཡིན། མཐར་ཐུག་རེ་དོགས་གཉིས་དང་བྲལ་བའི་ལམ་ལ་སྐྱེལ་ཡང༌། ད་ལྟའི་དུས་ན་དགྲ་ཟིན་གཉིས་སུ་བྱས་ནས་སྦྱོང་བ་ནི། ཤིང་འཁྱོག་པོ་བསྲང་བ་དང་འདྲའོ་ཞེས་གླང་རི་ཐང་པ་གསུང་ངོ་། །བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ནི། མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་དང་སྦྱོར་བར་བྱ། །ཞེས་གསུངས་པས། དང་པོ་འཕེན་པའི་སྟོབས་ནི། ད་ནས་བཟུང་སྟེ། ཟླ་བ་འདི་དང༌། ལོ་འདི་དང༌། མ་ཤིའི་བར་དང༌། སངས་རྒྱས་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་བར་བྱའོ་ཞེས་བློའི་འཕེན་པ་དྲག་པོ་ཡང་ཡང་བྱའོ། །གོམས་པའི་སྟོབས་ནི༑ ཡང་དང་ཡང་དུ་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བའོ། །དཀར་པོ་ས་བོན་གྱི་སྟོབས་ནི། བྱང་ཆུབ་ཀྱི་སེམས་སྐྱེ་བ་དང་འཕེལ་བའི་དོན་དུ་ཅི་ནུས་པའི་ཚོགས་གསོག་པའོ། །སུན་འབྱིན་པའི་སྟོབས་ནི། བདག་གཅེས་འཛིན་གྱི་རྣམ་རྟོག་ནམ་བྱུང་བ་ན། འདིས་ཐོག་མ་མེད་པ་ནས་སྡུག་བསྔལ་སྣ་ཚོགས་ལ་སྦྱར། ཚེ་འདིར་ཡང་སྡུག་བསྔལ་དང་སྡིག་པ་དང་ཆོས་འདོད་པ་བཞིན་མ་བྱུང་བ་ལ་སོགས་པ་ཐམས་ཅད་འདིས་བྱས་པ་ཡིན་སྙམ་དུ་བསམས་ལ། བདག་གཅེས་འཛིན་གྱི་རྣམ་རྟོག་རྒྱངས་ཀྱིས་སྤང་བར་བྱའོ། །སྨོན་ལམ་གྱི་སྟོབས་ནི། དགེ་སྦྱོར་ཐམས་ཅད་ཀྱི་གཤམ་དུ། ད་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ་དང་མི་འབྲལ་བར་གྱུར་ཅིག །རྐྱེན་ངན་ཅི་བྱུང་ཐམས་ཅད་ཆོས་འདིའི་གྲོགས་སུ་འཁྱེར་བར་གྱུར་ཅིག །ཅེས་སྨོན་ལམ་གདབ་ཅིང༌། བླ་མ་དཀོན་མཆོག་དང་ཆོས་སྐྱོང་ལ་མཆོད་པ་དང༌། གཏོར་མ་ཕུལ་ནས། དེ་ལྟར་འགྱུར་བར་མཛད་དུ་གསོལ་ཞེས་གསོལ་བ་གདབ་བོ། །སྟོབས་ལྔ་པོ་འདི་ཆོས་ཐམས་ཅད་ཧཱུྃ་གཅིག་ཏུ་དྲིལ་བའི་ཆོས་ཡིན་གསུང་ངོ༌། །འོ་ན་ཆོས་འདིའི་ལུགས་ཀྱིས་འདའ་ཁ་མའི་གདམས་ངག་ཇི་ལྟར་བྱེད་ཅེ་ན། ཐེག་ཆེན་ འཕོ་བའི་གདམས་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །ཞེས་གསུངས་ཏེ། ཆོས་འདི་ལ་སྦྱངས་པའི་གང་ཟག་དེ། འཆི་ངེས་པའི་ནད་ཀྱིས་ཐེབས་པ་ན། དང་པོ་དཀར་པོ་ས་བོན་གྱི་ལག་ལེན་ནི། ཡོ་བྱད་ཐམས་ཅད་བླ་མ་དཀོན་མཆོག་མཆོད་པ་ལ་སོགས་པ་བསོད་ནམས་གང་ཆེ་སར་བཏང་ལ། དེ་རྣམས་ལ་ཆགས་ཞེན་མེད་པར་བྱ། དེ་ནས་སྨོན་ལམ་གྱི་སྟོབས་ནི། བླ་མ་དཀོན་ཅོག་ལ་ཡན་ལག་བདུན་པ་ཕུལ་ལ། བདག་བར་དོ་དང༌། ཚེ་རབས་ཕྱི་མ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་འདི་སྟོན་པའི་བླ་མ་དང་མཇལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་ཅིང་དེ་ལྟར་སྨོན་ལམ་ཡང་གདབ་བོ། །དེ་ནས་སུན་འབྱིན་པའི་སྟོབས་ནི། བདག་གཅེས་འཛིན་གྱི་རྣམ་རྟོག་འདིས་སྔར་ཡང་སྡུག་ཏུ་བཅུག །ད་དུང་འདི་དང་མ་བྲལ་ན། བདེར་མི་སྟེར་བར་འདུག་ཅིང༌། ད་ལྟར་ཡང་བདག་གི་ལུས་འདི་ལ་གཅེས་པར་བཟུང་བས་སྡུག་བསྔལ་བར་འདུག་སྟེ། བརྟགས་ན་ལུས་སེམས་གང་ལ་ཡང་བདག་ཏུ་བཟུང་རྒྱུ་མི་འདུག་སྙམ་དུ་ཤེས་པར་བྱས་ལ་བདག་འཛིན་སྤངས་ལ་བཞག་གོ །དེ་ནས་འཕེན་པའི་སྟོབས་ནི། ངས་བར་དོར་ཡང་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བར་བྱའོ་སྙམ་པའི་འདུན་པ་དྲག་པོ་ཡང་ཡང་བྱའོ། །དེ་ནས་གོམས་པའི་སྟོབས་ནི། སྔར་གྱི་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་ཚུལ་དེ་དྲན་པར་བྱེད་པའོ། །སྤྱོད་ལམ་ནི། འཆི་ཁར་གཞོག་གཡས་འོག་ཏུ་བཅུག །ལག་པ་གཡས་ལ་འགྲམ་པ་བརྟེན་ཏེ། མཐེའུ་ཆུང་གིས་སྣ་བུག་གཡས་བཀག་ལ། རླུང་གཡོན་ནས་རྒྱུ་བར་བྱའོ། །དེ་ནས་བྱམས་སྙིང་རྗེ་སྔོན་དུ་འགྲོ་བས། རླུང་འགྲོ་འོང་ལ་བསྐྱོན་ནས་གཏོང་ལེན་གཉིས་པོ་སྦྱོང༌། དེའི་རྗེས་ལ་འཁོར་འདས་སྐྱེ་འཆི་ལ་སོགས་པ་ཐམས་ཅད་སེམས་སྣང་ཡིན་སེམས་ཉིད་ཅིར་ཡང་མ་གྲུབ་པར་ཤེས་པའི་ངང་ལ་བློས་ཅིར་ཡང་མི་འཛིན་པར་བཞག་གོ ༑དེ་ལྟར་བྱང་ཆུབ་ཀྱི་སེམས་གཉིས་པོ་དེ་སྤེལ་ཞིང་བསྒོམ་པའི་འཕྲོ་ལ་འཆི་བར་བྱའོ། །འཆི་ཁ་མའི་གདམས་ངག་ལ་འུད་ཆེ་བ་མང་སྟེ། འདི་ལས་ངོ་མཚར་ཆེ་བ་མེད་གསུངས། ལྔ་པ་བློ་འབྱོངས་པའི་ཚད་བསྟན་པ་ནི༑ ཆོས་ཀུན་དགོས་པ་གཅིག་ཏུ་འདུས། །ཞེས་པ་ལ་སོགས་པ་སྟེ། ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ཀྱི་དགོས་པ་ནི་བདག་འཛིན་འདུལ་བར་འདུས་པས། བདག་འཛིན་གྱི་གཉེན་པོར་མ་སོང་ན་ཆོས་བྱས་ཚད་དོན་མེད་དུ་སོང་བ་ཡིན། ཆོས་བྱས་ཚད་བདག་འཛིན་གྱི་གཉེན་པོར་འགྲོ་ཡིན་འདུག་ན་བློ་སྦྱོང་རྒྱུད་ལ་སྐྱེས་པའི་རྟགས་ཡིན། ཆོས་ཆོས་སུ་སོང་མ་སོང་གི་ཁྱད་པར་འདི་ན་ཡོད་པས། འདི་ཆོས་པ་སྲང་ལ་འཇལ་བའི་རྒྱ་མ་ཡིན་གསུངས། དཔང་པོ་གཉིས་ཀྱི་གཙོ་བོ་བཟུང༌། །ཞེས་པ་ནི། གཞན་དག་ན་རེ། ཇོ་བོ་དེ་ཀུན་གྱི་རྒྱུད་ལ་ཆོས་སྐྱེས་འདུག །ཆོས་པ་བཟང་པོ་བྱ་བ་དེ་ལ་ཟེར་བ་ཡིན། ཞེས་གཞན་གྱིས་མ་ཁྲེལ་བ་ཡང་དཔང་པོ་ཡིན་མོད་ཀྱིས་དེ་གཙོར་མི་གཟུང་སྟེ། འཇིག་རྟེན་ཕལ་པ་རྣམས་ཀྱིས་བདག་གི་སེམས་མི་རྟོགས་པས། ཕྱིའི་སྤྱོད་ལམ་ལེགས་པ་སྣ་རེ་ཙམ་མཐོང་བས་ཀྱང་མགུ་སྲིད་པས་སོ། །དེས་ན་རང་གི་སེམས་ཀྱིས་མ་ཁྲེལ་བ་ཅིག་དཔང་པོའི་གཙོ་བོ་ཡིན་པས། བློ་གཟུ་བོས་ལེགས་པར་བརྟགས་པས། རང་ལ་རང་གིས་མ་ཁྲེལ་ན་བློ་འབྱོངས་པའི་རྟགས་ཡིན་པས་གཉེན་པོ་བསྐྱེད་ལ། རང་ལ་རང་གིས་མ་ཁྲེལ་བ་ལ་འབད་པར་བྱའོ། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཞེས་པ་ནི། བློ་ལེགས་པར་སྦྱངས་པའི་སྟོབས་ཀྱིས་ད་ཕྱིན་ཆད་རྐྱེན་ངན་ཅི་བྱུང་ཡང༌། བློ་སྦྱོང་གི་ལམ་དུ་ཁྱེར་བས་ཆོག་སྙམ་པའི་བློ་གདིང་འཆོས་ན་བློ་འབྱོངས་པའི་ཚད་ཡིན་པས༑ རྐྱེན་ངན་ཅི་བྱུང་ཡང་དེ་ལ་དགའ་བ་བསྒོམས་ནས། དེའི་སྟེང་དུ་གཞན་གྱི་རྐྱེན་ངན་ཐམས་ཅད་ཀྱང་ལེན་པ་ལ་ཉམ་ང་བ་མེད་པ་ལ་བསླབ་པར་བྱའོ། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །ཞེས་པ་ནི། རྟ་རྩལ་ཅན་དེ་ཡེངས་ཀྱང་རྟ་ལས་མི་ལྷུང་བ་ལྟར། མ་བརྟགས་པར་གློ་བུར་དུ་གནོད་བྱེད་ལ་སོགས་རྐྱེན་ངན་བྱུང་བ་ན། ཞེ་སྡང་ལ་སོགས་མི་སྐྱེ་བར་རྐྱེན་ངན་དེ་ཉིད་བློ་སྦྱོང་གི་གྲོགས་སུ་ཁད་ཀྱིས་འགྲོ་ཡིན་འདུག་ན་བློ་འབྱོངས་པའི་ཚད་ཡིན་པས། དེ་ལྟར་འགྱུར་བ་ལ་འབད་ནས་བསླབ་པར་བྱའོ། །འབྱོངས་པའི་ཚད་འདི་དག་ནི་བློ་སྦྱོང་རྒྱུད་ལ་སྐྱེས་པའི་རྟགས་ཡིན་གྱིས། འབྱོངས་ཟེར་ནས་ད་སྦྱང་མི་དགོས་པ་ནི་མ་ཡིན་པས། རྟགས་འདི་དག་བྱུང་ནས་ཀྱང་འབད་ནས་བློ་སྦྱང་བར་བྱའོ། །དྲུག་པ་བློ་སྦྱོང་གི་དམ་ཚིག་བསྟན་པ་ནི། སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །ཅེས་པ་ལ་སོགས་པ་གསུངས་ཏེ། སྤྱི་དོན་གསུམ་ནི། བློ་སྦྱོང་ཁས་བླངས་དང་མ་འགལ་བ། ཐོ་ཅོར་མ་ཤོར་བ། ཕྱོགས་རེར་མ་ལྷུང་བའོ། །དང་པོ་ནི། ང་བློ་སྦྱོང་བ་ཡིན་ཟེར་ནས་བསླབ་པ་ཕྲ་མོ་ཁྱད་དུ་གསོད་པ་སྤངས་ཏེ། བསམ་པ་བློ་སྦྱོང་དང་ལྡན་པའི་སྒོ་ནས་སོ་ཐར་ནས་རྡོ་རྗེ་ཐེག་པའི་བར་རང་གིས་ཇི་ལྟར་ཁས་བླངས་པའི་བསླབ་པ་རྣམས་མ་ཉམས་པར་བསྲུང་བར་བྱའོ། །གཉིས་པ་ནི། བདག་གཅེས་འཛིན་མེད་པར་གཞན་གྱིས་གོ་བར་བྱ་བའི་ཕྱིར། ཤིང་གཉན་པོ་གཅོད་པ་དང༌། མཛེ་བོ་དང་འགྲོགས་པ་ལ་སོགས་པ་ཐོ་ཅོའི་སྤྱོད་པ་རྣམས་སྤངས་ཏེ། དགེ་བཤེས་སྟོན་པས་རྭ་སྒྲེང་དུ་བསྟན་པའི་སྲོལ་བཙུགས་པའི་བཀའ་གདམས་ཀྱི་རྣམ་ཐར་དང་མི་འགལ་བར་བྱའོ། །གསུམ་པ་ནི། མིའི་གནོད་པ་བཟོད་ལ་ལྷ་འདྲེའི་གནོད་པ་མི་བཟོད་པ་དང༌། ཆེ་བ་ལ་གུས་ལ་ཆུང་བ་ལ་བརྙས་པ་དང༌། གཉེན་ལ་བྱམས་ལ་དགྲ་ལ་སྡང་བ་ལ་སོགས་པ་ཕྱོགས་རེ་བ་ཐམས་ཅད་སྤངས་ལ་ཐམས་ཅད་འབྱོངས་པར་བསླབ་བོ། །འདུན་པ་བསྒྱུར་ལ་རང་སོར་བཞག །ཅེས་པ་ནི། བསམ་པ་སྔར་རང་གཅེས་པར་འཛིན་པ་དེ། ད་བདག་བས་གཞན་གཅེས་པར་བསྒྱུར་ལ། ལུས་ངག་གི་སྤྱོད་པ་གྲོགས་ཆོས་མཐུན་རྣམས་དང་འདྲ་བར་སོ་ཐུབ་པར་བྱ་སྟེ། བློ་སྦྱོང་ཐམས་ཅད་མངོན་ཚན་ཆུང་ལ་ཆོད་ཆེ་བ་ཅིག་བྱ་དགོས་གསུངས་པས། གཞན་གྱིས་མ་ཚོར་བར་རྒྱུད་སྨིན་པ་ཅིག་བྱའོ། །ཡན་ལག་ཉམས་པ་བརྗོད་མི་བྱ། །ཞེས་པ་ནི། གཞན་ལ་འཇིག་རྟེན་པའི་སྐྱོན་ཞར་བ་ལ་སོགས་པ་དང༌། ཆོས་ཀྱི་སྐྱོན་ཚུལ་ཁྲིམས་འཆལ་བ་ལ་སོགས་པ་མི་སྙན་པའི་ཚིག་རྣམས་མི་བརྗོད་པའོ། །གཞན་ཕྱོགས་གང་ཡང་མི་བསམ་མོ། །ཞེས་པ་ནི། སྤྱིར་སེམས་ཅན་ཐམས་ཅད་དང༌། ཁྱད་པར་དུ་ཆོས་སྒོར་ཞུགས་པ་རྣམས་ལ་སྐྱོན་མཐོང་ན་ང་རང་སྣང་བ་མ་དག་པ་ཡིན་གྱིས། ཁོང་ལ་དེ་འདྲའི་སྐྱོན་ཡོད་ཉེན་མེད་སྙམ་དུ་བསམས་ལ། སྐྱོན་རྟོག་པའི་བློ་དེ་བཟློག་པར་བྱའོ། །ཉོན་མོངས་གང་ཆེ་སྔོན་ལ་སྦྱོང༌། །ཞེས་པ་ནི། རང་རྒྱུད་ལ་ཉོན་མོངས་པ་གང་ཆེ་བརྟགས་ནས། གང་ཆེ་བ་དེའི་གཉེན་པོར་ཆོས་ཐམས་ཅད་སྤུངས་ནས་དེ་ཉིད་ཐོག་མར་གདུལ་ལོ། །འབྲས་བུ་རེ་བ་ཐམས་ཅད་སྤང༌། །ཞེས་པ་ནི། བློ་སྦྱོང་བྱས་པས་ཚེ་འདིའི་རྙེད་བཀུར་ལ་སོགས་པ་དང༌། ཕྱི་མ་ལ་ལྷ་མིའི་བདེ་བ་དང༌། རང་ཉིད་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་ལ་སོགས་པ་རང་དོན་ཐམས་ཅད་སྤང་བར་བྱའོ། །དུག་ཅན་གྱི་ཟས་སྤང༌། ཞེས་པ་ནི། དངོས་པོ་བདེན་འཛིན་དང༌། བདག་གཅེས་འཛིན་གྱི་རྣམ་རྟོག་དང་འདྲེས་པའི་དགེ་སྦྱོར་ཐམས་ཅད་ཟས་དུག་དང་འདྲེས་པ་དང་འདྲ་བས་དེ་སྤང་བར་བྱའོ། །གཞུང་བཟང་པོ་མ་བསྟེན། ཞེས་པ་ནི། ཕ་རོལ་གྱིས་གནོད་པ་བྱས་པ་ལ་འཁོན་དུ་བཟུང་ནས་འཁོན་འཛིན་དེ་ལས་ནམ་ཡང་མི་ལྡོག་པ་དེ་སྤང་བར་བྱའོ། །ཤགས་ངན་མ་དགོད། ཅེས་པ་ནི། གཞན་གྱིས་ཚིག་ངན་སྨྲས་པའི་ལན་དུ། གཞན་གྱི་བློ་ལ་གནོད་པའི་ཚིག་ངན་མི་སྨྲ་ཞིང༌། ཉེས་པ་བྱུང་ན་འདིས་ལན་ཞེས་མི་སྨྲ་བའོ། །འཕྲང་མ་སྒུག །ཅེས་པ་ནི། གཞན་གྱིས་གནོད་པ་བྱས་པ་ཞེ་ལ་བཞག་ནས། གནོད་པའི་ལན་འཇལ་བའི་དུས་བྱུང་ཙ་ན་འཇལ་བ་དེ་སྤོང་བའོ། །གནད་ལ་མི་དབབ། ཅེས་པ་ནི། མིའི་སྐྱོན་མཚང་ནས་འབྲུ་བ་དང༌། མི་མ་ཡིན་པ་ལ་སྲོག་སྔགས་ཟློས་པ་ལ་སོགས་པ་གཞན་གྱི་སེམས་ལ་གནོད་པ་དྲག་པོ་འབྱུང་བའི་སྤྱོད་ལམ་མི་བྱེད་པའོ། །མཛོ་ཁལ་གླང་ལ་མ་འབྱོ། ཞེས་པ་ནི། རང་ལ་འབབ་པའི་གཅུ་གལ་ལམ་ཁག་ངན་གཡོ་སྒྱུའི་སྒོ་ནས་གཞན་ལ་བསྒྱུར་བ་ཁོང་སྐྱོན་ཅན་གྱི་སྤྱོད་པ་དེ་ལྟ་བུ་སྤོང་བའོ། །མགྱོགས་ཀྱི་རྩེ་མ་གཏོད། ཅེས་པ་ནི། ལོངས་སྤྱོད་ཐུན་མོང་བ་ལ་ཐབས་སྣ་ཚོགས་ཀྱི་སྒོ་ནས་བདག་གིས་ཐོབ་པར་བྱེད་པའི་བསམ་སྦྱོར་སྤོང་བའོ། །གཏོ་ལོག་མི་བྱ། ཞེས་པ་ནི། ཕུགས་རང་བཟང་བར་འདོད་ནས། གཞན་ལ་ཕམ་ཁ་ལེན་པ་དང༌། འདྲེ་གདོན་ནམ། ནད་ཞི་བར་འདོད་ནས་བློ་སྦྱོང་བ་ནི། གཏོ་བཅོས་དང་འདྲ་བས་རང་འདོད་སྤང་བར་བྱའོ། །ཚན་གཅིག་གི་རྣམ་རྟོག་ལ་བློ་སྦྱོང་འདི། འདྲེ་གདོན་ལ་ཕན་པའི་ཐབས་གཅིག་ཏུ་གོ་བ་འདྲ་སྟེ། དེ་ཙུག་བྱེད་ན་བོན་བྱེད་པ་དང་ཁྱད་མེད། ཆོས་བྱ་བ་ཉོན་མོངས་པ་དང་རྣམ་རྟོག་གི་གཉེན་པོར་འགྲོ་བ་ཅིག་དགོས་པ་ཡིན་གསུངས། ལྷ་བདུད་དུ་མི་དབབ། ཅེས་པ་ནི། འཇིག་རྟེན་པ་ཀུན་གྱིས་རང་གི་ལྷ་མ་མགུ་ནས། རང་ལ་གནོད་པ་བྱས་ན་ལྷ་བདུད་དུ་བབས་ཟེར་བ་ལྟར། བློ་སྦྱོང་གི་སྒོ་ནས་ང་རྒྱལ་དང་རློམས་སེམས་ཆེན་པོ་བྱས་ན་ཆོས་ཆོས་མིན་དུ་སོང་བ་ཡིན། བློ་སྦྱོང་གིས་རང་རྒྱུད་འདུལ་དགོས་པ་ཡིན་པ་ལ། ང་རྒྱལ་གྱིས་རང་རྒྱུད་ལྷག་པར་རེངས་ན་ཆོས་གནད་དུ་མ་སོང་སྟེ། འདྲེ་ཤར་སྒོ་ནས་གནོད་པ་ལ། གླུད་ནུབ་སྒོར་སྐྱེལ་བ་དང་འདྲ་སྟེ། དེས་ན་སྨན་ནད་ཐོག་ཏུ་བཏང་ཞིང༌། བདག་གཅེས་འཛིན་སྤངས་ལ། ཀུན་ལ་བྲན་གྱི་ཐ་མ་ལྟར་བྱའོ་གསུངས། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚོལ། ཞེས་པ་ནི། རང་གི་ཉེ་དུ་དང་གྲོགས་མཆེད་ལ་སོགས་པ་ཤི་ན། དེ་དག་གི་ཟས་ནོར་དང་དཔེ་ཆ་ལ་སོགས་པ་ང་ལ་ཡོང༌། ཡོན་བདག་ལ་ན་ཚ་ཤི་ཆད་བྱུང་ན་ཚོགས་གསོག་ཡོང༌། རང་དང་མཉམ་པའི་སྒོམ་ཆེན་ཤི་ན་ང་གཅིག་པུ་ལ་སྐུ་བསོད་ཡོང༌། དགྲ་ཤི་ན་གནོད་བྱེད་མི་ཡོང་བས་ང་འཚེངས་སྙམ་པ་ལྟ་བུ། རང་སྐྱིད་པའི་ཐབས་སུ་གཞན་སྡུག་པར་འདོད་པ་སྤང་ངོ༌། །བདུན་པ་བློ་སྦྱོང་གི་བསླབ་བྱ་བསྟན་པ་ནི། བློ་སྦྱོང་མི་ཉམས་ཤིང་འཕེལ་བར་འགྱུར་བའི་ཐབས་ལ་སློབ་པ་སྟེ། དེ་ལ། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ཞེས་པ་ནི། ཟས་དང་གོས་ཀྱི་རྣལ་འབྱོར་ལ་སོགས་པ་ཐམས་ཅད་གཞན་ཕན་གྱི་སེམས་འབའ་ཞིག་གིས་བྱེད་པའོ། །ལོག་གནོན་ཐམས་ཅད་གཅིག་གིས་བྱ། །ཞེས་པ་ནི། བློ་སྦྱོང་བསྒོམས་པས་ན་ཚ་འདྲེ་གདོན་དང༌། མི་ཁ་སྡང་བ་དང་། རང་གི་ཉོན་མོངས་ཆེར་སོང་བ་ལ་སོགས་པ་བྱུང་ནས། བློ་སྦྱོང་སྙིང་མི་འདོད་པ་བྱུང་ན། འཇིག་རྟེན་གྱི་ཁམས་ན་བདག་གི་ཉེས་པ་འདི་ལྟ་བུ་བྱུང་བའི་སེམས་ཅན་མང་པོ་ཡོད་པས་དེ་རྣམས་རེ་སྙིང་རྗེ་སྙམ་དུ་བསམས་ནས། དེ་དག་གི་ཉེས་པ་དེ་རྣམས་བདག་ལ་འདུས་པར་གྱུར་ཅིག་སྙམ་དུ་བསམ་ཞིང༌། གཏོང་ལེན་བསྒོམ་པར་བྱའོ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས། །ཞེས་པ་ནི། སྔ་དྲོའི་ཚེ་དེ་རིང་བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་བར་བྱ་དགོས་སྙམ་པའི་འཕེན་པ་བཏང་ནས། ཉིན་མོ་ཡང་དེ་བཞིན་དུ་དྲན་ཤེས་ཀྱིས་ཟིན་པར་བྱས་ལ། དགོང་མོ་ཉལ་བ་ཉིན་པར་གྱི་སྤྱོད་པ་རྣམས་ལ་བརྟགས་ཏེ། བྱང་ཆུབ་ཀྱི་སེམས་དང་འགལ་བ་བྱུང་ན། བདག་ལ་རྔན་བགྲངས་ཏེ་བཤགས་པ་བྱས་ལ། ཕྱིས་དེ་མི་འབྱུང་བར་བྱ་བའི་བློ་བསྐྱེད། མ་འགལ་བ་འདུག་ན་དགའ་བ་བསྒོམས་ཏེ། ཕྱིས་ཀྱང་དེ་བཞིན་དུ་བྱའོ་སྙམ་དུ་བསམ་མོ། །གཉིས་པོ་གང་བྱུང་བཟོད་པར་བྱ། །ཞེས་པ་ནི། འཁོར་དང་ལོངས་སྤྱོད་ལ་སོགས་པ་ཕུན་སུམ་ཚོགས་པ་བྱུང་ན། དེས་མ་དྲེགས་པར་དེ་དག་སྒྱུ་མ་ལྟ་བུར་ཤེས་པ་དང༌། གཞན་ལ་ཕན་པའི་ཐབས་སུ་ཅི་འགྱུར་བྱ་ཞིང༌། ཤིན་ཏུ་རྒུད་དེ་འོག་ནས་འགྲོ་བ་ཆུ་ལས་མེད་པ་བྱུང་ན་ཡང་དེ་ཡང་སྒྱུ་མ་ལྟ་བུར་ཤེས་པ་དང༌། གཞན་གྱི་རྒུད་པ་ཐམས་ཅད་བདག་ལ་ལེན་པའི་སྒོ་ནས་ཞུམ་པ་མེད་པར་བྱའོ། །གཉིས་པོ་སྲོག་དང་བསྡོས་ལ་བསྲུང༌། །ཞེས་པ་ནི། ཆོས་སྤྱིའི་དམ་ཚིག་དང༌། ཁྱད་པར་བློ་སྦྱོང་གི་དམ་ཚིག་གཉིས་མེད་ན། འདི་ཕྱིའི་བདེ་བ་གང་ཡང་མི་འབྱུང་བས་དམ་ཚིག་དེ་གཉིས་སྲོག་བས་ཀྱང་གཅེས་པར་བསྲུང་བའོ། །དཀའ་བ་གསུམ་ལ་བསླབ་པར་བྱ། །ཞེས་པ་ནི། ཉོན་མོངས་པ་སྐྱེས་པ་ན། དང་པོ་དྲན་པ་དཀའ། བར་དུ་བཟློག་པ་དཀའ། མཐའ་མར་རྒྱུན་ཆོད་པ་དཀའ་བས། དང་པོ་ནམ་སྐྱེས་པ་ན་ངོས་ཟིན་པར་བྱས་ལ། བར་དུ་གཉེན་པོའི་སྟོབས་བསྐྱེད་ནས་སྤངས་ལ། མཐར་ཕྱིས་མི་འབྱུང་བར་བྱ་བའི་ཕྱིར་འབད་པར་བྱའོ༑ ༑རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང་། །ཞེས་པ་ནི། ཆོས་བསྒྲུབ་པའི་རྒྱུའི་གཙོ་བོ་བླ་མ་བཟང་པོ་དང་མཇལ་བ་དང༌། རང་གི་བློ་ལས་སུ་རུང་བས་ཆོས་ཚུལ་བཞིན་དུ་ཉམས་སུ་ལོངས་པ་དང༌། ཆོས་བསྒྲུབ་པ་ལ་དགོས་པའི་མཐུན་རྐྱེན་འཛོམ་པ་སྟེ། དེ་གསུམ་རང་ལ་ཚང་ན་དགའ་བ་བསྒོམ་ཞིང༌། གཞན་ལའང་དེ་གསུམ་ཚང་བར་སྨོན་ལམ་གདབ། རང་ལ་དེ་གསུམ་མ་ཚང་ན། འཇིག་རྟེན་གྱི་ཁམས་ན་བདག་ལྟར་རྒྱུའི་གཙོ་བོ་གསུམ་མ་ཚང་བས་ཆོས་རྣམ་ལ་མ་བྱུང་བ་མང་པོ་ཡོད་པས། དེ་རྣམས་རེ་སྙིང་རྗེ་སྙམ་དུ་བསམས་ལ། དེ་རྣམས་ཀྱི་རྒྱུ་གསུམ་མ་ཚང་བའི་ཉེས་པ་ཐམས་ཅད་བདག་ལ་སྨིན་ནས། དེ་དག་ལ་རྒྱུ་གསུམ་ཚང་བར་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་བསྒོམ། ཉམས་པ་མེད་པ་རྣམ་གསུམ་བསྒོམ། །ཞེས་པ་ནི། ཐེག་པ་ཆེན་པོའི་ཡོན་ཏན་ཐམས་ཅད་བླ་མའི་མོས་གུས་ལ་རག་ལུས་པས། བླ་མའི་མོས་གུས་ཉམས་པ་མེད་པ་དང༌། བློ་སྦྱོང་ཐེག་ཆེན་གྱི་ཆོས་ཀྱི་ཡང་སྙིང་ཡིན་པས། དེ་བསྒོམ་པ་ལ་སྤྲོ་བ་ཉམས་པ་མེད་པ་དང༌། ཐེག་པ་ཆེ་ཆུང་གི་བསླབ་བྱ་ཕྲ་མོ་ཚུན་ཆད་མ་ཉམས་པར་བསྲུང་བའོ། །འབྲལ་མེད་གསུམ་དང་ལྡན་པར་བྱ། །ཞེས་པ་ནི། ལུས་ངག་ཡིད་གསུམ་དགེ་བ་དང་མི་འབྲལ་བར་བྱེད་པའོ། །ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱང༌། །ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། །ཞེས་པ་ནི། ཡུལ་སེམས་ཅན་དང༌། སེམས་ཅན་མ་ཡིན་པ་ཐམས་ཅད་ལ་ཕྱོགས་རིས་མེད་པར་བློ་སྦྱོང་བ་དང༌། བློ་ལ་གང་ཤར་བ་ཐམས་ཅད་ལ། བློ་སྦྱོང་གིས་ཁྱབ་པར་བྱས་ནས། ཁ་ཚིག་ཙམ་མ་ཡིན་པར་གཏིང་ནས་འབྱོངས་པར་བྱེད་པའོ། །བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། །ཞེས་པ་ནི། རང་གི་འགྲན་ཟླར་འདུག་པ་དང༌། ལྷན་ཅིག་ཏུ་འགྲོགས་པ་དང༌། ཕར་གནོད་པ་མ་བྱས་ཀྱང་ཚུར་གནོད་པ་བྱེད་པ་དང༌། ལས་ཀྱི་དབང་གིས་སྙིང་དུ་མི་སྡུག་པ་ལ་སོགས་པ་གང་སྐྱེ་དཀའ་བ་རྣམས་ལ་ལྷག་པར་བྱམས་སྙིང་རྗེ་བསྒོམ་ཞིང༌། བླ་མ་དང་ཕ་མ་ལ་སོགས་པ་ཡུལ་གཉན་པ་རྣམས་ལ་གནོད་པར་འགྱུར་བ་ཁྱད་པར་དུ་སྤང་བར་བྱའོ། །རྐྱེན་གཞན་དག་ལ་ལྟོས་མི་བྱ། །ཞེས་པ་ནི། ཟས་གོས་ལ་སོགས་འཛོམ་པ་དང༌། མི་དང་མི་མ་ཡིན་གྱི་གནོད་པ་མེད་པ་དང༌། ཁམས་བཟང་བ་ལ་སོགས་པ་མཐུན་རྐྱེན་འཛོམ་པ་ལ་མི་ལྟོས་པར། མཐུན་རྐྱེན་མ་འཛོམ་ན་མ་འཛོམ་པ་དེ་ཉིད་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་སྒོ་ནས་ལམ་དུ་ཁྱེར་བའོ། །ད་རེས་གཙོ་བོ་ཉམས་སུ་བླང༌། །ཞེས་པ་ནི། སྔར་ཐོག་མ་མེད་པ་ནས་ལུས་ཇི་སྙེད་བླངས་པ་ཐམས་ཅད་དོན་མེད་དུ་སོང་འདུག །ད་རེས་ཀྱི་ཚེ་འདི་ལ་དོན་གྱི་གཙོ་བོ་གཅིག་བསྒྲུབ་དགོས་པར་འདུག་པས། ཚེ་འདིའི་དོན་བས་ཆོས་གཙོ། ཆོས་ལ་བཤད་སྒྲུབ་གཉིས་ལས། སྒྲུབ་པ་གཙོ། སྒྲུབ་པ་གཞན་བས་བྱང་ཆུབ་ཀྱི་སེམས་སྦྱོང་བ་གཙོ། དེའང་ལུང་རིགས་པའི་སྒོ་ནས་སྦྱོང་བ་བས། བླ་མའི་མན་ངག་ལ་བརྟེན་ནས་ཕུར་ཚུགས་སུ་སྦྱོང་བ་གཙོ། སྤྱོད་ལམ་གཞན་བས་མལ་དུ་བསྡད་ནས་སྦྱོང་བ་གཙོ༑ ཡུལ་སྤོང་བ་བས། གཉེན་པོ་བསྟེན་པ་གཙོ་ཆེ་བས་གཙོ་བོ་དེ་རྣམས་ཉམས་སུ་ལེན་པའོ། །གོ་ལོག་མི་བྱ། ཞེས་པ་ནི། གོ་ལོག་དྲུག་སྤོང་བ་སྟེ། ཆོས་བསྒྲུབ་པའི་སྡུག་བསྔལ་མི་བཟོད་པར་དགྲ་འདུལ་བ་དང་གཉེན་སྐྱོང་བ་ལ་སོགས་པའི་དཀའ་སྤྱད་བཟོད་པ་ནི། བཟོད་པ་གོ་ལོག་གོ །ཆོས་རྣམ་དག་བསྒྲུབ་པ་ལ་འདུན་པ་མི་བྱེད་པར་ཚེ་འདིའི་དཔལ་འབྱོར་ལ་འདུན་པ་བྱེད་པ་ནི། འདུན་པ་གོ་ལོག་གོ །ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ཆོས་ཀྱི་རོ་མི་མྱང་བར། འཇིག་རྟེན་གྱི་བདེ་བའི་རོ་མྱང་བ་ནི། རོ་མྱང་གོ་ལོག་གོ །སྡིག་པ་བྱེད་པ་ལ་སྙིང་རྗེ་མི་བསྒོམ་པར། ཆོས་ཕྱིར་དཀའ་ཐུབ་བྱེད་པ་ལ་སྙིང་རྗེ་བསྒོམ་པ་ནི། སྙིང་རྗེ་གོ་ལོག་གོ །རང་ལ་ལྟོས་པའི་མི་ཆོས་ལ་མི་སྦྱོར་བར། ཚེ་འདིའི་དཔལ་འབྱོར་ཆེ་བའི་ཐབས་ལ་སྦྱོར་བ་ནི། གཉེར་སེམས་གོ་ལོག་གོ །འཁོར་འདས་ཀྱི་བདེ་བ་དང་དགེ་བ་ལ་དགའ་བ་མི་བསྒོམ་པར། དགྲ་ལ་སྡུག་བསྔལ་བྱུང་ན་དགའ་བ་བསྒོམ་པ་ནི། རྗེས་སུ་ཡི་རང་གོ་ལོག་སྟེ། གོ་ལོག་དྲུག་པོ་སྤངས་ནས། མ་ལོག་པ་དྲུག་ཉམས་སུ་བླང་ངོ༌། །རེས་འཇོག་མི་བྱ། ཞེས་པ་ནི། ཆོས་ལ་ངེས་ཤེས་མ་སྐྱེས་པས། རེས་བྱེད་རེས་མི་བྱེད་པ་སྤངས་ནས། རྩེ་གཅིག་ཏུ་རྒྱུན་མི་འཆད་པར་བློ་སྦྱོང་བའོ། །དོལ་ཆོད་དུ་སྦྱོང་། ཞེས་པ་ནི། བློ་སྦྱོང་ཉིད་ལ་བློ་ལིངས་བསྐྱུར་ནས་ཕྱོགས་གཅིག་ཏུ་སྦྱོང་བའོ། །བརྟག་དཔྱད་གཉིས་ཀྱིས་ཐར་བར་བྱ། །ཞེས་པ་ནི། རང་རྒྱུད་ལ་ཉོན་མོངས་པ་གང་ཆེ་བརྟགས་ནས། དེ་འབད་པ་དྲག་པོས་སྤངས་ཏེ། དེ་ནས་ཉོན་མོངས་དེ་སྐྱེ་བའི་ཡུལ་ལ་བརྟེན་པ་ལ་སོགས་པའི་སྒོ་ནས། དེ་སྐྱེ་མི་སྐྱེ་བརྟགས་ཏེ། སྐྱེས་ན་ཡང་གཉེན་པོས་སྤངས་ཤིང༌། ད་མི་སྐྱེ་བར་འགྱུར་བའི་བར་དུ་འབད་པར་བྱའོ། །ཡུས་མ་བསྒོམ། ཞེས་པ་ནི། ཕ་རོལ་ལ་བདག་གི་དྲིན་ཡོད་པ་དང༌། རང་གིས་ཆོས་ཡུན་རིང་ལ་དོས་དྲག་པོ་བྱས་པ་དང༌། མཁས་པ་དང་བཙུན་པ་ལ་སོགས་པའི་ཡུས་མི་བྱེད་པ་སྟེ། བདག་བས་གཞན་གཅེས་བསྒོམ་པ་ལ་ཡུས་བྱ་ས་མེད་པས་སོ། །མི་ལ་རེ་མ་ཆེ་ལྷ་ལ་གསོལ་བ་ཐོབ་བྱ་བ་རྭ་སྒྲེང་བའི་བཀའ་ཡིན་གསུངས། ཀོ་ལོང་མ་སྡོམ། ཞེས་པ་ནི། བདག་ལ་གཞན་གྱིས་མི་མང་སར་སྨ་ཕབ་པ་ལ་སོགས་པ་ལ་ལན་མི་བྱ་ཞིང་། ཀོ་ལོང་མི་བྱའོ། །ད་ལྟ་འོ་སྐོལ་ཆོས་པ་རྣམས་ཀྱིས་ཆོས་བདག་འཛིན་གྱི་གཉེན་པོར་མ་སོང་བས། བཟོད་བསྲན་ཤའུ་བས་ཆུང༌། ཀོ་ལོང་གཙང་བཙན་བས་དམ་པར་གདའ་སྟེ། དེས་ཆོས་ཀྱི་གོ་མི་ཆོད་པས། ཆོས་བདག་འཛིན་གྱི་གཉེན་པོར་འགྲོ་བ་ཞིག་དགོས་གསུངས། ཡུད་ཙམ་པ་མི་བྱ། ཞེས་པ་ནི། ཅུང་ཟད་ལ་དགའ་མི་དགའི་རྣམ་འགྱུར་སྟོན་པ་སྟེ། གྲོགས་ལ་གཟན་པས་མི་བྱའོ། །འོར་ཆེ་མ་འདོད། ཅེས་པ་ནི། གཞན་ལ་ཕན་བཏགས་པའམ། ཆོས་བྱས་པ་ལ་ཚིག་གི་གཏོང་རག་དང༌། གྲགས་སྙན་ལ་རེ་བ་མེད་པར་བྱའོ། །དེ་ལྟར་ཚེ་ཧྲིལ་གྱིས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་པོ་མཉམ་རྗེས་གཉིས་ཀྱི་སྒོ་ནས་ལེགས་པར་སྦྱངས་ནས། འབྱོངས་པའི་གདིང་ཐོབ་པར་བྱའོ། །སྙིགས་མ་ལྔ་པོ་བདོ་བ་འདི། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །མན་ངག་བདུད་རྩིའི་སྙིང་པོ་འདི། །གསེར་གླིང་པ་ནས་བརྒྱུད་པ་ཡིན། །ཞེས་པ་ནི། དུས་དང༌། སེམས་ཅན་དང༌། ཚེ་དང༌། ཉོན་མོངས་པ་དང༌། ལྟ་བའི་སྙིགས་མ་སྟེ། ལྔ་བདོ་བའི་དུས་འདིར། བདེ་བའི་རྐྱེན་ཉུང༌། མི་དང་མི་མ་ཡིན་གྱི་འཚེ་བ་ལ་སོགས་པ་སྡུག་བསྔལ་གྱི་རྐྱེན་ཤིན་ཏུ་མང་བས། རྐྱེན་ངན་གྱི་རུ་འཛིངས་པ་ན། དེ་ཉིད་བློ་སྦྱོང་གི་གྲོགས་སུ་བྱས་ནས་བློ་སྦྱོང་བསྒོམས་པས། རྐྱེན་ངན་ཇི་ཙམ་མང་ཞིང་། དགེ་སྦྱོར་འཕེལ་བར་འགྱུར་བས། དུག་ཐམས་ཅད་སྨན་དུ་སྒྱུར་བར་བྱེད་པའི་བདུད་རྩི་ལྟ་བུ། བླ་མ་གསེར་གླིང་པའི་མན་ངག་འདི་མན་ངག་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལྟར་བློ་སྦྱོང་ཤེས་ན། གྲོང་ཁྱེར་སྐྱིད་པའི་འབྱུང་གནས་བྱ་བ་དེ་ཡང༌། བློ་སྦྱོང་སྒོམ་པའི་ལུས་འདི་ཉིད་ལ་ཟེར་བ་ཡིན་ཏེ། རང་གཞན་གྱི་འཁོར་འདས་ཀྱི་བདེ་བ་ཐམས་ཅད་འདི་ལས་འབྱུང་བ་ཡིན། རྩོམ་པ་ཐམས་ཅད་གཅིག་ཏུ་དྲིལ་ནས། སེམས་དང་ཆོས་འདྲེས་པར་ལེགས་པར་བློ་སྦྱོངས་ནས། རིང་པོ་མི་ཐོགས་པར་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །རང་གི་མོས་པ་མང་བའི་རྒྱུས། །སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛིན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །ཞེས་པ་ནི། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འཆད་ཁ་བས། ཐུགས་ལེགས་པར་སྦྱོངས་པས། བདག་བས་གཞན་གཅེས་ཀྱི་ཐུགས། རང་འདོད་ཀྱི་འཁྲི་བ་གཏན་ནས་མེད་པ་སྐྱེས་པས། གདིང་ཐོབ་པའི་གསུང་ཡིན་ནོ། །གྲགས་པའི་མཚན་ཅན་ཆོས་རྗེའི་བཀའ་དྲིན་ལས། །ལེགས་པར་རྙེད་པའི་སྙན་བརྒྱུད་རིན་ཆེན་གཏེར། །དད་ལྡན་སློབ་མས་བསྐུལ་ནས་ཕྱེ་བའི་མཐུས། །འགྲོ་ཀུན་བྱང་ཆུབ་སེམས་གཉིས་འབྱོངས་པར་ཤོག །བློ་སྦྱོང་དོན་བདུན་མའི་སྙན་བརྒྱུད་ཀྱི་ཚིག་རྣམས་ཡི་གེ་ཉུང་ངུའི་སྒོ་ནས་བཀྲོལ་བ་འདི། ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཡང་དང་ཡང་དུ་བསྐུལ་ནས། བཙུན་པ་ཐོགས་མེད་ཀྱིས་དབེན་གནས་དངུལ་ཆུའི་ཆོས་རྫོང་དུ་སྦྱར་བའོ།། །།