DNZ-04-NGA-005: Difference between revisions

From Damngak Dzö
DNZ-04-NGA-005
No edit summary
No edit summary
 
(One intermediate revision by the same user not shown)
Line 4: Line 4:
|fulltitletib=སྡིག་སྦྱོང་མན་ངག་སོགས་བློ་སྦྱོང་སྣ་ཚོགས།
|fulltitletib=སྡིག་སྦྱོང་མན་ངག་སོགས་བློ་སྦྱོང་སྣ་ཚོགས།
|fulltitle=sdig sbyong man ngag sogs blo sbyong sna tshogs
|fulltitle=sdig sbyong man ngag sogs blo sbyong sna tshogs
|fulltitletrans=An Instruction on Purifying Negative Karma and Various Mind Training Texts
|citation='jam mgon kong sprul, comp. ''Sdig sbyong man ngag sogs blo sbyong sna tshogs''. In ''Gdams ngag rin po che'i mdzod'', Vol. 4: 123-241. Kalimpong: Rigpe Dorje Publications, 2024.
|citation='jam mgon kong sprul, comp. ''Sdig sbyong man ngag sogs blo sbyong sna tshogs''. In ''Gdams ngag rin po che'i mdzod'', Vol. 4: 123-241. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
Line 27: Line 28:
|versonotes=bka' gdams skor
|versonotes=bka' gdams skor
|archivistnotes=There are numerous texts included in this entry:
|archivistnotes=There are numerous texts included in this entry:
#''sdig sbyong man ngag'' (pp. 123-125)  
#''sdig sbyong man ngag'' (pp. 124-125)  
#''theg pa chen po'i lugs kyi 'khon sbyong'' (pp. 125-126)  
#''theg pa chen po'i lugs kyi 'khon sbyong'' (pp. 125-126)  
#''jo bo la rnal 'byor ma gnyis kyis sems sbyongs shig ces gdams pa'' (pp. 126-127)  
#''jo bo la rnal 'byor ma gnyis kyis sems sbyongs shig ces gdams pa'' (pp. 126-127)  

Latest revision as of 09:42, 11 September 2026

An Instruction on Purifying Negative Karma and Various Mind Training Texts
Rigpe Dorje Publications, 2024
Wylie title sdig sbyong man ngag sogs blo sbyong sna tshogs
Location gdams ngag rin po che'i mdzod
Volume 4, Text 5, Pages 123-241 (Folios 1a1 to 60a6)
Author སྣ་ཚོགས་
Citation 'jam mgon kong sprul, comp. Sdig sbyong man ngag sogs blo sbyong sna tshogs. In Gdams ngag rin po che'i mdzod, Vol. 4: 123-241. Kalimpong: Rigpe Dorje Publications, 2024.
Shechen Publications, 1999
Side notes Recto: blo sbyong sna tshogs   Verso: bka' gdams skor
More details More details
Genre Mind Training Texts - blo sbyong
Notes There are numerous texts included in this entry:
  1. sdig sbyong man ngag (pp. 124-125)
  2. theg pa chen po'i lugs kyi 'khon sbyong (pp. 125-126)
  3. jo bo la rnal 'byor ma gnyis kyis sems sbyongs shig ces gdams pa (pp. 126-127)
  4. ku su lu'i tshogs gsog gi blo sbyong (pp. 127-131)
  5. skyid sdug lam khyer gyi blo sbyong (pp. 131-133)
  6. sum pa lo tsA ba'i snyan brgyud kyi blo sbyong (pp. 133-135)
  7. byang chub sems dpa' kun tu bzang po'i blo sbyong (pp. 135-146)
  8. blo sbyong thun brgyad ma (pp. 146-164)
    1. dang po zas la brten pa'i blo sbyong (pp. 149-152)
    2. gnyis pa dbugs la brten pa'i blo sbyong (p. 152)
    3. gsum pa lus gang+gA'i klung gi bye ma snyed du sprul nas rigs drug gi sdug bsngal dang du len pa'i blo sbyong (pp. 152-154)
    4. bzhi pa sha khrag la brten pa'i blo sbyong (pp. 154-155)
    5. lnga pa gtor ma la brten pa'i blo sbyong (pp. 155-156)
    6. drug pa 'byung ba la brten pa'i blo sbyong (pp. 156-158)
    7. bdun pa lus yid bzhin gyi nor bu rin po cher bsgyur ba'i blo sbyong (pp. 158-160)
    8. brgyad pa blo sbyong 'chi kha ma'i man ngag (pp. 160-164)
  9. gegs sel blo sbyong (pp. 164-174)
  10. jo bo'i blo sbyong don bdun ma (pp. 174-187)
  11. mchims kyi blo sbyong (pp. 187-193)
  12. rnam dag gtsug gi nor bu la jo bos gnang ba'i blo sbyong (pp. 193-198)
  13. dpal ldan bir+wa pa'i blo sbyong (pp. 198-203)
  14. blo sbyong tshig rkang brgyad ma lo rgyus dang bcas pa (pp. 203-218)
  15. a tsar+ya gzugs ngan gyi gtam rgyud (pp. 218-220)
  16. blo sbyong rtog pa 'bur 'joms kyi 'grel pa (pp. 220-226)
  17. theg pa chen po'i blo sbyong (pp. 226-241)
[edit]
༄༅། །སྡིག་སྦྱོང་མན་ངག་སོགས་བློ་སྦྱོང་སྣ་ཚོགས་བཞུགས་སོ། །

༄༅། །བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །སྡིག་པ་བཤགས་པའི་ཐབས་ལ་སྟོབས་བཞི་དང༌། ཀཾ་ཀ་ནི་དང༌། ཡི་གེ་བརྒྱ་པ་ལ་སོགས་པ་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ནས་གསུངས་ཀྱང༌། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་མ་ལུས་པ་སྦྱང་སྙམ་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ལ། རང་གི་ལུས་འཇའ་ཚོན་ནམ་འོད་ཀྱི་རྣམ་པ་ལྟ་བུར་བལྟ་སྟེ། དེའི་སྟེང་དུ་སྣའི་ཐད་ཀར་བུ་ག་གཅིག་བསམས་ལ། ཡི་གེ་གསུམ་བཟླས་པས་བུ་ག་ན་རྒྱུ་མའི་ཚི་བ་ཇི་བཞིན་བྱུང་ནས། དེ་ནས་སྡིག་སྒྲིབ་ཐམས་ཅད་ནག་ནུར་གྱིས་བྱུང་བར་སེམས་ཤིང་བཟླ། དེ་ནས་འཇོག་ཙ་ན་སངས་ཀྱིས་དག་པར་བསམས་ལ། དེ་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་ཤེས་པར་བྱས་ལ་དགེ་བ་བསྔོ། སྨོན་ལམ་བཏབ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡི་གེའི་རྣམ་པར་བྱོན་པ་ཡིན་པས་བྱིན་རླབས་ཤིན་ཏུ་ཆེ། སྡེ་འཁྲུགས་བྱས་པ་ལ་སོགས་པའི་སྡིག་པ་ཆེན་པོ་ཡང་འདིས་འདག་པ་ཡིན་གསུང་ངོ༌། ༈ །ཐེག་པ་ཆེན་པོའི་ལུགས་ཀྱི་འཁོན་སྦྱོང་ལགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ༑ ༑མིའམ་མི་མ་ཡིན་པའི་སེམས་ཅན་གྱི་བྱེ་བྲག་གང་ཡང་རུང་བ་དང༌། ཤ་འཁོན་དུ་གྱུར་ནས་དེ་ལ་བྱང་ཆུབ་ཀྱི་སེམས་སྦྱོང་སྙིང་མི་འདོད་ན་བྱང་ཆུབ་ཀྱི་སེམས་སུ་མི་འགྱུར་བས་འཁོན་སྦྱོང་བའི་མན་ངག་ནི། རང་སྟན་བདེ་བ་ལ་སྤྱོད་ལམ་གང་བདེར་འདུག་སྟེ་བྱམས་སྙིང་རྗེ་དྲག་པོས་བསྐུལ་ལ། རང་གི་སྙིང་ཁོང་སྟོང་དུ་ཤ་འཁོན་ཅན་དེ་ཡོད་པར་བསམས་ལ། དེའི་པང་ན་རང་གི་ཡི་དམ་གྱི་ལུས་རང་ཁོ་ན་འདྲ་བ་གཅིག་དང་། ཁ་དང་། སྙིང་དང་། དཔྲལ་བ། ལག་པ་འཁྱུད་པར་བསམས་ལ། རང་གི་སྤྱི་བོར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་དྲིལ་བུ་དཀུར་བསྟེན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་ཞབས་ཀྱི་མཐེ་བོང་བདག་གི་ཚངས་བུག་ན་རེག་པར་བསམ། དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ་གཅིག་བསམས་ལ། ཡི་གེ་བརྒྱ་པ་བཟླས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་སེམས་དཔའ། དེའི་ཐུགས་བྱང་ཆུབ་ཀྱི་སེམས་སྙིང་རྗེའི་ངོ་བོ་དེ་རྣམ་པ་འོ་མ་ལྟ་བུ་རྡོ་རྗེ་དང་ཧཱུྃ་ལས་བབ་ནས་ཞབས་ཀྱི་མཐེ་བོང་ནས་འཛག་པ་བདག་གི་ཚངས་བུག་ནས་ཞུགས་ནས་སྙིང་གའི་གཟུགས་ལ་ཐིམ་པས། ཚེ་ཐོག་མ་མེད་པ་ནས་ཀྱི་ཤ་འཁོན་དང་། གདོན་དང་གནོད་སེམས་དང་། འགྲན་སེམས་ཕྲག་དོག་ཐམས་ཅད་དག་ནས་ཕ་མ་སྤུན་ཟླ་ལྟ་བུར་སྐྱེས་པར་བསམ། འཇོག་ཙ་ན་རྡོ་རྗེ་སེམས་དཔའ་སྤྱི་བོ་ནས་མར་ཐིམ་པས། རང་གཞན་ཐམས་ཅད་ནམ་མཁའ་ལྟ་བུ་མཉམ་པ་ཉིད་དུ་བསྒོམ་མོ། །ཐེག་པ་ཆེན་པོའི་བློ་སྦྱོང་གི་མན་ངག་དམ་པའོ། ༈ །ཇོ་བོ་ལ་རྣལ་འབྱོར་མ་གཉིས་ཀྱིས་སེམས་སྦྱོངས་ཤིག་ཅེས་གདམས་པའོ། །ན་མོ་རཏྣ་གུ་རུ། ཇོ་བོ་རྗེ་ཉིད་དུས་ཁྱད་པར་ཅན་གཅིག་ལ་བྱང་ཆུབ་ཀྱི་སེམས་སྦྱོང་ཞིང་བསྐོར་བ་མཛད་པ་ན། རྡོ་རྗེ་གདན་གྱི་ཤར་ཕྱོགས་ཀྱི་ནམ་མཁའ་ལ་བུད་མེད་མིའི་ལུས་ལས་ནི་འདས། ལྷའི་ལུས་སུ་ཅུང་མ་སླེབས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཉིས་འདུག་པ་ལ། གཞོན་པ་ལ་རྒན་པ་དེས་དྲི་བའི་ཚུལ་མཛད་ནས། མྱུར་དུ་འཚང་རྒྱ་བར་འདོད་པས་ཐབས་གང་ལ་བསླབ་པར་བྱ་ཞེས་ཞུས་པས། མྱུར་དུ་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱོང་ཞེས་གསུངས་ནས་གསང་སྔགས་ལུགས་འདི་གསུངས་སོ། །བུད་མེད་གཉིས་སྒྲོལ་མ་དང་ཁྲོ་གཉེར་ཅན་གཉིས་ཡིན་སྐད། ཇོ་བོས་དགེ་བཤེས་སྟོན་པ་ལ་གནང༌། དེས་སྤྱན་སྔ་བ་ལ། དེས་བྱ་ཡུལ་བ། དེས་གཙང་པ་རིན་པོ་ཆེ། དེས་གླང་ལུང་པ། དེས་སངས་རྒྱས་སྒོམ་པ། ཟམ་ཚེ་རིན་སངས་པ༑ དེས་སངས་རྒྱས་སྒོམ་པ་བྱང་ཆུབ་སྐྱབས། ཡེ་ཤེས་ཞབས་ཤཱི་ལ་བཛྲ་ལ། དེས་དོན་ཞབས་ལ། བུདྡྷ་རཏྣ་ལ་ལོའི་དགོན་པར་གནང༌། དེས་ཀཱིརྟྟི་ཤཱི་ལ་ལ། དེས་ཛ་ཡ་བྷ་དྲ། དེས་པུཎྱེ་རཏྣ་ལ། དེས་གཞོན་ནུ་རྒྱལ་མཆོག་དཀོན་མཆོག་འབངས་ལའོ། ༈ །ཀུ་སུ་ལུའི་ཚོགས་གསོག་གི་བློ་སྦྱོང༌། ཇོ་བོའི་ཞལ་ནས། ཀུ་སུ་ལུའི་ཚོགས་གསོག་འདི་བསོད་ནམས་ཆེ་བ་ཡིན། འཁོར་བ་དོང་སྤྲུགས་བྱས་པ་ཡིན། ཀུ་སུ་ལུའི་ཚོགས་གསོག་འདི་ལ་ཕན་ཡོན་བརྒྱད་ཡོད་གསུངས། ལུས་ཐ་མལ་གྱི་ཞེན་པ་ཆོད་པ་དང༌། འཆི་བ་བསླུ་བ་དང༌། དམ་ཚིག་ཉམས་པ་སྐོང་བ་དང༌། རྨི་ལམ་འབད་མེད་དུ་ཟིན་པ་དང༌། གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བ་དང༌། བར་དོར་དག་པའི་སྒྱུ་ལུས་ངོས་ཟིན་པ་དང༌། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་དང༌། སྨོན་ལམ་དང་ཐུགས་རྗེའི་དབང་གིས་གཞན་དོན་འབད་མེད་དུ་འགྲུབ་པ་དང་བརྒྱད་དོ། །འདི་སྒོམ་པའི་དུས་སུ་སྟན་བདེ་བ་ལ་འདུག་སྟེ༑ ལུས་སེམས་གནད་དང་ལྡན་པར་བྱས་ལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་རྣལ་འབྱོར་ཀུ་སུ་ལུའི་གདམས་ངག་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། རང་གི་ལུས་འདིའི་ནང་སྟོང་པ་རྫ་མའི་ནང་ལྟ་བུར་བསྒོམ། མགྲིན་པ་ནས་ཚངས་པའི་བུ་ག་མན་ཆད་བུམ་པའི་མགྲིན་པ་ལྟར་སྐྱ་སེང་བ་གཅིག་བསམ། རང་ལུས་སྟོང་པའི་ཐུགས་ཀར་རང་གི་སེམས་ཀྱི་རྣམ་པ་ཧཱུྃ་སྔོན་པོ་གཅིག་ཏུ་གྱུར་པར་བསམ། དེ་རླུང་གིས་ཡར་བཏེགས་པས་ཚངས་པའི་བུ་ག་ལས་ཡར་འཐོན། ནམ་མཁའི་སོར་བཞི་ཙམ་ན་ཡོད་པར་བསམས་ལ། དེ་ལ་དམིགས་ལ། ༀ་སྭ་བྷཱ་བ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་པ་ལན་གསུམ་བརྗོད་དེ་རྨི་ལམ་སྒྱུ་མ་ཙམ་དུ་གྱུར་པར་བསམ། ༀ་ཤཱུ་ཎྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ལན་གསུམ་བརྗོད་པས་ཧཱུྃ་དེ་སྟོང་པར་གྱུར་པར་བསམ། དེའི་ངང་ནས་ནམ་མཁའ་ལ་པདྨ་དམར་པོ་གཅིག་བསམ། དེ་འོད་དུ་ཞུ་བ་ལས་པདྨའི་གདན་གཅིག་ཏུ་གྱུར། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྃ་དམར་པོ་གཅིག་བསམ། བྃ་འོད་དུ་ཞུ་བ་ལས་གྲི་གུག་གཅིག་ཏུ་གྱུར། ཆང་ཟུང་ཡུ་བ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྃ་དམར་པོ་གཅིག་བསམ། དེ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་དག་པས་སེམས་ཅན་ཐམས་ཅད་ཇོ་མོ་རྡོ་རྗེ་རྣལ་འབྱོར་མར་གྱུར་པར་བསམ། འོད་ཟེར་ཚུར་འདུས་གྲི་གུག་གི་ཡུ་བའི་བྃ་ལ་ཐིམ་པར་བསམ། བྃ་གྲི་གུག་དང་བཅས་པ་ཞུ་ནས་རང་གི་སེམས་འདི་ཇོ་མོའི་བྲིས་སྐུ་འདྲ་བ་གཅིག་ཏུ་གྱུར་པར་བསམ། དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྃ་བསམ། དེ་ལས་འོད་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་ཇོ་མོ་ཡེ་ཤེས་པ་སྤྱན་དྲངས་ནས་བྱོན་པར་བསམ། ཛཿ ཞེས་པས་སྤྱི་བོར་བྱོན། ཧཱུྃ་གིས་ཐིམ། བྃ་གྱིས་གཉིས་མེད་དུ་གྱུར། ཧོཿ ས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་འདུས་པའི་སྐུའི་ངོ་བོར་གྱུར་པ་ཇོ་མོ་རྡོ་རྗེ་རྣལ་འབྱོར་མ་རང་ཉིད་ཡིན་ཨང་སྙམ་དུ་དགའ་བ་བསྒོམ། དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྃ་དམར་པོ་གཅིག་བསམ། སྤྱི་བོར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་དཀར་པོ་གཅིག་བསམ། མགྲིན་པར་ཨ་ལས་ཟླ་བའི་སྟེང་དུ་ཨཱཿ དམར་པོ་གཅིག་བསམ། ཐུགས་ཀར་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་གཅིག་བསམ། དེ་རྣམས་ལ་དམིགས་ལ། ༀ་ཨཱཿ ཧཱུྃ་གསུམ་བརྗོད། དེ་ནས་རང་ལུས་མི་རོར་གྱུར་པ་དེ་རྣལ་འབྱོར་མའི་མདུན་དུ་ལིང་ངེ་ཡོད་པར་བསམས་ལ། དེའི་རྩར་ཡྃ་ལྗང་གུ་གཅིག་བསམ། དེ་འོད་དུ་ཞུ་བ་ལས་རླུང་གི་དཀྱིལ་འཁོར་འོད་མའི་གཞུའི་དབྱིབས་སུ་ཡོད་པ་མཆོག་མ་གཉིས་ན་རླུང་གི་བ་དན་སྔོན་པོ་རེ་ཡོད་པར་བསམ། དེའི་ཆང་ཟུང་ལ་རྃ་དམར་སེར་གཅིག་བསམ། དེའི་ཕྱོགས་རེ་རེ་ན་ཧཱུྃ་སྔོ་སྐྱ་རེ་རེ་བསམ། ཧཱུྃ་འོད་དུ་ཞུ་བས་མི་མགོ་རློན་པའི་སྒྱེད་བུ་གསུམ་ཡོད་པར་བསམ། དེ་ནས་རང་གི་སེམས་རྡོ་རྗེ་རྣལ་འབྱོར་མར་གྱུར་པའི་ཕྱག་གཡས་ཀྱི་གྲི་གུག་དེས་མི་རོའ་ིཐོད་པ་འབྲེག་མཚམས་སུ་བྲེགས་ནས་མི་མགོའ་ིསྒྱེད་པུ་དེའི་སྟེང་དུ་བཞག་པར་བསམ། ཐོད་པ་དེ་ཡང་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་གྱུར་པར་བསམ། དེའི་ནང་དུ་མི་རོ་དེ་བཅུག་ལ། མི་རོ་དེའི་སྟེང་དུ་ཨ་ལས་ཟླ་བའི་དལ་གྱི་སྟེང་དུ་བྃ་བསམ། དེ་འོད་དུ་ཞུ་བས་གྲི་གུག་གཅིག །དེའི་ཆང་ཟུང་གི་སྟེང་ན་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྃ་བསམ། དེ་ལས་འོད་འཕྲོས་པས་མི་རོ་དེ་བདུད་རྩིར་གྱུར། ཡང་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་བདུད་རྩི་བབས་པས་ཐོད་པ་གང་བར་བསམ། རྣལ་འབྱོར་མའི་ཐུགས་ཀའི་བྃ་ལས་འོད་ཟེར་འཕྲོས་པས་འོད་ཀྱི་སྣ་ལ་བདུད་རྩི་སྤྲིན་འཁྲིགས་པའི་གསེབ་ནས་བདུད་རྩི་བབས་པས་སྐྱ་མེར་གྱིས་གང་བར་བསམ། གྲི་གུག་གིས་དཀྲུགས་པས་བདུད་རྩི་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་འདྲེས་པར་བསམ། གྲི་གུག་དང་ཡིག་འབྲུ་རྣམས་བདུད་རྩིར་གྱུར། དེ་ནས་རྣལ་འབྱོར་མས་ཧཱུྃ་ལན་གསུམ་ཤངས་ནས་རླུང་དྲག་པོ་ཤང་ཤང་བྱུང་ནས་བ་དན་གཉིས་པོ་ལ་ཕོག་ནས་དེ་གཉིས་ཀྱིས་རླུང་གཡབ་པས་རྃ་ལས་མེ་འབར་བར་བསམ། དེ་ནས་བདུད་རྩི་ལྷོག་ཆིལ་གྱིས་ཁོལ་བར་བསམ། ༀ་ཨཱཿ ཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་པས། བདུད་རྩི་དཀར་མེར་གྱིས་གྱུར་པར་བསམ། དེ་ནས་རང་རྣལ་འབྱོར་མའི་ཐུགས་ཀ་ནས་ཧཱུྃ་ལས་འོད་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ནས་ཇོ་མོ་རྣལ་འབྱོར་མ་དཔག་ཏུ་མེད་པ་བྱོན་ནས་ཀ་པཱ་ལས་བདུད་རྩི་བཅུས་ཏེ་ཁྱེར་ནས་དམྱལ་བའི་གནས་སུ་སོང་བས་དམྱལ་བ་རེ་རེའི་མགོ་ན་ཡང་ཇོ་མོ་རེ་རེ་ཡོད་པར་བསམ། སེམས་ཅན་དམྱལ་བ་དེ་རྣམས་ཀྱི་ཁ་ནས་མར་རང་དབང་མེད་པར་བླུགས་པས་དེ་ཐམས་ཅད་ཀྱི་ཚ་གྲང་གི་སྡུག་བསྔལ་ཞི་ནས་དེ་རྣམས་ཐམས་ཅད་རྣལ་འབྱོར་མའི་སྐུར་གྱུར་པར་བསམ། ལྷག་མ་དེ་ཕོ་བས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཞིང་དུ་གྱུར་པར་བསམ། དེ་ནས་རིགས་དྲུག་ཀ་ལ་དེས་མཚོན་པས་ཆོག་པ་ཡིན་གསུངས། དེ་ནས་ལྷག་མ་དེ་དཀོན་མཆོག་ལ་དབུལ་བར་མི་འོས་ན་ཡང་ཟོས་འཐུང་གི་ལྷག་མ་མེད་པར་དཀོན་མཆོག་ལ་ཕུལ་ན་ཆོག་པ་ཡིན་གསུངས། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། སྨོན་ལམ་གདབ་བོ། ༈ །སྐྱིད་སྡུག་ལམ་ཁྱེར་གྱི་བློ་སྦྱོང༌། བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐྱིད་སྡུག་ལམ་ཁྱེར་གྱི་མན་ངག་ནི། བྱང་ཆུབ་ཏུ་སེམས་བསྐྱེད་ལ། སྐྱིད་པར་བྱུང་ན་སྐྱིད་མཁན་དེ་ལུས་དང་སེམས་གང་ཡིན་ངོས་ཡེར་གྱིས་བཟུང༌། ལུས་བེམ་པོ་རོ་དང་འདྲ་སྟེ། སྐྱིད་མཁན་དུ་མ་གྲུབ། སེམས་སྟོང་པ་ནམ་མཁའ་དང་འདྲ་སྟེ། ཁོ་ཉིད་ཁོ་རང་གིས་སྟོང་པས་སྐྱིད་པ་པོར་མ་གྲུབ། དེས་ན་སྐྱིད་པ་པོར་འཛིན་པ་དེ་ཉིད་ཁོ་རང་གིས་སྟོང་པས། སྟོང་པ་ལ་སྟོང་པར་ཤེས་པར་བྱས་ལ་སྟོང་པའི་ངང་ལས་སིང་ངེ་ཡེར་རེ་ལྷོད་དེ་ཤིག་གེ་སྡོད་ཚད་མཉམ་པར་བཞག །དེ་ནི་མ་བཅོས་དྲི་མེད་ཆོས་སྐུ་ཐོབ་པའི་ཐབས་ཡིན་ནོ། །དེའི་ངང་ལ་སྐྱིད་པར་སྣང་བ་དེ་ཉིད་རང་གི་ཡི་དམ་གང་ཡིན་དེ་ཉིད་ཀྱི་ངོ་བོར་ཡེར་གྱིས་བསྒོམ། སེམས་ཡེངས་རུང་མ་ཡེངས་རུང་ཡི་དམ་ལྷ་དང་འབྲལ་མེད་དུ་རྒྱས་གདབ། དེ་ནི་དག་པའི་གདུལ་བྱ་འདུལ་བྱེད་ལོངས་སྐུ་ཐོབ་པའི་ཐབས་ཡིན་ནོ། །དེའི་ང་རྒྱལ་དང་མ་བྲལ་བས་སྐྱིད་པར་སྣང་བ་དེ་ཉིད་སེམས་ཅན་གྱི་དོན་དུ་བསྔོ་སྟེ། སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །ཅེས་ལན་གསུམ་བརྗོད། དེ་ནི་མ་དག་པའི་གདུལ་བྱ་འདུལ་བྱེད་སྤྲུལ་སྐུ་ཐོབ་པའི་ཐབས་ཡིན་ནོ། །སྡུག་མཁན་དེ་ལུས་དང་སེམས་གང་ཡིན་ངོས་ཡེར་གྱིས་བཟུང༌། ལུས་བེམ་པོ་རོ་དང་འདྲ་སྟེ། སྡུག་མཁན་དུ་མ་གྲུབ། སེམས་སྟོང་པ་ནམ་མཁའ་དང་འདྲ་སྟེ། ཁོ་ཉིད་ཁོ་རང་གིས་སྟོང་པས་སྡུག་པ་པོར་མ་གྲུབ་པས། དེས་ན་སྡུག་པར་འཛིན་པ་དེ་ཉིད་ཁོ་རང་གིས་སྟོང་པས་སྟོང་པ་ལ་སྟོང་པར་ཤེས་པར་བྱས་ལ། སྟོང་པའི་ངང་ལས་སིང་ངེ་ཡེར་རེ་ལྷོད་དེ་ཤིག་གེ་སྡོད་ཚད་དུ་མཉམ་པར་བཞག །མ་བཅོས་དྲི་མེད་ཆོས་སྐུ་ཐོབ་པའི་ཐབས་ཡིན་ནོ། །དེའི་ངང་ལ་སྡུག་པར་འཛིན་པ་དེ་ཉིད་རང་གི་ཡི་དམ་གང་ཡིན་པ་དེའི་ངོ་བོར་ཡེར་གྱིས་བསྒོམ། སེམས་ཡེངས་རུང་མ་ཡེངས་རུང་ཡི་དམ་ལྷ་དང་འབྲལ་མེད་དུ་རྒྱས་གདབ། དེ་ནི་དག་པའི་གདུལ་བྱ་འདུལ་བྱེད་ལོངས་སྐུ་ཐོབ་པའི་ཐབས་ཡིན་ནོ། །དེའི་ང་རྒྱལ་དང་མ་བྲལ་བས་སྡུག་པར་སྣང་བ་དེ་ཉིད་སེམས་ཅན་གྱི་དོན་དུ་བསྔོ་སྟེ། སྡུག་ན་ཀུན་གྱི་སྡུག་བསྔལ་བླང༌། །སྡུག་བསྔལ་རྒྱ་མཚོ་སྐེམ་པར་ཤོག །ཅེས་ལན་གསུམ་བརྗོད། དེ་ནི་མ་དག་པའི་གདུལ་བྱ་འདུལ་བྱེད་སྤྲུལ་སྐུ་ཐོབ་པའི་ཐབས་ཡིན་ནོ། །སྐྱིད་སྡུག་ལམ་ཁྱེར་གྱི་མན་ངག་གོ །འདིའི་བརྒྱུད་པ་ནི། པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ༑ མཁན་ཆེན་ལྷོ་བྲག་པ། མཁན་ཆེན་བདེ་བ་བྱམས་ཆེན་པོ། རིན་པོ་ཆེ་གྲགས་པ་བཤེས་གཉེན། ཆོས་རྗེ་བསོད་ནམས་རིན་ཆེན། གཞོན་ནུ་རྒྱལ་མཆོག་གོ ༈ །སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་ཀྱི་བློ་སྦྱོང༌། གུ་རུ་ན་མོ༑ གྲུབ་ཐོབ་སུམ་པ་ལོ་ཙཱ་བ་རྒྱ་གར་དུ་བྱོན། གསང་སྔགས་ཕལ་ཆེར་ལ་ཐོས་པ་མཛད། བོད་དུ་བྱོན་ཁར་གསེར་ལྷག་མ་ཁྱེར་ནས་རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོ་ལ་འབུལ་དུ་བྱོན། གནྡྷོ་ལ་ལ་བསྐོར་བ་མཛད་ཅིང་བཞུགས་པས་བུད་མེད་དམར་མོ་གཅིག་དང་། སྔོན་མོ་གཅིག་གཉིས་རེས་འགའ་བར་སྣང་ལ་བསྐོར་བ་མཛད། རེས་འགའ་ས་ལ་གོམ་པ་འདོར་བའི་ཚུལ་དུ་བསྐོར་བ་མཛད་ཅིང་གདའ་སྐད། དེར་བུད་མེད་སྔོན་མོ་དེས་དམར་མོ་དེ་ལ། མོ་དེ་མདངས་ཞག་བློ་ཡང་མ་བདེ། འགྲོ་སྙིང་གཅིག་ཀྱང་འདོད། འཆི་བ་མིན་ན་དྲག་སྟེ། ལར་འཆི་བ་འདི་ཀ་ལ་འཚེར་ཟེར་ནས་དྲི་བ་རྣམ་པ་བཞི་བྱེད་ཀྱིན་གདའ་སྐད། དེར་བུད་མེད་དམར་མོ་དེས་ལོ་ཙཱ་བ་ལ་སྤྱན་གྱིས་ཟུར་མིག་ཅེར་བ་ཅིག་གཟིགས་ནས་སྔོན་མོ་དེ་ལ། མོ་དེ་གང་བྱུང་གིས་ཆོག་ན་ཅི་བྱས་ཀྱང་བདེ་སྟེ། ཁྱོད་ཀྱི་བློ་དེ་གང་བྱུང་གིས་མ་ཆོག་པས་ལན་པ་ཡིན་ནོ། །མོ་དེ་སེམས་བཞག་སར་སྡོད་ན་ཕྱིན་ཀྱང་ཆོག་སྟེ། ཁྱོད་ཀྱི་སེམས་དེ་བཞག་སར་མ་སྡོད་པས་ལན་ནོ། །མོ་དེ་བློ་ཆོས་སུ་སོང་ན་ཤི་ཡང་སླ་བ་ལ་ཁྱོད་ཀྱི་བློ་རྒྱུན་ཆོས་སུ་མ་སོང་བས་ལན་ནོ། །མོ་དེ་རང་སེམས་སྐྱེ་མེད་དུ་རྟོགས་ན་འཆི་རྒྱུ་ཡང་མེད་དེ། ཁྱོད་ཀྱི་སེམས་དེ་སྐྱེ་མེད་དུ་མ་རྟོགས་པས་ལན་ཟེར་ནས་ལན་རྣམ་བཞི་འདེབས་ཀྱིན་གདའ་སྐད། དེ་ནས་ལོ་ཙཱ་བའི་ཐུགས་སྐྱ་ོབ་སངས། སྔར་བསླབས་པའི་ཆོས་གནད་དུ་སོང༌། ཐུགས་རྒྱུད་ཀྱི་སྟེང་དུ་ཡང་རྟོགས་པ་ཁྱད་པར་ཅན་སྐྱེས་པ་ཡིན་གསུང་ངོ༌། །དེ་ལ་ངོ་སྤྲོད་འདི་ལྟར་དུ་ཡིན། གང་བྱུང་གིས་ཆོག་ན་བྱ་བ། རང་གི་བསགས་པ་དང་བསྟུན་པའི་ལོངས་སྤྱོད་གང་བྱུང་གིས་ཆོག་ཤེས། གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་མི་དོག །རྐྱེན་བདེ་སྡུག་གིས་ཁོང་ཞུམས་སུ་མི་འགྱུར་བ་ལ་སོགས་དགོས་གསུང་ངོ༌། །སེམས་བཞག་སར་སྡོད་པ་བྱ་བ། བླ་མའི་བྱིན་རླབས་དང་། ཐབས་ཁྱད་པར་ཅན་ལ་བརྟེན་ནས་སེམས་རང་ངོ་ཤེས། རང་ས་ཟིན། རང་དབང་ཐོབ་པ་ལ་སོགས་པ་དགོས། སེམས་ཆོས་དང་འདྲེས་པ་ནི། སེམས་ནི་རིག་རིག་པོ་འདི་ཡིན། ཆོས་དེའི་རང་བཞིན་རྟོགས་པ་གཅིག་དགོས། སེམས་སྐྱེ་མེད་དུ་རྟོགས་པ་ནི། སྐྱེ་བ་རྟོགས་པ་འཆི་བ་འགག་པ་ཡིན། སེམས་སྐྱེ་འགག་གནས་གསུམ་དང་བྲལ་བར་རྟོགས་པའི་རྟོགས་པ་མཉམ་རྗེས་མེད་པ་ནི་འཆི་རྒྱུ་མེད་པ་ལགས་སོ། །ཆོས་འདིའི་བརྒྱུད་པ་ནི། རྗེ་བཙུན་མ་རྡོ་རྗེ་ཕག་མོ་དང་སྒྲོལ་མ་གཉིས་ཀྱིས་སུམ་པ་ལོ་ཙཱ་བ་ལ་གསུངས། དེས་ས་པཎ། དེས་གྲུབ་ཐོབ་ཆེན་པོ་མཚོ་འཕྲང་བ། དེས་མཁས་གྲུབ་ཆོས་རྗེ། དེས་རི་ཁྲོད་རས་ཆེན། དེས་པྲཛྙཱ་བོ་དྷི། དེས་དོན་ཞགས་པ། བུདྡྷ་རཏྣ་ལ། དེས་ཀཱིརྟྟི་ཤཱི་ལ་ལ། དེས་ཆོས་རྗེ་རྒྱལ་བ་བཟང་པོ་ལ། དེས་ཆོས་རྗེ་བསོད་ནམས་ལ་གནང༌། དེས་དཀོན་མཆོག་འབངས་ལ་གནང་བའོ། ༈ །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་བློ་སྦྱོང༌། གུ་རུ་མཻ་ཏྲི་ན་མོ། བླ་མའི་ཞལ་ནས༑ ཆོས་ཐམས་ཅད་རང་གི་སེམས་སྟེང་དུ་ཧྲིལ་གྱིས་དྲིལ་ནས་ཉམས་སུ་ལེན་དགོས། དེ་ཡང་བཀའ་བརྒྱུད་འདི་བླ་མའི་ལམ་ཡིན་པས་དུས་གསུམ་གྱི་མཆོད་ཡུལ་ཐམས་ཅད་ཀྱི་ངོ་བོ་བླ་མ་དེའི་རྣམ་འཕྲུལ་དུ་ཤེས་པར་བྱས་ནས་བློ་སྦྱོང་བས་བླ་མ་ལ་ཕྱག་དང་ཕྱི་ནང་གསང་གསུམ་གྱི་མཆོད་པ་འབུལ། གསོལ་བ་བཏབ། བླ་མ་དེ་ལ་སྣ་ཐག་གཏད་ནས། མི་རྟག་པ་ནས་གནས་ལུགས་ཀྱི་བར་ཉམས་སུ་ལེན་དགོས། དེ་ཡང་ལྟ་བ་རྣམ་པར་དག་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་སྐྱེ་འགག་མེད་ཅིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུར་གཏན་ལ་ཕབ། འགག་མེད་ཀྱི་རྩལ་སྦྱོང་། སེམས་ཅན་ལ་དམིགས་པ། ཆོས་ཙམ་ལ་དམིགས་པ། དམིགས་པ་མེད་པ་གསུམ་བསྒོམ། མཉམ་པ་ཉིད་གསུམ་བསྒོམ། དེས་ཉེ་རིང་མེད་པ། གུས་པ། བཟང་ངན་མེད་པ་ཡོན་ཏན་གསུམ་བསྐྱེད། གཞན་ཡང་རླབས་པོ་ཆེའི་སེམས་དང་། མི་བསྒུལ་བའི་སེམས་དང༌། རྡོ་རྗེ་ལྟ་བུའི་སེམས་དང་གསུམ་ལ་བསླབ། དེ་ལ་དང་པོ་ནི། ཐེག་པ་ཆེན་པོའི་སེམས་འབའ་ཞིག་སྟེ། གཅུང་མོས་པས་གཅེན་པོ་ཐམས་ཅད་ཀྱི་མཛད་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཕྲིན་ལས་ལ་སོགས་པ་རྣམས་གཅེན་པོ་ཐམས་ཅད་དང་མཉམ་པར་གྱུར་ཅིག །ཅེས་ཐུགས་བསྐྱེད་པས་ཐམས་ཅད་དང་མཉམ་པ་དང༌། ཤཱཀྱ་ཐུབ་པས་ཀྱང་སེམས་ཅན་ཐམས་ཅད་བྱ་བྱེད་ངན་པ། རང་བཞིན་ངན་པ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གདུལ་བྱར་མ་གྱུར་པ་རྣམས་ངས་འདུལ་བར་གྱུར་ཅིག །ཅེས་ཐུགས་རླབས་པོ་ཆེ་བསྐྱེད། དཀའ་བ་དཔག་ཏུ་མེད་པ་སྤྱད། རིགས་གསུམ་མགོན་པོ་ཐུགས་རྗེ་ཆེན་པོས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་རང་བཞིན་དུ་ཤར་ནས་སྟོང་གསུམ་ཁོང་གི་རྣམ་འཕྲུལ་ཇི་ལྟར་ཡིན་པའམ། འཁོར་བའི་གནས་སུ་ཐུགས་རྗེའི་རླབས་དཔག་ཏུ་མེད་པ་ལ་སོགས་པ་གསུངས། ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཤུགས་འཆང་དུ་སྐྱེ་བ་བཞེས་པའི་དུས་སུའང་སངས་རྒྱས་པ་ཐེག་པ་ཆེན་པོའི་ལམ་མ་ཡིན། བྱང་ཆུབ་སེམས་དཔའ་རྟག་ཏུ་འཁོར་བར་བསྡད་ནས་སེམས་ཅན་གྱི་སྡུག་བསྔལ་བའི་གྲོགས་བྱེད། དཀའ་བ་དཔག་ཏུ་མེད་པ་སྤྱད། སངས་རྒྱས་མཆོད་པས་མཉེས་པར་བྱེད། སངས་རྒྱས་ཀྱི་ཆོས་རྣམས་རྫོགས་པར་བྱེད་པས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་འཛིན། བདུད་འདུལ་བར་ཆད་བསྲུང་བ་ལ་སོགས་པ་རླབས་པོ་ཆེའི་སྤྱོད་པ་མཛད། འཕགས་པ་འཇམ་དཔལ་གྱིས་དང་པོ་ཐུགས་བསྐྱེད་པའི་དུས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་བཞིན་དུ་སེམས་ཅན་སངས་རྒྱས་ཀྱི་ས་ལ་འགོད་པར་དམ་བཅས། སེམས་ཅན་བྱང་ཆུབ་ལ་བཀོད་ནས་ཕྱོགས་བཅུའི་སོ་སོར་སངས་རྒྱས་མ་ཐོབ་བར་དེ་སྲིད་དུ་འཚང་མི་རྒྱ་བར་དམ་བཅས། སེམས་ཅན་རེ་རེའི་རྒྱུས་ཀྱང་ཕྱི་མའི་མུ་མཐར་གནས་པར་བྱ། སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་ལ་སོགས་ཀྱི་སྡུག་བསྔལ་གྱིས་མི་སྐྱོ། བྱང་ཆུབ་སེམས་དཔའི་རྟེན་ལ་སངས་རྒྱས་ཀྱི་མཛད་པ་མཛད་པར་དམ་བཅས། དམ་བཅའ་དེ་མ་རྫོགས་པར་སངས་རྒྱས་ན་དེའི་མཚམས་མེད་པ་ལྔ་བྱེད་ཅིང་དེ་བཞིན་གཤེགས་པ་རྣམས་བསླུས་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ། དེ་ཐམས་ཅད་པས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རླབས་ཆེ་སྟེ། དང་པོ་ཐུགས་བསྐྱེད་པའི་དུས་སུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཐུགས་ཇི་ལྟར་བསྐྱེད་པར་མ་ནུས་པའི་ཐུགས་རྗེས་སུ་བསྐྱེད་དེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་དུས་སུ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཀའ་བ་ཅི་སྤྱོད་པ་མ་ལུས་པར་སྤྱོད་ཅིང་། ནམ་མཁའི་མཐས་གཏུགས་པའི་སེམས་ཅན་མ་ལུས་པ་སངས་རྒྱས་ལ་འགོད་པར་འདོད་པ་དང༌། བྱང་ཆུབ་སེམས་དཔའི་རྟེན་ལ་དུས་གསུམ་གྱི་སངས་རྒྱས་ཀྱི་ཕྲིན་ལས་རྫོགས་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་རེ་རེར་ཡང་དེའི་མཛད་པ་བསམ་གྱིས་མི་ཁྱབ་པ་མཛད་པའི་དུས་སུ་སེམས་ཅན་རེ་རེའི་དོན་དུ་ཡང་བསྐལ་པ་དཔག་ཏུ་མེད་པར་མནར་མེད་ལ་སོགས་པའི་སྡུག་བསྔལ་མྱོང་ཞིང་། དུས་གསུམ་སངས་རྒྱས་ཀྱི་མཛད་པ་ཞལ་གྱིས་བཞེས། དུས་གསུམ་གྱི་བྱང་ཆུབ་སེམས་དཔས་སེམས་མ་བསྐྱེད་པ་རྣམས་བདག་གིས་བསྐྱེད། སྤྱོད་པར་མི་ནུས་པའི་དཀའ་བ་བདག་གིས་སྤྱད། ཐུགས་རྗེ་ཆེན་པོ་ཐབས་ལ་མཁས་པ་རྣམས་ཀྱིས་སྤངས་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པའི་ཐུགས་བསྐྱེད། སངས་རྒྱས་རེ་རེའི་མདུན་དུ་ལུས་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་དང་མཉམ་པར་སྤྲུལ་ནས་ཕྱི་ནང་གསང་བའི་མཆོད་པ་དབུལ། ལུས་རེ་རེས་ཀྱང་ཞིང་ཁམས་དཔག་མེད་གཅིག་སྦྱང༌། དེ་བཞིན་དུ་སེམས་ཅན་སྨིན་དཀའ་བ། སྤྱོད་པ་གདུལ་དཀའ་བ་རྣམས་འདུལ་བའི་སྨོན་ལམ་འདེབས། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད་པར་ཞལ་གྱིས་བཞེས། ཁ་ཅིག་རེ་རེ་ལ་དུས་གསུམ་སངས་རྒྱས་ཀྱི་མཛད་པ་རྫོགས་པར་མཛད། བསམ་པ་དེ་ཡོངས་སུ་མ་རྫོགས་པར་སངས་རྒྱས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསླུས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། དེའི་ཐུགས་བསྐྱེད་ནི་ནམ་མཁའ་ལྟ་བུ་སྟེ་བརྗོད་ཀྱིས་མི་ལང་ངོ༌། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་པས་ཀྱང་རྒྱ་ཆེ་བར་རང་ཅག་གིས་སེམས་བསྐྱེད། བྱང་ཆུབ་ཀྱི་སེམས་དེ་དང་པོ་ལ་བརྟེན་ནས་སྐྱེ། བར་དུ་གནས། ཐ་མར་སངས་རྒྱས་སྐྱོ་བར་མི་བྱ། འདི་སྡུག་གི་མགོ་མཐུད། སྐྱིད་ཀྱི་ཁ་བསྣོན། འཇིགས་པའི་སྐྱེལ་མ། ནད་དང་གདོན་གྱི་གཉེན་པོ། ཉོན་མོངས་འབུར་འཇོམས་ཡིན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་རྗེས་སུ་བསླབ་པའི་ཕྱིར། རང་ཐ་མལ་པའི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མྃ་དཀར་པོ་གཅིག་བསམ། དེ་ལས་འོད་ཟེར་ཟིང་ཟིང་འཕྲོས་ཏེ་སོང་བས་ནམ་མཁའི་མཐའ་ཁྱབ་པའི་སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་གྱི་ལས་དང་ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོག་སེར་སྣ་ལ་སོགས་པ་དྲུག་རྩ་བའི་ཉོན་མོངས་པ། ཉི་ཤུ་ཉེ་བའི་ཉོན་མོངས་པ། དེ་རྣམས་ཀྱིས་ཀུན་ནས་སློང་བའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ། མཚམས་མེད་ལྔ། དེ་དང་ཉེ་བ་ལྔ། རྩ་བའི་ལྟུང་བ། དཀོན་མཆོག་ལ་མ་གུས་པ། དམ་པའི་ཆོས་སྤོང་བ། འཕགས་པ་ལ་སྐུར་བ་བཏབ་པ་ལ་སོགས་པས་རྒྱུ་དེ་ལས་མཐོ་རིས་ཐར་པའི་གེགས་བྱེད་པ། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཉམས་སུ་བླང་དགོས་པ་ཐམས་ཅད་རང་གི་ལུས་ལ་སིབ་སིབ་བྱུང་ནས་སེམས་ཅན་གྱི་རྒྱུད་ལ་སྒྲིབ་པ་མེད་པར་གཙང་སིང་གིས་སོང་ནས། ད་སྡིག་པ་དེ་དག་བཤགས་པར་བྱའོ་སྙམ་དུ་བསམས་ནས། ཡང་འོད་ཟེར་བསྐྱར་མ་གཅིག་འཕྲོས་ཏེ་སོང་བས་སེམས་ཅན་ཐམས་ཅད་ལ་ཕོག་པས་འབྲས་བུ་འཁོར་བའི་སྡུག་བསྔལ། དམྱལ་བ་ཚ་གྲང༌། ཡིད་བཏགས་བཀྲེས་སྐོམ། དུད་འགྲོ་གླེན་ལྐུགས་ལ་སོགས་པ། ལྷ་མ་ཡིན་ལ་འཐབ་རྩོད། ལྷ་ལ་འཆི་འཕོ་བ་དང་ལྟུང་བ། མི་ལ་སྡུག་བསྔལ་བརྒྱད་དམ་བཅུ་གཅིག་ལ་སོགས་པ་ལུས་ངག་ཡིད་གསུམ་ལ་གནོད་པའི་མི་དགེ་བ་ཐམས་ཅད་ལ་འོད་ཟེར་གྱིས་སེམས་ཅན་རྣམས་ཀྱི་ལུས་སེམས་བདེ་སངས་སོང་བར་བསམ། འོད་ཟེར་རང་གི་ལུས་ལ་ཐིམ་པས་སྡུག་བསྔལ་དེ་དག་རང་གི་ལུས་ལ་སིབ་ཀྱིས་བྱུང་ནས་བ་སྤུའི་བུ་ག་རེ་རེ་ཡང་མནར་མེད་པ་ལ་སོགས་པའི་རིགས་དྲུག་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་གནས་པར་བསམ། སེམས་ཅན་སྡུག་བསྔལ་དང་བྲལ་ན་བདག་གིས་འཁུར་དུ་ཡོད་པ་དོན་ཆེ་སྙམ་དུ་བསམ། སེམས་ཅན་ཐམས་ཅད་ཀྱིས་བདག་ཉིད་གཉའ་བོའམ། གཏའ་མར་ཡིད་ཆེས་བཞིན་པས་བདག་གཏེ་བར་བཅུག་ལ་སེམས་ཅན་བསླུ། བདག་གིས་སྡུག་བསྔལ་ཐམས་ཅད་ཉམས་སུ་བླངས་ལ་སེམས་ཅན་ཐམས་ཅད་བདེ་བ་ལ་དགོད་དོ་སྙམ་དུ་བསམ། ཡང་འོད་ཟེར་བསྐྱར་མ་གཅིག་འཕྲོས་ནས་སོང་བས་རང་གི་བླ་མ་བརྒྱུད་པ་དང་བཅས་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཡི་དམ་གྱི་ལྷ་དང་། ཉན་རང་རྣམས་ཀྱི་རྒྱུད་ལ་ཕོག་པས། དེ་དག་གི་ཐུགས་དམ་གྱི་བར་ཆད་དང༌། སྐུ་ཆགས་དང་། ཐུགས་དགོངས་མ་རྫོགས་པ་དང་། རྣམ་པར་ཐར་པ་མཐར་མ་ཕྱིན་པ་ལ་སོགས་པ་ཐམས་ཅད་འོད་ཟེར་གྱི་སྣ་ལ་སིབ་སིབ་འདུས་ནས་རང་གི་ལུས་ལ་སིབ་སིབ་བྱུང་བར་བསམ། དེ་བདག་གིས་ཁུར་དུ་ཡོད་པ་བསོད་ནམས་ཆེ་སྙམ་དུ་བསམ། དུས་རྟག་ཏུ་ནམ་མཁའ་ལྟ་བུའི་ངང་ལས་མ་གཡོས་པར་བྱ། རྟག་ཏུ་བླ་མ་ཡིད་ལ་བྱེད་པ་དང་མ་བྲལ་བར་བྱ། དེ་དག་ལ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་མཆོད་པར་འབུལ། སེམས་ཅན་ཐམས་ཅད་ཀྱི་ལན་ཆགས་དང་། ཤ་མཁོན་ཡོད་པའི་བགེགས་རྣམས་ལ་དེ་དག་གི་གླུད་དུ་གྲངས་མང་པོར་རོ་ཞིམ་པ་གཟུགས་བཟང་བར་སྤྲུལ་ཏེ། དེ་བཞིན་དུ་ཁྲག་རུས་པ་དོན་སྙིང་། ཡན་ལག་དང་ཉིང་ལག་དཔག་ཏུ་མེད་པར་སྤྲུལ་ལ་གང་འདོད་ལ་བློས་བྱིན། རིངས་ན་རྗེན་པར། མི་རིངས་ན་ཚོས་ལ་ཟོ་བྱ། ཟོས་པ་ཐམས་ཅད་ཉོན་མོངས་པའི་སྲེད་པ་ཞི་ནས་བདེ་བ་རྒྱས་ཏེ། བདག་གི་གདུལ་བྱར་གྱུར་པར་སྨོན་ལམ་བཏབ། ལ་ལ་ད་རེས་བཏང་བའི་དུས་མིན་ཟེར་ཏེ། མི་གཙང་བའི་ལུས་བསྲུང་བ་འདི་གཅེར་བུ་ཚེར་མ་ཁུར་བ་དང་འདྲ་སྟེ་ཀློད་ན་བདེ་གསུངས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དཔག་ཏུ་མེད་པ་བསགས་པས་བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་བླ་མའི་བྱིན་རླབས་ཀྱིས་ཚོགས་གཉིས་དཔག་ཏུ་མེད་པ་འཕེལ་ནས་འཕགས་པ་ཐམས་ཅད་ཀྱི་ཐུགས་དགོངས་རྫོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་ནས་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་ཅེས་བརྗོད། སྙིང་པོ་དང་དྲག་ལས་བྱེད་པའི་དུས་སུ་ཡང་རང་ཡི་དམ་ལྷར་བསྐྱེད་ལ། སྡིག་པའི་རྫུ་འཕྲུལ་སྣ་ཚོགས་ཀྱིས་ལུས་ཐམས་ཅད་ཐལ་བ་རྡུལ་དུ་བརླག་ནས་སེམས་ཅན་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགོད་པར་བསམ། ཡང་རང་ལ་གནད་གཅོད་དང་ཆོ་འཕྲུལ་བྱུང་བའི་དུས་སུ་ཉམ་ང་ཐམས་ཅད་དང་བྲལ་བ་སྐྱེ་བ་མེད་པར་ཐག་བཅད་ནས་སྣང་བ་ཐམས་ཅད་གཟུགས་བརྙན་དུ་ཤེས་པར་བྱས་ནས་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གསུངས། རང་གི་རྒྱུད་ལ་ཉོན་མོངས་པ་སྐྱེས་ན་དེའི་རང་བཞིན་སྐྱེ་མེད་དུ་ཤེས་པར་བྱས་ལ། ཉོན་མོངས་པ་ཡེ་ཤེས་སུ་བསྒྱུར། རྐྱེན་ངན་དང་མི་མཐུན་པའི་ཕྱོགས་ཅི་བྱུང་ཡང་ཚོགས་གཉིས་རྫོགས་པའི་ཐབས་སུ་བློ་སྦྱོང༌། དེ་ནས་ཟས་གོས་གནས་ཁང་ཐམས་ཅད་ལ་བྱང་ཆུབ་སེམས་ཀྱི་གྲོགས་སུ་ལོངས་སྤྱོད། སེམས་ཅན་གང་གིས་བདག་མཐོང་བ་དང་། ཐོས་པ། དྲན་པ། གཏམ་དུ་བརྗོད་པ་ཐམས་ཅད་ཀྱི་སྒྲིབ་པ་གསུམ་ཟད་ནས་སྐུ་གསུམ་ཐོབ་པའི་རྒྱུ་ལ་འབད་པར་བྱའོ། །འགལ་རྐྱེན་ཐམས་ཅད་ཡང་དག་པའི་ལམ་དུ་བླངས་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགོངས་པ་དང་། ཕྲིན་ལས་དང་སྨོན་ལམ་དང་རླབས་པོ་ཆེའི་སྤྱོད་པ་བདག་གིས་རྫོགས་པར་བྱ་སྙམ་དུ་བསམ་མོ། །མི་སྒུལ་བའི་སེམས་ནི། ཉ་པ། ཞིང་པ། ཚོང་པ་སོགས་ཀྱིས་ཚ་གྲང་གནོད་པ་བཟོད་ན་བདག་ལྟ་འགྲོ་བ་བདེ་ཕྱིར་ཅིས་མི་བཟོད་སྐད་པས་སེམས་ཅན་གྱི་དོན་བྱེད་པ་ལ་སྡིག་པ་ཉོན་མོངས་པ། ཚེ་འདིའི་རྟོག་པ། ཐེག་པ་དམན་པ། དངོས་པོར་འཛིན་པ་ཐམས་ཅད་ཀྱིས་མི་བསྒུལ་མི་བསྐྱོད་པར་ཐམས་ཅད་མཁྱེན་པ་སྒྲུབ་པ་གཅིག་དགོས། རྡོ་རྗེ་ལྟ་བུའི་སེམས་ནི་ད་ནས་སངས་རྒྱས་མ་ཐོབ་བར་དུ་རྣམ་པར་རྟོག་པ་གང་གིས་ཀྱང་བར་དུ་མ་ཆོད་པར་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན། དེ་ཡང་ཐབས་ཤེས་རབ་དབྱེར་མེད་ཡིན་ཏེ། གཅིག་བསྒོམ་ཙ་ན་གཉིས་རང་ཆས་སུ་འོང་བས་ཟུང་འཇུག་ཏུ་བསྒོམ། སངས་རྒྱས་ཙ་ན་ཡོན་ཏན་ཞིང་ཁམས་རྒྱ་ཆེ་ཆུང་འོངས་པ་ལྟ་བུའི་མཐུ་སྟོབས་དང༌། སྨོན་ལམ་གྱི་ཁྱད་པར་ལས་བྱུང་བས། ད་ལྟ་བྱམས་པས་ཁྱབ་ཚད་མ་འོངས་པ་ན་གདུལ་བྱར་འགྱུར་བས༑ དེ་ཡང་སྒྱུ་མའི་སྐྱེས་བུའི་སེམས་བསྐྱེད། དཀའ་བ་སྤྱོད། ལམ་ལ་བསླབས་པས་ནམ་མཁའི་ངང་དུ་སངས་རྒྱས་ནས་སྤྲུལ་པས་སེམས་ཅན་འཁོར་བ་ལས་གྲོལ་བར་བྱས་པ་ཙམ་དུ་བསླབ། དེ་ཡང་ནམ་མཁས་ནམ་མཁའ་ཡུལ་དུ་བྱས་པ་ཙམ་མོ། །དེ་ལྟར་ནམ་མཁའ་ལྟ་བུའི་ངང་དུ་ཐག་བཅད་ནས་སྒྱུ་མའི་རྣམ་པར་འཕྲུལ་པར་ཤེས་ནས་འགག་མེད་ཀྱི་རྩལ་བྱང་ཆུབ་ཀྱི་སེམས་རླབས་པོ་ཆེ་སྦྱང༌། ཚོགས་གཉིས་སྒྱུ་མ་ལྟ་བུར་གསོག་པ་དེ་ཟུང་འཇུག་གོ །དོན་ནང་དུ་ཤར་བས་འཁོར་བར་མི་སྐྱོ། མྱ་ངན་ལས་འདས་པ་ལ་མི་རིང་བ་གཅིག་ཡོང་བ་ཡིན་གསུངས། དེ་ཙ་ན་རེ་དོགས་དང་བྲལ། ཆོས་སྐུར་རྟོགས་པས་མནར་མེད་དུ་ཕྱིན་ཀྱང་བདེ་བ་ཅན་དུ་འཆར། འཁོར་འདས་གཉིས་མེད་དུ་རྟོགས་པས་བླང་དོར་གྱི་བློ་དང་བྲལ། སངས་རྒྱས་དང་སེམས་ཅན་དབྱེར་མེད་དུ་རྟོགས་པས་བཟང་ངན་གྱི་འཛིན་པ་ཞིག །ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་ཐེག་པ་མཐོ་དམན་དུ་འཛིན་པའི་ཕྱོགས་ཆ་དང་བྲལ། མ་ཕྱིན་པར་ཀླུ་སྒྲུབ་ཀྱི་དགོངས་པའི་སྟེང་དུ་སླེབས། དེ་ལྟ་བུའི་ཆོས་ལ་སླེབ་པར་འདོད་པས་སྦྱོར་བ་ཚོགས་བསགས། བསམ་པས་བློ་སྦྱང༌། མོས་པས་ཡུལ་དུ་བྱ། ཞེན་པས་འཇུག །འབྲེལ་བས་མི་བསླུ། ཁད་ནས་རྟོགས་པར་འགྱུར་རོ། །དེ་ནས་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཕྱིར་ནག་པོའི་ཆོས་བཞི་སྤང་ཞིང་། དཀར་པོའི་ཆོས་བཞི་བསྒྲུབ་པ་ལ་བསླབ། རྟག་ཏུ་སེམས་ཅན་མི་སྤང་བའི་ཕྱིར་བློ་སྦྱོང་། སྤོང་བའི་རྒྱུ་བཞི་སྤོང་བ་ལ་བསླབ། རྒྱུ་བཞི་ནི་སེམས་ཅན་མང་པོ་འདི་ཙམ་གྱི་དོན་བྱེད་མི་ནུས་སྙམ་ན། ཇི་ལྟར་མང་བ་ལྟར་བྱང་ཆུབ་ཀྱི་སེམས་རྒྱ་ཆེར་སྤེལ་ལོ། །བྱེད་ངན་པ་སྤང་བ་ནི། ལུས་ཀྱི་གྲོགས་སུ་མ་བཏུབ་ཀྱང་དུས་གཏན་དུ་བྱས་ལ་བློ་བསྡུ། འཁོར་བའི་ཡུལ་མཐོང་བས་སྤང་བ་ནི། སྡུག་བསྔལ་མང་ཞིང་མང་བ་ལྟར་དེ་རྣམས་བསྒྲལ་ཞིང་འདོན་པར་བྱེད་དགོས་སོ། །སྟོང་པ་ཉིད་མཐོང་བས་སྤང་བ་ནི། ཇི་ལྟར་སྟོང་པ་ཡིན་པ་དེ་བཞིན་མ་རྟོགས་པར་དངོས་པོར་འཛིན་ནས་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བ་སྙིང་རྗེ་སྙམ་ནས་སྤོང་བའི་རྒྱུ་བཞི་སྤང་སྟེ། སེམས་ཅན་ལ་སྙིང་རྗེ་ཇེ་ཆེ་ཇེ་ཆེ་ལ་བཏང༌། དེ་ལྟར་ཐམས་ཅད་ལ་སྙོམས་པའི་བྱང་ཆུབ་ཀྱི་སེམས་སྒོམ་ཙ་ན། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་སོ། །བྱང་ཆུབ་སེམས་དེ་འདོད་པ་ཆུང་ཞིང་ཆོག་ཤེས་པར་བྱ་བ་ལ་བསླབ། དྲན་པ་དང་ཤེས་བཞིན་དུ་བསྲུང་བ་འཕགས་པ་ཀ་ཏྱཱ་ཡ་ན་བཞིན་དུ་བསླབ། དེ་ལྟར་སྒྱུ་མ་ལྟ་བུར་སྤྱོད་པའི་གང་ཟག་དེས་རློམས་པ་མེད་པས་གཟུགས་བརྙན་གྱི་སྐྱེ་བོ་ལྟ་བུ། ལན་ལ་མི་རེ་བ་རང་གི་ལག་པས་ཁ་ལ་ཟན་བྱིན་པ་ལྟ་བུ། རྣམ་སྨིན་ལ་མི་རེ་བ་སྒྱུ་མའི་སྐྱེས་བུ་ལྟ་བུ། ལུས་ལོངས་སྤྱོད་དགེ་བའི་རྩ་བས་བསྡུས་པ་ལྟོས་པ་མེད་པར་བཏང་བས་སངས་རྒྱས་ལྟ་བུ་དགོས་སྐད། དེ་ཡང་བསམ་པ་དག་པས་ཐོང་ངེས་སུ་བྱ། དངོས་སུ་བཏང་བའི་དུས་མིན། མ་འོངས་པ་ན་རྩོལ་བ་མེད་པར་ལྷུན་གྲུབ་ཏུ་བྱང་ཆུབ་སེམས་དཔའི་རྟེན་ལ་སངས་རྒྱས་ཀྱི་མཛད་པ་གཅིག་འོང་། སངས་རྒྱས་ནས་རང་དོན་ཆོས་སྐུ་བརྙེས་ནས་གཞན་དོན་དུ་གཟུགས་སྐུ་གཉིས་ཀྱིས་ཞིང་ཁམས་དག་མ་དག་འདྲེས་མ་གསུམ་གྱི་དོན་འཁོར་བ་མ་སྟོང་བར་དུ་འབྱུང་གསུངས། ཨྠིྀ།། གསང་སྦས་སོ། །ཇོ་བོ། དཔལ་ལྡན་དགོན་པ་བ། རིན་ཆེན་སྣེ་ཟུར་པ། གྱེར་སྒོམ་སངས་རྒྱས་དབོན། ཟང་དགོན་པ། མཁན་པོ་ཆོས་ལྡན། སློབ་དཔོན་ཤཱཀྱ་བཀྲ་ཤིས། རྒྱ་མ་བཀྲ་ཤིས་རྒྱལ་མཚན། བུདྡྷ་རཏྣ་ལ། ཀཱིརྟྟི་ཤཱི་ལ་ལ། ཛ་ཡ་བྷ་དྲ་ལ། པུཎྱེ་རཏྣ་ལ། མི་ཕམ་ཆོས་ཀྱི་རྗེ་ལ་གནང་ངོ༌། ༈ །བློ་སྦྱོང་ཐུན་བརྒྱད་མ་ལགས་སོ། །ཐེག་ཆེན་དགེ་བའི་བཤེས་གཉེན་ལ་ཕྱག་འཚལ་ལོ། །སྤྱིར་ཇོ་བོ་ལ་སྔགས་ཕ་རོལ་ཏུ་ཕྱིན་པ་གསན་པའི་བླ་མ་བདུན་ཅུ་རྩ་གཉིས་ཡོད། ཁྱད་པར་གྱིས་ཀྱང་བྱང་ཆུབ་སེམས་སྟོན་པའི་བླ་མ་གསུམ་ཡོད། བྱམས་པའི་རྣལ་འབྱོར་པ། དྷརྨ་རཀྵི་ཏ། གསེར་གླིང་པ་དང་གསུམ་ཡིན། དེ་རྣམས་ཀྱི་ནང་ནས་བླ་མ་གསེར་གླིང་པ་ལ་གུས་པའི་རྒྱུ་མཚན་བླ་མ་གཞན་ལ་གདུང་ཁང་མེད་དེ། གསེར་གླིང་པ་ལ་གདུང་ཁང་དངུལ་གདུགས་ཅན་ཡོད། བླ་མ་གཞན་ལ་ཟླ་མཆོད་མེད་དེ། གསེར་གླིང་པ་ལ་ཟླ་མཆོད་ཡོད། བླ་མ་གཞན་གྱི་མཚན་ཐོས་ཙམ་གྱིས་ཐལ་མོ་ཐུགས་ཀར་སྦྱོར་ཏེ། མཉམ་མེད་གསེར་གླིང་པའི་མཚན་ཐོས་ཙམ་ན་ཐལ་མོ་སྤྱི་བོར་སྦྱོར། བླ་མ་གཞན་དྲན་ཀྱང་སྤྱན་ཆབ་མི་འོང་སྟེ། བླ་མ་གསེར་གླིང་པ་དྲན་ཙམ་ནས་སྤྱན་ཆབ་ཡོང་སྐད། ཨ་ཏི་ཤ་ལ་བླ་མ་མང་དུ་ཡོད་པ་ལ་གསེར་གླིང་པ་ལ་དེ་ཙམ་གུས་པའི་རྒྱུ་མཚན་ཅི་ལགས་ཞུས་པས། ཇོ་བོའི་ཞལ་ནས། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་འདི་བླ་མ་གསེར་གླིང་པ་མིན་པ་ལ་མ་བྱུང་བ་ཡིན་གསུངས། བླ་མ་གསེར་གླིང་པ་དེའི་བརྒྱུད་པའི་དབང་དུ་བྱས་ན། ཡང་དག་པར་རྫོགས་པའི་སངས་རྒྱས། རྗེ་བཙུན་བྱམས་པ། ཐོགས་མེད། དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་གྲོལ་སྡེ༑ དེས་མཆོག་གི་སྡེ། དེས་འདུལ་བའི་སྡེ། དེས་མཁན་པོ་ཡང་དག་རྣམ་སྣང་མཛད། དེས་སེང་གེ་བཟང་པོ། དེས་རིན་ཆེན་མདོ། དེས་བླ་མ་གསེར་གླིང་པ། དེས་དཔལ་ལྡན་ཨ་ཏི་ཤ། དེས་དགེ་བཤེས་སྟོན་པ། དེས་སྐུ་མཆེད་གསུམ་ལ། ཁྱད་པར་དུ་སྤྱན་སྔ་བ་ལ་གནང༌། དེས་གླང་ཐང་པ་དང༌། ཤ་བོ་སྒང་པ་གཉིས་ལ། གླང་ཐང་པས་ཞང་ཞུང་དང་ལུ་གུར་གཉིས་ལ། དེ་གཉིས་ཀྱིས་ཕྱིས་ཇོ་བོ་ལ། དེས་ལུང་ནང་པ་མཁན་པོ་རིན་པོ་ཆེ། དེས་སློབ་དཔོན་བྲག་སྟོན་ཤེས་རབ་རིན་ཆེན། བསྟན་པའི་བདག་པོ་སློབ་དཔོན་གཞོན་ནུ་བསམ་གཏན། དེས་བུདྡྷ་རཏྣ་ལ། དེས་ཀཱིརྟྟི་ཤཱི་ལ་ལ། དེས་རྒྱལ་བའི་མཚན། དེས་པུཎྱེ་རཏྣ་ལ། དེས་གཞོན་ནུ་རྒྱལ་མཆོག །དེ་ཡན་ཆད་བླ་མ་བརྒྱུད་པའི་རིམ་པ་ཡིན་ཏེ། དེ་རྣམས་ཆོས་འདི་ལ་བརྟེན་ནས་གྲུབ་པ་ཐོབ། རྟོགས་པ་ཁྱད་པར་ཅན་འཁྲུངས་པ་ཡིན་གསུངས། ཐེག་པ་ཆེན་པོའི་བློ་སྦྱོང་ཞེས་བྱ་བ་སྤྱིར་དུ་ཡང་བཀའ་སྡེ་སྣོད་ཀྱི་ཆོས་ཐམས་ཅད་ནས་གསུངས། ཁྱད་པར་གྱིས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསམ་གཏན་ལེའུ་ནས། བདག་ཉིད་སྐྱོན་བཅས་གཞན་ལ་ཡང༌། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་འཛིན་ཡོངས་སུ་དོར་བ་དང༌། །གཞན་བླང་བ་ཡང་བསྒོམ་པར་བྱ། །ཞེས་གསུངས། དེ་ལ་སོགས་པའི་ཚིགས་སུ་བཅད་པ་དེ་རྣམས་ཀྱི་དོན་གོ་ཧྲིལ་གྱིས་དྲིལ་བ་ལ་སྤྱིར་འཁོར་བར་འཁྱམས་པར་བྱེད་པའི་རྒྱུ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་༑ དེ་ཚུར་བསྡུ་ན། དྲུག་རྩ་བའི་ཉོན་མོངས་པ། ཉི་ཤུ་ཉེ་བའི་ཉོན་མོངས་པ། དེའི་རྩ་བ་བདག་ཏུ་འཛིན་པ་འདི་ཡིན། རང་བཞིན་གྲུབ་པ་མེད་པ་གཅིག་ལ་ང་བདག་ཏུ་བཟུང་ནས་འདིའི་ཁ་འཛིན་ཤགས་འདེབས་བྱས་པས༑ ཚེ་འདི་ལ་དགེ་རྒྱུའི་ལས་མི་དགེ་བར་སོང་ནས་མི་དགེའི་རྒྱུའི་ལས་སྡུག་བསྔལ་དུ་སོང་ནས་རང་ས་རང་གིས་ཁ་འཛིན་ཤགས་འདེབས་བྱས་པས་ལན། དེ་འོག་མན་ཆད་དུ་ཡང་བདག་ཏུ་འཛིན་པ་འདི་མ་སྤངས་ན་དེ་ཁོ་ན་བཞིན་དུ་འཁྱམས་པ་འདས་མ་འོངས་ད་ལྟ་དུས་གསུམ་དུ་སྡུག་ཏུ་འཇུག་མཁན་རང་གཅེས་པར་འཛིན་པའི་འགོང་པོ་ང་བདག་བྱ་བ་འདི་ཡིན་མིན་ལ་ཐེ་ཚོམ་མི་ཟ། འདི་ཡི་ཁ་འཛིན་ཤགས་འདེབས་བྱས་པས་ལན༑ མཐོང་བ་ཐོས་པ་ཡིད་ལ་འགྱུས་པ་རྣམས་ལག་ལེན་ལ་མ་བཏབ་པ་གཅིག་ཀྱང་མེད་དེ། འཁོར་བ་ལ་སྔ་འདྲིས་གང་ཡང་རིང་དུ་མ་སོང་བས་ད་ཡང་གང་ལེགས་ཐོང་། བྱུག་ལེགས་ལ་ཐོང་སྙམ་དུ་བྱས་ནས་རང་གཞན་ལིང་བསྐྱུར་ལ་ཐོང་། ལྷོད་དེ་ཀློད་ལ་ཐོང་། ཤིགས་ཀྱིས་ཤིག་ལ་ཐོང་། སེམས་ཅན་སྤྱིར་མི་ཡོང་བ་མིན་ཕ་མ་དྲིན་ཅན་ཤ་སྟག་ཡིན་པས་སེམས་ཅན་རྣམས་ཀྱི་རྒྱུའི་དུས་ཀྱི་སྡིག་པ། འབྲས་བུའི་དུས་ཀྱི་སྡུག་བསྔལ་ཀོ་བ་སྐྱི་གྲིས་བཞར་བ་བཞིན་དུ་བླངས་ནས་རང་གི་ལུས་པོ་འདིའི་སྟེང་དུ་ཧྲིལ་ཧྲིལ་སྨིན་པར་བསམ། རང་གི་བདེ་བ་དང་དགེ་བ་སེམས་ཅན་ལ་སྨིན་པར་བསམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡང་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། ཐེག་པ་ཆེན་པོའི་བློ་སྦྱོང་ཞེས་བྱ་བའི་དོན་གོ་དེ་ལྟ་བུ་གཅིག་ཡིན་གསུངས། མཁན་པོ་བའི་གསུངས་ནས་བློ་སྦྱོང་ཞེས་བྱ་བ་བདག་ཁྱད་དུ་བསད་ནས་སེམས་ཅན་ལ་གུས། བདག་ཁྱད་པར་དུ་བསད་པ་བྱ་བ་འཁོར་བ་ཐོག་མ་མེད་པ་ནས་སྡུག་ཏུ་འཇུག་མཁན་རང་གཅེས་པར་འཛིན་པའི་འགོང་པོ་འདི་ཡིན་པས་གཞི་འདི་བརླག་ན་ཡང་བརླག་གཞུག་གསུངས། དོན་དུ་མ་ལ་འཇུག་གསུངས། སེམས་ཅན་ལ་གུས་པར་བསྒོམ་པ་ནི་གཞན་ཁམས་གསུམ་འཁོར་བའི་སེམས་ཅན་འདི་རྣམས་ཅིར་མི་ཡོང་བ་མ་ཡིན། ཕ་མ་དྲིན་ཅན་ཤ་སྟག་ཡིན་པས་སེམས་ཅན་ལ་གུས་པར་བསྒོམ། ལུས་ངག་ཡིད་གསུམ་གྱི་ཞོ་ཤ་མི་བསྲི་བར་ཕན་འདོགས་གསུང་ངོ༌། ༈ །དང་པོ་ཟས་ལ་བརྟེན་པའི་བློ་སྦྱོང༌། ཡང་དགེ་བཤེས་སྟོན་པའི་གདམས་ངག་ལག་ལེན་དུ་བྱེད་ན། སྦྱིན་བདག་གི་བསོད་ནམས་ཀྱི་ཚོགས་རྫོགས་པའམ། གཞན་གྱི་དད་ཟས་འཇུ་བར་བྱ་བའི་ཆེད་དུ་ཟས་ལ་བརྟེན་པའི་བློ་སྦྱོང་བགྱི་བ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། ཁྱད་པར་གྱིས་ཀྱང་རང་གི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་བཞི་སྟོང་ཡོད་པས། དེ་རྣམས་ད་ལྟ་ཟང་ཟིང་གིས་སྡུད་ལ། མ་འོངས་པ་ན་ཆོས་ཀྱིས་སྡུད་སྙམ་དུ་བསམ། ཟས་ནང་དུ་མིད་པའི་དུས་སུ་སེམས་ཅན་རྣམས་ཀྱི་རྒྱུའི་དུས་ཀྱི་སྡིག་པ། འབྲས་བུའི་དུས་ཀྱི་སྡུག་བསྔལ་ཐམས་ཅད་ཀོ་བ་སྐྱི་གྲིས་བཞར་བ་བཞིན་དུ་རང་གི་ལུས་འདིའི་སྟེང་དུ་ཧྲིལ་གྱིས་སྨིན་པར་བསྒོམ། དབུགས་ཕྱིར་རྒྱུ་བའི་དུས་སུ་རང་གི་བདེ་བ་དང་དགེ་བ་སེམས་ཅན་ལ་བསྔོ་བར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། དེ་ལྟར་སེམས་ཅན་རྣམས་ཀྱི་རྒྱུ་དུས་ཀྱི་སྡིག་པ། འབྲས་བུའི་དུས་ཀྱི་སྡུག་བསྔལ་བྲལ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། ཚོགས་གཉིས་རྫོགས་ནས་སངས་རྒྱས་ཐོབ་པར་བསྒོམ། ཡང་རྒྱུའི་དུས་ཀྱི་སྡིག་པ། འབྲས་བུའི་དུས་ཀྱི་སྡུག་བསྔལ་དང་བྲལ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། ཚོགས་གཉིས་རྫོགས་ནས་བཅོམ་ལྡན་འདས་མི་གཡོ་བར་ཀྲོང་ངེ་གྱུར་པར་བསྒོམ། དེ་ནས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མི་གཡོ་བ་ཡེ་ཤེས་སེམས་དཔའ་ཚོན་གང་བ་གཅིག་སྤྱི་བོའི་གཙུག་ཏུ་བྱོན་པར་བསྒོམ། དེ་ལ་ཡིད་ཀྱི་སྒོ་ནས་དད་པ་གུས་པ་བྱེད། ངག་གི་སྒོ་ནས་བསྟོད་པ་བྱེད། མཆོད་པ་འབུལ། གསོལ་བ་གདབ། དེ་ནས་ཚངས་པའི་བུ་ག་ནས་མར་ཐིམ་སོང་ནས་སྟོང་པ་ཉིད་དུ་ཆམ་ཆམ་སྙིང་གི་ཐད་ཀར་སླེབས་ཙམ་ན་སྟོང་པ་ཉིད་དུ་ཆམ་གྱུར་པར་བསྒོམ། དེའི་ངང་དུ་འབོལ་ལེ། ཤིགས་སེ། ལྷོད་དེ། ཁྲིལ་ལེ་བཞག །དེའི་འཕྲོ་ལ་སེམས་གནས་ན་གནས་སུ་གཞུག །དེའི་འཕྲོ་ལ་གཉིད་དུ་སོང་ན་གཉིད་ཆོས་ཉིད་དུ་ཁྱེར་བའི་མན་ངག་ཡིན། དེའི་འཕྲོ་ལ་ཤི་ན་འཆི་ཁ་མའི་མན་ངག་ཡིན་ཏེ། བར་དོར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་གསུང་ངོ༌། །དེའི་འཕྲོ་ལ་བཟླས་པ་བྱེད་ན་བྱིན་རླབས་ཤིན་ཏུ་ཆེ་སྟེ། སྐུ་གསུང་ཐུགས་ཀྱི་བཟླས་པ་འགྲོ་བ་མ་ལུས་ཡི་དམ་ལྷ་བསྒོམ་པ་དེ་སྐུའི་བཟླས་པ། སྙིང་པོ་བཟླས་པ་དེ་གསུང་གི་བཟླས་པ་ཡིན། སྟོང་པ་ཉིད་བསྒོམ་པ་དེ་ཐུགས་ཀྱི་བཟླས་པ་ཡིན་གསུངས། དེ་ལས་ལྡང་བར་འདོད་ན་ནམ་མཁའ་ལ་འཇའ་ཚོན་ཆགས་པ་བཞིན་དུ་སྟོང་པ་ཉིད་ཀྱི་ངང་ལས་བཅོམ་ལྡན་འདས་མི་གཡོ་བ་ལམ་སྟེ་བསྐྱེད། སྔར་བསྟིམས་པའི་སེམས་དཔའ་ཚོན་གང་བ་དེ་སྤྱི་བོའི་གཙུག་ཏུ་བཞུགས་པར་བསམས་ལ། ཡིད་ཀྱི་སྒོ་ནས་དད་པ་དང་གུས་པ་བྱ། ངག་གི་སྒོ་ནས་བསྟོད་པ་བྱ། མཆོད་པ་འབུལ། གསོལ་བ་གདབ། དེ་ནས་རས་བྲིས་ཡོད་ན་དེ་ལ་བསྟིམ། མེད་ན་ལུགས་མའམ་གདུང་རྟེན་ལ་བསྟིམ། དེ་ལྟ་བུ་མི་བཞུགས་ན་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་པའི་སྐྱབས་འགྲོ་སེམས་བསྐྱེད་ཀྱི་བསྔོ་བ་ལན་གསུམ་བྱ། ད་ལྟའི་སྣང་བ་འདི་རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ་གསུངས། ཟས་ལ་བརྟེན་པའི་ལེའུ་སྟེ་དང་པོའོ། ༈ །གཉིས་པ་དབུགས་ལ་བརྟེན་པའི་བློ་སྦྱོང༌། གཉིས་པ་དབུགས་ལ་བརྟེན་པའི་བློ་སྦྱོང་ནི། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་དབུགས་ལ་བརྟེན་པའི་བློ་སྦྱོང་བསྒོམ་སྙམ་དུ་བསམས་ནས། དབུགས་ནང་དུ་རྒྱུ་བའི་དུས་སུ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རང་ལ་སྨིན་པར་བསྒོམ། དབུགས་ཕྱིར་རྒྱུ་བའི་དུས་སུ་རང་གི་བདེ་བ་དང་དགེ་བ་སེམས་ཅན་རྣམས་ལ་སྨིན་པར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། དེ་ལྟར་རང་ཡང་སྡིག་སྡུག་དང་བྲལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། ཡི་དམ་གྱི་བསྒོམ་བཟླས་སྔར་བཞིན་བྱས། དབུགས་ལ་བསྟེན་པའི་ལེའུ་སྟེ་གཉིས་པའོ། ༈ །གསུམ་པ་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་རིགས་དྲུག་གི་སྡུག་བསྔལ་དང་དུ་ལེན་པའི་བློ་སྦྱོང་བགྱི་བ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་སེམས་ཅན་དམྱལ་བ་པ་རྣམས་ཀྱི་སྡིག་སྡུག་ཐམས་ཅད་རང་གི་ལུས་པོ་དེ་རྣམས་ཀྱི་ཐོག་ཏུ་ཧྲིལ་ཧྲིལ་སྨིན་པར་བསྒོམ། རང་གི་བདེ་བ་དང་དགེ་བ་ཐམས་ཅད་སེམས་ཅན་དམྱལ་བ་པ་རྣམས་ལ་སྨིན་པར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡང་བློས་བླངས་ནས་སེམས་ཅན་དམྱལ་བ་པ་རྣམས་ལ་སྨིན་པར་བསྒོམ། དེ་ལྟར་སེམས་ཅན་དམྱལ་བ་པ་རྣམས་སྡིག་སྡུག་དང་བྲལ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། ཚོགས་གཉིས་རྫོགས་ནས་མཐོ་རིས་ལྷ་མི་ཐོབ་པར་བསྒོམ། དེ་ལྟར་ཡི་དྭགས་དུད་འགྲོ་ལྷ་མ་ཡིན་རྣམས་ཀྱིས་ཀྱང་ལྷ་མིའི་ལུས་ཐོབ་པར་བསྒོམ། མིའི་གནས་སུ་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་མི་རྣམས་ཀྱི་སྡིག་སྡུག་ཐམས་ཅད་རང་གི་ལུས་པོ་དེ་རྣམས་ཀྱི་སྟེང་དུ་ཧྲིལ་ཧྲིལ་སྨིན་པར་བསྒོམ། རང་གི་བདེ་དགེ་མི་རྣམས་ལ་སྨིན་པར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་རྣམས་ཀྱང་བློས་བླངས་ནས་སེམས་ཅན་རྣམས་ལ་སྨིན་པར་བསྒོམ། དེ་ལྟར་མི་རྣམས་སྡིག་སྡུག་དང་བྲལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཚོགས་གཉིས་རྫོགས་ནས་སངས་རྒྱས་པར་བསྒོམ། དེ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་འདི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་བསྒོམ། རང་གི་ལུས་དུམ་བུར་གཏུབས་ལ་ཤ་ཁྲག་གིས་ཁེངས་པར་བསྒོམ། དེ་ལ་དམིགས་ལ་ༀ་ཨཱཿ ཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིར་གྱུར་པར་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བབ་པས་ཀྱང་ཁེངས་པར་བསྒོམ། སུམ་ཅུ་རྩ་གསུམ་དང༌། བྱང་སྒྲ་མི་སྙན་དང་༑ འཇིག་རྟེན་གྱི་ཁམས་ཀྱི་བདུད་རྩི་དང་བཅུད་ཀྱིས་ཁེངས་པར་བསྒོམ། དེ་ནས་བདུད་རྩི་རྣམས་དང་པོར་བླ་མ་ཡི་དམ་གྱི་ལྷ་ལ་འབུལ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ། དེ་ནས་རིགས་དྲུག་རྣམས་ལ་ཕུལ་བས། དེ་རྣམས་ཐམས་ཅད་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་སྐུ་བརྙེས་པར་བསམ། དེ་ལྟར་ལུས་ནི་སེམས་ཅན་ལ་དྲངས་ནས་མེད། སེམས་ལ་ནི་རང་བཞིན་གྲུབ་པ་མེད་པའི་ངང་ལ་ལྷན་གྱིས་བཞག །ཡི་དམ་གྱི་བསྒོམ་བཟླས་སྔར་བཞིན་བྱ། དགེ་བའི་རྩ་བ་བསྔོ། ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་རིགས་དྲུག་གི་སྡུག་བསྔལ་དང་དུ་ལེན་པའི་ལེའུ་སྟེ་གསུམ་པའོ། ༈ །བཞི་པ་ཤ་ཁྲག་ལ་བརྟེན་པའི་བློ་སྦྱོང་ཞེས་བགྱི་བ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཤ་ཁྲག་ལ་བརྟེན་པའི་བློ་སྦྱོང་སྙམ་དུ་བསམས་ནས། དེ་ནས་རང་གི་ཁང་པ་ཤ་ཁྲག་གིས་ཁེངས་པར་བསམས་ལ། ཡི་བཏགས་ཤ་ཁྲག་ལ་དགའ་བ་ཐམས་ཅད་འདུས་འདུས་བྱས་པས་འདུས་པར་བསྒོམ། དེ་ནས་ཤ་ལ་དགའ་བས་ཤ་ཟོ། ཁྲག་ལ་དགའ་བས་ཁྲག་འཐུང༌། མགོ་ཡ་བདུད་རྒྱལ་པོས་ཁྱེར། རྐང་པ་མ་བདུད་རྒྱལ་མོས་ཁྱེར། བར་རྣམས་ལྷ་འདྲེ་གཉེན་དགུས་ཁྱེར། རིངས་པ་ན་རྗེན་པར་ཟོ། མི་རིངས་པ་ན་ཚོས་ལ་ཟོ། ཐབས་ཇི་ལྟར་ལེགས་པ་བཞིན་དུ་གྱིས་བྱས་ནས་བྱིན་པས། ཤ་ཟོས། ཁྲག་འཐུང་། རུས་པ་ཀུན་ཡང་མུར་བར་བསམ། དེ་ལྟར་ལུས་ནི་ཁོང་རྣམས་ལ་བྱིན་ནས་མེད། སེམས་ལ་ནི་རང་བཞིན་མེད་པའི་ངང་དུ་ལྷན་ནེ་འཇོག་པ་ཡིན། དེ་ནས་བློ་རྒྱ་ཆེར་སོང་ནས་ལྕགས་རིའི་ནང་གང་ཙམ། ལུང་པ་གང་ཙམ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཤ་ཁྲག་གིས་ཁེང་བར་བསྒོམ་པ་ཡིན་གསུངས། དེ་ནས་ལྡང་བར་འདོད་ན་དགེ་བ་བསྔོ། རྨི་ལམ་ལྟ་བུར་བསྒོམ། ཤ་ཁྲག་གཏོང་བའི་ལེའུ་སྟེ་བཞི་པའོ། ༈ །ལྔ་པ་གཏོར་མ་ལ་བརྟེན་པའི་བློ་སྦྱོང་བགྱི་བ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་གཏོར་མ་ལ་བརྟེན་པའི་བློ་སྦྱོང་བྱ་སྙམ་དུ་བསམས་ནས། ཕྱི་སྣོད་ཀྱི་འཇིག་རྟེན་འདི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་བསྒོམ། རང་གི་ལུས་དུམ་བུར་གཏུབས་ལ་སྣོད་ཁེངས་པར་བསྒོམས་ནས་ༀ་ཨཱཿ ཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིར་གྱུར་པར་བསྒོམ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་སོགས་པ་བཞིའི་མཚན་བརྗོད་བྱས་པས། དམ་པ་ཆོས་སྐྱོང་བའི་སྲུང་མ་དཔལ་མགོན་དང་། ལྷ་མོ་ལ་སོགས་པ་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པ་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས་བསྐོར་ནས་གསོལ་བར་བསམ་ལ། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ལན་གསུམ་བརྗོད་པས་སངས་རྒྱས་བསྟན་སྲུང་རྣམས་ཀྱིས་གསོལ་བར་བསམ། རིགས་དྲུག་གི་སེམས་ཅན་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་རྫོགས་པར་གྱུར་ཅིག་ཅེས་བརྗོད། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་པའི་ཚིག་བརྗོད། དེ་ལྟར་ལུས་ནི་དྲངས་ནས་མེད། སེམས་ལ་ནི་རང་བཞིན་མེད་པས་རང་བཞིན་མེད་པའི་ངང་དུ་ལྷན་གྱིས་བཞག །དེ་ནས་ལྡང་བར་འདོད་ན། དགེ་བ་བསྔོ། རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ། གཏོར་མ་ལ་བརྟེན་པའི་ལེའུ་སྟེ་ལྔ་པའོ། ༈ །དྲུག་པ་འབྱུང་བ་ལ་བརྟེན་པའི་བློ་སྦྱོང་བགྱི་བ། སྤྱོད་འཇུག་ལས། ས་སོགས་འབྱུང་བ་ཆེན་པོ་དང༌། །ནམ་མཁའ་བཞིན་དུ་རྟག་པར་ཡང༌། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་རྒྱུར་ཡང་ཤོག །ཅེས་གསུངས་པས། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་འབྱུང་བ་ལ་བརྟེན་པའི་བློ་སྦྱོང་བསྒོམ་སྙམ་དུ་བསམས་ནས། རང་གི་ལུས་པོ་འདིའི་ཤ་དང་རུས་པ་རྣམས་ཕྱིའི་འབྱུང་བ་ས་ལ་ཐིམ་པར་བསྒོམ། ཁྲག་དང་ཆུ་སེར་རྣམས་ཆུ་ལ་ཐིམ་པར་བསྒོམ། དབུགས་རྣམས་རླུང་ལ་ཐིམ་པར་བསྒོམ། དྲོད་རྣམས་མེ་ལ་ཐིམ་པར་བསྒོམ། ལུས་འབྱུང་བ་བཞིར་གྱུར་པ་འདི་སས་སྲ་ཞིང་བརྟན་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད། ཆུས་བརླན་ཅིང་གཤེར་བའི་སྒོ་ནས་སེམས་ཅན་གྱི་དོན་བྱེད། མེས་ཚ་ཞིང་སྲེག་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད། རླུང་གིས་ཡང་ཞིང་གཡོ་བའི་སྒོ་ནས་སེམས་ཅན་གྱི་དོན་བྱེད། ཉི་མ་དང་ཟླ་བ་གཉིས་མིག་གཉིས་སུ་བྱས་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ། སེམས་ཅན་ཟས་ཟ་བ་རྣམས་རང་གི་ཤ་ཟ་བར་བསྒོམ། གོས་གྱོན་པ་རྣམས་རང་གི་པགས་པ་གྱོན་པར་བསྒོམ། སྐོམ་འཐུང་བ་རྣམས་རང་གི་ཁྲག་འཐུང་བར་བསྒོམ། དེ་ནས་སེམས་ཅན་རྣམས་ཀྱི་སྡིག་སྡུག་རང་ལ་སྨིན་པར་བསྒོམ། རང་གི་བདེ་དགེ་ཐམས་ཅད་སེམས་ཅན་ལ་སྨིན་པར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡང་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། དེ་ལྟར་སེམས་ཅན་རྣམས་སྡིག་སྡུག་དང་བྲལ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཚོགས་གཉིས་རྫོགས། སྒྲིབ་གཉིས་དག་ནས་སངས་རྒྱས་པར་བསྒོམ། འབྱུང་བ་བཞིའི་ལུས་ལ་ༀ་ཨཱཿ ཧཱུྃ་ལན་བདུན་བརྗོད་པས་བདུད་རྩིར་གྱུར་པར་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཀྱང་ཁེངས་པར་བསྒོམ། སུམ་ཅུ་རྩ་གསུམ་དང་། བྱང་སྒྲ་མི་སྙན་དང་། འཇིག་རྟེན་གྱི་ཁམས་ཀྱི་བདུད་རྩི་དང་བཅུད་དུ་གྱུར་པ་ཐམས་ཅད་ཀྱིས་ཀྱང་ཁེངས་པར་བསྒོམ། དེ་དང་པོ་བླ་མ་དང་ཡི་དམ་ལ་དབུལ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ། དེ་ནས་རིགས་དྲུག་གི་སེམས་ཅན་རྣམས་ལ་ཕུལ་བས་དེ་རྣམས་ཀྱིས་བདུད་རྩི་རྣམས་མ་ལུས་པར་སངས་ཀྱིས་གསོལ་བར་བསམ། དེ་རྣམས་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཀྱི་སྐུ་ཐོབ་པར་བསྒོམ། དེ་ལྟར་ལུས་ནི་བླ་མ་དང་ཡི་དམ་གྱི་ལྷ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། རིགས་དྲུག་རྣམས་ལ་ཕུལ་ནས་མེད། སེམས་ནི་རང་བཞིན་གྱིས་གྲུབ་པ་མེད་པའི་ངང་ནས་ལྷན་གྱིས་འཇོག་པ་ཡིན་གསུངས། ཡི་དམ་གྱི་བསྒོམ་བཟླས་སྔར་བཞིན་བྱ། དགེ་བའི་རྩ་བ་བསྔོ། རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ། འབྱུང་བ་ལ་བརྟེན་པའི་བློ་སྦྱོང་གི་ལེའུ་སྟེ་དྲུག་པའོ། ༈ །བདུན་པ་ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར་བའི་བློ་སྦྱོང་ཞེས་བགྱི་བ། སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་བུམ་པ་བཟང༌། །རིག་སྔགས་གྲུབ་དང་སྨན་ཆེན་དང་། །དཔག་བསམ་གྱི་ནི་ཤིང་དག་དང༌། །ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ཞེས་གསུངས་པས༑ སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་དོན་དུ་ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་སྤྲུལ་པའི་བློ་སྦྱོང་བསྒོམ་སྙམ་དུ་བསམས་ནས། དེ་ནས་རང་གི་ལུས་པོ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཁ་དོག་སྔོན་པོ་དབྱིབས་བརྒྱད་གཞོག་ཆེ་ཆུང་མི་འབྲིང་པོའི་བརླ་ཙམ་གཅིག་ཏུ་གྱུར་པར་བསྒོམ། དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་མཆོད་པ་ཕུལ་ཏེ་གསོལ་བ་བཏབ་པས་མི་མཉམ་པའི་ཆར་གཅིག་བབས། དེས་ས་གཞི་ལ་ཆག་ཆག་བཏབ་པར་བསྒོམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་མི་མཉམ་པའི་རླུང་གཅིག་ལངས། དེས་ས་གཞི་ལ་ཕྱག་དར་བྱས་པར་བསྒོམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་བདུད་རྩིའི་ཆར་བབས་པས་སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པ་དང་ཐ་མལ་གྱི་ཤ་ཁྲག་ཐུག་པར་སྦྱངས་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། ཚོགས་གཉིས་རྫོགས་ནས་སངས་རྒྱས་པར་བསྒོམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་རིན་པོ་ཆེའི་ཆར་བབས་པས་དེ་རྣམས་ལ་རིན་པོ་ཆེའི་རྒྱན་གདགས་པར་བསྒོམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་ལྷའི་ན་བཟའ་པཉྩ་ལི་ཀཱའི་ཆར་བབ་པས་དེ་རྣམས་ལ་ན་བཟའ་གསོལ་བར་བསམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་ཟག་མེད་ཀྱི་བདུད་རྩིའི་ཆར་བབས་པས་འཇིག་རྟེན་གྱི་ཁམས་ཁེངས་པར་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩི་བབས་པས་ཀྱང་ཁེངས་པར་བསྒོམ། སུམ་ཅུ་རྩ་གསུམ་དང་། སྒྲ་མི་སྙན་དང་། འཇིག་རྟེན་གྱི་ཁམས་ཀྱི་བདུད་རྩི་དང་བཅུད་དུ་གྱུར་པ་ཐམས་ཅད་ཀྱིས་ཁེངས་པར་བསྒོམ། དེ་ཡང་དང་པོ་དེ་བླ་མ་དང་ཡི་དམ་གྱི་ལྷ་ལ་འབུལ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ། དེ་ནས་རིགས་དྲུག་སངས་རྒྱས་པ་དེ་རྣམས་ལ་ཕུལ་བས་དེ་རྣམས་ཀྱིས་བདུད་རྩི་དེ་ལྷག་མ་མ་ལུས་པར་སངས་ཀྱིས་གསོལ་བས་དེ་ཐམས་ཅད་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཀྱི་སྐུ་ཐོབ་པར་བསྒོམ། དེ་ལྟར་ལུས་ནི་བླ་མ་དང་ཡི་དམ་གྱི་ལྷ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རིགས་དྲུག་སངས་རྒྱས་པ་རྣམས་ལ་དབུལ། སེམས་ལ་ནི་རང་བཞིན་གྲུབ་པ་མེད་པས་རང་བཞིན་མ་གྲུབ་པའི་ངང་ལ་ལྷན་གྱིས་འཇོག །དེ་ནས་ལྡང་བར་འདོད་ན་དགེ་བའི་རྩ་བ་བསྔོ། རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ། ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར་བའི་ལེའུ་སྟེ་བདུན་པའོ། ༈ །བརྒྱད་པ་བློ་སྦྱོང་འཆི་ཁ་མའི་མན་ངག་བགྱི་བ། འཆི་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་འཆི་དགོས་པ་ཡིན། འཆི་བའི་དུས་སུ་ཡོ་བྱད་སུམ་ཆ་གསུམ་དུ་བགོས་ལ། ཆ་གཅིག་བླ་མ་དང་དཀོན་མཆོག་གསུམ་ལ་འབུལ། ཆ་གཅིག་ཚོགས་གསོག་བྱེད། ཆ་གཅིག་ལ་འཕྲལ་དགོས་ལ་སོགས་པ་ཅི་རིགས་སུ་བྱེད་པ་ཡིན་གསུངས། དེ་སྦྱིན་པ་ཡིན། ཚུལ་ཁྲིམས་ལ་སོ་སོར་ཐར་པའི་ལྟུང་བ་བཤགས་སྡོམ་བྱེད། སྨོན་འཇུག་གི་སེམས་བསྐྱེད་སོར་འཇུག་བྱེད། དེ་ཚུལ་ཁྲིམས་ཡིན། བཟོད་པ་སྔར་མཁོན་ཡོད་ན་བཟོད་གསོལ་བྱེད། རྩ་ནས་མེད་ན་ཀ་ཆ་རྣ་ཆ་གཅིག་ཙམ་བསྔོས་ནས་འོ་ཅག་གཉིས་འདི་ལྟ་བུ་གཅིག་ཡོད་པས་བཟོད་པ་མཛོད་ཟེར། ཁོས་བཟོད་པ་ལེན་དུ་མ་བཏུབ་ན་རང་གི་སེམས་ལ་མི་བདེ་བ་མེད་པར་བྱེད་པ་ཡིན། བརྩོན་འགྲུས་དེ་རྣམས་བྱེད་པ་ཐམས་ཅད་དགའ་སྤྲོ་དང་བཅས་པས་བྱེད་པ་ཡིན། བསམ་གཏན་དང་ཤེས་རབ་གཉིས་འདིའི་ཁོག་ན་ཡོད། དེ་ནས་དཀོན་མཆོག་གི་སྤྱན་སྔར་མཆོད་པ་གྲུབ་ན་རྒྱས་པར་བྱེད། ཡན་ལག་བདུན་པ་རྒྱས་པར་བྱེད། བདག་གི་རྒྱུད་ལ་ཐེག་པ་ཆེན་པོའི་བློ་སྦྱོང་གི་རྟོགས་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བློ་སྦྱོང་བརྗེད་པའི་གནས་བཞིར་མི་བརྗེད་པར་བྱིན་གྱིས་བརླབ་ཏུ་གསོལ། འཆོར་བའི་གནས་བཞིར་མི་འཆོར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་དཀོན་མཆོག་གི་སྤྱན་སྔར་ཡི་གེ་པཾ་དམར་སེར་གཅིག་བསྒོམ། དེ་འོད་དུ་ཞུ་བས་པདྨའི་སྡོང་པོ་གཅིག་ཏུ་གྱུར་པར་བསྒོམ། པདྨའི་ཟེའུ་འབྲུ་རིན་པོ་ཆེ་དར་ཟབ་ཀྱིས་བརྒྱན་པ་ལ་བླ་མ་དང་ཡི་དམ་གྱི་ལྷ་ཐ་མི་དད་པར་བསྒོམ་ལ། སྔར་གྱི་མཆོད་པ་དེ་རྣམས་བློས་བླངས་ནས་དབུལ། ཡན་ལག་བདུན་པ་བྱ། སྔར་བཞིན་གསོལ་བ་གདབ། དེ་ནས་ས་ཕྱོགས་དབེན་པར་འབོལ་བའི་གདན་ལ་ལུས་རྣམ་སྣང་ཆོས་བདུན་ནམ་བསམ་གཏན་གྱི་ཆོས་དྲུག་ལ་བསླབ་ཟེར་ནས། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། རྒལ་ཚིགས་གསེར་གྱི་དོང་རྩེ་བརྩེགས་པ་བཞིན་དུ་དྲང་ཏིག་སྟེ་བསྲང༌། ལག་པ་གཉིས་ལྟེ་བའི་ཐད་ནས་སོར་བཞི་ཙམ་གཞལ་བའི་སར་མཉམ་པར་བཞག །མགྲིན་པ་ལྕགས་ཀྱུ་ལྟར་བཀུག་ཅིང་རྒྱབ་མདུད་གཏམ་གསུངས། གཡོན་ཕྱོགས་སུ་ཆུས་ཆུས་པ་ལན་གསུམ་ཙམ་བྱས་པའི་སྣ་ཆུ་ཐིག་པ་ལྟེ་བའི་ཐད་ཀར་ཡོད་ཙམ་བྱེད། མིག་སྣ་རྩེ་ལ་གཏད། སོ་བར་རྟ་རྔ་ཤོང་བ་ཙམ་བྱེད། ལྕེ་ཡ་རྐན་ལ་སྦྱོར། མིག་བཙུམ་པའང་མིན། བཙུམས་ན་བྱིང་ནས་འགྲོ། བསྒྲད་པའང་མིན། བསྒྲད་ན་ཡེངས་ནས་འགྲོ། ལྷའི་སྤྱན་ལྟར་ཟིམ་ཟིམ་དུ་བྱ། དེ་ནས་ཤེས་པ་དེ་ལྟེ་བའི་ཐད་ཀར་ཆིལ་ཆིལ་བ་ལན་གསུམ་བྱེད་པ་ཡིན་གསུངས། དེ་ནས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་བློ་སྦྱོང་འཆི་ཁ་མའི་གདམས་ངག་བསྒོམ་སྙམ་དུ་བསམས་ནས་འཁོར་བའི་སྡུག་བསྔལ་འདི་ཐམས་ཅད་དགེ་མི་དགེ་མི་གཡོ་བའི་ལས་གསུམ་ལས་འབྱུང༌། དེ་ཉོན་མོངས་པས་ཀུན་ནས་བླངས་པ་ལས་བྱུང༌། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དེའི་རྩ་བ་བདག་ཏུ་འཛིན་པ་འདི་ཡིན་པས་རང་བཞིན་གྲུབ་པ་མེད་པ་གཅིག་ལ་ང་བདག་ཏུ་བཟུང་ནས་འདིའི་ཁ་འཛིན་ཤགས་འདེབས་བྱེད་བྱེད་ནས་ལས་བསགས། ལས་ཀྱིས་འཁོར་བར་འཁྱམས་ནས་འཁོར་བའི་སྡུག་བསྔལ་ལ་ཐུག་པ་མེད་ཅིང་མཐའ་མི་མངོན་པ་གཅིག་ཉམས་སུ་མྱོང༌། ཚེ་འདི་ལ་ཡང་ཁ་འཛིན་ཤགས་འདེབས་བྱས་པས་བདེ་རྒྱུ་ལས་སྡུག་བསྔལ་དུ་སོང་བའམ། དགེ་རྒྱུ་ལས་མི་དགེ་བར་སོང་བས་རང་ས་རང་གི་ཁ་འཛིན་དང་ཤགས་འདེབས་བྱས་པས་ལན། དེ་མན་ཆད་དུ་ཡང་བདག་ཏུ་འཛིན་པ་འདི་མ་སྤངས་ན་སྔ་མ་ཁོ་ན་བཞིན་དུ་འཁོར་བར་འཁྱམས་པས། འདས་མ་འོངས་ད་ལྟ་དུས་གསུམ་དུ་སྡུག་ཏུ་འཇུག་མཁན་རང་ལ་གཅེས་པར་འཛིན་པའི་འགོང་པོ་ང་བདག་བྱ་བ་འདི་ཡིན་མིན་ལ་ཐེ་ཚོམ་མི་ཟ། འདིའི་ཁ་འཛིན་ཤགས་འདེབས་པས་ཕན་ན་མཐོང་བ་ཐོས་པ་ཡིད་ལ་འགྱུ་བ་རྣམས་ལག་ལེན་དུ་མ་བཏབ་པ་གཅིག་ཀྱང་མེད་དེ། འཁོར་བ་ལས་སྔར་འདྲིས་གང་ཡང་རིང་དུ་མ་སོང་བས་ད་གང་ལེགས་ལེགས་ལ་ཐོང་། དབྱུག་ལེགས་ལ་ཐོང་སྙམ་དུ་བགྱིས་ལ། རང་བཞིན་ལིང་བསྐྱུར་ལྷོད་དེ་ཀློད། ཤིགས་ཀྱིས་བཤིག་ལ་ཞོག །གཞན་ཁམས་གསུམ་འཁོར་བའི་སེམས་ཅན་འདི་རྣམས་སྤྱིར་མི་ཡོང་བ་མིན། དྲིན་ཅན་གྱི་ཕ་མ་ཤ་སྟག་ཀྱང་ཡིན་པས་སེམས་ཅན་གྱི་སྡུག་བསྔལ་རང་ལ་སྨིན་པར་བསྒོམ། རང་གི་བདེ་བ་དང་དགེ་བ་སེམས་ཅན་ལ་སྨིན་པར་བསྒོམ། དེ་ལྟར་སེམས་ཅན་སྡིག་སྡུག་དང་བྲལ་ནས་སངས་རྒྱས་པར་བསྒོམ། རང་ཡང་སྡིག་སྡུག་དང་བྲལ་ནས་ཡི་དམ་གྱི་ལྷའི་བསྒོམ་བཟླས་གོང་དང་མཐུན། དེ་ནས་དཀོན་མཆོག་གི་སྤྱན་སྔར་མཆོད་པ་གྲུབ་ན་རྒྱས་པར་བྱེད། ཡན་ལག་བདུན་པ་གྲུབ་ན་རྒྱས་པར་བྱེད། བདག་གི་རྒྱུད་ལ་ཐེག་པ་ཆེན་པོའི་བློ་སྦྱོང་གི་རྟོགས་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བློ་སྦྱོང་བརྗེད་པའི་གནས་བཞིར་མི་བརྗེད་པར་བྱིན་གྱིས་བརླབ་ཏུ་གསོལ། འཆོར་བའི་གནས་བཞིར་མི་འཆོར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་འཆི་བ་རང་གི་དུས་སུ་ཕྱི་དབུགས་ཆད་པའི་དུས་སུ་སེམས་གསལ་ལ་རྟོག་པ་མེད་པ། སྟོན་ཀའི་ནམ་མཁའ་སྤྲིན་བྲལ་བ་ལྟ་བུ་སེམས་ཅན་ཐམས་ཅད་ལ་ཡང༌། དེ་དང་སྔར་གྱི་དེ་གཉིས་གུང་བསྒྲིགས་པ་ཡིན། གུང་འགྲིགས་ན་ཆུ་སྣ་དང་བྲེང་འཕྲད་པ་བཞིན་དུ་སོང་ནས་དེ་ལ་ལོའམ་ཟླ་བ་ཙམ་དུ་གནས་ནས་བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་བ་ཡིན་ཏེ། བརྩོན་འགྲུས་ཅན་མཐོང་ཆོས་ལ་སངས་རྒྱ་བ་ཡིན་གསུངས། དེར་མ་ཟིན་ན་བར་དོའི་ཆོས་ལུས་སུ་ལྡང་བ་ཡིན་ཏེ། བར་དོ་བྱིས་པ་ལོ་ལྔ་ལོན་པའི་ཚོད་ཙམ་གཅིག་འོང་། ཁ་དོག་རྣམ་པ་ལྔའི་ཚུལ་དུ་ཡོད། དེ་སྒྱུ་མའི་དཔེ་བརྒྱད་དང་གཉིས་སུ་མེད་པར་ཤེས་ན་དུག་ལྔ་ཡེ་ཤེས་ལྔར་གྱུར་ནས་འགྲོ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་མཉམ་ཉིད་ཡེ་ཤེས་གཉིས་ཆོས་ཀྱི་སྐུ། མེ་ལོང་ལྟ་བུ་ལོངས་སྐུ། བྱ་བ་གྲུབ་པའི་ཡེ་ཤེས་དང་སོ་སོར་རྟོག་པའི་ཡེ་ཤེས་གཉིས་སྤྲུལ་པའི་སྐུའོ། །འོད་ཁ་དོག་ལྔ་པོ་དེ་ལ་ཆགས་ཤིང་མངོན་པར་ཞེན་ན་དུག་ལྔར་གནས་གྱུར་ནས་རྒྱུ་དྲུག་ཏུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་ཏེ་སྐྱེ་བ་ལེན་པ་ཡིན་གསུང་ངོ་། །ལར་སྐྱེ་བ་འདིའམ་བདུན་ནམ་བཅུ་དྲུག་ཐུག་པས་སངས་རྒྱས་པ་ཡིན་གསུང་སྟེ། འཁོར་བ་ཐོག་མཐའ་མེད་པ་ལ་ལྟོས་ན་སང་གནངས་ཀྱི་ཚོད་ཙམ་ཡིན་གསུངས། ཤིན་ཏུ་ལེ་ལོ་ཅན་སྐྱེ་བ་བརྒྱུད་ནས་སངས་རྒྱས་པར་བྱ་བ་ཡིན་གསུངས། ཐུན་བརྒྱད་མའི་མན་ངག་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། ༈ །གེགས་སེལ་བློ་སྦྱོང་བཞུགས་སོ། །བླ་མ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ༑ ༑ཐེག་པ་ཆེན་པོ་བློ་སྦྱོང་གི་གེགས་སེལ་ནི། ལྟས་ངན་གཡང་དུ་ལེན། བདུད་སྲིད་དུ་གཅོད། བར་ཆད་ལམ་དུ་འཇུག །མི་མཁོ་ཤོས་ལ་འདོད་ཐོག་ཏུ་བྱེད་པ་ཡིན་གསུངས། དང་པོ་ནི། འཇིག་རྟེན་པས་སྲིན་བྱའམ། ཝ་བརྒྱལ་བ་ལ་སོགས་པ་ལྟས་ངན་པ་བྱུང་བའི་དུས་སུ་རྩིས་བྱེད། མོ་འདེབས། ཆོ་ག་བྱེད་པ་ཡིན་ཏེ། འོ་ཅག་ལྟས་དང་མཚན་མ་ངན་པ་བྱུང་བའི་དུས་སུ་སྡུག་ཏུ་འཇུག་མཁན་བདག་ཏུ་འཛིན་པ་འདི་ཡིན་པས༑ འཇིག་རྟེན་གྱི་ཁམས་ཀྱི་ལྟས་ངན་པ་བྱུང་གིས་དོགས་པའི་སྡུག་བསྔལ་བདག་ལ་སྨིན། བདག་ཏུ་འཛིན་པ་འདི་བརླག་ཏུ་ཆུག་ཅིག་སྙམ་དུ་ལེན་པ་ཡིན། གཉིས་པ་ནི། སྡུག་ཏུ་འཇུག་མཁན་བདག་ཏུ་འཛིན་པ་ཡིན་གསུངས། ལུས་ལ་མི་དང་མི་མ་ཡིན་གྱི་གནོད་པ་བྱུང་བའི་དུས་སུ་ང་ནི་འདིས་སྡུག་ཏུ་བཅུག་ནས་འདུག །ཁྱེད་འདི་ལ་དགའ་ན་ད་ལྟ་ཁྱེར། མགོ་སོགས་ཡ་བདུད་རྒྱལ་པོས་ཁྱེར་ཅིག །འདི་ལ་གནོད་པ་སྐྱེལ་བ་རྣམས་བཀའ་དྲིན་ཆེ། དགྲ་འདུལ་རོགས་པ་ཡིན། འདྲེ་འདུལ་རོགས་པ་ཡིན་པས་འཇིག་རྟེན་གྱི་ལྷ་འདྲེ་མི་གསུམ་སྲིད་དུ་བཅད་ནས་འགོང་པོ་ཅི་བརླག་ལ་ཐོང་། སྙིང་ཚིམ་འགལ་བ་མེད་དོ་སྙམ་དུ་སྲིད་དུ་གཅོད། གསུམ་པ་ནི༑ ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་སོགས་མི་མཁོ་བ་དང་། བར་ཆད་ཅི་བྱུང་ཡང་ཁྱེད་རང་གི་བདག་ཏུ་འཛིན་པས་ལན་པ་ཡིན་པས་ད་དུང་ཡང་བདག་འཛིན་མ་སྤངས་ན་བར་ཆད་ད་དུང་འབྱུང་བས་འཇིག་རྟེན་གྱི་བར་ཆད་བྱུང་བ། བྱུང་གིས་དོགས་པ་ཐམས་ཅད་བདག་གི་སྟེང་དུ་ད་ལྟ་ཉིད་དུ་ཧྲིལ་གྱིས་སྨིན་ལ། བདག་ནི་ཐུལ་ཅིག་བརླག་ཏུ་ཆུག་ཅིག་སྙམ་དུ་ལམ་དུ་འཇུག་པ་ཡིན། བཞི་པ་ནི། འདི་ལ་ཕན་བཏགས་པས་ཕན་ན་ཅི་ཙམ་པའི་ཕན་གཅིག་བཏགས། དེས་འཁོར་བ་ལས་རིང་དུ་མ་སོང་བས་འདི་བརླག་ཏུ་འཇུག་དགོས་པ་ཡིན་པ་ལ་མི་མཁོ་བ་བྱུང་བ་དེ་གོ་བཅད། བླ་མའི་བྱིན་རླབས་ཡིན་བཀའ་དྲིན་ཆེ། ད་དུང་ཡང་མི་མཁོ་བ་ཐམས་ཅད་འདིའི་ཐོག་ཏུ་ཐོང་ལ་ཐུལ་གྱིས་བརླག་ཏུ་ཆུག་ཅིག་སྙམ་དུ་འདོད་ཐོག་ཏུ་བྱེད་པ་ཡིན། ཨྠིྀ། ཐེག་པ་ཆེན་པོའི་བློ་སྦྱོང༌མ་འོངས་པའི་འགལ་རྐྱེན་སྤོང་བ་ལ་གསུམ་སྟེ། བློ་སྦྱོང་བརྗེད་པའི་གནས་བཞི་ནི། འཆི་བའི་དུས་ཀྱི་གནད་གཅོད། བར་དོ་དང་། མའི་མངལ་དང་། སྐྱེ་བ་ཕྱི་མའོ། །འཆོར་བའི་གནས་བཞི་ནི། མིའི་གནོད་པ་དྲག་པོ་བྱུང་བ་དང༌། མི་མ་ཡིན་གྱི་དང༌། འབྱུང་བའི་ན་ཚ་དྲག་པོ་དང༌། ཉོན་མོངས་པ་དྲག་པོ་སྐྱེས་པའོ༑ ༑དེའི་གཉེན་པོ་བསྟེན་པ་ནི། བླ་མ་དང་དཀོན་མཆོག་ལ་མཆོད་པ་ཕུལ་ནས། བདག་གི་རྒྱུད་ལ་ཐེག་པ་ཆེན་པོའི་བློ་སྦྱོང་གི་རྟོགས་པ་ཕྱིན་ཅི་མ་ལོག་པར་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བརྗེད་པའི་གནས་བཞིར་མི་བརྗེད་པ་དང༌། འཆོར་བའི་གནས་བཞིར་མི་འཆོར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་ཆོས་སྐྱོང་ལ་གཏོར་མ་ཕུལ་ནས་ཀྱང་དེ་ལྟར་བྱའོ། །རང་གིས་བསོད་ནམས་བསགས་ནས་ཀྱང་ཐེག་པ་ཆེན་པོའི་བློ་སྦྱོང་བདག་གི་རྒྱུད་ལ་སྐྱེ་བར་གྱུར་ཅིག །བརྗེད་པར་མི་བརྗེད་པ་དང༌། འཆོར་བའི་གནས་བཞིར་མི་འཆོར་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཀྱིས་ཀྱང་དེ་ལྟར་རོ། །ཐེག་པ་ཆེན་པོའི་བློ་སྦྱོང་ཉམས་སུ་ལེན་པའི་ཐག་ཆོད་བཞི་ནི། ལམ་གཅིག་ཆོད། འདུན་མ་གཅིག་དྲིལ། རྟོག་པ་འབུར་འཇོམས། གཉེན་པོ་བཅོམ་རྡེག་བྱ་བ་ཡིན་གསུང་ངོ༌། །ལམ་གཅིག་ཆོད་ཡིན་ཏེ། ས་ལམ་བརྩི་རྒྱུ་མེད༑ བདག་འཛིན་ཤས་སུ་ཆེ་ཆེ་སྡུག །འདི་དེ་རིང་བརླག་ན་དེ་རིང་སངས་རྒྱ། སང་བརླག་ན་སང་སངས་རྒྱ། འདི་མ་བརླག་ན་སངས་རྒྱས་མེད། འདི་བརླག་ན་ནམ་བརླག་ཙ་ན་སངས་རྒྱས་པ་ཡིན་གསུང་ངོ༌། །འདུན་མ་གཅིག་འདྲིལ་ཡིན་ཏེ། འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཅི་བྱེད་ཀྱང་བདག་འཛིན་ཅི་བརླག་དང་། སེམས་ཅན་ལ་ཕན་ཅི་ཐོགས་ལས་མེད། གཞན་གྱི་འདུན་མ་མང་པོ་བྱ་རྒྱུ་མེད་གསུངས། རྟོག་པ་འབུར་འཇོམས་བྱ་བ་ཡིན་ཏེ། ཁ་ཅིག་རྟོག་པ་སྤང་ཟེར་ཏེ། རྟོག་པ་སྤང་མི་དགོས་ལམ་དུ་ཁྱེར་བ་ཡིན། ཆོས་སྐུའི་རྫས་ཡིན་ཏེ། ཉོན་མོངས་པ་འདི་དང་པོ་ཆུང་ངུ་གཅིག་སྐྱེ་བས་དེ་མ་ཐག་འཇོམས་དགོས་པ་ཡིན་ཏེ། དེ་མ་བཅོམ་ན་ཆེར་སྐྱེས་ནས་མི་སྤོང་སྟེ། དང་པོ་ཉོན་མོངས་པ་སྐྱེས་མ་ཐག་ཏུ་གཉེན་པོ་བསྟེན་པ་ཙམ་གྱིས་ལྡོག་པ་ལ་ཨ་ལོ་ཨོ་ཅི་བྱས་ནས་མི་སྤང་གསུངས། རྟོག་པ་དེ་སྐྱེས་ན་གང་ནས་སྐྱེས། གནས་ན་གང་ན་གནས། འགག་ན་གང་དུ་འགག་བལྟས་པས་རང་བཞིན་མེད་པར་ཤེས་པར་བྱས་ནས་སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་དུ་རང་བཞིན་མེད་པར་ལམ་དུ་ཁྱེར་བ་ཡིན་གསུངས། ཡང་རྡོ་ཚན་གྱི་ཁར་ཁ་བ་བབ་པ་བཞིན་དུ་སྟོང་པ་ཉིད་དུ་བཏང་བ་ཡིན། གཉེན་པོ་བཅོམ་བརྡེག་བྱ་བ་ཡིན་ཏེ། ཉོན་མོངས་པ་སྐྱེས་མ་ཐག་ཏུ་གཉེན་པོ་གང་ལ་གང་ཕན་གྱིས་ཕག་མགོ་རེ་ལ་གཏུན་བུ་ཆ་རེའི་ཚུལ་དུ་བསྒོམ་གསུངས། ཐེག་པ་ཆེན་པོའི་བློ་སྦྱོང་བསྒོམ་པ་ལ་གཉེན་པོ་བསྟེན་ཚུལ་གསུམ་སྟེ། མེད་སྤྲུལ། འཕྲད་གཞོམ། རྗེས་སྙགས་བྱ་གསུངས། དང་པོ་ནི། དཔེར་ན་སོག་པོ་སྟག་འདུལ་བ་སྟེ། དང་པོ་ཐབས་སྟག་བྱེད། སྟག་འདུལ་བ་ལ་བསླབས་པས་སྟག་བྱུང་བའི་དུས་སུ་སྟག་ཐུལ་བ་གཅིག་འོང་། སྔར་མ་བསླབ་ན་མི་ཐུལ་བས་དེའི་དབང་དུ་འགྲོ། དེ་བཞིན་དུ་ཉོན་མོངས་པ་འདོད་ཆགས་ལ་སོགས་ཤས་གང་ཆེ་བ་དེ་རམ་རམ་སྤྲུལ་ནས་ཡོང་བའི་དེ་འདྲོག་ལ་ལོག་སྟེ་བཟློག་ནས་བཏང༌། བློ་ལུང་མ་བསྟན་དུ་མི་འཇོག་པར་རང་བཞིན་བློ་སྦྱངས་པས་གཉེན་པོ་ཉོན་མོངས་པ་སྐྱེས་པའི་དུས་སུ་གཉེན་པོས་རྐྱེན་ཐུབ་ནས་འོང་། ཉོན་མོངས་པའི་དབང་དུ་མི་འགྲོ། དེ་བཞིན་དུ་མ་བསླབས་ན་གཉེན་པོས་རྐྱེན་མི་ཐུབ། ཉོན་མོངས་པའི་དབང་དུ་བྱ་བ་ཡིན་གསུངས། འཕྲད་གཞོམ་བྱ་བ་ཡིན་ཏེ། རྒན་རྒོན་གཉིས་ལ་རྐུན་མ་བྱུང་བ་བཞིན་མི་བྱ། དེ་བཞིན་དུ་ཉོན་མོངས་པ་འདི་ཡང་དང་པོ་ནས་ཆེ་བ་མི་སྐྱེ། དང་པོ་ནས་ཆུང་ངུ་གཅིག་སྐྱེས་མ་ཐག་ཏུ་ཁྱོད་སུ་ཡིན་བྱས་ནས་ལོག་སྟེ་བཟློག་ནས་བཏང་ན་ཉོན་མོངས་པའི་དབང་དུ་མི་འགྲོ། གཉེན་པོས་རྐྱེན་ཐུབ་ནས་འོང༌། དེ་དུས་སུ་མ་བཟློག་ན་ཇེ་ཆེ་ཇེ་ཆེ་ལ་སོང་ནས་དེ་ནས་གཉེན་པོ་རང་གིས་མི་ཐུབ་པས་ཉོན་མོངས་པ་སྐྱེས་མ་ཐག་ཏུ་ཕག་མགོ་རེ་ལ་གཏུན་བུ་ཆ་རེའི་ཚུལ་དུ་ལོག་སྟེ་བཟློག་ནས་བཏང་ངོ༌། །རྗེས་སྙགས་བྱ་བ་ནི། ཉོན་མོངས་པའི་དབང་དུ་སོང་བ་དེའི་རྗེས་སྙགས་པ་ཡིན་ཏེ། ཨ་ཙ་མ་ཁྱོད་འདྲ་བའི་འཁོས་ཆུང་གཅིག་འོང་བ་དེ་ལྟ་བུ་བྱེད་པའི་ཤགས་ཅི་ཡོད་སྙམ་དུ་རྗེས་སྙགས་པ་ཡིན། གཞན་ཡང་ཉོན་མོངས་པ་སྐྱེས་པ་ན། འོ་ཁྱོད་འདི་ཙུག་བྱས་པས་འཁོར་བར་འཁྱམས་པ་ཡིན། ད་དུང་འདི་ཙུག་བྱེད་དམ་བྱས་ནས་ལོག་སྟེ་བཟློག་ནས་བཏང་བ་ཡིན་གསུངས། སྦྱོར་བ་ལ་མེད་སྤྲུལ། དངོས་གཞི་ལ་འཕྲད་གཞོམ། མཇུག་ལ་རྗེས་སྙགས་བྱ་བ་ཡིན་གསུངས། བློ་སྦྱོང་གི་ནད་འདོན་ནི། སྤུངས་པ། བསྐྱེད་པ། སྦྱོང་བ་གསུམ་ཡིན་གསུངས། སྤུངས་པ་ནི། རང་ལ་ན་ཚ་བྱུང་བའི་དུས་འཇིག་རྟེན་ན་ན་ཚ་བྱུང་བ་བསམ་གྱིས་མི་ཁྱབ་པ་ཅིག་ཡོད་པས་དེ་ཐམས་ཅད་ད་ལྟ་ཉིད་དུ་ང་ལ་སྨིན་པར་གྱུར་ལ་སྡུག་བསྔལ་དེ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་སྙམ་དུ་བསྒོམ་སྟེ། སེམས་ཅན་གྱི་སྡུག་བསྔལ་རང་ལ་སྤུངས་པ་ཡིན། བསྐྱེད་པ་ནི། གང་ན་སར་བུག་པ་ཟང་ཐལ་གཅིག་བསྒོམ། དེ་ཇེ་ཆེ་ཇེ་ཆེ་ལ་སོང་བས་སྟོང་པ་ཉིད་དུ་ཆམ་སྟེ་སོང་བར་བསྒོམས་ལ། དེའི་ངང་དུ་ལྷན་གྱིས་བཞག་པ་ཡིན་གསུངས། སྦྱོང་བ་ནི། གང་ན་བའི་སར་ཨ་དཀར་པོ་གཅིག་བསྒོམ། དེ་ཇེ་ཆུང་ཇེ་ཆུང་ལ་ཡལ་ཏེ་རང་བཞིན་མེད་པར་སོང་བར་བསྒོམས་ལ། དེའི་ངང་དུ་ལྷན་གྱིས་འཇོག་པ་ཡིན་གསུངས། ཐེག་པ་ཆེན་པོའི་བློ་སྦྱོང་གི་གནས་སྐབས་ཀྱི་དགོས་པ་བཞི་ནི། སྐྱིད་ཀྱི་ཁ་གནོན་ཡིན། སྡུག་གི་མཇུག་སྡུད་ཡིན། གཅིག་པུར་སྡོད་ན་སྐྱོ་གྲོགས་ཡིན། ན་ན་ནད་གཡོག་ཡིན་གསུངས། དེས་ན་ཆོས་འདི་ལྟ་བུ་གཅིག་མེད་ན་ཨེན་སྐྱིད་སྐྱིད་འདྲ་ན་མི་བྱ། རྒུད་ན་བྱ་འདོད་ནས་འོངས་པས་ཁྱོད་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ལ་སྐྱིད་སྙམ་པ་དེ་ལོག་ཤེས་ཡིན་པས། དེ་སྐྱེས་ན་གང་ནས་སྐྱེས། གནས་ན་གང་ན་གནས། འགག་ན་གང་ནས་འགག །ཁ་དོག་དང་དབྱིབས་ཇི་ལྟར་འདུག་བལྟས་པས་རང་བཞིན་མེད་པར་ཤེས་པས་སྐྱིད་ཀྱི་ཁ་གནོན་ཡིན། ཆོས་འདི་ལྟ་བུ་གཅིག་མེད་ན་སྡུག་བསྔལ་བྱུང་བ་དང་ང་ལ་འདི་འདྲ་བ་གཅིག་བྱུང་སྙམ་ནས་སྡུག་བསྔལ་ཇེ་ཆེ་ལ་འགྲོ་བ་ལ་བློ་སྦྱོང་འདི་ཡོད་ཙ་ན། སྤྱིར་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་པའི་རྩ་བ་བདག་ཏུ་འཛིན་པ་འདི་ཡིན་ཏེ། ཁྱོད་ལུས་ལ་བདག་ཏུ་འཛིན་པས་ལན་པ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་རྐྱེན་ཚོགས་པས་ལན། འབེན་མ་བཙུག་ན་མདའ་མི་འཕོག །ཐོ་མ་བརྩིགས་ན་བྱ་མི་འབབ། དཔེ་དེ་བཞིན་དུ་བདག་ཏུ་མ་བཟུང་ན་སྡུག་བསྔལ་ཡོང་དོན་མེད་པ་ལ་ཁྱོད་རང་གིས་བདག་ཏུ་བཟུང་བས་ལན་པ་ཡིན། སྙིང་ཚིམ༑ བདག་ཏུ་མ་བཟུང་ན་འདི་འདྲ་ཡོང་དོན་མེད། ས་རྡོ་རི་བྲག །ནམ་མཁའ་སྟོང་པ་ལ་སྡུག་བསྔལ་ཡོད་དམ་སྙམ་དུ་བྱས་པས་སྡུག་བསྔལ་དེ་ཞི་ནས་འགྲོ་སྟེ། སྡུག་གི་མཇུག་སྡུད་ཡིན། གཅིག་པུར་སྡོད་ན་སྐྱོ་གྲོགས་ཡིན་ཏེ། ཆོས་འདི་ལྟ་བུ་གཅིག་མེད་ན་གཅིག་པུར་འདུག་མི་ཚུགས་ཏེ། ཁང་པར་སྡོད་ན་ཕྱིར་འགྲོ་སྙིང་འདོད། ཕྱིར་བསྡད་ན་ཁང་པར་འགྲོ་འདོད་ནས་འོང་བ་ལ་ཆོས་འདི་འདྲ་བ་གཅིག་ཡོད་ཙ་ན། སྤྱིར་འགྲོ་བའི་སྡུག་བསྔལ་བསྐྱེད་པའི་རྩ་བ་བདག་ཏུ་འཛིན་པ་འདི་ཡིན་ཏེ། རང་བཞིན་གྲུབ་པ་མེད་པ་གཅིག་ལ་བདག་ཏུ་བཟུང་བས་སྡུག་བསྔལ་དུ་བཅུག་པ་ཡིན་པས། གང་ཡོད་གང་ལེགས་ལ་ཐོང་། བྱུགས་ལེགས་ལ་ཐོང་སྙམ་དུ་བྱེད། འཁོར་བའི་སེམས་ཅན་འདི་རྣམས་སྤྱིར་མི་ཡོང་བ་མིན། ཕ་མ་དྲིན་ཅན་ཤ་སྟག་ཡིན་པས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རང་གི་སྙིང་གར་ལེན། རང་གི་བདེ་དགེ་སེམས་ཅན་ལ་བསྔོ། དེ་གཉིས་ཕར་བཟློག་ཚུར་བཟློག་ཏུ་བསྒོམས་པས་འདིའི་རོ་གཅིག་མྱོང་ཙ་ན། ཉིན་ཐུང་མཚན་ཐུང་ལ་ཆ་བ་ཡིན་པས་གཅིག་པུར་སྡོད་ན་སྐྱོ་གྲོགས་ཡིན། ན་ན་ནད་གཡོག་ཡིན་ཏེ། བློ་སྦྱོང་འདི་མེད་ན་ན་ཚ་ཇི་ལྟར་བྱུང་ཙ་ན༑ ནད་གཡོག་ཀུན་ལའང་མི་མགུ། འདིས་ང་ལ་འདི་བས་དྲག་པ་གཅིག་བྱེད་ཐོང་ལ་འདི་ལ་ང་དྲིན་ཆེ་བ་གཅིག་ཡིན་ཏེ་སྙམ་ནས་ཡུས་ཀྱིས་བརྒྱལ་ནས་ཡོང་བ་ཡིན་པ་ལ། བློ་སྦྱོང་འདི་ཡོད་ཙ་ན་ཁྱོད་ན་བ་སུས་ཀྱང་མ་ལན། ཁྱོད་རང་གི་བདག་ཏུ་བཟུང་བས་ལན་པ་ཡིན། བདག་ཏུ་མ་བཟུང་ན་ན་ཚ་ཡོང་དོན་མེད། ཁྱོད་ལ་ནད་གཡོག་བྱས་པས་ཕན་ན་དེ་སྔ་ཕན་ཆད་ནད་གཡོག་ཐོབ་པར་བྱས་པ་ལ་ཚད་མེད། སྨན་འདི་མ་འགམ་བྱ་བ་མེད། རིམ་གྲོ་འདི་མ་བྱས་བྱ་བ་མེད། དཔྱད་བྱས་པ་ལ་ལྷག་མ་ལུས་པ་མེད་དེ། འཁོར་བ་ལས་ཐར་མ་ཐར་ད་རེས་ཐུལ་གྱིས་བརླག་ཏུ་ཆུག་ཅིག །སྙིང་ཚིམ་མོ། །བདག་འཛིན་འདི་ཅི་བརླག་ལ་ཐོང༌། འདི་མ་བརླག་ན་སངས་རྒྱས་ཐོབ་མི་སྲིད་གསུངས། ད་ཁྱོད་རང་གི་ལུས་བདག་ཏུ་བཟུང་བས་ལན་པ་ཡིན་སྙམ་དུ་བསྒོམས་པས་གཞན་ལ་ང་རྒྱལ་བསྐྱེད་པ་མེད་པར་འགྲོ་བ་ཡིན་པས་ན་ན་ནད་གཡོག་བྱས་པ་ཡིན་གསུངས། ཐེག་པ་ཆེན་པོའི་བློ་སྦྱོང་གི་ལུས་ངག་ཡིད་གསུམ་གྱི་ཁྱེར་སོ། སྡུག་བསྔལ་བྱུང་ན་ཀུན་གྱི་བླང༌། །དགེ་བ་བྱུང་ན་ཚོགས་སུ་བསྔོ། །ལུས་ངག་སྒྱུ་མ་བྲག་ཆ་བཞིན། །འོད་གསལ་སེམས་ལ་འགྲོ་འོང་མེད། །བྱ་བ་གསུངས་པས༑ དང་པོ་ལ་གཉིས་ཏེ། ཉེ་རིམ་ནས་བླང་བ་དང༌། ཆེ་རིམ་ནས་བླང་བའོ། །དང་པོ་ནི། ཕ་མ་ཉེ་དུ་འབྲེལ་བའི་སྡུག་བསྔལ་ཐམས་ཅད་ད་ལྟ་ཉིད་དུ་བདག་ལ་སྨིན་པར་གྱུར་ཅིག །སྡུག་བསྔལ་དེ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་སྙམ་དུ་བསྒོམ། གཉིས་པ་ནི། དམྱལ་བའི་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ལ། སྡུག་བསྔལ་དེ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་སྙམ་དུ་བསྒོམ། དེ་ནས་ཡི་དྭགས་དུད་འགྲོ་ལྷ་མ་ཡིན་ལྷ་དང་མི་ཐམས་ཅད་ཀྱི་བླང་བའོ། །དགེ་བ་བྱུང་ན་ཚོགས་སུ་བསྔོ་བ་ལ་དགེ་བའི་རྩ་བ་ཅི་བྱུང་ཡང་བདག་གི་དགེ་བའི་རྩ་བ་འདི་ཐམས་ཅད་ཕ་མ་གཉིས་དང་། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་དུ་བསྒོམ། ལུས་ངག་སྒྱུ་མ་བྲག་ཆ་བཞིན་བྱ་བ་ལུས་སྒྱུ་མ་དང་འདྲ་སྟེ། སྒྱུ་མ་མཁན་པོས་སྔགས་དང་རྫས་ཀྱི་ནུས་པ་ལ་བརྟེན་ནས་ལྟད་མོ་བའི་མིག་ལ་སྦྱོར་སྔགས་བཏབ་ནས་སྒྱུ་མ་སྤྲུལ་པ་སྣ་ཚོགས་བྱེད་པ་གཅིག་སྣང་ཡང་བདེན་པར་མི་འཛིན། སྣང་བ་ཉིད་ཀྱི་ངོས་ན་ཡང་གྲུབ་པ་མེད་ལ། རྟག་ཆད་གཉིས་དང་བྲལ་བ་སྣང་བ་ཙམ་པོ་དེ་མཚོན་བྱའི་དོན་རང་གི་ལུས་འདི་ལ་མཚོན་ནས་བསྒོམས་པས་སྣང་ལ་རང་བཞིན་མེད་པར་བསྒོམ། ངག་བྲག་ཆ་དང་འདྲ་སྟེ། བྲག་ཆ་ཡོད་པའི་བྲག་དེ་ལུང་པ་གཅོང་རོང་དོག་པོ་བྲག་ཚད་ལས་རིང་བ་མཁྲེགས་པ་གཅིག་ལ་ཨ་ཅེ་བྲག་ཆ་ལྷ་མོ་བྱས་ཙ་ན། ཅི་སྐད་བོས་པ་བཞིན་ལན་འདེབས། ཡོད་བྱས་པས་བྲག་ཆས་ཡོད། མེད་བྱས་པས་མེད་དུ་བྱུང༌། སྣང་བ་ཙམ་པོ་དེ་ངག་ལྷང་ལྷང་པོ་འདི་ལ་མཚོན་པར་བསྒོམས་ནས་བྲག་ཆ་དང་ཁྱད་པར་མེད་པར་བསྒོམ། སྣང་བ་རང་བཞིན་མེད་པར་བསྒོམ། འོད་གསལ་སེམས་ལ་འགྲོ་འོང་མེད་བྱ་བ་འོད་གསལ་གྱི་སེམས་ལ་འདིར་སོང་བྱ་བ་མེད། འདིར་གནས་བྱ་བ་མེད། སྐྱེ་འགག་གནས་གསུམ་དང་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུ། དེ་ལྟར་ལུས་སྒྱུ་མ་དང་འདྲ། ངག་བྲག་ཆ་དང་འདྲ། སེམས་རང་བཞིན་གྲུབ་པ་མེད་པས་རང་བཞིན་མེད་པའི་ངང་དུ་ལྷན་གྱིས་འཇོག་པ་ཡིན་གསུངས། དཔལ་མར་མེ་མཛད་ནས་བརྒྱུད་པའི་གདམས་པ་དགེ་ལེགས་སུ་གྱུར་ཅིག ༈ །ཇོ་བོའི་བློ་སྦྱོང་དོན་བདུན་མ་ལགས་སོ། །ན་མོ་གུ་རུ། དུས་གསུམ་སངས་རྒྱས་ཀུན་གྱི་ལམ་གྱི་མཆོག །བྱམས་དང་སྙིང་རྗེ་སྟོང་པ་ཟུང་འཇུག་པ། །བདག་གཞན་མཉམ་ཉིད་བདེ་སྡུག་བརྗེ་ནུས་པའི། །ཐུགས་རྗེ་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །དོན་དམ་སྟོང་ཉིད་བདག་གཞན་མཉམ་པ་ཉིད། །དགྲ་གཉེན་མེད་པར་མཉམ་ཉིད་བྱང་ཆུབ་སེམས། །གང་ལ་སྐྱེས་ན་བྱང་ཆུབ་ཐོབ་བྱེད་པ། །དབྲི་བསྣན་མེད་པར་བླ་མའི་གསུང་བཞིན་བྲི། །དེ་ལ་འདིར་ཡིད་ཆེས་ཤིང་ཁུངས་བཙུན་པ་བླ་མ་བརྒྱུད་པའི་ལོ་རྒྱུས་དང༌། བྱིན་རླབས་འཇུག་པར་བྱ་བའི་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་པ་དང༌། སེམས་ཅན་ལ་བྱམས་པ་བསྒོམ་པ་དང་། འཕྲུལ་འཁོར་གསུམ་གྱི་སྒོ་ནས་སྙིང་རྗེ་བསྒོམ་པ་དང༌། སྨོན་འཇུག་གི་སེམས་གཉིས་ལ་ངོ་སྤྲད་པ་དང༌། འགལ་རྐྱེན་ལམ་དུ་བྱ་བ་དང༌། དམིགས་བསལ་ཅན་ལ་ཕུར་ཚུགས་སུ་བསྒོམ་པ་དང་བདུན་ལས། དང་པོ་ནི། ཇོ་བོ་ལ་བླ་མ་མང་དུ་ཡོད་ཀྱང་འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ་པ། ཌོམྦི་པ། ཇོ་བོ་རྗེ། འཛེང་དབང་ཕྱུག་རྒྱལ་མཚན། པུ་ཏོ་བ། རྒྱ་ལྕགས་རི་བ། ལྷ་རི་རྩ་བརྒྱད་པ། དྭགས་པོ་ལྷ་རྗེ། ཕག་གྲུ། རྒྱ་སྒོམ་རི་བ་ཞིག་པོ། རྒྱ་མཁར་རི་བ། རིན་ཆེན་བྲག་དམར་བ། ཞང་བྲག་དཀར་བ། བླ་མ་དཀོན་མཆོག་བྱང་ཆུབ་དཔལ། གཞོན་ནུ་གྲགས། སློབ་དཔོན་ཞང༌། དེས་ཤེས་རབ་བསོད་ནམས་ལ། དེས་བརྩོན་འགྲུས་ལ། དེས་སློབ་དཔོན་ཆོས་མཆོག་ལ། དེས་སློབ་དཔོན་ཚུལ་ཁྲིམས་དཔལ་ལ། དེས་བུདྡྷ་རཏྣ་ལ། དེས་ཀཱིརྟྟི་ཤཱི་ལ་ལ། དེས་ཆོས་རྗེ་རྒྱལ་བ་བཟང་པོ་ལ། དེས་ཆོས་རྗེ་བསོད་ནམས་རིན་ཆེན་ལ། དེས་གཞོན་ནུ་རྒྱལ་མཆོག་ལ། དེས་བདག་ལའོ། །གཉིས་པ་བྱིན་གྱིས་བརླབས་པའི་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་སེམས་བསྒོམ་སྙམ་དུ་སེམས་བསྐྱེད་པའི་ངང་ནས་རང་གི་རྩ་བའི་བླ་མ་པད་ཟླའི་སྟེང་དུ་བསྒོམས་ལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་ཆོས་འབྲེལ་ཡོད་ཚད་ལ་ཕོག །ཚུར་འདུས་བླ་མ་ལ་ཐིམ། དེ་བཞིན་བརྒྱུད་པའི་བླ་མ་དང་ཡི་དམ་གྱི་ལྷ་ཚོགས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྡུས་ལ་བླ་མ་ལ་བསྟིམ། དེ་ནས་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཐམས་ཅད་བླ་མ་ལ་ཕུལ་ལ་མོས་གུས་དུང་བ་བྱ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ་བོ། །བླ་མའི་རྣལ་འབྱོར་བསྒོམ་པ་ཚར་བའི་སྐབས་ཤིག །དེ་རྣམས་ལ་བྱམས་པ་བསྒོམ་པ་གསུམ་ནི། དང་པོ་རང་གི་རྩ་བའི་མ་མདུན་དུ་བསམས་ལ། མ་འདིས་བདག་དང་ཕུང་པོ་ཉིང་མཚམས་སྦྱོར་བའི་ཚེ་འགྲོ་བ་མིའི་ས་ལ་བཞག་པས་ཤིན་ཏུ་དྲིན་ཆེ་སྟེ། དེ་ནས་ཟླ་བ་དགུའམ་བཅུར་ལྟོ་ན་གནས་པའི་ཚེ་བརྩེ་བའི་བསམ་པས་བསྐྱངས་ཏེ། ངའི་བུ་འདི་གཞན་སུ་དང་མི་མཉམ་པ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་བུའི་ཆེད་དུ་མོ་འདེབས། ཕྱྭ་ཀློག །སཙྪ་གདབ། ཆུ་གཏོར་བཏང༌། ཀློག་འདོན་ལ་སོགས་པ་བྱེད། སྦྱོར་བས་ཀྱང་བུ་ལ་གནོད་པའི་སྤྱོད་ལམ་ཐམས་ཅད་སྤོང༌། བཙས་ནས་ཀྱང་སྤུ་ཚོགས་གཅིག་དང་གཉེར་མ་སྤར་གང་ལས་མེད་ཅིང་སེ་གོལ་གཅིག་བཞག་ན་འཆི་བ་ལས་སྐྱོང་སྟེ། ཤའི་དྲོད་ལ་རླན། མི་གཙང་བ་ལག་པས་ཕྱིས། ཁའི་ཟས་བསྙོད། སྣབས་ལྕེས་ཕྱིས་ཏེ་ཅུང་ཟད་ཆེར་སོང་སྟེ། ཟས་རང་གིས་ཟ་ཤེས་པ་དང་། ཕ་མའི་མིང་ནས་སྨོས་ཏེ་འབོད་ཤེས་པ་དང༌། གོག་ལི་ཙམ་ཤེས་པ་ལ་དགའ་བ་བྱས་ཤིང་། མ་རང་གི་ལུས་བས་ཀྱང་གཅེས་པར་བཟུང༌། བུའི་ཆེད་དུ་སྐྱིད་སྡུག་གཏམ་གསུམ་ལ་མ་ལྟོས་པར་བསྐྱངས། སྙན་པའི་མིང་ནས་བོས། བྱམས་པའི་མིག་གིས་བལྟས། ཆེར་སྐྱེས་ནས་གཞན་ལ་བྲེ་ཁ་ཕུལ་ཁ་ཙམ་ལ་ངོ་ནག་ལོག་ལོག་བརྩེགས་ནས་བསགས་པ་ཐམས་ཅད་བུ་ལ་ཕོངས་པ་མེད་པར་བྱིན། བུའི་ཆེད་དུ་སྡིག་སྡུག་གཏམ་གསུམ་རང་གིས་བླངས། རང་ལ་ནུས་པ་ཡོད་ན་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ལ་འཁོར་ལོས་སྒྱུར་བའི་ལུས་ལ་བཀོད་ཀྱང་ཆེས་སྙམ་པ་མི་སྐྱེ། འཇིག་རྟེན་ལས་འདས་པའི་དབང་དུ་བྱས་ན་སངས་རྒྱས་ཀྱི་བདེ་བ་ལ་བཀོད་ཀྱང་བུ་ལ་ཆེས་སྙམ་པ་མེད་པར་བྱས། དེ་ལྟར་བརྩེ་བའི་སེམས་ཀྱིས་བསྐྱངས། བྱམས་པའི་མིག་གིས་བལྟས། སྙན་པའི་ཚིག་གིས་བོས། སྙིང་གི་དུམ་བུ་ཕྱིར་ལུས་པ་ལྟ་བུར་བསྐྱངས། རང་གིས་སྤྱད་དུ་རུང་བའི་ཟས་གོས་ནོར་ཐམས་ཅད་བུ་ལ་ཕོག་ཅིང་རང་བས་གཅེས་པར་བཟུང༌། ཞག་གཅིག་མེད་ཀྱང་བློ་མི་བདེ་བར་བྱས། ཕན་སྣ་ཚོགས་ནས་བཏགས། གནོད་པ་སྣ་ཚོགས་ནས་བསལ་བའི་དྲིན་ཅན་འདི་བདག་ལ་དེ་ཙམ་ཞིག་དྲིན་ཆེ་སྙམ་དུ་མིག་ནས་མཆི་མ་ཕྱུང་བའམ། ལུས་ཀྱི་བ་སྤུ་ལྡང་བ་མང་དུ་བསམ། མ་འདི་ལ་བདག་གིས་ཇི་ལྟར་བྱས་ནས་ཕན་གདགས་སྙམ་དུ་བསམ། མ་འདི་ཇི་ལྟར་བྱས་ན་བདེ་བ་དང་ལྡན་པར་འགྱུར་སྙམ་དུ་བསམ། དེ་བཞིན་དུ་མཆེད་གྲོགས་བཟའ་ཚང་ལ་བསམ། དེ་ནས་ཡུལ་མི་ཁྱིམ་མཚེས་ལ་བསམ། དེ་བཞིན་དུ་མིག་གིས་མཐོང་བའི་སེམས་ཅན་ཐམས་ཅད་ལ་བསམ། དེ་ནས་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་བསྒོམ། བྱམས་པའི་ཐུགས་བྱུང་ན་རིགས་དྲུག་རེ་རེ་ལ་མ་སྐྱེས་ཀྱི་བར་དུ་བསྒོམ་དུ་གཞུག་གོ །བདག་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁྱམས་པས་སེམས་ཅན་གྱི་མ་བྱས་པ་ཡང་གྲངས་མེད་ལ། མདོ་མྱང་འདས་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུང་ངོ༌། །མ་མིན་པ་ལ་ཡིན་པར་བསྒོམ་པ་མིན་པས། སེམས་ཅན་ཐམས་ཅད་ལ་རྩ་བའི་མ་བཞིན་དུ་དྲིན་ཆེ་སྙམ་དུ་མ་སྐྱེས་བར་བསྒོམ། བཞི་པ་ནི། ལུས་ངག་ཡིད་གསུམ་གྱི་འཁྲུལ་འཁོར་བཅས་ཏེ་སྙིང་རྗེ་བསྒོམ། དེ་ཡང་ཡིད་ཀྱི་འཁྲུལ་འཁོར་ནི་རིགས་དྲུག་རེ་རེ་ལ་མ་སྐྱེས་བར་དུ་བསྒོམ་སྟེ། ཚ་དམྱལ་བརྒྱད་ནི། ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད། དུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ༑ མནར་མེད་དོ། །དེ་རྣམས་ནི་དང་པོ་རྣམས་ལ་མཚོན་ཆས་འཚེ་བ། ཕྱི་མ་དག་ལ་ནི་ལྕགས་སྲེག་གི་ཁང་པ་མེ་འབར་བ་སུམ་རིམ་དུ་བཅུག་ནས་ཡུན་དཔག་ཏུ་མེད་པར་མེས་བསྲེགས་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་ཅིང༌། གྲང་དམྱལ་བརྒྱད་ནི། ཆུ་བུར་ཅན། ཆུ་བུར་རྡོལ་བ་ཅན། ཨ་ཆུ་ཟེར་བ། སོ་ཐམ་པ། ཀྱི་ཧུད་ཟེར་བ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ཆེན་པོ་ལྟར་གས་པ་སྟེ་གྲང་བའི་དམྱལ་བ་ལ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པས་དེ་རྣམས་ཀྱི་ཚེ་ཚད་དང་། ལུས་ཚད་རྣམས་མངོན་པ་དང་མདོ་དྲན་པ་ཉེར་བཞག་ལ་སོགས་པ་ནས་བཤད་པ་བཞིན་བསམས་ལ། རང་གི་རྩ་བའི་མ་བཞིན་དུ་མ་འདིས་སྡུག་བསྔལ་བཟོད་བརླག་མེད་པ་མྱོང་ན་སྙིང་རེ་རྗེ་སྙམ་དུ་བསམ། མ་འདི་རྣམས་ལས་ངན་བསགས་པས་སྡུག་བསྔལ་འདི་ལྟ་བུ་དཔག་མེད་མྱོང་བ་སྙིང་རེ་རྗེ། སྡུག་བསྔལ་ལས་ཇི་ལྟར་བྱས་ན་གྲོལ་བར་འགྱུར་སྙམ་དུ་བསམ་ཞིང་༑ མཆི་མ་ཉིལ་ཉིལ་ལ་བསྒོམ། ལུས་ཀྱི་འཁྲུལ་འཁོར་ནི་ཐལ་མོ་གཉིས་འགྲམ་པ་ལ་སྦྱར། གྲུ་མོ་གཉིས་བརླ་ལ་བཙུགས། ལུས་ཙོག་པུར་མགོ་བོ་བཀུག །ངོ་འཛུམ་བསྡུས་ལ་ངག་ཏུ་ངའི་ཨ་མ་ཨ་མ་ཞེས་འདོན་པ་ངག་གི་འཁྲུལ་འཁོར་རོ། །དེ་བཞིན་དུ་ཡི་དྭགས་ལ་ཡང་ཕྱིའི་སྒྲིབ་པ་ཅན་ལོ་མང་པོའི་བར་དུ་ཟས་སྐོམ་མིག་གིས་ཀྱང་མི་མཐོང་ངོ༌། །མཐོང་ཡང་རྣག་ཁྲག་དང་གྲ་ཕུབ་མེ་མདག་ལ་སོགས་པར་སོང་ནས་བཟར་མི་བཏུབ་པའོ། །ནང་གི་སྒྲིབ་པ་ཅན་ནི། ལྟོ་བ་ལུང་པའི་ལྟོས་ཙམ། ཁ་ཁབ་མིག་ཙམ། མགྲིན་པ་འཇག་སྦུབས་ཙམ། རྐང་ལག་འཇག་མ་ཙམ་དུ་གྱུར་པས་ཟས་ཁར་མི་ཤོང༌། ཤོང་ཡང་མགྲིན་པ་ནས་མི་ཐར། ལྟོ་ཁེངས་ན་རྐང་ལག་གིས་མི་ཐེག་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད། ཟས་སྐོམ་ཉིད་སྒྲིབ་པར་གྱུར་པ་ནི། བཟའ་བཏུང་ཟོས་པས་གྲ་ཕུབ་མེ་མ་མུར་དང་ལྕགས་ཀྱི་ཐོ་ལུམ་འབར་བ་དང་ཐལ་བར་སོང་ནས་སྡུག་བསྔལ་བ་ལ་དམིགས་པ་སྔར་བཞིན་སྙིང་རྗེ་བསྒོམ། དུད་འགྲོ་བྱིངས་ན་གནས་པ་རྣམས་ལ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་པར་གསུངས་ལ། རང་གིས་མཐོང་བ་རྣམས་ལ་ཡང་མ་ཤི་བར་ཁོག་པར་ལག་པ་འཇུག་པ། བྱ་དང་གཅན་གཟན་གཅིག་གིས་གཅིག་མ་ཤི་བར་ཟ་བ་དང༌། སྟོན་ཀའི་ཕྱུགས་ལུག་གསོད་པ་དང༌། ཧོར་ལ་སོགས་པས་དུད་འགྲོ་གསོད་པ་དང༌། མི་ཐེག་བཞིན་དུ་འཁུར་དགོས་པ་དང༌། མི་འདྲུད་པ་བཞིན་དུ་རྨོས་རྨོ་དགོས་པ་དང༌། གཞན་ཡང་གླེན་ཞིང་གཏི་མུག་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པས། དེ་རྣམས་ལ་དམིགས་ལ་སྙིང་རྗེ་སྔར་བཞིན་དུ་བསྒོམ་མོ། །མི་ལ་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང༌། མེད་པ་བཙལ་གྱིས་མི་རྙེད། ཡོད་པ་བསྲུངས་ཀྱིས་མི་ཐུབ། བྱམས་པ་དང་བྲལ་བའི་དུཿ ཁ། སྡང་བ་དང་ཕྲད་པའི་སྡུག་བསྔལ། སྐྱིད་མི་སྟེར་བ་ཚིག་ངན་དྲག་འདུལ་ལ་སོགས་པ། མེད་ཐབས་མེད་པའི་བུ་དང་། ཁྱོ་དང་། ཆུང་མ་དང་། གྲོགས་དང་། དཔོན་ཤི་བ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་དང༌། གཞན་ཡང་ཚེ་འདིར་སྡིག་པ་ཤ་སྟག་སྤྱོད་པ་བཟང་སེམས་སྐད་ཅིག་ཀྱང་མི་རྒྱུ་བ་ཤི་མ་ཐག་ངན་སོང་མིན་པ་འགྲོ་ས་མེད་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་སྔར་བཞིན་བསྒོམ། ལྷ་མ་ཡིན་རྣམས་ལ་འཐབ་རྩོད་དང༌། བསད་ཤིའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་སྙམ་དུ་བསམ། ལྷ་ལ་ཡང་འཆི་ལྟས་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་དང་། གྲོགས་རྣམས་ཀྱིས་ཕ་རོལ་བོར་བའི་སྡུག་བསྔལ་དང༌། ལྷ་འགའ་ཞིག་ལ་ཏམྦུ་ར་ཙམ་ལས་ལོངས་སྤྱོད་གཞན་མེད་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པས། དེ་རྣམས་ལ་དམིགས་བསལ་སྔར་བཞིན་སྙིང་རྗེ་བསྒོམ་མོ། །དེ་རྣམས་ཀྱི་ཚེ་ཚད་ལུས་ཚད་རྣམས་མངོན་པ་ནས་བཤད་པ་ལྟར་ཤེས་པར་བྱའོ། །མདོར་ན་སེམས་ཅན་འདི་རྣམས་མ་དྲིན་ཅན་ཡིན་པས་མ་འདི་རྣམས་སྡུག་བསྔལ་འདི་འདྲ་བ་ལ་སྤྱོད་པ་སྙིང་རེ་རྗེ་སྙམ་དུ་བསམ་ཞིང་། བདག་གི་མ་འདི་རྣམས་ཀྱི་ཤེས་རབ་ཀྱི་མིག་ལོང༌། ཐབས་ཀྱི་རྐང་པ་ཆག །བླ་མའི་ལོང་ཁྲིད་པ་དང་བྲལ། གྲོགས་བཟང་པོ་ཆོས་ལ་སྦྱོར་བའི་འཁར་བ་དང་བྲལ་བ་འདི་རྣམས་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་དུ་མཆི་མ་ཉིལ་ཉིལ་བསྒོམ་མོ། །ལྔ་པ་ལ་གཉིས་ལས། དང་པོ་སྨོན་པ་ནི། རང་གི་ལུས་ལ་ན་ཚ་བྱུང་ངམ་མི་བདེ་བ་ཅི་བྱུང་ཡང་དེའི་དུས་སུ་བདག་གི་མི་བདེ་བ་འདིའི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སྨིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་སྨིན་ནས་སེམས་ཅན་རྣམས་ལ་སྡུག་བསྔལ་གྱི་སྒྲ་ཙམ་ཡང་མི་གྲག་པར་གྱུར་ཅིག་སྙམ་དུ་བསམ། ཡང་རང་གི་ལུས་ངག་ཡིད་གསུམ་ལ་བདེ་བ་དང་། སྐྱིད་པ་དང་། དགེ་སྦྱོར་འཕེལ་བ་དང༌། བློ་དགེ་ཕྱོགས་སུ་བསྐུལ་དུ་བཏུབ་པ་དང༌། ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་བ་རྣམས་སངས་རྒྱས་ཀྱི་བདེ་བ་དང་དགེ་བ་ཙམ་དུ་བསམས་ལ། བདག་གི་འདི་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་དགེ་བ་རྒྱས་པར་གྱུར་ཅིག་སྙམ་དུ་བསམ། གཉིས་པ་འཇུག་པ་ནི། མ་རྒན་སེམས་ཅན་རྣམས་ལ་གང་གནོད་ན་སྡུག་བསྔལ་དང་ཀུན་འབྱུང་གིས་གནོད་པས། དེ་རྣམས་ཀྱི་ལུས་ཀྱི་ན་ཚ་དང་། སེམས་ཀྱི་སྡུག་བསྔལ་དང་། ཉོན་མོངས་པ་དང་། སྡིག་པ་དང་། སྒྲིབ་པ་ཐམས་ཅད་སྐྱི་གྲིས་བཞར་བ་ལྟར་བློས་འུབས་ཀྱིས་བསྡུས་ལ་སྣ་བུག་གཡོན་པ་ནས་རླུང་ཚུར་འོང་བ་དང་བསྡོང་ལ་རང་གི་སྙིང་གི་དཀྱིལ་དུ་ཞུགས། མཆོག་ཏུ་ན་ཚ་དང་སྡུག་བསྔལ་གང་ཡང་དེ་བཞིན་དུ་སྙིང་གི་དཀྱིལ་དུ་གཞུག་གོ །སེམས་ཅན་རྣམས་ལ་གཅིག་ཀྱང་མ་ལུས་པར་བསམ་མོ། །སེམས་ཅན་རྣམས་ལ་གང་གིས་ཕན་ན་གནས་སྐབས་སུ་ཆོས་ཀྱི་མཐུན་རྐྱེན་དང་། མཐར་ཐུག་སངས་རྒྱས་ཀྱི་བདེ་བས་ཕན་པས། བདག་གི་ལུས་ངག་ཡིད་གསུམ་ལ་བདེ་བ་དང་དགེ་བ་ཅི་ཡོད་པ་ཐམས་ཅད་གནས་སྐབས་སུ་མཐུན་རྐྱེན་དང་། མཐར་ཐུག་སངས་རྒྱས་ཀྱི་བདེ་བ་དཔག་ཏུ་མེད་པར་བསམ། དེ་རྣམས་རང་ལ་གཅིག་ཀྱང་མ་ལུས་པར་སྣ་བུག་གཡས་ནས་རླུང་ཕར་འགྲོ་བ་དང་བསྡོངས་ནས་སེམས་ཅན་རྣམས་ལ་སྨིན་པར་བསམ། སེམས་ཅན་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་རྒྱས་པར་བསམ། སྟོང་པ་ཉིད་དང་སྙིང་རྗེ་རྒྱུད་ལ་སྐྱེས་ནས་བསམ་ངན་སྡུག་སེམས་ཐམས་ཅད་ཞི་བར་བསམ་གསུང་ངོ༌། །དྲུག་པ་མདོར་ན་རང་ལ་ན་ཚ་དང་སྡུག་བསྔལ་བློ་དང་མི་མཐུན་པའི་རྐྱེན་མ་ཉེས་པའི་ཁ་ཡོག་དང་། ཁ་སྨྲས་དང༌། བདག་ལ་འཕྱར་ཀ་གཏོང་བ་དང༌། དགྲས་གཏིབས་པ་དང༌། གདོན་གྱི་བར་ཆད་གཏོང་བ་དང༌། ཆ་རྐྱེན་མ་འཛོམས་པ་དང༌། སེམས་རྒྱུད་ལ་ཉོན་མོངས་པ་དྲག་པོ་སྐྱེས་པ་དང༌། བློ་དགེ་ཕྱོགས་སུ་བཀོལ་དུ་མི་བཏུབ་པ་དང༌། བླ་མ་དང་དཀོན་མཆོག་ལ་དད་གུས་གཡེལ་དུ་སོང་བ་དང༌། སྒྲུབ་པ་དང་དགེ་སྦྱོར་བྱེད་སྙིང་མི་འདོད་པ་དང༌། བློ་སྣ་མང་པོས་སེམས་ཚོལ་འཕྲོས་ཁྱེར་བ། སྙིང་མི་དགའ་བ། ང་རྒྱལ་དང་རློམས་སེམས་སྐྱེས་པ། དམ་ཚིག་ཉམས་ཆགས་ལ་སོགས་པ་ཆོས་དང་མི་མཐུན་པ་ཐམས་ཅད་བདུད་ཀྱི་བར་ཆད་ཡིན་པས་བདུད་དུ་ཤེས་པར་བྱས་ལ། རིག་པ་ལ་ངར་བསྐྱེད་པ་འདི་ཀའི་དུས་སུ་དགོས་པ་ཡིན་སྙམ་དུ་བསམས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དུང་དུང་བ་མཆི་མ་འཆོར་བ་བསྒོམ། དགྲ་བགེགས་གནོད་པར་བྱེད་པ་ལ་ལྷག་པར་བསྒོམ། དེ་ནས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད་ཀྱི་བར་དུ་གཅོད་པ་མི་མཐུན་པའི་ཕྱོགས་ཐམས་ཅད་རང་ལ་གང་བྱུང་བ་དེའི་སྟེང་དུ་ཤུགས་བསྐྱེད་ལ་བླངས་ལ། དེ་ནས་བླངས་པའི་ཡུལ་དང་སྡུག་བསྔལ་དང་བླང་རྒྱུའི་དངོས་པོ་ཐམས་ཅད་ཀྱང་རང་སེམས་འཁྲུལ་པའི་རང་སྣང་དུ་ཐག་བཅད་ལ། སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ངང་ལ་ཀློད་ལ་བཞག་གོ །དེར་བསྐྱར་ཞིང་ཡང་ཡང་བསྒོམས་པས་བདུད་ཀྱི་བར་ཆད་དང་སྡུག་བསྔལ་ཐམས་ཅད་དགེ་སྦྱོར་གྱི་བོགས་འདོན་དུ་འགྲོ་ཞིང་བར་ཆད་ཐམས་ཅད་བླ་མ་དཀོན་མཆོག་གི་བྱིན་རླབས་སུ་ཤེས་ཤིང་བློ་ངེས་པའི་ཤེས་པ་གཏིང་ནས་སྐྱེ་གསུང་ངོ༌། །དེ་ལྟར་བྱུང་ན་ལྟས་ངན་གཡང་དུ་ལེན། བདུད་ཆོས་ཉིད་དུ་གོ །རྐྱེན་ངན་གྲོགས་སུ་ཤར་ནས་སྣང་བ་གང་ཤར་ཐམས་ཅད་ལམ་དུ་འགྲོ་བ་ཅིག་འོང་གསུང་ངོ༌། །དེ་ལྟར་བྱུང་ཡང་རློམས་སེམས་མི་བྱ། བྱས་ན་བདུད་ཡིན། ཡང་རང་གི་དགེ་བ་དང་། ལུས་སེམས་ཀྱི་དགེ་བ་ཐམས་ཅད་སྔ་མ་ལྟར་ཤེས་པར་བྱའོ༑ ༑དེ་ལྟར་སྣང་བ་ཐམས་ཅད་རང་སེམས་སུ་ཐག་བཅད་ལ་དུས་རྟག་ཏུ་དྲན་པས་ཟིན་པར་བྱའོ། །བདུན་པ་དམིགས་བསལ་ཅན་ལ་ཕུར་ཚུགས་སུ་བསྒོམ་པ་ནི། རང་ལ་གནོད་པའི་གདོན་བགེགས་སམ་སྡང་བའི་དགྲ་ལ་སོགས་པ་ལ་བསྒོམ་སྟེ། དེ་ཡང་རང་ལ་སྔར་ནས་ཁ་ཟུག་པའི་གདོན་དང༌། གློ་བུར་དུ་གནོད་པའི་གདོན་གང་ཡང་རུང་སྟེ། གདོན་དེ་རྨི་ལམ་ལ་སོགས་པར་ཁོའི་གཟུགས་དང་། ཆོ་འཕྲུལ་གང་སྟོན་བརྟགས་ལ་དེ་ངོས་བཟུང་ངོ༌། །དགྲའམ་གདོན་དེ་རང་གི་མདུན་དུ་བཀུག་ལ་གསལ་བར་བསྒོམས་ལ། གཞན་ཡང་སེམས་ཅན་ལ་གནོད་ཅིང་འཚེ་བའི་འབྱུང་པོའི་རིགས་ཐམས་ཅད་ཀྱང་བསམ། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་བསམས་ལ། གནོད་བྱེད་ཀྱིས་གཙོར་བྱས་པའི་སེམས་ཅན་རྣམས་བདག་གི་མ་དྲིན་ཅན་ཡིན། འདི་རྣམས་ཚེ་སྔ་མ་མང་པོར་ཕ་མ་ཡང་ཡང་དུ་བྱས་པས་ལན་ཆགས་འོང་བ་ཡིན། མ་དྲིན་ཅན་འདིས་ལས་ངན་པ་བསགས་པས་ལུས་འདི་འདྲ་བླངས། ལུས་འདི་འདྲ་བ་ལ་བརྟེན་ནས་ང་མེད་པ་ལ་ངར་བཟུང༌། བདག་མེད་པ་ལ་བདག་ཏུ་བཟུང༌། ད་ལྟ་སེམས་ཅན་ལ་གནོད་ཅིང་འཚེ་བ་ཤ་སྟག་བྱས་པས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཆེན་པོ་ལས་ཐར་དུས་མེད་པ་སྙིང་རེ་རྗེ་སྙམ་དུ་བསམ། རང་གི་རྩ་བའི་མ་ལྟ་བུར་བསམ་ཞིང་ངའི་ཨ་མ་ཞེས་ངག་ཏུ་ཡང་བརྗོད་ཅིང་སྙིང་རྗེ་དྲག་པོ་མིག་ནས་མཆི་མ་ཉིལ་ཉིལ་བའམ་ལུས་ཀྱི་བ་སྤུ་ལྡང་བ་ཙམ་བསྒོམས་ལ། ཁོས་གཙོ་བྱས་པའི་སེམས་ཅན་རྣམས་ལུས་ཀྱི་ན་ཚ་སྡུག་བསྔལ་ཐམས་ཅད་རང་གི་སེམས་མི་བདེ་བ་གང་ཡོད་པ་དེའི་སྟེང་དུ་འུབས་ཀྱིས་བསྡུས་ལ་རང་གི་དེ་དང་གཉིས་མེད་དུ་བསྡུས་ལ་ཁོ་ལ་གཅིག་ཀྱང་མ་ལུས་པར་བསམ་མོ། །རང་གི་ལུས་ངག་ཡིད་གསུམ་གྱི་བདེ་བ་དང་དགེ་བ་ཐམས་ཅད་ཁོ་ལ་བཏང་བས། ཁོའི་བསམ་ངན་དང་། གདུག་སེམས་ཐམས་ཅད་ཞི་ནས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བསམ། དེ་ཡང་ཡང་བྱའོ། །ཡང་ནད་གདོན་ཐམས་ཅད་བཀའ་དྲིན་ཅན་དུ་བསྒོམ། དགེ་སྦྱོར་གྱི་བསྐུལ་མ་བྱས་པས་དྲིན་ཆེ་བས་དུས་འདི་ནས་བཟུང་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་མི་འབྲལ་བར་བྱ་སྙམ་དུ་བསམ། གཞན་ཡང་ལུས་སེམས་ཀྱི་སྟེང་དུ་སྡུག་བསྔལ་མི་འཚམས་པ་བྱུང་བའི་ཚེ་ཡིད་མ་ཤི་བར་བྱས། རིག་པ་ངར་བསྐྱེད་ལ་འདི་ཀའི་དུས་སུ་དགོས་པ་ཡིན་སྙམ་པ་བྱས་ལ། གནོད་བྱེད་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དངོས་རྒྱུ་དང་བཅས་པ་རྣམས་བསམ། རང་གི་རྩ་བའི་མ་ལྟ་བུ་དྲིན་ཆེ་བ་འདི་རྣམས་སྡུག་བསྔལ་འདི་འདྲ་བ་སྤྱོད་པ་སྙིང་རེ་རྗེ་ན། བདག་ལ་ནི་ད་ལྟ་སྡུག་བསྔལ་ལས་གྲོལ་བར་བྱེད་པའི་ནུས་པ་མེད་ན་མ་འདི་རྣམས་ཇི་ལྟར་བྱས་ན་སྡུག་བསྔལ་ལས་གྲོལ་བར་འགྱུར་སྙམ་དུ་སེམས་ཀྱི་འཕྲུལ་འཁོར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསམ། ལུས་ཀྱི་འཁྲུལ་འཁོར་ནི། ལུས་ཙོག་པུར་འདུག་ལ་ལག་པ་གཡས་པའི་ཐལ་མོས་འགྲམ་པ་སྐྱོར། གྲུ་མོ་བརླ་ཡི་སྟེང་དུ་བཞག །བཞིན་གྱི་མདོག་སྨིན་མཚམས་སུ་བསྡུས་ལ་མཆི་མ་འདོན་པའི་ཚུལ་དུ་བྱའོ། །ངག་གི་འཁྲུལ་འཁོར་ནི་ངའི་ཨ་མ་ཞེས་བརྒྱ་དང་སྟོང་ལ་སོགས་པ་བགྲང་ངོ༌། །དེ་ལྟར་བྱམས་པ་བསྒོམས་པས་སྙིང་རྗེ་དབང་མེད་དུ་སྐྱེ་བ་འབྱུང་ངོ༌། །ངུ་སྙིང་འདོད་པ་དང༌། སྙིང་གྲང་བ་དང་། སྡུག་བསྔལ་ཅན་མཐོང་བ་དང༌། ཐོས་པ་དང༌། དྲན་པ་ཙམ་གྱིས་སྙིང་རྗེ་རང་དབང་མེད་དུ་སྐྱེ་བ་འབྱུང་ངོ༌། །དེ་ལྟར་བྱུང་བ་དང་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་སྐྲ་གྲིས་བཞར་བ་བཞིན་དུ་སྣ་བུག་གཡོན་ནས་རླུང་ནང་དུ་འོང་བ་དང་བསྡོངས་ནས་རང་གི་སྙིང་ནང་དུ་ཞུགས་སེམས་ཅན་ལ་སྡུག་བསྔལ་གཅིག་ཀྱང་མ་ལུས་པར་བསམ། ཉོན་མོངས་པ་ལ་སོགས་པ་གང་སྐྱེས་ཀྱང་དེ་ལྟར་ཡང་ཡང་བྱའོ། །ཡང་དག་པའི་དོན་ལ་འདི་ཡིན་འདི་མིན་མེད་པའི་ལྟ་བའི་སྟེང་དུ་བཞག །རང་གི་དགེ་བ་དང་བདེ་བ་ཐམས་ཅད་ལྟོས་པ་མེད་པར་སེམས་ཅན་ལ་ཕར་བཏང་བས་སེམས་ཅན་ཐམས་ཅད་ཀྱི་གནོད་སེམས་གདུག་རྩུབ་ཐམས་ཅད་ཞི་བར་བསམ་མོ། །དེ་ལྟར་བྱས་པས་ནད་གདོན་ཐམས་ཅད་གྲོགས་སུ་འཆར་རོ། །ཕན་ཡོན་བསམ་གྱིས་མི་ཁྱབ་བོ༑ ༑གནས་སྐབས་སུ་ནད་གདོན་ཐམས་ཅད་རང་གྲོལ་དུ་འགྲོ་བའི་ཤེས་བྱེད་མང་དུ་ཡོད་དེ་འདིར་མ་བྲིས་སོ། །བྱ་བ་གང་བྱེད་ཀྱང་འདིས་ཟིན་ན་སངས་རྒྱས་ཀྱི་ལམ་དུ་འགྲོ་གསུངས། འདི་དང་མི་ལྡན་ན་གསང་སྔགས་ཟབ་མོའི་བཟླས་པ་བྱས་ཀྱང་མུ་སྟེགས་ཀྱི་དྲག་སྔགས་བཟླས་པ་དང་ཁྱད་མེད་དུ་འགྲོ་གསུང་ངོ༌། །གཞན་ཡང་ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས་རྣམས་སུ་ལེགས་པར་བལྟའོ། ༈ །མཆིམས་ཀྱི་བློ་སྦྱོང་ལགས་སོ། །བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་ལ་ཕྱག་འཚལ་ལོ། །གདམས་པ་འདི་ལ་དོན་གསུམ་སྟེ། དང་པོ་སྦྱོར་བ་ནི། གནས་དབེན་པར་ཚངས་སྤྱོད་མི་མཐུན་པའི་ཕྱོགས་མེད་པའི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ་སྐྱབས་འགྲོ་དང་སེམས་བསྐྱེད་བྱས་ལ། རང་གི་ལུས་ཕྲུ་མ་ཕུས་བཏབ་པ་ལྟ་བུར་བདེན་མེད་དུ་བསམ། སྙིང་འོད་དཀར་པོའི་ཕུང་པོར་བསྒོམ། དེའི་སྤྱི་བོའི་གཙུག་ཏུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་བསྒོམ། སངས་རྒྱས་ནས་ད་ལྟའི་བར་གྱི་བརྒྱུད་པ་དང་། ཆོས་འབྲེལ་ཡོད་པ་དང་། ཡི་དམ་གྱི་ལྷ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོ་འདི་ཡིན་སྙམ་དུ་བསམ། ཡིད་ཀྱིས་ཕྱག་དང་མཆོད་པ་ཕུལ། གསོལ་བ་འདེབས་པ་ནི། བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་ཐམས་ཅད་བདག་ལ་དགོངས་སུ་གསོལ། བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱིས་བདག་གི་རྒྱུད་ལ་ཐེག་པ་ཆེན་པོའི་བློ་སྦྱོང་གི་རྟོགས་པ་ཉམས་པ་མེད་པར་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ང་དང་བདག་ཏུ་འཛིན་པ་ད་ལྟ་ཉིད་དུ་ཐུལ་བ་དང༌། རྐྱེན་ངན་བར་ཆད་ཐམས་ཅད་ཆོས་ཀྱི་ཕྱོགས་སུ་ཁྱེར་ཤེས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ། བདག་གི་བླ་མ་འདི་ཉེས་པའི་སྐྱོན་བག་ཆགས་དང་བཅས་པ་ཐམས་ཅད་སྤངས་ཤིང་ལེགས་པའི་ཡོན་ཏན་མ་ལུས་པ་དང་ལྡན་པའི་སངས་རྒྱས་དངོས་ཡིན་སྙམ་དུ་བསམས་ལ། བླ་མའི་སྐུ་གསུང་ཐུགས་ལ་སྐྱབས་འགྲོ་བྱ། དེ་ནས་བླ་མ་ཚངས་བུག་ན་མར་བྱོན་ནས་སྙིང་འོད་ཀྱི་ཕུང་པོའི་ནང་དུ་བཞུགས་ནས་འདི་ཉིད་སངས་རྒྱས་དངོས་ཡིན་སྙམ་དུ་བསྒོམ་མོ། །བླ་མའི་སྐུ་གསུང་ཐུགས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་ཆོས་ཉིད་འོད་གསལ་ཆེན་པོར་གྱུར་པ་དེའི་ངང་དུ་གནས་ཚད་དུ་བཞག །དེ་ནས་རྟོག་པ་འཕྲོ་ན་བླ་མ་སྤྱི་གཙུག་ཏུ་བསྒོམ། ཐུགས་དགོངས་ཡོངས་སུ་རྫོགས་པའི་བསྔོ་བ་བྱ། གསོལ་བ་གདབ། དེ་ལྟ་བུ་ཉིན་མཚན་ལན་དྲུག་ལ་སོགས་པ་བྱ། རང་གང་འདོད་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེའོ། །དང་པོ་སྔོན་འགྲོ་དག་ལ་བསླབ། །ཅེས་པ་ནི་དེ་ལ་གསུམ་སྟེ། དལ་འབྱོར་རྙེད་པར་དཀའ་བ་ནི། དལ་འབྱོར་གྱི་ཆོས་བསམ་སྟེ་དེའི་སྙིང་པོ་བླང་བར་བྱ། ཆོས་ཀྱི་མཆོག་བློ་སྦྱོང་བ་ཡིན་པས་བསྒོམ། དལ་འབྱོར་ཐོབ་ཀྱང་གཏན་དུ་སྡོད་དབང་མེད། ལས་ཀྱི་འཕེན་པ་ཟད་ནས་ནམ་འཆི་ཆ་མེད༑ འཆི་བའི་དུས་སུ་ཆོས་རྒྱུད་ལ་མ་སྐྱེས་པར་འགྱོད་བཞིན་དུ་ཤི་ན་དེ་ལས་ཕམ་པ་མེད་པས་བློ་སྦྱོང་དགོས་སམ། ཤི་ནས་མེད་པར་མི་འགྲོ། སྐྱེ་བ་ལེན་དགོས་ལ། འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པས་དེ་སྤང་བར་བྱ། དེའི་ཆེད་དུ་བློ་སྦྱོང་བསྒོམ། རང་རྒྱུད་ལ་བསགས་པའི་སྡིག་སྒྲིབ་སྦྱོང༌། གཞན་ལའང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་མོ། །དངོས་གཞི་ལ་གཉིས་ལས། དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི། གཏོང་ལེན་གཉིས་པོ་སྤེལ་མར་སྦྱང༌། །ལེན་པའི་གོ་རིམ་རང་ནས་བརྩམས། །ཞེས་པ་ནི། བདག་ལ་སྐྱེ་བ་ཕྱི་མའི་ཕྱི་མ་ཕན་ཆད་དང་། ཐ་ན་སང་ཕན་ཆད་སྨིན་རྒྱུའི་སྡུག་བསྔལ་ཀུན་འབྱུང་ཐམས་ཅད་ད་ལྟ་སྨིན་པར་གྱུར་ཅིག་ཅེས་སྙམ་དུ་བསམ། དེ་བསམ་པས་རྐྱེན་ངན་གྲོགས་སུ་འགྱུར་བའི་དགོས་པ་ཡོད། དེ་ནས་རྩ་བའི་མ་ལ་བྱམས་པ་དང་སྙིང་རྗེ་བསྒོམས་ལ་སྡུག་བསྔལ་ཀུན་འབྱུང་ཐམས་ཅད་ཞེ་ཐག་པ་ནས་བླང༌། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དང་། འཕགས་པ་གསུམ་གྱི་ཤེས་སྒྲིབ་ཐམས་ཅད་བླང༌། མདོར་ན་བླ་མ་དང་སངས་རྒྱས་མ་གཏོགས་པའི་འཁོར་འདས་ཀྱི་སྐྱོན་ཐམས་ཅད་རང་གི་སྙིང་གི་ནང་དུ་བླང༌། དེ་ལྟར་ཡང་ཡང་བླངས་པས་རོ་སྟོད་གཟེར་བ་ལ་སོགས་པ་བྱུང་ན་སྙིང་ཕྲུ་མ་བུས་པ་ལྟ་བུར་བསམས་ཏེ། དེ་ཡང་རྒྱ་ཆེར་སོང་བས་ནམ་མཁའི་མཐའ་ཁྱབ་པར་བསམ་སྟེ་རང་བཞིན་མེད་པའི་ངང་ལ་བཞག་གོ །དེ་སྟོང་ཉིད་བསྒོམ་པའོ། །བདག་གི་མ་འདི་རྣམས་འཁོར་བ་སྡུག་བསྔལ་གྱི་དངོས་རྒྱུ་ལ་གནས་པས་སྙིང་རྗེ། སྡུག་བསྔལ་དངོས་རྒྱུ་མཐའ་དག་ལས་བསྒྲལ་ཏེ་བདེ་བ་སྐྱིད་པ་བླ་ན་མེད་པ་ལ་འགོད། དེའི་ཆེད་དུ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་གཏོང་སྙམ་དུ་བསམས་ལ། ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར། ལོངས་སྤྱོད་ལྷ་དང་མིའི་རྫས་ནམ་མཁའ་གང་བ་ཙམ་པ། དགེ་བ་དུས་གསུམ་དུ་བསགས་པ་ཐམས་ཅད་མ་རྒན་ལ་བཏང་བས་ཆོས་བྱེད་པའི་མཐུན་རྐྱེན་ཐམས་ཅད་ཚང་བ་དང་། ཚོགས་གཉིས་རྫོགས་པ་དང་སངས་རྒྱས་པར་བསྒོམ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བསྒོམ། དེ་གཉིས་རླུང་ལ་བསྐྱོན་པར་བྱ། །ཞེས་པ་ནི། དབུགས་ཕྱིར་འགྲོ་དུས་ལོངས་སྤྱོད་དགེ་བ་ཐམས་ཅད་སེམས་ཅན་ལ་བཏང༌། དེ་ལྟར་བསྒོམས་པས་ཏིང་ངེ་འཛིན་སྐྱེ། ནང་དུ་འོང་ཙ་ན་རང་གཞན་གྱི་སྡུག་བསྔལ་ཀུན་འབྱུང་ལེན། དེ་ལྟར་བྱས་པས་རྒྱུད་ལ་སྐྱེ་བ་དང༌། བློ་སྦྱོང་སྐྱེ་བའི་དགོས་པ་ཡོད་གསུང་ངོ༌། །གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། སྦྱངས་ནས་གསང་བའི་དོན་ལ་སྤྱད། །ཅེས་པ་ནི། བདག་གི་དགེ་བ་དང་གཞན་གྱི་སྡུག་བསྔལ་བརྗེ་ནུས་པ་དང༌། བློ་དམན་པ་ལ་གསང་བའི་སྟོང་ཉིད་བསྒོམས་ཏེ། དེ་ཡང་དངོས་པོ་ཐམས་ཅད་གཟུང་འཛིན་གཉིས་སུ་འདུས་ཏེ་གཟུང་བ་ཐམས་ཅད་ཡུལ། ཡུལ་བེམ་པོར་སྣང་བ་ཐམས་ཅད་རིམ་གྱིས་དཔྱད་པས་རྡུལ་ཕྲ་རབ་ཡིན་ལ། དེ་ཡང་ཕྱོགས་དྲུག་ལ་བལྟ་བའི་ཆ་དྲུག་དབུས་ཤ་སྟག་ཏུ་གྱུར་ནས་བདེན་པ་གཅིག་ཏུ་མ་གྲུབ་པས་དེ་མ་གྲུབ། དེ་དག་གིས་དུ་མ་མི་གྲུབ་པས་བེམ་པོ་བདེན་པ་མེད་པར་བསྒོམ། ནང་རིག་པ་ནི་འདས་པ་འགག །མ་འོངས་པ་མ་སྐྱེས། ད་ལྟར་ཁ་དོག་མེད། དབྱིབས་མེད། གནས་མེད། དེ་ལྟར་མ་གྲུབ་ཙ་ན་བདེན་པར་མ་གྲུབ་པས་ན་རང་རིག་པ་བདེན་པ་མེད་པར་བསམ། ཕྱི་བེམ་པོ་མ་གྲུབ་པས་བསྒོམ་བྱའི་ཡུལ་མ་གྲུབ། ནང་རིག་པ་སྣང་བ་མ་གྲུབ་པས་སྒོམ་བྱེད་ཀྱི་བློ་མ་གྲུབ། བསྒོམ་བྱ་སྒོམ་བྱེད་དང་བྲལ་བ་དེ་ལ་ཤེས་བྱ་ཟད་པ་ཞེས་ཟེར། དེ་ཡི་ངང་ལ་མ་ཡེངས་པར་གནས་པ་ལ་དེ་ཁོ་ན་ཉིད་བསྒོམ་ཞེས་གསུངས། དེ་བས་ན་ཡུལ་ཅི་ཡང་མ་གྲུབ་པ་ལ་བློས་ཅིར་ཡང་མི་འཛིན། ཅིར་ཡང་མི་རྟོག་པའི་ངང་ལ་ལྷོད་དེ་ཀློད་ལ་བཞག །འཇུར་བུས་བཅིངས་པའི་སེམས་ཉིད་ནི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས། རྟོག་པའི་འཕྲོ་འདུ་ཐམས་ཅད་ཞི་བ་ནི་ཞི་གནས། མི་རྟོག་བཞིན་དུ་གསལ་ཞིང་དྭངས་པ་ལ་མཚན་མར་མི་འཛིན་པ་ནི་ལྷག་མཐོང་ཞེས་གསུངས་སོ། །དང་པོ་ཐུན་ཆུང་ལ་གྲངས་མང་པོར་བསྒོམ། བརྟན་པ་ཐོབ་ན་ཇི་ཙམ་གནས་ཀྱི་བར་དུ་བཞག །དེ་ལས་ལྡང་བར་འདོད་ན་སེམས་ཅན་ལ་སྙིང་རྗེ་བསྒོམ་ཞིང་དགེ་བའི་རྩ་བ་བསྔོ་བར་བྱའོ། །དང་པོའི་དུས་སུ་ཀུན་རྫོབ་དོན་དམ་གཉིས་ལ་རེས་འཇོག་ཏུ་བསྒོམ། གོམས་པར་གྱུར་ནས་ཐམས་ཅད་མ་གྲུབ་ཀྱང་ཀུན་རྫོབ་སྒྱུ་མ་ཙམ་དུ་བདེན་པ་དང་ཞེན་པ་མེད་པར་གཏོང་ལེན་བསྒོམ་པར་བྱའོ། །གསུམ་པ་རྗེས་ནི། ཡུལ་གསུམ་དུག་གསུམ་ཞེས་པས་ཡུལ་གསུམ་ལ་བརྟེན་ནས་དུག་གསུམ་སྐྱེ་ཞིང༌། དེ་དགེ་བའི་རྩ་བ་གསུམ་དུ་བསྒྱུར་ཏེ། མིག་གི་ཡུལ་དུ་གཟུགས་སྡུག་པ་ལ་འདོད་ཆགས་སྐྱེས་པ་དང་། སེམས་ཅན་གྱི་འདོད་ཆགས་རང་གི་སྙིང་གི་དཀྱིལ་དུ་བླང༌། རང་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་སེམས་ཅན་ཐམས་ཅད་ལ་བཏང་བས་སེམས་ཅན་ཐམས་ཅད་འདོད་ཆགས་མེད་པའི་དགེ་བའི་རྩ་བ་དང་ལྡན་པར་བསམ། མི་སྡུག་པ་ལ་ཞེ་སྡང་དང་བྲལ་ལ་གཏི་མུག་སྐྱེས་པ་ཡང་དེ་བཞིན་དུ་བསྒོམ། དེ་བཞིན་དུ་རྣ་བས་སྒྲ་དང༌། སྣས་དྲི་དང༌། ལྕེས་རོ་དང༌། ལུས་ཀྱིས་རེག་བྱའི་བར་དུ་གསུམ་གསུམ་བྱུང་ཡང་བསྒོམ་པར་བྱའོ། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱོང༌། །ཞེས་པ་ནི། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་༑ ཉལ་བ་དང་། སྤྱོད་ལམ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཀུན་འབྱུང་ཐམས་ཅད་ད་ལྟ་ཉིད་དུ་བདག་ལ་སྨིན་པར་གྱུར་ཅིག །བདག་ཕུང་བར་གྱུར་ཅིག །བདག་དངོས་པོ་མེད་པའི་གཏན་བརླག་ལ་འགྲོ་བར་གྱུར་ཅིག །བདག་གི་ལུས་ལོངས་སྤྱོད་དང་དགེ་བ་ཐམས་ཅད་སེམས་ཅན་རྣམས་ལ་ཕན་པར་གྱུར་ཅིག །ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ད་ལྟ་ཉིད་དུ་འབྱུང་བར་གྱུར་ཅིག་ཅེས་སོགས་ཀྱང་སྦྱང་བར་བྱའོ། །དེ་ལྟར་སྦྱོང་བས་ངག་གི་རྗེས་སུ་ཡིད་ཞུགས་ནས་མྱུར་དུ་སྐྱེ་བའི་དགོས་པ་ཡོད་གསུངས། བློ་སྦྱོང་ཐུན་གཅིག་ཅེས་བྱ་བ་དཔལ་སྣར་ཐང་པའི་མཁན་པོ་མཆིམས་ནམ་མཁའ་གྲགས་ཆེན་པོས་མཛད་པ་དགེ་ལེགས་ནམ་མཁའ་དང་མཉམ་པར་གྱུར་ཅིག ༈ །རྣམ་དག་གཙུག་གི་ནོར་བུ་ལ་ཇོ་བོས་གནང་བའི་བློ་སྦྱོང་ལགས་སོ། །ཤེས་བྱའི་མཁའ་ལ་ཚད་ཡོད་མ་མཆིས་ཀྱང༌། །སྟོང་དང་སྙིང་རྗེ་གཉིས་སུ་ལེན་པ་ཡི། །མར་མེ་མཛད་དཔལ་ལ་སོགས་བླ་མ་ལ། །སྒོ་གསུམ་དང་བའི་ཡིད་ཀྱིས་གུས་ཕྱག་འཚལ། །འགྲོ་མགོན་བོད་དུ་བྱོན་ཁར་གདམས་པ་ནི། །བརྩེ་བར་གྱུར་པའི་ནོར་བུ་བདག་ལ་གནང༌། །ནམ་མཁའ་འདི་ལ་རྒྱུ་རྐྱེན་མ་མཆིས་བུ། །ཡོད་པར་སུ་འཛིན་མེད་པར་སུ་ཞིག་འཛིན། །ཆོས་རྣམས་དེ་བཞིན་ཤེས་པར་གྱིས་ཤིག་བུ། །འདི་ལ་གོལ་ན་གོལ་ས་ཤིན་ཏུ་མང༌། །ནམ་མཁའ་ལྟ་བུར་མཉམ་པར་ཞོག་ཅིག་བུ། །འོན་ཀྱང་མཁའ་ལ་འཇའ་ཚོན་འཁྲིགས་པ་ན། །ཡོད་ཡོད་ལྟ་བུར་མཛེས་ཤིང་འཆར་རོ་བུ། །འདི་ལ་རྒྱུ་རྐྱེན་ཡོད་པར་སུས་མ་མཐོང༌། །འོན་ཀྱང་རྟེན་འབྲེལ་ལེགས་མཆིས་མཁས་པའི་བུ། །འཇའ་ཚོན་མཁའ་ལ་རྒྱུ་ཞིང་མཁའ་ལ་ཡལ༑ ༑འདི་ལ་རྒྱུ་རྐྱེན་ཡོད་པར་སུས་མ་མཐོང༌། །འདི་ཡང་རྟེན་འབྲེལ་ལགས་མཆིས་མཁས་པའི་བུ། །ལེགས་པར་བརྟགས་ན་འཇའ་ཚོན་ནམ་མཁའ་རུ། །ཐ་དད་རྣམ་དབྱེ་འདུག་གམ་མཁས་པའི་བུ། །ཡེ་ནས་སྟོང་པ་ཆོས་ཀྱི་གནས་ལུགས་ལ། །འགྲོ་ལ་བཟོད་བླག་མེད་པའི་སྙིང་རྗེ་འཁྲིགས། །སྙིང་རྗེ་བྱུང་ཡང་ཆོས་ཀྱི་དབྱིངས་ནས་བྱུང༌། །ཐིམ་ཡང་ཆོས་ཀྱི་དབྱིངས་སུ་ཐིམ་མོ་བུ། །འཁོར་འདས་ཐམས་ཅད་རང་གི་སེམས་ཉིད་དེ། །དེ་ལ་རྒྱུ་རྐྱེན་ཡོད་པ་སུས་མ་མཐོང༌། །བརྟགས་ཤིང་དཔྱད་ན་ནམ་མཁའི་འཇའ་བཞིན་གདའ། །དེས་ན་ནམ་མཁའ་འཇའ་ཚོན་ཇི་ལྟ་བུར། །སྟོང་ཉིད་སྙིང་རྗེ་ཤེས་པར་མཛོད་ཅིག་བུ། །གང་ཡང་རྒྱ་མཚོའི་གཏིང་མཐའ་ཟབ་པ་ལས། །སྟེང་ནས་གཡོ་བའི་རྦ་རླབས་འཁྲུགས་པ་མཐོང༌། །རྦ་རླབས་བྱུང་ཡང་རྒྱ་མཚོ་ཉིད་ལས་བྱུང༌། །ཐིམ་ཡང་རྒྱ་མཚོ་ཉིད་ལ་ཐིམ་མོ་བུ། །གཡོ་བའི་རླབས་དང་ཟབ་པའི་རྒྱ་མཚོ་ལ། །ཐ་དད་རྣམ་དབྱེ་ཡོད་པར་སུས་མ་མཐོང༌། །དེ་བཞིན་ལྷུན་གྱིས་གྲུབ་པའི་སྟོང་ཉིད་ལས། །འགྲོ་ལ་གཡོ་ཞིང་འཁྲུགས་པའི་སྙིང་རྗེ་བྱུང༌། །སྙིང་རྗེ་བྱུང་ཡང་སྟོང་ཉིད་ངང་ལས་བྱུང༌། །ཐིམ་ཡང་སྟོང་པ་ཉིད་ལ་ཐིམ་མོ་བུ། །མེ་ལོང་གཡའ་ཡིས་དག་པའི་དཀྱིལ་འཁོར་ལ། །སྣ་ཚོགས་གཟུགས་བརྙན་བཀྲ་བཞིན་ཤར་བ་དེ། །མེ་ལོང་ཉིད་དམ་ཕྱི་རོལ་གཟུགས་ལས་བྱུང༌། །དེ་ལས་གཞན་ནམ་འོན་ཏེ་རྒྱུ་མེད་པ། །གང་དུའང་དཔྱད་ན་འཇིག་རྟེན་རྟེན་འབྲེལ་ཙམ། །བྱད་བཞིན་ཡོད་མ་མྱོང་དང་སྣང་བ་གཉིས། །ཐ་དད་རྣམ་དབྱེ་ཡོད་པར་སུས་མ་མཐོང༌། །དེ་བཞིན་སྟོང་ཉིད་མེ་ལོང་ལྟ་བུ་ལ། །ཡོད་མ་མྱོང་སྟེ་གཟུགས་བརྙན་འཆར་བ་ལྟར། །སྟོང་དང་སྙིང་རྗེ་བརྟེན་ཅིག་མཁས་པའི་བུ༑ ༑རྙོག་མེད་ཆབ་ཀྱི་དཀྱིལ་འཁོར་དྭངས་པ་ལ། །ཆུ་ཤེལ་ཟླ་བའི་གཟུགས་བརྙན་ཤར་ན་ཡང༌། །གཉིས་སྣང་ལྟ་བུར་རང་ཉིད་འཁྲུལ་མོད་ཀྱི། །གྲུབ་པའི་རྣམ་དབྱེ་ཡོད་པར་སུས་མ་མཐོང༌། །རྙོག་མེད་ནམ་མཁའ་ལྟ་བུའི་སྟོང་ཉིད་ལས། །འགྲོ་ལ་བཟོད་བླག་མེད་པའི་སྙིང་རྗེ་ཤར། །སྙིང་རྗེ་བྱུང་ཡང་སྟོང་ཉིད་ངང་ལས་བྱུང༌། །ཐིམ་ཡང་སྟོང་ཉིད་ངང་དུ་ཐིམ་མོ་བུ། །ཇི་ལྟར་གཟུགས་ཀྱི་བྲག་རི་མཐོན་པོ་ལ། །ལྷང་ལྷང་འཆོར་བའི་སྒྲ་སྙན་བྱུང་ན་ཡང༌། །སྒྲ་སྙན་བྲག་ལས་རྣམ་དབྱེ་སུ་ཞིག་ཡོད། །འོན་ཀྱང་བྲག་མེད་ཡོད་མེད་སུ་ཞིག་འཛིན། །དེ་བཞིན་ཡེ་ནས་དག་པའི་སྟོང་ཉིད་ལས། །འགྲོ་ལ་ཤིན་ཏུ་བརྩེ་བའི་སྒྲ་འབྱུང་མོད། །སྟོང་ཉིད་སྙིང་རྗེ་དེ་བཞིན་སྒོམས་ཤིག་བུ། །རྙོག་མེད་ཉི་མའི་དཀྱིལ་འཁོར་དྭངས་པ་ལ། །འགྲོ་ལ་དངོས་སུ་ཕན་པའི་འོད་འབྱུང་མོད། །ཉི་འོད་ཐ་དད་ཉིད་དུ་སུས་མ་མཐོང༌། །སྟོང་ཉིད་སྙིང་རྗེ་ཆེན་པོའི་གཟུགས་སུ་ཤར། །སྙིང་རྗེ་དེ་ཡང་སྟོང་པ་འབའ་ཞིག་སྟེ། །སྟོང་པ་ཉིད་ལས་སྙིང་རྗེ་གཞན་ཡོད་པར། །མགོན་པོ་གང་གིས་མ་བཤད་མཁས་པའི་བུ། །ཀྱེ་ཧོ་སྟོང་ཉིད་ངང་དུ་ཚུར་ཉོན་ཅིག །འགྲོ་བ་ཐམས་ཅད་ཉོན་མོངས་སྡུག་བསྔལ་སྤངས། །སྟོང་ཉིད་འབའ་ཞིག་ཡིན་གྱི་ཤེས་པར་མཛོད། །དེ་ཡི་གཉེན་པོ་ཡོན་ཏན་མཐའ་ཡས་ཀྱང༌། །སྟོང་ཉིད་འབའ་ཞིག་ཡིན་གྱི་གོམས་པར་མཛོད། །སྤང་གཉེན་ཐ་དད་ལྟ་བུར་མཐོང་ན་ཡང༌། །འཁྲུལ་འཁོར་དག་པར་བསམ་གཏན་ལམ་དུ་བསྒོམ། །དེ་ལྟར་མ་གོ་འགྲོ་བ་མཐའ་ཡས་པ། །རང་ལ་བསྡུས་ཀྱང་སྤང་དགོས་ཅང་གདའ་འམ། །སྟོང་ཉིད་སྙིང་རྗེར་ལྟོས་དང་ཅང་འཁྲུལ་ལམ། །སྙིང་རྗེ་སྟོང་པར་འདུག་གམ་མཁས་པའི་བུ། །སྟོང་པ་སྙིང་རྗེར་ཤར་རམ་རྟོག་དཔྱོད་ཅན། །སྟོང་དང་སྙིང་རྗེ་རྣམ་དབྱེར་འདུག་གམ་ཨ། །ཁོ་བོས་ཞེ་སྡང་རླུང་དམར་འཚུབ་ན་ཡང༌། །སྟོང་པ་ཉིད་ལ་ཐ་དད་མེད་པར་མཐོང༌། །དེ་བཞིན་རྣམ་པར་རྟོག་པ་མཐའ་ཡས་པས། །སྟོང་ཉིད་ངང་ལས་ངེས་པར་འབྱུང་བ་མཐོང༌། །རྣམ་རྟོག་རྣམས་ལ་ཅེར་ཏེ་བལྟས་ཙམ་ན། །བདེན་ནམ་བརྫུན་ནམ་གྲུབ་པར་ངས་མ་མཐོང༌། །སྟོང་ཉིད་ངང་ལས་ལྷོད་ཀྱིས་ཀློད་ཙམ་ན། །རྟོག་པ་ཙམ་ཡང་འཆར་བར་ངས་མ་མཐོང༌། །དེས་ན་སྟོང་ཉིད་སྙིང་རྗེ་འགལ་ཟླ་ཡང༌། །དབྱེ་བ་རྡུལ་ཙམ་ཡོད་པར་མ་མཐོང་གི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་སྨོས་ཅི་འཚལ། །ཀྱེ་ཧོ་ད་ནི་འགྲོའམ་འདུག་ན་ཡང༌། །གནས་དེ་དགོན་པ་ཡིན་ནོ་མཁས་པའི་བུ། །དབུ་མའི་ནང་དུ་སེམས་ཉིད་གནས་པ་དེ། །སྟོང་པའི་གནས་ལུགས་ཡིན་ནོ་མཁས་པའི་བུ། །དེ་ཡི་ངང་དུ་སྙིང་རྗེ་བསྒོམ་པ་དེ། །དབྱེ་བ་མེད་པའི་རྣལ་འབྱོར་ཡིན་ནོ་བུ། །དེ་ལྟར་ཤེས་པའི་སྙིང་རྗེ་བསྒོམ་པ་ན། །ཤིན་ཏུ་བརྩེ་ཡང་སྟོང་ཉིད་འབའ་ཞིག་ཡིན། །སྟོང་ཉིད་བསྒོམས་པས་སྙིང་རྗེས་མ་ཁྱབ་མེད། །སྙིང་རྗེ་སྒོམ་པ་སྟོང་ཉིད་ཁོ་ན་ཡིན། །སྟོང་པ་ཙམ་ཞིག་ཞི་གནས་ཚོལ་བའང་སྒོམ། །ཐེག་པ་འདི་ཡི་སྟོང་ཉིད་སྙིང་རྗེ་ཡིན། །སྙིང་རྗེ་འདི་ཡི་རང་མཚན་སྟོང་ཉིད་ཡིན། །དེས་ན་གནས་དོན་སྙིང་རྗེར་ཤེས་པར་མཛོད། །ཁྱོད་ལ་བྱ་བའི་རིམ་པ་མཐའ་ཡས་ཀྱང༌། །བརྒྱ་ཕྲག་ངོས་ཀྱི་བཅར་ཕུར་ཆེན་པོ་འདི། །ཚེ་འདིའི་ཉན་བཤད་སྙིང་གཏམ་ཐ་མར་བསྟེན། །ད་ནི་ཁོ་བོ་མི་སྡོད་བོད་དུ་འགྲོ། །འཕྲེང་སེམས་དག་ཀྱང་རྫ་དང་ལ་ཆ་འདྲ། །ཚེ་འདིའི་འདུ་བྱེད་མི་རྟག་གློག་ལྟར་གཡོ། །ལུས་སེམས་འདུ་བའང་མགྲོན་ཁང་མགྲོན་པོ་འདྲ། །དེས་དེ་ཕྱོགས་འདིར་ལྡོག་པ་སྲིད་པ་བས། །འདུས་པའི་ཐ་མ་འབྲལ་བ་འདུས་བྱས་ཆོས། །གདམས་ངག་སེམས་ལ་འཆང་ན་བུ་ཡིན་ཨང༌། །བསླབ་པའི་ངག་ལ་ཉན་ན་ཡུན་དུ་དགེ། །རིང་པོར་མི་ཐོགས་བྱམས་པའི་ཞབས་དྲུང་དུ། །ཤེས་རབ་ཕ་རོལ་ཕྱིན་པའི་ཚིག་དོན་རྣམས། །ཡོངས་སུ་རྫོགས་པར་བྱ་ཕྱིར་དགའ་ལྡན་འགྲོ། །ཁྱོད་ཀྱང་སྐྱེ་བ་འདི་ཡི་འོག་རོལ་ཏུ། །དེ་དྲུང་སྙོགས་ནས་གསུང་གླེང་བྱེད་པར་སྨོན། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མ་ལུས་པ། །བདག་ཅག་རྣམས་ལ་བརྩེ་བར་དགོངས་སུ་གསོལ། །དུས་གསུམ་འཁོར་ཚེ་སྐྱེ་གནས་ཐམས་ཅད་དུ། །སྒོ་གསུམ་དགེ་བའི་ལས་ལ་བཀོལ་བ་རྣམས། །སྐུ་གསུམ་ཕྲིན་ལས་རྫོགས་པར་མ་གྱུར་བར། །གང་གི་ལུས་སུ་སྐྱེ་བ་འཛིན་ན་ཡང༌། །ཕ་རོལ་ཕྱིན་བཅུར་སྒོ་གསུམ་འཁོལ་བ་དང༌། །བླ་མ་མཉེས་ཤིང་ཕྲིན་ལས་སྤེལ་བར་ཤོག །ཅེས་པ་འདི་འགྲོ་བའི་མགོན་པོ་བོད་དུ་འབྱོན་དུས་ལམ་དུ་འཇུག་པ་ན་རྣམ་དག་གཙུག་གི་ནོར་བུ་བདག་ལ་སྤྱི་ཆོས་སུ་གདམས་པ་ལགས་སོ། །འདིའི་བརྒྱུད་པ་ནི། ཇོ་བོ་ནས་མཁན་པོ་རྨ་སྟོན་གྱི་བར་སྔར་བཞིན། དེས་ཇོ་ལྡན་ཀླུང་ཤོད་པ་ལ། དེས་དགེ་བཤེས་ཤེས་རབ་བཟང་པོ། དེས་བུདྡྷ་རཏྣ་ལ། དེས་ཀཱིརྟྟི་ཤཱི་ལ་ལ། དེས་ཆོས་རྗེ་རྒྱལ་བ་བཟང་པོ་ལ། དེས་ཆོས་རྗེ་བསོད་ནམས་རིན་ཆེན་ལ། དེས་ཆོས་རྗེ་གཞོན་ནུ་རྒྱལ་མཆོག་ལའོ། ༈ །དཔལ་ལྡན་བིརྺ་པའི་བློ་སྦྱོང༌། ན་མོ་རཏྣ་གུ་རུ། དཔལ་ལྡན་བི་པའི་ཞལ་ནས། ཐོག་མེད་བརྩེ་བས་བསྐྱངས་པ་ཡི། །དྲིན་ཆེན་རྣམས་ལ་སྙིང་རྗེ་བསམ། །གནོད་བྱེད་འདི་ནི་བདག་གི་མ། །སྔོན་ཚེ་ཡང་ཡང་ཕན་བཏགས་ཀྱང༌། །སྨྱོན་པ་ལྟ་བུར་རང་དབང་མེད། །མི་དགེ་ལས་ཀྱིས་མནར་མེད་འགྱུར། །དེ་ལྟར་དྲན་པས་སྲིད་གསུམ་ལ། །སྙིང་རྗེ་མཐར་ཕྱིན་འགྱུར་བ་ཡིན། །གསུང༌། དེ་ལ་མཉམ་མེད་སྙིང་རྗེའི་རྣལ་འབྱོར་ནི། སྙིང་རྗེ་དེ་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་ཡིན། འདི་མེད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་དང་། དམ་ཚིག་གི་བསྐྱེད་རྫོགས་ལ་སོགས་ལམ་ཅི་ཙམ་ཡོད་ཀྱང་ཐེག་པ་དམན་པར་ལྟུང་སྟེ། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དགོས་པས་བྱམས་པ་ནི་ཕན་འདོགས་པ་ཡིན་ལ། སྙིང་རྗེ་ནི་གནོད་བྱེད་ནས་ཐོག་དྲངས་ནས་བསྒོམ་སྟེ༑ གནས་དབེན་པར་ལུས་ཀྱི་སྤྱོད་ལམ་ཆ་མཉམ། སྐྱབས་འགྲོ་སེམས་བསྐྱེད་བྱ། རང་ཡི་དམ་དུ་བསམ། སྤྱི་བོར་བླ་མ་བསྒོམ། རང་གཞན་ལ་གནོད་པ་ཚབས་ཆེར་བྱེད་པའི་དགྲ་བོ་ལྟ་བུ་གཅིག་མདུན་དུ་དམིགས་ལ༑ སྙིང་རྗེའི་རྒྱུན་དང་འཐད་པ་གཉིས་སྤེལ་མར་བསྒོམ། དང་པོ་ལུས་བསྒྲིམ། སེམས་རྩེ་གཅིག་ཏུ་གནོད་བྱེད་ལ་དམིགས་ལ། ངག་ཏུ་བདག་ལ་གནོད་པར་བྱེད་པ་འདི་སྙིང་རེ་རྗེ་བརྒྱའམ་ལྔ་བཅུའམ་ཉེར་གཅིག་བགྲང་བ་ནི་རྒྱུན་དུ་བསྒོམ་པའོ། །གཉིས་པ་འཐད་པ་ནི། གནོད་བྱེད་འདི་སྐྱེ་བ་སྔ་མ་ཕན་ཆད་ཀྱི་མ་ཡིན་པས་མ་འདི་སྙིང་རེ་རྗེ་སྙམ་དུ་བསམ་ཡང་ཡང་བགྲང༌། ཅིའི་ཕྱིར་སྙིང་རྗེ་ན། མ་ཡང་ལན་གཅིག་གཉིས་བྱས་པ་མ་ཡིན་ཏེ། ལན་གྲངས་མང་པོར་བྱས་པས་སྙིང་རེ་རྗེ་སྙམ་དུ་བསམ་ཡང་ཡང་བགྲང༌། ཅིའི་ཕྱིར་སྙིང་རྗེ་ན་མ་བྱས་རེས་ཀྱིས་ཕན་དཔག་ཏུ་མེད་པ་བཏགས་པས་སྙིང་རྗེ་སྙམ་དུ་བསམ་ཡང་ཡང་བགྲང༌། ཅིས་སྙིང་རྗེ་ན་སྤྱིར་མ་ནི་ཕན་འདོགས་པ་ཡིན་ན། ད་ལྟ་གནོད་པ་བྱེད་པ་ཇི་ལྟར་ཡིན་ན། གནོད་བྱེད་འདི་མ་ཡིན་ཡང་ཤེས་པ་ལ་རང་དབང་མ་ཐོབ་པས་སྨྱོན་པ་དང་འདྲ། སྤྱིར་སེམས་ཅན་ལ་ཁྱད་པར་དུ་རང་གི་བུ་ལ་གནོད་པ་བྱེད་པ་སྙིང་རེ་རྗེ་སྙམ་དུ་བསམ་ཡང་ཡང་བགྲང༌། ཅིས་སྙིང་རྗེ་ན། དེ་ལྟར་གནོད་པ་བྱས་པའི་རྒྱུས་མནར་མེད་པ་ལ་སོགས་པར་སྐྱེས་ནས་སྡུག་བསྔལ་དྲག་པོས་གཟིར་བར་འགྱུར་བས་གནོད་བྱེད་ཀྱི་མ་འདི་སྙིང་རེ་རྗེ་སྙམ་དུ་བསམ་ཡང་ཡང་བགྲང༌། དེ་ལྟར་དམིགས་པ་དང༌། བགྲང་བ་དང༌། སྙིང་རྗེ་བའི་རྒྱུ་བསམ་པ་ལྔ་སྤེལ་མར་བསམ་པས་མིག་ནས་མཆི་མ་འབྱུང་བ་དང༌། ལུས་ཀྱི་བ་སྤུ་ལྡང་བའམ། ལུས་སེམས་ཀྱི་ཟུངས་མི་ཐུབ་པ་སོགས་རྟགས་ཀྱིས་མཚོན་པའི་སྙིང་རྗེ་ཅི་ལྟ་བ་བཞིན་སྐྱེས་ནས། གནོད་བྱེད་འདིས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་དུ་སེམས་ལ། གནོད་བྱེད་དང་སེམས་ཅན་ཐམས་ཅད་ཀྱིས་ཡི་དམ་གྱི་གོ་འཕང་ཐོབ་པར་བསམས་ལ། སྤྲོས་མེད་ཀྱི་ཡེ་ཤེས་ལ་ཡུན་རིང་དུ་བཞག །རྣམ་རྟོག་སྦུན་ལངས་ན་བསྔོ་བ་བྱའོ། །དེ་ལྟར་གཅིག་ལ་ཇི་ལྟ་བ་བཞིན་སྐྱེས་ནས་གནོད་བྱེད་བར་མ་དང་། ཆུང་ངུ་རྣམས་ལ་ཡང་བསམ། དེ་ནས་ཉེ་འབྲེལ་ཡུལ་མི་སྡེ་འཛམ་བུ་གླིང༌། གླིང་བཞི། སྟོང་གསུམ་ནམ་མཁས་ཁྱབ་པ་བསྒོམས་པས་སྙིང་རྗེ་ཚད་མེད་པར་འགྱུར་རོ། །དེ་ལྟར་བསྒོམས་པས་རང་གི་ཞེ་སྡང་ཁོང་ཁྲོ་ལ་སོགས་ཞི༑ མཛེ་ནད་གདོན་ལ་སོགས་པ་དགྲ་བགེགས་ཞི་ལ་འགྲོ་བ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའི་སེམས་སུ་འགྱུར་རོ། །སྤྲོས་མེད་ཀྱི་ཡེ་ཤེས་ཁྱད་པར་ཅན་སྐྱེའོ། །གཉིས་པ་རྩ་བ་རྒྱུའི་རྣལ་འབྱོར་ནི༑ ཕྱི་ནང་སྤྲོས་པ་མི་སྲུན་པས། །བློ་གྲོས་འཁྲུགས་པར་གྱུར་པའི་ཚེ། །བདག་དང་གཞན་དུ་བརྗེ་བ་ཡི། །བྱང་ཆུབ་སེམས་འདི་དྲན་པར་བྱ། །དེས་ནི་བདུད་དང་ཉོན་མོངས་ཚོགས། །འཇོམས་ཤིང་སྤྲོས་མེད་ཡེ་ཤེས་འགྱུར། །ཞེས་གསུངས་པས། རྣམ་མཁྱེན་ཐོབ་པའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་ཡིན་པས་དེ་ལ་ཀུན་རྫོབ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ལས། དོན་དམ་ནི་སྤྲོས་མེད་ཀྱི་ཡེ་ཤེས་ཡིན་ནོ། །དང་པོ་ལ་མང་དུ་ཡོད་ཀྱང་འདིར་བདག་གཞན་བརྗེ་བའི་ཉམས་ལེན་བླ་མས་གསུངས་པ་ནི། ལུས་ལ་ནད་དྲག་པོ་དང་། སེམས་ལ་མྱ་ངན་གཉིས་ཀ་ལ་སྡུག་བསྔལ་དང༌། དགྲ་གདོན་ཕྱིའི་འབྱུང་བ་འཁྲུགས་པ། ཉོན་མོངས་པ་དྲག་པོ་ལ་སོགས་པ་སྐྱེས་པའི་དུས་སུ་དེ་ཉིད་ལམ་དུ་བྱ་བའི་ཕྱིར་ཞེ་སྡང་དྲག་པོ་སྐྱེས་ན་བདག་གི་ཞེ་སྡང་འདིས་སེམས་ཅན་ཞེ་སྡང་ཅན་རྣམས་ཀྱི་ཞེ་སྡང་རྒྱུ་འབྲས་དང་བཅས་པ་ངའི་འདི་ལ་སྨིན་པར་གྱུར་ཅིག །ཡང་སེམས་ཅན་གྱི་རྒྱུད་ལ་ཉོན་མོངས་པའི་འབྲས་བུ་སྡུག་བསྔལ་ཐམས་ཅད་རྩ་བ་བདག་འཛིན་གྱིས་བསྐྱེད་པ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བྱེ་བྲག་ཏུ་དམྱལ་བའི་བཙོ་བསྲེག་སོགས། ཡི་དྭགས་བཀྲེས་སྐོམ། དུད་འགྲོའི་གསོད་བཀོལ། ལྷ་མ་ཡིན་ལ་འཐབ་རྩོད། ལྷ་ལ་ལྟུང་བའི་སྡུག་བསྔལ་སོགས། མི་ལ་སྐྱེ་རྒ་ན་འཆི་ལ་སོགས། ནད་པ་རྣམས་ཀྱི་ནད། དབུལ་པོ་རྣམས་ཀྱི་དབུལ་ཕོངས་པ། དབང་པོ་མ་ཚང་བ་རྣམས་ཀྱི་སྡུག་བསྔལ་བ་ཐམས་ཅད་བདག་གི་འདི་ལ་སྨིན་པར་གྱུར་ཅིག །དལ་འབྱོར་ནས་ས་དང་ལམ་གྱི་གེགས་ཐམས་ཅད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ངའི་ཞེ་སྡང་འདི་ལ་སྨིན་པར་གྱུར་ཅིག་ཅེས་ལུས་ངག་ཡིད་གསུམ་བསྒྲིམས་ལ་རྩེ་གཅིག་ཏུ་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་རང་ལ་བསྡུས་ཤིང་ལེན། དེ་ལྟར་ཆུ་ཚོད་གཅིག་གམ། གཉིས་སམ། གསུམ་ལ་སོགས་པའི་བར་དུ་རྩེ་གཅིག་ཏུ་བསྒོམ། ཇི་སྲིད་ཉོན་མོངས་པའམ་རྣམ་རྟོག་དེ་མ་ཞི་བར་དུ་བསམ། ནད་ཀྱི་ཟུག་རྔུ་མ་ཞི་བར་དུ་ལམ་དུ་བྱའོ། །སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། །ཅེས་ངག་ཏུ་བརྗོད་དོ། །དེ་ནས་རང་གི་ཚོགས་གཉིས་ཀྱི་རྒྱུ་དང་འབྲས་བུའི་དགེ་བ་ཇི་སྙེད་ཐམས་ཅད་སྙིང་ག་ནས་ཉི་མ་ཤར་བའི་འོད་ཟེར་ལྟར་འཕྲོས་ཏེ་སེམས་ཅན་ལ་ཕོག་པས། སེམས་ཅན་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ཡི་དམ་ལྷའི་ངོ་བོ་ལ་བཀོད་པར་བསམ་མོ། །དེ་ནས་སྤྲོས་མེད་ཀྱི་ཡེ་ཤེས་ཀྱི་ངང་ལ་བཞག་པས་ཡེ་ཤེས་ཁྱད་པར་ཅན་འཆར་རོ། །རྣམ་རྟོག་སྦུན་ལངས་ན་དགེ་བ་བསྔོའོ། །ལས་དང་པོ་བས། དེ་ལྟར་ཉམས་སུ་བླང་ངོ༌། །གོམས་ནས་རྣམ་རྟོག་ཕྲ་རགས་འཇིགས་པ་དང་སྡུག་བསྔལ་ལ་སོགས་གང་བྱུང་ཡང་སྔ་མ་ལྟར་གཅིག་ཏུ་དྲིལ་ལ་རྩེ་གཅིག་ཏུ་བྱ། ངག་ཏུ། བདག་གི་དགེ་བས་དེ་ཀུན་བདེ་ཐོབ་ཤོག །ཅེས་བརྗོད་དོ། །བདག་གི་ལུས་ལོངས་སྤྱོད་དགེ་བ་རྣམས་སེམས་ཅན་ལ་སྨིན་ནས་ཟག་མེད་ཀྱི་བདེ་བ་ཐོབ་པར་བསམ། དམིགས་པའི་དལ་མྱུར་ཡིན་དོན་ལ་ཁྱད་མེད་གསུང་ངོ༌། །རྗེས་སྔར་དང་འདྲའོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་གནས་སྐབས་རྣམ་རྟོག་ཉོན་མོངས་ཞི། ནད་གདོན་ལས་གྲོལ། སྐྱེ་འགྲོ་ཐམས་ཅད་ལ་ཕན་ཐོགས། དབང་དུ་འགྱུར། མཐར་ཐུག་ལོངས་སྐུ། སྤྲལ་སྐུའི་ས་ཐོབ་ནས། མ་འོངས་པ་ན་གཞན་དོན་ཕུན་སུམ་ཚོགས་པར་འགྲུབ་བོ། །དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་ཆོས་སྐུའི་ས་བོན་ཐེབ་སྟེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། དེ་ལྟ་བུའི་རྟེན་འབྲེལ་འཛོམས་ན་རང་གི་ལུས་ངག་ཡིད་གསུམ་ལ་རྟགས་ཅི་རིགས་སུ་འབྱུང་ངོ༌། །ཁྱད་པར་དུ་ཤེས་པ་གཟུང་འཛིན་གྱི་མཚན་མས་སྟོང་པ་ཞི་གནས་དང་ལྷག་མཐོང་རྒྱུད་ལ་འཆར་རོ། །དེ་ཀ་ལ་རང་རིག་པའི་ཡེ་ཤེས་སྐད་ཅིག་མ་ཞེས་བྱ་བ་སྐད་ཅིག་ཡེ་ཤེས་ལྔའི་ངོ་བོར་གནས་ཏེ། སེམས་སྟོང་པ་མི་རྟོག་པ་ཆོས་སྐུ། རང་རིག་པ་ལོངས་སྐུ། གསལ་བ་དེ་སྤྲུལ་སྐུ། དེ་གསུམ་ངོ་བོ་དབྱེར་མེད་པ་དེ་ངོ་བོ་ཉིད་ཀྱི་སྐུའོ། །ཤེས་པ་དེ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཉིད་རང་སྟོང་པར་རྟོགས་པས་མེ་ལོང་ལྟ་བུ། རང་རིག་པ་སོ་སོར་རྟོག་པ། རང་གསལ་བ་བྱ་བ་གྲུབ་པའི་ཡེ་ཤེས༑ དེ་དབྱེར་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས། དཔལ་ལྡན་བིརྺ་པའི་དགོངས་པ་རྗེ་བཙུན་དར་པཎ་ཨཱ་ཙའི་གསུང༌། གློ་བོ་ལོ་ཙཱ་བའི་ཁྲིད་ཡིག་མཉམ་མེད་སྙིང་རྗེའི་མན་ངག་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བི་པ༑ རྗེ་བཙུན་ཌོམྦྷི་པ། རྗེ་བཙུན་མ་ཏི་མ། གྲུབ་ཐོབ་ཎི་ཀ་ལ་པ། རྗེ་བཙུན་ར་བེནྡྲ་བ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། བླ་མ་དམ་པ་གཞོན་ནུ་རྒྱལ་མཚན། རྡོ་རྗེ་འཛིན་པ་མ་ཏི་ཤྲཱི། བླ་མ་ཡེ་ཤེས་ཞབས་བཟང་པོའི་དཔལ། དེས་བུདྡྷ་རཏྣ་ལ། དེས་ཀཱིརྟྟི་ཤཱི་ལ་ལ། དེས་ཛ་ཡ་བྷ་དྲ་ལ། དེས་པུཎྱེ་ར་ཏུ་ལ། དེས་གཞོན་ནུ་རྒྱལ་མཆོག་ལ། དེས་བདག་ལའོ། །དེ་ལས་བྱུང་བའི་དགེ་བ་རྣམ་དག་དེས། །འཁོར་བར་གནས་པའི་སེམས་ཅན་ཐམས་ཅད་ལ། །སྟོང་ཉིད་སྙིང་རྗེ་ལྷག་བསམ་རྣམ་དག་གིས། །ཟག་མེད་བདེ་ལ་མྱུར་དུ་འགོད་པར་ཤོག །མངྒ་ལ་བྷ་བནྟུ། ཤུ་བྷཾ། ༈ །བློ་སྦྱོང་ཚིག་རྐང་བརྒྱད་མ་ལོ་རྒྱུས་དང་བཅས་པ་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དགེ་བཤེས་འཆད་ཀ་བའི་ཞལ་ནས། བདག་བཀའ་གདམས་པ་རྣམས་ལ་དད་པ་འདི་དང་པོ་སློབ་དཔོན་ལྕགས་ཞིང་པ་ལས་ཚིག་རྐང་བརྒྱད་པ་འདི་ཐོས་ནས། དེ་ནས་ཀླུང་ཤོད་དགེ་གོང་བར་དུ་འདིའི་རྩད་གདར་བཅད་ནས་ཚིག་རྣམས་ལ་བསྔོ་བགྲང་བག་རེ་བྱས་པ་ལས་རྒྱུད་ལ་སྐྱེས་པ་ནི་མི་བདོག །སྐྱེས་ན་འདི་མིན་གཅིག་འོང་བ་ལ་གསུངས། དང་པོ་ནི། འགྲོ་འོང་བྱེད་ཙ་ན་དགྲ་བྱུང་གིས་དོགས་པ་ལ་འདི་དྲན་པས་ཕན་པར་བྱུང༌། བློ་རྒོད་དུ་ཐལ་བས་མི་ལ་གནས་ཁང་གཉའ་བ་ཤ་སྟག་དགོས་པར་སོང་བས། དེ་ཙ་ན་གནས་གཤའ་མ་མ་རྙེད་པ་དང་། གཞན་གྱིས་བརྙས་པ་བྱེད་པ་བྱུང་བ་ལ་སོགས་པ་མ་བཏུབ་པ་ཐམས་ཅད་ལ་འདིས་ཕན་པར་བྱུང་གསུངས། དེ་ཉིད་གང་ཡིན་ཚིག་རྐང་བརྒྱད་པོ་འདི་དག་ཡིན། བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བས་ལྷག་པ་ཡིན། །དོན་མཆོག་བསྒྲུབ་པའི་བསམ་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་བསླབ། །དེ་ལ་སྤྱིར་སེམས་ཅན་ཐམས་ཅད་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསླབ་པ་ནི། སེམས་ཅན་དང་རིན་པོ་ཆེ་གཉིས་འདྲ་ཆོས་གཉིས་ཡོད། རིན་པོ་ཆེ་འདམ་གྱི་གསེབ་ཏུ་བཅུག་ན་ཁོ་རང་གིས་འདམ་ཡང་འབྱིན་མི་ནུས་ལ། ཚེས་བཅོ་ལྔ་ལ་དྲི་བཟང་པོས་ཁྲུས་བྱས། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་མཆོད་པ་ཕུལ་ན་འཛམ་བུ་གླིང་པའི་དགོས་འདོད་ཐམས་ཅད་འབྱུང་བ་ལྟར། སེམས་ཅན་འཁོར་བ་ན་ཉེས་པ་སྣ་ཚོགས་དང་ལྡན་པ་ཡང་རང་གིས་རང་འཁོར་བ་ནས་འདོན་མི་ནུས་ཤིང་། སྡུག་བསྔལ་དང་ཀུན་འབྱུང་སེལ་མི་ནུས་ཀྱང༌། དེ་ལ་ཕན་བཏགས་ན་གནས་སྐབས་དང་མཐར་ཐུག་གི་དགེ་བ་ཐམས་ཅད་འབྱུང་སྟེ་གནས་སྐབས་ཀྱི་བདེ་བ་ཡང་སེམས་ཅན་མེད་ན་གང་ནས་ཚོལ་ཏེ་རང་འགགས་ལ། མཐར་ཐུག་གི་བདེ་བ་བྱང་ཆུབ་གསུམ་ཡང་སེམས་ཅན་ལ་བརྟེན་ནས་འབྱུང་སྟེ། དེ་ཉིད་སེམས་ཅན་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་བླ་ན་མེད་པ་ཐོབ་པར་འགྱུར་རོ། །ཞེས་སོ། །གཉིས་པ་ཁྱད་པར་དུ། གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ལ་ཀུན་ནས་དམན་ལྟ་ཞིང༌། །གཞན་ལ་བསམ་པ་ཐག་པ་ཡི༑ ༑མཆོག་ཏུ་འཛིན་པ་དག་ཏུ་བསླབ། །ཅེས་པ་ལྟར་གནས་གང་དུ་སྡོད་རུང༌། གྲོགས་སུ་དང་འགྲོགས་རུང་། ཕྱོགས་ཐམས་ཅད་དུ་རང་ལ་དམན་པར་བཏགས་ལ་སྙིང་ཐག་པ་ནས་གཞན་ལ་གུས་པར་བྱ་བ་བསླབ་པ་ནི༑ གྲོགས་རང་ལས་མཐོ་བ་བླ་མ་དང༌། རང་དང་མཉམ་པ་ཚངས་པར་སྤྱོད་པ་དང༌། དམའ་བ་མོ་སྤྲང་ལ་སོགས་པའོ། །ཕྱོགས་ཐམས་ཅད་ནི་རིགས་དང་བསམ་པའི་མཐུ་དང་སྐྱོན་གྱི་ངོས་ནས་རང་ལ་དམན་པར་བཏགས་ནས༑ བདག་རིགས་ལ་ང་རྒྱལ་བྱར་མི་རུང༌། དུས་ཐམས་ཅད་རིགས་ངན་ཤན་པའི་རིགས་ཡིན་པ་ལ་ང་རྒྱལ་ཅིས་བྱེད། གསེར་མདོག་སྡུག་ཅིང་འགྲོ་བས་ལྟ་བའི་འོས་སུ་ཡང་མི་འདུག །བསོད་ནམས་མཐུ་ལས་དང་དབང་ཐང་དེ་ཐམས་ཅད་ཀྱང་མི་འདུག་ཅིང༌། ཤེས་རབ་ལ་ང་རྒྱལ་བྱེད་ན་རིག་པའི་གནས་ལྔ་ལས་ཕྱོགས་གཅིག་ཀྱང་མི་ཤེས་ལ་བག་རེ་ཉན་པ་ཀུན་ལ་ཡང་ཚིག་དོན་ལྷག་ཆད་བྱུང་ཡང་ངོ་མ་ཤེས་པར་འདུག །སྤྱོད་པ་འཕྲལ་གྱི་བྱ་བ་ལ་བདག་དགེ་སྦྱོར་དུ་ཁས་འཆེ་ཡང་། བྱ་བ་ངན་པ་མ་བྱས་པ་ཙམ་ཡང་མི་འདུག་ལ། ད་ལྟ་ཡང་བསམ་པ་དུག་གསུམ་དུ་སྐྱེ་ཞིང་ལུས་ངག་གི་བྱ་བ་ཕལ་ཆེ་བ་མ་དག་པར་གྲུབ་པས་ཕྱི་མ་མྱང་འདས་ལས་མངོན་མཐོ་རང་ཡང་ཐོབ་པ་དཀའ་སྟེ། སྤྱོད་འཇུག་ལས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །ཅེས་པས་རང་གི་སྐྱོན་མཐའ་དག་བསམས་ལ། བདག་གི་འོག་ནས་འགྲོ་བ་ཆུ་འདི་ལས་མེད་སྙམ་དུ་ང་རྒྱལ་བཅག་ལ་གཞན་ལ་གུས་པར་བྱ་བ་ལ་བསླབ་ཅེས་པ་ནི་གཞན་གྱི་ཡོན་ཏན་དངོས་སུ་མཐོང་བ། རིགས་དང་གཟུགས་དང་ལོངས་སྤྱོད་དང་ཆོས་ཀྱི་ཡོན་ཏན་ཕ་རོལ་ཕྱིན་པ་དྲུག་ལ་སོགས་པ་གང་མཐོང་བ་ལ་སྐྱོན་གྱི་རང་བཞིན་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་ངོ་མཚར་ཆེ་སྙམ་དུ་བསམ་མོ། །ཡང་ཡོན་ཏན་དངོས་སུ་མི་འདུག་པ་ལ། འདི་ཀུན་ལ་ནང་ན་ཡོན་ཏན་ཅི་ཡོད་མི་ཤེས་སྙམ་དུ་བསམ་སྟེ། ཨ་ཙ་ར་གཟུགས་ངན་གྱི་གཏམ་རྒྱུད་གསུངས་སོ། །སྙིང་ཐག་པ་རུས་པའི་གཏིང་ནས་ཞེས་པ་ནི་བསམ་པ་དེ་ཡང་ཁ་ཙམ་ཚིག་ཙམ་མ་ཡིན་པར་ཐམས་ཅད་ལ་གྱོང་ཁེངས་མེད་པར་གཉེན་ལྕུག་གཏོང་དགོས་བསམ་པ་དེ་ཡོད་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་རིགས་ཀྱི་བུ་ལེགས་སོ་ཞེས་གསུངས་པ་ཡིན། དེའི་འཐད་པ་ནི་རྒྱ་མཚོ་དེ་གཞོལ་བས་ཆུ་ཐམས་ཅད་དེར་འབབ་པ་བཞིན་ང་རྒྱལ་མེད་པའི་རྒྱུད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་སྐྱེ་བ་ཡིན་པས། སྡུད་པར། འགྲོ་བ་ཀུན་ལ་བྲན་གྱུར་བཞིན་དུ་གནས་པར་བྱ། །གསུངས་ཏེ༑ སྡེ་སྣོད་གསུམ་གྱི་དོན་ཡང་ང་རྒྱལ་དེ་གཅོག་པའི་ཐབས་ཡིན། ང་རྒྱལ་དེ་ཡོད་ན་ཚེ་འདིར་ཡང་སུ་དང་མི་མཐུན་པ་གཅིག་འོང་ལ་ཕྱི་མའི་ཉེས་པ་ཡང༌། རྨོངས་པ་གང་ཞིག་ང་རྒྱལ་དབང་གིས་ནི། །ངན་སོང་བ་དང་མི་ཁོམ་གནས་སུ་སྐྱེ། །དབུལ་དང་དམན་པའི་རིགས་སུ་སྐྱེ་བ་དང༌། །དམུས་ལོང་མཐུ་ཆུང་མདོག་ངན་འཛིན་པར་བྱེད། །ཅེས་ཉོན་མོངས་པའི་བག་ཆགས་ཇེ་འཐུག་ལ་སོང་སྟེ། ཡུལ་དམན་པ་ཐམས་ཅད་ལ་ཉོན་མོངས་པ་དྲག་པོ་སྐྱེ་ལ། དེ་ལས་ལྕི་ཞིང་མཐར་ཐུག་གི་བྱང་ཆུབ་ཀྱང་མི་ཐོབ་སྟེ། བྱང་ཆུབ་སེམས་དཔའ་ང་རྒྱལ་ཅན། །བྱང་ཆུབ་ལ་ནི་དེ་ཉིད་རིང༌། །ཞེས་སོ། །དེས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྨད་པ་དང་། རྒུད་པ་དང་། སྡུག་བསྔལ་ཐམས་ཅད་བདག་བཟང་པོར་འཛིན་པ་ལས་བྱུང་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་སེམས་ཅན་ལས་བྱུང་བས། སེམས་ཅན་ཐམས་ཅད་ཡོན་ཏན་ཅན་དུ་བལྟས་ལ་ང་རྒྱལ་བཅག་པར་བྱའོ། །གསུམ་པ་ནི། དེ་ལྟར་བྱེད་དུ་ཉོན་མོངས་པས་མི་སྟེར་བས་དེ་ཡང་སྤང་བ་ནི། སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །བརྟག་ཅིང་ཉོན་མོངས་སྐྱེས་མ་ཐག །བདག་གཞན་མ་རུངས་བྱེད་པས་ན། །བཙན་ཐབས་གདོང་ནས་བཟློག་པར་བསླབ། །ཅེས་པ་སྤྱོད་ལམ་ཐམས་ཅད་དུ་རང་གི་རྒྱུད་ལ་བརྟགས་ལ་ཉོན་མོངས་པ་སྐྱེས་མ་ཐག་བཙན་ཐབས་སུ་བཟློག་པ་ལ་བསླབ་པ་ནི། སྤྱོད་ལམ་བཞི་པོ་གང་བྱེད་ཀྱང་རང་གི་རྒྱུད་ལ་འདོད་པའི་རྣམ་རྟོག་ལ་སོགས་སྐྱེ་མི་སྐྱེ་དྲན་ཤེས་བཞིན་གྱིས་བདག་ལ་སྐྱེས་མ་ཐག་སྤང་གི་ཨེན་ཅིག་ནས་ཡང་སྤང་སྙམ་ན་བརྟས་ནས་འགྲོ་བས་འབུར་འཇོམས་བྱ་སྟེ་བཟའ་ཚོ་གཉིས་ལ་རྐུན་མ་བྱུང་བ་བཞིན་བྱས་ན་ཕྱིས་ལོང་ཅན་དུ་སོང་ན་ཡེ་མི་སྤང་བ་ཡིན། ཉོན་མོངས་པ་རྒྱུད་ལ་འཕེལ་ན་ཞེ་སྡང་ལ་སོགས་པ་ཐམས་ཅད་ཇེ་འཕེལ་དུ་འགྲོ་སྟེ། མདོ་ལས། དེ་བཞིན་ཉིད་ལ་དག་པ་དང༌། །ཕྱིར་བཞིན་དེ་བཞིན་གཉིད་ཆེར་འགྱུར། །དེ་བཞིན་འདོད་ཆགས་ཆེ་བ་དང༌། །ཆགས་ལ་སྲེད་པའང་དེ་བཞིན་འགྱུར། །ཞེས་གསུངས། ཉོན་མོངས་པའི་བག་ཆགས་ཆེར་སོང་སྟེ་ཡུལ་དམན་པ་ཐམས་ཅད་ལ་ཉོན་མོངས་དྲག་པོ་སྐྱེ་ལ། དེ་ལས་ལྕི་ཞིང་སྡུག་བསྔལ་ཆེན་པོ་ཡང་ཉམས་སུ་མྱོང་དགོས། ཉོན་མོངས་པ་སྤངས་ན་བག་ཆགས་ཇེ་སྲབ་ལ་འགྲོ་སྟེ། སྔར་གྱི་བག་ཆགས་ཀྱང་ཞིར་འགྲོ་ལ། ཡུལ་བཟང་པོ་ལ་བག་ཆགས་ཕྲ་མོ་ལས་མི་སྐྱེ། དེའི་ལས་འབྲས་ཕྲ་བས་མྱོང་བ་ངེས་པར་འགྲོ་བ་ཡིན་ལ། ཉོན་མོངས་པ་ལ་དགྲར་བལྟ་བ་ལ་གཉེན་པོ་སྟོབས་བསྐྱེད། ཞི་བ་ལྷས། བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །དེ་བཞིན་མགོ་བོ་བཅད་ཀྱང་རུང༌། །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱའོ། །ཞེས་གསུངས་ལ། འཇིག་རྟེན་པའི་དགྲ་བོས་ལོ་ཀ་ལས་གནོད་པ་མི་བྱེད་ལ། ཉོན་མོངས་པས་ཚེ་རབས་ཐམས་ཅད་དུ་གནོད་པ་བྱེད་དེ། བདག་གི་ཉོན་མོངས་དགྲ་བོ་གང༌། །དུས་རིང་ཐོག་མཐའ་མེད་པ་ལྟར། །དགྲ་གཞན་ཀུན་ཀྱང་དེ་ལྟ་བུར། །ཡུན་རིང་ཐུབ་པ་མ་ཡིན་ནོ། །ཞེས་སོ། །ཡང་འཇིག་རྟེན་གྱི་དགྲ་ལ་ཕྱོགས་སུ་ཕུལ་ན་མི་གནོད་པར་ཕན་འདོགས་ལ། ཉོན་མོངས་ལ་དེ་ལྟར་ཕུལ་ན་ཐུ་རུ་འགྲོ་སྟེ། མཐུན་པར་རིམ་གྲོས་བརྟེན་བྱས་ན། །ཐམས་ཅད་བདེ་དང་ཕན་བྱེད་དེ། །ཉོན་མོངས་དགྲ་ནི་བསྟེན་བྱས་ནས། །ཕྱིར་ཞིང་སྡུག་བསྔལ་གནོད་པར་བྱེད། །ཅེས་སོ། །ཡང་འཇིག་རྟེན་པའི་དགྲས་ལུས་སྲོག་ལོངས་སྤྱོད་ལ་གནོད་པ་ཙམ་ལས་མི་བྱེད་ལ་ཉོན་མོངས་པས་འཁོར་བར་སྡུག་བསྔལ་དཔག་ཏུ་མེད་པར་སྐྱེད་པར་བྱེད་དེ། གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང༌། །དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་ཁྲིད་ཅིང་འཇུག་མི་ནུས། །ཉོན་མོངས་སྟོབས་ལྡན་དགྲ་འདིས་ནི། །གང་དང་འཕྲད་ན་རི་རབ་ཀྱང༌། །ཐལ་བ་ཙམ་ཡང་མི་ལུས་པ། །དེར་བདག་སྐད་ཅིག་གཅིག་ལ་འདོར། །ཞེས་སོ། །དེ་ལྟར་ཉོན་མོངས་པ་དེ་ལ་དགྲར་བལྟས་ལ་དོར། འཇིག་རྟེན་གྱི་དགྲ་ཡུལ་འཐོན་ཡང་ཕྱིས་གནོད་པ་བྱེད་དུ་འོང་སྟེ། ཉོན་མོངས་པ་འདི་སྤངས་ན་ཕྱིས་སྐྱེ་མི་ནུས་ལ། ས་བོན་ཚིག་པ་དང་འདྲ་བ་ཡིན་ནོ། །སྤང་ལུགས་སྤྱོད་པ་དང་། སྒོམ་པ་དང་༑ ལྟ་བས་སྤངས་ཏེ། དེ་ཡང་ལས་དང་པོ་བ་གཉེན་པོ་སྟོབས་ཆུང་བས་ཉོན་མོངས་པ་སྐྱེ་ན་བཟློག་དཀའ་བས་སྤྱོད་ལམ་གྱིས་སྤང༌། སྒོམ་པ་ནི་ཉོན་མོངས་པ་རེ་ལ་གཉེན་པོ་རེ་གསུངས། སྐྱེས་བུ་གསུམ་གང་སྒོམ་པ་དེས་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་འགྲོ་བས་དེ་བསྒོམ་པས་ཆོག །བློ་ཡང་ཆོད་སོང་ན་ཉོན་མོངས་པ་ལ་ཡུལ་མེད་པས་དེ་ངོ་ཤེས་པས་ཆོག་གི་སྤང་རྒྱུ་མེད་དེ། ཉོན་མོངས་ཤེས་རབ་མིག་གིས་སྤངས། །ཞེས་གསུངས་སོ། །བཞི་པ་ནི། ཤིན་ཏུ་རང་བཞིན་ངན་པ་དང་། སྡིག་པ་དང་སྡུག་བསྔལ་དྲག་པོས་ནོན་པ་རྣམས་ལ་ཤིན་ཏུ་རྙེད་པར་དཀའ་ཞེས་གཅེས་པར་བསླབ་ཅེས་པ་ནི། རང་བཞིན་ངན་པའི་སེམས་ཅན་དང༌། །སྡིག་ལྟུང་དྲག་པོས་ནོན་པ་ལ། །རིན་ཆེན་གཏེར་དང་ཕྲད་པ་ལྟར། །རྙེད་པར་དཀའ་བ་གཅེས་འཛིན་བསླབ། །དེ་ལ་རང་བཞིན་ངན་པ་ནི། སྔོན་བསོད་ནམས་མ་བསགས་པས་ཉོན་མོངས་པ་རང་དབང་མེད་པར་སྐྱེས་པ་སྟེ་རྒྱལ་པོ་ཨ་སངྒ་ལྟ་བུའམ། ཡང་ན་འཕྲང་ཁའི་མི་གཅིག་ལ་ཤ་ཚོད་བྱིན་པས་ཁ་ཚིག་ནས་ཚོད་མ་སྣོད་དང་བཅས་པ་བསྐྱུར་ནས། ང་ཁ་ཚིག་ཏུ་ཡོང་ཟེར་བ་ལྟ་བུའི་མི་དང༌། སྡིག་པ་ནི། མཚམས་མེད་པ་ལྔ་དང་སྡོམ་པ་ཉམས་པ་དང་དཀོར་ཟོས་ལ་སོགས་པའོ། །སྡུག་བསྔལ་དྲག་པོས་ནོན་པ་ནི། མཛེ་ནད་དྲག་པོས་བཏབ་པ་ལ་སོགས་པའོ། །དེ་དག་ལ་མིག་གིས་ཀྱང་བལྟར་མི་རུང་བས། ཡེ་ཡོང་དུ་མ་འཇུག་ཟེར་ནས་དགྲར་འཛིན་ཏེ་དེ་ལྟར་མིན་ཏེ་སྡུག་བསྔལ་ལ་གནས་པ་དེ་སྙིང་རེ་རྗེ་རྒྱལ་པོའི་གཤེད་མས་ཁྲིད་པའི་མི་དང་འདྲ་བས་དེ་དག་ལ་ཚུལ་ཁྲིམས་འཆལ་བ་མཐོང་ན་ཡང་འདི་འགྲོ་བ་ཅིར་འགྱུར་ཞེས་མཆི་མ་རབ་ཏུ་དབྱུང་བར་བགྱིའོ་ཞེས་གསུངས་པས་དེ་དག་ལ་དང་པོ་ཚིག་གིས་ལན་བཏབ་བོ། །དེས་ཀྱང་མ་ཉན་ན་ཟས་ནོར་གྱིས་ཕན་བཏགས་ནས་བཟློག །དེས་ཀྱང་མ་ཕན་ན་བསམ་པས་བཟུང་ནས་སྦྱོར་བ་བླ་གབ་ཀྱང་བསྲུང་སྟེ་ཁོ་བོ་ལ་མི་ཕན་པར་བདག་ལ་གནོད་པ་ཡིན་སྡུག་བསྔལ་དྲག་པོས་ནོན་པ་ཀུན་ལ་ཁ་ཅིག་སྣ་བཀབ་ནས་འགྲོ་སྟེ། དེ་ལྟར་བྱེད་ཀྱང་བདག་ལ་མི་འོང་བའི་གདིང་ཡང་མེད་པར་སྦྱོར་བ་དེ་ལ་ཁ་ཟས་དང་སྨན་ལ་སོགས་པས་ཕན་བཏགས་བསམ་པ༑ འགྲོ་བའི་སྡུག་བསྔལ་གང་ཅིའང་རུང༌། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །ཅེས་བློ་སྦྱོང༌། རྙེད་པར་དཀའ་ཞིང་གཅེས་པ་ལ་བསླབ་པ་ནི། དཔེར་ན་རིན་པོ་ཆེ་དང་འཕྲད་པར་དཀའ་བས་དེ་མི་འདོར་བར་ལེན་ཅིང་དེ་དག་ཀྱང་གཅེས་པར་བྱེད་པ་ལྟར། གང་ཟག་དེ་དག་རྙེད་པར་དཀའ་བ་ནི། དེ་དག་ལ་བརྟེན་ནས་སྙིང་རྗེ་སྐྱེ་ཞིང༌། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཡིན་ཏེ། དེས་ན་རང་གིས་མ་འབད་པར་ཐེག་ཆེན་གྱི་ལམ་བསྐྱེད་པའི་དམིགས་ཡུལ་དེ་ལྟ་བུ་རྙེད་པར་དཀའ་བ་ཡིན་ཏེ། ཅིའི་ཕྱིར་ན་འཕགས་པ་དང་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ལ་སྙིང་རྗེ་མི་སྐྱེ་བས་བྱང་ཆུབ་ཀྱི་སེམས་འཕེལ་མི་ནུས་པའི་ཕྱིར་སངས་རྒྱས་མི་ནུས་པ་ཡིན་ནོ། །དེ་ཉིད། བྱང་ཆུབ་སེམས་ནི་མ་གཏོགས་པའི། །སངས་རྒྱས་རྣམས་ནི་ཐབས་མ་གསུངས། །ཞེས་གསུངས་པའི་ཕྱིར། ལྔ་པ་ནི། རང་ལ་སྐུར་བ་ལ་སོགས་པའི་ཉེས་སྐྱོན་གང་བྱུང་ཡང་དག་ཚངས་མི་བྱ་གྱོང་ཁ་རང་གིས་བླང་བ་ལ་བསླབ་ཅེས་པ་ནི། བདག་ལ་གཞན་གྱི་ཕྲག་དོག་གིས། །གཤེ་སྐུར་ལ་སོགས་མི་རིགས་པའི། །གྱོང་ཁ་རང་གིས་ལེན་པ་དང༌། །རྒྱལ་ཁ་གཞན་ལ་འབུལ་བར་བསླབ། །རང་གིས་ལེན་ནམ་མ་ལེན་གཞན་གྱི་ཕྲག་དོག་ལ་སོགས་པས་སྐུར་བ་དང་། མི་སྙན་པར་བརྗོད་པ་ཅི་བྱུང་ཡང་མི་བཟོད་པར་མི་བྱ་བར་རྒྱུད་འཇམ་བྱས་ལ་དག་ཚངས་ངས་མ་ལན་འདིས་ལན་ཞེས་མི་བྱ་བར་གྱོང་ཁ་རང་གིས་བླང་བ་ནི། གླང་རི་ཐང་པ་ལྟ་བུར་བྱའོ། །དེ་ཉིད་མ་ལེགས་པ་སུ་ལ་བྱུང་ཡང་དེའི་གྲོས་ཁོང་ན་ཁོ་བོ་ཡོང་མཆིས་གསུང་བར་གདའ། དེའི་རྒྱུ་མཚན་ནི་ད་ལྟ་སྦྱིན་པ་དང་། ཚུལ་ཁྲིམས་ལ་ཚུལ་སྣ་ཚོགས་ཀྱིས་འབད་པར་བྱེད་པ་ནི། སྡིག་པ་མང་པོ་དག་ཅིང་ཚོགས་རྫོགས་པར་བྱེད་པའི་ཕྱིར་བྱེད། དེ་བས་སྐུར་བ་འདེབས་པ་དེ་བཀའ་དྲིན་དུ་ཤེས་ན་སྔ་མ་གཉིས་ཀྱི་དོད་མ་ཡིན་ཡང་དག་ཚངས་བྱེད་ན་རང་གི་སྡིག་པ་དག་དགོས་གསུངས། གྱོང་ཁ་རང་གིས་བླང་བ་ནི་ལས་ནི་སྟེང་དུ་འབྱུང་བ་ཡིན་པས་སོ། །གླང་རི་ཐང་པའི་ཞལ་ནས། འཕན་ཡུལ་གྱི་དགེ་འདུན་ལ་མར་ཚོད་སུན་རེ་དྲངས་པ་བས་རང་ལ་ཉེས་མེད་ཀྱི་སྐུར་བ་འདེབས་པ་ལ་བཀའ་དྲིན་ཆེ་བར་ཤེས་ན་སྡིག་པ་འདག་པ་དང་ཚོགས་རྫོགས་པའི་རླབས་དེ་ཀ་ཆེ་བ་ཡིན་གསུངས་སོ། །དེ་ཉིད་སྤྱོད་འཇུག་ལས། དེ་བས་རབ་ཏུ་སྡང་སེམས་ལ། །བརྟེན་ནས་བཟོད་པ་སྐྱེ་བས་ན། །དེ་ཉིད་བཟོད་པའི་རྒྱུ་ཡིན་པས། །དམ་པའི་ཆོས་བཞིན་མཆོད་པར་འོས། །གསུངས་ལ། དེའི་འཐད་པ་ནི། ཚུལ་ཁྲིམས་བས་བཟོད་པ་བསོད་ནམས་ཆེ་སྟེ། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །ཅེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ༑ ༑དེ་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པའོ། །དྲུག་པ་སྡུག་བསྔལ་དང་ལེན་གྱི་བཟོད་པ་ནི། རང་གིས་སྔར་ཕན་བཏགས་པའམ་རེ་ཆེ་བར་བསམ་པའི་ཡུལ་དེས་མགོ་བསྐོར་དང་། སྡང་བསྡོས་བྱས་ན་བཀའ་དྲིན་ཆེ་བའི་བསམ་པས་དགེ་བའི་བཤེས་གཉེན་དུ་བསྒོམ་ཞེས་པ་ནི། གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་གང་ཞིག་གིས། །ཤིན་ཏུ་མི་རིགས་གནོད་བྱས་ནའང༌། །བཤེས་གཉེན་དམ་པར་བལྟ་བར་བསླབ། །ཅེས་པ་སྟེ། རེ་བ་ནི། སྟོན་པ་ན་རེ། ངས་ཁམས་སུ་སྟོན་པ་ཤེས་རབ་འབར་ཅན་ཕྱིན་ན་ཁོང་གྲོགས་པོ་སྙིང་དང་འདྲ་བ་ཡིན་པས་ཁོ་རང་གིས་ང་ལ་འདྲེན་གཤའ་མ་བྱེད་སྙམ་ནས་ཕྱིན་པ་དང་། ཁོང་གིས་སྡང་བསྡོས་བྱས་ནས་ཕུད་དེ། ཅི་ཡོད་འཕྲོག་ཏུ་བཅུག །ཁོ་རང་གིས་ཀྱང་ཁྲི་མུན་ནང་དུ་བཅུག་སོང་། དེར་སྔར་བྱམས་པ་དང་སྙིང་རྗེ་ལ་བློ་སྦྱངས་མ་སྦྱངས་དང༌། སྡུག་བསྔལ་དེ་དག་བདག་སྨིན་ཅིང༌། །བདག་བདེ་མ་ལུས་དེར་སྨིན་ཤོག །ལ་སོགས་བརྫུན་དུ་སོང་མ་སོང་དེར་གསལ་བས་དེ་ལ་ཤག་མི་གདའ་རང་ལ་ལྡོག་ནས་རྩིས་ནའང་ལས་དང་མི་ལྡན་ན་སྟེང་དུ་མི་ཡོང་སྟེ། བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས༑ ༑དེ་བས་སེམས་ཅན་འཚེ་བྱེད་པས། །བདག་ལ་གནོད་པ་འདི་འབྱུང་རིགས། །ཞེས་རང་གིས་ལེན་པ་ཡིན་སྙམ་དུ་བསམས་ལ་རྒྱུད་འཇམ་པོ་བྱས་པས་རང་བདེ། ཡུས་མ་ཕོ་བས་གཞན་ཡང་བདེ་བ་ཡིན། རང་གི་ལས་ཡིན། སྡིག་པ་སྤངས་པའི་འཕགས་པ་རྣམས་ལ་སུས་གནོད་པ་མི་བྱེད་པར་འགྲུབ་པ་ཡིན་ནོ། །གཞན་ལ་བཟློག་ན་རང་གི་ལས་ངན་གྱིས་ཁོ་ལ་གོས་ན་བདག་ལ་གནོད་པ་བྱས་པས་བདག་ལ་བརྟེན་ནས་འདི་ངན་སོང་དུ་འགྲོ་བ་ནི་བདག་གིས་ལན་པ་ཡིན་ཏེ། བདག་གི་ལས་ཀྱིས་བསྐུལ་བྱས་ནས། །བདག་ལ་གནོད་བྱེད་འདི་འབྱུང་སྟེ། །དེ་ཡིས་སེམས་ཅན་དམྱལ་དོང་ན། །བདག་གིས་དེ་དག་མ་བརླག་གམ། །གསུངས་པས། འདི་ཡི་སྡུག་བསྔལ་བསྐྱབ་པར་རིགས་ཏེ། གང་དག་བདག་ལ་ཁ་ཟེར་རམ། །གཞན་དག་བདག་ལ་གནོད་བྱེད་པའམ། །དེ་བཞིན་འཕྱར་ཁ་གཏོང་ཡང་རུང༌། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །ཅེས་པའམ། ཕན་བཏགས་ལན་དུ་གནོད་བྱས་ནའང༌། །ལན་ལ་སྙིང་རྗེ་ཆེན་པོ་བསྒོམ། །འཛམ་བུ་གླིང་གི་སྐྱེས་མཆོག་ནི། །ཉེས་པའི་ལན་ནི་ལེགས་པས་ལྡོན། །ཞེས་སོ། །བཀའ་དྲིན་ཆེ་བའི་བསམ་པས་དགེ་བའི་བཤེས་གཉེན་དུ་བསྒོམ་པ་ནི། དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བས་ན། བདག་ལ་ཁྲིམས་ཕོག །བསྒོམ་ལུང་བྱིན། ཐར་པའི་ལམ་བསྟན་པས་བཀའ་དྲིན་ཆེ་བ་ནི། རང་གིས་མ་བསྒོམས་མ་བསྲུངས་ན་ལམ་དུ་མི་འགྲོ་ལ་གང་ཟག་འདིས་བདག་ལ་བྱིན་ནས་བདག་གི་སྡིག་པ་འདག་ཅིང་ཚོགས་རྫོགས་པར་བྱས་ནས་ཕན་བཏགས་ནས། སྒོམ་གྱི་ལུང་འབོགས་མཁན་དང་ཁྱད་པར་མེད་པས་དགེ་བའི་བཤེས་གཉེན་དུ་བལྟ་བར་བྱ་སྟེ། དེ་ཉིད་ཀྱང་བདེ་བའི་གླུ་ལས། དགྲའམ་འོན་ཀྱང་མཛའ་ཡང་རུང༌། །ཉོན་མོངས་སྐྱེ་བའི་ཡུལ་རྣམས་ལ། །དགེ་བཤེས་ཡིན་པར་སུས་མཐོང་བ། །དེ་དག་གང་ན་གནས་ཀྱང་བདེ། །གསུངས་པས། དེ་ལྟ་བུའི་བསམ་པ་སྐྱེས་ན་བློ་འབྱོངས་པ་ཡིན་པས་གཞན་གང་ཡང་མེད་ཀྱང་ཆོག་གང་བྱས་བྱང་ཆུབ་ཀྱི་ལམ་དུ་འགྲོ་སྟེ། དཔེར་ན་གསེར་གླིང་དུ་མི་གཙང་བ་མི་རྙེད་པ་བཞིན་དུའོ། །དཔེར་ན་ཆོས་བྱ་བ་རང་བློ་འཆོས་ཀྱི་ཕྱིའི་ཡུལ་འཆོས་པ་མ་ཡིན་པས་མི་དེ་ལ་ལྷ་འདྲེ་མི་གསུམ་དགྲར་ལངས་ཀྱང་། དེའི་རྒྱུད་མི་དགེ་བ་དང་སྡུག་བསྔལ་བར་མི་བཏུབ་པས་སུས་ཀྱང་མི་ཐུབ་པས་དཔའ་བོ་བྱ་བ་ཡིན་ནོ། །བདུན་པ་ནི། མདོར་ན་དངོས་སམ་བརྒྱུད་པས་བདེ་བ་ཕན་པར་འདུག་པ་ཐམས་ཅད་མ་རྒན་རྣམས་ལ་དབུལ་ཞིང་དེ་དག་གི་གནོད་པ་དང་སྡུག་བསྔལ་ཐམས་ཅད་གུས་པས་རང་གི་སྙིང་གི་ཁོངས་སུ་བླང་བ་ལ་བསླབ་ཅེས་པ་ནི། མདོར་ན་དངོས་སམ་བརྒྱུད་པ་ཡི། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གུས་པས་རང་གིས་ལེན་པར་བསླབ། །མདོར་བསྟན་ནི་སྔར་བསྟན་པ་ཐམས་ཅད་བསྡུ་བའོ། །གུས་པ་ནི་མའི་དྲིན་བསམ་པའི་སྒོ་ནས་རང་གི་ཁོང་དུ་བླང་བ་ནི་ཁ་ཙམ་མིན་པར་སྙིང་ཐག་པ་ནས་གཏོང་ལེན་བསྒོམས་ཏེ། དངོས་སུ་བདག་གི་བདེ་བ་ཟས་དང་སྨན་ལ་སོགས་པ་བཏང་སྟེ་སེམས་ཅན་གྱི་སྡུག་བསྔལ་ཀུན་འབྱུང་བླངས་ན། ཕྱི་མ་མངོན་མཐོ་དང་ངེས་ལེགས་ཐོབ་པའི་རྒྱུ་ཡིན།དངོས་སུ་བླང་དུ་མ་བཏུབ་པ་བརྒྱུད་ནས་ལེན་པ་ནི་བསམ་པས་གཏོང་ལེན་བསྒོམ་པ་དང་། སྨོན་ལམ་གྱིས་ཚེ་འདིའི་བདེ་བ་བསྔོ་བ་ནི། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན༑ ༑སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་པ་སྙིང་ཐག་པ་ནས་བརྗོད་དོ། །བརྒྱད་པ་ནི། དེ་དག་ཐམས་ཅད་ལ་ཉེས་པ་འབྱུང་བ་སྲིད་པས་ཚེ་འདིའི་རྟོག་པ་དང་ཅུང་ཟད་ཀྱང་མ་འདྲེས་པར་བྱས་ཤིང་། ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པའི་བློས་དངོས་པོ་གང་ལ་ཡང་མ་ཆགས་པར་སློབ་པ་ནི། དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྦགས་པར། །ཆོས་རྣམས་སྒྱུ་མར་ཤེས་པ་ཡིས། །ཞེན་པའི་འཆིང་ལས་གྲོལ་བར་བསླབ། །ཅེས་པ་ཐབས་ཀྱི་གཉེན་པོ་ནི། བདག་བཟང་པོར་ཤེས་སུ་རེ་བ་ལ་སོགས་པ་ཚེ་འདིའི་རྟོག་པ་དང་འདྲེས་པ་ནི། ཆོས་བརྒྱད་དང་རང་དོན་དུ་སོང་ན་ཆོས་བདུད་དུ་ཤོར་བ་ཡིན་པས༑ དེ་སྒྱུ་མ་ལྟ་བུར་ཤེས་ནས་གདོད་སྤང་བས་ད་ལྟར་གྱི་སྣང་བ་ལ་བདེན་པ་མ་གྲུབ་སྟེ། འདི་ལྟར་སྟོང་པའི་ཆོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །གང་གིས་རིམ་གྲོ་བྱས་པའམ། །ཡོངས་སུ་བརྙས་པ་ཅི་ཞིག་ཡོད༑ ༑བདེ་བའམ་སྡུག་བསྔལ་གང་ལས་ཡིན། །མི་དགར་ཅི་ཡོད་དགར་ཅི་ཡོད། །ཅེས་དང༌། ཐམས་ཅད་ནམ་མཁའ་འདྲ་བར་ནི། །བདག་འདྲས་ཡོངས་སུ་བཟུང་བར་གྱིས། །ཞེས་སོ། །ཐམས་ཅད་ལ་གསོལ་བ་དང་སྨོན་ལམ་དུ་ཡང་འདེབས་པ་ནི། བླ་མ་དཀོན་མཆོག་ལ་མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི། བླ་མ་དུས་གསུམ་གྱི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་དང་ཐུགས་རྗེ་ཡོད་ནའམ། ཁྲོ་བོ་ཕ་བཅུ་མ་བཅུ་ཐམས་ཅད་ལ་མཐུ་སྟོབས་ཡོད་པ་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་ལ་མཐུའམ་ནུས་པ་ཡོད་ན་ཚིག་རྐང་བརྒྱད་པ་འདིའི་དོན་བདག་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་ལ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་ཀུན་འབྱུང་ཐམས་ཅད་སྨིན་ཅིང་བདག་གི་བྱང་ཆུབ་ཀྱི་སེམས་ཀྱི་འབྲས་བུ་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བདེན་པ་བཞི་དང་སྦྱར་ཞིང་སྦྱོང་བའོ། །དེ་དག་ལ་སོགས་པ་དགེ་བ་ཅི་བྱས་ཀྱི་རྗེས་སུ་ཚིག་རྐང་བརྒྱད་མའི་སྨོན་ལམ་གདབ་བོ། །དེའི་སྨོན་ལམ་བཏབ་པས་བྱང་ཆུབ་སེམས་ཀྱི་བག་ཆགས་འཇོག་གོ །དེ་ལྟ་བུའི་དགེ་བའི་རྩ་བ་ལོ་ཟླ་བ་ཐམས་ཅད་དུ་དུས་ཐམས་ཅད་དུ་འདའ་བར་བྱའོ། །ཕྱི་མའང་དེ་ལྟ་བུའི་དགེ་བའི་བཤེས་གཉེན་དང་མཇལ་བ་དང་། གྲོགས་ཀྱང་དེ་ལྟ་བུ་དང་མཇལ་བར་བྱའོ་སྙམ་དུ་བསམ་ཞིང་སྨོན་ལམ་དུ་ཡང་ཡང་གདབ་པར་བྱའོ། །རེ་ཞིག་རྫོགས་སོ། །བྱང་སེམས་གླང་ཐང་པའི་ཚིག་རྐང་བརྒྱད་པའི་འགྲེལ་པ་ནི། འཆད་ཀ་བ་ཡེ་ཤེས་རྡོ་རྗེས་མཛད་པའི་རྩ་འགྲེལ་འདི་ནི་བློ་སྦྱོང་གི་མན་ངག་ཟབ་མོར་མཆིས་སོ། །འདི་ལ་འབད་འཚལ། རྒྱུད་ལ་སྐྱེ་བར་གྱུར་ཅིག ༈ །ཨ་ཙརྱ་གཟུགས་ངན་གྱི་གཏམ་རྒྱུད་བཞུགས་སོ། །ཨཱ་ཙ་ར་གཟུགས་ངན་གྱི་གཏམ་རྒྱུད་ནི། རྒྱ་གར་དུ་སྤྲང་པོའི་གསེབ་ན་སྒོ་རྒྱབ་ཏུ་སྡོད་པའི་ཨཱ་ཙ་ར་གཅིག་འདུག་པ་ལ། ཁྲུས་མའི་ཐོར་མ་སོང་བས་སོར་སོར་ཟེར་བ་གཅིག་གདའོ། །དེའི་དུས་སུ་མུ་སྟེགས་ཀྱི་རྩོད་པ་བྱུང་བས་གཞན་གྱིས་མ་བཟློག །དེར་ཁྲུས་མ་ཕོད་པ་ན་རེ། སྒོ་རྒྱབ་ཀྱི་ཨཱ་ཙ་ར་མ་གི་ལ་ཁྲུས་མའི་ཐོར་མ་སོང་ཙ་ན་སོར་སོར་ཟེར་བ་གཅིག་འདུག་སྟེ་བྱས་པས་དེ་བོས་པས་རྩོད་པ་བཟློག་སྟེ། ནང་ན་ཡོན་ཏན་སུ་ལ་ཡོད་མི་ཤེས་གསུངས་སོ། །བཟའ་མི་གཉིས་ལ་རྐུན་མ་བྱུང་བ་མ་ཚོར་ནས། ད་ཚོད་སྐས་ལ་མི་ཡོང་སྙམ་ནས་བཏང་བས་ཕྱིས་ནུབ་ནས་དེ་བས་ཀྱང་ཐུ་རུ་སོང་བ་ལྟར་རོ། །རྒྱལ་པོ་ཨ་སངྒྷ་བྱ་བས་ཨཱ་ཙ་ར་གཤིས་ངན་གཅིག་ཇོ་བོའི་དྲུང་དུ་རྒྱུན་དུ་བསྟེན་པས། འདི་འདྲའི་མི་མི་བསྙེན་པར་ཞུ་ཞུས་པས། འདི་ལ་བརྟེན་ནས་བཟོད་པའི་ཡོན་ཏན་རྫོགས་པ་ཡིན་གསུང་ངོ༌། །གླང་ཐང་པ་ལ་ཕམ་པ་དང་པོའི་སྒྲོས་གཅིག་བྱུང༌། དེ་མི་བརྟེན་ན་ཡང་ར་སྒྲེང་དུ་ཇ་དང་འབུལ་བ་ལ་སོགས་པའི་བརྒྱ་ཡུས་མཛད་ནས་ཐུགས་དམ་ལ་བཞུགས་སོ། །ཚིག་རྐང་བརྒྱད་མའི་གཟེར་འདེབས་ཡིན། འཛེད་ཆེན་པས། སྐྱབས་གནས་ཡུལ་ལ་གུས་པ་ལམ་གྱི་རྟེན། །ཁས་བླངས་ཚུལ་ཁྲིམས་དག་པ་ལམ་གྱི་གཞི། །ཚེ་འདིར་ལོང་མེད་བསམ་པ་ལམ་གྱི་ཕུལ། །མ་ཚོར་ཕམ་ཁ་ལེན་པ་དགེ་སྦྱོང་ཚུལ། །ཅེས་སོ། །དབུ་མ་རྟོག་གེ་འབར་བ་ལས། རྒྱལ་སྲས་ཁྱིམ་པ་འདོད་སྤྱོད་ཀྱང༌། །རབ་ཏུ་བྱུང་བས་ཕྱག་བྱའོ། །ཞེས་གསུངས་སོ། །མདོ་སྡེ་སྙན་གྱི་རྒྱན་ལས། མ་འོངས་ཐ་མའི་དུས་ཀྱི་ཚེ། །ང་ཉིད་ཡི་གེའི་གཟུགས་སུ་འབྱུང༌། །ཞེས་སོ། །ནགས་ཁྲོད་གཅིག་ཏུ་རི་དྭགས་དང་གཅན་གཟན་ཉེ་བར་གནས་ན་རི་དྭགས་ཀྱི་སྲོག་གཅོད་པ་བཞིན་དགེ་སློང་དང་བུད་མེད་ཉེ་བར་གནས་ན་ཐར་པའི་སྲོག་རྩ་གཅོད་པར་ངེས་སོ། །ཇོ་བོའི་ཞལ་ནས། ཟླ་བ་ཕྱེད་ཀྱིས་བདེན་པ་མཐོང་བའི་དགེ་སློང་གཅིག་གིས་ཚུལ་ཁྲིམས་འཆལ་བ་དང་འགྲོགས་ན་སྐྱེ་བ་དེ་ལ་བདེན་པ་མི་མཐོང་ངོ་གསུང་ངོ༌། །དེས་ན་སྡོམ་ཉམས་དང་བུད་མེད་ལ་རྒྱང་རིང་དུ་བྱའོ། །འགྲོ་བའི་དོན་རྒྱ་ཆེན་པོ་འབྱུང་བར་ཤོག །ཐེག་ཆེན་གྱི་ཆོས་ཟབ་མོ་འདི་ལ་བརྟེན་ནས་ལྷག་པའི་བསམ་པ་རྣམ་པར་དག་པས་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་བར་གྱུར་ཅིག ༈ །བློ་སྦྱོང་རྟོག་པ་འབུར་འཇོམས་ཀྱི་འགྲེལ་པ་བཞུགས་སོ། །མགོན་པོ་གསེར་གླིང་པ། བླ་མ་རིན་པོ་ཆེ་ཡབ་སྲས་བརྒྱུད་པ་དང་བཅས་པ་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། མཁྱེན་རབ་དང་ཐུགས་རྗེའི་མངའ་བདག་མགོན་པོ་གསེར་གླིང་པའི་ཞལ་སྔ་ནས། ཇོ་བོ་ལ་བུ་ཁྱོད་སྙིགས་མའི་དུས་སུ་གཞན་གྱི་དོན་བྱེད་པ་ལ། བཀའ་སྡེ་སྣོད། ལུང་རིགས་པ། བླ་མའི་མན་ངག་ཐམས་ཅད་ཧྲིལ་ཏེ་དྲིལ་ནས་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ན། ནད་དང་། གནོད་པ་དང་། གདོན་བགེགས་དང་། མུ་སྟེགས་སོགས་རྐྱེན་ངན་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པའི་ཆོས་འདི་རྣམས་དགོས་ཏེ། འདི་སྐད་ཅིག་ཏུ། རྟོག་པ་ཐམས་ཅད་འབུར་འཇོམས་ཏེ། །གཉེན་པོ་ཐམས་ཅད་བཅོམ་བརྡེག་ཡིན། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཅེས་པའི་དོན་ནི། རྣམ་པར་རྟོག་པ་གང་བྱུང་བ་ནས་འབུར་འཇོམས་སུ་བྱ་དགོས་ཏེ། ཁོ་གང་ན་སྣང༌། དབང་པོ་གང་གི་ཡུལ་ན་སྣང༌། དབྱིབས་དང་ཁ་དོག་ཇི་ལྟ་བུ་ཞིག་སྣང་བཙལ་ལོ། །འདི་དུག་སྦྲུལ་ལམ་ཁྱི་སྨྱོན་དང་འདྲ་སྟེ་ཉེར་མི་རུང༌། བྱུང་འདྲོག་རང་ལ་གཉེན་པོས་ལེ་ལོ་མ་ཤོར་བར་བཅོམ་སྟེ། མདོ་ལས། འདོད་པ་ཁྱོད་ཀྱི་རྩ་བ་ཤེས། །ཤིན་ཏུ་རྣམ་རྟོག་དག་ལས་བྱུང༌། །ཞེས་དང༌། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་དོ། །ཞེས་དང༌། དབུ་མ་འཇུག་པ་ལས། སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་བར་འགྱུར། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་པ། །རྣམ་པར་བཅད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་བྱ་བ་ལ་སོགས་པ་ཐེག་པ་ཆེན་པོའི་བཀའ་བསྟན་བཅོས་ཐམས་ཅད་ནས་བྱང་ཆུབ་སྒྲུབ་པའི་གེགས་ཆེན་པོར་བཤད་པའི་ཕྱིར་རོ། །དེས་ན་ལེ་ལོ་མ་ཤོར་བ་གལ་ཆེའོ། །འདིར་བློ་མང་ན་མཐར་མི་ཕྱིན་པས་ཆོས་ཟབ་མོ་ལའང་མ་འབྱམས་པར་འཇུག་ན་ཐམས་ཅད་རྟོག་པ་འཇོམས་པ་ལ་གཅིག་ཆོད་དུ་གྲིལ་དགོས་ཏེ། མདོ་ལས་ཀྱང་ཡིད་ལ་བྱེད་པ་ཐམས་ཅད་བདུད་ལས་སུ་བཤད། དེས་ན་ཇི་སྲིད་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཚོགས་མཐོང་སྒོམ་ལ་སོགས་པ་དང་ལས་ཐམས་ཅད་རྟོག་པ་འབུར་ཏེ་བྱུང་རེས་ཀྱིས་གཉེན་པོས་འཇོམས་པ་ལ་འགྲིལ་བར་ཆིག་ཆོད་དུ་བྱའོ། །མདོར་ན་རྟོག་པ་འབུར་ཏེ་བྱུང་རེས་ཀྱིས་གཉེན་པོས་ཀྱང་དེའི་རྩར་སླེབས་དགོས་ཏེ། གཉེན་པོས་རྣམ་རྟོག་འཇོམས་པ་ལ་འདུན་མ་ཐམས་ཅད་འགྲིལ་དགོས། ལམ་ཐམས་ཅད་ཀྱང་དེ་ཁོ་ནས་བཅད་དགོས་སོ། །དེའི་བླང་བྱ་གཉེན་པོ་རྣམ་བྱང་གི་ཆོས་བཞི་ཡིན་ནོ། །ཡང་འདི་སྐད་གསུངས་ཏེ། རྐྱེན་ངན་དགེ་བའི་བཤེས་གཉེན་ཏེ། །འདྲེ་གདོན་རྒྱལ་བའི་སྤྲུལ་པ་ཡིན། །ན་ཚ་སྡིག་སྒྲིབ་ཀྱི་ཕྱགས་མ་སྟེ། །སྡུག་བསྔལ་ཆོས་ཉིད་ཀྱི་ཡོ་ལང་ཡིན། །ཀུན་ནས་ཉོན་མོངས་ཀྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་པའི་དོན་ནི། དེས་ན་ན་ཚ་སྡུག་བསྔལ་ལ་སོགས་པ་མི་འདོད་པའི་འགལ་རྐྱེན་གང་བྱུང་ཡང་དེས་བསྐུལ་མ་བྱས་ལ་དེའི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་ཡང་བློས་ལིང་སྟེ་བླངས་ལོངས་ངེས་སྙམ་དུ་དགའ་བའི་འདུ་ཤེས་བྱ། དེ་བཞིན་དུ་བདེ་སྐྱིད་ལ་སོགས་མཐུན་རྐྱེན་གང་འཛོམ་ཡང་སེམས་ཅན་ལ་བྱིན་པས་སེམས་ཅན་གྱི་ཚོགས་རྫོགས་པ་ལ་དགའ་བའི་བློ་སྦྱོང༌། དེ་བཞིན་དུ་གཟུགས་སྒྲ་དྲི་རོ་ལ་སོགས་པ་སྣང་བའི་རྐྱེན་གང་བྱུང་ཡང་བཙལ་བས་མི་རྙེད། མ་རྙེད་པའི་དོན་ལ་གློད་ལ་བཞག་པས་ཆོས་ཉིད་ལ་སྐུལ་བའི་རྐྱེན་དགེ་བའི་བཤེས་གཉེན་ཡིན། བྱང་ཆུབ་སྒྲུབ་པའི་གྲོགས་ཡིན་པས་དགའ་བ་བསྒོམ་མོ༑ ༑རྒྱལ་འགོང་བསེན་མོ་ས་བདག་ལ་སོགས་པའི་གནོད་པ་བྱུང་ཙ་ན་དེས་བསྐུལ་མ་བྱས་ནས་སེམས་ཅན་ཐམས་ཅད་ལ་གནོད་པ་དང་སྡུག་བསྔལ་ཅི་ཡོད་པ་བློས་ལིངས་ཏེ་བླངས་ལོངས་ངེས་སྙམ་དུ་དགའ་བའི་འདུ་ཤེས་བྱ། གནོད་བྱེད་རྣམས་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ལུས་ཀྱི་ཤ་ཁྲག་གང་འདོད་སྦྱིན་པས་བྱང་ཆུབ་ཀྱི་གྲོགས་སུ་འགྱུར་གྲོགས་བྱེད་པ་ཡིན་པས། གདོན་ཐམས་ཅད་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པས་དེ་དག་ལ་དགའ་བ་དང་གུས་པ་བསམ་གྱིས་མི་ཁྱབ་པ་བསྒོམ་མོ། །ལྷག་པར་ན་ཚ་བྱུང་བའི་དུས་སུ་སེམས་ཅན་ཐམས་ཅད་ཀྱི་ན་ཚ་དང་སྡུག་བསྔལ་སྙིང་གི་དཀྱིལ་དུ་བླངས་ནས་སེམས་ཅན་ཐམས་ཅད་སྤངས་པ་ཕུན་སུམ་ཚོགས་པ་ཐོབ་པ་ཡིན་གོ་བཅད་སྙམ་དུ་དགའ་བ་བསྒོམ། ནད་མེད་པའི་དུས་སུ་དེས་བསྐུལ་ནས་རང་གི་བདེ་བ་རྒྱུ་དང་བཅས་པ་འགྲོ་བ་ལ་བྱིན་པས་སེམས་ཅན་ཐམས་ཅད་ཀྱིས་རྟོགས་པ་ཕུན་སུམ་ཚོགས་པ་ཐོབ་པ་ཡིན་གོ་བཅད་སྙམ་དུ་དགའ་བ་བསྒོམ་པས་སྡིག་སྒྲིབ་ཀྱི་ཕྱགས་མ་ཡིན་ཏེ། སྡིག་སྒྲིབ་སྐད་ཅིག་ཙམ་ཡང་བསྡད་པའི་བཟོད་བླག་མེད་དོ། །སྡུག་བསྔལ་བརྒྱ་ཐམ་པ་བྱུང་ན་ཚོལ་ཐབས་བརྒྱ་ཐམ་པ་ཡོང་། དེ་ཡོད་མ་མྱོང་བས་མ་རྙེད། ཐབས་བརྒྱ་ཐམ་པ་ཡོད་པས་དེ་ལ་སྤངས་པ་བརྒྱ་ཐམ་པ། རྟོགས་པ་བརྒྱ་ཐམ་པ་ལམ་ཁྱེར་ཏེ་ཆོས་ཉིད་ཀྱི་ཡོ་ལང་ཆེན་པོ་ཡིན་ཏེ། དེ་ལ་དགའ་བའི་འདུ་ཤེས་བསྒོམ་པར་བྱའོ། །དེ་རྣམས་ནི་སྤང་བྱ་ཀུན་ནས་ཉོན་མོངས་ཀྱི་ཆོས་བཞི་ཡིན་ནོ། །ཡང་འདི་སྐད་དུ། སྐྱིད་ཀྱི་ཁ་གནོན་ཆེན་པོ་སྟེ། །སྡུག་གི་མཇུག་སྡུད་ཆེན་པོ་ཡིན། །ལྟས་ངན་གཡང་དུ་འགུགས་པ་ཡིན། །མི་མཁོ་ཤོས་ལ་འདོད་ཐོག་ཡིན། །གཉེན་པོ་ལོག་ནོན་གྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་པའི་དོན་ནི། དེས་ན་དགེ་སྦྱོར་གྱི་གེགས་སུ་འགྲོ་བའི་བཟའ་བཏུང་། ལོངས་སྤྱོད་སྙན་གྲགས་ལ་སོགས་སྐྱིད་འདོད་ཀྱི་ཁ་ནོན་ལ་འདོད་པ་ཆུང་ལ་ཆོག་ཤེས་པའི་སྒོ་ནས་སྡུག་གི་མཇུག་སྡུད་དེ། རྐང་པ་ན་ན་བསྐོར་བ་བྱ། སྐེད་པ་ན་ན་ཕྱག་བྱ། འདོད་པ་ཆེ་ན་གཞན་ལ་སྦྱིན། གཡེང་བ་ལ་དགའ་ན་མཚམས་བཅད། ལོང་གཏམ་ལ་དགའ་ན་སྨྲ་བ་བཅད་དོ། །གཏམ་ངན་ནམ། བྱུར་ཤན་ནམ། བྱད་ཁའམ། ཕུར་ཁ་ལ་སོགས་མི་འདོད་པའི་ལྟས་ཆེན་པོ་བྱུང་ན་བདག་འཛིན་གྱི་འགོང་པོ་འདུལ་བའི་ཐབས་ཡིན་པས་བཀྲ་ཤིས་དང་གཡང་དུ་འགུགས་ཤིང་། ད་དུང་ཐོངས་ཤིག་ཅེས་ཤེས་པའི་དཔའ་བསྐྱེད་ལ། དེ་འདྲའི་རིགས་མི་མཁོ་ཤོས་ཐམས་ཅད་བདག་ལ་བྱུང་བས་ད་འདི་ཐུལ་ན། ད་ཕྱིན་ཆད་འཁོར་བར་མི་སྐྱེ་སྙམ་དུ་དེ་ལ་འདོད་ཐོག་ཏུ་བྱས་ཏེ་བཟོད་པ་གསུམ་ལ་མཐུ་ཐོབ་པར་བྱའོ། །དེ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་ལོག་ནོན་གྱི་ཆོས་བཞི་ཡིན་ནོ། །ཡང་འདི་སྐད་དུ། བདག་ནི་ལས་ངན་གྱི་རྩ་བ་སྟེ། །རྒྱང་སྟེ་བསྐྱུར་བའི་ཆོས་ཤིག་ཡིན། །གཞན་ནི་བྱང་ཆུབ་འབྱུང་ཁུངས་ཏེ། །བཅངས་ཀྱིས་ལེན་པའི་ཆོས་ཤིག་ཡིན། །སྤང་གཉེན་མཇུག་སྡུད་ཀྱི་ཆོས་གཉིས་ཏེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་པའི་དོན་ནི། མདོར་ན་བདག་མི་བདེ་བ་ཐམས་ཅད་ཀྱི་འབྱུང་གནས་ལས་ངན་ཐམས་ཅད་ཀྱི་རྩ་བ་ཡིན་པས་འདི་ལ་གཅེས་སྤྲས་མ་བྱེད་པར་ལིངས་ཏེ་བསྐྱུར་ལ། དགྲ་དགའ་ན་དགྲས་ཁྱེར། འདྲེ་དགའ་ན་འདྲེས་ཁྱེར། མི་རིངས་ན་ཚོས་ལ་ཟོ། རིངས་ན་ཁུར་དུ་ཁུར་ལ་རྒྱུག །ཅེས་རང་ཐེད་ལ་བཏང་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་སྟེ། རང་དོན་ཡལ་བར་དོར་ནས་བརྩོན་པས་གཞན་དོན་ལྷུར་མཛད་པ་འདི་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྱུང་ཁུངས་ཡིན་པས་སེམས་ཅན་བརྩེ་བས་སྐྱོང་སྟེ་སྡུག་བསྔལ་རང་ལ་བླང་བ་ནི། སྤང་གཉེན་མཇུག་སྡུད་ཀྱི་ཆོས་རྣམ་པ་གཉིས་ཡིན་ཏེ། སེམས་ཅན་ཆེན་པོ་རྣམས་ཀྱི་ལག་ལེན་ཁྱད་པར་ཅན་ཡིན་ནོ། །ཡང་འདི་སྐད་དུ། རྒྱངས་ཀྱིས་སྐྱུར་ལ་ལྷོད་ཀྱིས་ཀློད། །ཤིགས་ཀྱིས་ཤིག་ལ་འབོལ་ལེ་བཞག །སྟོང་ཉིད་ཀྱི་རྒྱས་འདེབས་བཞི་ཡིན་ཏེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །དེ་ལྟར་ཉམས་སུ་བླངས་གྱུར་ན། །སྐྱེས་བུ་མི་འཆིང་གྲོལ་བར་འགྱུར། །ཞེས་པའི་དོན་ནི། གཟུང་འཛིན་གྱི་རྟོག་པ་ཐམས་ཅད་ཕར་རྒྱངས་ཏེ་བསྐྱུར་ལ། སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་ཤེས་པ་གསལ་ལ་རྟོག་པ་མེད་པར་ལྷོད་དེ་ཀློད་ལ་གང་གིས་ཀྱང་མ་བཅིངས་པར་བཞག་པར་བྱའོ། །དེ་ཡང་ཤེས་པ་སྔ་མའི་རྗེས་སུ་མི་འབྲང༌། མ་འོངས་པའི་སྔུན་མི་བསུ། ད་ལྟ་བར་མ་བཅིངས་པར་ཤིག་གེ་བཤིག །བཅས་བཅོས་དང་སྒྲོ་སྐུར་མེད། རང་སོར་འབོལ་ལེ་ཀློད་ལ་བཞག་སྟེ་དེ་ནི་སྟོང་ཉིད་ཀྱི་རྒྱས་འདེབས་བཞིན་ནོ། །ཉམས་ལེན་དེ་ལྟར་བྱས་ན་ལས་ཀྱིས་འཁོར་བར་མི་བཅིང་གྲོལ་བས་ཐར་པ་ཐོབ་པར་འགྱུར་རོ། །ཉམས་ལེན་འདི་ལས་གཞན་པ་གཅིག་ཡིན་ན་དུས་སྙིགས་མའི་སེམས་ཅན་དམུ་རྒོད་ཐུལ་བར་མི་འགྱུར་ལ། འདི་དང་ལྡན་ན་བར་ཆད་ཀྱིས་མི་ཚུགས་པས་འགྲོ་དོན་ངང་གིས་འགྲུབ་ཅེས་གསུང་ངོ༌། །མཉམ་མེད་བླ་མ་གསེར་གླིང་པའི་གསུང་ཇི་ལྟ་བ་བཞིན་དུ་བཀོད་པའོ། །ཨ་མོ་གྷ་པཱ་ཤའི་རྒྱུད་ལས། ཤེས་རབ་ནི་བྱང་ཆུབ་ཏུ་བརྗོད་ལ་སེམས་དཔའ་ནི་ཐབས་ཏེ། དེ་གཉིས་དག་གིས་སེམས་ཅན་གྱི་དོན་ཉིད་འགྲུབ་པར་འགྱུར། ཞེས་པ་དང༌། གསང་འདུས་གྲོལ་བའི་ཐིག་ལེ་ལས། དེ་ནས་སྙིང་རྗེ་འབའ་ཞིག་གིས། །གཞིར་གྱུར་ཡོན་ཏན་ཐམས་ཅད་འབྱུང༌། །ཞེས་པ་དང༌། རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་བ་བཟོད་པར་མི་ནུས་སོ། །ཞེས་གསུངས་སོ༑ ༑འཕགས་པ་སྤྱན་རས་གཟིགས་ཀྱིས་ཆོས་ཡང་དག་པར་སྡུད་པའི་མདོ་ལས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བྱ་ཞིང་གཅིག་ལ་བསླབ་པར་བྱ། གཅིག་པོ་གང་ཞེ་ན༑ སྙིང་རྗེ་ཆེན་པོའོ། །གང་ལ་སྙིང་རྗེ་ཆེན་པོ་ཡོད་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་པར་འགྱུར་རོ། །འབད་པ་མེད་པ་དང་རྩོལ་བ་མེད་པར་འགྲུབ་པར་འགྱུར་རོ། །མདོར་ན་སྙིང་རྗེ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་རྩ་བའོ། །ཞེས་གསུངས་སོ། །འགྲོ་མགོན་ཨ་ཏི་ཤ་ལ་བླ་མ་གསེར་གླིང་པ་ཆོས་ཀྱི་གྲགས་པས་མཐའ་འཁོབ་འདུལ་བའི་དོན་ལ་གདམས་པ་འདི་གསུངས་པར་གདའ་འོ། ༈ །ཐེག་པ་ཆེན་པོའི་བློ་སྦྱོང་བཞུགས་སོ། །བྱམས་པ་ཐོགས་མེད་ལ་སོགས་དང༌། །གསེར་གླིང་པ་དང་ཇོ་བོ་རྗེ། །སྟོན་པ་པུ་ཏོ་ཤ་ར་བ། །མལ་གྲོ་བྲག་དམར་བ་ལ་འདུད། །སྤྱིར་བློ་སྦྱོང་བའི་སྒོ་ནས་སངས་རྒྱ་བ་ལ། ཐོག་མ་ནས་རྡོ་རྗེ་ཐེག་པ་བསྒོམ་པ་མན་ཆད་བློ་སྦྱོང་དུ་མ་འདུས་པ་མེད། སྤྱི་མིང་བྱེ་བྲག་ལ་བཏགས་ཏེ་འདི་ལ་ཇོ་བོ་རྗེའི་བློ་སྦྱོང་ཞེས་འདོགས་སོ། །ཇོ་བོ་ལ་བློ་སྦྱོང་གདམས་པའི་སྲོལ་གསུམ་མངའ་སྟེ། བླ་མ་དྷརྨ་རཀྵི་ཏ་དང༌། བླ་མ་བྱམས་པའི་རྣལ་འབྱོར་པ། གསེར་གླིང་པའི་ལུགས་སོ། །དེ་ལ་འདི་བླ་མ་གསེར་གླིང་པའི་ལུགས་ཏེ། འདིའི་བདག་ཏུ་འཛིན་པ་མ་སྤངས་པར་མངོན་ཞེན་མ་ཞི་བར་བྱས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བཞེད་པས། གྲུབ་མཐའ་ཕྱི་རོལ་པ་དང་མཐུན་བྱས་ཀྱང་འགལ་བ་མེད་པ་ཡིན་གསུངས། གདམས་པ་འདི་ལ་དང་པོ་སྔོན་འགྲོ་དག་ལ་བསླབ་པར་བྱ་གསུངས་ཏེ། དེ་ལ་རྩིས་ལ་གདབ་ན་བཞི་སྟེ། དལ་འབྱོར་རྙེད་པར་དཀའ་བ། མི་རྟག་པ། ལས་རྒྱུ་འབྲས། སྲིད་པའི་ཉེས་དམིགས་བསྒོམ་པའོ། །དང་པོ་ནི། མི་ཁོམ་པའི་གནས་བརྒྱད་ལས་ལོག་པ། རང་གཞན་གྱི་འབྱོར་བ་ལྔ་ལྔ་དང་ལྡན་པས་འདི་བསྐལ་པ་བྱེ་བ་བརྒྱ་སྟོང་དུ་རྙེད་པར་དཀའ་བ་ལུང་རིགས་ཀྱི་སྒོ་ནས་བསམས་ལ། རྙེད་པར་དཀའ་བ་གོ་ན་དོན་ཡོད་པར་བྱ་བ་ནི། ཚེ་འདིའི་བྱ་བ་གང་བྱས་ཀྱང་དེ་དོན་ཡོད་པར་བྱས་པར་མི་འགྱུར་བས་ཆོས་བྱ། ཆོས་ཀྱི་མཆོག་བདག་དང་གཞན་དུ་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་སྙམ་དུ་བསམ། དེ་ག་ལེ་བྱ་སྙམ་ན་ཐོབ་པའི་དལ་བ་ཡུན་རིང་དུ་མི་གནས་པས་མི་རྟག་པ་འཆི་བ་རྗེས་སུ་དྲན་པ་བསྒོམ་སྟེ། སྔར་སྐྱེས་པ་ལ་མ་ཤི་བ་མེད་པས་ཀྱང་འཆི། ཚེ་འཛད་པས་ཀྱང་འཆི། ཚེའི་མཐའ་སྐད་ཅིག་མ་ལས་མ་འདས་པས་འཆི། ངེས་པར་ཆོས་བྱ། འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་དང་རང་གི་འཕེན་པ་ཅི་ཡོད་ཆ་མེད་པ་དང༌། ཕྱི་ནང་གི་རྐྱེན་མང་བས་ནམ་འཆི་ཆ་མེད་པས་དེ་རིང་ནས་ཆོས་བྱ། དེ་ཡང་འཆི་བ་ལ་ཤཱཀ་ཐུབ་བྱོན་རུང༌། ཁྲོ་བོ་བཞིས་བསྲུང་རུང༌། ཉེ་དུ་མང་པོས་བསྐོར་རུང༌། རྫས་དང་ཡོ་བྱད་མང་པོ་ཡོད་ཀྱང་ཅིས་ཀྱང་མི་ཕན་པས་སུ་ཡི་ཡང་ངོ་བསྲུང་མི་བྱ་བར་ཆོས་བྱ། ཆོས་ཀྱི་མཆོག་ཀྱང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ། ཤི་ནས་མེད་དེ་ཆ་མེད་སྙམ་ན། མེད་དེ་མི་ཆ་སྐྱེ་དགོས། དེ་ཡང་ལས་ཀྱིས་སྐྱེ་ལ། ལས་དགེ་བ་ལས་མཐོ་རིས་དང་ཐར་པ་ལ་སོགས་པར་སྐྱེ། མི་དགེ་བས་ངན་སོང་གསུམ་ལ་སོགས་པའི་དུཿ ཁ་འབྱུང་བས་སྡིག་པ་སྔར་བྱས་པ་རྣམས་ཟད་པར་བྱ། ཕྱིན་ཆད་མི་བྱ་བར་བསྡམ། དགེ་བ་སྔར་གྱི་རྣམས་ལ་གསོས་གདབ། ཕྱིན་ཆད་ནུས་པ་ཡོད་ཚད་དུ་བྱ། དེ་དག་གི་མཆོག་ཀྱང་བདག་དང་གཞན་དུ་བརྗེ་བའི་བྱང་ཆུབ་ཀྱི་སེམས་ཡིན་པས་དེ་བསྒོམ། དགེ་བས་མཐོ་རིས་སུ་སྐྱེས་ཀྱང་བདེ་བ་མེད་དེ། འཁོར་བ་མཐའ་དག་དུཿ ཁ་ཡིན་པས་འཁོར་བ་མཐོ་དམན་གྱི་མདོ་དུ་མ་གྱུར་ཀྱང་། ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བ་ལ་ཉེས་དམིགས་བདུན་ལ་སོགས་པ་བསམས་ལ། སྲིད་པ་མཐའ་དག་ལས་ཡིད་འབྱུང་བར་བྱས་ལ་དེ་ལས་འདའ་བར་བྱ། ཐར་པ་ཐོབ་པར་བྱ། དེ་ཐོག་མར་མི་བྱེད་ན་འཁོར་བ་ལས་མི་འདའ། ཐར་པ་ཐོབ་པའི་གེགས་བདག་ཏུ་འཛིན་པ་ཡིན་པས་དེ་སྤང༌། དེ་སྤོང་བའི་མཆོག་ཀྱང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་པས་དེ་བསྒོམ། དངོས་གཞི་གཏོང་ལེན་སྤེལ་མར་བསྒོམ། སེམས་ཅན་གྱི་དུཿ ཁ་ཀུན་འབྱུང་བདག་ལ་བླང༌། བདག་གི་ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར་ལ་སེམས་ཅན་ལ་བཏང༌། ལེན་པའི་གོ་རིམ་མ་ནས་བརྩམ། །གསུངས་པས། རྩ་བའི་མ། ཕ། ཉེ་དུ། ཡུལ་མི། ཡུལ་ཁམས། བོད་ཡུལ། འཛམ་བུ་གླིང་གི་གླིང་བཞི། སྟོང་སྤྱི་ཕུད༑ སྟོང་གཉིས་བར་མའི། སྟོང་གསུམ། ཡུངས་འབྲུ་བྲེ་རུ་བླུགས་པ་ཙམ་དུ་གང་དུ་ཡང་དེས་མ་ཁྱབ་པའི་ཕྱོགས་བཅུ་ནམ་མཁའི་ཁམས་ཁྱབ་ཚད་ཀྱི་སེམས་ཅན་མདུན་དུ་བསམས་ལ། རྩ་བའི་མ་འདིས་དལ་འབྱོར་བྱིན་ནས་དེ་ཡང་རྐ་བློ་ན་གནས་དུས། བཙས་དུས། གསོས་དུས། སྐྱེས་ནས་ཟས་གོས། ནོར་གང་ཕོངས་དགུ་བྱིན། བདེ་བ་ནི་ལོ་ཀ་པའི་དབང་དུ་བྱས་ན་འཁོར་ལོས་སྒྱུར་བའམ། འདས་པའི་དབང་དུ་བྱས་ན་སངས་རྒྱས་ཀྱི་བདེ་བ་དང་ལྡན་ཡང་ངའི་བུ་ལ་འདི་མི་འོས་སྙམ་པ་མེད་པར་བྱས། བྱམས་པའི་མིག་གིས་བལྟས། བརྩེ་བའི་སེམས་ཀྱིས་བསམ། གཅེས་པའི་མིང་གིས་བཏགས། དུཿ ཁ་ལས་བསྐྱབས། བདེ་བ་ལ་ནུས་པ་ཡོད་ཚད་དུ་སྦྱར་བའི་དྲིན་ཆེ་བས། ད་ངས་ཀྱང་དྲིན་ལན་དུ་འདི་རྣམས་དུཿ ཁ་ལས་བསྐྱབ། བདེ་བ་ལ་དགོད། དེ་ཡང་དུཿ ཁས་འཕྲལ་ལམ་ཕུགས་སུ་གནོད། ཀུན་འབྱུང་གིས་བདེ་མི་སྟེར་བར་འདུག་པས་དེ་གཉིས་ལས་དབྲལ་སྙམ་དུ་བསམས་ལ༑ སེམས་ཅན་གྱི་དུཿ ཁ་ཀུན་འབྱུང་གཉིས་པོ་མ་ལུས་པར་སྐྱི་གྲིས་བཞར་བ་ལྟར་སངས་བླངས་ལ་རང་གི་སྙིང་གི་དཀྱིལ་དུ་གཞུག །བདག་གི་ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར་ལ་སེམས་ཅན་ཐམས་ཅད་ལ་བཏང་བས་དེ་ལས་དགོས་འདོད་ཐམས་ཅད་འབྱུང་བས། སེམས་ཅན་ཐམས་ཅད་ལ་གནས་སྐབས་སུ་ཆོས་ཀྱི་ཆ་རྐྱེན་མ་ཚང་བ་མེད་པ་འབྱུང་ཞིང་མཐར་ཐུག་སངས་རྒྱས་ཀྱི་ས་ལ་ཡེར་གཏོང་བར་བསྒོམ་པ་དེ་གཏོང་ལེན་ཐུན་གཅིག་བསྒོམ་པའོ། །དེ་ལས་ངེས་པ་སྐྱེས་ཤིང་བརྟན་པར་གྱུར་ན་དེ་གཉིས་དབུགས་ལ་བསྐྱོན་པར་བྱ་སྟེ། དབུགས་ཕྱིར་རྒྱུ་བ་ན་གཏོང་ལ། ནང་དུ་རྒྱུ་བ་ན་ལེན་པར་སྦྱངས་ཏེ། རླུང་ལ་བརྟེན་པའི་ཏིང་ངེ་འཛིན་མི་འབྱུང་མི་སྲིད་པས། བློ་སྦྱངས་པ་དང་འཇམ་རླུང་འཛིན་པ་དུས་གཅིག་འགྲུབ་པར་འོང༌། དེ་ལྟར་བསྒོམས་པས་གཏོང་བ་ནི་བྱམས་པ། ལེན་པ་ནི་སྙིང་རྗེ། གནས་སྐབས་དང་མཐར་ཐུག་གི་དུཿ ཁ་དང་བྲལ་ཞིང་བདེ་བ་ལ་དགོད་པར་འདོད་པས་དགའ་བ། ཉེ་རིང་མེད་པས་བཏང་སྙོམས། སངས་རྒྱས་ཀྱི་ས་ལ་ཡེར་རེ་འཇོག་པ་བྱང་ཆུབ་ཀྱི་སེམས་ཡིན་པས། གསེར་གླིང་པའི་ཀུན་རྫོབ་ཀྱི་སེམས་ལ་བློ་སྦྱོང་བའི་གདམས་པའོ། །དེ་རྣམས་སྒོམ་པ་ན་སྐྱེ། མ་སྒོམ་ན་མི་སྐྱེ་བ་རྣམ་པ་ཡིན། སྒོམ་མ་སྒོམ་མེད་པར་སྐྱེ་ན་ཆེན་པོ་ཡིན། དམིགས་པ་ནི་ཡུལ། རྣམ་པ་ནི་བསམ་པ། བསོད་ནམས་དེའི་རྣམ་པར་སྨིན་པ། དེ་གསུམ་གོ་བཟློག་པ་ནས་ཚད་མེད་པར་འཇོག་གོ །དེ་ལྟར་བློ་སྦྱོངས་པའི་དངོས་གཞི་མཉམ་བཞག་དེ་ནོར་མ་ནོར་དང་སྐྱེས་མ་སྐྱེས་གཏན་ལ་འབེབས་པ་ནི་རྗེས་ཀྱིས་ཤེས་པར་བྱེད་པས་རྗེས་བསྟན་པ་ནི། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །རྗེས་ཀྱི་མན་ངག་མདོར་བསྡུས་པའོ། །རང་གི་རྒྱུད་ལ་ཡུལ་གསུམ་ལ་བརྟེན་ནས་དུག་གསུམ་སྐྱེས་པ་དང༌། དེའི་རྒྱུ་མཚན་བརྟག་དཔྱད་བྱས་ནས་སེམས་ཅན་གྱི་འདོད་ཆགས་ལ་སོགས་པ་སངས་ཀྱིས་བདག་ལ་བླང༌། བདག་གི་ལུས་རིན་པོ་ཆེར་བསྒྱུར་ལ་སེམས་ཅན་ལ་བཏང་བས་དེས་སེམས་ཅན་འདོད་ཆགས་མེད་པའི་དགེ་བའི་རྩ་བ་དང་ལྡན་པར་བྱས་མཐར་ཐུག་སངས་རྒྱས་སུ་ཡེར་བཏང༌། དུག་གསུམ་ཇི་ལྟ་བར་ང་རྒྱལ་དང་ཕྲག་དོག་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ལ་སྦྱར་རོ། །འཕྲལ་ལ་གང་འདུག་སྒོམ་ལ་སྦྱར། །སེམས་ཅན་ལ་འཕྲལ་གྱི་དུཿ ཁ་དང་ཀུན་འབྱུང་གི་རྣམ་པ་ཞིག་སུ་འདུག་པ་ལས་བླང༌། བདག་གི་ལུས་རིན་པོ་ཆེར་བསྒྱུར་ལ་དེ་དག་ལ་བཏང་བས་འཕྲལ་དུ་ཆོས་ཀྱི་ཆ་རྐྱེན། ཕུགས་སུ་རྫོགས་པའི་སངས་རྒྱས་སུ་ཡེར་བཏང༌། བདག་བདེ་བའི་རྣམ་པ་ལ་གང་སྣང་བ་དེ་སེམས་ཅན་ལ་བཏང་། འཕྲལ་ཕུགས་ཀྱི་དོན་འགྲུབ་པར་བསམ། སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱོང༌། །སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལྟར་ཚིག་ཙམ་དུ་ཡང་སེམས་ཅན་གྱི་སྡིག་སྡུག་ཐམས་ཅད་བདག་ལ་སྨིན་པར་བསམ། བདག་གི་བདེ་ལེགས་ཐམས་ཅད་སེམས་ཅན་ལ་སྨིན་པར་གྱུར་ཅིག་པར་བྱ། ཐོག་མཐའ་གཉིས་ལ་སྦྱོར་བ་གཉིས་བྱ། དང་པོར་གང་བརྩམ་པའམ་སྔོན་དུ་དོན་ཡོད་པར་བྱ་བའི་ཕྱིར་གཏོང་ལེན་བྱང་ཆུབ་ཀྱི་སེམས་བསྒོམ་སྙམ་དུ་གོ་ཆ་བསྒོ། ཉལ་དུས་སམ་རྗེས་ནངས་པར་བལྟས་ལ་དེ་གྲུབ་ན་དགའ་བ་དང་རྗེས་སུ་ཡི་རང་བས་དགའ་བ་བསྒོམ། མ་གྲུབ་ན་གནོང་བསྐུར་བཤགས་གདབ་བྱ། ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཐོག་མ་མེད་པ་ནས་ད་ལྟའི་བར་གྱི་མི་བདེ་བའམ། དུཿ ཁ་ཐམས་ཅད་བདག་འཛིན་ལས་བྱུང་བས་ན་འདི་ལ་གནོད་ན་ཅིས་གནོད་ཀྱང་གནོད་པར་བྱ་སྙམ་དུ་བསྒོམ། ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ཐམས་ཅད་ཡུལ་སེམས་ཅན་ལ་བརྟེན་ནས་འབྱུང་སྟེ། འཕྲལ་གྱི་ཟས་གོས་ལ་སོགས་པའམ་ཕུགས་ཀྱི་རྫོགས་པའི་བྱང་ཆུབ་ཀྱི་ལམ། བསམ་པ་བྱང་ཆུབ་ཀྱི་སེམས། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་སེམས་ཅན་ལ་བརྟེན་ནས་རྫོགས་སུ་རུང་གི་སེམས་ཅན་མེད་ན་མི་རྫོགས་པས་བཀའ་དྲིན་དུ་བསྒོམས་ལ་གཏོང་ལེན་བསྒོམ། བཀོལ་བ་གསུམ་ལ་རྟག་ཏུ་སྦྱང༌། །ཕ་མ། མཁན་སློབ་དགེ་བའི་བཤེས་གཉེན་ལ་སོགས་པ་དྲིན་ལན་དུ་འོས་པ་དང་། སྡིག་པ་རླབས་ཆེན་རྒྱུད་ལ་ཡོད་པ་རྣམས་དང་། སྙིང་རྗེ་བས་ཕན་བཏགས་བཏགས་པ་ཚུར་གནོད་པ་བྱེད་དུ་འོང་བ་རྣམས་ལ་བརྟེན་ནས་རང་གི་ཆོས་འཆོར་སླ་བས་གསུམ་པོ་དེ་ལ་ཁྱད་པར་དུ་བཀོལ་གྱིན་གཏོང་ལེན་བསྒོམ། དཔང་པོ་གཉིས་ཀྱི་གཙོ་བོ་བཟུང༌། །རང་གི་ཆོས་ལ་སྐྱེས་བུ་དམ་པ་མི་རྣམས་ཀྱིས་མི་ཁྲེལ་བ་གང་ཟག་གི་དཔང་པོ་དང༌། རང་ཁྲེལ་མི་ཁྲེལ་ལམ་འགྱོད་མི་འགྱོད་དང་བསྟུན་ནས་བལྟས་པ་རང་རིག་པའི་དཔང་པོའོ། །གཉིས་པོ་ཚང་ནས་ཐམས་ཅད་བླང༌། །རང་ལ་དུཿ ཁ་ཀུན་འབྱུང་གཉིས་མི་མཁོ་བར་རྟོགས་ན་དྲིན་ཅན་གྱི་སེམས་ཅན་ཐམས་ཅད་ལ་ཡང་མི་མཁོ་བར་རྟོགས་པར་བྱས་ལ་སེམས་ཅན་གྱི་གཉིས་པོ་བདག་ལ་བླང༌། བདག་གི་ལུས་རིན་པོ་ཆེར་བསྒྱུར་ལ་སེམས་ཅན་ལ་བཏང་འཕྲལ་ལ་ཆོས་ཀྱི་ཆ་རྐྱེན་མ་ཚང་བ་མེད་པ་མཐར་སངས་རྒྱས་སུ་བཏང༌། དཀའ་བ་རྣམ་པ་གསུམ་ལ་བསླབ། །རང་གི་ཉོན་མོངས་པས་རྟ་བྱས་ནས་གཏོང་ལེན་བསྒོམས་ལ། དང་པོ་རྒྱུད་ལ་ཉོན་མོངས་པ་སྐྱེས་པ་ན་ངོས་ཟིན་པའམ་དྲན་པས་ཟིན་པར་དཀའ། བར་དུ་ཉོན་མོངས་པ་གཉེན་པོས་དབྲལ་བར་དཀའ། ཐ་མ་ཉོན་མོངས་པ་ཚར་ཆོད་དཀའ་བས་གསུམ་སྟེ། རྟག་ཏུ་དང་པོ་དྲན་པ། བར་དུ་བྲལ་བ། ཐ་མ་ཚར་ཅི་ཆོད་བྱ་བ་ལ་བསླབ། རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང༌། །ཆོས་བྱེད་པའི་སེམས་ཅན་ལ་བླ་མ་དམ་པ་དང་མཇལ་བ། རང་གི་རྒྱུད་བཀོལ་དུ་རུང་བ། ཟས་གོས་གནས་ཁང་ཉེ་གཡོག་ལ་སོགས་པ་མཐུན་རྐྱེན་འཛོམ་པ་གསུམ་རྒྱུའི་གཙོ་བོ་ཡིན་པ་ལ། དེ་རྣམས་མ་འཛོམས་པ་ཐམས་ཅད་བདག་ལ་བླང༌། བདག་གི་ལུས་རིན་པོ་ཆེར་བསྒྱུར་ཏེ། དགོས་འདོད་མཐའ་དག་འབྱུང་བར་སེམས་ཅན་ལ་བཏང་བས་སེམས་ཅན་ཐམས་ཅད་གནས་སྐབས་སུ་རྐྱེན་གསུམ་པོ་མ་ཚང་བ་མེད་པར་བྱས། མཐར་སངས་རྒྱས་སུ་ཡེར་བཏང༌། གཉིས་པོ་གང་བྱུང་བཟོད་པར་བྱ། །འཛོམ་ཞིང་ཕུན་སུམ་ཚོགས་པར་བྱུང་ཡང་གཏོང་ལེན་ལ་གཡེལ་བར་མི་བྱ། མ་འཛོམ་ཞིང་རྒུད་ཀྱང་དེས་ཞུམ་ནས་གཏོང་ལེན་སྒོམ་པ་བར་མི་གཅད་པར་བྱ། ཆོས་རྣམས་དགོངས་པ་གཅིག་ཏུ་འདུས། །དལ་འབྱོར་རྙེད་དཀའ། འཆི་བ་རྗེས་དྲན། ལས་རྒྱུ་འབྲས། སྲིད་པའི་ཉེས་དམིགས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས། ཕ་རོལ་ཏུ་ཕྱིན་པ་དྲུག །བདག་མེད་གཉིས་བསྒོམ་པ་ཐམས་ཅད་ཀྱི་དགོས་པ་བདག་འཛིན་འདི་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་སྤང་བ་དང༌། གཞན་གཅེས་འཛིན་གྱི་བྱང་ཆུབ་ཀྱི་སེམས་འདི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་སྒྲུབ། ཆོས་ཐམས་ཅད་ཀྱི་རྩ་བའམ་དགོངས་པ་དེ་ལས་མི་འདའ། ཤགས་ངན་མ་དགོད། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱེད་པས་ངག་ཏུ་རྩུབ་མོ་མི་འདོན། ཡུས་མི་སྒོམ། བྱང་ཆུབ་སེམས་དཔས་སེམས་ཅན་གྱི་དོན་བྱེད་པ་དེ་ལས་སམ་བྱ་རྒྱུ་བྱས་པ་ཡིན་པས་ལན་དུ། གཞན་ལ་ཡུས་ཆེ་རྒྱུ་མེད་པས་ཡུས་མི་སྒོམ། ཀོ་ལོང་མ་སྡོམ། བྱང་ཆུབ་སེམས་དཔའ་ལ་གཞན་གྱིས་ཉེས་པ་བྱས་པ་ནི་བྱང་ཆུབ་ལག་མཐིལ་དུ་གཏོད་དུ་བྱུང་བ་ཡིན་པས་དགའ་བ་བསྒོམ་གྱི་ཀོ་ལོང་མི་སྡོམ། འོར་ཆེ་སྤང༌། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱས་པ་དེ་རང་གི་ལས་སམ་བྱ་བ་བྱས་པ་ཡིན་པས་ལན་ལ་མ་རེ་ཐ་མ་འོར་ཆེའོ་བྱས་པ་ཙམ་ལ་ཡང་མི་བལྟ། འཕྲང་སྒུག་མི་བྱ། སེམས་ཅན་འདིས་བདག་ལ་ཉེས་པ་འདི་དང་འདི་བྱས་སྙམ་པའི་ངན་ལན་གྱི་འཕྲང་མ་སྒུག །གཞུང་བཟང་མི་བསྟེན། འཁོན་འཛིན་གྱི་བསམ་པ་ཐོག་མ་མེད་པ་ནས་འབྲལ་མ་མྱོང་བ་དེ་དང་གཏོང་ལེན་བྱང་ཆུབ་ཀྱི་སེམས་སྒོམ་པ་དེ་འགལ་བས་དེ་ཡང་སྤང༌། མགྱོགས་ཀྱི་རྩེ་མི་གཏོད། རང་བྱང་ཆུབ་པའི་བསྒྲུབ་བྱ་སྔོན་ལ་སྒྲུབ་པ་དང་བྱང་ཆུབ་སེམས་འགལ་བ་དེ་སྤངས། མཛོ་ཁལ་གླང་ལ་མི་འབྱོ། ཉེས་པ་ཐམས་ཅད་བདག་ཏུ་འཛིན་པ་ལས་བྱུང་བ་ཡིན་ཏེ། ཉེས་གྱོད་གཞན་ལ་མི་བཀལ། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མི་བཙལ། སྐྱིད་པའམ་བདེ་བ་འདོད་ན་དེའི་རྒྱུའམ་ཡན་ལག་ཏུ་ཚོང་དང་། བཟོ་དང་༑ སོ་ནམ་ལ་སོགས་པ་བྱེད་པ་དེའང་བདག་འཛིན་ཁོ་ནའི་ཕྱིར་བྱེད་དེ་དེས་བདེ་སྐྱིད་མི་རྙེད། རྐྱེན་ལ་ལྟོས་པ་མེད་པར་སྦྱང༌། །གཏོང་ལེན་བྱང་ཆུབ་ཀྱི་སེམས་སྒོམ་པ་ནི་རྐྱེན་ལེགས་ཤེས་སམ་ཉེས་ཤེས་ལ་ལྟོས་ནས་སྒོམ་པའི་ངེས་པ་མེད་དེ། ལེགས་པར་མཐོང་རུང་། ཉེས་པར་མཐོང་རུང་། གང་སྣང་སྣང་རྒྱུ་མཚན་དུ་བྱས་ནས་བསྒོམ། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ཆོས་གང་བསྒོམས་ཀྱང་གཏོང་ལེན་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཆ་རྐྱེན་དུ་ཁྱེར་ལ་བྱ། ལོག་ན་གཉེན་པོར་དེ་ཉིད་བསམ། །སྒོམ་སྐྱོན་ལ་སོགས་པ་བྱུང་ན་གཉེན་པོ་ལ་སོགས་པ་གཞན་ནས་མི་ཚོལ་བར་གཏོང་ལེན་ཁོ་ན་བསྒོམ། འབྲལ་མེད་གསུམ་དང་ལྡན་པར་བྱ། །ལུས་ཀྱིས་འགྲུབ་ཚད་ཕྱག་དང་བསྐོར་བ་ལ་སོགས་པ། ངག་གིས་སྨྲ་ཚད་མདོ་དང་སྙིང་པོ་ལ་སོགས་པ། ཡིད་ཀྱིས་སེམས་ཚད་ལྷ་སྒོམ་པ་ལ་སོགས་པ་གང་བྱེད་ཀྱང་དམིགས་པ་གཏོང་ལེན་ལས་མི་འདའ་བར་བྱ། ལྷ་སྒོམ་ལྟ་བུ་ལ་ས་བོན་ལ་སོགས་པའི་སྤྲོ་བསྡུ་ཐམས་ཅད་གཏོང་ལེན་བསྒོམ་ན་རྣལ་འབྱོར་གྱི་མཆོག་གོ །གཉིས་པོ་སྲོག་དང་བསྡོ་བ་ལས། །གཏོང་ལེན་གྱི་སེམས་བསྒོམ་པ་སྲོག་དང་བསྡོས་ལའང་བྱ་སྟེ། དེ་གལ་ཆེ་བའི་ཚད་དོ། །བླ་མ་དམ་པའི་གདམས་ངག་སྤྱི་དང་མཐུན། གཏོང་ལེན་བྱང་ཆུབ་ཀྱི་སེམས་ཀྱི་གདམས་པ་སྟོན་པའི་བླ་མ་ཤིན་ཏུ་གཉན་པས་དམ་ཚིག་བསྲུང་བ་ཤིན་ཏུ་དཀའ་སྟེ། སྔགས་སམ་ཕར་ཕྱིན་གྱི་གཞུང་བླ་མ་ལྔ་བཅུ་པ་ལ་སོགས་པ་གཞན་དང་མཐུན་ནོ། །སྤྱི་དོན་གསུམ་ལ་བསླབ་པར་བྱ། །གཏོང་ལེན་བསྒོམ་པ་དེའང་སྤྱིར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་མི་འགལ་བ། ཁྱད་པར་དུ་དགེ་བའི་བཤེས་གཉེན་གྱི་བཀའ་སྲོལ་དང་མི་འགལ་བ། བྱེ་བྲག་ཏུ་ཡང་རང་གི་ཁས་བླངས་ཀྱི་བསླབ་སྡོམ་ཐམས་ཅད་མི་འགལ་བར་བློ་སྦྱོང་། ཉམས་པ་མེད་པ་རྣམ་པ་གསུམ་བསྟེན། །བྱིན་རླབས་ལ་རེ་དགོས་པས་བླ་མ་ལ་དད་གུས་ཉམས་པ་མེད་པ། གོམས་པ་ལས་དབང་དུ་གྱུར་པའི་གཏོང་ལེན་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་འདུན་པ་ཉམས་པ་མེད་པ། ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཚུལ་ཁྲིམས་དག་པ་ལས་བྱུང་བ་ཡིན་པས་རང་གིས་ཁས་བླངས་པའི་བསླབ་སྡོམ་རྣམས་ཉམས་པ་མེད་པར་བློ་སྦྱང་། ཡན་ལག་ཉམས་པ་བརྗོད་མི་བྱ། །རང་གིས་དག་པར་བསྲུངས་ཀྱང་མི་སྟོངས་ཀྱང་ཆ་བས་རང་གིས་དག་པར་སྲུང་བའི་ཡན་ལག་ཡིན་པས་གཞན་ཇི་ལྟར་ཡང་ཉེས་སྐྱོན་བརྗོད་པར་མི་བྱ། གཞན་ཕྱོགས་གང་ཡང་མི་བསམ་མོ། །ལེགས་ཉེས་ཡིན་མིན་བདེ་སྡུག་ཐོག་ཏུ་བྱུང་བ་ལ་བརྟེན་ནས་དེ་ཀ་རྒྱུ་མཚན་དུ་བྱས་ཤིང་བློ་སྦྱོང་དགོས་པས། སྤང་བྱ་འདི་གཉེན་པོ་འདི་ཕྱོགས་སུ་ཆད་པ་མེད་པར་ཐམས་ཅད་ལ་བརྟེན་ལ་གཏོང་ལེན་བྱ། རེས་འཇོག་མི་བྱ། ཉམས་སད་ལྟ་བུས་བློ་མི་འབྱོངས་པས་དུས་རྟག་ཏུ་གཏོང་ལེན་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་སྙིང་ཕུར་བཏབ་པ་འདྲར་བློ་སྦྱང༌། ཡུད་ཙམ་པ་མི་བྱ། རྫོགས་པའི་སངས་རྒྱས་ནི་གྲངས་མེད་གསུམ་གྱིས་བསྒྲུབ་དགོས་པས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་ཡུད་ཙམ་མམ། ཚིག་གཅིག་གམ་བསྐལ་པ་གཅིག་ཙམ་གྱིས་མཐར་མི་ཕྱིན་པས་ཡུན་བསྲིངས་ལ་བསྒོམ། དོལ་ཆོད་དུ་སྦྱང༌༑ བདག་གི་ལུས་ལ་སོགས་པ་གཏོང་བ་དང་གཞན་གྱི་དུཿ ཁ་ཐམས་ཅད་བདག་ལ་ལེན་པ་དེ། ངས་ནུས་སམ་མི་ནུས་སྙམ་དུ་ཉམས་སད་པ་ཙམ་གྱིས་མི་ཡོང་བས། རྩ་ཕྲན་ཆད་པ་ལྟར་རམ། ཁལ་དོ་བཅད་པ་ལྟར་རམ༑ ལ་བཅད་དུ་སྦྱང༌། རྟོག་དཔྱོད་གཉིས་ཀྱིས་ཐར་བར་བྱ། །ཡང་གཏོང་ལེན་རྒྱུད་ལ་སྐྱེས་སྙམ་པའི་བརྟན་པ་ཡོད་སྙམ་བྱེད་ན་ཉོན་མོངས་པ་སྐྱེ་བའི་ཡུལ་དང་འཕྲད་པའམ། སེམས་ཅན་དུཿ ཁ་ཅན་དང་འཕྲད་པའམ། བདག་ལ་བདེ་བའམ་དུཿ ཁ་སྐྱེས་པ་ན་གཏོང་ནུས་སམ་མི་ནུས། ལེན་ནུས་སམ་མི་ནུས། ཉོན་མོངས་པའི་གཉེན་པོར་སོང་མ་སོང་སྟེང་ནས་ཞུན་ཐར་གསལ་བར་དབྱུང༌། ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ལེགས་ཉེས་ཅི་བྱུང་རུང་བདེ་སྡུག་ཅི་ལ་ཐུག་ཀྱང་། གཏོང་ལེན་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཆ་རྐྱེན་ནམ་གཏའ་མ་གྲོགས་སུ་མི་འགྱུར་བ་མེད་པས་ཅི་བྱུང་ཡང་དགའ་བ་ཁོ་ནར་བྱའི་སྡུག་བསྔལ་དུ་གྱུར་པའི་རྒྱུ་མ་གྲུབ་བོ། །འབྲས་བུ་རེ་བ་ཐམས་ཅད་སྤང༌། །གཏོང་ལེན་བྱང་ཆུབ་ཀྱི་སེམས་སྦྱངས་པ་ལ་གནས་སྐབས་ཀྱི་ཕན་ཡོན་ནམ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པར་འདོད་པའམ། དགའ་བ་བྱུང་ན་རང་གི་དོན་དུ་བདེ་བའམ་འབྲས་བུ་འགྲུབ་པ་ལ་རེ་བ་ཐམས་ཅད་སྤང༌། གནས་སྐབས་དང་མཐར་ཐུག་ཐམས་ཅད་དུ་གཞན་བདེ་དང་གཞན་ཆེད་ཁོ་ནར་བློ་སྦྱོང༌། གོ་ལོག་མི་བྱ། འདུན་པ་གོ་ལོག་མི་བྱ་སྟེ། རང་དོན་གྱི་འདུན་པ་སྤངས་ལ་གཞན་དོན་འབའ་ཞིག་ཏུ་བློ་སྦྱོང༌། སྙིང་རྗེ་གོ་ལོག་བརྙས་ཐབས་སམ་ཁྱད་གསོད་ཀྱི་སྙིང་རྗེ་སྤངས་ལ་བརྩེ་སེམས་ཀྱིས་མི་བཟོད་པ་བསྒོམ། བཟོད་པ་གོ་ལོག་རང་འདོད་ཀྱི་ཕྱིར་དུཿ ཁ་བཟོད་པ་སྤངས་ལ་གཞན་ཆེད་དུ་བྱང་ཆུབ་བསྒྲུབ་པའི་དུཿ ཁ་བཟོད་པར་བྱ། བརྩོན་འགྲུས་གོ་ལོག་འདོད་ཡོན་གྱི་ཕྱིར་སྨད་པའི་བརྩོན་པའམ་རང་དོན་གྱི་བརྩོན་པ་སྤངས་ལ། གཞན་དོན་སངས་རྒྱས་བསྒྲུབ་པའི་བརྩོན་འགྲུས་བརྩམ། རོ་མྱོང་བ་གོ་ལོག་རང་འདོད་གྲུབ་པས་དགའ་བ་སྤངས་ལ་གཞན་དོན་གྲུབ་པ་ལ་དགའ་བ་བསྒོམ། རྗེས་སུ་ཡི་རང་བ་གོ་ལོག་སེམས་ཅན་ཉེས་པ་བྱུང་བ་ལ་ཡི་རང་བ་སྤངས་ལ། བདེ་ལེགས་སུ་གྱུར་པ་ལ་ཡིད་རང་བ་བསྒོམ། གནད་ལ་མི་དབབ། སྟོབས་ལ་སོགས་པ་ཡོད་པའི་གང་ཟག་ཡིན་ན། མིའམ་མི་མ་ཡིན་པ་ལ་གཟིར་བའམ་གནད་ལ་དབབ་པ་མི་བྱ། ལྷ་བདུད་དུ་མི་དབབ། གཏོང་ལེན་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡོན་ཏན་གྱི་རང་བཞིན་ཡིན་པ་ལ། དེ་ལ་ང་རྒྱལ་བྱས་ན་སྐྱོན་གྱི་གཞི་མར་ཆ་བས་དེ་མི་བྱ། རྒྱུའི་གཙོ་བོ་ངོས་བཟུང༌། རྫོགས་པའི་སངས་རྒྱས་ཐོབ་པའི་སེམས་ཅན་རྒྱུའི་གཙོ་བོ་གཏོང་ལེན་ནམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་གྱི་ལུས་ངག་གི་མངོན་མངོན་པོས་མི་ཕན། དེས་ན་ལུས་ངག་ཏུ་མི་གདོན་ཡོངས་ཐུབ་པར་བྱའོ། །དུས་རྟག་ཏུ་བསམ་པ་གཏོང་ལེན་བྱང་ཆུབ་ཀྱི་སེམས་ལ་མ་ཡེངས་པར་བློ་སྦྱོང༌། གཏོང་ལོག་མི་བྱ། ལུས་གཞན་ལ་གཏོང་བ་དེ་ཁ་ཙམ་ཚིག་ཙམ་མིན་པས་ཞེ་ཐག་པས་བཏང༌། གཞན་གྱི་སྡིག་སྡུག་བདག་ལ་ལེན་པ་དེ་ཁ་ཙམ་ཚིག་ཙམ་མིན་པས་ཞེ་ཐག་པས་དངོས་སུ་བླངས་ལ། དེས་བདག་འགས་པའམ། འཕིར་བའམ། བརླག་པ་ཙམ་དུ་གྱུར་པར་བསྒོམ། དེ་རྣམས་བསྡུས་ནས་བསྒོམ་པ་ནི། སྟོབས་ལྔ་དག་ལ་སྦྱར་བར་བྱ། །གཏོང་ལེན་བསྒོམ་པའི་འདུན་པ་རྒྱུན་མི་འཆད་དུ་ཡིད་ལ་བྱེད་པ་ནི་འཕེན་པའི་སྟོབས་སོ། །གཏོང་ལེན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་ཕྱིར་མཆོད་པ་བསྙེན་བཀུར་གཏོར་མ་ལ་སོགས་པ་བྱེད་པ་ནི། དགེ་བའི་རྩ་བ་དཀར་པོའི་ས་བོན་བསགས་པའི་སྟོབས་སོ། །གཏོང་ལེན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་ཕྱིར་བླ་མ་དཀོན་མཆོག་ལ་སོགས་པ་ལ་གསོལ་བ་འདེབས། རང་གི་སྨོན་ལམ་རྒྱུན་དུ་འདེབས་པ་ནི་སྨོན་ལམ་གྱི་སྟོབས་སོ། །དུས་རྟག་ཏུ་གཏོང་ལེན་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་བློ་གོམས་པས་ཉམས་སུ་མྱོང་ཞིང་རང་དབང་དུ་གྱུར་པ་ནི་གོམས་པའི་སྟོབས་སོ། །གཏོང་ལེན་དེ་ལྟ་བུ་བསྒོམ་པར་མི་ནུས་སྙམ་དུ་བདག་གཅེས་འཛིན་གྱི་བློ་བྱུང་ན་དེ་ཚར་གཅོད་པ་ནི་སུན་འབྱིན་པའི་སྟོབས་སོ། །འཆི་ཁར་བསྒོམ་པ་དང་འཆི་བར་འདུག་པས་བར་དོ་ཐམས་ཅད་དུ་གཏོང་ལེན་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་ཅི་སྐྱེ་སྙམ་དུ་བསྒོམ་པ་ནི་འཕེན་པའི་སྟོབས་སོ། །ཀ་ཆ་སྤོང་ཐག་འོས་པ་ལ་གཏོང༌། མཆོད་པ། གཏོར་མ། བསྙེན་བཀུར་འོས་པ་བྱེད་པ་ལ་སོགས་པ་དཀར་པོ་དགེ་བསགས་ས་བོན་གྱི་སྟོབས་སོ། །བླ་མ་དཀོན་མཆོག་མཆོད་པ་དང༌། ཆོས་སྐྱོང་ལ་བར་དོ་མན་ཆད་དུ་གཏོང་ལེན་བྱང་ཆུབ་ཀྱི་སེམས་སྐྱེ་བར་མཛད་དུ་གསོལ་ཞེས་གསོལ་བ་འདེབས། རང་ཡང་དེ་ལྟར་སྨོན་ལམ་འདེབས་པ་སྨོན་ལམ་གྱི་སྟོབས་སོ། །འཆི་ཀའི་གདམས་པའི་གསོས་འདེབས་བྱའོ། །འདུན་པ་བསྒྱུར་ལ་རང་སོར་ཞོག །གཏོང་ལེན་སྒོམ་པ་ལ་འདུན་པ་སྒྱུར་བར་བྱེད་པ་དེ་ལྟ་བུས་ལམ་མི་ཆོད་ཟེར་བ་ལ་སོགས་པ་བྱུང་ན་རང་གི་ཤེས་པ་མི་འགྱུར་བར་བྱ་སྟེ། སངས་རྒྱས་ཀྱི་རྒྱུའི་རྩ་བའི་ངོ་བོ་ཡིན་པའི་ཕྱིར། སྙིགས་མ་ལྔ་པོ་རབ་རྒྱས་པ། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །སྙིགས་མ་ལྔའི་དུས་ཕྱིན་ཅི་ལོག་རྒྱས་པ་ཉོན་མོངས་པ་ཤས་ཆེ་བས་ཉོན་མོངས་པ་ཅི་སྐྱེས་ཐམས་ཅད་བྱང་ཆུབ་ལམ་དུ་སྒྱུར་བྱེད་པ། གཏོང་ལེན་གྱི་གྲོགས་སམ་གཏའ་མའམ། ཆ་རྐྱེན་དུ་སྒྱུར་བར་བྱེད་པའོ། །མན་ངག་བདུད་རྩིའི་ཉིང་ཁུ་འདི། །སྡེ་སྣོད་ཐམས་ཅད་ཀྱི་བཅུད་ཏིག་པའི་ཉིང་ཁུའོ། །དམ་པ་དག་ལས་བརྒྱུད་པ་ཡིན། །བྱམས་པ་ནས། གསེར་གླིང་པ། ཨ་ཏི་ཤ། དགེ་བཤེས་སྟོན་པ། པུ་ཏོ་བ། ཤ་ར་བ། མལ་གྲོ་བ། བྲག་དམར་བའོ། །དེ་རྣམས་ལ་ལྟ་བ། སྤྱོད་པ། དམ་ཚིག །ཚུལ་ཁྲིམས་ལ་སོགས་པ་གང་ལ་ཡང་སྐྱོན་ནམ་ལྷད་དམ་ཟོལ་མེད་པས་དམ་པའོ། །དེ་དག་སྙན་ནས་སྙན་དུ་བརྒྱུད་པའི་གདམས་པ། བདག་གཞན་བརྗེས་ནས་གཏོང་ལེན་གྱི་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་སྣང་གྲགས་ཡིན་མིན། ཕོག་ཐུག་ཐམས་ཅད་ཀྱི་སེམས་སྦྱོང་བའི་ཆ་རྐྱེན་དུ་ཁྱེར་ནས་བློ་སྦྱོང་བར་བྱེད་པའི་གདམས་ངག་གོ །བློ་སྦྱོང་གདམས་ངག་རྫོགས་སོ། །དགེའོ། །སརྦ་དཱ་མངྒ་ལཾ།། །།


[edit]

There are 17 subtexts included in this text

1
124-125
སྡིག་སྦྱོང་མན་ངག།
sdig sbyong man ngag
An Instruction on Purifying Negative Karma
Text page
View PDF
མཛད་བྱང་མི་གསལ་ (Uncertain)
2
125-126
ཐེག་པ་ཆེན་པོའི་ལུགས་ཀྱི་འཁོན་སྦྱོང་།
theg pa chen po'i lugs kyi 'khon sbyong
Mahāyāna Purification of Grudges
Text page
View PDF
མཛད་བྱང་མི་གསལ་ (Uncertain)
3
126-127
ཇོ་བོ་ལ་རྣལ་འབྱོར་མ་གཉིས་ཀྱིས་སེམས་སྦྱོངས་ཤིག་ཅེས་གདམས་པ།
jo bo la rnal 'byor ma gnyis kyis sems sbyongs shig ces gdams pa
Two Yoginis' Admonition to Atiśa to Train His Mind
Text page
View PDF
མཛད་བྱང་མི་གསལ་ (Uncertain)
4
127-131
ཀུ་སུ་ལུའི་ཚོགས་གསོག་གི་བློ་སྦྱོང༌།
ku su lu'i tshogs gsog gi blo sbyong
Kusulu's Accumulation Mind Training
Text page
View PDF
མཛད་བྱང་མི་གསལ་ (Uncertain)
5
131-133
སྐྱིད་སྡུག་ལམ་ཁྱེར་གྱི་བློ་སྦྱོང༌།
skyid sdug lam khyer gyi blo sbyong
Mind Training Taking Joys and Pains onto the Path
Text page
View PDF
མཛད་བྱང་མི་གསལ་ (Uncertain)
6
133-135
སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་ཀྱི་བློ་སྦྱོང༌།
sum pa lo tsA ba'i snyan brgyud kyi blo sbyong
Sumpa Lotsawa's Ear-Whispered Mind Training
Text page
View PDF
མཛད་བྱང་མི་གསལ་ (Uncertain)
7
135-146
བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་བློ་སྦྱོང༌།
byang chub sems dpa' kun tu bzang po'i blo sbyong
Bodhisattva Samantabhadra's Mind Training
Text page
View PDF
མཛད་བྱང་མི་གསལ་ (Uncertain)
8
146-164
བློ་སྦྱོང་ཐུན་བརྒྱད་མ།
blo sbyong thun brgyad ma
Eight Sessions Mind Training
Text page
View PDF
མཛད་བྱང་མི་གསལ་ (Uncertain)
9
164-174
གེགས་སེལ་བློ་སྦྱོང་།
gegs sel blo sbyong
Mind Training Removing Obstacles
Text page
View PDF
མཛད་བྱང་མི་གསལ་ (Uncertain)
10
174-187
ཇོ་བོའི་བློ་སྦྱོང་དོན་བདུན་མ།
jo bo'i blo sbyong don bdun ma
Atisa's Seven-Point Mind Training
Text page
View PDF
ཇོ་བོ་རྗེ་ཨ་ཏི་ཤ་ (Atiśa)
11
187-193
མཆིམས་ཀྱི་བློ་སྦྱོང་།
mchims kyi blo sbyong
Chim (Namkha Drak)'s Mind Training in a Single Session
Text page
View PDF
མཆིམས་ནམ་མཁའ་གྲགས་པ་ (Mchims nam mkha' grags pa)
12
193-198
རྣམ་དག་གཙུག་གི་ནོར་བུ་ལ་ཇོ་བོས་གནང་བའི་བློ་སྦྱོང་།
rnam dag gtsug gi nor bu la jo bos gnang ba'i blo sbyong
Mind Training Bestowed to Namdak Tsuknor by Atiśa
Text page
View PDF
ཇོ་བོ་རྗེ་ཨ་ཏི་ཤ་ (Atiśa)
13
198-203
དཔལ་ལྡན་བིརྺ་པའི་བློ་སྦྱོང༌།
dpal ldan bir+wa pa'i blo sbyong
Glorious Virvapa's Mind Training
Text page
View PDF
གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (Glo bo lo tsA ba shes rab rin chen)
14
203-218
བློ་སྦྱོང་ཚིག་རྐང་བརྒྱད་མ་ལོ་རྒྱུས་དང་བཅས་པ།
blo sbyong tshig rkang brgyad ma lo rgyus dang bcas pa
Eight Verses on Mind Training together with Its History
Text page
View PDF
འཆད་ཁ་བ་ ('chad kha ba)
15
218-220
ཨ་ཙརྱ་གཟུགས་ངན་གྱི་གཏམ་རྒྱུད།
a tsar+ya gzugs ngan gyi gtam rgyud
The Story of the Repulsive Mendicant
Text page
View PDF
མཛད་བྱང་མི་གསལ་ (Uncertain)
16
220-226
བློ་སྦྱོང་རྟོག་པ་འབུར་འཇོམས་ཀྱི་འགྲེལ་པ།
blo sbyong rtog pa 'bur 'joms kyi 'grel pa
A Commentary on "Leveling Out All Conceptions"
Text page
View PDF
ཇོ་བོ་རྗེ་ཨ་ཏི་ཤ་ (Atiśa)
17
226-241
ཐེག་པ་ཆེན་པོའི་བློ་སྦྱོང་།
theg pa chen po'i blo sbyong
Mahāyāna Mind Training
Text page
View PDF
མཛད་བྱང་མི་གསལ་ (Uncertain)