DNZ-13-PA-002-010: Difference between revisions

From Damngak Dzö
DNZ-13-PA-002-010
No edit summary
No edit summary
 
(2 intermediate revisions by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=།
|fulltitletib=རྡོ་རྗེ་ཕག་མོ་ཕྱི་སྒྲུབ་པའི་དབང་།
|fulltitle=rdo rje phag mo phyi sgrub pa'i dbang
|fulltitle=rdo rje phag mo phyi sgrub pa'i dbang
|fulltitletrans=Vajravārāhī Outer Practice Empowerment
|citation=Smin gling lo chen d+harma shrI. ''Rdo rje phag mo phyi sgrub pa'i dbang''. In ''Gdams ngag rin po che'i mdzod'', Vol. 13: 244-273. Kalimpong: Rigpe Dorje Publications, 2024.
|citation=Smin gling lo chen d+harma shrI. ''Rdo rje phag mo phyi sgrub pa'i dbang''. In ''Gdams ngag rin po che'i mdzod'', Vol. 13: 244-273. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitle=gdams ngag rin po che'i mdzod
|collectiontitle=gdams ngag rin po che'i mdzod
|author=smin gling lo chen d+harma shrI
|author=smin gling lo chen d+harma shrI
|authortib=སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་
|compiler='jam mgon kong sprul
|compiler='jam mgon kong sprul
|tibgenre=Empowerment Ritual - dbang chog - dbang skur
|tibgenre=Empowerment Ritual - dbang chog - dbang skur
Line 21: Line 21:
|textsubnumber=010
|textsubnumber=010
|pagenumbers=244-273
|pagenumbers=244-273
|totalpages=
|totalpages=30
|beginfolioline=
|beginfolioline=98b1
|endfolioline=
|endfolioline=113a4
|totalfolios=
|totalfolios=16
|multivolumework=No
|multivolumework=No
|rectonotes=zhi byed dbang chog
|rectonotes=zhi byed dbang chog
|versonotes=zhi byed skor
|versonotes=zhi byed skor
|colophontib=
|tsadradnztrans=DNZ-Tsadra-13-016
|colophonwylie=
|pdflink=File:DNZ-13-PA-002.pdf
|pdflink=File:DNZ-13-PA-002.pdf
|authortib=སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་
|InitCategories=Damngak Rinpoché Dzö; DNZ-Volume-13-PA; DNZ-13-PA-002
|InitCategories=Damngak Rinpoché Dzö; DNZ-Volume-13-PA; DNZ-13-PA-002
}}
}}

Latest revision as of 15:15, 4 November 2025

Vajravārāhī Outer Practice Empowerment
Rigpe Dorje Publications, 2024
Wylie title rdo rje phag mo phyi sgrub pa'i dbang
Location gdams ngag rin po che'i mdzod
Volume 13, Text 2, Subtext 10, Pages 244-273 (Folios 98b1 to 113a4)
Author སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་
Citation Smin gling lo chen d+harma shrI. Rdo rje phag mo phyi sgrub pa'i dbang. In Gdams ngag rin po che'i mdzod, Vol. 13: 244-273. Kalimpong: Rigpe Dorje Publications, 2024.
Side notes Recto: zhi byed dbang chog   Verso: zhi byed skor
More details More details
Genre Empowerment Ritual - dbang chog - dbang skur
[edit]
༈ །།ༀ་སྭ་སྟི། ན་མོ་བྷ་ག་ཝ་ཏཱི་བཛྲ་ཡོ་གི་ནྱེ། རྡོ་རྗེ་ཕག་མོ་ཕྱི་སྒྲུབ་ཞལ་གཉིས་མ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། ཐོག་མར་བཤམས་བཀོད་ནི། སྟེགས་བུའི་སྟེང་དཀྱིལ་འཁོར་རྒྱས་པར་སྒོ་རྫོགས་སྤྱི་དང་འདྲ་བའི་དབུས་སམ། བསྡུ་ན་མེའི་འོད་ཕྲེང་དང་རྡོ་རའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ནང་དུ་ཆོས་འབྱུང་བསྣོལ་མའི་ལྟེ་བར་གྲི་ཐོད་དམ་བཾ་ཡིག་དམར་པོ་ཟུར་དྲུག་ལ་དགའ་འཁྱིལ་གཡོན་དུ་འཁོར་བ་རེ། འདབ་མ་བརྒྱད་ལ་ཅང་ཏེའུ་རེ་བྲི༑ དེའི་དབུས་སུ་མཉྫིའི་སྟེང་བུམ་པ་བཅུད་ལྡན་ཆས་སུ་བཅུག་པའི་ཁར་ཀ་པཱ་ལར་འདི་ནི་དེ་ལྟ་ཕྱག་ལེན་མཛད་པའི་དབང་ཆོག་ལྟར་ཏེ། ཡིག་རྙིང་ལ་ལར་བུམ་པའི་གཡས་སུ་ཐོད་ཆང་དང༌། གཡོན་དུ་སིནྡྷུ་རའི་མཎྜལ་འགོད་པར་བཤད་པའང་སྣང་ངོ༌། །ཆང་ལ་བདུད་རྩི་སྦྱར་བས་བཀང་བ་བཀོད། དར་དམར་དང་མེ་ལོང་སིནྡྷུ་རའི་ཆོས་འབྱུང་བསྣོལ་མའི་ལྟེ་བར་བཾ་ཡིག་ལ་རྩ་སྔགས་ཀྱིས་བསྐོར་བ་བྲིས་པས་ཁ་བཅད། སྟེང་ན་དར་དམར་གྱིས་བཀབ། མཐའ་མཆོད་པ་དང་གཏོར་མ་ཚོགས་ཀྱི་ཡོ་བྱད་སོགས་ཀྱིས་བསྐོར། ནང་མཆོད་ཌཱ་དྲིལ་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་འདུ་བྱའོ། །དེ་ནས་སྒྲུབ་མཆོད་ནི། སྔོན་གཏོར་བསང་སྦྱངས། ༀ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ས་བྱིན་གྱིས་བརླབ། འབར་བའི་རྒྱ་དང་བཅས་གཏོར་མགྲོན་དགུག །ཨ་ཀཱ་རོ་བདུན་ནམ་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་སོགས་ཀྱིས་དཀར་ཕྱོགས་པ་རྣམས་དང༌༑ གསང་སྤྱོད་བལྟ་བར་མི་དབང་བའི། །འབྱུང་པོའི་ཕྱོགས་རྣམས་གང་ཡིན་པ། །གཏོར་མའི་ལྷག་མ་འདི་ལོངས་ལ། །ད་ལྟ་ཉིད་དུ་གཞན་དུ་དེངས། །དྲག་སྔགས་དང་བཅས་པས་གཏོར་མ་ཕྱིར་དོར། དེ་ནས་སྐྱབས་ཡུལ་གསལ་བཏབ་ལ། འགྲོ་རྣམས་བསྒྲལ་འདོད་སོགས་ཀྱིས་སྐྱབས་སུ་འགྲོ། ཤེས་རབ་སྙིང་རྗེ་སོགས་ཀྱིས་སེམས་བསྐྱེད། རང་གི་སྤྱི་བོར་པད་ཉི་ཟླ་བར་རྡོར་སེམས་དཀར་པོ་ཞི་འཛུམ་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡས་བརྐྱང་བའི་ཕྱེད་སྐྱིལ་གྱིས་བཞུགས་པའི་ཐུགས་ཀར་ཧཱུྃ་ཡིག་དཀར་པོ། དེ་ལས་བདུད་རྩིའི་རྒྱུན་གཡས་ཀྱི་མཐེ་བོང་ལས་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམས་ལ། ཡིག་བརྒྱ་བཟླས་མཐར་རྡོར་སེམས་འོད་དུ་ཞུ་ནས་རང་ལ་བསྟིམ་མོ། །དེ་ནས་ཡན་ལག་བྱིན་གྱིས་བརླབ་པ་ནི། རང་གི་ལག་པ་གཡོན་པའི་མཐེའུ་ཆུང་ལ་ༀ་བཾ་དམར་པོ། སྲིན་ལག་ལ་ཧྃ་ཡྃ་སྔོན་པོ། གུང་མོར་ཧྲཱ་མྃ་དཀར་མོ། མཛུབ་མོར་ཧྲ་ཧྲ་སེར་མོ། མཐེ་བོང་ལ་ཧཱུྃ་ཧཱུྃ་ལྗང་གུ༑ ལག་མཐིལ་དུ་ཕཊ་ཕཊ་དུད་ཁ་རྣམས་གྲུབ་པར་གྱུར། སྲིན་ལག་གཡོན་པས་ནང་མཆོད་སྟེང་ཆོས་འབྱུང་འབྲི་ཚུལ་བྱ་ཞིང༌། ཀ་པཱ་ལའི་གཡས་ཟུར་དུ་རེག་པས་ༀ་དཀར་པོ། གཡོན་ཟུར་དུ་རེག་པས་ཨཱཿ དམར་པོ། མདུན་ཟུར་དུ་རེག་པས་ཧཱུྃ་སྔོན་པོ། དབུས་སུ་རེག་པས་བཾ་དམར་པོ། བཾ་ལས་འོད་ཟེར་འཕྲོས། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་སྤྱན་དྲངས། སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩི་བབས་པ་བཾ་ལ་ཐིམ། བཾ་ཡིག་ཞུ་བ་བདུད་རྩི་ལ་ཐིམ་པས་ནང་མཆོད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། གཡོན་པའི་སྲིན་ལག་གིས་ༀ་ཨཱཿ ཧཱུྃ་ཞེས་རང་ལུས་ལ་རྡོ་རྗེའི་ཁྲུས་བྱས་པར་གྱུར།སུམྦྷའི་སྔགས་ཀྱིས་མཆོད་རྫས་ལ་གཏོར་བས་བསང་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ཞུ་བ་ལས། མཆོད་རྫས་ཡེ་ཤེས་ཀྱི་བདུད་རྩི་ས་དང་བར་སྣང་ཐམས་ཅད་ཡོངས་སུ་གང་བར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿ ཧཱུྃ་ནས་ཤབྡའི་བར་བརྗོད། དེ་ནས་བསྲུང་བ་ནི། གཡོན་པའི་སྲིན་ལག་གིས་ལུས་ཀྱི་གནས་དྲུག་ཏུ་བདུད་རྩི་འཐོར་ཞིང་རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་ལྟེ་བར་ༀ་བྃ་དམར་པོ། སྙིང་གར་ཧྃ་ཡྃ་སྔོན་མོ། མགྲིན་པར་ཧྲཱ་མྃ་དམར་མོ། དཔྲལ་བར་ཧྲ་ཧྲ་སེར་མོ། སྤྱི་བོར་ཧཱུྃ་ཧཱུྃ་ལྗང་གུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་རྣམས་དཔའ་མོ་དྲུག་གི་རང་བཞིན་དུ་གྱུར། ཅེས་པས་བདག་དང་རྣལ་འབྱོར་བསྲུང་བའོ། །བདུད་རྩི་ཕྱོགས་གཡོན་དང་མཚམས་གཡས་བསྐོར་དུ་འཐོར་ཞིང༌། ༀ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲིཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཕཊ། ཅེས་ལན་གཉིས་དང༌། ཕྱོགས་ཀུན་འཐོར་ཞིང༌། ཨ་ཧྲཱཿ གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཧཱུྃ་ཕཊ། ཅེས་བརྗོད་པས་བདུད་རྩིའི་ཟེགས་མ་དཔའ་མོ་དྲུག་དང་ཌཱ་ཀི་དཔག་ཏུ་མེད་པར་གྱུར་པས་བགེགས་ཐམས་ཅད་བསྐྲད། ཚུར་འདུས་པ་ལས་ཕྱོགས་ཐམས་ཅད་ཌཱ་ཀི་མའི་རང་བཞིན་གྱི་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་འབར་བས་བཅིངས་པར་གྱུར། བདུད་རྩི་འཐོར་ཞིང་ༀ་བཛྲ་རཀྵ་རཀྵ་ཧཱུྃ། ༀ་ཨཱཿ ཧཱུྃ༑ ཞེས་བརྗོད་དེ་གནས་བསྲུང་བའོ། །དེ་ནས་བདག་བསྐྱེད་ལས། སྦྱོར་བ་ཚོགས་བསགས་པ་ནི། རང་གི་ལྟེ་བའི་བཾ་ལས་འོད་ཟེར་འཕྲོས་བླ་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སད་པར་གྱུར། བླ་མ་རྡོ་རྗེ་འཛིན་པ་དང༌། །ཡི་དམ་རྡོ་རྗེ་རྣལ་འབྱོར་མ། །ཌཱ་ཀིའི་ཚོགས་དང་བཅས་པ་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །དངོས་སུ་བཤམས་པའི་མཆོད་པ་དང༌། །ཏིང་འཛིན་ཡིད་ཀྱིས་སྤྲུལ་པ་དང༌། །ཕྱོགས་བཅུ་གང་བའི་མཆོད་རྫས་རྣམས། །བློ་ཡིས་བླངས་ཏེ་དབུལ་བར་བགྱི། །སྐྱེ་བ་འདི་དང་གཞན་དག་ཏུ། །བདག་གིས་བགྱིས་དང་བགྱིད་སྩལ་བ། །རྗེས་སུ་ཡི་རང་བགྱིས་པ་ཡི། །སྡིག་པ་མ་ལུས་མཐོལ་ཞིང་བཤགས། །བླ་མ་སངས་རྒྱས་སྲས་བཅས་དང༌། །ཕན་མཛད་རྣམས་ཀྱི་དགེ་བ་གང༌། །ཉན་ཐོས་རང་རྒྱལ་ཚོགས་བཅས་ལ། །དང་བས་རྗེས་སུ་ཡི་རང་ངོ༌། །སེམས་ཅན་རྣམས་ལ་ཕན་དོན་དུ། །ཁྱེད་ཀྱི་ཐུགས་རྗེ་ཆེར་དགོངས་ཏེ། །དབང་པོའི་རིམ་པ་དང་སྦྱར་ནས། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །སྔོན་ནས་འབྲེལ་བའི་ཡི་དམ་ལྷ། །སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༌། །ཐུགས་རྗེས་གཟུགས་ཀྱི་སྐུར་བསྟན་ནས༑ ༑མྱ་ངན་མི་འདའ་བཞུགས་སུ་གསོལ། །གདུལ་བྱའི་བསམ་པ་རྫོགས་མཛད་པ། །ཁྱེད་ལ་གུས་པས་གསོལ་འདེབས་ན། །སྒྲུབ་པ་པོ་ལ་བྱིན་གྱིས་རློབས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཞེས་དང༌། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །བཏང་སྙོམས་མཆོག་ལ་གནས་པར་ཤོག །ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། དེ་དག་བསོད་ནམས་ཀྱི་ཚོགས་སོ། །ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ༀ་བཛྲ་ཤུདྡྷཿ སརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ༀ་ཡོ་ག་ཤུདྡྷཿ སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་དག་པ་གསུམ་གྱི་སྔགས་བརྗོད་པས་ལུས་ངག་ཡིད་གསུམ་སྦྱངས་ཤིང་གཞི་ལམ་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར་པར་བསམ་པ་ཡེ་ཤེས་ཀྱི་ཚོགས་སོ། །དངོས་གཞི་ནི། སྟོང་པའི་ངང་ལས་རང་ལུས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་རྫོགས་པ། ཕྱི་རོལ་དུར་ཁྲོད་བརྒྱད་སྲུང་འཁོར་དང་བཅས་པས་ཡོངས་སུ་བསྐོར་བའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཆོས་འབྱུང་ཉིས་བརྩེགས་དེའི་ནང་དུ་གསང་སྔགས་ཀྱི་ཡིག་འབྲུ་དང་སེམས་ལྷ་སྐུའི་རྣམ་པར་གྱུར་པ་ནི། པཾ་ལས་པདྨའི་ལྟེ་བར་མི་རོ་སེར་པོ་མགོ་གཡོན་དུ་བསྟན་པའི་སྙིང་གར་ༀ་ལས་ཉི་མའི་དལ། དེའི་སྟེང་དུ་བཾ་དམར་པོ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། རྩ་ཞལ་ཁྲོ་ཆགས་འདྲེས་པའི་རྣམ་པ་ཅན། གཡས་ཞལ་ཕག་གདོང་ཁྲོ་ཞིང་གྱེན་དུ་ཕྱོགས་པ། ཞལ་གཉིས་ཀ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་རྡོ་རྗེ་གྲི་གུག་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། མཆན་ཁུང་གཡོན་དུ་ཁ་ཊྭཱཾ་ག་དཀར་པོ་གྱེན་དུ་སྒྲེང་བ། གཅེར་བུ་སྐྲ་གྲོལ་བ། ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་འཕྱང་བ། མི་རུས་ཀྱི་ཕྱག་རྒྱ་ལྔས་བརྒྱན་པ། བཅུ་དྲུག་ལོན་པ་ལྟར་ལང་ཚོ་དར་ལ་བབས་པ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་སྒེག་ཅིང་རོལ་བའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་བཾ། བཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་མ་ལ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ། འབར་རྒྱ་དཔྲལ་བར་བསྐོར་ཞིང་ཕ་ཞེས་སྤྱན་དྲངས། ཛཿ ཧཱུྃ་བཾ་ཧོཿ ས་གཉིས་སུ་མེད་པར་གྱུར། ལྟེ་བར་ༀ་བྃ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧྃ་ཡྃ་སྔོན་མོ་གཤིན་རྗེ་མོ༑ མགྲིན་པར་ཧྲཱ་མྃ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲ་ཧྲ་སེར་མོ་སྐྱོད་བྱེད་མ། སྤྱི་བོར་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ་རྣམས་སུ་གྱུར། སླར་ཡང་བཾ་ལས་འོད་ཟེར་འཕྲོས་དབང་གི་ལྷ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་ཕ། བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བདུད་རྩིས་གང་བའི་སྣོད་ཐོགས་ཏེ། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ། དེ་ལྟར་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་གསལ་སྟོང་འཛིན་མེད་ཀྱི་ངང་ལ་མཉམ་པར་བཞག །དེས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། ལྟེ་བའི་བཾ་ལས་སྔགས་ཀྱི་འོད་ཟེར་ཁ་དོག་དམར་པོ་བྱུང་བ་དྷཱུ་ཏི་བརྒྱུད་དེ་ཞལ་ནས་འཐོན། འཕགས་པ་མཆོད་ཅིང་སེམས་ཅན་གྱི་དོན་བྱས་ཚུར་འདུས་ལྟེ་བའི་བཾ་ལ་ཐིམ་པས་སྡིག་སྒྲིབ་དག་ཅིང་དངོས་གྲུབ་ཐོབ་པར་བསམས་ལ། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྣ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་དང་པོར་ངག་བཟླས་དང་ཕྱི་ནས་ཡིད་བཟླས་སམ་འགོག་པའི་བཟླས་པ་ཅི་རིགས་པར་བྱའོ། །དེས་སྐྱོ་ན་ལྟེ་བའི་བཾ་ཡིག་ལས་སྤྲོས་པའི་མཁའ་འགྲོ་མའི་ཚོགས་ཀྱིས་མཆོད་བསྟོད་ཀྱི་ལས་མཛད་པར་མོས་ལ། ༀ་བཛྲ་ཝཱ་ར་ཧི་ས་པ་རཱི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པཱདྱཾ་ནས། ཤབྡའི་བར་བཅུག་པས་ཕྱི་མཆོད། ༀ་ཨཱཿ ཧཱུྃ་གིས་ནང་མཆོད་ཕུལ། རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ། །ཧེ་རུ་ཀ་དང་ཡང་དག་སྦྱོར། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །ཧཱུྃ་དང་ཕཊ་ཀྱི་འབྲུག་སྒྲ་ཅན། །ཁྲོ་བའི་གཟུགས་ཀྱིས་ཁམས་གསུམ་འཇོམས། །མ་ལུས་གདུག་པ་སྲེག་པར་བྱེད། །ཡིད་འོང་དངོས་གྲུབ་ཀུན་སྟེར་བའི། །ཕག་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས་མཁའ་འགྲོ་མ་རྣམས་ལྟེ་བའི་བཾ་ལ་ཐིམ་པར་གྱུར། དེ་ནས་མདུན་བསྐྱེད་ནི་དལ་བསང་སྦྱངས། སྟོང་པའི་ངང་ལས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུར་ཁྲོད་ཆེན་པོ་བརྒྱད་དང་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་འབར་བས་ཡོངས་སུ་བསྐོར་བའི་ནང་དུ་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྟ་བབས་བཞིས་བརྒྱན་པ༑ མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཆོས་འབྱུང་ཉིས་བརྩེགས་ཀྱི་ནང་དུ་པཾ་ལས་པདྨ་ལ་གནས་པའི་མི་རོ་སེར་པོ་མགོ་གཡོན་དུ་བསྟན་པའི་སྙིང་གར་ༀ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་བཾ་དམར་པོ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་རྩ་ཞལ་ཁྲོ་ཆགས་འདྲེས་པའི་ཉམས་ཅན། གཡས་ཞལ་ཕག་གདོང་ཁྲོ་ཞིང་གྱེན་དུ་ཕྱོགས་པ། ཞལ་གཉིས་ཀ་ལ་སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། མཆན་ཁུང་གཡོན་དུ་ཁ་ཊྭཱཾ་ག་དཀར་པོ་གྱེན་དུ་བསྒྲེང་བ། གཅེར་བུ་སྐྲ་གྲོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་འཕྱང་བ། མི་རུས་ཀྱི་ཕྱག་རྒྱ་ལྔས་བརྒྱན་ཅིང་བཅུ་དྲུག་ལོན་པ་ལྟར་ལང་ཚོ་དར་ལ་བབས་པ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་སྒེག་ཅིང་རོལ་བ། འདབ་མ་བརྒྱད་ལ་ཤར་དུ་ཁྭ་གདོང་མ་སྔོན་མོ། བྱང་དུ་འུག་གདོང་མ་ལྗང་གུ། ནུབ་ཏུ་ཁྱི་གདོང་མ་དམར་མོ། ལྷོར་ཕག་གདོང་མ་སེར་མོ། མེར་གཤིན་རྗེ་བརྟན་མ། བདེན་བྲལ་དུ་ཕོ་ཉ་མོ། རླུང་དུ་གཤིན་རྗེ་མཆེ་བ་མ། དབང་ལྡན་དུ་གཤིན་རྗེ་འཇོམས་མ་རྣམས་ཕྱེད་གཟུགས། བརྒྱད་ཀའང་ཞལ་གཅིག་ཕྱག་གཉིས་ཅང་ཏེའུ་དང་ཐོད་ཁྲག་ཁ་ཊྭཱཾ་ག་འཛིན་པ༑ རའི་གདན་ལ་ཕྱེད་སྐྱིལ་གྱིས་རོལ་པ། རྒྱན་ཆ་ལུགས་གཙོ་མོ་དང་མཐུན་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་བཾ། བཾ་ལས་འོད་ཟེར་འཕྲོས། རྗེ་བཙུན་རྡོ་རྗེ་ཕག་མོ་ལྷ་དགུའི་དཀྱིལ་འཁོར་ལ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་ཕ་ཞེས་འབར་རྒྱ་དང་བཅས་སྤྱན་དྲངས། ཛཿ ཧཱུྃ་བཾ་ཧོཿ ས་གཉིས་སུ་མེད་པར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་ལྟེ་བར་ༀ་བཾ་དམར་མོ་རྡོ་རྗེ་ཕག་མོ༑ ཞེས་པ་ནས་མི་བསྐྱོད་པའི་ངོ་བོ་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པར་གྱུར་གྱི་བར་བདག་བསྐྱེད་ལྟར་བྱས་རྗེས། ལྷ་སྐུ་གསལ་སྟོང་གི་ངང་ལ་ཅི་གནས་སུ་མཉམ་པར་བཞག །ལྟེ་བའི་བཾ་ཡིག་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ནས་རྗེ་བཙུན་མའི་གོ་འཕང་ལ་བཀོད། ཚུར་འདུས་ལྟེ་བའི་བཾ་ལ་ཐིམ་པར་བསམ་ལ། ༀ་གསུམ་བཟླས་པ་ཅི་འགྲུབ་བྱ། དེ་ནས་མཆོད་པ་བསང་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་རྣམས་བཟང་ཞིང་རྒྱ་ཆེ་བ། དྭངས་ཤིང་ཐོགས་པ་མེད་པ། ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿ ཧཱུྃ་ནས་ཤབྡའི་བར་བརྗོད་པས་བྱིན་གྱིས་བརླབས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས། །མཆོད་རྫས་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །མཆོག་ཏུ་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་བཛྲ་ཝཱ་ར་ཧཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་གྱིས་མཆོད། ནང་མཆོད་བསང་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་ལ་གནས་པའི་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ་རྣམས། བྷྲུཾ་ཁཾ་ཛྲ་ཁྃ་ཧཱུྃ་ཡེ་ཤེས་ལྔའི་ངོ་བོས་མཚན་པའི་སྟེང་དུ་ༀ་དཀར་པོ་མགོ་ཐུར་དུ་བསྟན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་ཁར་པཾ་ལས་ཁ་ཊྭཱཾ་ག་དཀར་པོ་པཾ་གྱིས་མཚན་པ། རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་བའི་རླངས་པས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་སྤྱན་དྲངས། སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་སེམས་བབས་པ་པཾ་ཡིག་ཁ་ཊྭཱཾ་ག་དང་ཟླ་བ་ༀ་བཅས་ལ་ཐིམ་པས་རིམ་བཞིན་འོད་དུ་ཞུ་ནས་བདུད་རྩི་ལ་ཐིམ་པས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ཞེས་མང་དུ་བརྗོད་པས་བརླབས་ལ། གཡོན་པའི་མཐེབ་སྲིན་གྱིས་བླངས་ནས། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿ ཧཱུྃ། རྡོ་རྗེ་ཕག་མོ་ལྷ་དགུའི་དཀྱིལ་འཁོར་གྱི་ཞལ་དུ༴ ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པའི་ཞལ་དུ༴ ཆོས་བདག་མཁའ་འགྲོ་སྡེ་ལྔ། ཞིང་སྐྱོང་ཀུན་ཏུ་རི་ཀ །བཀའ་སྲུང་མཁའ་འགྲོ་སྡེ་བཞི། ཡོན་བདག་ནོར་བུ་བཟང་པོ། ཀླུ་ཆེན་བཏང་བཟུང༌། གཞི་བདག་གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ༴ ཁམས་གསུམ་གྱི་སེམས་ཅན་རྗེ་བཙུན་མའི་ངོ་བོར་རྣམ་པར་དག་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿ ཧཱུྃ། འབྲུ་གསུམ་བརྗོད་པས་རང་གི་གནས་གསུམ་དུ་རེག་ཅིང་བདུད་རྩི་མྱོང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་འཁྱུད་རྒྱ་བྱས། གསང་མཆོད་ཕུལ། བསྟོད་པ་ནི། ལྟེ་བའི་དབུས་ན་རྣལ་འབྱོར་མ། །ཞེ་སྡང་གཅོད་མཛད་སྒྲུབ་པ་མོ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་ཕག་མོར་ཕྱག་འཚལ་བསྟོད། །མེ་དཔུང་འབར་བའི་ལྟེ་དབུས་ན། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །བདེ་བའི་བདེ་ཆེན་བདེ་སྟེར་མ། །སངས་རྒྱས་ཡུམ་ལ་ཕྱག་འཚལ་བསྟོད། །དྷཱུ་ཏི་འོད་ཀྱི་རང་བཞིན་ལ། །རྩ་བ་ལྟ་བུ་ཉིད་ལ་བཞུགས། །ཞུ་བ་རང་བཞིན་བདེ་ཆེན་མ། །བདེ་སྟེར་ཡུམ་ལ་ཕྱག་འཚལ་བསྟོད། །དངོས་པོ་གཤིས་ཀྱི་དོན་སྟོན་མ། །སྐུ་གསུམ་དབྱེར་མེད་བཞུགས་པའི་ངང༌། །བདེ་བ་ཆེན་པོའི་ངོ་བོ་ཉིད། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །བདེ་ཆེན་སྣ་འདྲེན་མཁའ་འགྲོ་མ། །དུ་མ་རོ་གཅིག་དོན་གཅིག་སྟོན། །སྣང་སྟོང་དབྱེར་མེད་ངོ་བོ་ཉིད། །ཡེ་ཤེས་མཁའ་འགྲོར་ཕྱག་འཚལ་བསྟོད། །བདུད་བཞིའི་དམག་ལས་རབ་རྒྱལ་ཞིང༌། །བདེ་ཆེན་བྱིན་གྱིས་རློབ་མཛད་མ། །རྩ་རླུང་ཐིག་ལེའི་ངོ་བོ་ཉིད། །ལས་ཀྱི་མཁའ་འགྲོར་ཕྱག་འཚལ་བསྟོད། །བདུད་དང་ལོག་འདྲེན་ཞི་མཛད་ཅིང༌། །བར་ཆད་འདུལ་བའི་བྱིན་རླབས་ཅན། །མཐུ་དང་རྫུ་འཕྲུལ་ངོ་བོ་ཉིད། །འཇིག་རྟེན་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་ནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། རོལ་མོ་དང་བཅས་པས། ཧཱུྃ། བདེ་བ་ཆེན་པོའི་གཞལ་ཡས་ནས། །བླ་མ་རྗེ་བཙུན་སྤྱན་འདྲེན་གྱི། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །ཡི་དམ་ལྷ་ཚོགས་སྤྱན་འདྲེན་གྱི། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །རྡོ་རྗེ་རིགས་ཀྱི་ཞིང་ཁམས་ནས། །རྡོ་རྗེ་མཁའ་འགྲོ་སྤྱན༴ འཁོར་དང་བཅས་ཏེ་གཤེགས༴ རིན་ཆེན་རིགས་ཀྱི་ཞིང་ཁམས་ནས། །རིན་ཆེན་མཁའ་འགྲོ་སྤྱན་འདྲེན་གྱི། །འཁོར་དང་བཅས་ཏེ༴ པདྨ་རིགས་ཀྱི་ཞིང་ཁམས་ནས། །པདྨ་མཁའ་འགྲོ་སྤྱན་འདྲེན་གྱི། །འཁོར་དང་བཅས་ཏེ༴ ལས་ཀྱི་རིགས་ཀྱི་ཞིང་ཁམས་ནས། །ལས་ཀྱི་མཁའ་འགྲོ་སྤྱན་འདྲེན་གྱི། །འཁོར་དང་བཅས་ཏེ༴ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༑ ༑ཆོས་སྐྱོང་སྲུང་མ་སྤྱན་འདྲེན་གྱི། །འཁོར་དང་བཅས་ཏེ༴ ས་འོག་ས་སྟེང་ས་བླ་ནས། །གནས་གསུམ་མཁའ་འགྲོ་སྤྱན་འདྲེན་གྱི། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །འབར་བའི་རྒྱ་དང་བཅས་ཕ། ༀ་ཨཱ་རལླི་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲ་ཤྱ་ཧོཿ ཛཿ ཧཱུྃ་བཾ་ཧོཿ ཞེས་གཏོར་མགྲོན་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་མོས་ལ། རྡོར་ཐལ་ཕྱེད་པའི་རྒྱ་དང་བཅས། ༀ་གསུམ་མའི་མཐར་པུཥྤཾ་བ་ལིཾ་ཏ་ཨི་དཾ་གྲྀཧྞ་གྲྀཧྞ་མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་ལྔའམ་གསུམ་གྱིས་བླ་མ་དང་ཡི་དམ་ལ་ཕུལ། ༀ་ཧྲཱ་ཧྲཱ་ཧཾ་ཧཾ་ཧེ་ཧེ་ཧ་ཧ་ཧི་ཧི་ཕ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཆོས་སྐྱོང་དང་ལས་ཀྱི་མཁའ་འགྲོར་ཕུལ། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷཱུ་ཏ། པྲེ་ཏ་པི་ཤཱ་ཙ། ཨུནྨཱ་དཱ། ཨ་པ་སྨཱ་ར། ཌཱ་ཀཱ་ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལཾ་གྲྀཧྞཱནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཙྪནྟུ། ཡ་ཐེ་བཾ། ཡ་ཐཻཥྛཾ། བྷུཉྫ་ཐཱ། ཛི་གྷྲ་ཐཱ། པི་བ་ཐཱ། མ་ཏི་ཀྲ་མ་ཐཱ། མ་མ་སརྦ་ཀརྟཱ་ཡ༑ སད་སུ་ཁཾ། བི་ཤུདྡྷ་ཡེ། ས་ཧཱ་ཡི་ཀ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་ལ་ཕུལ། གཞི་བདག་ལ་ཨ་ཀཱ་རོས་བསྔོས་ལ། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད་ནས། བླ་མ་དཀོན་མཆོག་ཡི་དམ་ལྷ༑ ༑མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང༌། །ལྷ་ཀླུ་འཇིག་རྟེན་སྐྱོང་བ་དང༌། །གནོད་སྦྱིན་འབྱུང་པོ་སྲིན་པོ་དང༌། །ཡི་དྭགས་ཤ་ཟ་བརྗེད་བྱེད་དང༌། །སྨྱོ་བྱེད་མཁའ་འགྲོ་ལུས་སྲུལ་ཀུན། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ༑ ༑བདག་གི་བླ་མ་དམ་པ་དང༌། །བདག་ཅག་འཁོར་དང་བཅས་རྣམས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ། དེ་ནས་བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཚང་བ་ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཆོས་འབྱུང་ཉིས་བརྩེགས་ནང་དུ། ཞེས་པ་ནས། རྒྱན་དང་ཆ་ལུགས་གཙོ་མོ་དང་མཐུན་པའོ། །ཞེས་པའི་བར་གྱིས་ལྷ་དགུ་མདུན་བསྐྱེད་ལྟར་བསྐྱེད། ལས་བུམ་དུ་པད་ཉི་རའི་གདན་ལ་ཧཱུྃ་ལས་ཁྲོ་བོ་བགེགས་མཐར་བྱེད་སྔོན་པོ་རྡོ་རྗེ་དང་སྡིགས་མཛུབ་ཅན་སྟག་ཤམ་དང༌། སྦྲུལ་དང༌། རུས་པས་བརྒྱན་པའི་སྐུར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་བར་ༀ་ཞེས་པ་ནས། མི་བསྐྱོད་པའི་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པར་གྱུར། ཞེས་པའི་བར་སྔར་ལྟར་བྱས་རྗེས། ༀ་བཛྲ་ཝཱ་ར་ཧི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང༌། །ཞེས་སོགས་ཀྱིས་བསྟོད། རང་གི་སྙིང་ག་ནས་སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ལྷའི་ཐུགས་དམ་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། གཟུངས་ཐག་ལ་འཇུས་ཏེ། རྣམ་བུམ་ལ་ༀ་གསུམ་མ་དང༌། ཨ་བྷི་ཥེ་ཀ་ཏ། ལས་བུམ་དུ་སུམྦྷ་བཟླས་ལ། ༀ་ཨཱཿ ཧཱུྃ་གིས་མཆོད་ཡོན་ཕུལ་ལ། ལྷ་འོད་དུ་ཞུ་ནས་བུམ་ཆུ་ནུས་ལྡན་དུ་གྱུར། དེ་ནས་ཚོགས་རྫས་རྣམས་ནང་མཆོད་ལྟར་བྱིན་གྱིས་བརླབས། ཚོགས་ཞིང་གི་མགྲོན་རྣམས་ཕ་ཞེས་སད་པར་མོས་ལ། ཕྱག་བྱས་བླ་མ་དཀོན་མཆོག་གི་དྲུང་དུ་རྣམ་ལྔ་འདོད་པའི་རྒྱས་ཆང་ཕུད་དབུལ་ཞིང༌། དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པའི། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །ཞེས་བརྗོད་ནས། ཚོགས་ཕུད་གཏོར་མར་བྲན་ཞིང་ནང་མཆོད་གཏོར་ལ། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་འདོད་པའི་ཡོན་ཏན་ལྔ། །བླ་ན་མེད་པའི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ༀ་གུ་རུ་བཛྲ་བཱ་ར་ཧི་ཌཱ་ཀ་ཌཱ་ཀི་ནཱི་ཤྲཱི་དྷརྨཱ་པཱ་ལ་ས་པ་རི་ཝཱ་ར་ཨ་མྲྀ་ཏ་པཱུ་ཛ་ཧོཿ མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཧོཿ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཞེས་ཕུལ་ནས། ན་མོ། བླ་མ་དཀོན་མཆོག་གསུམ་དང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་འདིར་འདུས་པ་རྣམས་ཀྱིས་ཐོག་དྲངས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི་རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱི་དམ་ཚིག་ཉམས་ཆག་ཞིག་རལ་དུ་གྱུར་པ་ཐམས་ཅད་ཚོགས་ཀྱི་འཁོར་ལོ་འདི་ལ་བརྟེན་ནས་སོར་ཆུད་པ་དང༌། སྡིག་སྒྲིབ་དག་ཅིང་ཚོགས་རྫོགས་པར་མཛད་དུ་གསོལ། ཞེས་བརྗོད། དེ་ནས་ཀ་པཱ་ལའི་རང་ས་ཕར་བསྟན་ནས་མཐེབ་སྲིན་གྱིས་འཐོར་ཞིང༌། ཧཱུྃ། དགོངས་སམ་རྡོ་རྗེ་མཁའ་འགྲོའི་ཚོགས། །རྡོ་རྗེ་མཁའ་འགྲོ་སྐད་པ་དེ། །ཕྱག་རྒྱ་ཆེན་པོ་མ་ལགས་སམ། །དེ་ལ་མཆོད་པ་འབུལ་བ་ནི། །སྣང་བ་ཐམས་ཅད་མཆོད་པ་འབུལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །དགོངས་སམ་ཡེ་ཤེས་མཁའ་འགྲོའི་ཚོགས། །ཡེ་ཤེས་མཁའ་འགྲོ་སྐད་པ་དེ། །ཆོས་ཀྱི་ཕྱག་རྒྱ་མ་ལགས་སམ། །དེ་ལ་མཆོད་པ་འབུལ་བ་ནི། །འདུས་བྱས་ཐམས་ཅད་མཆོད་པ་འབུལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །དགོངས་སམ་ལས་ཀྱི་མཁའ་འགྲོའི་ཚོགས། །འཇིག་རྟེན་མཁའ་འགྲོ་སྐད་པ་དེ། །དམ་ཚིག་ཕྱག་རྒྱ་མ་ལགས་སམ། །དེ་ལ་མཆོད་པ་འབུལ་བ་ནི། །བདུད་རྩི་ལྔ་ཡི་མཆོད་པ་འབུལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །དགོངས་སམ་ཆོས་སྐྱོང་སྲུང་མའི་ཚོགས། །ཆོས་སྐྱོང་སྲུང་མ་སྐད་པ་དེ། །བར་ཆད་བསྲུང་བ་མ་ལགས་སམ། །དེ་ལ་མཆོད་པ༴ མཆོད་བསྟོད་རྒྱས་པའི་མཆོད༴ ཕྱི་ནང་གསང་བའི༴ དེ་ནས་རང་ས་རང་ལ་བསྟན། །བརྒྱུད་པའི་བླ་མའི་དངོས་གྲུབ་སྩོལ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །རྡོ་རྗེ་མཁའ་འགྲོ་ལེགས་གྲུབ་པའི། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །རིན་ཆེན་མཁའ་འགྲོ་ལེགས་གྲུབ་པའི། །ས་དབང་གཏེར་གྱི་དངོས་གྲུབ་སྩོལ། །པདྨ་མཁའ་འགྲོ་ལེགས་གྲུབ་པའི། །ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། །ལས་ཀྱི་ཌཱ་ཀི་ལེགས་གྲུབ་པའི། །ལས་ལ་དབང་བའི་དངོས་གྲུབ་སྩོལ། །འཇིག་རྟེན་མཁའ་འགྲོ་ལེགས་གྲུབ་པའི། །རྫུ་འཕྲུལ་མཐུ་ཡི་དངོས་གྲུབ་སྩོལ། །ཆོས་སྐྱོང་སྲུང་མ་ལེགས་གྲུབ་པའི། །བར་ཆད་བསྲུང་བའི་དངོས་གྲུབ་སྩོལ། །ནད་མེད་བདེ་བའི་དངོས་གྲུབ་སྩོལ། །འཆི་མེད་ཚེ་ཡི༴ ཐུན་མོང་མཆོག་གི༴ མྱུར་བ་ཉིད་དུ༴ ནམ་མཁའ་ལྟ་བུའི༴ བདུད་རྩི་ལྟ་བུའི༴ ནོར་བུ་ལྟ་བུའི་དངོས་གྲུབ་སྩོལ། །གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིན་པར་མཛད་དུ་གསོལ། ༀ་ཨཱཿ ཧཱུྃ་ཨ་ལ་ལ་ཧོཿ ཞེས་བརྗོད་ཅིང་བདུད་རྩི་མྱོང་བས་དངོས་གྲུབ་ཐོབ་པར་བསམ་མོ། །དེ་ནས་དབང་བསྐུར་བ་ལ་གཉིས་ལས། དང་པོ་སློབ་དཔོན་བདག་ཉིད་སློབ་མ་ལ་ཇི་ལྟར་བྱ་བ་ལྟར་དལ་དུ་ཞུགས་ནས་དབང་རྫོགས་པར་བླངས་པའོ། །གཉིས་པ་སློབ་མ་འཇུག་ཅིང་དབང་བསྐུར་བ་ནི། སློབ་བུ་རྣམས་ལས་བུམ་གྱིས་ཁྲུས་བྱ། བགེགས་བསྐྲད། ཕྱག་བྱས་གྲལ་དུ་འཁོད་པ་ལ། སེམས་བསྐྱེད་གསལ་འདེབས་དང་ཆོས་བཤད་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། འདིར་རྣལ་འབྱོར་བླ་ན་མེད་པའི་ནང་ཚན་མཆོག་ཏུ་ཟབ་པ་མ་རྒྱུད་རྣལ་འབྱོར་གསང་མཐའི་ཆོས་གཙོ་བོར་སྟོན་པ་དཔལ་བདེ་མཆོག་འཁོར་ལའི་ཡུམ་རྡོ་རྗེ་རྣལ་འབྱོར་མ་ཕྱི་སྒྲུབ་ཞལ་གཉིས་མའི་དཀྱིལ་འཁོར་དུ་དབང་དང་བྱིན་རླབས་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་ནས༑ ད་སློབ་མའི་བྱ་བ་ཐོག་མར་མཎྜལ་ཕུལ་མཛོད། དེ་ནས་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་དབྱེར་མེད་པ་ལ་གསོལ་བ་གདབ་པ་འདིའི་རྗེས༴ དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པའི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་ཐམས་ཅད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ། དེ་ནས་ཁོ་བོས་བར་ཆད་དྲི་བ་ཡིན་པས་ལན་དྲང་པོར་ཐོབ་ཅིག །ཁྱོད་གསང་སྔགས་ཀྱི་ཆོས་ལ་མོས་སམ། བུས་མོས་ལགས། རྟེན་སྡོམ་པ་གསུམ་ལྡན་དུ་སྒྲུབ་ནུས་སམ། ནུས་ལགས། བླ་མ་ལ་སངས་རྒྱས་སུ་ལྟའམ། བལྟ་ལགས། ཞེས་ཁས་ལེན་དུ་གཞུག །དེ་ནས་སྤྲོ་བ་བསྐྱེད་པ་ནི། བླ་མས། བུ་ཁྱོད་ཚུར་ཤོག་ཐེག་ཆེན་གྱི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་པས། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་འདས་གང་དང༌། །དེ་བཞིན་མ་བྱོན་སངས་རྒྱས་དང༌། །ད་ལྟར་བཞུགས་པའི་རྫོགས་སངས་རྒྱས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་ཆོ་ག་རྙེད། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཏུལ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར༑ ༑ཁྱེད་ཀྱིས་བློ་གྲོས་འདི་གྱིས་ཤིག །ཅེས་བསྟོད། དེ་ནས་སྡོམ་པ་ལེན་པའི་སྔོན་འགྲོ་བསགས་སྦྱངས་ལ་སློབ་དགོས་པས་ཚོགས་ཞིང་བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ལྷ་ལ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སད་པར་མོས་ལ། དངོས་སུ་བཤམས་པ་དེ་མཆོད་པ་ལྔ་འབུལ་བའི་འདུན་པས་འདིའི་རྗེས༴ ལྷ་རྫས་ལས་གྲུབ་མེ་ཏོག་བདུག་སྤོས་དང༌། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོར་བཅས། །བླ་མ་ཡི་དམ་རྒྱལ་བ་སྲས་བཅས་ལ། །འབུལ་ལོ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །དེ་ནས་བདག་པོས་མ་བཟུང་བའི་མཆོད་པ་ཐམས་ཅད་བློས་བླངས་ཏེ་འབུལ་སྙམ་པས་འདིའི་རྗེས༴ དབུས་ཀྱི་རི་རྒྱལ་གསེར་གྱི་རི་བདུན་དང༌། །གླིང་བཞི་གླིང་ཕྲན་གུར་གུམ་སྤང་རི་དང༌། །ཙན་དན་ནགས་རི་དཔག་བསམ་ལྗོན་པའི་ཤིང༌། །མ་རྨོས་ལོ་ཏོག་འདོད་འཇོའི་བ་མོ་དང༌། །གཏེར་བུམ་རིན་ཆེན་བདུན་སོགས་བློས་བླངས་ཏེ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༌། །སངས་རྒྱས་བྱང་སེམས་བསྟན་སྲུང་ཐམས་ཅད་ལ། །གུས་འབུལ་མཁའ་ཁྱབ་སེམས་ཅན་མ་ལུས་པ། །རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །དེ་ནས་ཡིད་བྱུང་གི་མཆོད་པ་རང་གི་སྙིང་ག་ནས་འདོད་ཡོན་ལྔ་སྤྲོས་ཏེ་འབུལ་སྙམ་པས་འདིའི༴ མཛེས་སྡུག་ཡིད་འོང་གཟུགས་དང་སྙན་པའི་སྒྲ། །ཚིམ་བྱེད་བསུང་དང་དྲི་དང་ཞིམ་པའི་རོ༑ ༑མཉེན་འཁྲིལ་འཇམ་ལེགས་ལྡན་པའི་ན་བཟའ་སྟེ། །དབང་པོ་ཚིམ་བྱེད་ཁྱད་པར་འདོད་ཡོན་ལྔ། །རྩ་བརྒྱུད་བླ་མ་ཡི་དམ་སོགས་འདྲ། དེ་ནས་ཏིང་འཛིན་གྱི་མཆོད་པ་ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བར་མོས་པ་འདིའི༴ ཀུན་བཟང་རྣམ་འཕྲུལ་མཆོད་པའི་སྤྲིན་ཚོགས་ཀྱིས། །ཕྱོགས་ཀུན་ནམ་མཁའི་ཁྱོན་རྣམས་ཀུན་བཀང་སྟེ། །རྩ་བརྒྱུད་བླ་མ་སོགས་འདྲ། དེ་ནས་ཟབ་པའི་མཆོད་པ་རང་གི་ལུས་ངག་ཡིད་གསུམ་ལྟོས་པ་མེད་པར་འབུལ་སྙམ་པས་འདིའི༴ ཡོན་གནས་དམ་པ་ཁྱེད་རྣམས་ལ། །བདག་གི་སྒོ་གསུམ་གཏན་དུ་འབུལ། །སེམས་དཔའ་མཆོག་རྣམས་ཐུགས་བརྩེ་བས། །བདག་གི་སྒོ་གསུམ་ཡོངས་བཞེས་ཤིག །ཅེས་བརྗོད། དེ་ནས་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་ཐོག་མེད་ནས་བསགས་པའི་ལས་ཐམས་ཅད་ལ་འགྱོད་སྡོམ་གྱི་བསམ་པ་དྲག་པོས་བཤགས་པར་བགྱིའོ་སྙམ་པས་འདིའི་རྗེས༴ བདག་དང་སེམས་ཅན་གྱིས་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་དུག་གསུམ་གྱིས་ཀུན་ནས་བསླངས་ཏེ་སྒོ་གསུམ་གྱིས་བསགས་པའི་སྡིག་པ་མི་དགེ་བ་མཐོལ་ལོ་བཤགས་སོ། །མི་སྦེད་སླན་ཆད་ཀྱང་བསྡོམ་པར་བགྱིའོ་ཞེས་བརྗོད། དེ་ནས་སྡོམ་པ་ལེན་པ་དངོས་ལ་གསུམ་ལས། སོ་ཐར་ནི། བདག་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན་ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པས་འདིའི༴ ཕྱོགས་བཅུ་ན་བཞུགས་པའི་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་བྱང་སེམས་ཐམས་ཅད་དགོངས་སུ་གསོལ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ༑ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ། དེ་ནས་བྱང་སྡོམ་ནི། སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས་ཇི་ལྟར་ཐུགས་བསྐྱེད་པ་ལྟར་བདག་གིས་ཀྱང་བསྐྱེད་སྙམ་པས་འདིའི༴ ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ལན་གསུམ་གྱིས་སྨོན་པ་དང༌། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །ཞེས་ལན་གསུམ་གྱིས་འཇུག་སེམས། དེ་གཉིས་ཀྱི་མཇུག་སྡུད་ནི། མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་གསུམ། དེ་ནས་སྔགས་སྡོམ་ནི། རིགས་ལྔའི་དམ་ཚིག་དང་རྩ་བ་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི༴ སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སྐྱབས་གསུམ་དག་ཀྱང་བཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀུན་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །དམ་ཚིག་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བཅུ་བཞིར་ཕྱེ་བའི་དམ་ཚིག་ཏུ། །ཡན་ལག་ཉེས་པ་ཐམས་ཅད་སྤང༌། །ལན་གསུམ། དེ་རྣམས་ཀྱི་མཇུག་སྡུད་འདིའི། བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དམ་ཚིག་སྡོམ་པ་ཐམས་ཅད་བཟུང༌། །ཞེས་བརྗོད། དེ་ལྟར་དམ་ཚིག་དང་སྡོམ་པ་དེ་དག་མ་བསྲུངས་ན་ཉེས་དམིགས་དང༌། བསྲུངས་ན་ཕན་ཡོན་ཆེན་པོ་ཡོད་པས་མི་འདའ་བའི་ཕྱིར་དམ་ལ་བཞག་པ་ནི། བདུད་རྩི་བླུད་དེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༑ ༑དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཧཱུྃ། དེ་ནས། ༀ་ཙཀྵུ་བྷནྡྷ་བ་རཱ་མ་ནཱ་ཡ་ཧཱུྃ། ཞེས་པས་མིག་དར་དང༌། ཨ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གཏད། ཚད་མེད་པ་བཞིའི་འཇུག་པས་དལ་དུ་ཞུགས་པའི་མོས་པ་མཛོད། ས་མ་ཡ་ཧཱུྃ་ཞེས་ཡོལ་བའི་ནང་དུ་བཅུག །དེ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབབ་པའི་སླད་དུ་གསོལ་བ་གདབ་པ་འདིའི༴ དཔལ་རྡོ་རྗེ་རྣལ་འབྱོར་མ་བདག་ལ་དབབ་ཏུ་གསོལ། ལན་གསུམ། དེ་ནས་རེ་ཁཱ་ཟླུམ་པོ་བྲིས་པའི་སྟེང་དུ་སློབ་མ་རྣམས་མཉམ་པའི་སྟབས་ཀྱིས་ལངས་ནས་ཐལ་མོ་སྤྱི་བོར་སྦྱོར་ལ། རང་ལུས་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གྲི་ཐོད་ཁ་ཊྭཱཾ་ག་བསྣམས་པའི་སྐུར་ལམ་གྱིས་བསྐྱེད་ལ་ཐ་མལ་གྱི་འཛིན་བློ་སྐྱུར། ངག་གནད་རླུང་ཁ་སྦྱོར་དུ་བཅིངས། སེམས་དུས་གསུམ་གྱི་སྤྲོས་པ་དོར་ནས་བླ་མ་ལ་མོས་གུས་དྲག་ཏུ་བྱས་པས་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་བདེ་བའི་གར་སྟབས་ལིང་ལིང་ཁ་ཆར་དང་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། སྤོས་བདུག་ཅིང་རོལ་མོ་འཁྲོལ་བས། ཧཱུྃ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་དམ་ཚིག་བླ་མེད་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཨཱ་བེ་ཤ་ཡ་ཧྲཱཿ ཨ་ཨ་ཕཻཾ་ཕཻཾ་ཞེས་དབབ་ཅིང༌། དེ་ཀའི་ངང་ལ་སེམས་མ་བཅོས་པར་ཞོག་ཅིག །ཅེས་བསྐྱང་དུ་གཞུག །འོ་ཁྱོད་རང་ལྷར་སྒོམ་པ་དེ་མཚོན་བྱེད་རྟགས་ཀྱི་རྣལ་འབྱོར་མ་བྱ་བ་བསྐྱེད་རིམ། སྤྲོས་མེད་འཛིན་མེད་དུ་འཇོག་པ་དེ་མཚོན་བྱ་དོན་གྱི་རྣལ་འབྱོར་མ་བྱ་བ་རྫོགས་རིམ་ཡིན་ནོ༑ ༑ཞེས་ངོ་སྤྲད། ཡང་ཁྱོད་རང་གི་སྤྱི་བོར་རྡོ་རྗེ་རྣལ་འབྱོར་མ་གར་བྱེད་པ་ལ་ཤེས་པ་རྩེ་གཅིག་ཏུ་གཏོད་ཅིག །ཅེས་དབབ། དེ་སྤྱི་བོར་ཐིམ་པས་སྣང་སྟོང་འཛིན་མེད་ཀྱི་ཉམས་སྐྱེ་བས་དེའི་ངང་ལ་ཞོག་ཅིག །ཡང་མགྲིན་པར་རྡོ་རྗེ་རྣལ་འབྱོར་མ་གར་བྱེད་པ་ལ་རྩེ་གཅིག་ཏུ་གཏོད་ཅིག །དེ་མགྲིན་པར་ཐིམ་པས་གྲག་སྟོང་འཛིན་མེད་ཀྱི་ཉམས་སྐྱེ་བས་དེའི་ངང་ལ་ཞོག་ཅིག །ཡང་སྙིང་གར་རྡོ་རྗེ་རྣལ་འབྱོར་མ་གར་བྱེད་པ་ལ་རྩེ་གཅིག་ཏུ་གཏོད་ཅིག །དེ་སྙིང་གར་ཐིམ་པས་གསལ་སྟོང་འཛིན་མེད་ཀྱི་ཉམས་སྐྱེ་བས་དེའི་ངང་ལ་ཞོག་ཅིག །ཡང་ལྟེ་བར་རྡོ་རྗེ་རྣལ་འབྱོར་མ་གར་བྱེད་པ་ལ་རྩེ་གཅིག་ཏུ་གཏོད་ཅིག །དེ་ལྟེ་བར་ཐིམ་པས་རིག་སྟོང་འཛིན་མེད་ཀྱི་ཉམས་སྐྱེ་བས་དེའི་ངང་ལ་ཞོག་ཅིག །ཡང་གསང་བར་རྡོ་རྗེ་རྣལ་འབྱོར་མ་གར་བྱེད་པ་ལ་རྩེ་གཅིག་ཏུ་གཏོད་ཅིག །དེ་ཡང་གསང་བར་ཐིམ་པས་བདེ་སྟོང་འཛིན་མེད་ཀྱི་ཉམས་སྐྱེ་བས་དེའི་ངང་ལ་ཞོག་ཅིག །ཅེས་ངོ་སྤྲད་ཅིང་རེ་རེ་བཞིན་ཡང་སྔགས་རོལ་དང་བཅས་པས་དབབ་བོ། །དེ་ནས་མདུན་བསྐྱེད་རྣལ་འབྱོར་མའི་སྐུ་ལ་མེ་ཏོག་ཕུལ་བར་མོས་ལ་འདིའི༴ ༀ་པྲ་ཏཱིཙྪ་བཛྲ་ཧོཿ སླར་ཡང་མེ་ཏོག་དེ་ཉིད་རང་གི་སྤྱི་བོར་བཅིངས་པའི་མོས་པ་མཛོད། ༀ་པྲ་ཏི་གྷྲིཧྞ་སྟྭཾ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ། དེ་ནས་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་མིག་ཕྱེ། ཧེ་བཛྲ་པཱ་ཤྱ་ཧོཿ ཁྱེད་རྣམས་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞལ་བསྟན་དུ་ཡོད་པས་ཞལ་མཐོང་བ་རེ་དགའ་སྙམ་པའི་མོས་པ་མཛོད་བྱས་ལ། སིནྡྷུ་རའི་དཀྱིལ་འཁོར་གཏད་ཅིང་མགོ་ཐོག་ཏུ་བཞག་ལ། རྣལ་འབྱོར་མ་ནི་སྔགས་ཀྱི་གཟུགས། །སྔགས་ནི་རྣལ་འབྱོར་མ་ཡི་གཟུགས། །ལྷ་དང་སྔགས་ལ་ཐ་དད་མེད། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཞེས་བརྗོད། དེས་སྐུ་གསུང་ཐུགས་ཕེབས་པ་གསུམ་དང༌། སྐུ་གསུང་ཐུགས་མཐོང་བ་གསུམ་གང་རུང་རེ་ཐོབ་པས་ངོ་ཤེས་པར་མཛོད་ཅིག །དེ་ཡན་ཆད་ཀྱིས་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་བྱ་བ་དེ་ཚར་བ་ལགས། ད་དབང་བཞི་བསྐུར་བ་ལ། དང་པོ་བུམ་པའི་དབང་ནི། དཀྱིལ་འཁོར་གྱི་གཙོ་མའི་ཐུགས་ཀ་ནས་སྤྲུལ་པའི་དབང་ལྷ་རྣམས་ཀྱིས་ཡེ་ཤེས་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ། ཀུན་གཞི་མ་བཅོས་རྣལ་མ་ལ། །གནས་ལུགས་རིག་པའི་ཉི་མ་ཤར། །རང་སྣང་མ་འགགས་ཐམས་ཅད་གསལ། །བྱིན་རླབས་ཞེས་ནི་འདི་ལ་བྱ། །རྗེ་བཙུན་མ་ཡི་བྱིན་རླབས་ཀྱིས། །བུམ་པའི་དབང་བསྐུར་ཐོབ་པར་ཤོག །ཅེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། དེས་ལུས་ཀྱི་དྲི་མ་དག །འབྲས་བུ་སྤྲུལ་པའི་སྐུ་ཐོབ། དེ་མ་ཐོབ་ཀྱི་བར་དུའང་ཕུང་ཁམས་སྐྱེ་མཆེད་ལྷར་སྒོམ་ཞིང་སྒོམ་པ་ལ་དབང༌། ཉམས་ཡུལ་སྣང་སྟོང་དུ་འཆར་བས་ཞེན་བྲལ་དུ་བསྐྱང་བར་མཛོད། དེ་བརྟན་ཕྱིར་དཀྱིལ་འཁོར་ལྷས་བཀྲ་ཤིས་ཀྱི་མེ་ཏོག་འཐོར་ཞིང༌། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་དབང་ལྷ་རྣམས་རང་ལ་ཐིམ་པའི་མོས་པ་མཛོད། གཉིས་པ་གསང་དབང་ནི། བླ་མ་བདེ་མཆོག་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་སེམས་མཁའ་གསང་ནས་ཐོན་པ་ཀ་པཱ་ལའི་བདུད་རྩི་དང་འདྲེས་པ་དེ་ཉིད་ལྕེ་ཐོག་ཏུ་བྱིན་པའི་མོས་པ་མཛོད། ཧཱུྃ། གཡོ་བ་མེད་པའི་ཆོས་ཀྱི་དལ། །དངོས་པོ་མེད་པའི་སེམས་ཉིད་གསལ། །འཛིན་པའི་རྟོག་པ་རང་སར་བྲོས། །བྱིན་རླབས་ཞེས་ནི་འདི་ལ་བྱ། །རྗེ་བཙུན་མ་ཡི་བྱིན་རླབས་ཀྱིས། །གསང་བའི་དབང་མཆོག་ཐོབ་པར་ཤོག །ཅེས་བདུད་རྩི་ལན་གསུམ་བླུད། དེས་ངག་གི་དྲི་མ་དག ༑འབྲས་བུ་ལོངས་སྐུ་ཐོབ། དེ་མ་ཐོབ་ཀྱི་བར་དུ་བཟའ་བ་མ་ཡིན་པའི་རྟོག་པ་བཅོམ་ནས་རྩ་རྡོ་རྗེ་ལུས་ཀྱི་གནས་ལུགས་དང༌། རླུང་སྦྱོར་བ་བཞི་ལྡན་སྒོམ་པ་ལ་དབང༌། ཉམས་སེམས་གསལ་སྟོང་དུ་འཆར་བས་ཞེན་མེད་དུ་བསྐྱང་འཚལ་ལོ། །གསུམ་པ་ཤེར་དབང་ནི། སིནྡྷུ་རའི་དཀྱིལ་འཁོར་ལས་གཡོན་པའི་མཐེབ་སྲིན་གྱིས་བླངས་ཏེ་གནས་བཞིར་ཐིག་ལེ་བྱས་ལ་བླ་མ་དང༌། ཡི་དམ་མཁའ་འགྲོ་རྣམས་བསྟིམ་པའི་བྱིན་རླབས་ཀྱིས་གཏུམ་མོ་འབར་བས་ཁམས་བཞུ་བའི་དགའ་བཞིའི་ཡེ་ཤེས་སྐྱེས་པའི་མོས་པ་མཛོད། ཧཱུྃ། སེམས་ཀྱི་མེ་ལོང་ཕྱིས་པ་ལས། །རང་སྣང་དག་པའི་གཟུགས་བརྙན་ཤར། །བདེ་བ་དངོས་མེད་ཉམས་སུ་མྱོང༌། །བྱིན་རླབས་ཞེས་ནི་འདི་ལ་བྱ༑ ༑རྗེ་བཙུན་མ་ཡི་བྱིན་རླབས་ཀྱིས། །གསུམ་པའི་དབང་མཆོག་ཐོབ་པར་ཤོག །ཅེས་བརྗོད་ཅིང༌། ༀ་ཨཱཿ ཧཱུྃ་ཧྲཱིཿ ཞེས་སྤྱི་མགྲིན་སྙིང་ལྟེར་སིནྡྷུ་རའི་ཐིག་ལེ་བྱའོ། །དེས་ཡིད་ཀྱི་སྒྲིབ་པ་དག །འབྲས་བུ་ཆོས་སྐུ་ཐོབ། དེ་མ་ཐོབ་ཀྱི་བར་དུ་ཐབས་ཤེས་ཡ་བྲལ་གྱི་ཉེས་པ་བཅོམ་ནས་ལམ་ཕྱག་རྒྱ་བརྟེན་པ་ལ་དབང༌། ཉམས་བདེ་སྟོང་དུ་འཆར་བས་ཞེན་བྲལ་དུ་བསྐྱང་བར་མཛོད། བཞི་པ་ཚིག་དབང་ནི། ལུས་གནད་ཆོས་བདུན་བཅའ། རླུང་རང་བབས་སུ་བཞག །སེམས་གང་ཤར་གྱི་རང་ངོ་ལ་གཅེར་གྱིས་ལྟོས་ལ་བསལ་བཞག་མེད་པར་ཞོག་མཛོད། ཧཱུྃ། ལྟོས་ཤིག་རང་གི་སེམས་ལ་ལྟོས། །བལྟས་པས་ཅིར་ཡང་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །དངོས་པོར་བཟུང་བས་བག་ཆགས་གསོག །རང་བཞིན་མེད་ན་སངས་རྒྱས་ཡིན། །རྗེ་བཙུན་མ་ཡི་བྱིན་རླབས་ཀྱིས། །བཞི་པའི་དབང་མཆོག་ཐོབ་པར་ཤོག །དོན་རང་སེམས་རྩ་བྲལ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །དེས་ཕྲ་བའི་སྒོ་གསུམ་གྱི་དྲི་མ་དག །འབྲས་བུ་ངོ་བོ་ཉིད་སྐུ་ཐོབ། དེ་མ་ཐོབ་ཀྱི་བར་དུ་འཁོར་འདས་ཐ་དད་དུ་འཛིན་པའི་རྟོག་པ་སྤངས་ནས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། ཉམས་སེམས་ཉིད་རྩ་བྲལ་གྱི་རྟོགས་པ་འཆར་བས་ཞེན་བྲལ་དུ་བསྐྱང་བར་མཛོད་ཅིག །དེས་དངོས་གཞི་སོང་ནས། མཇུག་རྗེས་སུ་གནང་བ་ལ་ལྔ་ལས། དང་པོ་བླ་མ་བརྒྱུད་པ་གཏད་པའི་རྗེས་གནང་ནི། དབང་འདི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། ཛ་ལཱནྡྷ་ར། ནག་པོ་པ། ཌོམྦྷི་པ། རྗེ་དམ་པ་རྒྱ་གར་བ་ནས་ད་ལྟའི་བར་དུ་བྱིན་རླབས་དབང་གི་ཆུ་རྒྱུན་མ་ཆད་པའི་བཀའ་བབས་ཁྱད་པར་ཅན་ཡིན་པས། ཁྱོད་ཀྱིས་ཀྱང་བླ་མའི་བརྒྱུད་པ་ཟུངས་ལ་གཞན་དོན་གྱིས་ཤིག །གཉིས་པ་ཡི་དམ་གཏད་པ་ནི། སློབ་དཔོན་གྱིས་དག་པ་གསུམ་གྱི་སྔགས་བརྗོད་པས་ལུས་ངག་ཡིད་གསུམ་སྦྱངས་ཏེ་མི་དམིགས་པ་ལས། པདྨ་མི་རོ་ཉི་མའི་གདན་སྟེང་བཾ་ལས་ཁྱེད་རང་རྣལ་འབྱོར་མ་དམར་མོ་རྩ་ཞལ་ཁྲོ་མོ། གཡས་ཞལ་ཕག་གདོང་གྲི་ཐོད་ཁ་ཊྭཱཾ་ག་བསྣམས་པ། གཅེར་བུ་སྐྲ་གྲོལ་བ། ཐོད་སྐམ་གྱི་དབུ་རྒྱན། རློན་པའི་དོ་ཤལ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང༌། གཡོན་བརྐྱང་བའི་ཕྱེད་སྐྱིལ་གྱི་གར་གྱིས་བཞུགས་པར་གསལ་ཐོབ། ཁྱོད་ཀྱིས་ཕྱིན་ཆད་རྗེ་བཙུན་མ་ཡི་དམ་གྱི་ལྷར་བཟུང་ལ་འདི་ལྟར་རྒྱུན་དུ་སྒོམས་ཤིག །གསུམ་པ་དཀྱིལ་འཁོར་གཏད་པ་ནི༑ ད་ཕྱིན་ཆད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་བཞེངས་ལ་སྒྲུབ་མཆོད་ཚུལ་བཞིན་དུ་གྱིས་ཤིག །བཞི་པ་མཆོད་པའི་རྗེས་གནང་ནི། ངེད་ཀྱིས་སྔགས་ཀྱི་རྗེས་ཟློས་དང༌། ཕྱག་རྒྱའི་ལད་མོ་གྱིས་ལ་སློབ་དཔོན་དཀྱིལ་འཁོར་དང་བཅས་པ་ལ་མཆོད་པ་ཕུལ་ཅིག །ཕྱག་རྒྱ་དང་བཅས། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ཤབྡའི་བར་བྱེད་དུ་བཅུག་ནས། དེང་ཕྱིན་ཆད་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་གཏོར་མའི་མཆོད་པས་ལྷ་དང་བླ་མ་མཉེས་པར་གྱིས་ཤིག །ལྔ་པ་གསུང་སྔགས་ཀྱི་རྗེས་གནང་ནི། སློབ་དཔོན་དང་ཁྱེད་རང་གཉིས་ཀ་རྡོ་རྗེ་རྣལ་འབྱོར་མའི་སྐུར་གསལ་བ་ལས། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས། སློབ་དཔོན་གྱི་ལྟེ་བའི་བྃ་ལས་སྔགས་ཕྲེང་དམར་པོ་བྱུང་བ་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ལྟེ་བའི་བྃ་ལ་ཐིམ་པར་མོས་ལ་འདིའི་རྗེས་ཟློས། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྣ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས༴ བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། མེ་ཏོག་དེ་ཁྱེད་རང་གི་སྤྱི་བོར་གཏོར་བས་བྱིན་གྱིས་བརླབས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བུའི་སྤྱི་བོར་མེ་ཏོག་འཐོར། དེང་ཕྱིན་ཆད་སྔགས་ཀྱི་བཟླས་པ་ལ་བརྩོན་པར་མཛོད་ཅིག །དེ་ནས་གཙོ་བོས་ཇི་ལྟར་སོགས་ཀྱིས་དམ་ཚིག་ཁས་བླངས། གཏོང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ་སོགས་ཀྱིས་ལུས་དབུལ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་རོ། །དེ་ནས་རྗེས་ཆོག་ནི། ལས་ཀྱི་རྡོ་རྗེས་ཐབས་ཤེས་ཀྱི་རྫས་བསྣོལ་མར་ཐོགས་ནས། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང༌། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ཧོ་མ་ཧཱ་སུ་ཁ་ཧོ། ལེན་པ་པོས་པད་བསྐོར་སྔོན་འགྲོས་རྩེ་གསུམ་གྱི་རྒྱ་སྟོན་བཞིན་དུ། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་རྣམ་སྤངས་པ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ་མ་ཧཱ་སུ་ཁ་ཧོ། ཞེས་བླངས་ལ། ནང་གི་སྲེགས་བླུགས་ཀྱི་སྒོ་ནས་ཚིམ་པར་རོལ་བའི་མཐར་ལྷག་མ་ལ་ༀ་ཨཱཿ ཧཱུྃ་ཞེས་འབར་བའི་ཕྱག་རྒྱས་ཁ་ཕྲུ་བཏབ་ཅིང་གཙང་གཏོར་དང་བསྲེས་ལ་དཔལ་འབར་བཙུགས་ཏེ། ༀ་ཨཱཿ ཧཱུྃ་ཨུ་ཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། འབྱུང་པོ་ལྷག་མ་ལ་དབང་བ་རྣམས་ཚིམ་པར་གྱུར་ཅིག །ཀྱེ་ཀྱེ་རྡོ་རྗེ་མཁའ་འགྲོའི་ཚོགས། །ལས་འདི་བདག་གིས་བསླབ་པར་བགྱིས། །བདག་ལ་བདེ་ལེགས་བསྡུ་བ་དང༌། །ཕན་དང་ཡིད་འོང་བདེ་བ་དང༌། །གྲོང་དང་ཡུལ་འཁོར་ཤིས་པར་མཛོད། །ཅེས་བརྗོད་ནས་གཙང་སར་དབུལ་ལོ། །དེ་ནས་མཆོད་པ་ཁ་གསོས་ལ་བྱིན་གྱིས་བརླབས། ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང༌། འབྲུ་གསུམ་གྱིས་ནང་མཆོད་འབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད། བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་རྣམས་ཀྱིས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་ཐུགས་བརྩེ་བས་གཟིགས་ཏེ། བར་ཆད་ཞི་བ་དང་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། ཡིག་བརྒྱ་བཟླ་ཞིང་མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། རྡུལ་ཚོན་གྱི་ཡེ་ཤེས་པ་ནུབ་ཐ་མའི་ཚེ་དང་རྒྱུན་དུ་མགྲོན་རྣམས་ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས། རྡུལ་ཚོན་ཉིན་སྔ་མ་རྣམས་དང་རས་བྲིས་རྣམ་པ་ཀུན་ཏུ་འདིར་ནི་གཟུགས་དང་སོགས་ཀྱིས་ཡེ་ཤེས་པ་བརྟན་བཞུགས་བྱ། དམ་ཚིག་པ་རྣམས་རང་གི་ལྟེ་བའི་བྃ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་དག་པའི་འཁོར་ལོ་སྦྱངས། དེ་ཐམས་ཅད་འཁོར་གཞལ་ཡས་ཁང་ལ་ཐིམ། དེ་རྣམས་གཙོ་བོ་ལ་ཐིམ། དེ་བྃ་ལ་ཐིམ། དེའང་ཐིག་ལེ་ལ། དེ་ནཱ་ད་དང༌། ནཱ་ད་ཡང་མི་དམིགས་པར་གྱུར། སླར་ཡང་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། ༀ་བྃ། ཧྃ་ཡྃ། ཧྲཱ་མྃ། ཧྲ་ཧྲ། ཧཱུྃ་ཧཱུྃ། ཕཊ་ཕཊ། སུམྦྷ་ལན་གཉིས་ཀྱིས་ཕྱོགས་བཅིངས། སྣང་གྲགས་འགྱུ་གསུམ་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་རྣམ་པར་དག་པར་མོས་ལ་བསྔོ་སྨོན་དང་བཀྲ་ཤིས་བརྗོད།།