DNZ-06-CHA-015 and DNZ-06-CHA-016: Difference between pages

From Damngak Dzö
(Difference between pages)
DNZ-06-CHA-015
No edit summary
 
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=ངག་དབང་གྲགས་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་ཁྲིད་ཡིག་བཀྲ་ཤིས་དཱུརྦའི་མྱུ་གུ།
|fulltitletib=ཏོག་ཙེ་པའི་བསམ་གྱིས་མི་ཁྱབ་པའི་ཁྲིད་ཡིག་བཀྲ་ཤིས་དྭངས་ཤེལ་མེ་ལོང་།
|fulltitle=ngag dbang grags pa'i phyag rgya chen po yi ge med pa'i khrid yig bkra shis dUrba'i myu gu
|fulltitle=tog tse pa'i bsam gyis mi khyab pa'i khrid yig bkra shis dwangs shel me long
|fulltitletrans=Fortunate Shoot of Dūrva Grass: The Manual of Mahāmudrā without Syllables Composed by Ācārya Vāgīśvarakīrti
|fulltitletrans=Fortunate Pure Crystal Mirror: The Instruction Manual of Śrī Koṭalipa’s Inconceivable
|citation='jam mgon kong sprul. ''Ngag dbang grags pa'i phyag rgya chen po yi ge med pa'i khrid yig bkra shis dUrba'i myu gu''. In ''Gdams ngag rin po che'i mdzod'', Vol. 6: 293-314. Kalimpong: Rigpe Dorje Publications, 2024.
|citation='jam mgon kong sprul. ''Tog tse pa'i bsam gyis mi khyab pa'i khrid yig bkra shis dwangs shel me long''. In ''Gdams ngag rin po che'i mdzod'', Vol. 6: 315-344. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།

|collectiontitle=gdams ngag rin po che'i mdzod

|author='jam mgon kong sprul
|author='jam mgon kong sprul
|compiler='jam mgon kong sprul
|compiler='jam mgon kong sprul
|associatedpeople=Vāgīśvarakīrti
|associatedpeople=Kuddālapāda
|tibgenre=Contemplative Guide Books and Instructional Manuals - khrid yig

|terma=No
|terma=No
Line 19: Line 19:
|volyigtib=ཆ
|volyigtib=ཆ
|totalvolumes=18
|totalvolumes=18
|textnuminvol=015
|textnuminvol=016
|pagenumbers=293-314
|pagenumbers=315-344
|totalpages=22
|totalpages=30
|beginfolioline=1a1
|beginfolioline=1a1
|endfolioline=11b3
|endfolioline=15b6
|totalfolios=11
|totalfolios=15
|multivolumework=No
|multivolumework=No
|rectonotes=phyag chen khrid yig
|rectonotes=tog tse'i khrid yig
|versonotes=sa skya'i skor
|versonotes=sa skya'i skor
|colophontib=སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་ཁྲིད་ཀྱི་ལེ་ཚན་འདིའང་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ་ལེགས་འཕེལ།།
|colophontib=།དཔལ་ཏོག་རྩེ་པས་མཛད་པའི་བསམ་གྱིས་མི་ཁྱབ་པའི་ཁྲིད་ཀྱི་ལེ་ཚན་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།།
|colophonwylie=slob dpon ngag gi dbang phyug grags pas mdzad pa'i phyag rgya chen po yi ge med pa'i khrid kyi le tshan 'di'ang rje bla ma rin po che'i bka' bzhin blo gros mtha' yas kyis spel ba dge legs 'phel//
|colophonwylie=dpal tog rtse pas mdzad pa'i bsam gyis mi khyab pa'i khrid kyi le tshan rje bla ma rin po che'i bka' bzhin blo gros mtha' yas kyis bgyis pa dge legs 'phel//
|shechendnz=DNZ-Shechen-06-CHA-014
|shechendnz=DNZ-Shechen-06-CHA-015
|tsadradnztrans=DNZ-Tsadra-06-014
|tsadradnztrans=DNZ-Tsadra-06-015
|pdflink=File:DNZ-06-CHA-015.pdf
|pdflink=File:DNZ-06-CHA-016.pdf
|authortib=འཇམ་མགོན་ཀོང་སྤྲུལ་
|authortib=འཇམ་མགོན་ཀོང་སྤྲུལ་
|InitCategories=Damngak Rinpoché Dzö; DNZ-Volume-06-CHA

Line 38: Line 38:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༄༅།  །ངག་དབང་གྲགས་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་ཁྲིད་ཡིག་བཀྲ་ཤིས་དཱུརྦའི་མྱུ་གུ་ཞེས་བྱ་བ་བཞུགས་སོ།
{{TibP|༄༅།  །ཏོག་ཙེ་པའི་བསམ་གྱིས་མི་ཁྱབ་པའི་ཁྲིད་ཡིག་བཀྲ་ཤིས་དྭངས་ཤེལ་མེ་ལོང་ཞེས་བྱ་བ་བཞུགས་སོ།

༄༅།  །ན་མོ་གུ་རུ་བཛྲ་དྷ་ར་པཱ་དཱ་ཡ། འཇིགས་བྲལ་ངག་གི་དབང་ཕྱུག་དང༌། །དབྱེར་མེད་རྗེ་བཙུན་གོང་མ་ལྔ། །གཅིག་བསྡུས་མཁྱེན་བརྩེའི་དབང་པོར་འདུད། །ཡི་གེ་མེད་པའི་ཁྲིད་རིམ་དགོད། །ལམ་སྐོར་ཕྱི་མ་བརྒྱད་ཀྱི་ནང་ཚན་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་ཁྲིད་རིམ་འཆད་པ་ལ་གཉིས། གང་ལས་བརྒྱུད་པའི་ཁུངས་སྨོས་པ། དེ་ལས་བརྒྱུད་པའི་གདམས་ངག་དངོས་བཤད་པའོ། །དང་པོ་ནི། བི་ཀྲ་མ་ལ་ཤཱི་ལའི་ནུབ་སྒོ་སྲུང་བའི་པཎྜི་ཏ་ཆེན་པོ་རྗེ་བཙུན་སྒྲོལ་མས་དངོས་སུ་རྗེས་སུ་བཟུང་ཞིང་མཐར་དཔལ་ལྡན་འཁོར་ལོ་སྡོམ་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པས་ཡན་ལག་བདུན་པ་དང་བཞི་པ་སྣང་བར་བྱེད་པ་ལ་སོགས་པའི་བསྟན་བཅོས་མང་དུ་མཛད་པ་དེ་རྣམས་དང༌། སློབ་དཔོན་ཌོམྦི་ཧེ་རུ་ཀས་མཛད་པའི་བདག་མེད་མའི་སྒྲུབ་ཐབས་བདུད་རྩིའི་འོད་རྣམས་ཀྱི་གནད་ཀྱི་ཉམས་ལེན་སྙིང་པོ་བསྡུས་པ་གདམས་ངག་འདི་ཉིད་མཛད་པར་གསུངས་སོ། །བརྒྱུད་པའི་རིམ་པ་ནི༑ རྗེ་བཙུན་འཕགས་མ་སྒྲོལ་མ་ལས་ངག་གི་དབང་ཕྱུག་གྲགས་པས་གསན། དེ་ལས་སློབ་དཔོན་དེ་བཱ་ཀ་ར་ཙནྡྲས་གསན། དེ་གཉིས་ཀ་ལས་ཇོ་བོ་ཨ་མོ་གྷ་བཛྲས་གསན། དེ་ནས་རིམ་བཞིན་འབྲོག་མི་ལོ་ཙཱ་བ། བླ་མ་སེ་མཁར་ཆུང་བ། ཆོས་རྗེ་དགོན་པ་བ། རྗེ་བཙུན་ས་སྐྱ་པ་ཁུ་དབོན་ནས་རིམ་པར་བརྒྱུད་དེ། མདོ་སྔགས་དམ་པའི་ཆོས་ཀྱི་བདུད་རྩིའི་ཀླུང་རྒྱུན་གཅིག་ཏུ་འཁྱིལ་བ་རྗེ་བླ་མ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་ནོས་པའོ། །གཉིས་པ་གདམས་ངག་དངོས་ཀྱི་ཐོག་མར་མཁའ་འགྲོའི་བྱིན་རླབས་བྱ་བའི་ཚུལ་ཡོད་པ་དེའི་རྒྱུན་དེང་སང་མི་བཞུགས་ཀྱང་། བདག་མེད་མའི་དབང་དང་བྱིན་རླབས་ཀྱིས་གོ་ཆོད་པ་ཡིན་པས་སྔར་མ་ཐོབ་ན་སྐབས་འདིར་བྱ་དགོས་སོ། །གདམས་ངག་ཁྲིད་རིམ་དངོས་ལ་གསུམ། དང་པོ་ཤེས་པར་བྱ་བའི་དོན་བཤད་པ། བར་དུ་བསྒོམ་པར་བྱ་བའི་ལམ་བསྟན་པ། མཐར་འབྲས་བུ་ཐོབ་པའི་ཚུལ་སྨོས་པའོ། །དང་པོ་ནི། ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་དོན་ཇི་ལྟར་ཡིན་ན། ཕྱག་རྒྱ་ནི། རྒྱལ་པོ་ལ་སོགས་པའི་བཀའ་རྟགས་ཀྱིས་རྒྱས་འདེབས་པ་ལྟར། འདིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རྒྱས་འདེབས་པའི་ཕྱིར་དང༌། ཆོས་གོས་ལ་སོགས་པའི་རྟགས་མཚན་གྱིས་སོ་སོའི་བྱེ་བྲག་མཚོན་པ་ལྟར། འདིས་འཁོར་འདས་ཀྱི་གནས་ལུགས་མཚོན་པའི་ཕྱིར་དང༌། རྒྱལ་པོའི་བཀའ་རྒྱས་བཏབ་པ་ལ་འབངས་རྣམས་འདའ་བར་མི་ནུས་པ་ལྟར། འཁོར་འདས་ཀྱི་ཆོས་ཐམས་ཅད་འདི་ལས་མི་འདའ་བའི་ཕྱིར་ཏེ། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་རྒྱས་པར་འབྱུང་བ་བཞིན་ནོ། །ཆེན་པོ་ནི་ཆོས་འདིའི་གོང་ན་གཞན་མེད་པའི་དོན་ཏེ། གསང་བ་གྲུབ་པར། བཞི་པ་གོང་ན་མེད་པའི་རྒྱུད། །མངོན་པར་བྱང་ཆུབ་བྱེད་པ་པོ། །ཕྱག་རྒྱ་ཆེན་པོ་རྣམ་སྒོམ་པ། །དེ་ཡི་གོང་ན་གཞན་མེད་པའོ། །ཞེས་པ་ལྟར་རོ། །གཞན་ཡང་ཕྱག་ཆེན་ཐིག་ལེ་སོགས་ལས་མཚན་གྱི་དོན་མང་དུ་གསུངས་ཤིང༌༑ དུས་འཁོར་གྱི་དཀའ་འགྲེལ་པདྨ་ཅན་ལས། ཕྱག་རྒྱ་ཞེས་བྱ་བ་ནི། འདས་དང་མ་བྱོན་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པར་མཛད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའམ་མི་འཕོ་བའི་བདེ་བས་བདེ་བ་ལ་རྒྱས་བཏབ་པས་ན་ཕྱག་རྒྱ་སྟེ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་ཁྱད་པར་དུ་གྱུར་པ་དང༌། འཁོར་བའི་བག་ཆགས་དང་བྲལ་བར་འགྱུར་བས་ཆེན་མོའོ། །ཞེས་བཤད་དོ། །མཚན་གྱི་རྣམ་གྲངས་ཀྱང་དོན་དམ་པའི་དེ་ཉིད། བླ་ན་མེད་པའི་ཡེ་ཤེས། ཀུན་ཏུ་བཟང་པོ། ཕྱག་རྒྱ་ཆེན་པོ། ཆོས་ཀྱི་སྐུ་རྣམས་དོན་གཅིག་ཡིན་པ་ཨིནྡྲ་བོ་དྷིས་ཡེ་ཤེས་གྲུབ་པར་གསུངས་སོ། །འདིའི་ངོ་བོ་ནི། གང་དུའང་མི་གནས་ཤིང་མཚན་ཉིད་ཐམས་ཅད་དང་གདོད་ནས་བྲལ་བ་ཀུན་ལ་ཁྱབ་པ་ནམ་མཁའ་ལྟ་བུའི་རང་བཞིན་ཏེ་དབྱེ་བ་བཞིའོ། །དེ་ལ་དབྱེ་ན་གསུམ། རྒྱུ་དང་། ལམ་དང་། འབྲས་བུའི་ཕྱག་རྒྱ་ཆེན་པོའོ། །དང་པོ་རྒྱུའམ་གཞིའི་ཕྱག་ཆེན་ནི། སྤྱིར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གདོད་ནས་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་བཞིན་གྱིས་འོད་གསལ་བའི་སྟོང་པ་ཉིད་འཁོར་འདས་ཀུན་གྱི་ཁྱབ་བདག་ཏུ་གྱུར་པ་དང༌། བྱེ་བྲག་ཏུ་གསལ་ཞིང་དྭངས་ལ་ངོས་བཟུང་མེད་པའི་རང་སེམས་ཀྱི་གཤིས་གདོད་མའི་གནས་ལུགས་སྨྲ་བསམ་བརྗོད་པ་དང་བྲལ་བ་སྟེ། རྒྱུད་རྡོ་རྗེ་ཕྲེང་བ་ལས། ཕྱག་རྒྱ་དེ་བཞིན་གཤེགས་ཡེ་ཤེས། །རྣམ་རྟོག་མེད་པའི་གོ་འཕང་བརྟེན། །མི་ཕྱེད་རྡོ་རྗེ་སེམས་དཔའི་གནས། །རྣམ་རྟོག་མེད་པའི་བདེ་བ་ལ། །ནམ་མཁའ་བཞིན་ཏུ་གོས་པ་མེད། །ཅེས་པས་བསྟན། ལམ་གྱི་ཕྱག་ཆེན་ལ། སྤྱིར་གཞིའི་ཕྱག་ཆེན་དེ་ཉིད་ལམ་ཕྱག་ཆེན་གྱིས་གོམས་པར་བྱས་པ་ལས་གློ་བུར་གྱི་སྒྲིབ་པ་སྤང་དུ་མེད་པའི་ཚུལ་གྱིས་སྤངས་ནས་རྟོགས་སུ་མེད་པའི་དོན་རྟོགས་པ་སྟེ། རྒྱུད་དེ་ལས། རང་བཞིན་མེད་ཅིང་གཞི་དང་བྲལ། །གཉིས་མེད་བདག་མེད་བརྗོད་དུ་མེད། །རྣལ་འབྱོར་རྣམས་ཀྱི་རང་རིག་པ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཆའི། །ཀུན་རྟོག་ཆོས་ནི་ཡོངས་སུ་སྤངས། །ཞེས་སོགས་ཀྱིས་བསྟན། བྱེ་བྲག་ཏུ་རྡོར་ཕྲེང་ལས། ཆོས་དང་ལས་དང་དམ་ཚིག་དང༌། །ཕྱག་རྒྱ་ཆེན་པོ་མ་ནོར་བརྗོད། །ཅེས་དང༌། ཡེ་ཤེས་སྙིང་པོའི་རྒྱུད་ལས། ཆོས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་བཞིར་བཤད་པས་མཚོན་རྒྱུད་དང་གྲུབ་ཆེན་རྣམས་ཀྱི་གསུང་ལས་ཕྱག་རྒྱ་བཞི་དང་། གསུམ་དང༌། དེ་དག་གི་གོ་རིམ་མི་འདྲ་བ་དང་། ནང་གསེས་ཀྱི་དབྱེ་བ་སོགས་མང་དུ་འབྱུང་ཡང༌། གདམས་ངག་འདིའི་ལུགས་སུ། ལྟ་སྒོམ་སྤྱོད་པ་ཉམས་ཕྱག་རྒྱ་ཆེན་པོ་བཞིར་གསུངས་པ་ཡིན་ལ། དེའང་ལམ་བསྒོམ་པའི་དང་པོ་ལྟ་བ་ཕྱག་རྒྱ་ཆེན་པོ་ནི། བླ་མ་ལས་ཐོས་ཤིང་རང་གི་སེམས་ཀྱིས་གོ་བར་བྱ་དགོས་ཏེ། གོང་དུ་སྨོས་པའི་གཞིའི་གནས་ལུགས་མཚོན་བརྗོད་དང་བྲལ་བ་དེ་ཉིད་ལུང་དང་རིགས་པ་ལ་བརྟེན་ནས་གོ་ཞིང་ཁོང་དུ་ཆུད་པའོ། །དེའང་ཆོས་ཉིད་མི་གཡོ་བའི་མདོ་ལས། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གནས་པ། ལས་དང་བྱ་བའི་མཐའ་ཐམས་ཅད་དང་བྲལ་བ། རྟོག་པ་དང་མི་རྟོག་པའི་ཡུལ་ལས་འདས་པའོ། །ཞེས་པས་མཚོན་མདོ་རྒྱུད་ཀུན་ནས་བརྗོད་བྲལ་གྱི་གནས་ལུགས་ཡང་དང་ཡང་དུ་གསུངས་པ་ལས་ཤེས་པར་བྱའོ། །གཉིས་པ་སྒོམ་པ་ཕྱག་རྒྱ་ཆེན་པོ་ནི། སྤྱིར་ལྟ་བའི་ངང་དུ་མཉམ་པར་བཞག་པ་ལས་མི་གཡེང་བར་བྱེད་པ་སྟེ། བྱང་ཆུབ་སེམས་འགྲེལ་ལས། དམིགས་པ་དང་ནི་བྲལ་བའི་སེམས། །ནམ་མཁའི་མཚན་ཉིད་ལ་གནས་ཏེ། །ནམ་མཁའ་སྒོམ་པར་བྱེད་པ་ནི། །སྟོང་པ་ཉིད་ནི་སྒོམ་པར་བཞེད། །ཅེས་སོགས་མང་དུ་འབྱུང་ལ། བྱེ་བྲག་མན་ངག་འདིར་ནི་དཔེ་དོན་བསྲེ་བ་ཞེས་འབྱུང་སྟེ། དཔེ་ཟག་བཅས་ཀྱི་བདེ་བས་ཐབས་བྱས་ཏེ་ཟག་མེད་ཀྱི་ཡེ་ཤེས་བསྐྱེད་ནས་བདེ་སྟོང་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལམ་དུ་ཁྱེར་བའམ། ནམ་མཁའ་སྟོང་པ་ལ་མཐའ་དབུས། ཕྱོགས་རིས། ཡོད་མེད། ཡིན་མིན། གང་དུའང་མ་གྲུབ་པའི་དཔེས་མཚོན་ཏེ། དོན་རང་གི་སེམས་སྟོང་པ་ཉིད་སྐྱེ་འགག་གནས་གསུམ་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ལ་སྦྱོར་ཞིང་བསྲེས་ནས་ཉམས་སུ་ལེན་པ་སྟེ། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས། བླ་མ་དམ་པའི་བདུད་རྩི་ཡིས། །རང་སེམས་ནམ་མཁའ་ལྟ་བུར་ཤེས། །དེ་ཡི་དོན་ལས་མ་ཡེངས་པར། །དེ་ནི་ཏིང་འཛིན་ཅེས་པར་འགྱུར། །ཞེས་སོགས་མང་དུ་འབྱུང་ངོ༌། །གསུམ་པ་སྤྱོད་པ་ཕྱག་རྒྱ་ཆེན་པོ་ནི། ཤུགས་འབྱུང་གི་སྤྱོད་པ་བསྐྱང་བ་སྟེ། རྟོགས་པ་དང་ལྡན་པའི་
རྣལ་འབྱོར་པས་ལེགས་སུ་རེ་བ་དང་ཉེས་སུ་དོགས་པ་གང་ཡང་མི་བྱ་བར་གདོང་དུ་བབས་པའི་བྱ་བ་ཐམས་ཅད་ལ་འཛིན་མེད། རྩིས་མེད། སྣང་བ་གང་ཤར་ཐད་ཀར་གཅོད་པ་སྟེ། ཕལ་པོ་ཆེར། རྒྱལ་བའི་སྤྱོད་ཡུལ་འདི་ལ་གང་ཞིག་འཇུག་འདོད་པས། །དེ་ནི་བསམ་པ་ནམ་མཁའ་ལྟ་བུར་རྣམ་པར་སྦྱོང༌། །རྟོག་དང་རྣམ་པར་རྟོག་དང་འདུ་ཤེས་འཛིན་སྤོང་ལ། །ནམ་མཁའ་ལྟ་བུའི་ཡིད་ཀྱིས་འདི་ལ་འཇུག་པར་གྱིས། །ཞེས་དང༌། བྲམ་ཟེ་ཆེན་པོས༑ ནགས་ལས་མཆེད་པའི་མེ་འབར་བཞིན། །གདོང་དུ་བབས་པའི་འདི་ལྟར་སྣང་བ་ཀུན། །ཁྱོད་ཀྱིས་རྩ་བ་སྟོང་པ་ཉིད་དང་ལྷན་ཅིག་བྱོས། །ཞེས་ཐམས་ཅད་སྟོང་པ་ཉིད་དུ་ཐག་ཆོད་པས་གང་ལའང་ཉམ་ང་མེད་པར་ཐོལ་བྱུང་དུ་སྤྱོད་པར་གསུངས་སོ། །བཞི་པ་ཉམས་མྱོང་ཕྱག་རྒྱ་ཆེན་པོ་ནི། སྤྱིར་སྒོམ་གྱི་ཉམས་ལེན་གནད་དུ་སོང་ན་ཤེས་པ་དྭངས་སྙིགས་ཕྱེད་ནས་སེམས་ལ་ཉམས་ཀྱི་བྱེ་བྲག་མཐའ་གཅིག་ཏུ་མ་ངེས་པ་སྣ་ཚོགས་སུ་འཆར་བར་འགྱུར་ཞིང༌། གཙོ་བོའི་རིགས་བསྡུ་ན། ལུས་སེམས་ཡོད་མེད་མི་ཚོར་ཞིང་ཉིན་མཚན་ངོ་མི་ཤེས་པ་ལྟ་བུའི་བདེ་བས་ཁྱབ་པ་བདེ་ཉམས་དང༌། སེམས་ཤེལ་ལྟར་དྭངས་ཤིང་གཞན་སེམས་ཤེས་པ་སྙམ་བྱེད༑ འོད་ཀྱི་སྣང་བ་ལྟ་བུས་མཚན་མོའང་ཉེ་རིང་གི་དངོས་པོ་ཅི་རིགས་པ་མཐོང་སྙམ་བྱེད་པ་གསལ་ཉམས་དང༌། རང་དང་དངོས་པོ་ཐམས་ཅད་སྟོང་པའི་དངོས་པོར་འཆར་ཞིང་ཅིར་ཡང་མི་རྟོག་པ་ནམ་མཁའ་གཡའ་དག་པ་ལྟ་བུའི་ཉམས་འབྱུང་བ་ནི་མི་རྟོག་པའི་ཉམས་ཏེ། ཉམས་མྱོང་དེ་དག་ཐམས་ཅད་ཀྱི་ངོ་བོ་སྐྱེ་འགག་དང་བྲལ་ཞིང་རང་བཞིན་ངོས་གཟུང་མེད་པ། སྐྱེ་མེད་སྟོང་པ་ཉིད་དུ་ཤེས་ན་ལམ་དུ་འགྱུར། དེ་ལྟར་མ་ཤེས་པར་དངོས་འཛིན་དང་བདེན་ཞེན་ཞུགས་ན་ཁམས་གསུམ་དུ་གོལ་བ་ཡིན་ལ། བྱེ་བྲག་འདིར་ནི་ཉམས་བདེ་སྟོང་ཟུང་འཇུག་ཅེས་གསུངས་པས། སྒོམ་པ་དཔེ་དོན་གྱི་ཡེ་ཤེས་བསྲེས་པ་དེ་ཉིད་ཉམས་སུ་བླངས་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཕྱག་རྒྱ་ཆེན་པོ་ཟུང་དུ་འཇུག་པ། བདེ་ལ་ཞེན་པ་མེད་པ། གསལ་ལ་རྟོག་པ་མེད་པ། མཚན་བཅས་ཀུན་ལས་འདས་པ་ནི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་དོན་ཏོ། །གསུམ་པ་འབྲས་བུ་ཕྱག་རྒྱ་ཆེན་པོ་ནི། དེ་ལྟ་བུའི་ལམ་སྒོམ་པ་མཐར་ཕྱིན་པ་ལས་འབྲས་བུ་གཞིའི་ཕྱག་རྒྱ་ཆེན་པོ་མངོན་ཏུ་གྱུར་ནས་གདོད་མའི་གནས་ལུགས་ཀྱི་རང་སར་ཟིན་ཏེ། ཆོས་ཀྱི་སྐུ་བྱང་ཆུབ་པ་ལས་གཞན་དོན་ཏུ་གཟུགས་སྐུའི་སྣང་བརྙན་ཤར་ཏེ་འཁོར་བ་ཇི་སྲིད་དེ་སྲིད་དུ་འགྲོ་བའི་དོན་ལྷུན་གྱིས་གྲུབ་པ་འབྱུང་བར་འགྱུར་རོ། །གཉིས་པ་བསྒོམ་པར་བྱ་བའི་ལམ་བསྟན་པ་ལ་རྩ་བའི་ཆོས་གསུམ། དེ་རེ་རེ་ལ་ཡན་ལག་གི་ཆོས་གསུམ་གསུམ་སྟེ་དགུའོ། །དེ་ལ་རྩ་བའི་ཆོས་གསུམ་ནི། དང་པོ་སེམས་བཟུང་བ། བར་དུ་སེམས་འདུལ་བ། ཐ་མ་དེ་ཁོ་ན་ཉིད་ལ་བློ་བཞག་པའོ། །དང་པོའི་ཡན་ལག་གསུམ་ནི། སོང་སར་བཟུང༌། བཞག་སར་སྐྱོང༌། མཐའ་གཉིས་སྤོང་བའོ། །བར་པའི་ཡན་ལག་གསུམ་ནི། སོང་སར་ཤོར་དུ་མི་གཞུག །བཞག་སར་དལ་དུ་མི་གཞུག །གོང་འོག་ཐལ་དུ་མི་གཞུག་པའོ། །ཐ་མའི་ཡན་ལག་གསུམ་ནི། དཔེ་ལ་བསླབ། དོན་ལ་སྦྱར། དཔེ་དོན་བསྲེ་བ་སྟེ་གནད་ཀྱི་མན་ངག་གསུམ་གསུམ་བསྡོམས་པས་མདོར་བསྟན་རྩ་བའི་ཆོས་དགུ་ཞེས་བྱ་བའོ། །འདི་དག་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི། དབེན་པའི་གནས་སུ་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག །ལུས་གནད་བསྲང༌། མདུན་གྱི་ནམ་མཁར་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་བརྒྱུད་པའི་བླ་མ་རྣམས་དང་། སྐྱབས་གནས་དཀོན་མཆོག་རྒྱ་མཚོས་བསྐོར་བ་མངོན་སུམ་དུ་བཞུགས་པར་བསམས་ལ། མོས་གུས་དྲག་པོས་སྐྱབས་འགྲོའི་ཚིག་གང་ཡང་རུང་བ་ལན་གྲངས་མང་དུ་བརྗོད། མཁའ་ཁྱབ་ཀྱི་སེམས་ཅན་བསམ་ཡུལ་དུ་བྱས་ཏེ་བྱམས་པ་དང་སྙིང་རྗེའི་ཤུགས་དྲག་པོས་སྨོན་འཇུག་བྱང་ཆུབ་ཀྱི་སེམས་ཡང་ནས་ཡང་དུ་བསྐྱེད། དེ་ནས་རང་ཡི་དམ་གྱི་ལྷ་ཧེ་བཛྲའམ། རྣལ་འབྱོར་མ་ལ་སོགས་གང་ལ་མོས་པ་སྣང་ལ་རང་བཞིན་མེད་པའི་སྐུ་སྐད་ཅིག་གིས་གསལ་བཏབ་པའི་སྤྱི་བོར་རྩ་བའི་བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་བཞུགས་པར་བསྒོམས་པ་ལ། སྙིང་ཁུང་རུས་པའི་གདིང་ནས་མོས་གུས་མཆི་མ་བྱུང་བ་ཙམ་དུ་བསྐྱེད་ལ་ཕུར་ཚུགས་ཀྱིས་གསོལ་བ་བཏབ་ཅིང་། བརྒྱུད་པའི་གསོལ་འདེབས་ཀྱང་བྱ། དངོས་གཞི་སེམས་བཟུང་བའི་ཡན་ལག་དང་པོ་ནི། རླུང་རོ་བསལ་ལ་སེམས་མི་རྟོག་པའི་ངང་དུ་བཞག་པས་རྣམ་རྟོག་འཕྲོ་བའི་ཚེ་དེ་མ་ཐག་དྲན་པས་ཟིན་པར་བྱས་ལ། སེམས་གང་དུ་སོང་བ་དེར་རྩེ་གཅིག་ཏུ་བཟུང༌། ཡན་ལག་གཉིས་པ་ནི། སེམས་བཟུང་ས་དེ་ལས་གཞན་ཏུ་འཕྲོར་མི་གཞུག་པར་དྲན་ཤེས་ཀྱིས་ཇི་ཙམ་དུ་གནས་པ་དེ་སྲིད་དུ་བསྐྱང༌། ཡན་ལག་གསུམ་པ་ནི། སྔར་འདས་པ་དང་འབྱུང་འགྱུར་མ་འོངས་པའི་རྗེས་གཅོད་མི་བྱ་བར་ད་ལྟ་ཁྲིག་གེར་གནས་པ་དེ་ཀའི་ངང་དུ་བཞག །དེའང་ཡུན་ཐུང་ལ་གྲངས་མང་བར་བསླབ་པས་སྒོམ་གྱིས་སྣ་མི་སུན་ཅིང་འགྱུ་རྟོག་ཇེ་ཉུང་དུ་འགྱུར་རོ། །ཡང་དཀོན་མཆོག་གི་རྟེན་སོགས་མདུན་ཏུ་བཞག་ལ་དེར་སེམས་བཟུང༌། དེ་ལ་མི་གནས་པར་ཀ་བ། བུམ་པ་ལྟ་བུའི་གཟུགས། ཆུའི་སྒྲ་སོགས་སྒྲ། སྤོས་ཀྱི་དྲི་ལྟ་བུའི་དྲིའི་རྗེས་སུ་རྣམ་རྟོག་འཕྲོ་ན་སོང་ས་དེ་ཉིད་ངོས་བཟུང༌། བཞག་སར་བསྐྱང༌། མཐའ་གཉིས་སྤང་བ་ལ་བསླབ་པས་སེམས་ཟིན་པའི་རྟགས་སུ་རྣམ་རྟོག་གི་འགྱུ་བ་རྒྱུན་ཆད་ནས་སེམས་གར་གཏད་དུ་ལྷན་ནེར་གནས་པར་འབྱུང་ངོ༌། །གལ་ཏེ་དེ་དག་གིས་སེམས་མ་ཟིན་ན༑ སྤོགས་པའི་ཆོ་ག་ནི། རང་གི་མདུན་དུ་ཤིང་རིང་པོ་ཞིག་བཙུག་པའམ་དམིགས་པས་བསྒོམ། ལུས་གནད་རྐང་པ་གཤིབས་ཏེ་འཕོངས་ས་ལ་མ་རེག་པར་བསྡད་ལ་རན་ཚད་དུ་གཡོ་འགུལ་བྱ། རླུང་རིམ་གྱིས་འབུད། དམིགས་པ་རང་གི་ལུས་གཉིས་སུ་ཕྱེས་ལ་གཅིག་ཤིང་རིང་དེའི་རྩ་བར་བཞག །གཅིག་གོས་མེད་གཅེར་བུ་བྱས་ནས་ཤིང་དེ་ལ་འཛེགས་ཏེ་ཤིང་རིང་གི་རྩེ་མོར་བསྡད་པར་བསྒོམ། ཤིང་དེའི་རྩ་བར་བལྟས་པས་གཡང་ཟ་བའི་འཇིགས་པ་ལྷང་གིས་འབྱུང༌། དེ་ལ་སེམས་བཟུང་བས་མི་རྟོག་པའི་ཉམས་སྐྱེས་པ་ནི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའོ། །དེས་ཀྱང་སེམས་མ་ཟིན་ན། ལུས་དང་། རླུང་གི་གནད་དང༌། དམིགས་པའི་གཞི་སྔར་ལྟར་ལ༑ ཤིང་གི་རྩེ་མོར་ཡོད་པའི་རང་གི་ལུས་དེ་ཉི་ཟླའི་འོད་ཟེར་ལ་འཇུས་ཏེ་ཉི་ཟླའི་སྟེང་དུ་བསྡད་ལ་གླིང་བཞིར་ལྟ་བར་དམིགས། མར་ཤིང་གི་རྩེ་མོ་ལ་སེམས་དྲག་ཏུ་གཏད། ཤིང་གི་རྩ་བ་ལ་སེམས་གཏད། ཤིང་རྩར་ཡོད་པའི་རང་གི་ལུས་རྙིང་པ་ལ་སེམས་གཏད་པས་རང་གི་ལུས་རྣམས་གང་ཡང་ཡིན་ལ་གང་ཡང་མིན་པའི་ཉམས་སྐྱེས་པ་ནི་དེ་ཉིད་ཡི་གེ་མེད་པའི་དོན་དུ་ཤེས་པར་བྱས་ལ་བསྐྱང༌། དེས་ཀྱང་མ་ཟིན་པའམ་རྩལ་འབྱང་བའི་ཆེད་དུ་མདུན་གྱི་ནམ་མཁའི་དཀྱིལ་དང༌། སྣའི་རྩེ་མོ་དང༌། སྨིན་ཕྲག་དང༌། སྙིང་ག་དང༌། ལྟེ་བ་ལ་སོགས་པར་དམིགས་པ་སྤོ་ཞིང་སྔར་གྱི་གནད་གསུམ་གྱིས་སེམས་བཟུང་བས་ངེས་པར་ཟིན་པར་འགྱུར་རོ། །གཉིས་པ་བར་དུ་སེམས་འདུལ་བ་ལ། ཡན་ལག་དང་པོ་ནི། སོང་སར་ཤོར་དུ་མི་གཞུག་པ་སྟེ། སེམས་ཀྱི་རྣམ་རྟོག་འཕྲོ་ན་དེ་མ་ཐག་དྲན་པས་ཟིན་པར་བྱས་ལ་འཕྲོ་བའི་ཡུལ་དེར་འཕྲོ་རུ་མི་གཞུག་པར་སྔར་གནས་ཆ་དེའི་ཐོག་ཏུ་འཇོག །ཡུལ་ལ་ཤོར་ནའང་དྲན་པས་ཟིན་པར་བྱས་ལ་ཡེང་བའི་དབང་དུ་ཅུང་ཟད་ཀྱང་མི་གཏང་བར་གཉེན་པོ་བསྐྱེད། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཅེས་གསུངས་པས་ངོ་ཤེས་ཀྱི་དྲན་པས་མ་ཟིན་པའི་རྣམ་པར་རྟོག་པ་འཁོར་བར་ལྟུང་བའི་རྩ་བ་ཡིན་ལ། ངོ་ཤེས་པ་ཙམ་གྱིས་ཀྱང་མི་ཆོག །དེ་ཉིད་རང་བཞིན་མེད་པའི་ངོ་བོའི་དབྱིངས་སུ་གྲོལ་དགོས་སོ། །ཡན་ལག་གཉིས་པ་ནི། བཞག་སར་དལ་དུ་མི་གཞུག་པ་སྟེ། སེམས་གང་དུ་བཞག་ས་དེ་སྟེང་ནས་གསལ་དྭངས་ཀྱི་ཆ་མེད་པའི་མོག་གེ་བ་གྱུར་ན་ཞི་གནས་སྐྱོན་ཅན་དུ་འགྱུར་ཅིང་སེམས་མ་ཐུལ་བ་ཡིན་པས། དེ་བཞིན་གཤེགས་པའི་རྟེན་དངོས་སམ་ཡིད་ཀྱིས་བསྒོམ་པ་དང༌། ཀ་བ་བུམ་པ་སོགས་དངོས་པོ་ཅི་རིགས་ལ་སེམས་ཡུད་ཅིག་གཏད། དེ་ལས་དངོས་པོ་གཞན་ལ་སྤོས་ཏེ་བཟུང༌། ཐམས་ཅད་དུ་དྲན་པས་ཟིན་པར་བྱ། དེ་བཞིན་དར་གཅིག་ཀྱང་སེམས་དལ་དུ་མི་གཞུག་པར་དམིགས་པ་སྣ་ཚོགས་སུ་ཁ་སྤོ་ཞིང་ཞི་གནས་ཁོ་ནའི་དབང་དུ་མི་བཏང་བར་སེམས་གདུལ་བར་བྱ། གསུམ་པ་གོང་འོག་ཏུ་ཐལ་དུ་མི་གཞུག་པ་ནི། སེམས་རྣམ་རྟོག་གི་འཕྲོ་རྒོད་དང་ཞི་གནས་ཁོ་ནར་གནས་པ་གཉིས་ཀའི་དབང་དུ་མི་བཏང་བར་དྲན་པའི་ཐག་པས་བཟུང་བས། གནས་པར་འདོད་ན་གནས་པའི་དབང་ཡང་ཡོད། འཕྲོ་བར་འདོད་ན་འཕྲོ་བའི་དབང་ཡང་ཡོད་ཅིང་། གཉིས་ཀའི་ཐོག་ཏུ་ཡེང་བའི་བསླད་མ་ཞུགས་པར་ངོ་ཤེས་ནས་གཞི་མེད་དུ་གྲོལ་ཏེ་རང་ཇི་ལྟར་འདོད་པ་འོང་བ་ནི་སེམས་ཐུལ་བ་ཞེས་བྱའོ། །གསུམ་པ་དེ་ཁོ་ན་ཉིད་ལ་བློ་བཞག་པའི་ཡན་ལག་དང་པོ་དཔེ་ལ་བསླབ་པ་ལ་གསུམ། འཁྲུལ་པའི་དུས། འཁྲུལ་པར་གོ་བའི་དུས༑ འཁྲུལ་པ་གཞི་མེད་དུ་ཁོང་དུ་ཆུད་པའི་དུས་སོ། །དེ་རྣམས་ནི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་ནས་བསླབ་པར་བྱ་སྟེ། དང་པོ་རྒྱང་ནས་བལྟས་ན་ལུང་པ་ཐམས་ཅད་སྨིག་རྒྱུས་གང༌། དེར་མཐོང་མ་ཐག་ལུང་པ་རྣམས་ཆུས་གང་ངོ་སྙམ་པའི་འཁྲུལ་རྟོག་འབྱུང༌། འདི་ཆུའི་རྒྱ་མཚོ་ཡིན་པས་ཁྱེར་ནས་འཆི་བར་གྱུར་ཏོ་སྙམ་པའི་འཇིགས་སྐྲག་སྐྱེ་བ་ནི་འཁྲུལ་པའི་དུས། དེ་ནས་ཉེ་བར་ཕྱིན་ནས་ཞིབ་ཏུ་བརྟག་ཙ་ན། ཆུའི་རྒྱ་མཚོ་མ་ཡིན། སྨིག་རྒྱུ་འཁྲིག་པར་ཤེས་ནས་འཇིགས་སྐྲག་གི་རྟོག་པ་ལས་ལྡོག་པ་ནི་འཁྲུལ་པ་ཉིད་འཁྲུལ་པར་གོ་བའི་དུས། དེ་ནས་དྲུང་དུ་སླེབ་ཙ་ན་སྨིག་རྒྱུའང་གར་སོང་ཆ་མེད་དུ་ཡལ་ནས་ཅིའང་མི་དམིགས་པ་ནི་འཁྲུལ་པ་གཞི་མེད་དུ་ཁོང་དུ་ཆུད་པའི་དུས་སོ། །དེ་བཞིན་ཏུ་ཐམས་ཅད་ལ་འགྲེས་སྦྱར་ཏེ། རྨི་ལམ་རྨིས་པའི་ཚེ་དགྲ་དང་འཐབ་པའམ། གཉེན་དང་མཛའ་བ་སོགས་ཉིང་འཁྲུལ་སྟོང་པའི་རང་གཟུགས་ལ་བདེན་པར་འཛིན་པ་ནི་འཁྲུལ་པའི་དུས༑ ཏིང་འཛིན་བསྒོམས་པའི་སྟོབས་ཀྱིས་རྨི་ལམ་གྱི་སྣང་བ་མ་འགགས་པ་ལ་རྨི་ལམ་ཉིད་དུ་ཤེས་པ་ནི་འཁྲུལ་པར་གོ་བའི་དུས། གཉིད་སད་པའི་ཚེ་རྨི་ལམ་གྱི་སྣང་བ་གང་ཡང་མེད་དེ་མི་བདེན་པར་ཤེས་པ་ནི་འཁྲུལ་པ་གཞི་མེད་དུ་ཁོང་དུ་ཆུད་པའི་དུས་སོ། །དེ་བཞིན་ཏུ། སྒྱུ་མ་དང༌། ཆུ་ཟླ་དང༌། དྲི་ཟའི་གྲོང་ཁྱེར་དང༌། འཇའ་ཚོན་དང༌། སྤྲིན་དང༌། གློག་དང༌། བྲག་ཆ་དང༌། འཕྲོག་བྱེད་ཟླ་བའི་གྲོང་ཁྱེར་ལ་སོགས་པ་ལ་རིམ་པར་སྦྱར་ཅིང་བསླབ་སྟེ། སྒྱུ་མའི་དཔེ་རྣམས་ལ་བརྟེན་ཏེ་ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་ཏུ་རྟོགས་པའི་ངེས་ཤེས་ཁྱད་པར་ཅན་བསྐྱེད་པར་བྱའོ། །གཉིས་པ་དོན་ལ་སྦྱར་བ་ལ་གཉིས། དྲན་སྣང་ལ་སྦྱར་བ་དང༌། དམིགས་པ་ལ་བསླབ་པའོ། །དང་པོ་ནི། རྒྱུད་ལས་སྐྱེས་པའི་ཉོན་མོངས་པ་གང་རགས་པ་ལ་ཐོག་མར་སྦྱང་སྟེ། ཞེ་སྡང་དྲག་པོ་སྐྱེས་པའི་དུས་སུ་དགྲ་ཕ་ཀི་ད་ལྟ་གསད་དོ་སྙམ་པ་ལྟ་བུའི་གསོད་སེམས་དང་བཅས་པའི་ཟུག་རྔུ་མི་བཟོད་པ་འབྱུང་བ་ནི་འཁྲུལ་པའི་དུས། དར་གཅིག་ནས་ཞེ་སྡང་ཞི་ནས་བདེ་བར་གནས་པ་ནི་འཁྲུལ་པར་གོ་བའི་དུས། ཞེ་སྡང་དེ་སེམས་ཀྱི་རྟོག་པ་གློ་བུར་དུ་སྐྱེས་པ་ཡིན་པས་མི་བདེན་པར་རྟོགས་པ་ནི་འཁྲུལ་པ་གཞི་མེད་དུ་ཁོང་དུ་ཆུད་པའི་དུས་སོ། །རྣལ་འབྱོར་པས་བརྟག་ན་ཞེ་སྡང་རང་གི་སེམས་ལས་བྱུང༌། སེམས་མ་རིག་པས་རྒྱུ་བྱས། ཉོན་མོངས་པའི་རྐྱེན་ལས་སྐྱེས། དེ་དག་ངོ་བོས་མ་གྲུབ་པས་སྒྱུ་མའི་རང་བཞིན། སྒྱུ་མ་བརྟགས་ན་གང་དུའང་མ་གྲུབ་པས་རང་བཞིན་མེད་པ་སྟེ། དེ་ཉིད་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་དོན་ཡིན་ནོ། །དེའི་དོན་ཀྱང་ཇི་ལྟར་ཡིན་ན། ཡི་གེ་ཞེས་བྱ་བ་དངོས་པོར་གྲུབ་པ་མེད་དེ། སེམས་ཀྱི་རྣམ་རྟོག་ལས་སྐྱེས་པའི་ངག་གི་བརྗོད་པ་ཡིན། རྣམ་རྟོག་རང་བཞིན་མ་གྲུབ་པའི་ཕྱིར་བརྗོད་པའང་རང་བཞིན་གྱིས་མ་གྲུབ་པས། རྣམ་རྟོག་མེད་ཅིང་བརྗོད་དུ་མེད། །ཅེས་བྱ། བརྗོད་པ་དང་བྲལ་བའི་དོན་དེ་ལ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་ཞེས་བྱ་སྟེ། ས་ར་ཧས། ཡི་གེར་བསྟེན་པའི་འགྲོ་བ་མ་ལུས་པར། །ཡི་གེ་མེད་པར་གཅིག་ཀྱང་མེད། །ཇི་སྲིད་ཡི་གེ་མེད་འགྱུར་བ། །དེ་སྲིད་ཡི་གེར་རབ་ཏུ་ཤེས། །ཡི་གེ་མེད་པའི་ཡི་གེ་ཡིན། །ཅེས་གསུངས་སོ། །དེས་མཚོན་ཏེ། འདོད་ཆགས། གཏི་མུག །ང་རྒྱལ། ཕྲག་དོག་རྣམས་དང༌། གཞན་ཡང་ཉོན་མོངས་པའི་རྟོག་ཚོགས་ཕྲ་རགས་ཀུན་ལ་སྦྱར་ཞིང་བསྒོམ་པར་བྱའོ། །གཉིས་པ་དམིགས་པ་ལ་བསླབ་པ་ལ་གསུམ། འཆིང་བྱེད་ཀྱི་ལུས་སེམས་གཏོང་བ། འཛིན་པའི་ལོངས་སྤྱོད་གཏོང༌བ། རྣམ་གྲངས་གཞན་ལ་བསླབ་པའོ། །དང་པོ་ནི། རང་གི་མདུན་གྱི་ནམ་མཁར་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ནས་མངོན་སུམ་བཞུགས་པར་མོས། དེ་རྣམས་ལ་རང་སེམས་ཀྱིས་དགྲ་རུ་འཛིན་པ་རྣམས་དང༌། གཉེན་དུ་འཛིན་པ་རྣམས་དང༌། རང་གི་ལུས་ཀྱང་དུམ་བུ་མང་པོར་གཏུབས་ལ་ཕུལ་བས་བདག་གིར་མཛད་པར་མོས། དེ་ལྟར་འབུལ་བའི་ཡུལ་དང་། འབུལ་རྒྱུའི་དངོས་པོ། འབུལ་མཁན་རང་ཉིད་བཅས་ཐམས་ཅད་ཀྱང་སེམས་སྣང་འབའ་ཞིག །སེམས་དངོས་པོ་མེད་པས་སྒྱུ་མ། སྒྱུ་མ་རང་བཞིན་གྱིས་མ་གྲུབ་པས་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་དོན་ཁོང་དུ་ཆུད་པར་བྱའོ། །གཉིས་པ་ནི། ནམ་མཁར་བཞུགས་པའི་བླ་མ་དང་ཡི་དམ་རྣམས་ལ་རང་དང༌། གཞན་གྱིས་གཅེས་པར་བཟུང་བའི་ནོར་རྫས། གོས་རྒྱན། གནས་མལ། ཁང་མཁར། ཡུལ་ཞིང་སོགས་ལོངས་སྤྱོད་ལྟོས་པ་མེད་པར་ཕུལ་བས་བདག་གིར་མཛད་པར་མོས། དེ་ལྟར་ཕུལ་བའི་ཡུལ། དངོས་པོ། འབུལ་བྱེད་ཐམས་ཅད་ཀྱང་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པར་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་དོན་ལ་བློ་སྦྱང་ངོ༌། །གསུམ་པ་ནི། འོག་དམྱལ་བའི་གནས་རྣམས་སུ་རིམ་པར་ཕྱིན་ལ་བཙོ་སྲེག་སོགས་ཚ་གྲང་གི་སྡུག་བསྔལ་ཉམས་སུ་མྱོང་བའི་དམིགས་པ་དངོས་ལྟ་བུ་མ་གསལ་བར་བྱ། བྲེད་དངངས་དང་འཇིགས་སྐྲག་བྱུང་ན་ཐམས་ཅད་སེམས་ཀྱི་སྣང་བ། སེམས་སྒྱུ་མ་ལྟ་བུ། སྒྱུ་མ་རང་བཞིན་མེད་པ་དེ་ཉིད་ཡི་གེ་མེད་པའི་དོན་ལ་བློ་སྦྱང༌། དེས་ཡི་དྭགས་སོགས་རིགས་དྲུག་གཞན་ལའང་སོ་སོའི་སྡུག་བསྔལ་ཉམས་སུ་མྱོང༌། ཐམས་ཅད་སེམས། སྒྱུ་མ། རང་བཞིན་མེད་པའི་དོན་ལ་བློ་སྦྱང་བ་འགྲེས་སུ་བྱ་སྟེ་མ་དག་པ་འཁོར་བའི་གནས་ལ་སྦྱང་བའོ། །དེ་ནས་འོག་ཕྱོགས་ཀྱི་སངས་རྒྱས་འབུམ་གཟིགས། སྟེང་ཕྱོགས་ཀྱི་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོ། ཤར་ཕྱོགས་ཀྱི་སངས་རྒྱས་མི་བསྐྱོད་པ། ལྷོ་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འབྱུང་ལྡན། ནུབ་ཕྱོགས་ཀྱི་སངས་རྒྱས་འོད་དཔག་ཏུ་མེད་པ། བྱང་ཕྱོགས་ཀྱི་སངས་རྒྱས་དོན་ཡོད་གྲུབ་པ་ལ་སོགས་པ་ཕྱོགས་བཅུའི་ཞིང་ཁམས་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་དག་གི་ཞིང་གི་བཀོད་པ་མཐའ་དག་སྐད་ཅིག་སྐད་ཅིག་གིས་མཇལ་བར་དམིགས་ལ་བློ་བཞག །སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་སྐད་ཅིག་གིས་མཐོང་བ་ངོ་མཚར་ཆེ་སྙམ་དུ་སྤྲོ་དགའ་བསྐྱེད། དེ་དག་ཐམས་ཅད་ཀྱང་སེམས་ཀྱི་སྣང་བ། སེམས་དངོས་མེད་སྒྱུ་མ། སྒྱུ་མ་རང་བཞིན་མེད་པ་ཡི་གེ་མེད་པའི་དོན་ལ་བློ་སྦྱང་བ་ནི་དག་པ་སངས་རྒྱས་ཀྱི་ཞིང་ལ་སྦྱོང་བའོ། །གསུམ་པ་དཔེ་དོན་བཀྲལ་བ་ལ་གསུམ། རྩོལ་བ་དང་བཅས་པ། རྩོལ་བ་མེད་པ། གྲུབ་པའི་རྟགས་བསྟན་པའོ། །དང་པོ་ནི། སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་དང༌༑ ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་སེམས་སུ་བསྲེ་བ་སྟེ། ཕྱོགས་གཅིག་ལ་མཚོན་ན། ཞེ་སྡང་སྐྱེས་ན་སྐྱེས་མ་ཐག་པར་དྲན་པས་ངོས་ཟིན་པར་བྱས་ལ། འདི་སྒྱུ་མ་ཡིན། རྨི་ལམ་ཡིན་ཞེས་ངག་ཏུའང་བརྗོད། དེའང་སེམས་ཡིན། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའོ། །ཞེས་དྲན་རྩོལ་ཡིད་ལ་བྱེད་པའོ། །གཉིས་པ་ནི། སྔ་མ་ལ་སྦྱངས་ཤིང་གོམས་ན་རེ་ཞིག་ནས་དམིགས་པའི་འབད་རྩོལ་མི་དགོས་པར་སྣང་གྲགས་དང་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ལས་གཞན་ཏུ་མ་གྲུབ་པ་དུས་གཅིག་ཏུ་རྟོགས། སེམས་ཀྱང་དངོས་པོ་མེད་པས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པར་རང་ཤུགས་ཀྱིས་རྟོགས་པར་འགྱུར་ཏེ། ས་ར་ཧས། རྟོགས་པ་ནགས་དང་ཁྱིམ་ན་གནས་པ་མེད། །ཅེས་གསུངས་པ་དང༌། སམྦུ་ཊི་ལས། གཟུགས་རྣམས་སྣ་ཚོགས་བལྟ་བ་དང༌། །སྒྲ་རྣམས་རྒྱས་པར་ཉན་པ་དང༌། །སྣ་ཚོགས་རོ་ནི་ཟ་བ་དང༌། །སྨྲ་བ་དང་ནི་རྒོད་པ་དང༌། །ལས་རྣམས་ཐམས་ཅད་བྱེད་པ་ན། །དེ་ཉིད་རིག་པའི་རྣལ་འབྱོར་གྱིས། །རྣལ་འབྱོར་རྒྱུན་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་པའི་དོན་ཡིན་ཏེ༑ འཁོར་འདས་ཀྱི་ཆོས། རང་གི་སེམས། ཆོས་ཀྱི་དབྱིངས་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་རྣམས་ཆུ་ལ་ཆུ་བཞག་པའམ། མར་ལ་མར་བཞག་པ་ལྟར་རོ་གཅིག་གྱུར་པ་ཡིན་ནོ། །དེ་ཉིད་ཀྱི་སྟེང་དུ་སྔར་སྨོས་པའི་གནད་དགུ་ཀ་ཡང་འདུ་སྟེ། རྐྱེན་གཞན་གྱིས་རྣམ་རྟོག་གཞན་ཞིག་བྱུང་ན་དེ་ལ་ཐུག་འཕྲད་ཙམ་ལས་འཛིན་པ་མེད་པ་ནི་སོང་སར་ཟིན་པ་ཡིན། དེ་ཉིད་ཀྱི་སྟེང་དུ་བློ་ཅུང་ཟད་གནས་ན་བཞག་སར་སྐྱོང་བ་ཡིན། གཉིས་འཛིན་གྱི་རྣམ་རྟོག་སྤངས་པ་ནི་མཐའ་གཉིས་སྤངས་པ། ཡང་སོང་སར་བཟུང་བ་ནི་རྟོགས་པའི་དུས། བཞག་སར་སྐྱོང་བ་ནི་གོ་བའི་དུས། མཐའ་གཉིས་སྤངས་པ་ཁོང་དུ་ཆུད་པའི་དུས་སོ། །ཡང་གོང་ལྟར་ཕྱག་རྒྱ་ཆེན་པོ་ལས་མ་གཡོས་པས་ན་སོང་སར་མ་ཤོར་བ། རྟོགས་པ་གོང་ནས་གོང་དུ་འཕེལ་བས་ན་བཞག་སར་མི་དལ་བ། འཛིན་པ་ལས་གྲོལ་བས་གོང་འོག་ཏུ་མི་ཐལ་བའོ། །དེས་ན་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་དཔེ་བཅུ་གཉིས་སུ་གོ་རྟོགས་ཁོང་དུ་ཆུད། དོན་སེམས་ལ་རྫོགས་པར་གོ་རྟོགས་ཁོང་དུ་ཆུད། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པར་གོ་རྟོགས་ཁོང་དུ་ཆུད་པ་གསུམ་དང་ཡང་ལྡན་ཏེ། ལམ་འདི་ཉིད་ཀྱི་སྐབས་དོན་གྲུབ་པའོ། །གསུམ་པ་གྲུབ་པའི་རྟགས་ལ་གཉིས། རྩོལ་བ་དང་བཅས་པའི་རྟགས། རྩོལ་བ་མེད་པའི་རྟགས་སོ། །དང་པོ་རྩོལ་བ་དང་བཅས་པ་ནི། མཉམ་རྗེས་ཐ་དད་དུ་ཡོད་པ་དང༌། ཞི་གནས་རྐྱང་པའི་སྐབས་དང༌། ཉོན་མོངས་པ་གློ་བུར་བ་ལ་གཉེན་པོ་བརྟེན་དགོས་པ་དང༌། ཡུལ་གྱིས་རེས་གནོད། རེས་མི་གནོད་པའི་སྐབས་རྣམས་སུ་ཡིན་ལ། གཉིས་པ་རྩོལ་བ་མེད་པ་ནི། མཉམ་རྗེས་འདྲེས་ཏེ་ཐམས་ཅད་མཉམ་བཞག་ཁོར་ཡུག་ཏུ་སོང་བ་དང༌། ལྷག་མཐོང་གི་ཡེ་ཤེས་སྐྱེས་པ་དང༌། ཉོན་མོངས་པས་མི་བརྫི་ཞིང་བག་ལ་ཉལ་ཆོམ་སྟེ་ཆོས་བརྒྱད་བྲལ་བ་དང༌། ཡུལ་རྐྱེན་གྱིས་ཕན་གདགས་པའི་སྐབས་སོ། །དེ་ལྟར་ཐུན་དང་ཐུན་མཚམས་མེད་ཅིང་མཉམ་རྗེས་འདྲེས་པར་སོང་ཙ་ན། སྣང་བ་སློབ་དཔོན་དུ་འཆར་བའི་དུས། དངོས་པོ་རྣམས་བླ་མར་འཆར་བའི་དུས། ཉོན་མོངས་པ་ལམ་དུ་འགྱུར་བའི་དུས། རྣམ་རྟོག་ཡེ་ཤེས་སུ་སློང་བའི་དུས། དུག་ལྔ་སྨན་དུ་འགྱུར་བའི་དུས། འགྲོ་དྲུག་གཡང་ས་བཅད་པའི་དུས༑ རིགས་དྲུག་གྲོང་ཁྱེར་འཇོམས་པའི་དུས། སྣང་བ་སྟོང་པ་སྒྱུ་མར་གོ་བའི་དུས་ཏེ། ནགས་ལ་མེ་མཆེད་པའམ། རྒྱ་མཚོ་ལ་ཁ་བ་བབས་པའམ། ཡར་ངོའི་ཟླ་བ་དང་འདྲ་བར་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་རང་གི་ངང་གིས་འཇུག་སྟེ། སྔར་འདྲིས་པའི་མི་དང་འཕྲད་པ་ལ་རྟོག་དཔྱོད་ཀྱི་རྩོལ་སྒྲུབ་མེད་པ་དང་འདྲ་བའི་དུས་ཏེ་སྒྲ་དང་རྣམ་རྟོག་ལས་འདས་པ་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་ཡི་གེ་མེད་པ་རྟོགས་པར་འགྱུར་བར་གསུངས་སོ། །ལུགས་སྲོལ་འདིའི་སྤྱོད་པ་ལ་དུས་ཀྱི་ངེས་པ་མེད་དེ། རྣམ་རྟོག་ཉིད་གཉེན་པོར་ཤར་ནས་རྟོགས་པའི་གྲོགས་སུ་འགྱུར་བ་ནམ་བྱུང་ཙ་ན། ཟས་ལ་བླང་དོར་མི་བྱ་བར་བཟང་ངན་ཇི་ལྟར་རིགས་པ་ལ་སྤྱོད། སྤྱོད་ལམ་ལ་དགག་སྒྲུབ་མེད་པར་སྣང་བ་གང་ཤར་ཐད་ཀར་གཅོད། གྲོགས་ལ་བཟང་ངན་མེད་པར་སུ་བྱུང་གང་བྱུང་དང་འགྲོགས། དེའང་གསང་སྤྱོད་ནས་བརྩམས་ཏེ་མཐར་ཕྱིན་པར་བྱའོ། །སྤྱིའི་དོན་གསུམ་པ་ནི། སྐུ་གསུམ་ཡན་ལག་བདུན་ལྡན་ཏུ་བཞེད་དེ། ཆོས་སྐུ་ལ་ཡན་ལག་གསུམ་ནི། སྤྲོས་པ་ཉེ་བར་ཞི་བས་རང་བཞིན་མེད་པ། དུས་གསུམ་མཉམ་ཉིད་དུ་གྱུར་པས་རྒྱུན་མི་འཆད་པ། འདུས་བྱས་ཀྱི་སྐྱེ་འཇིག་དང་བྲལ་བས་འགོག་པ་མེད་པ་རྣམས་སོ། །ལོངས་སྐུའི་ཡན་ལག་གསུམ་ནི། མཚན་དང་དཔེ་བྱད་འབར་བ། ཡེ་ཤེས་རང་སྣང་གི་ཡུམ་དང་ཁ་སྦྱོར་བ། ཟག་མེད་ཀྱི་བདེ་བས་རྒྱུད་བརླན་པ་སྟེ་ཁྱད་པར་གྱི་ཆོས་སོ། །སྤྲུལ་སྐུ་ལ་ཐུགས་རྗེ་རྒྱུན་མི་འཆད་པའི་ཡན་ལག་གཅིག་སྟེ། དམིགས་པ་མེད་པའི་སྙིང་རྗེས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མཛད་པའོ། །ཡང་ན་འབྲས་བུ་སྐུ་བཞིར་ཡང་བཞེད་དེ། དང་པོ་སེམས་རང་བཞིན་གྱིས་དག་པར་གནས་པ་ནི་ངོ་བོ་ཉིད་ཀྱི་སྐུ། དེ་བསྒོམ་སྟོབས་ཀྱིས་མངོན་དུ་གྱུར་པ་ཆོས་ཀྱི་སྐུ་སྟེ་རང་གི་དོན། མཚན་དཔེ་འབར་བ་སོགས་ལོངས་སྤྱོད་རྫོགས་པ་དང༌། སེམས་ཅན་གྱི་དོན་མཛད་པ་སྤྲུལ་པའི་སྐུ་སྟེ་གཞན་གྱི་དོན། སྔ་མ་གཉིས་ནི་བྲལ་བའི་སྐུ་དང༌། ཕྱི་མ་གཉིས་ནི་རྣམ་སྨིན་གྱི་སྐུ་ཞེས་བྱ་བ་ཡིན་ནོ། །ཡི་གེ་མེད་ལ་བློ་སྦྱངས་པས། །ཡི་གེའི་ཡོན༵་ཏན༵་མཐའ་དག་ཐོབ། །གཏིང་ཟབ་རྒྱ༵་མཚོ༵འི་རྗེས་འགྲོ་བའི། །ཁྲིད་རིམ་སྙིང་པོ་འདི་རྨད་དོ། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་ཁྲིད་ཀྱི་ལེ་ཚན་འདིའང་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ་ལེགས་འཕེལ།།     །།
༄༅།  །ན་མོ་གུ་རུ་བཛྲ་དྷ་ར་པཱ་དཱ་ཡ། གྲུབ་པའི་སློབ་དཔོན་རྣམ་དགུ་དང༌། །དབྱེར་མེད་རྗེ་བཙུན་གོང་མ་ལྔ། །གཅིག་བསྡུས་མཁྱེན་བརྩེའི་དབང་པོར་འདུད། །བསམ་མི་ཁྱབ་པའི་བསྒོམ་རིམ་དགོད། །དེའང་ལམ་སྐོར་ཕྱི་མ་བརྒྱད་དུ་གྲགས་པ་འདི་ལ་ཞིབ་མོར་དབྱེ་ན་བདེ་ཀྱེ་གསང་གསུམ་གྱི་རྫོགས་རིམ་དུ་འགྲོ་བ་དྲུག །རྒྱུད་སྡེ་སྤྱི་དང་འབྲེལ་བ་གཉིས་བཅས་བཞུགས་པ་ལས། ཌོམྦི་པའི་ལྷན་ཅིག་སྐྱེས་གྲུབ་དང༌། མཚོ་སྐྱེས་ཞབས་ཀྱི་ཟབ་པའི་ཚུལ་དགུ་གཉིས་ནི་ཀྱེ་རྡོར་འགྲེལ་པ་ལུགས་དང་༑ མཚོ་སྐྱེས་ལུགས་ཀྱི་རྫོགས་རིམ་དངོས་ཡིན་ལ། གཏུམ་མོ་ལམ་རྫོགས་དང་། ཡོན་པོ་སྲོང་བ་གཉིས་ནི་བདེ་མཆོག །མཆོད་རྟེན་དྲུང་ཐོབ་གསང་འདུས་མི་བསྐྱོད་པ། ཡི་གེ་མེད་པ་ཡེ་ཤེས་ཞབས་ལུགས་དང་འབྲེལ་ཞིང༌། བསམ་མི་ཁྱབ་པ་དང་། ཨིནྡྲ་བྷཱུ་ཏིའི་ལམ་སྐོར་བླ་མེད་སྤྱིའི་རྫོགས་རིམ་དུ་འགྱུར་བ་སྟེ། དེ་དག་གི་སྨིན་བྱེད་སྤྱི་བབས་ནས་སོ་སོ་དང་འབྲེལ་བའི་རྒྱུད་སྡེ་རྣམས་དགོས་པར་སྣང་མོད། འདིར་དམིགས་བསལ་བརྒྱུད་པའི་བབས་སོའི་དབང་གིས་ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་གིས་ཐམས་ཅད་ཀྱི་སྨིན་བྱེད་དུ་གོ་ཆོད་པར་མཛད་ཅིང་། ལམ་སྐོར་བརྒྱད་པོའང་གསུང་ངག་རིན་པོ་ཆེའི་རྗེས་འབྲེལ་དུ་འཇོག་པ་ཡིན་ནོ༑ ༑དེ་ལ་དང་པོ་ཏོག་རྩེ་པས་མཛད་པའི་བསམ་མི་ཁྱབ་པའི་ཁྲིད་འཆད་པ་ལ་གཉིས། ཡིད་ཆེས་ཤིང་ཁུངས་བཙུན་པར་སྟོན་པ་བརྒྱུད་པ་གང་ལས་བྱུང་བ་དང༌། དེ་ལས་བརྒྱུད་པའི་གདམས་ངག་དངོས་བསྟན་པའོ། །དང་པོ་ནི། རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་གིས་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མར་བསྟན་ཏེ་ཨོ་ཌི་བི་ཤའི་ཡུལ་དུ་གྲུབ་པའི་སློབ་དཔོན་ཆེན་པོ་རྟ་མཆོག་ལ་དབང་བསྐུར་ཞིང་བསམ་གྱིས་མི་ཁྱབ་པ་ལྔའི་གདམས་པ་སྩལ། དེ་ནས་རིམ་བཞིན་སློབ་དཔོན་བཱི་ན་ས༑ རྒྱལ་པོ་ཨིནྡྲ་བྷཱུ་ཏི། ལྕམ་ལེགས་སྨིན། སྒེག་པའི་རྡོ་རྗེ། གུནྡྷི་རི་པ། པདྨ་བཛྲ་ཆུང་བ། དཔལ་ལྡན་ཆོས་ཀྱི་སྡེ། བྷ་དྲ་བ། ཏོག་རྩེ་པ་སྟེ་ཨོ་རྒྱན་ཡུལ་གྱི་གྲུབ་ཐོབ་ཆེན་པོ་བཅུ་ཕྲག་གི་བར་དུ་རིམ་པར་བརྒྱུད། ཏོག་རྩེ་པས་བསམ་གྱིས་མི་ཁྱབ་པའི་རིམ་པ་ཕྱག་རྒྱ་ཆེན་པོ་གྲུབ་པ་ཞེས་བྱ་བའི་གཞུང་མཛད། དེ་ནས་ཤིང་ལོ་པ། ཀརྞ་པ། དཔའ་བོ་རྡོ་རྗེ་ལ་བརྒྱུད། དེ་ནས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་གསན། དེ་ནས་སེ་སྟོན་ཀུན་རིག །དགོན་པ་བ་ཆོས་འབར། ས་ཆེན་ཀུན་དགའ་སྙིང་པོ་ནས་བརྒྱུད་པའི་ཟམ་མ་ཆད་པར་བྱོན་ཏེ། ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་གདམས་ངག་བཀའ་སྲོལ་གྱི་ཆུ་རྒྱུན་རྣམས་ལྷན་ཅིག་ཏུ་བབས་པའོ། །གཉིས་པ་གདམས་ངག་དངོས་ལ་གསུམ། རྒྱུ་དུས་སུ་ལྟ་བ་གཏན་ལ་དབབ་པ། ལམ་དུས་སུ་ཏིང་ངེ་འཛིན་སྐྱེད་ཅིང་སྦྱོང་བ། འབྲས་བུའི་དུས་སུ་ཡེ་ཤེས་མངོན་དུ་འགྱུར་བ་རྣམས་ཀྱིས་གང་ཟག་གཅིག་ཚེ་གཅིག་ལ་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བར་བསྟན་པ་ཡིན་ནོ། །དེའི་དང་པོ་ལྟ་བ་གཏན་ལ་ཕབ་ནས་གདམས་ངག་གི་གཞི་དགོད་པ་ལ་བཞི། གདམས་ངག་གི་རྟེན་བཅའ་བ། དེས་ཤེས་པར་བྱེད་པའི་དུས༑ འཇལ་བར་བྱེད་པའི་བསམ་པ། གཏན་ལ་འབེབས་པའི་ཚད་མའོ། །དེ་རེ་རེ་ལའང་ནང་གསེས་སུ་དབྱེ་ན་བཅུ་གཉིས་སུ་འགྱུར་ཏེ། དང་པོ་རྟེན་བཅའ་བ་ལ་ལུས་ངག་ཡིད་གསུམ་ལས། ལུས་རགས་པ་དབང་རྟེན་ཁོག་པ་དང་བཅས་པ། ཕྲ་བ་ནང་གི་རྩའི་གཙོ་མོ་གསུམ། ངག་རགས་པ་སྨྲ་བ་དང་དགོད་པ་ལ་སོགས་པའི་ཐ་སྙད་གདགས་སུ་རུང་བ། ཕྲ་བ་རླུང་ལྡང་འཇུག་གནས་པ་གསུམ་དང༌། ཡིག་འབྲུ་གསུམ་གྱི་གདངས། སེམས་ལ་རྟེན་ཁམས་དགུའི་དྭངས་མ་བྱང་ཆུབ་སེམས་ཀྱི་བདུད་རྩིར་དྭངས་པའི་རྩ་ལ་གནས་པ། བརྟེན་པ་རང་རིག་པའི་ཡེ་ཤེས་འོད་གསལ་བའོ། །དེའང་ལུས་ངག་གི་རང་བཞིན་སེམས་ཡིན་ལ། སེམས་ལུས་ངག་ལ་བརྟེན་ཏེ་གནས་པས་ཇི་སྲིད་ལུས་སེམས་མ་བྲལ་བར་དུ་ལུས་ངག་ཡིད་གསུམ་གཅིག་ལ་གཅིག་བརྟེན་ཏེ་ངོ་བོ་གཅིག་པ་ཡིན་པའི་ཕྱིར། སེམས་གཅིག་པུ་གཏན་ལ་ཕབ་པས་ལུས་ངག་གཉིས་པོ་སེམས་སུ་མ་གཏོགས་པའི་ཆོས་གཞན་མེད་པས་ཤུགས་ཀྱིས་གཏན་ལ་ཕེབས་པར་འགྱུར་རོ། །དེ་ལ་སེམས་གཏན་ལ་དབབ་པ་ལ་ངོ་བོའི་ཆ་ནས་དབྱེ་བ་མེད་ཀྱང་། ལྡོག་པའི་ཆ་ནས་བསམ་གྱིས་མི་ཁྱབ་པ་རྣམ་པ་ལྔ་སྟེ༑ མཚན་ཉིད་བསམ་གྱིས་མི་ཁྱབ་པ་མ་འདྲེས་ལ་ཡོངས་སུ་རྫོགས་པ་སྟེ། ཐམས་ཅད་སེམས་ཀྱི་མྱོང་རིག་གཅིག་པས་རིགས་གཅིག་ཀྱང་ངོ་བོ་ཉིད་ལ་རྟོགས་ལུགས་མི་འདྲ་བའི་སྒོ་ནས། ཕྱི་རོལ་མུ་སྟེགས་པའི་ལམ་དང༌༑ ནང་པ་སངས་རྒྱས་པའི་ལམ། དེ་དག་ལ་སོ་སོའི་འདོད་ཞེན་གྱིས་བརྟགས་པའི་གྲུབ་མཐའ་སྣ་ཚོགས་སུ་སྣང་བའོ། །ཡོན་ཏན་བསམ་གྱིས་མི་ཁྱབ་པ་དཔེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་ངོ་བོ་གཅིག་པུ་ལ་ཐབས་ཀྱི་རྐྱེན་འཕྲད་པས་གང་ལ་གང་དགོས་སུ་འབྱུང་བ་དང༌། ཉི་མའི་དཀྱིལ་འཁོར་ལྟར་ངོ་བོ་གཅིག་ལ་ཡུལ་རྐྱེན་གྱིས་འཆར་ལུགས་མི་འདྲ་བ་དུ་མ་འབྱུང་བའོ། །དེའང་ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བར་གདུལ་བྱའི་ཁམས་དང་དབང་པོའི་བྱེ་བྲག་དང་མཐུན་པར་ལམ་དང་གྲུབ་མཐའ་ལ་སོགས་པ་སྣ་ཚོགས་སུ་སྣང་བ་ནི་ཉི་མའི་དཀྱིལ་འཁོར་ནམ་མཁའ་ཁོ་ན་ལ་འཆར་ཡང་། རང་རང་གིས་མཐོང་བའི་ཡུལ་དུ་ནི་རི་བོའི་རྩེ་མོ་ཁོ་ན་ལས་འཆར་ཞིང་ནུབ་པ་ལྟ་བུའོ། །ནུས་པའི་མཐུ་བསམ་གྱིས་མི་ཁྱབ་པ་མ་བཅིངས་ལ་མ་གྲོལ་བ་སྟེ་སེམས་ལ་དགེ་བ་སྐྱེད་པའི་ནུས་པ་ངོ་བོ་ཉིད་ཀྱིས་གནས་པས་མ་བཅིངས་ཤིང་རྐྱེན་དང་མ་འཕྲད་ན་མི་འབྱུང་བས་མ་གྲོལ་བ། དཔེར་ན་ཏིལ་ལ་བཙིར་བའི་རྐྱེན་དང་འཕྲད་ན་མར་ཁུ་འབྱུང་ལ། མ་འཕྲད་ན་མི་འབྱུང་བ་ལྟ་བུའོ། །དེ་དག་ནི་སེམས་གཅིག་ཉིད་ལ་རྒྱུ་དང་། ལམ་དང་། འབྲས་བུ་ཐམས་ཅད་པར་སྣང་བས་བསམ་དུ་མི་ལོངས་པས་བསམ་གྱིས་མི་ཁྱབ་སྟེ་ཐབས་ཀྱི་ཕྱོགས་སོ། །རང་བཞིན་བསམ་གྱིས་མི་ཁྱབ་པ་མཚན་ཉིད། ཡོན་ཏན། ནུས་མཐུ་གསུམ་ཀའང་དོན་དམ་པར་རྒྱུ་དང་། རང་གི་ངོ་བོ་དང་། འབྲས་བུ་གསུམ་གྱིས་སྟོང་པ༑ དཔེར་ན་ནམ་མཁའ་སྟོང་པ་ལྟ་བུ་རྒྱུ་དང་འབྲས་བུ་སོགས་གང་ཡང་བསམ་པས་མི་རྙེད་པས་བསམ་གྱིས་མི་ཁྱབ་སྟེ་ཤེས་རབ་ཀྱི་ཕྱོགས་སོ། །ངོ་བོ་བསམ་གྱིས་མི་ཁྱབ་པ་མ་བྲལ་ལ་མི་ལྡན་པ་སྟེ། ཆོས་གཅིག་ལ་འགལ་བ་ལྟ་བུའི་ཆོས་གཉིས་མི་གནས་པས་མ་བྲལ་བ་ཡིན་ལ། རིག་པས་བརྟག་ཅིང་ཞིབ་མོར་དཔྱད་ན་གང་དུའང་གྲུབ་པར་མི་རྙེད་པས་མི་ལྡན་པ་དེ་ནི་བསམ་དུ་མི་འདོད་པས་བསམ་གྱིས་མི་ཁྱབ་སྟེ་ཟུང་འཇུག་གོ །ཟུང་འཇུག་ཅེས་པ་ཡོད་མེད་གཉིས་འདྲེས་པའམ། གཅིག་གཉིས་སུ་བསྒོམ་པའམ། ཕྱོགས་གཅིག་ཡོད་ལ་ཕྱོགས་གཅིག་མེད་པའམ། གཉིས་གཅིག་ཏུ་བསྡོམ་པ་ལྟ་བུའི་དོན་མ་ཡིན་ཏེ། ཐབས་ཀྱི་བསམ་པས་བཙལ་ན་ཐམས་ཅད་ཡོད་ལ། ཤེས་རབ་ཀྱི་བསམ་པས་བཙལ་ན་ཐམས་ཅད་མེད་པར་འདུག་པས་གཉིས་སུ་བྱར་མེད་པ་ཙམ་ལ་གཉིས་མེད་ཟུང་འཇུག་ཅེས་བྱ་བ་སྟེ། ཤེས་བརྗོད་ཐམས་ཅད་ཀྱི་ཡུལ་ལས་འདས་པའོ། །འདི་ལ་གནས་ལུགས་ངོ་བོའི་ཆ་ནས་མེད་པ་རྣམ་པ་དྲུག་ཏུ་གསུངས་ཏེ། སེམས་ལ་དངོས་པོའི་ཆོས་རྡུལ་ཙམ་ཡང་མ་གྲུབ་པས་རྒྱུ་ཡིས་བསྐྱེད་པ་མེད། སེམས་འདུས་མ་བྱས་ཡིན་པས་འདུས་བྱས་ཀྱི་རྐྱེན་གྱིས་འཇིག་པ་མེད། ངོ་བོ་ཉིད་མཐའ་ཐམས་ཅད་དང་བྲལ་བས་དཔེས་མཚོན་ཏུ་མེད། སེམས་ལ་ཆ་ཤས་སུ་དབྱེ་བ་མེད་པས་གཉེན་པོས་སྤང་བླང་མེད། སེམས་ཀྱི་ངོ་བོ་ལམ་སྦྱངས་པས་བཟང་དུ་མི་འགྲོ་བས་ལམ་གྱིས་སྦྱང་དུ་མེད། སེམས་ཀྱི་དབྱིངས་སུ་འཁོར་འདས་ཀྱི་ཆོས་ལ་ཁྱད་པར་མེད་པས་འབྲས་བུ་ལ་རེ་དོགས་མེད་དོ། །རྣལ་འབྱོར་པས་ལམ་ཉམས་སུ་ལེན་པའི་དུས་ན་ཡོད་པ་རྣམ་དྲུག་གིས་ལམ་དུ་བྱ་དགོས་ཏེ། དབང་གསུམ་པ་སོགས་ཉམས་མྱོང་ལས་སྐྱེས་པས་རྒྱུ་ཡིས་བསྐྱེད་པ་ཡོད། བྱིང་རྒོད་ལ་སོགས་པའི་རྐྱེན་གྱིས་འཇིག་པ་ཡོད། གཟུགས་བརྙན་དང་ནམ་མཁའ་ལ་སོགས་པའི་དཔེས་མཚོན་དུ་ཡོད། རྣམ་རྟོག་སྤང་ཞིང་མི་རྟོག་པ་སྐྱེ་བས་སྤང་བླང་ཡོད། བོགས་འབྱིན་གྱི་ཐབས་ཀྱིས་ཏིང་ངེ་འཛིན་གོང་དུ་འཕེལ་བས་ལམ་གྱིས་སྦྱང་དུ་ཡོད། མཆོག་འགྲུབ་རབ་ཚེ་གཅིག འབྲིང་བར་དོ། ཐ་མ་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་གྱིས་འབྲས་བུ་ཐོབ་པར་འགྱུར་བས་རེ་དོགས་ཡོད་དོ། །འདི་ལ་མིང་གི་རྣམ་གྲངས་ཀྱང་དུས་གསུམ་འགྱུར་བ་མེད་པ་དེ་བཞིན་ཉིད། མ་བཅོས་པའི་དོན་གྱིས་དངོས་པོའི་གནས་ལུགས། གདོད་ནས་རང་བཞིན་གྱིས་གནས་པས་སྔོན་དུ་གྲུབ་པའི་ཆོས་ཉིད། འཁོར་འདས་ཐམས་ཅད་ལ་བཟང་ངན་མེད་པར་ཁྱབ་པས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས། འཁོར་འདས་ཀྱི་འབྲས་བུ་སྟོན་པས་སློབ་དཔོན་སེམས་ཀྱི་རྒྱལ་པོ་ཞེས་བྱ་སྟེ། དེ་རྣམས་ཀྱང་རྟོགས་བྱའི་ཡེ་ཤེས། རྟོགས་པའི་ལྟ་བ། སོ་སོ་རང་གིས་རིག་པ། ཆོས་ཚུལ་བཞིན་ཡིད་ལ་བྱེད་པ། རྣལ་འབྱོར་པའི་ས་དང་པོ་རྣམས་ལ་རིམ་པར་སྦྱར་ཏེ་འདི་ནས་ལམ་སྣ་ཟིན་པར་གསུངས་སོ། །གཉིས་པ་ཤེས་པར་བྱེད་པའི་དུས་ལ་གསུམ། རྒྱུ་དང་། ལམ་དང་། འབྲས་བུའི་དུས་སོ། །དང་པོ་རྒྱུར་གནས་པ་སེམས་ཅན་གྱི་དུས་སུ་ལུས་རྩའི་དྲྭ་བ། ངག་ལས་ཀྱི་རླུང༌། སེམས་རྣམ་རྟོག་གི་འདུ་འཕྲོ་གྲངས་མེད་པ། གསུམ་ཀའང་སེམས་ཀྱི་རྣམ་པར་རྟོག་པས་བསྡུས་པའི་ཕྱིར་རྣམ་རྟོག་བསམ་གྱིས་མི་ཁྱབ་པའོ། །གཉིས་པ་ལམ་ཉམས་སུ་ལེན་པའི་དུས་སུ་ཐོག་མར་དབང་གསུམ་པའི་མཚོན་དོན་དང་། ནམ་མཁའ་ལ་སེམས་བཟུང་བའི་གདམས་པ་ལ་སོགས་པས་སེམས་ཟིན་ཏེ་ལྕགས་ལ་གསེར་འགྱུར་གྱི་རྩིས་རེག་པ་ལྟར་རྒྱུ་དུས་ཀྱི་སྒོ་གསུམ་བྱིན་གྱིས་བརླབས་ཏེ། ལུས་ལྡང་བ་ཡང་བ་དང་། དྲོད་དང་། བདེ་བ་སྐྱེ། ངག་སྨྲ་བ་དང་༑ དགོད་པ་དང་། ཤུགས་འབྱུང་གི་ཚིག་སྣ་ཚོགས་འབྱུང༌། སེམས་ལ་ཐབས་དང་། ཤེས་རབ་དང་། ཟུང་འཇུག་གི་ཏིང་ངེ་འཛིན་རྣམས་སྐྱེ། གསུམ་ཀའང་ཏིང་ངེ་འཛིན་གྱིས་བསྡུས་པའི་ཕྱིར་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པའོ། །གསུམ་པ་འབྲས་བུ་མཐར་ཕྱིན་པའི་དུས་སུ་སྒོ་གསུམ་ཡེ་ཤེས་ཀྱི་རང་བཞིན་དུ་སྨིན་པ་སྟེ་ལུས་འཇའ་ཚོན་ལྟར་སྣང་ལ་རང་བཞིན་མེད་པར་གདུལ་བྱའི་བསམ་ངོ་ལ་སྐུ་དུ་མར་སྣང་བ། ངག་མི་ཤིགས་པ་ནཱ་དའི་རང་གདངས་འགྲོ་བའི་མོས་པ་དང་མཐུན་པའི་ཆོས་སྒོ་མཐའ་ཡས་པ་འབྱུང་བ། སེམས་ཀྱིས་ཤེས་བྱ་ཇི་སྙེད་པ་དང་ཇི་ལྟ་བ་དང་ཐམས་ཅད་སྐད་ཅིག་གིས་མཁྱེན་པར་འགྱུར་བ་སྟེ་ཐམས་ཅད་ཀྱང་ཡེ་ཤེས་ཀྱིས་བསྡུས་པའི་ཕྱིར་ཡེ་ཤེས་བསམ་གྱིས་མི་ཁྱབ་པའོ། །གསུམ་པ་འཇལ་བར་བྱེད་པའི་བསམ་པ་ལ་གསུམ། ཐབས་དང་། ཤེས་རབ་དང་། ཟུང་འཇུག་གོ །དང་པོ་ཐབས་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པའི་བསམ་པ་མྱོང་ཚོད་ཀྱི་ཤེས་པས་བཙལ་ན། ཤེས་བྱའི་མཚན་ཉིད། ཡོན་ཏན། ནུས་མཐུ་ཐམས་ཅད་དུ་སྣང་ཞིང་ཡོད། ཤེས་རབ་དོན་དམ་པའི་བདེན་པ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ལ་དམིགས་པའི་བསམ་པས་བཙལ་ན་རྒྱུ། ལམ། འབྲས་བུར་སྣང་བ་ཐམས་ཅད་ཀྱིས་སྟོང་ཞིང་མེད། ཐབས་ཤེས་རབ་གཉིས་སུ་མེད་པའི་ངོ་བོ་ཉིད་ལ་དམིགས་པའི་བསམ་པས་བཙལ་ན། ཡོད་མེད་གང་ལ་དཔྱད་ཅིང་བརྟགས་ནས་བཙལ་ཡང་མི་རྙེད་པས་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པས་ཟུང་འཇུག་བསམ་གྱིས་མི་ཁྱབ་པའོ། །བཞི་པ་གཏན་ལ་འབེབས་པའི་ཚད་མ་ལ་གསུམ། བདེ་བར་གཤེགས་པའི་བཀའ། ཡང་དག་པའི་ལུང༌། རྣལ་འབྱོར་པའི་ཉམས་མྱོང་ངོ་། །དང་པོ་ནི། རྒྱལ་བས་གསུངས་པའི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དོན་དང་མཐུན་ཅིང་ཕྱིན་ཅི་མ་ལོག་པའོ། །གཉིས་པ་ནི། གྲུབ་པའི་སློབ་དཔོན་རྟ་མཆོག་ནས་བཟུང་དངོས་ཀྱི་བླ་མ་རྡོ་རྗེ་སློབ་དཔོན་གྱི་བར་དུ་བརྒྱུད་ཅིང་ཉམས་ཀྱི་མན་ངག་སེལ་མ་ཞུགས་པའོ། །གསུམ་པ་ནི། རྣལ་འབྱོར་པ་བདག་ཉིད་ཀྱིས་མཉམ་པར་བཞག་པས་ཐབས། ཤེས་རབ། ཟུང་འཇུག་གསུམ་གྱིས་ཉམས་སྐྱེས། དེ་ཉིད་རྗེས་སུ་དྲན་པས་ཆོས་ཉིད་ལ་ཡིད་ཆེས་ཀྱི་ངེས་པ་སྐྱེས་པའོ། །དེ་དག་རྣམས་ནི་གདམས་ངག་གི་གཞི་དགོད་པ་བཅུ་གཉིས་ཞེས་བྱ་སྟེ། རྒྱུ་དུས་སུ་ལྟ་བ་གཏན་ལ་དབབ་པའི་ཚུལ་ཡིན་པས་རྟོག་དཔྱོད་གཉིས་ཀྱིས་བསམ་པའི་སྒོ་ནས་ཐོག་མར་ངེས་ཤེས་བསྐྱེད་ཅིང་ཁོང་དུ་ཆུད་པར་བྱ་དགོས་སོ། །རྣལ་འབྱོར་པ་རྣམས་ལ་དུག་རྣམ་པ་གཉིས་ཀྱིས་སྒྲིབ་པར་བྱེད་པ་ལ། འདིས་ནི་ངོ་བོ་ཉིད་མ་རྟོགས་པས་དངོས་པོ་དང་མཚན་མ་རང་རྒྱུད་པར་ཞེན་པ་མ་རིག་པའི་དུག་དང་བྲལ་བར་བྱེད་པའོ། །རྩ་བའི་གཉིས་པ་ལམ་དུས་སུ་ཏིང་ངེ་འཛིན་བསྐྱེད་ཅིང་སྦྱང་བར་བྱ་དགོས་ཏེ། རྒྱུར་གནས་པའི་དུས་ཐ་མལ་གྱི་རྣམ་རྟོག་རྒྱུན་ཆགས་སུ་འབྱུང་བ་དེ་རྣམ་པར་རྟོག་པ་རྩོལ་བའི་དུག་ཅེས་བྱ་བ་ངོ་བོ་ཉིད་སྒྲིབ་བྱེད་ཡིན་པའི་ཕྱིར་རོ། །འདི་ལ་དོན་བདུན། ཐོག་མར་སེམས་བཟུང་བ། བར་དུ་དེ་ཁོ་ན་ཉིད་ལ་བློ་བཞག་པ། སྤྱོད་ལམ་ཐམས་ཅད་དུ་གོམས་པར་བྱ་བ། བསམ་གཏན་གྱི་གེགས་བྱིང་རྒོད་བསལ་བ། བོགས་འབྱིན་བརྒྱད་ཀྱིས་བོགས་དབྱུང་བ། སེམས་ཉམས་ཀྱི་དྲོད་རྟགས་དང་སྦྱར་བ། མཐར་ཕྱག་རྒྱ་ལ་བརྟེན་པའི་སྤྱོད་པས་འབྲས་བུ་དང་མཚམས་སྦྱར་བའོ། །དང་པོ་ལ་བསམ་གཏན་གྱི་སྔོན་དུ་འགྲོ་བ་ནི། དབེན་པའི་གནས་སུ་གཅིག་པུར་འདུག །ན་སོ་རྒན་པ། ནམ་ཟླ་སྟོན་དཔྱིད། ནད་ཁྲག་མཁྲིས་ཅན། དྲོ་བ་དང་ཚད་པ་ཤས་ཆེ་བའི་དུས་སེམས་སྐྱིལ་ལམ། རྡོ་རྗེ་སྐྱིལ་ཀྲུང་དང་ལག་པ་མཉམ་གཞག་གི་ཕྱག་རྒྱ་བྱ། ན་སོ་གཞོན་པ། ནམ་ཟླ་དགུན། ནད་གྲང་བ་དང་བད་ཀན་ཤས་ཆེ་བས། གྲང་བའི་གནས་སུ་ཙོག་པུར་ཐབ་འགལ་གྱི་ཕྱག་རྒྱ་མེ་ཐབ་དྲུག་འཆིང་དུ་བཅའ། དེ་གཉིས་ཀ་ལ་མགོ་ཅུང་ཟད་དགུག །མིག་སྣ་རྩེར་ཕབ། ལྕེ་རྐན་ལ་སྦྱར། སོ་དང་མཆུ་མཉམ་པར་སྦྱར་ཏེ་ལུས་གནད་ལ་དབབ། རླུང་ལན་གསུམ་དྲག་ཏུ་བུས་ལ་ངག་གནད་ལ་དབབ། གང་ཡང་རྟོག་པ་མེད་པའི་ངང་དུ་རང་སོ་བཟུང་ནས་ཀློད་ལ་ཅུང་ཟད་བཞག་སྟེ་སེམས་གནད་ལ་དབབ། དེ་ནས་ཐེག་པ་ཆེན་པོའི་ལམ་བསྒྲུབ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཏིང་ངེ་འཛིན་གྱི་རིམ་པ་བསྒོམ་པར་བྱའོ་སྙམ་དུ་སེམས་བསྐྱེད། ཚོགས་རྫོགས་པའི་ཡན་ལག་ཏུ་བླ་མ་བསྒོམ་པ་ནི། སྤྱི་བོར་པདྨ། ཟླ་བ། ཉི་མའི་སྟེང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་དུ་བསྒོམས་ལ་མོས་གུས་དྲག་ཏུ་བྱ། ངོར་ཆེན་གྱིས་མཛད་པའི་བརྒྱུད་པའི་གསོལ་འདེབས་སམ། ཕ་དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་ལ་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། ཅེས་སྙིང་ཐག་པ་ནས་ཡང་ནས་ཡང་དུ་གསོལ་བ་གདབ། མཐར་མོས་གུས་ཀྱི་ཤུགས་ཀྱིས་བླ་མ་འོད་དུ་ཞུ། རང་གི་སྤྱི་བོ་ནས་སྙིང་གར་ཐིམ་པར་བསམ། ཐ་མལ་གྱི་རྟོག་པ་སྤང་ཞིང་བར་ཆད་མི་འབྱུང་བའི་དོན་དུ།  ཧཱུྃ།  བརྗོད་པས་སྲུང་བའི་འཁོར་ལོའི་ནང་དུ་རང་ཉིད་ངོ་བོ་ཡི་དམ་གྱི་ལྷ་ལ་རྣམ་པ་ཧཱུྃ་ཡིག་ཏུ་བསྒོམ་ལ་སེམས་གཏད། དེ་ལྟར་བསམ་གཏན་གྱི་ཡན་ལག་དྲུག་པོ་དེ་ནི་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའོ། །དངོས་གཞི་གཉིས་མེད་ནམ་མཁའ་སྦྱོར་བའི་ཏིང་ངེ་འཛིན་ནི་དཔེའི་ཚུལ་དུ་ཕྱི་རོལ་གྱི་ནམ་མཁའ་ལ་བསླབ་པ་སྟེ། དེའང་ཐུང་ངུ་ལ་བསླབ་པ། རིང་པོ་ལ་བསླབ་པ། དེ་རེ་རེ་ལའང་ཚར་བཅད་པའི་ཚུལ་དང༌། ཕན་གདགས་པའི་ཚུལ་དུ་བསླབ་པ་གཉིས་གཉིས་རྣམས་སུ་ཡོད་པ་ལས། དང་པོ་ཐུང་ངུ་ལ་བསླབ་པ་ནི། སྣ་རྩེ་ནས་སོར་བཞི་ཚུན་ཆད་ཀྱི་ནམ་མཁའ་ལ་རང་གི་ཤེས་པ་ཡོད་པར་དམིགས་ཏེ་ལུས་སེམས་གཉིས་ཀ་གྲིམ་པར་བྱས་ལ་གོམས་པ་ནི་ཚར་བཅད་པའི་ཚུལ་དུ་བསླབ་པའོ༑ ༑གཞི་སྔ་མ་ལྟར་ལ། ལུས་སེམས་གཉིས་ཀ་གློད་ནས་སྒོམ་པ་ནི་ཕན་གདགས་པའི་ཚུལ་དུ་བསླབ་པ་སྟེ་ཐབས་ཀྱི་ཏིང་ངེ་འཛིན་ནོ། །དེ་ལ་གོམས་ནས་སོར་བརྒྱད་ཚུན་ཆད་ན་རང་གི་ཤེས་པ་ཡོད་པར་དམིགས་ཏེ་གྲིམ་ལྷོད་རེས་མོས་བསྒོམ་པ་ནི་ཤེས་རབ་ཀྱི་ཏིང་ངེ་འཛིན་ནོ། །དེ་ལ་གོམས་ནས་སོར་བཅུ་དྲུག་ནས་འདོམ་གང་ཚུན་ཆད་ཀྱི་ནམ་མཁའ་ལ་རང་གི་ཤེས་པ་བསྲེས་ཏེ་སྒོམ་པ་ནི་ཟུང་འཇུག་གི་ཏིང་ངེ་འཛིན་ཏེ་སྔ་མ་གཉིས་སྐྱོན་ཅན་དང༌། ཕྱི་མ་སྐྱོན་མེད་པའི་ཏིང་ངེ་འཛིན་ནོ། །དེ་དག་གི་སྐབས་སུ་སེམས་གནས་པའི་ཉམས་མཐོ་དམན་བཟང་ངན་ཅི་བྱུང་ཡང་རེ་དོགས་བླང་དོར་མི་བྱ་བར་བྱུང་རྒྱལ་དུ་བསྐྱང༌། འདི་སྐབས་ཕལ་ཆེར་རང་བཞིན་གྱིས་སྟོང་ཉམས་སུ་སྐྱེ་བ་ཡིན་ནོ། །གཉིས་པ་དེ་ལ་བོགས་དབྱུང་བའི་ཕྱིར་རིང་དུ་བསླབ་པ་ནི། སྔ་མའི་ཉམས་མྱོང་སྐྱེས་ཤིང་ཅུང་ཟད་བརྟན་པ་ན་ཐོག་མར་སྔོན་འགྲོ་བསམ་གཏན་གྱི་ཡན་ལག་དྲུག་པོ་ཚང་བར་བྱས་ལ་རང་གི་སེམས་ཉིད་ཤར་ཕྱོགས་སུ་འདོམ་དོ། བཞི། བརྒྱད། བཅུ་དྲུག་ལ་སོགས་པ་ནས་བཟུང་ཇི་སྲིད་ནམ་མཁའི་མཐར་ཐུག་གི་བར་རྟོག་ཏུ་བཏང༌། དེའང་སྔར་ལྟར་ཚར་བཅད་པ་དང་ཕན་གདགས་ཀྱི་ཚུལ་གྱིས་རིམ་པར་བསླབས་པས་སྔ་མ་དང་མི་འདྲ་བར་བདེ་སྟོང་བརྗོད་དུ་མེད་པ་མཐའ་བྲལ་གྱི་ཉམས། ཕན་ཆད་མི་འགྲོ་བར་སྟན་གཅིག་ལ་ཆགས་ནས་འདུག་པ་ཤུགས་ཆད་ཀྱི་ཉམས། ཕར་བཏང་ཡང་ཚུར་ལ་ལྡོག་པ་གཟིངས་ཆག་གི་ཉམས་གསུམ་གར་སྐྱེས་ཀྱང་དེ་ཀ་མ་བཅོས་པར་བསྐྱང༌། དེ་བཞིན་ཏུ་ལྷོ་དང་། ནུབ་དང་། བྱང་དང་། སྟེང་འོག་གི་ནམ་མཁར་ཡང་ཚར་བཅད་པ་དང་ཕན་གདགས་པའི་ཚུལ་གྱིས་ཡང་དང་ཡང་དུ་བསླབས་པས་ཉམས་གསུམ་སྐྱེས་པ་རྣམས་ཐད་ཀར་བསྐྱང༌། དེ་རྣམས་ལས་མཐའ་བྲལ་གྱི་ཉམས་ལ་བརྟེན་ནས་དཔེ་ནམ་མཁའ་བཞིན་ཡོད་མེད་ཡིན་མིན་སོགས་ཀྱི་མཐའ་དང་བྲལ་བ། གང་དུའང་མ་གྲུབ་པས་སྟོང་པ། ཤེས་པ་དང་ཤེས་བྱ་ཐམས་ཅད་ལ་འགྲོ་བས་ཁྱབ་པ། གང་གིས་ཀྱང་མི་འཇིག་པར་སྙམ་དུ་བྱེད་པའི་རྟག་པའི་ཉམས་ཏེ་ཆོས་བཞི་ལྡན་དུ་སྐྱེ་བར་འགྱུར་རོ། །གཉིས་པ་བར་དུ་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པ་ལ་གསུམ། སྒོང་རྒྱ་བཅག་པའི་ཚུལ་དུ་མིང་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བ། བབ་རྒྱ་བྲལ་བའི་ཚུལ་དུ་དོན་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བ། ཁ་ཆུ་བསལ་བའི་ཚུལ་དུ་ཏིང་ངེ་འཛིན་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བའོ། །དང་པོ་ནི། ངང་པའི་ཕྲུ་གུ་དེ་སྒོ་ངའི་ནང་ན་ལུས་ཐམས་ཅད་རྫོགས་ནས་ཡོད་ཀྱང་ཕྱིའི་སྒོང་རྒྱ་མ་བཅག་ན་འགྲོ་མི་ཤེས་ལ། བཅག་ན་ཤེས་པ་ལྟར། རང་ཉིད་མིང་ལ་ཞེན་ནས་འཁྲུལ་པའི་རྟོག་པས་བཅིངས་པ་དེ་ཉིད་མིང་གི་འཛིན་པ་དང་བྲལ་ནས་སྐྱེ་མེད་དུ་ཤེས་ན་གྲོལ་བར་འགྱུར་ཏེ། དང་པོ་མིང་ལྷན་སྐྱེས་སུ་བྱུང་ནས་སྐྱེས་པ་མ་ཡིན་ཏེ་གློ་བུར་དུ་བཏགས་པ་ལ་ངའི་མིང་ཞེས་འཁྲུལ་ཅིང་། མཐར་འཆི་བའི་ཚེ་ནའང་མིང་རྗེས་སུ་མི་འབྲང་བར་རང་བཞིན་གྱིས་འགག་པར་འགྱུར་བས་མིང་སྐྱེ་བ་མེད་པའི་ཕྱིར། མིང་ལ་བསྟོད་པ་བྱས་ཀྱང་མིང་ཁོ་རང་ལ་ཕན་པ་མེད་ལ། སྐྱོན་བརྗོད་ཀྱང་གནོད་པ་མེད་དེ། གཞུང་ལས། མ་སྐྱེས་སྐྱེ་མེད་ནམ་མཁའ་བཞིན། །སྐྱེས་པ་སྐྱེ་མེད་ནམ་མཁའ་བཞིན། །འགག་པ་སྐྱེ་མེད་ནམ་མཁའ་བཞིན། །ཅེས་གསུངས་པའི་དོན་ཡིད་ལ་བྱས་ཏེ་བསླབས་པས་སྤྲིན་དང་ན་བུན་ནམ་མཁའ་རང་ལ་ཡལ་བ་བཞིན་མིང་དུ་འཛིན་པའི་རྟོག་པ་སེམས་ཉིད་ཀྱི་དབྱིངས་སུ་ཐིམ་ཞིང་གསལ་ལ་མི་རྟོག་པའི་ཉམས་སྐྱེ། དེའང་རྒྱལ་བའི་ཡུམ་ལས། རབ་འབྱོར་གཟུགས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེའང་ཆོས་ཉིད་དེ། ཞེས་དང༌། གཞུང་ལས། གཉིས་སུ་མེད་པ་མིང་ཙམ་སྟེ། །དེ་ཡང་མིང་ནི་ཡོད་མི་འགྱུར། །གཉིས་མེད་མིང་དུ་བཟུང་བ་ལ། །དེ་ལ་རྣལ་འབྱོར་པས་བཟོད་མཛོད། །ཅེས་གསུངས་ཏེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་རྣམ་པར་ཐར་པའི་སྒོ་གསུམ་གྱི་མིང་ཡང་ཐོབ་ཅིང་མིང་གི་འཆིང་བ་ལས་གྲོལ་ན་དོན་བསམ་མི་ཁྱབ་ལ་རེག་པའི་ཕྱིར་རོ། །གཉིས་པ་ནི། བབ་རྒྱའི་ནང་དུ་འབྱར་བའི་སེམས་ཅན་དེ་བབས་ས་དེ་ཀ་ན་ཡོད་ཀྱང་ཕྱིའི་རྒྱ་མ་དབྲལ་ན་འགྲོ་ཐབས་མེད་ལ། དབྲལ་ན་འགྲོ་བ་ལྟར། རང་གི་སེམས་ཉིད་འདི་རྣམ་པར་རྟོག་པ་སྣ་ཚོགས་པས་བཅིངས་པ་ལ་དེ་ཉིད་དུ་སྐྱེ་མེད་དུ་ཤེས་ན་གྲོལ་བར་འགྱུར་བའི་ཕྱིར། དེའི་དོན་ལ་བསམ་པ་ནི། རང་སེམས་ལ་ཉོན་མོངས་པའི་རྟོག་པ་གང་རགས་བརྟགས་པས་རྒྱུ་བ་རགས་པ་ཞེ་སྡང་ལྟ་བུ་གཅིག་གི་དབང་དུ་བྱས་ན། ཐོག་མར་སྐྱེ་བའི་རྒྱུ་དང༌། ད་ལྟར་གནས་པའི་ངོ་བོ་དང༌། མཐར་འགགས་པའི་འབྲས་བུ་ལ་བརྟགས་པས་ངོ་བོ་གང་དུའང་མ་གྲུབ་པ་སྐྱེ་མེད་བསམ་གྱིས་མི་ཁྱབ་པ་ནམ་མཁའ་དང་མཚུངས་པར་སྦྱར་ཞིང་བརྟག །ཡང་རྟོག་པ་དེ་དང་པོ་རང་གི་ལུས་ངག་ཡིད་གསུམ་གང་ལས་སྐྱེས། ད་ལྟ་དེ་གསུམ་གང་ལ་གནས། རྟོག་པ་དེའི་ཁ་དོག་དང་དབྱིབས་ལ་སོགས་པ་ཇི་འདྲ་འདུག་ཞིབ་ཏུ་བརྟགས་པས་གང་ནས་ཀྱང་མ་སྐྱེས། གང་དུའང་མི་གནས། རང་གི་ངོ་བོ་གང་དུའང་མ་གྲུབ་པའི་སྐྱེ་མེད་དུ་མཐོང་བའི་དོན་ལ་བློ་བཞག །དེ་ལྟར་བསྒོམས་པས་ཞེ་སྡང་དུ་འཛིན་པའི་རྣམ་རྟོག་སེམས་ཉིད་ཀྱི་དབྱིངས་སུ་ཐིམ་ཞིང་། ཞེ་སྡང་ཉིད་རྣམ་པ་གསལ་བ་ངོ་བོ་མི་རྟོག་པའི་ཉམས་སྐྱེ་སྟེ། གཞུང་ལས། གཉིས་པོ་དག་གིས་སྤྱོད་པ་ཡིས། །གཉིས་མེད་ཡེ་ཤེས་འབར་བར་འགྱུར། །ཅེས་འབྱུང༌། དེས་འདོད་ཆགས་སོགས་དུག་ལྔ་དང་། རྣམ་རྟོག་གཞན་ལའང་འགྲེས། ཐམས་ཅད་ཀྱང་སྐྱེ་མེད་བསམ་མི་ཁྱབ་པ་ལ་སྦྱར་རོ། །གསུམ་པ་ནི། སྲིན་བུ་རང་གི་ཁ་ཆུས་རང་བཏུམས་ནས་མི་མངོན་པ་ལ་ཁ་ཆུ་བསལ་མ་ཐག་རྗེན་ཅེར་གྱིས་མངོན་པ་ལྟར༑ གྲོལ་བྱེད་ཀྱི་ཏིང་ངེ་འཛིན་བསྒོམས་པས་དེ་ཉིད་ཀྱིས་སླར་ཡང་འཆིང་བར་འགྱུར་བས། དེ་ཉིད་ཀྱང་སྐྱེ་མེད་བསམ་གྱིས་མི་ཁྱབ་པ་ལ་སྦྱར་དགོས་ཏེ། དེ་ལ་གཉིས། ནང་དུ་ཡིད་འཛིན་མེད་དུ་བཞག་པ་དང༌། ཕྱི་རོལ་དུ་ཤེས་པ་ལྷུག་པར་བཞག་པའོ། །དང་པོ་ནི། ལུས་སེམས་ཡང་བར་བཞག །ཤེས་པ་ཁ་ནང་དུ་བལྟས་ལ་བལྟ་བྱའི་ངོ་བོ་ཙམ་དྲན་པར་བྱས་ལ་གང་དུའང་མི་རྟོག །ཅིར་ཡང་མི་སེམས་པར་འཛིན་མེད་ངང་དུ་འཇོག །གལ་ཏེ་ཕྱིར་འཕྲོ་ན་སླར་ཡང་སྔར་ལྟར་བཞག་པས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །གཉིས་པ་ནི། ཕྱི་རོལ་དུ་གཟུགས་སོགས་ཡུལ་སྣང་ཇི་ལྟར་ཤར་ཡང་དེ་ལ་འཛིན་པ་མེད་པར་ནང་གི་མིག་སོགས་དབང་པོའི་སྒོ་རྣམས་རྩོལ་བྲལ་ལྷུག་པར་བཞག །དེ་ལྟར་བཞག་པའི་ཚེ་བསྒོམ་བྱའི་ཡུལ་ལ་སྒོམ་བྱེད་ཤེས་པ་གཅིག་གིས་ཆེད་དུ་གཏད་ནས་བསྒོམ་པར་མི་བྱ་སྟེ། འདི་ལྟར་བསྒོམ་པའི་མཚན་འཛིན་མེད་ཅིང་མི་སྒོམ་པའི་ཡེངས་འཁྲུལ་མེད་པར་མི་བསྒོམ་པའི་ཚུལ་གྱིས་བསྒོམས་པས། བསྒོམ་བྱའི་ཡུལ་གཟུགས་ལ་སོགས་པའི་ཞེན་པ་དང་བྲལ་ནས་སྔར་ལས་ལྷག་པའི་བདེ་སྟོང་གི་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་སྐྱེ་བར་འགྱུར་རོ། །དེ་ཡན་ཆད་ལ་ཐབས་ཤེས་ཟུང་འཇུག་གི་ཏིང་ངེ་འཛིན་གསུམ་གང་སྐྱེས་ཀྱང་འདོར་ལེན་དང་བཅོས་བསྒྱུར་མི་བྱ་བར་སྐྱེས་པ་དེ་ཉིད་ཐད་ཀར་བསྐྱང་བར་བྱའོ། །གསུམ་པ་སྤྱོད་ལམ་ཐམས་ཅད་དུ་གོམས་པ་ནི། སྔ་མ་ལྟར་བསྒོམས་པས་མཉམ་གཞག་ལ་ཆགས་སྡང་ལ་སོགས་པ་མི་སྐྱེ་ཡང་། རྐྱེན་དང་འཕྲད་ན་སྐྱེ་བར་འགྱུར་བ་དེ་ཉིད་རྐྱེན་གྱིས་འཆིང་བ་ལས་གྲོལ་བར་བྱ་བའི་ཕྱིར་བརྟན་པའི་ཡན་ལག་ཏུ་འདི་ལྟར་བསླབ་པར་བྱ་སྟེ། དེའང་འབྲོག་མིའི་བཞེད་པ་ལྟར་དང་པོ་གཟུགས་ལ་བསླབ་པའི་དབང་དུ་བྱས་ནས། མིག་ལ་ཉི་མའི་འོད་མདངས་དང་རླུང་སེར་བུས་མི་གནོད་པའི་སར། མདུན་དུ་མེ་ཏོག་ལ་སོགས་པའི་དངོས་པོ་གཅིག་ཉེ་རིང་རན་པར་བཞག་ལ་ལྟ་སྟངས་གློད་ལ་བལྟ། དེ་ལའང་དངོས་པོ་དེ་ལས་གཞན་ལ་མི་བལྟ་བ་རྟེན་མི་འགྱུར་བའི་ཡན་ལག །འགུལ་སྤྱོད་ལ་སོགས་པ་སྤང་བ་ལུས་མི་གཡོ་བའི་ཡན་ལག །མིག་གི་འབྱེད་འཛུམ་སོགས་གཡོ་བ་མེད་པ་མིག་མི་འཛུམ་པའི་ཡན་ལག །སེམས་གང་ལའང་ཆེད་དུ་མི་གཏད་པ་ཡིད་འཛིན་པ་མེད་པའི་ཡན་ལག་སྟེ། ཡན་ལག་བཞི་ལྡན་དུ་བྱས་ནས་བསླབས་པས་ཡུལ་དེ་ལ་མི་དམིགས་པའི་ཏིང་ངེ་འཛིན་སྐྱེ། ཉི་མ་གཉིས་པ་ནས་གསུམ་པ་ལ་སོགས་པར་རིམ་བཞིན་རྟེན་དེ་ཐག་ཇེ་རིང་ལ་བསྲིང༌། མཐར་རྒྱང་གྲགས་ལ་སོགས་པ་རྟེན་ཡིད་ཀྱིས་གསལ་བཏབ་སྟེ་བསླབ་པ་ནི་གཟུགས་ལས་ཡེ་ཤེས་ངོས་བཟུང་བའོ། །དེས་མཚོན་ནས་སྒྲ་ལ་སོགས་ཡུལ་གཞན་ལའང་ཡན་ལག་བཞི་ལྡན་དུ་བྱས་ནས་བསླབ། དེ་ལྟར་ཡུལ་ལ་ཡེ་ཤེས་ངོས་བཟུང་བའི་གདམས་ངག་གིས་རིང་དུ་བསྒོམས་པས་ཐོག་མར་སེམས་ཉམ་ཆུང་ངུ་ཡུལ་རྐྱེན་གྱིས་རེས་གནོད། རེས་ཕན། རེས་ཕན་གནོད་འདྲེས་པར་སྐྱེ་བ་སྣང་བ་ཕྲ་མོར་འཆར་བའི་དུས། དེ་ལ་གོམས་ནས་སེམས་ཉམས་འབྲིང་པོ་སྣང་བས་ཕན་གནོད་མེད་པའི་དུས། དེ་ལས་ཀྱང་གོམས་ནས་སེམས་ཉམས་ཆེན་པོ་ཡུལ་རྐྱེན་དང་འཕྲད་མ་ཐག་མེ་འབར་བ་ལ་ཤིང་བསྣན་པ་བཞིན་རྟོགས་པའི་ཡེ་ཤེས་ཀྱི་གྲོགས་སུ་འགྱུར། ཡུལ་རྐྱེན་ལའང་གཟུགས་སྡུག་པ་རབ། མི་སྡུག་པ་འབྲིང༌། ཐ་མལ་པ་ཐ་མ་སྟེ་སྒྲ་ལ་སོགས་པ་ལའང་དེས་མཚོན་ནས་བསླབས་པས་རྐྱེན་རབ་འབྲིང་ཐ་གསུམ་གང་དང་འཕྲད་ཀྱང་ནང་དུ་དེ་ཁོ་ན་ཉིད་ཀྱི་རྟོགས་པའི་ཡེ་ཤེས་མཆོག་ཏུ་གྱུར་པ་སྐྱེ་བར་འགྱུར་རོ། །འདིའི་སྐབས་ཡུལ་སྣང་དང་འཕྲད་མ་ཐག་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་སྐྱེ་བ་སྣང་བས་ཕན་འདོགས་པའི་དུས་དང༌། སྣང་བ་དགེ་བའི་བཤེས་གཉེན་ཏུ་འཆར་བའི་དུས་ཞེས་བྱ། བདག་དང་བདག་གིར་འཛིན་པའི་དངོས་པོ་གཅིག་ལས་དུ་མར་སྣང་ཞིང་དུ་མ་རོ་གཅིག་ཏུ་འཆར་བས་ཕྱི་ནང་གཉིས་འདྲེས་པའི་དུས་ཞེས་བྱ། ཐ་མལ་པ་ལ་ཆགས་སྡང་སྐྱེ་བའི་རྐྱེན་དེས་རྣལ་འབྱོར་པ་ལ་ཡེ་ཤེས་སྐྱེ་བའང་དུག་ལྔ་སྨན་དུ་ཤེས་པའི་དུས་ཞེས་བྱ་ཞིང༌། དེ་ཙམ་ན་འདོད་ཡོན་ལྔ་བསྟེན་ཀྱང་ཉེས་པས་མི་གོས་པ་ཡིན་ཏེ། འདི་དག་ཀྱང་གཞུང་ཚིག་གིས་གསལ་བར་བསྟན་པ་ཡིན་ནོ། །བཞི་པ་བསམ་གཏན་གྱི་གེགས་བྱིང་བ་དང་རྒོད་པ་བསལ་བ་ནི། སྤྱིར་བྱིང་རྒོད་ལ་གསུམ། ཆེད་དུ་བྱས་པ། རྐྱེན་གྱིས་བྱུང་བ། ཤུགས་ཀྱིས་བྱུང་བའི་བྱིང་རྒོད་དོ། །དེ་ལ་ཆེད་དུ་བྱས་པའི་བྱིང་བ་ནི། མལ་སྟན་དང་ཁ་ཟས་ལ་སོགས་པ་བདེ་ཞིང་བསོད་པ་དོན་དུ་གཉེར་བ་ལས་བྱུང་བའོ། །རྒོད་པ་ནི། ཁ་སྨྲས་དང་རྩོད་པ་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་དོན་དུ་གཉེར་བ་ལས་བྱུང་བ་སྟེ། དེ་དག་ནི་རྒྱུ་ངོ་ཤེས་པར་བྱས་ཏེ་ཞག་གྲངས་ཅི་རིགས་པར་དེ་དག་སྤངས་པས་རང་བཞིན་གྱིས་སེལ་བར་འགྱུར་རོ། །རྐྱེན་གྱིས་བྱིང་བ་ནི། ཧ་ཅང་ཁ་ཟས་བཅུད་ཆེ་བ་ཟོས་པ་དང༌། ཆང་མང་དུ་འཐུང་བ་དང༌། ངལ་དུབ་ཆེན་པོ་ལ་སོགས་པའི་རྐྱེན་གྱིས་བྱིང་བའོ། །རྒོད་པ་ནི། ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་མང་བ་དང༌། མཚན་མོ་སྒྲའི་གླག་ཅོར་ཆེ་བ་སོགས་གཡེང་རྐྱེན་ཆེ་བས་དབེན་དུ་མ་བཏུབ་པས་རྒོད་པ་སྟེ༑ དེ་དག་ནི་རྐྱེན་གང་ཡིན་པ་དེ་ཞག་གྲངས་ཅི་རིགས་པར་སྤངས་པས་རང་སེལ་བར་འགྱུར་རོ། །རང་ཤུགས་ཀྱིས་བྱུང་བའི་བྱིང་རྒོད་ནི། སྔ་མ་དེ་དག་བསལ་ཀྱང་རང་ཤུགས་ཀྱིས་སེམས་མི་གསལ་ཞིང་བྱིང་ནས་འགྲིབ་པ་དང༌། རྣམ་རྟོག་གི་འཕྲོ་རྒོད་ཟད་དུ་མེད་པ་ཕྲ་རགས་ཅི་རིགས་པ་འབྱུང་བ་སྟེ། དེའང་ཐུན་སྟོད་ལ་སྐྱོན་མེད་ཀྱང་། ཐུན་སྨད་ལ་བྱུང་ན་ཁམས་ཀྱི་སྐྱོན་ཡིན་པས། སྒོམ་གྱི་འཕྲོ་བཅད་ལ་རང་བཞིན་གྱིས་བཞག་པ་ལན་གྲངས་མང་ཉུང་སྐབས་དང་བསྟུན་པར་བྱས་ཏེ་བཞག་པ་ཉིད་ཀྱིས་སེལ་ལོ། །ཐུན་སྟོད་ལ་བྱུང་ན་བསམ་གཏན་གྱི་གེགས་ཡིན་པས་དེ་བསལ་བ་ལ་གསུམ། སྤྱོད་ལམ། ཁ་ཟས། སེམས་ཀྱི་མཐུས་བསལ་བའོ། །དེ་ལ་སྤྱོད་ལམ་གྱིས་བསལ་བ་ནི། སེམས་བྱིང་བར་སྟན་མཐོ་སར་བསྡད་ལ་སེམས་གཟེངས་བསྟོད། དེས་མ་སེལ་ན། ས་མཐོ་སར་བསྡད་ཅིང་མིག་རི་ཐང་མཚམས་སུ་བལྟ། ལུས་སེམས་བསྒྲིམ་ཞིང་ཧུར་ཕྱུང་པས་སེལ་ལོ། །རྒོད་པ་ལ། སྟན་དམའ་བ་དང༌། ས་དམའ་སར་བསྡད། མགྲིན་པ་ཅུང་ཟད་དགུག་ལ་ཨོག་ཀོས་བྲང་ནོན་པར་བྱ། མུན་པ་གནག་པའི་ནང་དུ་བསྡད་པས་སེལ་ལོ། །ཁ་ཟས་ཀྱིས་བསལ་བ་ནི༑ བྱིང་བ་བྱུང་ན། བསམ་གཏན་བསྒོམ་པའི་སྔོན་རོལ་དུ་ཁ་ཟས་ཟ་བ་སྤང༌། རྒོད་པ་ལ། བསམ་གཏན་ལ་འཇུག་པའི་སྔོན་དུ་ཁ་ཟས་དང་བཅས་པའི་ཆང་ཡུལ་གྱི་ཕུལ་གང་ཙམ་བཏང༌། གོམ་པ་ལྔ་བཅུར་གཅག །དེས་མ་ཞི་ན། ཆང་ཕུལ་དོ་ཙམ་བཏང༌། གོམ་པ་བརྒྱར་གཅག །དེ་དག་ཀྱང་ནད་གཞི་དང་སྦྱར་བ། ཁྲག་མཁྲིས་ཤས་ཆེ་ན་ཉུང་ངུ་། བད་ཀན་དང་རླུང་ཤས་ཆེ་ན་མང་དུ་བཏང༌། ན་ཚོད་དང་སྦྱར་བ། གཞོན་པ་ལ་ཉུང་ངུ་། རྒན་པོ་ལ་མང་དུ་བཏང༌། ནམ་ཟླ་དང་སྦྱར་བ། དཔྱིད་དབྱར་ཉུང་ངུ་། སྟོན་དགུན་ལ་མང་དུ་བཏང༌། དེ་རྣམས་ཀྱིས་བྱིང་རྒོད་ངེས་པར་སེལ་བར་འགྱུར་རོ། །སེམས་ཀྱི་ནུས་མཐུས་བསལ་བ་ནི། བྱིང་བའི་ཚེ་སྟེང་དུ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་འཁོར་ལོ་ལ་བསླབ། སླར་ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གནས་སུ་བསླབ། ཅེས་གསུངས་ཏེ། ཐོག་མར་རང་གི་སེམས་སྙིང་ག་རུ་ཡོད་པ་དྲན་ཙམ་བྱ། དེ་ནས་ཚངས་པའི་བུ་གར༑ དེ་ནས་སྤྱི་བོའི་སྟེང་གི་ནམ་མཁར་སོར་བཞི་ལ་སོགས་པ་ནས་ཇེ་མཐོ་ཇེ་མཐོར་སེམས་གཏད་དེ་ནམ་མཁའི་མཐར་གཏུགས་པར་རྟོག་ཏུ་བཏང༌། སླར་མར་རིམ་གྱིས་ཕབ་ལ་སྙིང་གར་དྲན་ཙམ་བྱས་ལ་བཞག །དེས་བྱིང་བ་སེལ་ནུས་སམ་མི་ནུས་ཚོད་བཟུང་ཞིང་བསྒོམ། ཧ་ཅང་ཡང་རིང་ན་ཤེས་པ་མི་བདེ་བ་དང་སྙིང་རླུང་ལ་སོགས་པར་འགྱུར་ཉེན་ཆེ་བས་བྱིང་བ་སེལ་ནས་འཕྲོ་བཅད། འདིས་ལྷ་ཡི་གནས་ལ་སོགས་པ་མཐོང་བའང་འབྱུང་གསུངས། རྒོད་པའི་ཚེ་ན་འོག་ཏུ་བྱང་ཆུབ་ཀྱི་སེམས་ཨེ་ཆོས་ཀྱི་འབྱུང་གནས་སུ་བསླབ། སླར་ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གནས་སུ་བསླབ། ཅེས་གསུངས་ཏེ། ཐོག་མར་རང་དང་སྟན་གྱི་བར་དུ་ནམ་མཁའ་སྟོང་པ་ཞིག་བྱུང་བར་བསྒོམ་པ་ཙམ་གྱིས་ཀྱང་རྒོད་པ་ཕྲ་མོ་སེལ། དེས་མ་སེལ་ན། རང་གི་བཤང་བའི་ལམ་དུ་ཆོས་འབྱུང་དམར་ཟང་ངེ་བ་ཞིག་གསལ་གདབ། དེ་ནས་མར་ལ་འོག་ཕྱོགས་སུ་སེམས་ཀྱིས་བལྟ་བ་ཡུན་རིང་ཐུང་ཅི་འོས་བྱ། འཕྲོ་འཇོག་ཙ་ན་སླར་ཡང་སྙིང་གར་ཤེས་པ་གཏད་པས་སེལ་བར་འགྱུར་རོ། །དེས་ཀྱང་རྒོད་པ་མ་ཞི་ན། ཁོ་རང་གི་ངོ་བོ་ལ་རྟོག་པ་གསུམ་གྱིས་བསལ་ཏེ། དེ་ལ་འཕྲང་དུ་བཟུང་བ་ནི། ལན་གཅིག་འཕྲོས། ལན་གཉིས་འཕྲོས། ཞེས་པ་ལ་སོགས་རྒོད་པའི་གྲངས་བཟུང་བས་འཕྲལ་དུ་སེལ། རྗེས་སུ་འབྲང་བ་ནི། རྣམ་རྟོག་གང་ལ་འཕྲོ་བའི་ཡུལ་དེ་ལ་ཆེད་དུ་གཏད་ཅིང་དམིགས་ཏེ་མ་ཡེངས་པར་བྱ། དེས་ཀྱང་མྱུར་དུ་སེལ། ཡོངས་སུ་ཤེས་པ་ནི། རྒོད་པ་ངོས་ཟིན་པ་དང་དེ་ཉིད་རང་གི་སེམས་ཡིན་པར་ཤེས་པ་ཙམ་གྱིས་སེལ་ལོ། །དེ་དག་རྣམས་ཀྱིས་ཀྱང་མ་ཞི་ན་ཐབས་གསུམ་གྱིས་བསལ་ཏེ། དེ་ལ་མནན་སྦྱོར་ནི། རང་གི་སྤྱི་བོར་ཤིང་ལེབ་སོགས་ལྕི་ཡང་རན་པ་ཞིག་གིས་མནན་ཏེ་བསྒོམ་པས་སེལ། དཔྱང་ཐག་ནི། ས་གཞི་བསྟར་ཞིང་འཐས་པར་བྱས་ལ་ཤིང་བུ་རིལ་པོ་བཞག །སྟེང་དུ་ཐག་པ་གཉིས་བརྐྱངས་པ་ལ་ཤིང་སྟེགས་གཅིག་བཞག་པའི་སྟེང་དུ་ཐག་པ་གཅིག་དཔྱང༌། ཤིང་སྟེགས་དེའི་སྟེང་དུ་རང་ཉིད་རྐང་པ་གཉིས་འོག་ཏུ་བརྐྱངས་ནས་འདུག །རྐང་པའི་བྲང་བས་འོག་གི་ཤིང་བུ་རིལ་པོ་ནོན་པར་བྱ། སེམས་རང་སོ་བཟུང༌། ལག་པས་དཔྱང་ཐག་འཇུས་ཏེ་མདུན་ཕྱོགས་སུ་འགྲོ། ཡང་རྒྱབ་ཕྱོགས་སུ་འགྲོ་བའི་སྦྱོར་བ་བྱས་པས་སེལ། འཕྲང་གཞུར་ནི། གཡས་གཡོན་གང་རུང་ཞིག་ཏུ་ཤིང་རིལ་པོའམ། ཐོ་ཞིག་བརྩིགས་ལ་རྡོ་དཀར་པོ་ཞིག་བཞག །དེའི་སྟེང་དུ་ནག་པོ་ཞིག་བཞག །དེ་དག་སྨྱུག་མ་ལ་སོགས་པས་བཞུར་ཏེ་མིག་མི་འཛུམ་པར་བལྟ་ཞིང་འཛིན་མེད་དུ་བཞག་པས་འཕྲལ་དུ་སེལ་བར་གསུངས་སོ། །ལྔ་པ་བསམ་གཏན་གྱི་བོགས་དབྱུང་བ་ལ་བརྒྱད། རེས་འཇོག་ལྔ། བག་ཡངས། གནད་འཕོ་བ། བདུད་རྩི་བསྟེན་པའོ། །དང་པོ་བསྒྲིམ་པ། གཉིས་པ་ཀློད་པ། གསུམ་པ་དབྲི་བ། བཞི་པ་བསྐྱེད་པ་རྣམས་རེས་འཇོག་ཏུ་བྱ་སྟེ། ཐོ་རངས་ཐུན་ལ་ལུས་སེམས་གཉིས་ཀ་བསྒྲིམ། ཡུན་དབྲི་ཞིང་ཐུང་བར་བྱ། སྔ་ཐུན་ལ་ལུས་སེམས་གཉིས་ཀ་ཀློད། ཡུན་རིང་དུ་བསྲིང་ཞིང་བསྐྱེད། གུང་ཐུན་ལ་བསྒྲིམ་ཞིང་དབྲི། སྲོད་ཐུན་ལ་ཀློད་ཅིང་བསྐྱེད་ལ་ཐུན་རེས་འཇོག་ཏུ་བྱ། དེས་བོགས་ཅུང་ཟད་ཐོན་ནས་ཉི་མ་རེས་འཇོག་ཏུ་བྱ་སྟེ། ཉི་མ་དང་པོ་ལ་བསྒྲིམ་ཞིང་དབྲི། ཉི་མ་གཉིས་པ་ལ་གློད་ཅིང་བསྐྱེད་པ་སོགས་རིམ་པར་བྱས་པས་བོགས་འཐོན་པར་འགྱུར། ལྔ་པ་ཁ་ཟས་རེས་འཇོག་ནི། ཐུན་ནམ་ཉི་མ་དང་པོ་ལ་བཟའ་བཏུང་མི་བྱ། གཉིས་པ་ལ་བཟའ་བཏུང་བྱ་བ་རེས་འཇོག་ཏུ་བྱ། དྲུག་པ་སྤྱོད་ལམ་བག་ཡངས་སུ་བསྐྱེད་པ་ནི། རང་གི་མིག་ལ་ཇི་ལྟར་འཆར་བའི་སྐབས་སུ་དགོས་པ་བྱུང་བ་རྣམས་མི་འགོག་ཅིང་ཅི་བདེར་ཐད་ཀར་སྤྱད་ལ་སྤྱོད་ལམ་གྱི་བདུད་རྩི་བསྟེན། བདུན་པ་སེམས་གནད་སྣ་ཚོགས་སུ་འཕོ་བ་ནི། རྒྱལ་བས་གསུངས་པའི་མདོ་སྡེ་དང་རྒྱུད་སྡེའི་བསྒོམ་རིམ་མན་ངག་ལས་བྱུང་བའི་དམིགས་པའི་གནད་སྣ་ཚོགས་པ་རྣམས་ལའང་རིམ་པར་བསྒོམས་པས་བོགས་འབྱུང་བར་འགྱུར། བརྒྱད་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟེན་པ་ནི། དབྱར་ཀའི་སྤང་ལྗོངས་སུ་མེ་ཏོག་བཀྲ་བ་ལ་ལྟད་མོར་ཕྱིན་པས་མཚོན་ཡུལ་ཡིད་དུ་འོང་བ་དང་། གཟུགས་སྙིང་དུ་སྡུག་པ་རྣམས་ལ་དབང་པོས་ལོངས་སྤྱད་པས་རྒྱུད་ཚིམས། དེས་རྟོགས་པ་ལ་བོགས་འཐོན་པར་འགྱུར་རོ། །དེ་དག་ཐམས་ཅད་དུའང་དེ་ཁོ་ན་ཉིད་ལ་བློ་བཞག་པའི་ཏིང་ངེ་འཛིན་ལས་ནམ་ཡང་མ་གཡོས་པར་བྱེད་པ་ནི་གནད་དམ་པའོ། །འདི་དག་གི་སྐབས་སུ་རྩ་བའི་ས་བཅད་ཀྱིས་མ་བསྡུས་ཀྱང་། ལོག་གནོན་གྱི་མན་ངག་ཟུར་དུ་འབྱུང་བ་ལ་ལྔ། འཁོར་ལོ་ལྟར་བསྐོར་བ། དྲུ་གུ་ལྟར་དྲིལ་བ། བུ་ག་མང་པོའི་སྦྱོར་བ། སྟེང་འོག་གི་འཁོར་ལོ་མེད་པ་ལ་བསླབ་པ། རབ་ཏུ་དཔའ་བའི་སྦྱོར་བ་ལ་བསླབ་པའོ། །དང་པོ་ནི། ལུས་ཁེངས་པ་སྙམ་བྱེད་ཅིང་ན་བ་ལ་སོགས་པ་བྱུང་ན། ལྟེ་བའི་གནས་སུ་འཁོར་ལོ་རྩིབས་བརྒྱད་སེར་པོ་གཅིག་བསམ་ལ། འཁོར་ལོ་དེ་དང་པོ་གཡས་སུ་འཁོར་བར་བསྒོམ། དེས་མ་བདེ་ན་གཡོན་དུ་འཁོར་བར་བསྒོམ། དེ་ལྟར་འཁོར་བ་ཇེ་ཆེ་ཇེ་ཆེར་སོང་བས་ལུས་ཀྱང་ཇེ་ཆེར་སོང་བར་བསྒོམ། དེས་ཤིན་ཏུ་ཆེར་སོང་བར་སྙམ་བྱེད་ན། འཁོར་ལོ་བློས་བཏང་ལ། ལུས་ནང་སྟོང་པ་དེ་ནམ་མཁའ་ལ་དེངས་ཤིང་ཡལ་ཏེ་མེད་པར་བསམ། དེས་འཕྲལ་དུ་སྐྱོན་ལས་གྲོལ་ལོ། །གཉིས་པ་ནི། སྙིང་ག་ལ་སོགས་པའི་ལུས་ཁོལ་བུར་དམིགས་ཀྱིས་ན་བ་བྱུང་ན། གང་ན་ས་དེར་བུ་ག་གཅིག་སང་གིས་བྱུང་བར་བསམ་ལ། དེ་ནས་དབུགས་ཕྱིར་དྲག་ཏུ་བཏང་ཞིང༌། སེམས་ཀྱིས་རླུང་ཁ་དོག་སྔོན་པོ། སྦོམ་ཕྲ་རྟ་རྔ་ཚད་ཙམ་གཅིག་བྱུང་ནས་ཕྱི་རོལ་དུ་ཁྲུ་གང་བར་ཧྲི་ལི་ལི་འདྲིལ་བར་བསམ། དེ་ནས་ཅུང་ཞིག་དམིགས་པ་དེ་བློས་དོར། དེ་ནས་ཡང་བུ་ག་དེ་ཆེར་སོང་ནས་རླུང་ཡང་སྔར་བས་སྦོམ་དུ་སོང་བར་དམིགས་ཏེ། སྐུད་པའི་ཚད་ཙམ་ནས་ཐག་པའི་ཚད་ཙམ་གྱི་བར་དུ་སོང་བར་དམིགས་ལ་སྔར་བཞིན་དུ་དྲིལ་བར་བསམ། དེས་འཕྲལ་དུ་སྐྱོན་ལས་གྲོལ་ལོ། །གསུམ་པ་ནི། ལུས་ཐམས་ཅད་ཁྱབ་པར་ན་ན། ལུས་ཐམས་ཅད་ལ་འཚག་སེའི་མིག་བཞིན་དུ་བུ་ག་མང་པོ་བྱུང་སྟེ། དེ་དག་ཐམས་ཅད་ནས་ཕྱིར་རླུང་སྔོ་བུན་བུན་འགྲོ་བར་བསམ་ཞིང་། དབུགས་ཕྱིར་དྲག་ཏུ་བུས་ལ་བཏང༌། སྐྱོན་འཕྲལ་དུ་སེལ། ཁམས་ལ་ཅུང་ཞིག་གནོད་གསུངས། བཞི་པ་ནི། ལུས་ཀྱི་སྟོད་དུ་ན་ཞིང་མི་བདེ་ན། མགྲིན་པ་ཡན་ཆད་སྨྱུག་དོང་ལྟར་སྟོང་པར་བསམས་ལ། དེ་ནས་ཡང་རླུང་སྔོ་བུན་བུན་སོང་བར་བསམ་ཞིང་དབུགས་ཕྱིར་དྲག་ཏུ་བཏང༌། ལུས་ཀྱི་སྨད་དུ་ན་ཞིང་མི་བདེ་ན་སྨད་ཉིད་སྨྱུག་དོང་ལྟར་སྟོང་པར་བསམ་ལ། དེ་ནས་མར་རླུང་ཐུར་ལ་སྔོ་བུན་བུན་འགྲོ་བར་བསྒོམ། དེས་གལ་ཏེ་ཐུར་དུ་འགྱུ་ན་འོག་རླུང་དྲག་ཏུ་བསྐུམ་པས་ཆད། དེ་དག་གིས་འཕྲལ་དུ་སྐྱོན་ལས་གྲོལ་ལོ། །ལྔ་པ་ནི། མཆོང་རྒྱུག་ལ་སོགས་པ་དུ་མ་བྱུང་ན། རང་གི་འདུག་སའི་འོག་དེར་དོང་ལྟ་བུ་ཤིན་ཏུ་དམའ་བར་བསམས་ཏེ། དེ་ནས་མར་རང་གི་ལུས་བྱིང་བར་བསམ། དེས་མི་སེལ་མི་སྲིད་གསུངས། དྲུག་པ་སེམས་ཀྱི་དྲོད་རྟགས་དང་སྦྱར་བ་ནི། ཇི་སྐད་བཤད་པའི་རིམ་པ་ལྟར་ཚུལ་བཞིན་བསྒོམས་པས་ཐོག་མར་སེམས་ཅི་འདོད་གནས། དོན་གྱི་དེ་ཁོ་ན་ཉིད་ལ་ངེས་ཤེས་སྐྱེ། ཅུང་ཟད་ལེ་ལོ་ཆེ། བྱ་བ་གང་ལའང་འཇུག་སྙིང་མི་འདོད། བརྗེད་ངས། བྱ་བ་ཐམས་ཅད་ལ་ཐུག་འཕྲད་ཙམ་བྱེད། སྐབས་སྐབས་སུ་དྲན་པ་གསལ་པོ་ཁྱད་པར་ཅན་འབྱུང༌། ཁ་ཟས་ལ་འདོད་པ་ཆུང༌། གཉིད་རིམ་གྱིས་སྤང་བར་ནུས། ཉོན་མོངས་གློ་བུར་བ་དྲག་པོ་བཟློག །ཆོས་བརྒྱད་ཀྱི་རྣམ་པར་རྟོག་པའི་བློ་རབ་རིབ་བཟློག །རྨི་ལམ་མངོན་ཤེས་དང་འདྲ་བའི་གསལ་པོ་འབྱུང༌། ཕྱི་དང་ནང་གི་སྲིན་བུ་རིམ་གྱིས་སྤང་ནུས། དེ་ཙམ་ན་ངན་སོང་དུ་མི་སྐྱེ་བའི་གདིང་ཐོབ་པ་ཡིན་ནོ། །བརྒྱད་པ་མཐར་སྤྱོད་པས་འབྲས་བུ་དང་མཚམས་སྦྱོར་བ་ནི། འདིའི་གོང་ན་བགྲོད་པར་བྱ་བའི་ལམ་གཞན་མེད་པས་དབང་བཞི་པའི་ལམ་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་བསྟེན་པ་སྟེ། བསྒོམས་པས་དྲོད་རྟགས་ཐོན་པའི་ཚེ་སློབ་དཔོན་འདིའི་བཞེད་པས་ལྷའི་བུ་མོ་ལ་སོགས་པ་དང་ཡང་འགྲོགས་པའི་ནུས་པ་ཡོད་ཅིང༌། གྲུབ་པ་ཐོབ་པའི་རྣལ་འབྱོར་ལའང་བརྟེན་དུ་ཡོད་ནའང་ལུང་བསྟན་པའི་མི་མོ་གཙོ་ཆེ་བར་བཞེད་དེ། སྤྲུལ་པའི་སྐུ་ཞིང་ལས་སྐྱེས་པའི་མཁའ་འགྲོ་མས་ཕྱག་རྒྱ་བུ་མོ་པདྨ་ཅན་ལ་སོགས་པ་ལུང་བསྟན་པ་འབྱུང་བ་དེ་ཉིད་བཙལ་ལ་ཐོག་མར་དབང་དང་སྔོན་འགྲོའི་རིམ་པས་རྒྱུད་སྦྱངས་ཟིན་པ་དང༌། རང་གི་གནས་གསུམ་འབྲུ་གསུམ་གྱིས་བསྲུང་བ་བྱ། དབེན་པའི་གནས་སུ་རང་ཉིད་མི་བསྐྱོད་པའི་རྣལ་འབྱོར་པ་ཡིན་ན་ཕྱག་རྒྱ་མ་མཱ་ཀིར་བསྐྱེད་པ་སོགས་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་ལྷ་ཡབ་ཡུམ་དུ་བསྐྱེད་པ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་དང་པདྨར་བྱིན་རླབས་སྔགས་ཀྱི་འདུ་ཤེས། ཐབས་ཤེས་ཀྱི་སྙོམས་འཇུག་འདི་ལ་བརྟེན་ནས་སེམས་ཅན་གྱི་དོན་ཏུ་མཆོག་གི་དངོས་གྲུབ་མངོན་དུ་ཐོབ་པར་བྱ་སྙམ་པ་ཆོས་ཀྱི་འདུ་ཤེས། དེ་ལྟར་འདུ་ཤེས་གསུམ་དང་ལྡན་པས་སྙོམས་པར་ཞུགས་པས་ཐབས་ཤེས་གཉིས་ཀའི་རྩ་གནས་ཐམས་ཅད་ནས་བྱང་ཆུབ་ཀྱི་སེམས་ཁམས་དགུའི་དྭངས་མ་རྣམས་རེ་ཞིག་སྤྱི་བོའི་གནས་སུ་འདུ། ཐབས་ཀྱི་ཁམས་དྭངས་མ་ཐིག་ལེ་ཟླ་བས་དབང་དུ་བྱས། ཤེས་རབ་ཀྱི་ཁམས་དྭངས་མ་རཀྟ་ཉི་མས་དབང་དུ་བྱས་ནས་འདུས་པའི་ཐིག་ལེ་སོ་སོའི་རྩ་གསུམ་ནས་རིམ་གྱིས་བབས་ཏེ་ཡས་བབས་ཀྱི་དགའ་བ་བཞི་ཉམས་སུ་མྱོང༌། མཐར་མཆོག་གི་ཟེ་བའི་གནས་སུ་ཐིག་ལེ་ཉི་ཟླ་གཟས་ཟིན་པའི་དུས་སུ་ཁམས་དྭངས་མ་དེ་ཉི་མ་འཆར་ཀའི་འོད་ལྟར་ཁ་དོག་སྣ་ཚོགས་པ་མངོན་དུ་བྱེད། དེའི་ཚེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཐིག་ལེ་གཅིག་པོ་དེའི་ནང་དུ་ལག་མཐིལ་གྱི་རི་མོ་ལ་བལྟས་པ་ལྟར་མཐོང་བར་གྱུར། དེ་ལ་རྒྱུའི་སྐད་ཅིག་མ་དང་། ཟག་བཅས་ཀྱི་བདེ་བ་ཞེས་ཀྱང་བྱ་ཞིང་། ས་བཅུ་གཉིས་པའི་མིང་ཡང་ཐོབ་བོ། །དེ་ནས་ཐབས་ཀྱིས་འདྲེན་པའི་བྱེ་བྲག་རིགས་གསུམ་གྱིས་དང་པོ་གཡས་ནས་གྱེན་དུ་དྲངས། དེ་ནས་གཡོན་ནས་དྲངས། མཐར་དབུས་ནས་དྲངས་པས་ཐབས་ཀྱི་རྒྱུད་དག་པར་འགྱུར་ལ། དེ་བཞིན་དུ་ཤེས་རབ་ལས་ཀྱང་གཡས། གཡོན། དབུས་གསུམ་ནས་རིམ་པར་གྱེན་དུ་དྲངས་པས་ཤེས་རབ་ཀྱི་རྒྱུད་དག་པར་འགྱུར། མཐར་གཉིས་ཀའི་རྒྱུད་དག་པ་ན་ཁམས་དགུའི་དྭངས་མར་གྱུར་པ་དེ་ལ་དལ་བར་རྒྱུ་བའི་རླུང་ཤིན་ཏུ་འབྱོངས་པས་གཉིས་ཀའི་རྩ་དབུ་མ་ནས་གྱེན་ལ་ལྡོག་སྟེ་སྤྱི་བོའི་ཧཾ་གི་གནས་སུ་ཐིམ་པར་འགྱུར། དེའི་དུས་སུ་མས་བརྟན་པའི་དགའ་བ་བཞི་ཉམས་སུ་མྱོང༌། མཐར་རླུང་སེམས་ཐམས་ཅད་དབུ་མར་ཐིམ་པས་ཐབས་ཤེས་གཉིས་ཀའི་རྒྱུད་དུས་གཅིག་ཏུ་གྲོལ་ཏེ་ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་འབྲས་བུ་མངོན་དུ་བྱེད་པར་འགྱུར་རོ། །དེ་རྣམས་ཀྱིས་ལམ་དུས་སུ་ཏིང་ངེ་འཛིན་སྐྱེད་ཅིང་སྦྱོང་བའི་ཁྲིད་ཀྱི་རིམ་པ་བསྟན་ཟིན་ཏོ། །གསུམ་པ་འབྲས་བུ་ནི། སྐུ་གསུམ་ལ་ཡན་ལག་བདུན་ལྡན་དུ་བཞེད་དེ། དེའང་ཆོས་ཀྱི་སྐུ་ལ་རང་བཞིན་མེད་པའི་ཡན་ལག་གཅིག་ཁོ་ན་ཡིན་ལ། དེ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་གྱུར་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཡན་ལག་གསུམ་སྟེ། ཟག་མེད་ཀྱི་བདེ་བས་རྒྱུད་ཚིམས་པ་ཁྱད་པར་ཅན་དང་ལྡན་པ་ནི་བདེ་བའི་ཡན་ལག །ལམ་དུས་སུ་བསྐྱེད་རྫོགས་གཉིས་ལ་མཉམ་རྗེས་གཉིས་གཉིས་ཡོད་ཅིང་འདོད་ཡོན་ཆེད་དུ་མ་སྤངས་པར་ལམ་དུ་ཁྱེར་བ། འབྲས་དུས་སུ་འདོད་ཡོན་གྱི་སྣང་བ་མི་འགག་པར་ཡེ་ཤེས་ཀྱི་སྣང་བར་གྱུར་པའི་ཡུམ་དང་བཅས་པ་ཁ་སྦྱོར་གྱི་ཡན་ལག །མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ལ་སོགས་པ་དཔལ་དུ་འབར་བས་ལོངས་སྤྱོད་རྫོགས་པའི་ཡན་ལག་གོ །སྤྲུལ་པའི་སྐུ་ལ་རྒྱུ་དང་འབྲས་བུ་དགག་སྒྲུབ་ཕྱོགས་ཀྱི་ཡན་ལག་གསུམ་ལས༑ སེམས་ཅན་སུ་ཞིག་འདུལ་བའི་དུས་ལ་བབས། སུ་ནི་མ་བབས་ཞེས་པའི་ཚུལ་གྱིས་རྟག་ཏུ་གཟིགས་པ་ནི་སྙིང་རྗེས་ངེས་པར་གང་བ་སྟེ་རྒྱུའི་ཡན་ལག །འབྲས་བུ་དོན་བྱ་རྒྱུའི་སེམས་ཅན་རྒྱུན་མི་འཆད་ཅིང་དོན་མི་མཛད་པ་མི་སྲིད་པས་འགོག་པ་མེད་པ་སྟེ་དགག་ཕྱོགས་ཀྱི་ཡན་ལག །འདུལ་བྱེད་རྒྱུན་མི་འཆད་པས་རྟག་ཏུ་སེམས་ཅན་གྱི་དོན་མཛད་པ་ཁོ་ནར་ངེས་པས་རྒྱུན་མི་འཆད་པ་སྟེ་སྒྲུབ་ཕྱོགས་ཀྱི་ཡན་ལག་གོ ༑དེ་རྣམས་ཀྱིས་འབྲས་བུ་ཡེ་ཤེས་ཀྱི་ཚུལ་རྣམས་བསྟན་པ་སྟེ། དེ་དག་གིས་བསམ་མི་ཁྱབ་པའི་ཁྲིད་རིམ་རྒྱུ་ལམ་འབྲས་བུ་གསུམ་གྱི་ཁོངས་སུ་བསྡུས་པ་རྣམས་ལེགས་པར་གྲུབ་བོ། །ཤེས་རབ་མཐར་ཐུག་བསམ་མི་ཁྱབ། །གཉིས་མེད་ཤེས་པས་མྱུར་རྟོགས་ཏེ། །ཡོན༵་ཏན༵་ཡོངས་རྫོགས་སྐུ་གསུམ་མཆོག །ཡེ་ཤེས་རྒྱ༵་མཚོ༵་འགྲུབ་པར་ཤོག །དཔལ་ཏོག་རྩེ་པས་མཛད་པའི་བསམ་གྱིས་མི་ཁྱབ་པའི་ཁྲིད་ཀྱི་ལེ་ཚན་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།།     །།  
}}
}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 01:18, 15 October 2025

Fortunate Pure Crystal Mirror: The Instruction Manual of Śrī Koṭalipa’s Inconceivable DNZ-06-CHA-016.pdf
Rigpe Dorje Publications, 2024
Wylie title tog tse pa'i bsam gyis mi khyab pa'i khrid yig bkra shis dwangs shel me long
Location gdams ngag rin po che'i mdzod
Volume 6, Text 16, Pages 315-344 (Folios 1a1 to 15b6)
Author འཇམ་མགོན་ཀོང་སྤྲུལ་
Citation 'jam mgon kong sprul. Tog tse pa'i bsam gyis mi khyab pa'i khrid yig bkra shis dwangs shel me long. In Gdams ngag rin po che'i mdzod, Vol. 6: 315-344. Kalimpong: Rigpe Dorje Publications, 2024. DNZ-Shechen-06-CHA-015.pdf
Shechen Publications, 1999
Side notes Recto: tog tse'i khrid yig   Verso: sa skya'i skor
More details More details
Associated People (Kuddālapāda)
Genre Contemplative Guide Books and Instructional Manuals - khrid yig
Colophon

།དཔལ་ཏོག་རྩེ་པས་མཛད་པའི་བསམ་གྱིས་མི་ཁྱབ་པའི་ཁྲིད་ཀྱི་ལེ་ཚན་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།།

dpal tog rtse pas mdzad pa'i bsam gyis mi khyab pa'i khrid kyi le tshan rje bla ma rin po che'i bka' bzhin blo gros mtha' yas kyis bgyis pa dge legs 'phel//

[edit]
༄༅། །ཏོག་ཙེ་པའི་བསམ་གྱིས་མི་ཁྱབ་པའི་ཁྲིད་ཡིག་བཀྲ་ཤིས་དྭངས་ཤེལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །