བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག།

From Damngak Dzö
Revision as of 09:19, 14 September 2026 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

DNZ-18-TSHA-010-002
Guidebook entitled The Seven-Point Mind Training of the Great Vehicle
Rigpe Dorje Publications, 2024
Wylie title blo sbyong don bdun ma'i khrid yig
Location gdams ngag rin po che'i mdzod
Volume 18, Text 10, Subtext 2, Pages 202-208 (Folios 2b2 to 5b2)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. Blo sbyong don bdun ma'i khrid yig. In Gdams ngag rin po che'i mdzod, Vol. 18: 202-208. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

རྒྱལ་སྲས་རིན་པོ་ཆེའི་ཁྲིད་ཡིག་ལས་བཏུས་སོ།

rgyal sras rin po che'i khrid yig las btus so/

[edit]
(༢) །བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག །བློ་སྦྱོང་དོན་བདུན་མའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྔོན་འགྲོ་རྟེན་གྱི་ཆོས་ཐུན་མོང་བའི་སྔོན་འགྲོ་འདུས་ཤིང༌། དངོས་གཞི་བྱང་ཆུབ་སེམས་གཉིས་བསྒོམ་ཚུལ་ལ། ལུས་དྲང་པོར་འདུག་ལ། དབུགས་ཕྱིར་འགྲོ་དང་ནང་འགྲོ་ཉི་ཤུ་རྩ་གཅིག་གི་བར་དུ་མ་འཁྲུལ་བར་བགྲང༌། ཆོས་རྣམས་རྨི་ལམ་ལྟར་གཟུང་ཡུལ་དུ་སྣང་བ། སེམས་ཉིད་འཁྲུལ་ནས་སྣང་བ་ཡིན་གྱིས། སེམས་ལས་ལོགས་སུ་གྱུར་པ་ཅུང་ཟད་ཀྱང་མེད་སྙམ་ན། མ་སྐྱེས་རིག་པའི་གཤིས་ལ་དཔྱད། གཤིས་ཅིར་ཡང་མ་གྲུབ་པའི་ངང་ལ་བཞག །ཡུལ་སེམས་སྟོང་པའོ་སྙམ་ན་ངོ་བོ་ལ་བལྟ། ཀུན་གཞི་རྣམ་ཤེས་ཚོགས་བདུན་གྱི་སྤྲོ་བསྡུ་དང་བྲལ་བ་ལ་བློས་ཅིར་ཡང་མི་འཛིན་པར་སལ་ལ་སིང་ངེ་བཞག །རྗེས་སྣོད་བཅུད་སྒྱུ་མ་ལྟར་དཔྱད། ཐོག་མར་རང་གི་མ་དམིགས་དྲིན་ཆེ་སྙམ་དུ་བསྒོམས་ལ། མའི་རྒྱུད་ལ་ཡོད་པའི་སྡུག་བསྔལ་ཀུན་འབྱུང་རང་གི་སྙིང་ནང་དུ་བྱུང༌བར་བསམ། བྱུང་ན་དགའ་བའི་འདུན་པ་དྲག་ཏུ་བྱ། བདག་གི་བདེ་དགེ་མ་ལ་བཏང༌། འཕྲལ་བདེ་ཞིང་མཐུན་རྐྱེན་འཛོམས་ནས་སངས་རྒྱས་པ་ཙམ་དུ་གྱུར། དེ་བཞིན་དུ་ཕ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་བསྒོམས་ཏེ། རླུང་ཕར་འགྲོ་བ་ན་དེ་དང་འགྲོགས་ནས་བདག་གི་བདེ་དགའ་ཐམས་ཅད་གཞན་ལ་སོང་ཞིང༌། ཚུར་འོང་བ་ན་གཞན་གྱི་སྡིག་སྡུག་ཐམས་ཅད་བདག་ལ་བྱུང་བར་བསྒོམ་མོ། །ཡུལ་ཡིད་དུ་འོང་མི་འོང་བར་མ་གསུམ་ལ་བརྟེན་ནས་ཆགས་སྡང་རྨོངས་གསུམ་སྐྱེས་པའི་སེམས་ཅན་རྣམས་དགེ་བ་གསུམ་དང་ལྡན་པར་གྱུར་ཅིག །སྤྱོད་ལམ་ཀུན་ཏུ་ཚིག་བརྗོད། འདུན་པ་ལེན་པའི་གོ་རིམ། མ་འོངས་པ་ན་འབྱུང་བའི་སྡུག་བསྔལ་ད་ལྟ་བླང༌། སྡིག་འབྲས་གནོད་སྙམ་ན། སེམས་ཅན་གྱི་སྡུག་བསྔལ་བདག་ལ་ལེན། ཁྱད་པར་གནོད་བྱེད་མིའམ་མི་མ་ཡིན་བྱུང་ན། བདག་གི་ལས་ངན་གྱིས་བསྐུལ་ནས་འདིས་ད་ལྟ་བདག་ལ་གནོད་པའི་སྡིག་པ་བྱས་པས། ཕྱིས་དེའི་འབྲས་བུ་སྡུག་བསྔལ་མྱོང་བ་སྙིང་རྗེ་སྙམ་དུ་གཏོང་ལེན་དྲག་ཏུ་བསྒོམ། མི་ཁྱི་ལྟ་བུ་ལ་དངོས་སུ་ཕན་ཅི་ཐོགས་འབད། འདྲེ་ཡིན་ན་ཁྱོད་བདག་གི་ཤ་ཁྲག་ལ་ཟོ་ཞིག་སྙམ་བློས་ལིང་བསྐྱུར། རྐྱེན་ངན་སྣོད་བཅུད་སྡུག་བསྔལ་གང་བྱུང་འཁྲུལ་པའི་སྣང་བ་རྨི་ལམ་དུ་མེས་ཚིག་པ། ཆུས་ཁྱེར་ནས་ཉམ་ཐག་པ་ལྟར་མི་བདེན་པ་དེའི་ངོ་བོ་ལ་བལྟས་ན། མ་སྐྱེས་ཆོས་སྐུ། འགག་མེད་ལོངས་སྐུ། གནས་མེད་སྤྲུལ་སྐུ། དབྱེར་མེད་ངོ་བོ་ཉིད་སྐུ། ལྟ་བ་སྐུ་བཞིའི་ངོ་སྤྲོད། མཛེ་ནད་སོགས་བྱུང་ན༑ འདི་མེད་ན་ཚེ་འདིའི་ཤོམ་ར་ལ་སོང༌། ཆོས་མི་དྲན་པ་ལ། འདིས་ཆོས་དྲན་དུ་བཅུག །འདི་ཀ་དཀོན་མཆོག་གི་ཕྲིན་ལས་ཡིན་སྙམ་དུ་བསམ། མདོར་ན་སྡུག་བསྔལ་མི་འདོད་ན། རྒྱུ་ཚོགས་སོགས་ཤིག་པའི་བརྡ་ཡིན་གྱི་སྙམ་པ་བྱས། དཀོན་མཆོག་མཆོད་པ། དགེ་འདུན་བསྙེན་བཀུར། འབྱུང་པོའི་གཏོར་མ། བླ་མ་ལ་མཎྜལ་ཕུལ་ལ་བདག་ན་བ་ལེགས་ན་ན་བར་བྱིན་གྱིས་བརླབ་ཏུ་གསོལ། སོས་པ་ལེགས་ན་སོས་པར་བྱིན་གྱིས་བརླབ་ཏུ་གསོལ། ཤི་བ་ལེགས་ན་ཤི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རེ་དོགས་འགོག་པའི་གསོལ་བ་དྲག་པོ་གདབ་བོ། །གདོན་ལ་གཏོར་མ་ཕུལ། བཀའ་དྲིན་ཆེ། སེམས་ཅན་གྱི་སྡུག་བསྔལ་བདག་ལ་སྨིན་པར་མཛད་དུ་གསོལ། ཞེས་ཞེ་ཐག་པ་ནས་རེ་དོགས་འགོག་པ་ཡིན། མན་ངག་སྙིང་པོ་དཀར་པོའི་ས་བོན་སྟོབས། ཡོ་བྱད་བསོད་ནམས་གང་ཆེར་བཏང་། འཕེན་སྟོབས་ད་ནས་བཟུང་སྟེ། ཟླ་བ། ལོ། མ་ཤིའི་བར། བློའི་འཕེན་པ་དྲག་པོ་བྱེད། གོམས་སྟོབས་ཡང་དང་ཡང་དུ་སྦྱོང༌། སུན་འབྱིན་སྟོབས་བདག་གཅེས་འཛིན་རྒྱངས་ཀྱིས་སྤང༌། སྨོན་ལམ་སྟོབས་ནི་དགེ་སྦྱོར་གཤམ་དུ་བྱང་ཆུབ་སེམས་གཉིས་དང་མི་འབྲལ་བར་གྱུར་ཅིག ༑སྟོབས་ལྔ་ཆོས་ཐམས་ཅད་ཧཱུྃ་དྲིལ་ཡིན། འཕོ་བ་འཆི་ངེས་ནད་ཀྱིས་ཐེབས་ན། དཀར་པོའི་ས་བོན་ཡོ་བྱད་བསོད་ནམས་གང་ཆེར་བཏང༌། སྨོན་ལམ། བདག་བར་དོ་དང་ཚེ་རབས་ཕྱི་མ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་གཉིས་འབྱོངས་པ། ཆོས་འདི་སྟོན་པའི་བླ་མ་དང་མཇལ་བར་བྱིན་གྱིས་བརླབ་ཏུ་གསོལ། གསོལ་བ་བཏབ། སུན་འབྱིན། ལུས་གཅེས་འཛིན་སྤང༌། འཕེན་སྟོབས་བར་དོར་བྱང་སེམས་སྦྱང་སྙམ་པའི་འདུན་པ་བྱ། གོམས་སྟོབས་སྔར་གྱི་དྲན་པ་སྤྱོད་ལམ་འཆི་ཁར་གཞོག་གཡས་འོག་ཏུ་བཅུག་རླུང་འགྲོ་འོངས་ལ་བསྐྱོན་ནས་གཏོང་ལེན་གཉིས་སྦྱང༌། སྐྱེ་འཆི་སེམས་སྣང་ཡིན་པའི་ངང་ལ་བློ་ཅིར་ཡང་མི་འཛིན། དེ་ལྟར་སྤེལ་ཞིང་བསྒོམ་པར་བྱས་པའི་འཕྲོ་ལ་འཆི་བར་བྱའོ། །ཐེག་པ་ཆེ་ ཚད་ ཆུང་གི་ཆོས་ཐམས་ཅད་བདག་འཛིན་འདུལ་བར་འདུས། གཉེན་པོ་བློ་སྦྱོང་ཡིན་པས་རང་ལ་རང་གིས་མ་ཁྲེལ་བ་ལ་འབད། བློ་ལེགས་པར་སྦྱངས་པས་རྐྱེན་ངན་ཅི་བྱུང་ལ་དགའ་བ། དེའི་སྟེང་དུ་གཞན་གྱི་རྐྱེན་ངན་པ་ལ། རྟ་པ་རྩལ་ཅན་ཡེངས་ཀྱང་རྟ་ལས་མི་ལྷུང་བ་ལྟར་རྐྱེན་ངན་དེ་ཉིད་བློ་སྦྱོང་བའི་གྲོགས་སུ་ཁད་ཀྱིས་འགྲོ་བ་ཡིན་པས། བློ་སྦྱོང་ཁས་ དམ་ཚིག བླངས་དང་མ་འགལ་བར། ཐོ་ཅོར་མ་ཤོར་བར། ཕྱོགས་རེར་མ་ལྷུང་བ། མངོན་ཚན་ཆུང་ལ་ས་ཆོད་ཆེ་བ་གཅིག་བྱེད་དགོས། གཞན་སྐྱོན་མི་བརྗོད། ཉོན་མོངས་གང་ཆེ་དེའི་གཉེན་པོར་ཆོས་ཐམས་ཅད་སྤུངས། རང་འདོད་སྤངས། བདེན་འཛིན་སྤངས། འཁོན་འཛིན་སྤངས། ཚིག་ངན་མི་སྨྲ་སྤང༌། གནོད་ལན་འཇལ་བ་སྤང༌། མིའི་མཚང་མི་འབྲུ། མི་མ་ཡིན་ལ་སྲོག་སྔགས་ཟློས་པ་ལ་སོགས་མི་བྱེད། རང་ལ་བབས་པའི་བཅུ་གལ་ཁག་ངན་གཡོ་སྒྱུ་གཞན་ལ་བསྒྱུར་བ་སྤང༌། བཟང་འདོད་སྤང༌། བློ་སྦྱོང་བསྒོམས་ནས་རྒྱུད་རེངས་ན་འདྲེ་ཤར་སྒོ་ནས་གནོད་པ་ལ་གླུད་ནུབ་སྒོར་བསྐྱལ་བ་དང་འདྲ་བས། སྨན་ནད་ཐོག་ཏུ་གཏོང༌། ཉེ་དུ་ཤི་ན་ཟས་ནོར་ཡོང༌། ཡོན་བདག་ལ་ན་ཚ་ཤི་ཆད་བྱུང་ན་ཚོགས་གསོག་ཡོང༌། རང་མཉམ་ཤི་ན་ང་གཅིག་པུ་ལ་སྐུ་བསོད་ཡོང༌། དགྲ་ཤི་ན་ང་འཚེངས་སྙམ་པ་སྤང༌། ཟས་གོས་ཀྱི་ བསླབ་བྱ། རྣལ་འབྱོར་ཐམས་ཅད་གཞན་ཕན་གྱི་སེམས་འབའ་ཞིག་གིས་བྱེད། ལོག་གནོན་ཐམས་ཅད་གཏོང་ལེན། ཐོག་མཐའ་གཉིས་སྔ་དྲོའི་ཚེ་དེ་རིང་བྱང་སེམས་དང་མི་འབྲལ་བར་བྱ་སྙམ་པའི་དྲན་ཤེས་ཀྱིས་ཟིན་པར་བྱ། དགོང་མོ་བྱང་སེམས་དང་འགལ་ན་རྔན་བགྲང༌། གཉིས་པོ་བཟོད་པ་ནི་འཁོར་ལོངས་སྤྱོད་སོགས་ལ་མ་དྲེགས། ཤིན་ཏུ་རྒུད་པ་ལ་ཞུམ་པ་མེད་པར་བྱས། ཆོས་སྤྱི་དང་བློ་སྦྱོང་གི་དམ་ཚིག་སྲོག་བས་གཅེས་པར་བསྲུངས། དཀའ་བ་གསུམ། ཉོན་མོངས་དྲན་དཀའ། བཟློག་དཀའ། རྒྱུན་གཅོད་དཀའ་བས་མི་འབྱུང་བའི་ཕྱིར་འབད། རྒྱུའི་གཙོ་བོ་བླ་མ་བཟང་པོ་དང་མཇལ། རང་གི་བློ་ལས་སུ་རུང༌། ཆོས་ཚུལ་བཞིན་དུ་ཉམས་སུ་ལོངས་པ་གསུམ་ལ་དགའ་བ་བསྒོམ། གཞན་ལའང་དེ་ཚང་བར་སྨོན། ཉམས་མེད་གསུམ། བླ་མ་ལ་མོས་གུས་ཉམས་མེད། བློ་སྦྱོང་བསྒོམ་པ་ལ་སྤྲོ་བ་ཉམས་མེད། བསླབ་བྱ་ཕྲ་མོ་ཚུན་ཆད་མ་ཉམས་པའོ། །འབྲལ་མེད་གསུམ། ལུས་ངག་ཡིད་གསུམ་དགེ་བ་དང་མ་བྲལ་བ། ཡུལ་ལ་ཕྱོགས་རིས་མེད་པ། ཐམས་ཅད་བློ་སྦྱོང་ཁ་ཙམ་ཚིག་ཙམ་མ་ཡིན་པར་གཏིང་ནས་འབྱོངས་པར་བྱེད། བཀོལ་བ་ལས་ཀྱི་དབང་གིས་སྙིང་དུ་མི་སྡུག་པ། ལྷག་པར་བྱང་ཆུབ་སེམས་ཀྱི་ལམ་དུ་འཁྱེར། གཙོ་བོ་ཉམས་སུ་བླང་བ་ནི། ད་རེས་ཀྱི་ཚེ་འདི་ལ། ཚེ་འདི་བས་ཆོས་གཙོ། ཆོས་ཀྱང་སྒྲུབ་པ་གཙོ། སྒྲུབ་པ་སེམས་སྦྱོང་བ་གཙོ། དེ་ཡང་ལུང་རིགས་ཀྱི་སྒོ་ནས་སྦྱོང་བ་བས་མན་ངག་ལ་བརྟེན་ནས་ཕུར་ཚུགས་སུ་སྦྱོང་བ་གཙོ། གོ་ལོག་དྲུག །ཆོས་བསྒྲུབ་པའི་སྡུག་བསྔལ་མི་བཟོད་པར་དགྲ་འདུལ་གཉེན་སྐྱོང་སྡུག་བསྔལ་བཟོད་པ་ནི་བཟོད་པ་གོ་ལོག །ཆོས་བྱེད་པ་ལ་འདུན་པ་མི་བྱེད་པར་ཚེ་འདིའི་འདུན་པ་བྱེད་པ་འདུན་པ་གོ་ལོག །ཆོས་ཀྱི་རོ་མི་མྱོང་བར་འཇིག་རྟེན་གྱི་རོ་མྱོང་བ་ནི་རོ་མྱོང་གོ་ལོག །སྡིག་པ་བྱེད་པ་ལ་སྙིང་རྗེ་མི་བསྒོམ་པར་ཆོས་ཕྱིར་དཀའ་ཐུབ་བྱེད་པ་ལ་སྙིང་རྗེ་བསྒོམ་པ་ནི་སྙིང་རྗེ་གོ་ལོག །རང་ལ་ལྟོས་པ་ཆོས་ལ་མི་སྦྱོར་བར་ཚེ་འདིའི་ཆེ་ཐབས་ལ་སྦྱོར་བ་ཉེ་སེམས་གོ་ལོག །དགེ་བ་ལ་དགའ་བ་མི་བསྒོམ་པར་དགྲ་ལ་སྡུག་བསྔལ་བྱུང་ན་དགའ་བ་བསྒོམ་པ་ནི་རྗེས་སུ་ཡི་རང་གོ་ལོག་གོ །དེ་ལ་བློ་སྦྱོང་ཉིད་ལ་བློ་ལིངས་བསྐྱུར་ནས་སྦྱང༌། རྟོག་དཔྱོད་གཉིས་ཉོན་མོངས་གང་ཆེ་བལྟས་ནས་གཉེན་པོས་སྤང༌། ཡུས་ཕ་རོལ་ལ་བདག་གི་དྲིན་ཡོད་པ་དང༌། རང་གིས་ཆོས་བྱས་པ་ཡུས་བྱ་ས་མེད་དོ། །ཀོ་ལོང་བདག་ལ་གཞན་གྱིས་དམའ་ཕབ་སོགས་ལ་ལན་མི་བྱ། ཡུད་ཙམ་ཅུང་ཟད་ལ་དགའ་མི་དགའི་རྣམ་འགྱུར་མི་བྱ། འོར་ཆེ་ཕན་བཏགས་ལ་ཚིག་གི་གཏོང་རག་ལ་རེ་བ་མེད་པར་བྱ། དེ་ལྟར་ཚེ་ཧྲིལ་གྱིས་བྱང་ཆུབ་ཀྱི་སེམས་གཉིས་པོ་མཉམ་རྗེས་གཉིས་ཀྱི་སྒོ་ནས་འབྱོངས་པའི་གདིང་ཐོབ་པར་བྱའོ། །ཀུན༵་ཏུ་བློ་རྩ་ཟིང་ཟིང་པོ། །དག༵འ་སྡུག་སྣང་བས་སྐྱོད་པའི་ཡིད། །མདུད་འཆིང་གྲོལ༵་བའི་ལམ་མཆོ༵ག་ནི། །ཉུང་གསལ་ཡི་གེའི་ལམ་དུ་ཤར། །རྒྱལ་སྲས་རིན་པོ་ཆེའི་ཁྲིད་ཡིག་ལས་བཏུས་སོ།