From Damngak Dzö
Revision as of 08:23, 6 June 2025 by Mort (talk | contribs)

DNZ-13-PA-002-019
DNZ-13-PA-002.pdf
Rigpe Dorje Publications, 2024
Wylie title bka' babs kyi brgyud pa gtod pa'i cho ga
Location gdams ngag rin po che'i mdzod
Volume 13, Text 2, Subtext 19, Pages 363-367 (Folios ' to ')
Author སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་
Citation Smin gling lo chen d+harma shrI. Bka' babs kyi brgyud pa gtod pa'i cho ga. In Gdams ngag rin po che'i mdzod, Vol. 13: 363-367. Kalimpong: Rigpe Dorje Publications, 2024.
Side notes Recto: zhi byed dbang chog   Verso: zhi byed skor
More details More details
Genre Empowerment Ritual - dbang chog - dbang skur
[edit]
༈ །།ༀ་སྭ་སྟི། དེ་ལྟར་རྟེན་འབྲེལ་ཁང་པར་ཆུག་ནས་བར་དུ་སྒྲུབ་པ་རང་རྒྱལ་ལྟ་བུའི་དཀའ་ཐུབ་ཐེམས་པ་དང༌། དཀའ་ཐུབ་གསུམ་པ་ནི། དཔའ་ཆེན་གཞན་དོན་བྱེད་པ་ལ་འཇུག་པའི་དུས་ཏེ་བདག་གཏོད་ཀྱི་དབང་ཁྲིད་ཚར་ནས་ནག་ཁྲིད་ཅེས་པ་ཡི་གེ་རྣམས་ཀྱི་བཤད་ལུང་ཐམས་ཅད་རྫོགས་པར་བྱིན་ནོ། །དེ་ལྟར་དབང་ཁྲིད་ལུང་རྣམས་ཡོངས་སུ་རྫོགས་ནས་གཞན་དོན་ཕེར་བ་ན་བཀའ་བབས་ཀྱི་བརྒྱུད་པ་གཏོད་པའི་ཆོ་ག་མཛད་སྲོལ་ལ། བླ་མའི་གསུང་གིས། དེང་སང་འདིའི་བཀའ་མི་བཞུགས་གསུངས་ནས་གླེགས་བམ་གཏོད་པ་དང༌། ཆོས་སྐྱོང་གི་གཏོར་མ་མགོར་འཇོག་པ་རྣམས་མི་མཛད་ཅིང༌། དཔལ་ལྡན་བསོད་ནམས་ཀྱི་ཡི་གེའི་སྟེང་ནས་མི་ཉུང་འདུས་ལ་ལམ་ལྔ་སོ་སོར་དུས་བཅད་ནས་བདག་གཏོད་ཀྱི་དབང་རྗེས་ལ་བྱེད་ན་དེ་དུས་སམ། ལམ་ལྔའི་དབང་བསྐུར་བར་མ་ཆད་དུ་བྱས་ན་རྟེན་འབྲེལ་ཁང་འཇུག་ལྟ་བུའི་མཇུག་ཏུ་བཀླག་ལུང་ལྟར་འདོན་པ་མཛད་དེ། བདག་ཅག་ལ་མི་ཉུང་ཁྱད་ཀྱིས་པར་ནག་གི་དབང་གི་རྗེས་འབྲེལ་དུ་གནང་ངོ༌། །དེ་ལ་རང་གི་གོ་སར་བཀའ་ཆད་གནང་བ་དམ་དོག་གི་གསུང་དཀྱུས་ཤོར་དང་གཏོར་མ་འཇོག་པ་ཕྱིས་ལག་ལེན་རྒྱས་སུ་སོང་བ་མ་གཏོགས་ཡིག་རྙིང་དུ་མི་གསལ་ཞིང༌༑ གླེགས་བམ་རྣམས་དབང་ལུང་རྫོགས་པའི་ས་དེར་བཞུགས་པས་གོ་བཅད་ནས་ཟོར་ཡང་ཙམ་དུ་སོང་བ་ལ་ཕྱིས་བཀའ་ཆད་པར་བརྟགས་སམ་སྙམ་པས། ཕྱག་ལེན་བཞིན་དུ་བཏང་ན་གཞུང་བཞིན་བྱས་ཀྱང་མི་འགལ་ལམ་སྙམ་པ་རང་གི་རྣམ་རྟོག་སྟེ། ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་དཔྱད་པར་ཞུ༑ གང་ལྟར་ཡང་བཀླག་ཆོག་རེ་མཛད་པའི་རྒྱུན་ལྟར་དེ་ཉིད་མི་ནུབ་པའི་ཕྱིར། འདིར་ཡང་དཔལ་ལྡན་བསོད་ནམས་ཀྱི་ཡི་གེ་ལ་བཟོ་བཅོས་མེད་པར་འགོད་པ་ནི་འདི་ལྟ་སྟེ། བཀའ་བབས་ཀྱི་བརྒྱུད་པ་གཏོད་པའི་དབང་ནི། དབང་ལུང་ཐམས་ཅད་ཡོངས་སུ་རྫོགས་པར་ཐོབ་ནས། དཀོན་མཆོག་དང་ཁྱད་པར་ཞི་བྱེད་ཀྱི་པུསྟིའི་མདུན་དུ་མཆོད་གཏོར་རྒྱས་པར་བཤམས། བླ་མས་སྔར་ལྷག་པའི་ལྷའི་བསྐྱེད་རིམ་བཟླས་པ་མཆོད་བསྟོད་གཏོར་མའི་བར་ལེགས་པར་གྲུབ་ནས། བླ་མ་རྣམས་བསྒོམས་ནས་གསོལ་བ་འདེབས་ཤིང་མཆོད་བསྟོད་བྱ། དེ་ནས་སློབ་མ་ལ་སྐྱབས་འགྲོ་སེམས་བསྐྱེད་མཆོད་བསྔོ་སྨོན་ལམ་དང་བཅས་ཕོག་ནས་རྟེན་སྡོམ་པ་གསུམ་ལྡན་དུ་བྱས་ཏེ། སློབ་མ་དེའི་ལག་ཏུ་བརྒྱུད་ཕྱིའི་པུསྟི་རྣམས་གཏད་ནས་བཀའ་བབས་བརྒྱུད་པ་ཕྱི་མའི་ཆོས་འདི་ལ། དབང་གི་ཆུ་བོ་ཆེན་པོ་བཞི་ཡོད་པའི་བུམ་དབང་ནི། རྡོ་རྗེ་འཆང་ལ་བདག་མེད་མས་གསན། དེས་དམ་པ་ལ་གནང༌། གསང་དབང་ནི་རྣམ་སྣང་ལ་ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་གིས་གསན་ནས། དེ་རྣམ་སྣང་གིས་དམ་པ་ལ་གནང༌། ཤེས་རབ་ཡེ་ཤེས་ནི། སངས་རྒྱས་ཐུབ་པ་ཆེན་པོས་དམ་པ་ལ་དོན་བརྒྱུད་གཏད། དེ་ནས་ཐོགས་མེད། དབྱིག་གཉེན། ཨཱ་དེ་བ། དེས་དམ་པ་ལ་གནང༌། ཚིག་དབང་ནི། གསང་བདག་ཕྱག་ན་རྡོ་རྗེ་ལ་གསང་བའི་མཁའ་འགྲོ་མ་རྣམས་ཀྱིས་གསན་ནས། དེ་རྣམས་ཀྱིས་དམ་པ་རིན་པོ་ཆེ་ལ་དོན་བརྒྱུད་གཏད་པ་དེ་བཞིན་དུ། དམ་པས་ཀྱང་བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གཏད། དེས་མཁས་བཙུན་སྤ་ཚབ་སྒོམ་པ་ལ། དེས་རྒྱལ་བ་ཏེ་ནེ་ལ། དེས་ཞིག་པོ་ཉི་མ་སེང་གེ་ལ། དེས་ཐམས་ཅད་མཁྱེན་པ་བསོད་ནམས་དཔལ་ལ། དེས་རྒྱལ་སྲས་ཀུན་དགའ་བཟང་པོ་ལ། དེས་བླ་མ་ཀུན་དགའ་དོན་གྲུབ་ལ། དེས་མཚན་ལྡན་རི་ཁྲོད་དབང་ཕྱུག་ལ། དེས་མཁན་ཆེན་ཚུལ་ཁྲིམས་ཕན་ལ། དེས་དྲིན་ཆེན་སངས་རྒྱས་དབོན་པོ་ལ། དེས་ཀུན་མཁྱེན་བྱང་ཆུབ་བཟང་པོ་ལ། ཅེས་པ་ལྟར་བརྒྱུད་པ་རིམ་བཞིན་མཚན་ནས་བརྗོད་དེ། རྩ་བའི་བླ་མས་བདག་ལ་ཆུ་བོ་ཆེན་པོ་བཞི་དགྱེས་བཞིན་དུ་བསྐུར་ཞིང་བྱིན་གྱིས་བརླབས་ཏེ་ཚིག་མ་ལུས་པ་གནང་ནས་དོན་བརྒྱུད་གཏད་པ་ལགས་སོ། །དེ་བཞིན་དུ་ཁྱེད་ལ་ཡང་གཏོད་པ་ལགས་པས་བཀའ་བབས་ཀྱི་དབང་བཞི་པོ་འདི་བཀའ་བབས་སྐུ་བཞི་ནས་ད་ལྟ་བདག་ཡན་དུ་དབང་གི་ཆུ་བོ་འབབ་འཕྲོ་མ་ཆད། ཉམས་རྟོགས་ཀྱི་ན་བུན་འཐུལ་འཕྲོ་མ་ཆད། ལམ་རྟགས་ཀྱི་འཇའ་ཚོན་འཆར་འཕྲོ་མ་ཆད་དེ། མདོར་ན་གྲུབ་ཐོབ་ཀྱི་ཕྲེང་ཐག་མ་ཆད་པའི་ཆོས་ལགས། དེའང་དོན་གྱི་ཆིངས་བཞི་སྟེ། མདོ་རྒྱུད་ཕྱག་ལེན་དང་བཅས་པ། བཀའ་བབས་སྙན་བརྒྱུད་དང་བཅས་པ། དྲི་མེད་ཕྲ་ཐིགས་དང་བཅས་པ། དར་ཚགས་བཤད་འབུམ་དང་བཅས་པའི་དབང་བྱིན་རླབས་ཚིག་དོན་གྱི་བཀའ་མ་ལུས་པ་ཁར་སང་ནས་བགྱིས་ཟིན་ནས། དོན་གྱི་བརྒྱུད་པ་གཏོད་པ་ལགས་པས་ཁྱེད་ཀྱིས་ཀྱང་ཆོས་འདི་རྣམས་ཀྱི་ནང་ན་མར་ཇི་སྐད་བཤད་པ་བཞིན་ཉམས་སུ་ལེན་ཅིང༌། གཞན་དོན་སེམས་ཅན་ལ་ཕན་འདོགས་རྒྱ་ཆེན་པོ་མཛད་པར་ཞུ། ཞེས་བརྗོད། ལན་དུ་སློབ་མས། བླ་མ་རིན་པོ་ཆེས་ཇི་ལྟར་བཀའ་སྩལ་བ་བཞིན་དུ་སྒྲུབ་པར་ཞུ་ཞེས་ཁས་བླངས། དེ་ནས་ཆོས་སྐྱོང་གི་གཏོར་མ་མགོ་ཐོག་ཏུ་བཞག་ནས། ༀ་ཨ་གྷོ་ར་མ་ཧཱ་ཀ་ལ་དུ་བེང་ནི་ཛ་ཧཱུྃ་ཕཊ། ཅེས་ལན་བདུན་དང༌། བཾ་ཧ་རི་ནི་ས་ཧཱུྃ། ཞེས་ལན་གསུམ་གྱི་རྗེས་ལ། ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་མགོན་པོ་ཨ་གྷོ་ར་དང༌། བཀའ་སྲུང་ལག་ན་རྡོར་འཆང༌། གཙུག་ན་མེ་ཁྱེར། རྒྱབ་ན་གཤོག་ཐོགས། ཁ་ནས་ཁུས་འདེབས། ཞིང་སྐྱོང་ཀུན་ཏུ་རཱི་ཀ་སོགས་བཀའ་སྲུང་རྣམས་ཀྱིས། སྔར་བླ་མ་གོང་མ་རྣམས་ཀྱི་ཕྲིན་ལས་ཇི་ལྟར་སྒྲུབ་པ་བཞིན། ཁོང་ཆྒཻ་མོའི་ཡང་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་སྒྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་བཀའ་སྲུང་གཏོད། འདི་བརྒྱུད་པ་གཏད་པའི་དབང་སྟེ། གཞན་དོན་མི་འགྲུབ་པའི་སློབ་མ་ལ་བརྒྱུད་པ་མི་གཏོད། ཅེས་གསུངས་འདི་ལ་བཀའ་དོག་པར་མཛད་དོ། །དེས་བརྒྱུད་པ་གཏད་པའི་དབང་ཚར་བས་མཎྜལ་དང་དྲིན་ཕྱག་འཚལ་དུ་གཞུག །བླ་མས་དཀྱིལ་འཁོར་གྱི་རྗེས་ཆོག་གཞུང་བཞིན་བྱའོ། །དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་དབང་ཆོག་བཀླག་པས་གྲུབ་པ་ལས་རྟེན་འབྲེལ་ཁང་འཇུག་དང་བརྒྱུད་པ་གཏོད་པའི་ཆོ་ག་བཤད་པའི་ལེ་ཚན་ནོ། །ཞི་བྱེད་སྔ་ཕྱི་བར་གསུམ་གྱི། །དབང་ཆོག་མིང་དོན་མཐུན་པ་འདི། །དགེ་སློང་དྷརྨ་ཤྲཱིས་བཀོད། །ནོངས་ན་མཁས་རྣམས་བཟོད་པར་མཛོད། །དེ་ལྟར་འབད་པའི་དགེ་འདིས་ཀྱང༌། །ལུས་བསྐྱེད་མ་ཡིས་ཐོག་དྲངས་ནས། །དཔག་ཡས་སེམས་ཅན་མ་ལུས་ཀུན། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཞི་བྱེད་སྔ་ཕྱི་བར་གསུམ་གྱི་དབང་ཆོག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་བཀླགས་པས་གྲུབ་པ་ཞེས་བྱ་བ་དགེ་སློང་རྒན་པོ་དྷརྨ་ཤྲཱིས་ཤིང་བྱ་ལོར་ཟངས་རི་ལྷུན་གྲུབ་རབ་བརྟན་དུ་དབུ་བརྩམས་ཏེ། དུས་ཀྱི་འགྱུར་བ་ཡ་ང་བས་རང་དབང་འདུས་པ་དཀའ་བར་བྱུང་ཡང་ཇི་སྐད་དུ། སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་པས། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང༌། །ཞེས་གསུངས་པ་ལ་ངེས་ཤེས་བསྐྱེད་ནས་ཟབ་ཆོས་འདི་དག་དེང་སང་མིང་གི་ལྷག་མ་ཙམ་དུ་གྱུར་པ་གསོ་ཐུབ་ན་ཅི་མ་རུང་སྙམ་པའི་དམ་བཅའ་བརྟན་པོས་རྐྱེན་དབང་དུ་མ་བཏང་བར་དལ་ཁོམས་འབྱོར་བརྡོགས་ཀྱི་སུག་རིས་སུ་རིམ་པར་སྤེལ་བ་ལས། མི་ཟད་པ་མེ་ཁྱིའི་ལོ་ཧོར་ཟླ་དྲུག་པའི་ཡར་ངོའི་ཚེས་དྲུག་གི་སྔ་དྲོ་བུ་མོའི་དུས་སྦྱོར་ཐོག །ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་གྲུབ་པར་བགྱིས་པ་སྟེ། ཉིས་བྲིས་མ་ཁོམས་པས་མཚམས་སྦྱོར་དང་ཚིག་ཕྲད་སོགས་འགལ་ཟློས་སུ་གྱུར་ན་དམ་པ་རྣམས་ཀྱིས་བཟོད་པར་མཛོད་ཅིག །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དར་རྒྱས་འཕེལ། ཤུ་བྷ་མསྟུ། ཨིནྡྲ་བྷུ་ཏི་ནཻ་ཀ་པྲཙྪ།། །།