ནི་གུའི་འཁྲུལ་འཁོར་རྩ་འགྲེལ།

From Damngak Dzö
Revision as of 15:26, 4 November 2025 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

DNZ-12-NA-002
Niguma’s Yogic Exercises, Root and Commentary
Rigpe Dorje Publications, 2024
Wylie title ni gu'i 'khrul 'khor rtsa 'grel
Location gdams ngag rin po che'i mdzod
Volume 12, Text 2, Pages 17-28 (Folios 1a1 to 6b2)
Author ཏཱ་ར་ནཱ་ཐ་
Citation Tāranātha. Ni gu'i 'khrul 'khor rtsa 'grel. In Gdams ngag rin po che'i mdzod, Vol. 12: 17-28. Kalimpong: Rigpe Dorje Publications, 2024.
Shechen Publications, 1999
Side notes Recto: ni gu'i 'khrul 'khor   Verso: shangs chos skor
More details More details
Genre Commentaries - 'grel pa  ·  Root Verses - rtsa tshig - tshig rkang  ·  Yogic Exercises - 'khrul 'khor
Colophon

།དེ་ལྟར་ན་འདི་རྣམས་ཡེ་ཤེས་མཁའ་འགྲོ་ནི་གུའི་ཞལ་གྱི་གདམས་པ། རླུང་སེམས་དབུ་མར་ཐིམ་པ་དང༌། རྩ་མདུད་གྲོལ་བའི་མན་ངག་རང་ལུས་ཐབས་ལྡན་གཙོ་བོར་གྱུར་པ། གྲོལ་ལམ་མཆོག་སྒྲུབ་ཀྱི་མན་ངག །ལུས་སྦྱོང་བཅོ་བརྒྱད་པ་ཞེས་བྱ་བ་ཡིན་ཏེ། འདིའི་རྩ་བའི་གཞུང་ནི། ཞལ་ཤེས་ཅུང་ཟད་གབ་པ་དང༌། ཚིག་མང་པའི་གསེབ་ཏུ་འཐོར་བས་སྡུད་མི་ཤེས་པ་དག་མང་དུ་ཡོད་ལ། མི་མཁས་པས་སྦྱར་བའི་སྡོམ་ཐན་ཐུན་ཡོད་སྲིད་ནའང༌། ལག་ལེན་གསལ་པོར་ཐོན་པ་མེད་པར་མངོན་པས། འདིའི་ལག་ལེན་ནུབ་ཏུ་ཉེ་བར་མཐོང་བའི་ཕྱིར། མི་ནུབ་ཅིང་རྒྱས་པར་བྱ་བའི་དོན་དུ་དཔལ་ལྡན་ཤངས་པའི་བཀའ་བརྒྱུད་ལ་མོས་པ་ཅུང་ཟད་ཐོབ་པ། ཏཱ་ར་ནཱ་ཐས་མ་སྦས་ཤིང་གསལ་བར་བཀོད་པའོ།།

de ltar na 'di rnams ye shes mkha' 'gro ni gu'i zhal gyi gdams pa/_rlung sems dbu mar thim pa dang /_rtsa mdud grol ba'i man ngag rang lus thabs ldan gtso bor gyur pa/_grol lam mchog sgrub kyi man ngag_/lus sbyong bco brgyad pa zhes bya ba yin te/_'di'i rtsa ba'i gzhung ni/_zhal shes cung zad gab pa dang /_tshig mang pa'i gseb tu 'thor bas sdud mi shes pa dag mang du yod la/_mi mkhas pas sbyar ba'i sdom than thun yod srid na'ang /_lag len gsal por thon pa med par mngon pas/_'di'i lag len nub tu nye bar mthong ba'i phyir/_mi nub cing rgyas par bya ba'i don du dpal ldan shangs pa'i bka' brgyud la mos pa cung zad thob pa/__tA ra nA thas ma sbas shing gsal bar bkod pa'o//

[edit]
༄༅། །ནི་གུའི་འཁྲུལ་འཁོར་རྩ་འགྲེལ་བཞུགས་སོ། །

༄༅། །ཨ་སྭ་སྟི། ན་མོ་གུ་རུ། རྩ་མདུད་དགྲོལ་དང་རྩ་སྲོང་དང༌། །དབུ་མར་སྡུད་དང་རྩ་འགྲེམ་བཞིའོ། །ལངས་འདྲེན་བསྒྱུར་དང་སྟོད་གནོན་གསུམ། །རྐང་གཅིག་རྐང་གཉིས་གཅུ་བ་དང༌། །བུ་ཆུང་ཚུལ་དུ་འཕར་བ་ལྔ། །ཁ་འབྱེད་གཉིས་ནི་བསྣོལ་དང་བགྲད། །དབུ་མར་འཇུག་དང་དབུ་མར་འདྲེན། །དབུ་མར་སྡུད་པ་གསུམ་དུ་བཞེད། །རྣམ་སྣང་རྟགས་བཅུ་དོན་ཡོད་གྲུབ། །གཟིར་དང་མཉམ་གཞག་རྐང་གཡབ་དང༌། །ཀོག་ལངས་སུམ་སྤྲུགས་ཞེས་བྱ་བརྒྱད། །རྩ་ལ་བཞི་དང་ཐིག་ལེ་གསུམ། །ཟུག་སེལ་ལྔ་དང་ཁ་འབྱེད་གཉིས། །རྡོ་རྗེ་གར་ལ་གསུམ་ཡིན་ཏེ། །ཉོན་མོངས་སེལ་ལ་བརྒྱད་ཡོད་ཀྱང༌། །གཅིག་ཏུ་བསྡུས་ན་བཅོ་བརྒྱད་ཡིན། །དང་པོ་སྐྱིལ་ཀྲུང་རོ་སྟོད་ལན་བདུན་གཅུ། །གཉིས་པ་ལངས་ལ་སྐེད་གཟེར་རྟིང་འཁྲབ་བདུན། །གསུམ་པ་ལག་གཉིས་མཆན་ཁུངས་བརླ་ཟུར་བརྐྱང༌། །བཞི་པ་སར་བསྡད་ལུས་ཀུན་འཕུར་མཉེ་བྱ། །ལྔ་པ་སྤྱི་བོར་ཐལ་སྦྱར་རྟིང་པ་བརྡབ། །དྲུག་པ་ཁུ་ཚུར་གཡས་གཡོན་རེས་མོས་བརྐྱང༌། །བདུན་པ་མཆན་ཁུང་བསྡོམས་ལ་རོ་སྟོད་གཅུ། །བརྒྱད་དགུ་གཉིས་ལ་དབྱུག་མཆོངས་བྱེད་པར་བརྒྱད། །འོན་ཀྱང་ད་ལྟ་ལག་ལེན་དེ་མི་བྱེད། །བརྒྱད་པ་པུས་མཐིལ་སྦྱར་ལངས་ལག་བརྐྱང་འཁྲབ། །དགུ་པ་རྐང་ལག་རྡེག་སྟབས་རྟིང་འཁྲབ་གསུམ། །བཅུ་པ་སོར་བསྣོལ་བྲང་འགེབ་ལན་གསུམ་གཅུད། །བཅུ་གཅིག་ལངས་སྡོད་མགོ་བོ་བསྐོར་ལྕོག་སྤྲུག །བཅུ་གཉིས་རྟིང་འཁྲབ་གསུམ་མཐར་ས་ལ་འབེབས། །བཅུ་གསུམ་ཁུ་ཚུར་བྲང་གནོན་གཅིག་ཤོས་འཕུལ། །བཅུ་བཞི་ཁ་མིག་བགྲད་མཐའ་བརྐྱང་བསྐུམ་སྤྲུག །བཅོ་ལྔ་ནུ་རྡེག་རྒོད་ལྡིང་སྤྲུག་དང་བསྐོར། །བཅུ་དྲུག་བསྣོལ་ནས་འཐེན་གནོན་སྒྱེད་རྒུ་བྱ། །བཅུ་བདུན་དཔུང་བཀབ་སྐེད་པ་ལན་གསུམ་སྐྱོག །བཅོ་བརྒྱད་པ་ནི་ཉོན་མོངས་སེལ་བ་ཡིན། །བྱང་ཆུབ་ཕྱག་རྒྱ་གཡས་གཡོན་སྟེང་འོག་གཅུ། །སྲིན་འདུད་ལྟག་མནན་རོ་སྟོད་གཡས་གཡོན་གཅུ། །དོན་གྲུབ་ཕྱག་རྒྱར་གཞག་ཤ་བརྡེབ་པ་ཡིན། །གཟིར་བ་འབར་རྒྱ་བསྐོར་ཞིང་མིག་བསྐོར་བལྟས། །མཆན་ཁུང་བསྡམས་ཤིང་གཅུས་ནས་སླར་ཡང་བལྟ། །མཉམ་གཞག་རྡོར་སྐྱིལ་ཕོ་བ་བསྡམས་པ་དང༌། །རྐང་གཡབ་གན་རྐྱལ་ཙོག་ཟན་སྤུའི་ཚུལ། །ཀོག་ལངས་སྡིགས་མཛུབ་ཕྱོགས་བཅུ་རྣམས་སུ་བསྐོར། །གསུམ་སྤྲུག་བསྡམ་བརྐྱང་བཤུད་ཅིང་སྤྲུགས་པ་ཡིན། །ཡེ་ཤེས་མཁའ་འགྲོ་ནི་གུའི་ཆོས་དྲུག་གི །གཏུམ་མའི་གཞུང་ཁྲིད་འཁྲུལ་འཁོར་བཅོ་བརྒྱད་ཡིན། །ཕྱི་མ་བརྒྱད་དུ་ཕྱེ་ན་ཉི་ཤུ་ལྔ། །ཞེས་སོ། །དེ་ཡང་རླུང་སྦྱོང་བ་ཟླ་གཅིག་ཙམ་སོང་བ་ནས། གཏུམ་མའི་སྟངས་ཞག་བདུན། གོང་བུ་འཐབས་པ་ཞག་བདུན། དངོས་གཞི་ཞག་བདུན། བླ་མའི་གཏུམ་མོ་ཞག་བདུན། གོས་སུ་གྱོན་པ་ཞག་བདུན་བྱ། དེ་ནས་འཁྲུལ་འཁོར་འདི་རྣམས་བསླབས་ཏེ་ཡང་ཡང་སྦྱངས་པས་ངལ་དུབ་མེད་ཅིང་སྒྲིམ་མི་དགོས་པར་སོང་བ་ན། སོ་སའི་དམིགས་པ་རྣམས་ལ་ཐུན་རེ་རེ་བྱེད་ཀྱིན་སྦྱངས། མཐར་འཁྲུལ་འཁོར་ཚར་རེ་ལ་དམིགས་པ་ཐམས་ཅད་ཚར་རེ་འགྲོ་བར་བྱེད། ཐུན་བཞིའམ་དྲུག་ཏུ་ཚར་རེ་མ་ཆགས་ཤིང་གཏུམ་མོ་ལ་འབད་ན་ཡོན་ཏན་དཔག་ཏུ་མེད་པ་འཕྲལ་དུ་འབྱུང་ངེས་པ་ཡིན་ནོ། །དེ་ལ་སྡོམ་ཚིག་གི་དོན་རྣམས་བཤད་པར་བྱ་སྟེ། དང་པོ་རྩ་མདུད་དགྲོལ་བ་ནི། སྐྱིལ་ཀྲུང་ལུས་གནད་བཅས་ལ། ལག་པ་གཉིས་པུས་མོ་ནས་དྲངས་ཏེ། བརླའི་རྩ་བར་བཅུག །རོ་སྟོད་གཡས་དང་གཡོན་དུ་གཅུད་པ་ལན་བདུན་བདུན་བྱ། གཉིས་པ་རྩ་དྲང་པོར་བསྲང་བ་ནི། ལུས་གནད་བཅའ་གཞི་གོང་ལྟར་བཅས། ལག་པ་བརླའི་རྩ་བར་སླེབས་པ་དང༌། ཀོག་གིས་ལངས་ལ་རླུང་འཕར་བྱས། ལག་པ་རྐེད་གཟེར་གྱི་ངང་ནས། ལྟོ་བ་གཡས་བསྐོར་གཡོན་བསྐོར་བྱ། བཤང་སྒོར་སྡིག་པ་རེ་དང༌། རོ་སྟོད་བག་ཙམ་གཡས་གཡོན་དུ་གཅུ་བ་ལྷན་ཅིག་ཏུ་བྱ་ཞིང༌། དེ་རྗེས་རྟིང་འཁྲབ་རེ་དང་སྤེལ་བ་ལན་བདུན་བྱ། འདིས་རྩ་འཁྲུགས་པ་སེལ་བས། སྐྲ་ཤད་ཀྱིས་སྐྲ་གད་བྱེད་པ་དང་འདྲའོ། །གསུམ་པ་དབུ་མར་སྡུད་པ་ནི། སྔ་མའི་འཕྲོས་ལ་ཡིན་ན། རླུང་འཁྲབ་ཅིག་བྱས་པས་ཆོག །ལོགས་སུ་བྱེད་ན༑ བཅའ་གཞི་གཉིས་པ་དང་འདྲ་བར་བྱ། ལག་པ་ཁུ་ཚུར་བཅངས་པ་བརླའི་ཕྱི་འཕོང་ཚོས་ཕྱོགས་ལ་བརྐྱང་ཞིང་ཤེད་བཅུག་ལ་རྟིང་འཁྲབ་གཉིས་གཉིས་ཀྱི་མཚམས་སུ། འཕར་རྡེབ་རེ་བྱ། དེ་འདྲ་ལན་བདུན་ནོ། །བཞི་པ་རྩ་འགྲེམ་ནི། རླུང་བསྒྱུར་ཞིག་བྱས་ནས་དང་པོར་མགོ་དང༌། དེ་ནས་རོ་སྟོད། དེ་རྗེས་ལག་པ། རྗེས་སུ་སྨད་དང༌། རྐང་བ་བརྐྱང་བ་ལ་འཕུར་མཉེ་བྱ། ཁྱད་པར་ལག་པ་དང་རྐང་པའི་ཉྭ་བཞི་རྣམས་ལ། ཕན་ཚུན་དུ་བཤུད་པ་དང༌། རྡུང་བར་བྱེད། བཞི་པོ་དེ་རྣམས་རྩ་དག་པར་བྱེད། ལྔ་པ་ལངས་ཏེ་འགྲེམས་པ་ནི། བཅའ་གཞི་བཉིས་པ་དང་འདྲ་བ་ལས། ལག་པ་རིམ་པས་རྩིབས་ལོགས་བརྒྱུད་ཡར་བརྐྱང༌། སྤྱི་བོར་ཐལ་མོ་སྦྱར། སྐེད་པ་ཉག་གིས་བཏང༌། ཐུར་སེལ་ཐུར་དུ་བསྡིག་པ་དང༌། སྲོག་སྟེང་དུ་དྲང༌། ལྐོག་མས་ཨོལ་མདུད་དྲག་ཏུ་མནན་ཅིང༌། འཕར་རྡེབ་བྱེད་པ་ལས། རྟིང་པ་བརྡེབ་པ་ཤུགས་ཆེ་བར་བྱ། འདི་ཡང་ལན་བདུན་བྱའོ། །དྲུག་པ་བསྒྱུར་བ་ནི། བཅའ་གཞི་གོང་བཞིན་བྱས་ལ། ལག་གཉིས་ཁུ་ཚུར་བརླའི་ཟུར་ལ་བརྐྱང༌། ལུས་གཡོན་དུ་གཅུད་ནས། རྐང་ལག་གཡས་པ་དྲག་ཏུ་བརྐྱང་བསྐུམ་བྱ། ཡན་ལག་དང་ལྷན་ཅིག་སོར་མོ་ཡང་བརྐྱང་བསྐུམ་བྱ༑ དེ་བཞིན་དུ་གཡོན་ལའང་བསྐྱར། བདུན་པ་སྟོད་གནོན་ནི། བཅའ་གཞི་སྔར་བཞིན་ལས། ལག་གཉིས་ཀྱི་སོར་མོ་རྣམས་བསྣོལ་ཏེ་བྲང་ལ་བཀབ། མཐེ་བོས་མཆན་ཁུང་ལོགས་ནས་བསྡམ། རོ་སྟོད་གཡས་གཡོན་དུ་ལན་བདུན་གཅུ། དེ་གསུམ་ཐིག་ལེ་དག་བྱེད་དོ། །བརྒྱད་པ་རྐང་གཅིག་པ་ནི། བཅའ་གཞི་གཉིས་པ་དང་འདྲ་བ་ལས། རྐང་པ་གཡོན་པའི་པུས་མའི་གོང་ལ་གཡས་པའི་མཐིལ་སྦྱར། པུས་མོ་གཡས་ལ་སྒྱེད། ལག་པ་གཉིས་ཀ་བརྐྱངས་ཏེ། འཕར་རྡེབ་གསུམ་བྱེད། དེ་ཉིད་གཡས་གཡོན་གོ་ལྡོག་པའང་ལན་གསུམ་བྱ། དགུ་པ་རྐང་གཉིས་ནི། བཅའ་གཞི་གཉིས་པ་བཞིན་ལས། རྐང་ལག་གཡས་པ་གཉིས་མདུན་དུ་གཡོན་བསྐོར་བྱས་ནས༑ གྱེན་དུ་ཅུང་ཟད་བཏེགས་ཏེ། བརླ་གཡས་ཀྱི་རྒྱབ་ཟུར་དུ་ལག་པ་སོར་མོ་དང་བཅས་པ་ཤད་ཀྱིས་བརྐྱང་བ་དང༌། རྟིང་པའང་དེ་ཕྱོགས་སུ་ས་ལ་བརྡབ། གཡོན་པའང་དེ་བཞིན་བྱེད། འདིའི་གཞུང་ལས། བརྒྱད་པ་དང་དགུ་པ་འདི་གཉིས་ལ་ཐོག་མ་ལག་པ་གཅིག་གིས་འཁར་བ་ལ་འཇུ་བ་དང་མཇུག་ཏུ་གཉིས་ཀས་འཇུས་ནས་རིང་དུ་འཕར་ཞིང་དབྱུག་མཆོང་བྱེད་པར་བཤད་ཀྱང༌། དེང་སང་ལག་ལེན་མི་བྱེད་པར་འདུག །བཅུ་པ་གཅུ་བ་ནི། སོར་མོ་བསྣོལ་བས་བྲང་དང་མཆན་ཁུང་བཙིར་བ་བདུན་པ་དང་འདྲ་རུང་བ་ལས། ལངས་པའི་སྐབས། མགོ་དང་ལྟག་པ་སྒྱེད་པའི་ངང་ནས་གཡས་གཡོན་ལན་གསུམ་གཅུད། དེ་རྗེས་རླུང་བསྒྱུར་བྱས་ཏེ་ས་ལ་བསྡད་ནས། མགོ་དང་རོ་སྟོད་ལན་གསུམ་གཅུད། དེ་ནས་པུས་མོ་བཙུགས་པའི་ཕྱེད་ལངས་ལ། ལག་པ་གཡས་པ་སྔར་བཞིན། གཡོན་པ་རྒྱབ་ནས་བསྐོར་ཏེ་དཔྱི་གཡས་པ་ལ་འཇུས་པས། རོ་སྟོད་གཡོན་དུ་གཅུད། དེ་བཞིན་དུ་གོ་ལྡོག་པ་རང་བྱའོ། །བཅུ་གཅིག་པ་བུ་ཆུང་ཚུལ་ནི། བསྡད་ལ་མགོ་བོ་བསྐོར་ཞིང་མགོ་ལྕོགས་སྤྲུག་པ་ལན་གསུམ་དང༌། ལངས་ནས་ཀྱང་མགོ་བོ་བསྐོར་ཞིང་མགོ་ལྕོགས་སྤྲུག་པ་ལན་གསུམ་རྣམས་བྱའོ། །བཅུ་གཉིས་པ་འཕར་བ་ནི། རྟིང་འཁྲབ་ལན་གསུམ་གྱི་མཐར། ལག་པ་ཁུ་ཚུར་བརྐྱངས་ཏེ། འཕོང་སར་བརྡབ། དེ་འདྲ་ལན་གསུམ་བྱ། དེ་ལྔ་རླུང་དང་ཐིག་ལེ་ཐུན་མོང་དག་པར་བྱེད་པའོ། །བཅུ་གསུམ་པ་རྩ་དབུ་མ་ཁ་འབྱེད་དང་པོ་ནི། སྐྱིལ་ཀྲུང་བཅས། ལུས་བསྲངས། ལག་པ་ཁུ་ཚུར་གཉིས་ཐད་ཀར་བརྐྱང་བ་ལས། གཡོན་ཁུ་ཚུར་ནུ་ཁར་བརྡེག་ཅིང་མནན། གཡས་འཕོངས་ཚོས་གཡས་ཀྱི་ཕྱོགས་ཐད་ཀ་ལ་བསྐུམ་ཁྲུ་གང་ཙམ་དུ་བརྐྱང༌། དེ་འདྲ་བ་ལན་གསུམ་བྱེད། དེ་ཉིད་གོ་ཟློག་པའང་ལན་གསུམ་བྱེད། འདི་ལ་གཡས་གཡོན་བསྣོལ་བ་ཟེར། དབུ་མ་ཁ་འབྱེད་གཉིས་པ་ནི། རླུང་འཁྲབ་བྱས་ནས་ལངས། ལག་པ་བརྐྱངས་ཏེ་ཕོ་བ་ས་ལ་བཙུགས། ཁ་མིག་གདངས། ཡན་ལག་བཞི་བརྐྱང་བསྐུམ་བྱ་ཞིང་དྲག་ཏུ་སྤྲུག་པའོ། །འདི་ལ་བསྒྲད་པའི་མཐའ་ཟེར། བཅོ་ལྔ་པ་དབུ་མར་འཇུག་པ་ནི། བཅའ་གཞི་དང་བསྟུན་ནས་ལངས། རླུང་ཐུར་ལ་བརྡེག་ཅིང༌། ལག་པ་བརྐྱངས་ཏེ་ནུ་ཁར་བརྡེག་པ་ལན་གསུམ་བྱ། ཡང་ལག་གཉིས་ཁུ་ཚུར་བརླའི་ཟུར་དུ་བརྐྱངས་ལ། ཐུར་སེལ་དྲག་ཏུ་འཐེན་པ་གསུམ་བྱ། ཡང་ལག་པ་རྒོད་གཤོག་བཞིན་བརྐྱངས་ལ་རྟིང་འཁྲབ་གསུམ་བྱས་ནས། ལུས་དྲག་ཏུ་སྤྲུག །ཡང་རླུང་ཕྱིར་བསལ་ནས་ཀྱང་དྲག་ཏུ་སྤྲུག་གོ །བཅུ་དྲུག་པ་དབུ་མར་འདྲེན་པ་ནི། ལངས་ཏེ་ལག་པ་གཉིས་བསྣོལ། ཁུ་ཚུར་གཡས་གཡོན་གྱིས་མཆན་ཁུང་དང༌། ལག་ངར་གྱིས་ནུ་མ་བཙིར། རྩིབ་ལོགས་གཡས་དགང༌། མགོ་གཡོན་དུ་འཁྱོག་པ་དང་ལྷན་ཅིག་རླུང་གཡས་གྱེན་འཐེན་དང༌། དེ་ཉིད་གོ་ལྡོག་པས་གཡས་ཐུར་མནོན་བྱ། གཡོན་ལའང་དེས་རིགས་འགྲེ། དེ་བཞིན་དུ་ལྟག་པ་སྒྱེད་ལ་མདུན་དུ་འཐེན་གནོན་དང་སྒུར་ལ། རྒྱབ་ལའང་འཐེན་གནོན་བྱ། བཅུ་བདུན་པ་དབུ་མར་སྡུད་པ་ནི། སྔར་བཞིན་ལངས་ལ། ལག་པ་བསྣོལ། ལག་མཐིལ་དཔུང་པ་གཡས་གཡོན་ལ་བཀབ། ཕོ་བ་གཡས་བསྐོར་གཡོན་བསྐོར་གསུམ། རོ་སྟོད་གཡས་གཡོན་དུ་གཅུ། སྐེད་པ་གཡས་གཡོན་དབུས་གསུམ་དུ་ཕར་ཀྱོག་ཚུར་ཀྱོག་བྱ་ཞིང་འཆུན་བཙལ་ལོ། །ཁ་འབྱེད་གཉིས། གར་གསུམ་ཞེས་སོ་སོར་བགྲང་ཡང་ཆབ་ཅིག་ཏུ་འོང་བས་ཁ་འབྱེད་གཉིས་དང༌། འཇུག་འདྲེན་སྡུད་གསུམ་སྟེ་ལྔ་ལ་རྡོ་རྗེ་གར་གྱི་འཁྲུལ་འཁོར་ཞེས་སོ། །བཅོ་བརྒྱད་པ་ནི་ཉོན་མོངས་སེལ་བའི་འཁྲུལ་འཁོར་ཞེས་བྱ་སྟེ། དེ་ལ་ནང་ཚན་དུ་ཕྱེ་ན་བརྒྱད་ཡོད། དང་པོ་གཏི་མུག་སེལ་བ་རྣམ་སྣང་གི་ཕྱག་རྒྱ་ནི༑ བྱང་ཆུབ་མཆོག་གི་ཕྱག་རྒྱ་སྙིང་གར་བཅས་ནས། བདུན་དུ་བརྐྱངས་ལ། གཡས་གཡོན་སྟེང་འོག་རྣམས་སུ་གཅུ་ཞིང༌། ནུ་མ་དང་ཕོ་བར་བརྡེག །རྒོད་པ་སེལ་བ་ནི། སྐྱིལ་ཀྲུང་ངང་ནས་སྲིན་ལག་གཉིས་འདུད་པའི་སོར་མོ་གཞན་རྣམས་ཀྱིས་ལྟག་པའི་ཆུ་བ་ནས་མནན་ཏེ་ལྟག་པ་དགུག །རོ་སྟོད་གཡས་གཡོན་དུ་ལན་གསུམ་དྲག་ཏུ་གཅུ། ལག་པ་སྟེང་དུ་བརྐྱངས་ཏེ། སྤྱི་བོར་ཐལ་ལྕག་རྒྱབ། ལན་གསུམ། ཁྲོ་ཚིག་སེལ་བ་ནི། ལག་གཉིས་པུས་མོ་ནས་བླངས་ཏེ། བཞག་ཤ་བརྡབ་ཅིང་མདུན་དུ་བརྐྱངས་ནས། དོན་ཡོད་གྲུབ་པའི་ཕྱག་རྒྱ་བཅས་པ་སྙིང་ག་དང་ལྟེ་འོག་ཏུ་བརྡབ། གཡོན་པའི་ལག་ངར་བསྲང་ནས་གཅུད་དོ། །གནོད་བྱེད་གཟིར་བ་ནི། སྐྱིལ་ཀྲུང་ངང་ནས། ལག་པ་འབར་བའི་ཕྱག་རྒྱ་བཅས་གཡས་དང་གཡོན་དང་དབུས་དང་སྟེང་ཕྱོགས་ནས་ཅུང་ཟད་རྒྱབ་ལ་སྒྱེད་དེ། གཡས་གཡོན་དུ་ལན་གསུམ་གསུམ་བསྐོར་བ་དང་ལྷན་ཅིག་མིག་གདངས་ཤིང་ཤུགས་བསྐྱེད་པའི་ལྟ་སྟངས་ཀྱིས་མིག་ཀྱང་བསྐོར་རོ། །ཞེ་སྡང་སེལ་བ་མི་བསྐྱོད་པའི་ཕྱག་རྒྱ་ནི། སྐྱིལ་ཀྲུང་བྱས་ནས་དཔྱད་ཕྲག་བརྡབ། སོར་བཅུ་བསྣོལ་བས་བྲང་གི་དབུས་རྣམས་བསྡམས་ཤིང༌། གྲུ་མོ་ཕྱིར་བཀྱེད་ལ་གཡས་གཡོན་དུ་ལན་གསུམ་གསུམ་གཅུ་བ་དང༌། ལག་གཉིས་ས་གནོན་བྱས་ཏེ། གཡས་གཡོན་དབུས་གསུམ་དུ་ཁྲོ་བོའི་སྟ་སྟངས་ཀྱིས་བལྟའོ། ང་རྒྱལ་སེལ་བ་འོད་དཔག་མེད་ཀྱི་ཕྱག་རྒྱ་ནི། རྡོ་རྗེའི་སྐྱིལ་ཀྲུང་གི་ངང་ནས་ལག་ངར་བསྲང་བའི་མཉམ་བཞག་ཤུགས་བསྐྱེད། མཉམ་བཞག་བཏེགས་ནས་ཕོ་བར་བརྡེག་ཅིང་བསྡམས། ཡང་ལག་ངར་བསྲང་བ་སོགས་ལན་གསུམ། དེ་རྗེས་རླུང་ཕྱིར་འབུད་པ་དང་ལྷན་ཅིག་ཧ་དྲག་པོ་ལན་གསུམ་བརྗོད། འདོད་ཆགས་སེལ་བ་ནི། བཅའ་གཞིའི་ངང་ནས་རྐང་པ་གཡས་གཡོན་རེས་མོས་སུ་ལན་གསུམ་བསྐོར་ཞིང་གཡབ། དེ་ནས་གན་རྐྱལ་དུ་འདུག་སྟེ། རྐང་པ་གཡས་བརྐྱང་གཡོན་བསྐུམ་དང༌། གཡོན་བརྐྱང་གཡས་བསྐུམ་བྱེད། ལག་པ་ནམ་མཁར་བརྐྱངས་ནས་ཟན་བསྣོལ་བའི་ཕྱག་རྒྱ་བྱ། བདེ་ཆེན་འབེབ་པ་ཆེ་བ་སེར་སྣ་སེལ་བ་ནི། སྐྱིལ་ཀྲུང་བཅས་པ་ལས། ཀག་གིས་ལངས་ཏེ་འདོམས་འཇལ་བརྒྱད། རླུང་འཁྲབ་བྱ། སྡིགས་མཛུབ་བྱས་ཏེ་གཡས་གཡོན་དང༌། སྟེང་འོག་དང༌། མདུན་རྒྱབ་ཏུ་བསྐོར། རླུང་བསྒྱུར་ཞིག་བྱས་ལ་མཆོག་སྦྱིན་བརྐྱང་ལུས་སྒྱེད་པར་བྱ། འདི་ལ་ཀོག་ལངས་ཟེར་རོ། །བདེ་བ་འབེབ་པ་ཆུང་བ་ནི། གསུམ་སྤྲུགས་ཞེས་བྱ་བ་ལག་པ་གཡས་གཡོན་གཉིས་སྟེང་ནས་འོག་ཏུ་སྤྲུག་པ་དང༌། རོ་སྟོད་དྲག་ཏུ་སྤྲུག་པ་ལ་ཟེར། དེའང་སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས། གསུམ་སྤྲུག་བྱ། དེ་ནས་ལག་པ་གཡས་སྟེང་དང་གཡོན་འོག་ཏུ་བྱས་ལ་བསྣོལ། ལག་མཐིལ་གྱེན་དུ་བསྟན། ལག་མགོ་གཡོན་གྱི་འོག་ཏུ་གཡས་བཅུག་སྟེ། གཡས་པའི་སྲིན་ལག་གིས་གཡོན་པའི་སྲིན་ལག་བསྡམ། མདུན་དུ་བརྐྱང་བས། ལག་ངར་གཅུད་ལ་བོར་བ་དང༌། ལག་སྟབས་དེ་ཉིད་གོ་ལྡོག་པས་ཀྱང་གཅུད་ལ་བོར། རེ་རེ་བཞིན་ཤུགས་འཇུག་ཐེངས་གསུམ་གསུམ་བྱེད། དེ་ནས་གཡོན་ཁུ་ཚུར་དཔུང་པའི་ཐད་ཀ་ནས་མདུན་གྱི་གཡོན་ཟུར་ལ་བརྐྱང༌། གཡས་ཀྱི་ཁུ་ཚུར་གྱིས་བཤུད་ཐེབས་གསུམ་བྱ། གཡས་པ་ལའང་དེ་བཞིན་དུ་བྱ། ཡང་གསུམ་སྤྲུགས་མཐར་འབེབས་བྱའོ། །ཕྱི་མ་འདི་ལ་གསུམ་སྤྲུགས་ཟེར་ཏེ་འགྱོད་པ་དང༌། ཡིད་མི་བདེ་བ་དང༌། རྣམ་རྟོག་སེལ་བ་ཡིན། འཁྲུལ་འཁོར་འདི་རྣམས་ལ། སོ་སོར་དམིགས་པའི་གནད་རེ་ཕལ་ཆེར་ལ་ཡོད་དེ། རྩ་བའི་གཞུང་ཚིག་ལས་ཤེས་པར་བྱའོ། །དེ་ལྟར་ན་འདི་རྣམས་ཡེ་ཤེས་མཁའ་འགྲོ་ནི་གུའི་ཞལ་གྱི་གདམས་པ། རླུང་སེམས་དབུ་མར་ཐིམ་པ་དང༌། རྩ་མདུད་གྲོལ་བའི་མན་ངག་རང་ལུས་ཐབས་ལྡན་གཙོ་བོར་གྱུར་པ། གྲོལ་ལམ་མཆོག་སྒྲུབ་ཀྱི་མན་ངག །ལུས་སྦྱོང་བཅོ་བརྒྱད་པ་ཞེས་བྱ་བ་ཡིན་ཏེ། འདིའི་རྩ་བའི་གཞུང་ནི། ཞལ་ཤེས་ཅུང་ཟད་གབ་པ་དང༌། ཚིག་མང་པའི་གསེབ་ཏུ་འཐོར་བས་སྡུད་མི་ཤེས་པ་དག་མང་དུ་ཡོད་ལ། མི་མཁས་པས་སྦྱར་བའི་སྡོམ་ཐན་ཐུན་ཡོད་སྲིད་ནའང༌། ལག་ལེན་གསལ་པོར་ཐོན་པ་མེད་པར་མངོན་པས། འདིའི་ལག་ལེན་ནུབ་ཏུ་ཉེ་བར་མཐོང་བའི་ཕྱིར། མི་ནུབ་ཅིང་རྒྱས་པར་བྱ་བའི་དོན་དུ་དཔལ་ལྡན་ཤངས་པའི་བཀའ་བརྒྱུད་ལ་མོས་པ་ཅུང་ཟད་ཐོབ་པ། ཏཱ་ར་ནཱ་ཐས་མ་སྦས་ཤིང་གསལ་བར་བཀོད་པའོ།། །།