ཐེག་པ་ཆེན་པོའི་བློ་སྦྱོང་།

From Damngak Dzö
Revision as of 10:04, 11 September 2026 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

DNZ-04-NGA-005-017
Mahāyāna Mind Training
Rigpe Dorje Publications, 2024
Wylie title theg pa chen po'i blo sbyong
Location gdams ngag rin po che'i mdzod
Volume 4, Text 5, Subtext 17, Pages 226-241 (Folios 52b6 to 60a6)
Author མཛད་བྱང་མི་གསལ་
Citation 'jam mgon kong sprul, comp. Theg pa chen po'i blo sbyong. In Gdams ngag rin po che'i mdzod, Vol. 4: 226-241. Kalimpong: Rigpe Dorje Publications, 2024.
Side notes Recto: blo sbyong sna tshogs   Verso: bka' gdams skor
More details More details
Genre Mind Training Texts - blo sbyong
[edit]
༈ །ཐེག་པ་ཆེན་པོའི་བློ་སྦྱོང་བཞུགས་སོ། །བྱམས་པ་ཐོགས་མེད་ལ་སོགས་དང༌། །གསེར་གླིང་པ་དང་ཇོ་བོ་རྗེ། །སྟོན་པ་པུ་ཏོ་ཤ་ར་བ། །མལ་གྲོ་བྲག་དམར་བ་ལ་འདུད། །སྤྱིར་བློ་སྦྱོང་བའི་སྒོ་ནས་སངས་རྒྱ་བ་ལ། ཐོག་མ་ནས་རྡོ་རྗེ་ཐེག་པ་བསྒོམ་པ་མན་ཆད་བློ་སྦྱོང་དུ་མ་འདུས་པ་མེད། སྤྱི་མིང་བྱེ་བྲག་ལ་བཏགས་ཏེ་འདི་ལ་ཇོ་བོ་རྗེའི་བློ་སྦྱོང་ཞེས་འདོགས་སོ། །ཇོ་བོ་ལ་བློ་སྦྱོང་གདམས་པའི་སྲོལ་གསུམ་མངའ་སྟེ། བླ་མ་དྷརྨ་རཀྵི་ཏ་དང༌། བླ་མ་བྱམས་པའི་རྣལ་འབྱོར་པ། གསེར་གླིང་པའི་ལུགས་སོ། །དེ་ལ་འདི་བླ་མ་གསེར་གླིང་པའི་ལུགས་ཏེ། འདིའི་བདག་ཏུ་འཛིན་པ་མ་སྤངས་པར་མངོན་ཞེན་མ་ཞི་བར་བྱས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བཞེད་པས། གྲུབ་མཐའ་ཕྱི་རོལ་པ་དང་མཐུན་བྱས་ཀྱང་འགལ་བ་མེད་པ་ཡིན་གསུངས། གདམས་པ་འདི་ལ་དང་པོ་སྔོན་འགྲོ་དག་ལ་བསླབ་པར་བྱ་གསུངས་ཏེ། དེ་ལ་རྩིས་ལ་གདབ་ན་བཞི་སྟེ། དལ་འབྱོར་རྙེད་པར་དཀའ་བ། མི་རྟག་པ། ལས་རྒྱུ་འབྲས། སྲིད་པའི་ཉེས་དམིགས་བསྒོམ་པའོ། །དང་པོ་ནི། མི་ཁོམ་པའི་གནས་བརྒྱད་ལས་ལོག་པ། རང་གཞན་གྱི་འབྱོར་བ་ལྔ་ལྔ་དང་ལྡན་པས་འདི་བསྐལ་པ་བྱེ་བ་བརྒྱ་སྟོང་དུ་རྙེད་པར་དཀའ་བ་ལུང་རིགས་ཀྱི་སྒོ་ནས་བསམས་ལ། རྙེད་པར་དཀའ་བ་གོ་ན་དོན་ཡོད་པར་བྱ་བ་ནི། ཚེ་འདིའི་བྱ་བ་གང་བྱས་ཀྱང་དེ་དོན་ཡོད་པར་བྱས་པར་མི་འགྱུར་བས་ཆོས་བྱ། ཆོས་ཀྱི་མཆོག་བདག་དང་གཞན་དུ་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་སྙམ་དུ་བསམ། དེ་ག་ལེ་བྱ་སྙམ་ན་ཐོབ་པའི་དལ་བ་ཡུན་རིང་དུ་མི་གནས་པས་མི་རྟག་པ་འཆི་བ་རྗེས་སུ་དྲན་པ་བསྒོམ་སྟེ། སྔར་སྐྱེས་པ་ལ་མ་ཤི་བ་མེད་པས་ཀྱང་འཆི། ཚེ་འཛད་པས་ཀྱང་འཆི། ཚེའི་མཐའ་སྐད་ཅིག་མ་ལས་མ་འདས་པས་འཆི། ངེས་པར་ཆོས་བྱ། འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་དང་རང་གི་འཕེན་པ་ཅི་ཡོད་ཆ་མེད་པ་དང༌། ཕྱི་ནང་གི་རྐྱེན་མང་བས་ནམ་འཆི་ཆ་མེད་པས་དེ་རིང་ནས་ཆོས་བྱ། དེ་ཡང་འཆི་བ་ལ་ཤཱཀ་ཐུབ་བྱོན་རུང༌། ཁྲོ་བོ་བཞིས་བསྲུང་རུང༌། ཉེ་དུ་མང་པོས་བསྐོར་རུང༌། རྫས་དང་ཡོ་བྱད་མང་པོ་ཡོད་ཀྱང་ཅིས་ཀྱང་མི་ཕན་པས་སུ་ཡི་ཡང་ངོ་བསྲུང་མི་བྱ་བར་ཆོས་བྱ། ཆོས་ཀྱི་མཆོག་ཀྱང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ། ཤི་ནས་མེད་དེ་ཆ་མེད་སྙམ་ན། མེད་དེ་མི་ཆ་སྐྱེ་དགོས། དེ་ཡང་ལས་ཀྱིས་སྐྱེ་ལ། ལས་དགེ་བ་ལས་མཐོ་རིས་དང་ཐར་པ་ལ་སོགས་པར་སྐྱེ། མི་དགེ་བས་ངན་སོང་གསུམ་ལ་སོགས་པའི་དུཿ ཁ་འབྱུང་བས་སྡིག་པ་སྔར་བྱས་པ་རྣམས་ཟད་པར་བྱ། ཕྱིན་ཆད་མི་བྱ་བར་བསྡམ། དགེ་བ་སྔར་གྱི་རྣམས་ལ་གསོས་གདབ། ཕྱིན་ཆད་ནུས་པ་ཡོད་ཚད་དུ་བྱ། དེ་དག་གི་མཆོག་ཀྱང་བདག་དང་གཞན་དུ་བརྗེ་བའི་བྱང་ཆུབ་ཀྱི་སེམས་ཡིན་པས་དེ་བསྒོམ། དགེ་བས་མཐོ་རིས་སུ་སྐྱེས་ཀྱང་བདེ་བ་མེད་དེ། འཁོར་བ་མཐའ་དག་དུཿ ཁ་ཡིན་པས་འཁོར་བ་མཐོ་དམན་གྱི་མདོ་དུ་མ་གྱུར་ཀྱང་། ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བ་ལ་ཉེས་དམིགས་བདུན་ལ་སོགས་པ་བསམས་ལ། སྲིད་པ་མཐའ་དག་ལས་ཡིད་འབྱུང་བར་བྱས་ལ་དེ་ལས་འདའ་བར་བྱ། ཐར་པ་ཐོབ་པར་བྱ། དེ་ཐོག་མར་མི་བྱེད་ན་འཁོར་བ་ལས་མི་འདའ། ཐར་པ་ཐོབ་པའི་གེགས་བདག་ཏུ་འཛིན་པ་ཡིན་པས་དེ་སྤང༌། དེ་སྤོང་བའི་མཆོག་ཀྱང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་པས་དེ་བསྒོམ། དངོས་གཞི་གཏོང་ལེན་སྤེལ་མར་བསྒོམ། སེམས་ཅན་གྱི་དུཿ ཁ་ཀུན་འབྱུང་བདག་ལ་བླང༌། བདག་གི་ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར་ལ་སེམས་ཅན་ལ་བཏང༌། ལེན་པའི་གོ་རིམ་མ་ནས་བརྩམ། །གསུངས་པས། རྩ་བའི་མ། ཕ། ཉེ་དུ། ཡུལ་མི། ཡུལ་ཁམས། བོད་ཡུལ། འཛམ་བུ་གླིང་གི་གླིང་བཞི། སྟོང་སྤྱི་ཕུད༑ སྟོང་གཉིས་བར་མའི། སྟོང་གསུམ། ཡུངས་འབྲུ་བྲེ་རུ་བླུགས་པ་ཙམ་དུ་གང་དུ་ཡང་དེས་མ་ཁྱབ་པའི་ཕྱོགས་བཅུ་ནམ་མཁའི་ཁམས་ཁྱབ་ཚད་ཀྱི་སེམས་ཅན་མདུན་དུ་བསམས་ལ། རྩ་བའི་མ་འདིས་དལ་འབྱོར་བྱིན་ནས་དེ་ཡང་རྐ་བློ་ན་གནས་དུས། བཙས་དུས། གསོས་དུས། སྐྱེས་ནས་ཟས་གོས། ནོར་གང་ཕོངས་དགུ་བྱིན། བདེ་བ་ནི་ལོ་ཀ་པའི་དབང་དུ་བྱས་ན་འཁོར་ལོས་སྒྱུར་བའམ། འདས་པའི་དབང་དུ་བྱས་ན་སངས་རྒྱས་ཀྱི་བདེ་བ་དང་ལྡན་ཡང་ངའི་བུ་ལ་འདི་མི་འོས་སྙམ་པ་མེད་པར་བྱས། བྱམས་པའི་མིག་གིས་བལྟས། བརྩེ་བའི་སེམས་ཀྱིས་བསམ། གཅེས་པའི་མིང་གིས་བཏགས། དུཿ ཁ་ལས་བསྐྱབས། བདེ་བ་ལ་ནུས་པ་ཡོད་ཚད་དུ་སྦྱར་བའི་དྲིན་ཆེ་བས། ད་ངས་ཀྱང་དྲིན་ལན་དུ་འདི་རྣམས་དུཿ ཁ་ལས་བསྐྱབ། བདེ་བ་ལ་དགོད། དེ་ཡང་དུཿ ཁས་འཕྲལ་ལམ་ཕུགས་སུ་གནོད། ཀུན་འབྱུང་གིས་བདེ་མི་སྟེར་བར་འདུག་པས་དེ་གཉིས་ལས་དབྲལ་སྙམ་དུ་བསམས་ལ༑ སེམས་ཅན་གྱི་དུཿ ཁ་ཀུན་འབྱུང་གཉིས་པོ་མ་ལུས་པར་སྐྱི་གྲིས་བཞར་བ་ལྟར་སངས་བླངས་ལ་རང་གི་སྙིང་གི་དཀྱིལ་དུ་གཞུག །བདག་གི་ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར་ལ་སེམས་ཅན་ཐམས་ཅད་ལ་བཏང་བས་དེ་ལས་དགོས་འདོད་ཐམས་ཅད་འབྱུང་བས། སེམས་ཅན་ཐམས་ཅད་ལ་གནས་སྐབས་སུ་ཆོས་ཀྱི་ཆ་རྐྱེན་མ་ཚང་བ་མེད་པ་འབྱུང་ཞིང་མཐར་ཐུག་སངས་རྒྱས་ཀྱི་ས་ལ་ཡེར་གཏོང་བར་བསྒོམ་པ་དེ་གཏོང་ལེན་ཐུན་གཅིག་བསྒོམ་པའོ། །དེ་ལས་ངེས་པ་སྐྱེས་ཤིང་བརྟན་པར་གྱུར་ན་དེ་གཉིས་དབུགས་ལ་བསྐྱོན་པར་བྱ་སྟེ། དབུགས་ཕྱིར་རྒྱུ་བ་ན་གཏོང་ལ། ནང་དུ་རྒྱུ་བ་ན་ལེན་པར་སྦྱངས་ཏེ། རླུང་ལ་བརྟེན་པའི་ཏིང་ངེ་འཛིན་མི་འབྱུང་མི་སྲིད་པས། བློ་སྦྱངས་པ་དང་འཇམ་རླུང་འཛིན་པ་དུས་གཅིག་འགྲུབ་པར་འོང༌། དེ་ལྟར་བསྒོམས་པས་གཏོང་བ་ནི་བྱམས་པ། ལེན་པ་ནི་སྙིང་རྗེ། གནས་སྐབས་དང་མཐར་ཐུག་གི་དུཿ ཁ་དང་བྲལ་ཞིང་བདེ་བ་ལ་དགོད་པར་འདོད་པས་དགའ་བ། ཉེ་རིང་མེད་པས་བཏང་སྙོམས། སངས་རྒྱས་ཀྱི་ས་ལ་ཡེར་རེ་འཇོག་པ་བྱང་ཆུབ་ཀྱི་སེམས་ཡིན་པས། གསེར་གླིང་པའི་ཀུན་རྫོབ་ཀྱི་སེམས་ལ་བློ་སྦྱོང་བའི་གདམས་པའོ། །དེ་རྣམས་སྒོམ་པ་ན་སྐྱེ། མ་སྒོམ་ན་མི་སྐྱེ་བ་རྣམ་པ་ཡིན། སྒོམ་མ་སྒོམ་མེད་པར་སྐྱེ་ན་ཆེན་པོ་ཡིན། དམིགས་པ་ནི་ཡུལ། རྣམ་པ་ནི་བསམ་པ། བསོད་ནམས་དེའི་རྣམ་པར་སྨིན་པ། དེ་གསུམ་གོ་བཟློག་པ་ནས་ཚད་མེད་པར་འཇོག་གོ །དེ་ལྟར་བློ་སྦྱོངས་པའི་དངོས་གཞི་མཉམ་བཞག་དེ་ནོར་མ་ནོར་དང་སྐྱེས་མ་སྐྱེས་གཏན་ལ་འབེབས་པ་ནི་རྗེས་ཀྱིས་ཤེས་པར་བྱེད་པས་རྗེས་བསྟན་པ་ནི། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །རྗེས་ཀྱི་མན་ངག་མདོར་བསྡུས་པའོ། །རང་གི་རྒྱུད་ལ་ཡུལ་གསུམ་ལ་བརྟེན་ནས་དུག་གསུམ་སྐྱེས་པ་དང༌། དེའི་རྒྱུ་མཚན་བརྟག་དཔྱད་བྱས་ནས་སེམས་ཅན་གྱི་འདོད་ཆགས་ལ་སོགས་པ་སངས་ཀྱིས་བདག་ལ་བླང༌། བདག་གི་ལུས་རིན་པོ་ཆེར་བསྒྱུར་ལ་སེམས་ཅན་ལ་བཏང་བས་དེས་སེམས་ཅན་འདོད་ཆགས་མེད་པའི་དགེ་བའི་རྩ་བ་དང་ལྡན་པར་བྱས་མཐར་ཐུག་སངས་རྒྱས་སུ་ཡེར་བཏང༌། དུག་གསུམ་ཇི་ལྟ་བར་ང་རྒྱལ་དང་ཕྲག་དོག་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ལ་སྦྱར་རོ། །འཕྲལ་ལ་གང་འདུག་སྒོམ་ལ་སྦྱར། །སེམས་ཅན་ལ་འཕྲལ་གྱི་དུཿ ཁ་དང་ཀུན་འབྱུང་གི་རྣམ་པ་ཞིག་སུ་འདུག་པ་ལས་བླང༌། བདག་གི་ལུས་རིན་པོ་ཆེར་བསྒྱུར་ལ་དེ་དག་ལ་བཏང་བས་འཕྲལ་དུ་ཆོས་ཀྱི་ཆ་རྐྱེན། ཕུགས་སུ་རྫོགས་པའི་སངས་རྒྱས་སུ་ཡེར་བཏང༌། བདག་བདེ་བའི་རྣམ་པ་ལ་གང་སྣང་བ་དེ་སེམས་ཅན་ལ་བཏང་། འཕྲལ་ཕུགས་ཀྱི་དོན་འགྲུབ་པར་བསམ། སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱོང༌། །སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལྟར་ཚིག་ཙམ་དུ་ཡང་སེམས་ཅན་གྱི་སྡིག་སྡུག་ཐམས་ཅད་བདག་ལ་སྨིན་པར་བསམ། བདག་གི་བདེ་ལེགས་ཐམས་ཅད་སེམས་ཅན་ལ་སྨིན་པར་གྱུར་ཅིག་པར་བྱ། ཐོག་མཐའ་གཉིས་ལ་སྦྱོར་བ་གཉིས་བྱ། དང་པོར་གང་བརྩམ་པའམ་སྔོན་དུ་དོན་ཡོད་པར་བྱ་བའི་ཕྱིར་གཏོང་ལེན་བྱང་ཆུབ་ཀྱི་སེམས་བསྒོམ་སྙམ་དུ་གོ་ཆ་བསྒོ། ཉལ་དུས་སམ་རྗེས་ནངས་པར་བལྟས་ལ་དེ་གྲུབ་ན་དགའ་བ་དང་རྗེས་སུ་ཡི་རང་བས་དགའ་བ་བསྒོམ། མ་གྲུབ་ན་གནོང་བསྐུར་བཤགས་གདབ་བྱ། ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཐོག་མ་མེད་པ་ནས་ད་ལྟའི་བར་གྱི་མི་བདེ་བའམ། དུཿ ཁ་ཐམས་ཅད་བདག་འཛིན་ལས་བྱུང་བས་ན་འདི་ལ་གནོད་ན་ཅིས་གནོད་ཀྱང་གནོད་པར་བྱ་སྙམ་དུ་བསྒོམ། ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ཐམས་ཅད་ཡུལ་སེམས་ཅན་ལ་བརྟེན་ནས་འབྱུང་སྟེ། འཕྲལ་གྱི་ཟས་གོས་ལ་སོགས་པའམ་ཕུགས་ཀྱི་རྫོགས་པའི་བྱང་ཆུབ་ཀྱི་ལམ། བསམ་པ་བྱང་ཆུབ་ཀྱི་སེམས། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་སེམས་ཅན་ལ་བརྟེན་ནས་རྫོགས་སུ་རུང་གི་སེམས་ཅན་མེད་ན་མི་རྫོགས་པས་བཀའ་དྲིན་དུ་བསྒོམས་ལ་གཏོང་ལེན་བསྒོམ། བཀོལ་བ་གསུམ་ལ་རྟག་ཏུ་སྦྱང༌། །ཕ་མ། མཁན་སློབ་དགེ་བའི་བཤེས་གཉེན་ལ་སོགས་པ་དྲིན་ལན་དུ་འོས་པ་དང་། སྡིག་པ་རླབས་ཆེན་རྒྱུད་ལ་ཡོད་པ་རྣམས་དང་། སྙིང་རྗེ་བས་ཕན་བཏགས་བཏགས་པ་ཚུར་གནོད་པ་བྱེད་དུ་འོང་བ་རྣམས་ལ་བརྟེན་ནས་རང་གི་ཆོས་འཆོར་སླ་བས་གསུམ་པོ་དེ་ལ་ཁྱད་པར་དུ་བཀོལ་གྱིན་གཏོང་ལེན་བསྒོམ། དཔང་པོ་གཉིས་ཀྱི་གཙོ་བོ་བཟུང༌། །རང་གི་ཆོས་ལ་སྐྱེས་བུ་དམ་པ་མི་རྣམས་ཀྱིས་མི་ཁྲེལ་བ་གང་ཟག་གི་དཔང་པོ་དང༌། རང་ཁྲེལ་མི་ཁྲེལ་ལམ་འགྱོད་མི་འགྱོད་དང་བསྟུན་ནས་བལྟས་པ་རང་རིག་པའི་དཔང་པོའོ། །གཉིས་པོ་ཚང་ནས་ཐམས་ཅད་བླང༌། །རང་ལ་དུཿ ཁ་ཀུན་འབྱུང་གཉིས་མི་མཁོ་བར་རྟོགས་ན་དྲིན་ཅན་གྱི་སེམས་ཅན་ཐམས་ཅད་ལ་ཡང་མི་མཁོ་བར་རྟོགས་པར་བྱས་ལ་སེམས་ཅན་གྱི་གཉིས་པོ་བདག་ལ་བླང༌། བདག་གི་ལུས་རིན་པོ་ཆེར་བསྒྱུར་ལ་སེམས་ཅན་ལ་བཏང་འཕྲལ་ལ་ཆོས་ཀྱི་ཆ་རྐྱེན་མ་ཚང་བ་མེད་པ་མཐར་སངས་རྒྱས་སུ་བཏང༌། དཀའ་བ་རྣམ་པ་གསུམ་ལ་བསླབ། །རང་གི་ཉོན་མོངས་པས་རྟ་བྱས་ནས་གཏོང་ལེན་བསྒོམས་ལ། དང་པོ་རྒྱུད་ལ་ཉོན་མོངས་པ་སྐྱེས་པ་ན་ངོས་ཟིན་པའམ་དྲན་པས་ཟིན་པར་དཀའ། བར་དུ་ཉོན་མོངས་པ་གཉེན་པོས་དབྲལ་བར་དཀའ། ཐ་མ་ཉོན་མོངས་པ་ཚར་ཆོད་དཀའ་བས་གསུམ་སྟེ། རྟག་ཏུ་དང་པོ་དྲན་པ། བར་དུ་བྲལ་བ། ཐ་མ་ཚར་ཅི་ཆོད་བྱ་བ་ལ་བསླབ། རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང༌། །ཆོས་བྱེད་པའི་སེམས་ཅན་ལ་བླ་མ་དམ་པ་དང་མཇལ་བ། རང་གི་རྒྱུད་བཀོལ་དུ་རུང་བ། ཟས་གོས་གནས་ཁང་ཉེ་གཡོག་ལ་སོགས་པ་མཐུན་རྐྱེན་འཛོམ་པ་གསུམ་རྒྱུའི་གཙོ་བོ་ཡིན་པ་ལ། དེ་རྣམས་མ་འཛོམས་པ་ཐམས་ཅད་བདག་ལ་བླང༌། བདག་གི་ལུས་རིན་པོ་ཆེར་བསྒྱུར་ཏེ། དགོས་འདོད་མཐའ་དག་འབྱུང་བར་སེམས་ཅན་ལ་བཏང་བས་སེམས་ཅན་ཐམས་ཅད་གནས་སྐབས་སུ་རྐྱེན་གསུམ་པོ་མ་ཚང་བ་མེད་པར་བྱས། མཐར་སངས་རྒྱས་སུ་ཡེར་བཏང༌། གཉིས་པོ་གང་བྱུང་བཟོད་པར་བྱ། །འཛོམ་ཞིང་ཕུན་སུམ་ཚོགས་པར་བྱུང་ཡང་གཏོང་ལེན་ལ་གཡེལ་བར་མི་བྱ། མ་འཛོམ་ཞིང་རྒུད་ཀྱང་དེས་ཞུམ་ནས་གཏོང་ལེན་སྒོམ་པ་བར་མི་གཅད་པར་བྱ། ཆོས་རྣམས་དགོངས་པ་གཅིག་ཏུ་འདུས། །དལ་འབྱོར་རྙེད་དཀའ། འཆི་བ་རྗེས་དྲན། ལས་རྒྱུ་འབྲས། སྲིད་པའི་ཉེས་དམིགས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས། ཕ་རོལ་ཏུ་ཕྱིན་པ་དྲུག །བདག་མེད་གཉིས་བསྒོམ་པ་ཐམས་ཅད་ཀྱི་དགོས་པ་བདག་འཛིན་འདི་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་སྤང་བ་དང༌། གཞན་གཅེས་འཛིན་གྱི་བྱང་ཆུབ་ཀྱི་སེམས་འདི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་སྒྲུབ། ཆོས་ཐམས་ཅད་ཀྱི་རྩ་བའམ་དགོངས་པ་དེ་ལས་མི་འདའ། ཤགས་ངན་མ་དགོད། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱེད་པས་ངག་ཏུ་རྩུབ་མོ་མི་འདོན། ཡུས་མི་སྒོམ། བྱང་ཆུབ་སེམས་དཔས་སེམས་ཅན་གྱི་དོན་བྱེད་པ་དེ་ལས་སམ་བྱ་རྒྱུ་བྱས་པ་ཡིན་པས་ལན་དུ། གཞན་ལ་ཡུས་ཆེ་རྒྱུ་མེད་པས་ཡུས་མི་སྒོམ། ཀོ་ལོང་མ་སྡོམ། བྱང་ཆུབ་སེམས་དཔའ་ལ་གཞན་གྱིས་ཉེས་པ་བྱས་པ་ནི་བྱང་ཆུབ་ལག་མཐིལ་དུ་གཏོད་དུ་བྱུང་བ་ཡིན་པས་དགའ་བ་བསྒོམ་གྱི་ཀོ་ལོང་མི་སྡོམ། འོར་ཆེ་སྤང༌། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱས་པ་དེ་རང་གི་ལས་སམ་བྱ་བ་བྱས་པ་ཡིན་པས་ལན་ལ་མ་རེ་ཐ་མ་འོར་ཆེའོ་བྱས་པ་ཙམ་ལ་ཡང་མི་བལྟ། འཕྲང་སྒུག་མི་བྱ། སེམས་ཅན་འདིས་བདག་ལ་ཉེས་པ་འདི་དང་འདི་བྱས་སྙམ་པའི་ངན་ལན་གྱི་འཕྲང་མ་སྒུག །གཞུང་བཟང་མི་བསྟེན། འཁོན་འཛིན་གྱི་བསམ་པ་ཐོག་མ་མེད་པ་ནས་འབྲལ་མ་མྱོང་བ་དེ་དང་གཏོང་ལེན་བྱང་ཆུབ་ཀྱི་སེམས་སྒོམ་པ་དེ་འགལ་བས་དེ་ཡང་སྤང༌། མགྱོགས་ཀྱི་རྩེ་མི་གཏོད། རང་བྱང་ཆུབ་པའི་བསྒྲུབ་བྱ་སྔོན་ལ་སྒྲུབ་པ་དང་བྱང་ཆུབ་སེམས་འགལ་བ་དེ་སྤངས། མཛོ་ཁལ་གླང་ལ་མི་འབྱོ། ཉེས་པ་ཐམས་ཅད་བདག་ཏུ་འཛིན་པ་ལས་བྱུང་བ་ཡིན་ཏེ། ཉེས་གྱོད་གཞན་ལ་མི་བཀལ། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མི་བཙལ། སྐྱིད་པའམ་བདེ་བ་འདོད་ན་དེའི་རྒྱུའམ་ཡན་ལག་ཏུ་ཚོང་དང་། བཟོ་དང་༑ སོ་ནམ་ལ་སོགས་པ་བྱེད་པ་དེའང་བདག་འཛིན་ཁོ་ནའི་ཕྱིར་བྱེད་དེ་དེས་བདེ་སྐྱིད་མི་རྙེད། རྐྱེན་ལ་ལྟོས་པ་མེད་པར་སྦྱང༌། །གཏོང་ལེན་བྱང་ཆུབ་ཀྱི་སེམས་སྒོམ་པ་ནི་རྐྱེན་ལེགས་ཤེས་སམ་ཉེས་ཤེས་ལ་ལྟོས་ནས་སྒོམ་པའི་ངེས་པ་མེད་དེ། ལེགས་པར་མཐོང་རུང་། ཉེས་པར་མཐོང་རུང་། གང་སྣང་སྣང་རྒྱུ་མཚན་དུ་བྱས་ནས་བསྒོམ། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ཆོས་གང་བསྒོམས་ཀྱང་གཏོང་ལེན་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཆ་རྐྱེན་དུ་ཁྱེར་ལ་བྱ། ལོག་ན་གཉེན་པོར་དེ་ཉིད་བསམ། །སྒོམ་སྐྱོན་ལ་སོགས་པ་བྱུང་ན་གཉེན་པོ་ལ་སོགས་པ་གཞན་ནས་མི་ཚོལ་བར་གཏོང་ལེན་ཁོ་ན་བསྒོམ། འབྲལ་མེད་གསུམ་དང་ལྡན་པར་བྱ། །ལུས་ཀྱིས་འགྲུབ་ཚད་ཕྱག་དང་བསྐོར་བ་ལ་སོགས་པ། ངག་གིས་སྨྲ་ཚད་མདོ་དང་སྙིང་པོ་ལ་སོགས་པ། ཡིད་ཀྱིས་སེམས་ཚད་ལྷ་སྒོམ་པ་ལ་སོགས་པ་གང་བྱེད་ཀྱང་དམིགས་པ་གཏོང་ལེན་ལས་མི་འདའ་བར་བྱ། ལྷ་སྒོམ་ལྟ་བུ་ལ་ས་བོན་ལ་སོགས་པའི་སྤྲོ་བསྡུ་ཐམས་ཅད་གཏོང་ལེན་བསྒོམ་ན་རྣལ་འབྱོར་གྱི་མཆོག་གོ །གཉིས་པོ་སྲོག་དང་བསྡོ་བ་ལས། །གཏོང་ལེན་གྱི་སེམས་བསྒོམ་པ་སྲོག་དང་བསྡོས་ལའང་བྱ་སྟེ། དེ་གལ་ཆེ་བའི་ཚད་དོ། །བླ་མ་དམ་པའི་གདམས་ངག་སྤྱི་དང་མཐུན། གཏོང་ལེན་བྱང་ཆུབ་ཀྱི་སེམས་ཀྱི་གདམས་པ་སྟོན་པའི་བླ་མ་ཤིན་ཏུ་གཉན་པས་དམ་ཚིག་བསྲུང་བ་ཤིན་ཏུ་དཀའ་སྟེ། སྔགས་སམ་ཕར་ཕྱིན་གྱི་གཞུང་བླ་མ་ལྔ་བཅུ་པ་ལ་སོགས་པ་གཞན་དང་མཐུན་ནོ། །སྤྱི་དོན་གསུམ་ལ་བསླབ་པར་བྱ། །གཏོང་ལེན་བསྒོམ་པ་དེའང་སྤྱིར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་མི་འགལ་བ། ཁྱད་པར་དུ་དགེ་བའི་བཤེས་གཉེན་གྱི་བཀའ་སྲོལ་དང་མི་འགལ་བ། བྱེ་བྲག་ཏུ་ཡང་རང་གི་ཁས་བླངས་ཀྱི་བསླབ་སྡོམ་ཐམས་ཅད་མི་འགལ་བར་བློ་སྦྱོང་། ཉམས་པ་མེད་པ་རྣམ་པ་གསུམ་བསྟེན། །བྱིན་རླབས་ལ་རེ་དགོས་པས་བླ་མ་ལ་དད་གུས་ཉམས་པ་མེད་པ། གོམས་པ་ལས་དབང་དུ་གྱུར་པའི་གཏོང་ལེན་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་འདུན་པ་ཉམས་པ་མེད་པ། ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཚུལ་ཁྲིམས་དག་པ་ལས་བྱུང་བ་ཡིན་པས་རང་གིས་ཁས་བླངས་པའི་བསླབ་སྡོམ་རྣམས་ཉམས་པ་མེད་པར་བློ་སྦྱང་། ཡན་ལག་ཉམས་པ་བརྗོད་མི་བྱ། །རང་གིས་དག་པར་བསྲུངས་ཀྱང་མི་སྟོངས་ཀྱང་ཆ་བས་རང་གིས་དག་པར་སྲུང་བའི་ཡན་ལག་ཡིན་པས་གཞན་ཇི་ལྟར་ཡང་ཉེས་སྐྱོན་བརྗོད་པར་མི་བྱ། གཞན་ཕྱོགས་གང་ཡང་མི་བསམ་མོ། །ལེགས་ཉེས་ཡིན་མིན་བདེ་སྡུག་ཐོག་ཏུ་བྱུང་བ་ལ་བརྟེན་ནས་དེ་ཀ་རྒྱུ་མཚན་དུ་བྱས་ཤིང་བློ་སྦྱོང་དགོས་པས། སྤང་བྱ་འདི་གཉེན་པོ་འདི་ཕྱོགས་སུ་ཆད་པ་མེད་པར་ཐམས་ཅད་ལ་བརྟེན་ལ་གཏོང་ལེན་བྱ། རེས་འཇོག་མི་བྱ། ཉམས་སད་ལྟ་བུས་བློ་མི་འབྱོངས་པས་དུས་རྟག་ཏུ་གཏོང་ལེན་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་སྙིང་ཕུར་བཏབ་པ་འདྲར་བློ་སྦྱང༌། ཡུད་ཙམ་པ་མི་བྱ། རྫོགས་པའི་སངས་རྒྱས་ནི་གྲངས་མེད་གསུམ་གྱིས་བསྒྲུབ་དགོས་པས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་ཡུད་ཙམ་མམ། ཚིག་གཅིག་གམ་བསྐལ་པ་གཅིག་ཙམ་གྱིས་མཐར་མི་ཕྱིན་པས་ཡུན་བསྲིངས་ལ་བསྒོམ། དོལ་ཆོད་དུ་སྦྱང༌༑ བདག་གི་ལུས་ལ་སོགས་པ་གཏོང་བ་དང་གཞན་གྱི་དུཿ ཁ་ཐམས་ཅད་བདག་ལ་ལེན་པ་དེ། ངས་ནུས་སམ་མི་ནུས་སྙམ་དུ་ཉམས་སད་པ་ཙམ་གྱིས་མི་ཡོང་བས། རྩ་ཕྲན་ཆད་པ་ལྟར་རམ། ཁལ་དོ་བཅད་པ་ལྟར་རམ༑ ལ་བཅད་དུ་སྦྱང༌། རྟོག་དཔྱོད་གཉིས་ཀྱིས་ཐར་བར་བྱ། །ཡང་གཏོང་ལེན་རྒྱུད་ལ་སྐྱེས་སྙམ་པའི་བརྟན་པ་ཡོད་སྙམ་བྱེད་ན་ཉོན་མོངས་པ་སྐྱེ་བའི་ཡུལ་དང་འཕྲད་པའམ། སེམས་ཅན་དུཿ ཁ་ཅན་དང་འཕྲད་པའམ། བདག་ལ་བདེ་བའམ་དུཿ ཁ་སྐྱེས་པ་ན་གཏོང་ནུས་སམ་མི་ནུས། ལེན་ནུས་སམ་མི་ནུས། ཉོན་མོངས་པའི་གཉེན་པོར་སོང་མ་སོང་སྟེང་ནས་ཞུན་ཐར་གསལ་བར་དབྱུང༌། ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ལེགས་ཉེས་ཅི་བྱུང་རུང་བདེ་སྡུག་ཅི་ལ་ཐུག་ཀྱང་། གཏོང་ལེན་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཆ་རྐྱེན་ནམ་གཏའ་མ་གྲོགས་སུ་མི་འགྱུར་བ་མེད་པས་ཅི་བྱུང་ཡང་དགའ་བ་ཁོ་ནར་བྱའི་སྡུག་བསྔལ་དུ་གྱུར་པའི་རྒྱུ་མ་གྲུབ་བོ། །འབྲས་བུ་རེ་བ་ཐམས་ཅད་སྤང༌། །གཏོང་ལེན་བྱང་ཆུབ་ཀྱི་སེམས་སྦྱངས་པ་ལ་གནས་སྐབས་ཀྱི་ཕན་ཡོན་ནམ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པར་འདོད་པའམ། དགའ་བ་བྱུང་ན་རང་གི་དོན་དུ་བདེ་བའམ་འབྲས་བུ་འགྲུབ་པ་ལ་རེ་བ་ཐམས་ཅད་སྤང༌། གནས་སྐབས་དང་མཐར་ཐུག་ཐམས་ཅད་དུ་གཞན་བདེ་དང་གཞན་ཆེད་ཁོ་ནར་བློ་སྦྱོང༌། གོ་ལོག་མི་བྱ། འདུན་པ་གོ་ལོག་མི་བྱ་སྟེ། རང་དོན་གྱི་འདུན་པ་སྤངས་ལ་གཞན་དོན་འབའ་ཞིག་ཏུ་བློ་སྦྱོང༌། སྙིང་རྗེ་གོ་ལོག་བརྙས་ཐབས་སམ་ཁྱད་གསོད་ཀྱི་སྙིང་རྗེ་སྤངས་ལ་བརྩེ་སེམས་ཀྱིས་མི་བཟོད་པ་བསྒོམ། བཟོད་པ་གོ་ལོག་རང་འདོད་ཀྱི་ཕྱིར་དུཿ ཁ་བཟོད་པ་སྤངས་ལ་གཞན་ཆེད་དུ་བྱང་ཆུབ་བསྒྲུབ་པའི་དུཿ ཁ་བཟོད་པར་བྱ། བརྩོན་འགྲུས་གོ་ལོག་འདོད་ཡོན་གྱི་ཕྱིར་སྨད་པའི་བརྩོན་པའམ་རང་དོན་གྱི་བརྩོན་པ་སྤངས་ལ། གཞན་དོན་སངས་རྒྱས་བསྒྲུབ་པའི་བརྩོན་འགྲུས་བརྩམ། རོ་མྱོང་བ་གོ་ལོག་རང་འདོད་གྲུབ་པས་དགའ་བ་སྤངས་ལ་གཞན་དོན་གྲུབ་པ་ལ་དགའ་བ་བསྒོམ། རྗེས་སུ་ཡི་རང་བ་གོ་ལོག་སེམས་ཅན་ཉེས་པ་བྱུང་བ་ལ་ཡི་རང་བ་སྤངས་ལ། བདེ་ལེགས་སུ་གྱུར་པ་ལ་ཡིད་རང་བ་བསྒོམ། གནད་ལ་མི་དབབ། སྟོབས་ལ་སོགས་པ་ཡོད་པའི་གང་ཟག་ཡིན་ན། མིའམ་མི་མ་ཡིན་པ་ལ་གཟིར་བའམ་གནད་ལ་དབབ་པ་མི་བྱ། ལྷ་བདུད་དུ་མི་དབབ། གཏོང་ལེན་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡོན་ཏན་གྱི་རང་བཞིན་ཡིན་པ་ལ། དེ་ལ་ང་རྒྱལ་བྱས་ན་སྐྱོན་གྱི་གཞི་མར་ཆ་བས་དེ་མི་བྱ། རྒྱུའི་གཙོ་བོ་ངོས་བཟུང༌། རྫོགས་པའི་སངས་རྒྱས་ཐོབ་པའི་སེམས་ཅན་རྒྱུའི་གཙོ་བོ་གཏོང་ལེན་ནམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་གྱི་ལུས་ངག་གི་མངོན་མངོན་པོས་མི་ཕན། དེས་ན་ལུས་ངག་ཏུ་མི་གདོན་ཡོངས་ཐུབ་པར་བྱའོ། །དུས་རྟག་ཏུ་བསམ་པ་གཏོང་ལེན་བྱང་ཆུབ་ཀྱི་སེམས་ལ་མ་ཡེངས་པར་བློ་སྦྱོང༌། གཏོང་ལོག་མི་བྱ། ལུས་གཞན་ལ་གཏོང་བ་དེ་ཁ་ཙམ་ཚིག་ཙམ་མིན་པས་ཞེ་ཐག་པས་བཏང༌། གཞན་གྱི་སྡིག་སྡུག་བདག་ལ་ལེན་པ་དེ་ཁ་ཙམ་ཚིག་ཙམ་མིན་པས་ཞེ་ཐག་པས་དངོས་སུ་བླངས་ལ། དེས་བདག་འགས་པའམ། འཕིར་བའམ། བརླག་པ་ཙམ་དུ་གྱུར་པར་བསྒོམ། དེ་རྣམས་བསྡུས་ནས་བསྒོམ་པ་ནི། སྟོབས་ལྔ་དག་ལ་སྦྱར་བར་བྱ། །གཏོང་ལེན་བསྒོམ་པའི་འདུན་པ་རྒྱུན་མི་འཆད་དུ་ཡིད་ལ་བྱེད་པ་ནི་འཕེན་པའི་སྟོབས་སོ། །གཏོང་ལེན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་ཕྱིར་མཆོད་པ་བསྙེན་བཀུར་གཏོར་མ་ལ་སོགས་པ་བྱེད་པ་ནི། དགེ་བའི་རྩ་བ་དཀར་པོའི་ས་བོན་བསགས་པའི་སྟོབས་སོ། །གཏོང་ལེན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་ཕྱིར་བླ་མ་དཀོན་མཆོག་ལ་སོགས་པ་ལ་གསོལ་བ་འདེབས། རང་གི་སྨོན་ལམ་རྒྱུན་དུ་འདེབས་པ་ནི་སྨོན་ལམ་གྱི་སྟོབས་སོ། །དུས་རྟག་ཏུ་གཏོང་ལེན་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་བློ་གོམས་པས་ཉམས་སུ་མྱོང་ཞིང་རང་དབང་དུ་གྱུར་པ་ནི་གོམས་པའི་སྟོབས་སོ། །གཏོང་ལེན་དེ་ལྟ་བུ་བསྒོམ་པར་མི་ནུས་སྙམ་དུ་བདག་གཅེས་འཛིན་གྱི་བློ་བྱུང་ན་དེ་ཚར་གཅོད་པ་ནི་སུན་འབྱིན་པའི་སྟོབས་སོ། །འཆི་ཁར་བསྒོམ་པ་དང་འཆི་བར་འདུག་པས་བར་དོ་ཐམས་ཅད་དུ་གཏོང་ལེན་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་ཅི་སྐྱེ་སྙམ་དུ་བསྒོམ་པ་ནི་འཕེན་པའི་སྟོབས་སོ། །ཀ་ཆ་སྤོང་ཐག་འོས་པ་ལ་གཏོང༌། མཆོད་པ། གཏོར་མ། བསྙེན་བཀུར་འོས་པ་བྱེད་པ་ལ་སོགས་པ་དཀར་པོ་དགེ་བསགས་ས་བོན་གྱི་སྟོབས་སོ། །བླ་མ་དཀོན་མཆོག་མཆོད་པ་དང༌། ཆོས་སྐྱོང་ལ་བར་དོ་མན་ཆད་དུ་གཏོང་ལེན་བྱང་ཆུབ་ཀྱི་སེམས་སྐྱེ་བར་མཛད་དུ་གསོལ་ཞེས་གསོལ་བ་འདེབས། རང་ཡང་དེ་ལྟར་སྨོན་ལམ་འདེབས་པ་སྨོན་ལམ་གྱི་སྟོབས་སོ། །འཆི་ཀའི་གདམས་པའི་གསོས་འདེབས་བྱའོ། །འདུན་པ་བསྒྱུར་ལ་རང་སོར་ཞོག །གཏོང་ལེན་སྒོམ་པ་ལ་འདུན་པ་སྒྱུར་བར་བྱེད་པ་དེ་ལྟ་བུས་ལམ་མི་ཆོད་ཟེར་བ་ལ་སོགས་པ་བྱུང་ན་རང་གི་ཤེས་པ་མི་འགྱུར་བར་བྱ་སྟེ། སངས་རྒྱས་ཀྱི་རྒྱུའི་རྩ་བའི་ངོ་བོ་ཡིན་པའི་ཕྱིར། སྙིགས་མ་ལྔ་པོ་རབ་རྒྱས་པ། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །སྙིགས་མ་ལྔའི་དུས་ཕྱིན་ཅི་ལོག་རྒྱས་པ་ཉོན་མོངས་པ་ཤས་ཆེ་བས་ཉོན་མོངས་པ་ཅི་སྐྱེས་ཐམས་ཅད་བྱང་ཆུབ་ལམ་དུ་སྒྱུར་བྱེད་པ། གཏོང་ལེན་གྱི་གྲོགས་སམ་གཏའ་མའམ། ཆ་རྐྱེན་དུ་སྒྱུར་བར་བྱེད་པའོ། །མན་ངག་བདུད་རྩིའི་ཉིང་ཁུ་འདི། །སྡེ་སྣོད་ཐམས་ཅད་ཀྱི་བཅུད་ཏིག་པའི་ཉིང་ཁུའོ། །དམ་པ་དག་ལས་བརྒྱུད་པ་ཡིན། །བྱམས་པ་ནས། གསེར་གླིང་པ། ཨ་ཏི་ཤ། དགེ་བཤེས་སྟོན་པ། པུ་ཏོ་བ། ཤ་ར་བ། མལ་གྲོ་བ། བྲག་དམར་བའོ། །དེ་རྣམས་ལ་ལྟ་བ། སྤྱོད་པ། དམ་ཚིག །ཚུལ་ཁྲིམས་ལ་སོགས་པ་གང་ལ་ཡང་སྐྱོན་ནམ་ལྷད་དམ་ཟོལ་མེད་པས་དམ་པའོ། །དེ་དག་སྙན་ནས་སྙན་དུ་བརྒྱུད་པའི་གདམས་པ། བདག་གཞན་བརྗེས་ནས་གཏོང་ལེན་གྱི་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་སྣང་གྲགས་ཡིན་མིན། ཕོག་ཐུག་ཐམས་ཅད་ཀྱི་སེམས་སྦྱོང་བའི་ཆ་རྐྱེན་དུ་ཁྱེར་ནས་བློ་སྦྱོང་བར་བྱེད་པའི་གདམས་ངག་གོ །བློ་སྦྱོང་གདམས་ངག་རྫོགས་སོ། །དགེའོ། །སརྦ་དཱ་མངྒ་ལཾ།། །།