DNZ-06-CHA-016 and DNZ-06-CHA-017: Difference between pages

From Damngak Dzö
(Difference between pages)
DNZ-06-CHA-016
No edit summary
 
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=ཏོག་ཙེ་པའི་བསམ་གྱིས་མི་ཁྱབ་པའི་ཁྲིད་ཡིག་བཀྲ་ཤིས་དྭངས་ཤེལ་མེ་ལོང་།
|fulltitletib=ཨིནྡྲ་བྷཱུ་ཏིའི་ཕྱག་རྒྱའི་ལམ་གྱི་ཁྲིད་ཡིག་བཀྲ་ཤིས་དུང་དཀར་གཡས་འཁྱིལ།
|fulltitle=tog tse pa'i bsam gyis mi khyab pa'i khrid yig bkra shis dwangs shel me long
|fulltitle=in+d+ra b+hU ti'i phyag rgya'i lam gyi khrid yig bkra shis dung dkar g.yas 'khyil
|fulltitletrans=Fortunate Pure Crystal Mirror: The Instruction Manual of Śrī Koṭalipa’s Inconceivable
|fulltitletrans=Fortunate Right-Turning White Conch: The Manual of Indrabhūti's Path of the Mudra
|citation='jam mgon kong sprul. ''Tog tse pa'i bsam gyis mi khyab pa'i khrid yig bkra shis dwangs shel me long''. In ''Gdams ngag rin po che'i mdzod'', Vol. 6: 315-344. Kalimpong: Rigpe Dorje Publications, 2024.
|citation='jam mgon kong sprul. ''In+d+ra b+hU ti'i phyag rgya'i lam gyi khrid yig bkra shis dung dkar g.yas 'khyil''. In ''Gdams ngag rin po che'i mdzod'', Vol. 6: 345-365. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitle=gdams ngag rin po che'i mdzod
|collectiontitle=gdams ngag rin po che'i mdzod
|author='jam mgon kong sprul
|author='jam mgon kong sprul
|compiler='jam mgon kong sprul
|compiler='jam mgon kong sprul
|associatedpeople=Kuddālapāda
|associatedpeople=Indrabhūti
|tibgenre=Contemplative Guide Books and Instructional Manuals - khrid yig
|tibgenre=Contemplative Guide Books and Instructional Manuals - khrid yig
|terma=No
|terma=No
Line 19: Line 19:
|volyigtib=ཆ
|volyigtib=ཆ
|totalvolumes=18
|totalvolumes=18
|textnuminvol=016
|textnuminvol=017
|pagenumbers=315-344
|pagenumbers=345-365
|totalpages=30
|totalpages=21
|beginfolioline=1a1
|beginfolioline=1a1
|endfolioline=15b6
|endfolioline=11a3
|totalfolios=15
|totalfolios=11
|multivolumework=No
|multivolumework=No
|rectonotes=tog tse'i khrid yig
|rectonotes=phyag rgya'i lam khrid
|versonotes=sa skya'i skor
|versonotes=sa skya'i skor
|colophontib=།དཔལ་ཏོག་རྩེ་པས་མཛད་པའི་བསམ་གྱིས་མི་ཁྱབ་པའི་ཁྲིད་ཀྱི་ལེ་ཚན་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།།
|colophontib=།ཅེས་ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཁྲིད་སྲོལ་རྣམས་རིགས་བརྒྱའི་ཁྱབ་བདག་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས། རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་ཡིག་དང་ཇོ་ནང་ཁྲིད་བརྒྱ་མ་བུ་སྦྱར་བའི་མདོར་བསྟན་རྒྱས་བཤད་དོན་བསྡུས་ཀྱི་ཚུལ་དུ་བཀའ་དྲིན་ཏུ་ཐོབ་པའི་ཕྱིས་ཤིག་དག་སྣང་གཟིགས་པའི་དགོངས་པ་ཁྱད་པར་ཅན་ལ་བརྟེན། ཁྲིད་ཡིག་འབྲི་དགོས་པའི་བཀའ་ནན་ཕེབ་ཀྱང་དོན་ཏུ་འགྱུར་མིན་སོམ་ཉིའི་དབང་གིས་ཡུན་རིང་དུ་ལུས། ཕྱིས་སུ་རྗེ་དེ་ཉིད་ཀྱི་དགོངས་པ་སྐོང་བའི་ཆེད་དུ་མདོར་རྒྱས་འཚམས་པར་རྒྱལ་བསྟན་རིས་སུ་མ་ཆད་པ་ལ་དད་པའི་བློ་ཅན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པའི་ཡི་གེའི་འདུ་བྱེད་ཉེ་བར་གནས་པའི་བློ་གསལ་གསང་སྔགས་བསྟན་འཛིན་གྱིས་བགྱིས་པ་དགེ་ལེགས་འཕེལ།།
|colophonwylie=dpal tog rtse pas mdzad pa'i bsam gyis mi khyab pa'i khrid kyi le tshan rje bla ma rin po che'i bka' bzhin blo gros mtha' yas kyis bgyis pa dge legs 'phel//
|colophonwylie=ces lam skor phyi ma brgyad kyi khrid srol rnams rigs brgya'i khyab bdag thams cad mkhyen gzigs 'jam dbyangs mkhyen brtse'i dbang po'i zhal snga nas/_rje btsun grags pas mdzad pa'i khrid yig dang jo nang khrid brgya ma bu sbyar ba'i mdor bstan rgyas bshad don bsdus kyi tshul du bka' drin tu thob pa'i phyis shig dag snang gzigs pa'i dgongs pa khyad par can la brten/_khrid yig 'bri dgos pa'i bka' nan pheb kyang don tu 'gyur min som nyi'i dbang gis yun ring du lus/_phyis su rje de nyid kyi dgongs pa skong ba'i ched du mdor rgyas 'tshams par rgyal bstan ris su ma chad pa la dad pa'i blo can karma ngag dbang yon tan rgya mtsho'am blo gros mtha' yas pa'i sdes dpal spungs yang khrod tsA 'dra rin chen brag gi sgrub gnas su bgyis pa'i yi ge'i 'du byed nye bar gnas pa'i blo gsal gsang sngags bstan 'dzin gyis bgyis pa dge legs 'phel//
|shechendnz=DNZ-Shechen-06-CHA-015
|shechendnz=DNZ-Shechen-06-CHA-016
|tsadradnztrans=DNZ-Tsadra-06-015
|tsadradnztrans=DNZ-Tsadra-06-016
|pdflink=File:DNZ-06-CHA-016.pdf
|pdflink=File:DNZ-06-CHA-017.pdf
|authortib=འཇམ་མགོན་ཀོང་སྤྲུལ་
|authortib=འཇམ་མགོན་ཀོང་སྤྲུལ་
|InitCategories=Damngak Rinpoché Dzö; DNZ-Volume-06-CHA
|InitCategories=Damngak Rinpoché Dzö; DNZ-Volume-06-CHA
Line 38: Line 38:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༄༅།  །ཏོག་ཙེ་པའི་བསམ་གྱིས་མི་ཁྱབ་པའི་ཁྲིད་ཡིག་བཀྲ་ཤིས་དྭངས་ཤེལ་མེ་ལོང་ཞེས་བྱ་བ་བཞུགས་སོ།
{{TibP|༄༅།  །ཨིནྡྲ་བྷཱུ་ཏིའི་ཕྱག་རྒྱའི་ལམ་གྱི་ཁྲིད་ཡིག་བཀྲ་ཤིས་དུང་དཀར་གཡས་འཁྱིལ་ཞེས་བྱ་བ་བཞུགས་སོ།

༄༅།  །ན་མོ་གུ་རུ་བཛྲ་དྷ་ར་པཱ་དཱ་ཡ། གྲུབ་པའི་སློབ་དཔོན་རྣམ་དགུ་དང༌། །དབྱེར་མེད་རྗེ་བཙུན་གོང་མ་ལྔ། །གཅིག་བསྡུས་མཁྱེན་བརྩེའི་དབང་པོར་འདུད། །བསམ་མི་ཁྱབ་པའི་བསྒོམ་རིམ་དགོད། །དེའང་ལམ་སྐོར་ཕྱི་མ་བརྒྱད་དུ་གྲགས་པ་འདི་ལ་ཞིབ་མོར་དབྱེ་ན་བདེ་ཀྱེ་གསང་གསུམ་གྱི་རྫོགས་རིམ་དུ་འགྲོ་བ་དྲུག །རྒྱུད་སྡེ་སྤྱི་དང་འབྲེལ་བ་གཉིས་བཅས་བཞུགས་པ་ལས། ཌོམྦི་པའི་ལྷན་ཅིག་སྐྱེས་གྲུབ་དང༌། མཚོ་སྐྱེས་ཞབས་ཀྱི་ཟབ་པའི་ཚུལ་དགུ་གཉིས་ནི་ཀྱེ་རྡོར་འགྲེལ་པ་ལུགས་དང་༑ མཚོ་སྐྱེས་ལུགས་ཀྱི་རྫོགས་རིམ་དངོས་ཡིན་ལ། གཏུམ་མོ་ལམ་རྫོགས་དང་། ཡོན་པོ་སྲོང་བ་གཉིས་ནི་བདེ་མཆོག །མཆོད་རྟེན་དྲུང་ཐོབ་གསང་འདུས་མི་བསྐྱོད་པ། ཡི་གེ་མེད་པ་ཡེ་ཤེས་ཞབས་ལུགས་དང་འབྲེལ་ཞིང༌། བསམ་མི་ཁྱབ་པ་དང་། ཨིནྡྲ་བྷཱུ་ཏིའི་ལམ་སྐོར་བླ་མེད་སྤྱིའི་རྫོགས་རིམ་དུ་འགྱུར་བ་སྟེ། དེ་དག་གི་སྨིན་བྱེད་སྤྱི་བབས་ནས་སོ་སོ་དང་འབྲེལ་བའི་རྒྱུད་སྡེ་རྣམས་དགོས་པར་སྣང་མོད། འདིར་དམིགས་བསལ་བརྒྱུད་པའི་བབས་སོའི་དབང་གིས་ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་གིས་ཐམས་ཅད་ཀྱི་སྨིན་བྱེད་དུ་གོ་ཆོད་པར་མཛད་ཅིང་། ལམ་སྐོར་བརྒྱད་པོའང་གསུང་ངག་རིན་པོ་ཆེའི་རྗེས་འབྲེལ་དུ་འཇོག་པ་ཡིན་ནོ༑ ༑དེ་ལ་དང་པོ་ཏོག་རྩེ་པས་མཛད་པའི་བསམ་མི་ཁྱབ་པའི་ཁྲིད་འཆད་པ་ལ་གཉིས། ཡིད་ཆེས་ཤིང་ཁུངས་བཙུན་པར་སྟོན་པ་བརྒྱུད་པ་གང་ལས་བྱུང་བ་དང༌། དེ་ལས་བརྒྱུད་པའི་གདམས་ངག་དངོས་བསྟན་པའོ། །དང་པོ་ནི། རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་གིས་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མར་བསྟན་ཏེ་ཨོ་ཌི་བི་ཤའི་ཡུལ་དུ་གྲུབ་པའི་སློབ་དཔོན་ཆེན་པོ་རྟ་མཆོག་ལ་དབང་བསྐུར་ཞིང་བསམ་གྱིས་མི་ཁྱབ་པ་ལྔའི་གདམས་པ་སྩལ། དེ་ནས་རིམ་བཞིན་སློབ་དཔོན་བཱི་ན་ས༑ རྒྱལ་པོ་ཨིནྡྲ་བྷཱུ་ཏི། ལྕམ་ལེགས་སྨིན། སྒེག་པའི་རྡོ་རྗེ། གུནྡྷི་རི་པ། པདྨ་བཛྲ་ཆུང་བ། དཔལ་ལྡན་ཆོས་ཀྱི་སྡེ། བྷ་དྲ་བ། ཏོག་རྩེ་པ་སྟེ་ཨོ་རྒྱན་ཡུལ་གྱི་གྲུབ་ཐོབ་ཆེན་པོ་བཅུ་ཕྲག་གི་བར་དུ་རིམ་པར་བརྒྱུད། ཏོག་རྩེ་པས་བསམ་གྱིས་མི་ཁྱབ་པའི་རིམ་པ་ཕྱག་རྒྱ་ཆེན་པོ་གྲུབ་པ་ཞེས་བྱ་བའི་གཞུང་མཛད། དེ་ནས་ཤིང་ལོ་པ། ཀརྞ་པ། དཔའ་བོ་རྡོ་རྗེ་ལ་བརྒྱུད། དེ་ནས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་གསན། དེ་ནས་སེ་སྟོན་ཀུན་རིག །དགོན་པ་བ་ཆོས་འབར། ས་ཆེན་ཀུན་དགའ་སྙིང་པོ་ནས་བརྒྱུད་པའི་ཟམ་མ་ཆད་པར་བྱོན་ཏེ། ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་གདམས་ངག་བཀའ་སྲོལ་གྱི་ཆུ་རྒྱུན་རྣམས་ལྷན་ཅིག་ཏུ་བབས་པའོ། །གཉིས་པ་གདམས་ངག་དངོས་ལ་གསུམ། རྒྱུ་དུས་སུ་ལྟ་བ་གཏན་ལ་དབབ་པ། ལམ་དུས་སུ་ཏིང་ངེ་འཛིན་སྐྱེད་ཅིང་སྦྱོང་བ། འབྲས་བུའི་དུས་སུ་ཡེ་ཤེས་མངོན་དུ་འགྱུར་བ་རྣམས་ཀྱིས་གང་ཟག་གཅིག་ཚེ་གཅིག་ལ་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བར་བསྟན་པ་ཡིན་ནོ། །དེའི་དང་པོ་ལྟ་བ་གཏན་ལ་ཕབ་ནས་གདམས་ངག་གི་གཞི་དགོད་པ་ལ་བཞི། གདམས་ངག་གི་རྟེན་བཅའ་བ། དེས་ཤེས་པར་བྱེད་པའི་དུས༑ འཇལ་བར་བྱེད་པའི་བསམ་པ། གཏན་ལ་འབེབས་པའི་ཚད་མའོ། །དེ་རེ་རེ་ལའང་ནང་གསེས་སུ་དབྱེ་ན་བཅུ་གཉིས་སུ་འགྱུར་ཏེ། དང་པོ་རྟེན་བཅའ་བ་ལ་ལུས་ངག་ཡིད་གསུམ་ལས། ལུས་རགས་པ་དབང་རྟེན་ཁོག་པ་དང་བཅས་པ། ཕྲ་བ་ནང་གི་རྩའི་གཙོ་མོ་གསུམ། ངག་རགས་པ་སྨྲ་བ་དང་དགོད་པ་ལ་སོགས་པའི་ཐ་སྙད་གདགས་སུ་རུང་བ། ཕྲ་བ་རླུང་ལྡང་འཇུག་གནས་པ་གསུམ་དང༌། ཡིག་འབྲུ་གསུམ་གྱི་གདངས། སེམས་ལ་རྟེན་ཁམས་དགུའི་དྭངས་མ་བྱང་ཆུབ་སེམས་ཀྱི་བདུད་རྩིར་དྭངས་པའི་རྩ་ལ་གནས་པ། བརྟེན་པ་རང་རིག་པའི་ཡེ་ཤེས་འོད་གསལ་བའོ། །དེའང་ལུས་ངག་གི་རང་བཞིན་སེམས་ཡིན་ལ། སེམས་ལུས་ངག་ལ་བརྟེན་ཏེ་གནས་པས་ཇི་སྲིད་ལུས་སེམས་མ་བྲལ་བར་དུ་ལུས་ངག་ཡིད་གསུམ་གཅིག་ལ་གཅིག་བརྟེན་ཏེ་ངོ་བོ་གཅིག་པ་ཡིན་པའི་ཕྱིར། སེམས་གཅིག་པུ་གཏན་ལ་ཕབ་པས་ལུས་ངག་གཉིས་པོ་སེམས་སུ་མ་གཏོགས་པའི་ཆོས་གཞན་མེད་པས་ཤུགས་ཀྱིས་གཏན་ལ་ཕེབས་པར་འགྱུར་རོ། །དེ་ལ་སེམས་གཏན་ལ་དབབ་པ་ལ་ངོ་བོའི་ཆ་ནས་དབྱེ་བ་མེད་ཀྱང་། ལྡོག་པའི་ཆ་ནས་བསམ་གྱིས་མི་ཁྱབ་པ་རྣམ་པ་ལྔ་སྟེ༑ མཚན་ཉིད་བསམ་གྱིས་མི་ཁྱབ་པ་མ་འདྲེས་ལ་ཡོངས་སུ་རྫོགས་པ་སྟེ། ཐམས་ཅད་སེམས་ཀྱི་མྱོང་རིག་གཅིག་པས་རིགས་གཅིག་ཀྱང་ངོ་བོ་ཉིད་ལ་རྟོགས་ལུགས་མི་འདྲ་བའི་སྒོ་ནས། ཕྱི་རོལ་མུ་སྟེགས་པའི་ལམ་དང༌༑ ནང་པ་སངས་རྒྱས་པའི་ལམ། དེ་དག་ལ་སོ་སོའི་འདོད་ཞེན་གྱིས་བརྟགས་པའི་གྲུབ་མཐའ་སྣ་ཚོགས་སུ་སྣང་བའོ། །ཡོན་ཏན་བསམ་གྱིས་མི་ཁྱབ་པ་དཔེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་ངོ་བོ་གཅིག་པུ་ལ་ཐབས་ཀྱི་རྐྱེན་འཕྲད་པས་གང་ལ་གང་དགོས་སུ་འབྱུང་བ་དང༌། ཉི་མའི་དཀྱིལ་འཁོར་ལྟར་ངོ་བོ་གཅིག་ལ་ཡུལ་རྐྱེན་གྱིས་འཆར་ལུགས་མི་འདྲ་བ་དུ་མ་འབྱུང་བའོ། །དེའང་ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བར་གདུལ་བྱའི་ཁམས་དང་དབང་པོའི་བྱེ་བྲག་དང་མཐུན་པར་ལམ་དང་གྲུབ་མཐའ་ལ་སོགས་པ་སྣ་ཚོགས་སུ་སྣང་བ་ནི་ཉི་མའི་དཀྱིལ་འཁོར་ནམ་མཁའ་ཁོ་ན་ལ་འཆར་ཡང་། རང་རང་གིས་མཐོང་བའི་ཡུལ་དུ་ནི་རི་བོའི་རྩེ་མོ་ཁོ་ན་ལས་འཆར་ཞིང་ནུབ་པ་ལྟ་བུའོ། །ནུས་པའི་མཐུ་བསམ་གྱིས་མི་ཁྱབ་པ་མ་བཅིངས་ལ་མ་གྲོལ་བ་སྟེ་སེམས་ལ་དགེ་བ་སྐྱེད་པའི་ནུས་པ་ངོ་བོ་ཉིད་ཀྱིས་གནས་པས་མ་བཅིངས་ཤིང་རྐྱེན་དང་མ་འཕྲད་ན་མི་འབྱུང་བས་མ་གྲོལ་བ། དཔེར་ན་ཏིལ་ལ་བཙིར་བའི་རྐྱེན་དང་འཕྲད་ན་མར་ཁུ་འབྱུང་ལ། མ་འཕྲད་ན་མི་འབྱུང་བ་ལྟ་བུའོ། །དེ་དག་ནི་སེམས་གཅིག་ཉིད་ལ་རྒྱུ་དང་། ལམ་དང་། འབྲས་བུ་ཐམས་ཅད་པར་སྣང་བས་བསམ་དུ་མི་ལོངས་པས་བསམ་གྱིས་མི་ཁྱབ་སྟེ་ཐབས་ཀྱི་ཕྱོགས་སོ། །རང་བཞིན་བསམ་གྱིས་མི་ཁྱབ་པ་མཚན་ཉིད། ཡོན་ཏན། ནུས་མཐུ་གསུམ་ཀའང་དོན་དམ་པར་རྒྱུ་དང་། རང་གི་ངོ་བོ་དང་། འབྲས་བུ་གསུམ་གྱིས་སྟོང་པ༑ དཔེར་ན་ནམ་མཁའ་སྟོང་པ་ལྟ་བུ་རྒྱུ་དང་འབྲས་བུ་སོགས་གང་ཡང་བསམ་པས་མི་རྙེད་པས་བསམ་གྱིས་མི་ཁྱབ་སྟེ་ཤེས་རབ་ཀྱི་ཕྱོགས་སོ། །ངོ་བོ་བསམ་གྱིས་མི་ཁྱབ་པ་མ་བྲལ་ལ་མི་ལྡན་པ་སྟེ། ཆོས་གཅིག་ལ་འགལ་བ་ལྟ་བུའི་ཆོས་གཉིས་མི་གནས་པས་མ་བྲལ་བ་ཡིན་ལ། རིག་པས་བརྟག་ཅིང་ཞིབ་མོར་དཔྱད་ན་གང་དུའང་གྲུབ་པར་མི་རྙེད་པས་མི་ལྡན་པ་དེ་ནི་བསམ་དུ་མི་འདོད་པས་བསམ་གྱིས་མི་ཁྱབ་སྟེ་ཟུང་འཇུག་གོ །ཟུང་འཇུག་ཅེས་པ་ཡོད་མེད་གཉིས་འདྲེས་པའམ། གཅིག་གཉིས་སུ་བསྒོམ་པའམ། ཕྱོགས་གཅིག་ཡོད་ལ་ཕྱོགས་གཅིག་མེད་པའམ། གཉིས་གཅིག་ཏུ་བསྡོམ་པ་ལྟ་བུའི་དོན་མ་ཡིན་ཏེ། ཐབས་ཀྱི་བསམ་པས་བཙལ་ན་ཐམས་ཅད་ཡོད་ལ། ཤེས་རབ་ཀྱི་བསམ་པས་བཙལ་ན་ཐམས་ཅད་མེད་པར་འདུག་པས་གཉིས་སུ་བྱར་མེད་པ་ཙམ་ལ་གཉིས་མེད་ཟུང་འཇུག་ཅེས་བྱ་བ་སྟེ། ཤེས་བརྗོད་ཐམས་ཅད་ཀྱི་ཡུལ་ལས་འདས་པའོ། །འདི་ལ་གནས་ལུགས་ངོ་བོའི་ཆ་ནས་མེད་པ་རྣམ་པ་དྲུག་ཏུ་གསུངས་ཏེ། སེམས་ལ་དངོས་པོའི་ཆོས་རྡུལ་ཙམ་ཡང་མ་གྲུབ་པས་རྒྱུ་ཡིས་བསྐྱེད་པ་མེད། སེམས་འདུས་མ་བྱས་ཡིན་པས་འདུས་བྱས་ཀྱི་རྐྱེན་གྱིས་འཇིག་པ་མེད། ངོ་བོ་ཉིད་མཐའ་ཐམས་ཅད་དང་བྲལ་བས་དཔེས་མཚོན་ཏུ་མེད། སེམས་ལ་ཆ་ཤས་སུ་དབྱེ་བ་མེད་པས་གཉེན་པོས་སྤང་བླང་མེད། སེམས་ཀྱི་ངོ་བོ་ལམ་སྦྱངས་པས་བཟང་དུ་མི་འགྲོ་བས་ལམ་གྱིས་སྦྱང་དུ་མེད། སེམས་ཀྱི་དབྱིངས་སུ་འཁོར་འདས་ཀྱི་ཆོས་ལ་ཁྱད་པར་མེད་པས་འབྲས་བུ་ལ་རེ་དོགས་མེད་དོ། །རྣལ་འབྱོར་པས་ལམ་ཉམས་སུ་ལེན་པའི་དུས་ན་ཡོད་པ་རྣམ་དྲུག་གིས་ལམ་དུ་བྱ་དགོས་ཏེ། དབང་གསུམ་པ་སོགས་ཉམས་མྱོང་ལས་སྐྱེས་པས་རྒྱུ་ཡིས་བསྐྱེད་པ་ཡོད། བྱིང་རྒོད་ལ་སོགས་པའི་རྐྱེན་གྱིས་འཇིག་པ་ཡོད། གཟུགས་བརྙན་དང་ནམ་མཁའ་ལ་སོགས་པའི་དཔེས་མཚོན་དུ་ཡོད། རྣམ་རྟོག་སྤང་ཞིང་མི་རྟོག་པ་སྐྱེ་བས་སྤང་བླང་ཡོད། བོགས་འབྱིན་གྱི་ཐབས་ཀྱིས་ཏིང་ངེ་འཛིན་གོང་དུ་འཕེལ་བས་ལམ་གྱིས་སྦྱང་དུ་ཡོད། མཆོག་འགྲུབ་རབ་ཚེ་གཅིག འབྲིང་བར་དོ། ཐ་མ་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་གྱིས་འབྲས་བུ་ཐོབ་པར་འགྱུར་བས་རེ་དོགས་ཡོད་དོ། །འདི་ལ་མིང་གི་རྣམ་གྲངས་ཀྱང་དུས་གསུམ་འགྱུར་བ་མེད་པ་དེ་བཞིན་ཉིད། མ་བཅོས་པའི་དོན་གྱིས་དངོས་པོའི་གནས་ལུགས། གདོད་ནས་རང་བཞིན་གྱིས་གནས་པས་སྔོན་དུ་གྲུབ་པའི་ཆོས་ཉིད། འཁོར་འདས་ཐམས་ཅད་ལ་བཟང་ངན་མེད་པར་ཁྱབ་པས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས། འཁོར་འདས་ཀྱི་འབྲས་བུ་སྟོན་པས་སློབ་དཔོན་སེམས་ཀྱི་རྒྱལ་པོ་ཞེས་བྱ་སྟེ། དེ་རྣམས་ཀྱང་རྟོགས་བྱའི་ཡེ་ཤེས། རྟོགས་པའི་ལྟ་བ། སོ་སོ་རང་གིས་རིག་པ། ཆོས་ཚུལ་བཞིན་ཡིད་ལ་བྱེད་པ། རྣལ་འབྱོར་པའི་ས་དང་པོ་རྣམས་ལ་རིམ་པར་སྦྱར་ཏེ་འདི་ནས་ལམ་སྣ་ཟིན་པར་གསུངས་སོ། །གཉིས་པ་ཤེས་པར་བྱེད་པའི་དུས་ལ་གསུམ། རྒྱུ་དང་། ལམ་དང་། འབྲས་བུའི་དུས་སོ། །དང་པོ་རྒྱུར་གནས་པ་སེམས་ཅན་གྱི་དུས་སུ་ལུས་རྩའི་དྲྭ་བ། ངག་ལས་ཀྱི་རླུང༌། སེམས་རྣམ་རྟོག་གི་འདུ་འཕྲོ་གྲངས་མེད་པ། གསུམ་ཀའང་སེམས་ཀྱི་རྣམ་པར་རྟོག་པས་བསྡུས་པའི་ཕྱིར་རྣམ་རྟོག་བསམ་གྱིས་མི་ཁྱབ་པའོ། །གཉིས་པ་ལམ་ཉམས་སུ་ལེན་པའི་དུས་སུ་ཐོག་མར་དབང་གསུམ་པའི་མཚོན་དོན་དང་། ནམ་མཁའ་ལ་སེམས་བཟུང་བའི་གདམས་པ་ལ་སོགས་པས་སེམས་ཟིན་ཏེ་ལྕགས་ལ་གསེར་འགྱུར་གྱི་རྩིས་རེག་པ་ལྟར་རྒྱུ་དུས་ཀྱི་སྒོ་གསུམ་བྱིན་གྱིས་བརླབས་ཏེ། ལུས་ལྡང་བ་ཡང་བ་དང་། དྲོད་དང་། བདེ་བ་སྐྱེ། ངག་སྨྲ་བ་དང་༑ དགོད་པ་དང་། ཤུགས་འབྱུང་གི་ཚིག་སྣ་ཚོགས་འབྱུང༌། སེམས་ལ་ཐབས་དང་། ཤེས་རབ་དང་། ཟུང་འཇུག་གི་ཏིང་ངེ་འཛིན་རྣམས་སྐྱེ། གསུམ་ཀའང་ཏིང་ངེ་འཛིན་གྱིས་བསྡུས་པའི་ཕྱིར་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པའོ། །གསུམ་པ་འབྲས་བུ་མཐར་ཕྱིན་པའི་དུས་སུ་སྒོ་གསུམ་ཡེ་ཤེས་ཀྱི་རང་བཞིན་དུ་སྨིན་པ་སྟེ་ལུས་འཇའ་ཚོན་ལྟར་སྣང་ལ་རང་བཞིན་མེད་པར་གདུལ་བྱའི་བསམ་ངོ་ལ་སྐུ་དུ་མར་སྣང་བ། ངག་མི་ཤིགས་པ་ནཱ་དའི་རང་གདངས་འགྲོ་བའི་མོས་པ་དང་མཐུན་པའི་ཆོས་སྒོ་མཐའ་ཡས་པ་འབྱུང་བ། སེམས་ཀྱིས་ཤེས་བྱ་ཇི་སྙེད་པ་དང་ཇི་ལྟ་བ་དང་ཐམས་ཅད་སྐད་ཅིག་གིས་མཁྱེན་པར་འགྱུར་བ་སྟེ་ཐམས་ཅད་ཀྱང་ཡེ་ཤེས་ཀྱིས་བསྡུས་པའི་ཕྱིར་ཡེ་ཤེས་བསམ་གྱིས་མི་ཁྱབ་པའོ། །གསུམ་པ་འཇལ་བར་བྱེད་པའི་བསམ་པ་ལ་གསུམ། ཐབས་དང་། ཤེས་རབ་དང་། ཟུང་འཇུག་གོ །དང་པོ་ཐབས་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པའི་བསམ་པ་མྱོང་ཚོད་ཀྱི་ཤེས་པས་བཙལ་ན། ཤེས་བྱའི་མཚན་ཉིད། ཡོན་ཏན། ནུས་མཐུ་ཐམས་ཅད་དུ་སྣང་ཞིང་ཡོད། ཤེས་རབ་དོན་དམ་པའི་བདེན་པ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ལ་དམིགས་པའི་བསམ་པས་བཙལ་ན་རྒྱུ། ལམ། འབྲས་བུར་སྣང་བ་ཐམས་ཅད་ཀྱིས་སྟོང་ཞིང་མེད། ཐབས་ཤེས་རབ་གཉིས་སུ་མེད་པའི་ངོ་བོ་ཉིད་ལ་དམིགས་པའི་བསམ་པས་བཙལ་ན། ཡོད་མེད་གང་ལ་དཔྱད་ཅིང་བརྟགས་ནས་བཙལ་ཡང་མི་རྙེད་པས་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པས་ཟུང་འཇུག་བསམ་གྱིས་མི་ཁྱབ་པའོ། །བཞི་པ་གཏན་ལ་འབེབས་པའི་ཚད་མ་ལ་གསུམ། བདེ་བར་གཤེགས་པའི་བཀའ། ཡང་དག་པའི་ལུང༌། རྣལ་འབྱོར་པའི་ཉམས་མྱོང་ངོ་། །དང་པོ་ནི། རྒྱལ་བས་གསུངས་པའི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དོན་དང་མཐུན་ཅིང་ཕྱིན་ཅི་མ་ལོག་པའོ། །གཉིས་པ་ནི། གྲུབ་པའི་སློབ་དཔོན་རྟ་མཆོག་ནས་བཟུང་དངོས་ཀྱི་བླ་མ་རྡོ་རྗེ་སློབ་དཔོན་གྱི་བར་དུ་བརྒྱུད་ཅིང་ཉམས་ཀྱི་མན་ངག་སེལ་མ་ཞུགས་པའོ། །གསུམ་པ་ནི། རྣལ་འབྱོར་པ་བདག་ཉིད་ཀྱིས་མཉམ་པར་བཞག་པས་ཐབས། ཤེས་རབ། ཟུང་འཇུག་གསུམ་གྱིས་ཉམས་སྐྱེས། དེ་ཉིད་རྗེས་སུ་དྲན་པས་ཆོས་ཉིད་ལ་ཡིད་ཆེས་ཀྱི་ངེས་པ་སྐྱེས་པའོ། །དེ་དག་རྣམས་ནི་གདམས་ངག་གི་གཞི་དགོད་པ་བཅུ་གཉིས་ཞེས་བྱ་སྟེ། རྒྱུ་དུས་སུ་ལྟ་བ་གཏན་ལ་དབབ་པའི་ཚུལ་ཡིན་པས་རྟོག་དཔྱོད་གཉིས་ཀྱིས་བསམ་པའི་སྒོ་ནས་ཐོག་མར་ངེས་ཤེས་བསྐྱེད་ཅིང་ཁོང་དུ་ཆུད་པར་བྱ་དགོས་སོ། །རྣལ་འབྱོར་པ་རྣམས་ལ་དུག་རྣམ་པ་གཉིས་ཀྱིས་སྒྲིབ་པར་བྱེད་པ་ལ། འདིས་ནི་ངོ་བོ་ཉིད་མ་རྟོགས་པས་དངོས་པོ་དང་མཚན་མ་རང་རྒྱུད་པར་ཞེན་པ་མ་རིག་པའི་དུག་དང་བྲལ་བར་བྱེད་པའོ། །རྩ་བའི་གཉིས་པ་ལམ་དུས་སུ་ཏིང་ངེ་འཛིན་བསྐྱེད་ཅིང་སྦྱང་བར་བྱ་དགོས་ཏེ། རྒྱུར་གནས་པའི་དུས་ཐ་མལ་གྱི་རྣམ་རྟོག་རྒྱུན་ཆགས་སུ་འབྱུང་བ་དེ་རྣམ་པར་རྟོག་པ་རྩོལ་བའི་དུག་ཅེས་བྱ་བ་ངོ་བོ་ཉིད་སྒྲིབ་བྱེད་ཡིན་པའི་ཕྱིར་རོ། །འདི་ལ་དོན་བདུན། ཐོག་མར་སེམས་བཟུང་བ། བར་དུ་དེ་ཁོ་ན་ཉིད་ལ་བློ་བཞག་པ། སྤྱོད་ལམ་ཐམས་ཅད་དུ་གོམས་པར་བྱ་བ། བསམ་གཏན་གྱི་གེགས་བྱིང་རྒོད་བསལ་བ། བོགས་འབྱིན་བརྒྱད་ཀྱིས་བོགས་དབྱུང་བ། སེམས་ཉམས་ཀྱི་དྲོད་རྟགས་དང་སྦྱར་བ། མཐར་ཕྱག་རྒྱ་ལ་བརྟེན་པའི་སྤྱོད་པས་འབྲས་བུ་དང་མཚམས་སྦྱར་བའོ། །དང་པོ་ལ་བསམ་གཏན་གྱི་སྔོན་དུ་འགྲོ་བ་ནི། དབེན་པའི་གནས་སུ་གཅིག་པུར་འདུག །ན་སོ་རྒན་པ། ནམ་ཟླ་སྟོན་དཔྱིད། ནད་ཁྲག་མཁྲིས་ཅན། དྲོ་བ་དང་ཚད་པ་ཤས་ཆེ་བའི་དུས་སེམས་སྐྱིལ་ལམ། རྡོ་རྗེ་སྐྱིལ་ཀྲུང་དང་ལག་པ་མཉམ་གཞག་གི་ཕྱག་རྒྱ་བྱ། ན་སོ་གཞོན་པ། ནམ་ཟླ་དགུན། ནད་གྲང་བ་དང་བད་ཀན་ཤས་ཆེ་བས། གྲང་བའི་གནས་སུ་ཙོག་པུར་ཐབ་འགལ་གྱི་ཕྱག་རྒྱ་མེ་ཐབ་དྲུག་འཆིང་དུ་བཅའ། དེ་གཉིས་ཀ་ལ་མགོ་ཅུང་ཟད་དགུག །མིག་སྣ་རྩེར་ཕབ། ལྕེ་རྐན་ལ་སྦྱར། སོ་དང་མཆུ་མཉམ་པར་སྦྱར་ཏེ་ལུས་གནད་ལ་དབབ། རླུང་ལན་གསུམ་དྲག་ཏུ་བུས་ལ་ངག་གནད་ལ་དབབ། གང་ཡང་རྟོག་པ་མེད་པའི་ངང་དུ་རང་སོ་བཟུང་ནས་ཀློད་ལ་ཅུང་ཟད་བཞག་སྟེ་སེམས་གནད་ལ་དབབ། དེ་ནས་ཐེག་པ་ཆེན་པོའི་ལམ་བསྒྲུབ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཏིང་ངེ་འཛིན་གྱི་རིམ་པ་བསྒོམ་པར་བྱའོ་སྙམ་དུ་སེམས་བསྐྱེད། ཚོགས་རྫོགས་པའི་ཡན་ལག་ཏུ་བླ་མ་བསྒོམ་པ་ནི། སྤྱི་བོར་པདྨ། ཟླ་བ། ཉི་མའི་སྟེང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་དུ་བསྒོམས་ལ་མོས་གུས་དྲག་ཏུ་བྱ། ངོར་ཆེན་གྱིས་མཛད་པའི་བརྒྱུད་པའི་གསོལ་འདེབས་སམ། ཕ་དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་ལ་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། ཅེས་སྙིང་ཐག་པ་ནས་ཡང་ནས་ཡང་དུ་གསོལ་བ་གདབ། མཐར་མོས་གུས་ཀྱི་ཤུགས་ཀྱིས་བླ་མ་འོད་དུ་ཞུ། རང་གི་སྤྱི་བོ་ནས་སྙིང་གར་ཐིམ་པར་བསམ། ཐ་མལ་གྱི་རྟོག་པ་སྤང་ཞིང་བར་ཆད་མི་འབྱུང་བའི་དོན་དུ།  ཧཱུྃ།  བརྗོད་པས་སྲུང་བའི་འཁོར་ལོའི་ནང་དུ་རང་ཉིད་ངོ་བོ་ཡི་དམ་གྱི་ལྷ་ལ་རྣམ་པ་ཧཱུྃ་ཡིག་ཏུ་བསྒོམ་ལ་སེམས་གཏད། དེ་ལྟར་བསམ་གཏན་གྱི་ཡན་ལག་དྲུག་པོ་དེ་ནི་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའོ། །དངོས་གཞི་གཉིས་མེད་ནམ་མཁའ་སྦྱོར་བའི་ཏིང་ངེ་འཛིན་ནི་དཔེའི་ཚུལ་དུ་ཕྱི་རོལ་གྱི་ནམ་མཁའ་ལ་བསླབ་པ་སྟེ། དེའང་ཐུང་ངུ་ལ་བསླབ་པ། རིང་པོ་ལ་བསླབ་པ། དེ་རེ་རེ་ལའང་ཚར་བཅད་པའི་ཚུལ་དང༌། ཕན་གདགས་པའི་ཚུལ་དུ་བསླབ་པ་གཉིས་གཉིས་རྣམས་སུ་ཡོད་པ་ལས། དང་པོ་ཐུང་ངུ་ལ་བསླབ་པ་ནི། སྣ་རྩེ་ནས་སོར་བཞི་ཚུན་ཆད་ཀྱི་ནམ་མཁའ་ལ་རང་གི་ཤེས་པ་ཡོད་པར་དམིགས་ཏེ་ལུས་སེམས་གཉིས་ཀ་གྲིམ་པར་བྱས་ལ་གོམས་པ་ནི་ཚར་བཅད་པའི་ཚུལ་དུ་བསླབ་པའོ༑ ༑གཞི་སྔ་མ་ལྟར་ལ། ལུས་སེམས་གཉིས་ཀ་གློད་ནས་སྒོམ་པ་ནི་ཕན་གདགས་པའི་ཚུལ་དུ་བསླབ་པ་སྟེ་ཐབས་ཀྱི་ཏིང་ངེ་འཛིན་ནོ། །དེ་ལ་གོམས་ནས་སོར་བརྒྱད་ཚུན་ཆད་ན་རང་གི་ཤེས་པ་ཡོད་པར་དམིགས་ཏེ་གྲིམ་ལྷོད་རེས་མོས་བསྒོམ་པ་ནི་ཤེས་རབ་ཀྱི་ཏིང་ངེ་འཛིན་ནོ། །དེ་ལ་གོམས་ནས་སོར་བཅུ་དྲུག་ནས་འདོམ་གང་ཚུན་ཆད་ཀྱི་ནམ་མཁའ་ལ་རང་གི་ཤེས་པ་བསྲེས་ཏེ་སྒོམ་པ་ནི་ཟུང་འཇུག་གི་ཏིང་ངེ་འཛིན་ཏེ་སྔ་མ་གཉིས་སྐྱོན་ཅན་དང༌། ཕྱི་མ་སྐྱོན་མེད་པའི་ཏིང་ངེ་འཛིན་ནོ། །དེ་དག་གི་སྐབས་སུ་སེམས་གནས་པའི་ཉམས་མཐོ་དམན་བཟང་ངན་ཅི་བྱུང་ཡང་རེ་དོགས་བླང་དོར་མི་བྱ་བར་བྱུང་རྒྱལ་དུ་བསྐྱང༌། འདི་སྐབས་ཕལ་ཆེར་རང་བཞིན་གྱིས་སྟོང་ཉམས་སུ་སྐྱེ་བ་ཡིན་ནོ། །གཉིས་པ་དེ་ལ་བོགས་དབྱུང་བའི་ཕྱིར་རིང་དུ་བསླབ་པ་ནི། སྔ་མའི་ཉམས་མྱོང་སྐྱེས་ཤིང་ཅུང་ཟད་བརྟན་པ་ན་ཐོག་མར་སྔོན་འགྲོ་བསམ་གཏན་གྱི་ཡན་ལག་དྲུག་པོ་ཚང་བར་བྱས་ལ་རང་གི་སེམས་ཉིད་ཤར་ཕྱོགས་སུ་འདོམ་དོ། བཞི། བརྒྱད། བཅུ་དྲུག་ལ་སོགས་པ་ནས་བཟུང་ཇི་སྲིད་ནམ་མཁའི་མཐར་ཐུག་གི་བར་རྟོག་ཏུ་བཏང༌། དེའང་སྔར་ལྟར་ཚར་བཅད་པ་དང་ཕན་གདགས་ཀྱི་ཚུལ་གྱིས་རིམ་པར་བསླབས་པས་སྔ་མ་དང་མི་འདྲ་བར་བདེ་སྟོང་བརྗོད་དུ་མེད་པ་མཐའ་བྲལ་གྱི་ཉམས། ཕན་ཆད་མི་འགྲོ་བར་སྟན་གཅིག་ལ་ཆགས་ནས་འདུག་པ་ཤུགས་ཆད་ཀྱི་ཉམས། ཕར་བཏང་ཡང་ཚུར་ལ་ལྡོག་པ་གཟིངས་ཆག་གི་ཉམས་གསུམ་གར་སྐྱེས་ཀྱང་དེ་ཀ་མ་བཅོས་པར་བསྐྱང༌། དེ་བཞིན་ཏུ་ལྷོ་དང་། ནུབ་དང་། བྱང་དང་། སྟེང་འོག་གི་ནམ་མཁར་ཡང་ཚར་བཅད་པ་དང་ཕན་གདགས་པའི་ཚུལ་གྱིས་ཡང་དང་ཡང་དུ་བསླབས་པས་ཉམས་གསུམ་སྐྱེས་པ་རྣམས་ཐད་ཀར་བསྐྱང༌། དེ་རྣམས་ལས་མཐའ་བྲལ་གྱི་ཉམས་ལ་བརྟེན་ནས་དཔེ་ནམ་མཁའ་བཞིན་ཡོད་མེད་ཡིན་མིན་སོགས་ཀྱི་མཐའ་དང་བྲལ་བ། གང་དུའང་མ་གྲུབ་པས་སྟོང་པ། ཤེས་པ་དང་ཤེས་བྱ་ཐམས་ཅད་ལ་འགྲོ་བས་ཁྱབ་པ། གང་གིས་ཀྱང་མི་འཇིག་པར་སྙམ་དུ་བྱེད་པའི་རྟག་པའི་ཉམས་ཏེ་ཆོས་བཞི་ལྡན་དུ་སྐྱེ་བར་འགྱུར་རོ། །གཉིས་པ་བར་དུ་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པ་ལ་གསུམ། སྒོང་རྒྱ་བཅག་པའི་ཚུལ་དུ་མིང་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བ། བབ་རྒྱ་བྲལ་བའི་ཚུལ་དུ་དོན་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བ། ཁ་ཆུ་བསལ་བའི་ཚུལ་དུ་ཏིང་ངེ་འཛིན་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བའོ། །དང་པོ་ནི། ངང་པའི་ཕྲུ་གུ་དེ་སྒོ་ངའི་ནང་ན་ལུས་ཐམས་ཅད་རྫོགས་ནས་ཡོད་ཀྱང་ཕྱིའི་སྒོང་རྒྱ་མ་བཅག་ན་འགྲོ་མི་ཤེས་ལ། བཅག་ན་ཤེས་པ་ལྟར། རང་ཉིད་མིང་ལ་ཞེན་ནས་འཁྲུལ་པའི་རྟོག་པས་བཅིངས་པ་དེ་ཉིད་མིང་གི་འཛིན་པ་དང་བྲལ་ནས་སྐྱེ་མེད་དུ་ཤེས་ན་གྲོལ་བར་འགྱུར་ཏེ། དང་པོ་མིང་ལྷན་སྐྱེས་སུ་བྱུང་ནས་སྐྱེས་པ་མ་ཡིན་ཏེ་གློ་བུར་དུ་བཏགས་པ་ལ་ངའི་མིང་ཞེས་འཁྲུལ་ཅིང་། མཐར་འཆི་བའི་ཚེ་ནའང་མིང་རྗེས་སུ་མི་འབྲང་བར་རང་བཞིན་གྱིས་འགག་པར་འགྱུར་བས་མིང་སྐྱེ་བ་མེད་པའི་ཕྱིར། མིང་ལ་བསྟོད་པ་བྱས་ཀྱང་མིང་ཁོ་རང་ལ་ཕན་པ་མེད་ལ། སྐྱོན་བརྗོད་ཀྱང་གནོད་པ་མེད་དེ། གཞུང་ལས། མ་སྐྱེས་སྐྱེ་མེད་ནམ་མཁའ་བཞིན། །སྐྱེས་པ་སྐྱེ་མེད་ནམ་མཁའ་བཞིན། །འགག་པ་སྐྱེ་མེད་ནམ་མཁའ་བཞིན། །ཅེས་གསུངས་པའི་དོན་ཡིད་ལ་བྱས་ཏེ་བསླབས་པས་སྤྲིན་དང་ན་བུན་ནམ་མཁའ་རང་ལ་ཡལ་བ་བཞིན་མིང་དུ་འཛིན་པའི་རྟོག་པ་སེམས་ཉིད་ཀྱི་དབྱིངས་སུ་ཐིམ་ཞིང་གསལ་ལ་མི་རྟོག་པའི་ཉམས་སྐྱེ། དེའང་རྒྱལ་བའི་ཡུམ་ལས། རབ་འབྱོར་གཟུགས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེའང་ཆོས་ཉིད་དེ། ཞེས་དང༌། གཞུང་ལས། གཉིས་སུ་མེད་པ་མིང་ཙམ་སྟེ། །དེ་ཡང་མིང་ནི་ཡོད་མི་འགྱུར། །གཉིས་མེད་མིང་དུ་བཟུང་བ་ལ། །དེ་ལ་རྣལ་འབྱོར་པས་བཟོད་མཛོད། །ཅེས་གསུངས་ཏེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་རྣམ་པར་ཐར་པའི་སྒོ་གསུམ་གྱི་མིང་ཡང་ཐོབ་ཅིང་མིང་གི་འཆིང་བ་ལས་གྲོལ་ན་དོན་བསམ་མི་ཁྱབ་ལ་རེག་པའི་ཕྱིར་རོ། །གཉིས་པ་ནི། བབ་རྒྱའི་ནང་དུ་འབྱར་བའི་སེམས་ཅན་དེ་བབས་ས་དེ་ཀ་ན་ཡོད་ཀྱང་ཕྱིའི་རྒྱ་མ་དབྲལ་ན་འགྲོ་ཐབས་མེད་ལ། དབྲལ་ན་འགྲོ་བ་ལྟར། རང་གི་སེམས་ཉིད་འདི་རྣམ་པར་རྟོག་པ་སྣ་ཚོགས་པས་བཅིངས་པ་ལ་དེ་ཉིད་དུ་སྐྱེ་མེད་དུ་ཤེས་ན་གྲོལ་བར་འགྱུར་བའི་ཕྱིར། དེའི་དོན་ལ་བསམ་པ་ནི། རང་སེམས་ལ་ཉོན་མོངས་པའི་རྟོག་པ་གང་རགས་བརྟགས་པས་རྒྱུ་བ་རགས་པ་ཞེ་སྡང་ལྟ་བུ་གཅིག་གི་དབང་དུ་བྱས་ན། ཐོག་མར་སྐྱེ་བའི་རྒྱུ་དང༌། ད་ལྟར་གནས་པའི་ངོ་བོ་དང༌། མཐར་འགགས་པའི་འབྲས་བུ་ལ་བརྟགས་པས་ངོ་བོ་གང་དུའང་མ་གྲུབ་པ་སྐྱེ་མེད་བསམ་གྱིས་མི་ཁྱབ་པ་ནམ་མཁའ་དང་མཚུངས་པར་སྦྱར་ཞིང་བརྟག །ཡང་རྟོག་པ་དེ་དང་པོ་རང་གི་ལུས་ངག་ཡིད་གསུམ་གང་ལས་སྐྱེས། ད་ལྟ་དེ་གསུམ་གང་ལ་གནས། རྟོག་པ་དེའི་ཁ་དོག་དང་དབྱིབས་ལ་སོགས་པ་ཇི་འདྲ་འདུག་ཞིབ་ཏུ་བརྟགས་པས་གང་ནས་ཀྱང་མ་སྐྱེས། གང་དུའང་མི་གནས། རང་གི་ངོ་བོ་གང་དུའང་མ་གྲུབ་པའི་སྐྱེ་མེད་དུ་མཐོང་བའི་དོན་ལ་བློ་བཞག །དེ་ལྟར་བསྒོམས་པས་ཞེ་སྡང་དུ་འཛིན་པའི་རྣམ་རྟོག་སེམས་ཉིད་ཀྱི་དབྱིངས་སུ་ཐིམ་ཞིང་། ཞེ་སྡང་ཉིད་རྣམ་པ་གསལ་བ་ངོ་བོ་མི་རྟོག་པའི་ཉམས་སྐྱེ་སྟེ། གཞུང་ལས། གཉིས་པོ་དག་གིས་སྤྱོད་པ་ཡིས། །གཉིས་མེད་ཡེ་ཤེས་འབར་བར་འགྱུར། །ཅེས་འབྱུང༌། དེས་འདོད་ཆགས་སོགས་དུག་ལྔ་དང་། རྣམ་རྟོག་གཞན་ལའང་འགྲེས། ཐམས་ཅད་ཀྱང་སྐྱེ་མེད་བསམ་མི་ཁྱབ་པ་ལ་སྦྱར་རོ། །གསུམ་པ་ནི། སྲིན་བུ་རང་གི་ཁ་ཆུས་རང་བཏུམས་ནས་མི་མངོན་པ་ལ་ཁ་ཆུ་བསལ་མ་ཐག་རྗེན་ཅེར་གྱིས་མངོན་པ་ལྟར༑ གྲོལ་བྱེད་ཀྱི་ཏིང་ངེ་འཛིན་བསྒོམས་པས་དེ་ཉིད་ཀྱིས་སླར་ཡང་འཆིང་བར་འགྱུར་བས། དེ་ཉིད་ཀྱང་སྐྱེ་མེད་བསམ་གྱིས་མི་ཁྱབ་པ་ལ་སྦྱར་དགོས་ཏེ། དེ་ལ་གཉིས། ནང་དུ་ཡིད་འཛིན་མེད་དུ་བཞག་པ་དང༌། ཕྱི་རོལ་དུ་ཤེས་པ་ལྷུག་པར་བཞག་པའོ། །དང་པོ་ནི། ལུས་སེམས་ཡང་བར་བཞག །ཤེས་པ་ཁ་ནང་དུ་བལྟས་ལ་བལྟ་བྱའི་ངོ་བོ་ཙམ་དྲན་པར་བྱས་ལ་གང་དུའང་མི་རྟོག །ཅིར་ཡང་མི་སེམས་པར་འཛིན་མེད་ངང་དུ་འཇོག །གལ་ཏེ་ཕྱིར་འཕྲོ་ན་སླར་ཡང་སྔར་ལྟར་བཞག་པས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །གཉིས་པ་ནི། ཕྱི་རོལ་དུ་གཟུགས་སོགས་ཡུལ་སྣང་ཇི་ལྟར་ཤར་ཡང་དེ་ལ་འཛིན་པ་མེད་པར་ནང་གི་མིག་སོགས་དབང་པོའི་སྒོ་རྣམས་རྩོལ་བྲལ་ལྷུག་པར་བཞག །དེ་ལྟར་བཞག་པའི་ཚེ་བསྒོམ་བྱའི་ཡུལ་ལ་སྒོམ་བྱེད་ཤེས་པ་གཅིག་གིས་ཆེད་དུ་གཏད་ནས་བསྒོམ་པར་མི་བྱ་སྟེ། འདི་ལྟར་བསྒོམ་པའི་མཚན་འཛིན་མེད་ཅིང་མི་སྒོམ་པའི་ཡེངས་འཁྲུལ་མེད་པར་མི་བསྒོམ་པའི་ཚུལ་གྱིས་བསྒོམས་པས། བསྒོམ་བྱའི་ཡུལ་གཟུགས་ལ་སོགས་པའི་ཞེན་པ་དང་བྲལ་ནས་སྔར་ལས་ལྷག་པའི་བདེ་སྟོང་གི་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་སྐྱེ་བར་འགྱུར་རོ། །དེ་ཡན་ཆད་ལ་ཐབས་ཤེས་ཟུང་འཇུག་གི་ཏིང་ངེ་འཛིན་གསུམ་གང་སྐྱེས་ཀྱང་འདོར་ལེན་དང་བཅོས་བསྒྱུར་མི་བྱ་བར་སྐྱེས་པ་དེ་ཉིད་ཐད་ཀར་བསྐྱང་བར་བྱའོ། །གསུམ་པ་སྤྱོད་ལམ་ཐམས་ཅད་དུ་གོམས་པ་ནི། སྔ་མ་ལྟར་བསྒོམས་པས་མཉམ་གཞག་ལ་ཆགས་སྡང་ལ་སོགས་པ་མི་སྐྱེ་ཡང་། རྐྱེན་དང་འཕྲད་ན་སྐྱེ་བར་འགྱུར་བ་དེ་ཉིད་རྐྱེན་གྱིས་འཆིང་བ་ལས་གྲོལ་བར་བྱ་བའི་ཕྱིར་བརྟན་པའི་ཡན་ལག་ཏུ་འདི་ལྟར་བསླབ་པར་བྱ་སྟེ། དེའང་འབྲོག་མིའི་བཞེད་པ་ལྟར་དང་པོ་གཟུགས་ལ་བསླབ་པའི་དབང་དུ་བྱས་ནས། མིག་ལ་ཉི་མའི་འོད་མདངས་དང་རླུང་སེར་བུས་མི་གནོད་པའི་སར། མདུན་དུ་མེ་ཏོག་ལ་སོགས་པའི་དངོས་པོ་གཅིག་ཉེ་རིང་རན་པར་བཞག་ལ་ལྟ་སྟངས་གློད་ལ་བལྟ། དེ་ལའང་དངོས་པོ་དེ་ལས་གཞན་ལ་མི་བལྟ་བ་རྟེན་མི་འགྱུར་བའི་ཡན་ལག །འགུལ་སྤྱོད་ལ་སོགས་པ་སྤང་བ་ལུས་མི་གཡོ་བའི་ཡན་ལག །མིག་གི་འབྱེད་འཛུམ་སོགས་གཡོ་བ་མེད་པ་མིག་མི་འཛུམ་པའི་ཡན་ལག །སེམས་གང་ལའང་ཆེད་དུ་མི་གཏད་པ་ཡིད་འཛིན་པ་མེད་པའི་ཡན་ལག་སྟེ། ཡན་ལག་བཞི་ལྡན་དུ་བྱས་ནས་བསླབས་པས་ཡུལ་དེ་ལ་མི་དམིགས་པའི་ཏིང་ངེ་འཛིན་སྐྱེ། ཉི་མ་གཉིས་པ་ནས་གསུམ་པ་ལ་སོགས་པར་རིམ་བཞིན་རྟེན་དེ་ཐག་ཇེ་རིང་ལ་བསྲིང༌། མཐར་རྒྱང་གྲགས་ལ་སོགས་པ་རྟེན་ཡིད་ཀྱིས་གསལ་བཏབ་སྟེ་བསླབ་པ་ནི་གཟུགས་ལས་ཡེ་ཤེས་ངོས་བཟུང་བའོ། །དེས་མཚོན་ནས་སྒྲ་ལ་སོགས་ཡུལ་གཞན་ལའང་ཡན་ལག་བཞི་ལྡན་དུ་བྱས་ནས་བསླབ། དེ་ལྟར་ཡུལ་ལ་ཡེ་ཤེས་ངོས་བཟུང་བའི་གདམས་ངག་གིས་རིང་དུ་བསྒོམས་པས་ཐོག་མར་སེམས་ཉམ་ཆུང་ངུ་ཡུལ་རྐྱེན་གྱིས་རེས་གནོད། རེས་ཕན། རེས་ཕན་གནོད་འདྲེས་པར་སྐྱེ་བ་སྣང་བ་ཕྲ་མོར་འཆར་བའི་དུས། དེ་ལ་གོམས་ནས་སེམས་ཉམས་འབྲིང་པོ་སྣང་བས་ཕན་གནོད་མེད་པའི་དུས། དེ་ལས་ཀྱང་གོམས་ནས་སེམས་ཉམས་ཆེན་པོ་ཡུལ་རྐྱེན་དང་འཕྲད་མ་ཐག་མེ་འབར་བ་ལ་ཤིང་བསྣན་པ་བཞིན་རྟོགས་པའི་ཡེ་ཤེས་ཀྱི་གྲོགས་སུ་འགྱུར། ཡུལ་རྐྱེན་ལའང་གཟུགས་སྡུག་པ་རབ། མི་སྡུག་པ་འབྲིང༌། ཐ་མལ་པ་ཐ་མ་སྟེ་སྒྲ་ལ་སོགས་པ་ལའང་དེས་མཚོན་ནས་བསླབས་པས་རྐྱེན་རབ་འབྲིང་ཐ་གསུམ་གང་དང་འཕྲད་ཀྱང་ནང་དུ་དེ་ཁོ་ན་ཉིད་ཀྱི་རྟོགས་པའི་ཡེ་ཤེས་མཆོག་ཏུ་གྱུར་པ་སྐྱེ་བར་འགྱུར་རོ། །འདིའི་སྐབས་ཡུལ་སྣང་དང་འཕྲད་མ་ཐག་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་སྐྱེ་བ་སྣང་བས་ཕན་འདོགས་པའི་དུས་དང༌། སྣང་བ་དགེ་བའི་བཤེས་གཉེན་ཏུ་འཆར་བའི་དུས་ཞེས་བྱ། བདག་དང་བདག་གིར་འཛིན་པའི་དངོས་པོ་གཅིག་ལས་དུ་མར་སྣང་ཞིང་དུ་མ་རོ་གཅིག་ཏུ་འཆར་བས་ཕྱི་ནང་གཉིས་འདྲེས་པའི་དུས་ཞེས་བྱ། ཐ་མལ་པ་ལ་ཆགས་སྡང་སྐྱེ་བའི་རྐྱེན་དེས་རྣལ་འབྱོར་པ་ལ་ཡེ་ཤེས་སྐྱེ་བའང་དུག་ལྔ་སྨན་དུ་ཤེས་པའི་དུས་ཞེས་བྱ་ཞིང༌། དེ་ཙམ་ན་འདོད་ཡོན་ལྔ་བསྟེན་ཀྱང་ཉེས་པས་མི་གོས་པ་ཡིན་ཏེ། འདི་དག་ཀྱང་གཞུང་ཚིག་གིས་གསལ་བར་བསྟན་པ་ཡིན་ནོ། །བཞི་པ་བསམ་གཏན་གྱི་གེགས་བྱིང་བ་དང་རྒོད་པ་བསལ་བ་ནི། སྤྱིར་བྱིང་རྒོད་ལ་གསུམ། ཆེད་དུ་བྱས་པ། རྐྱེན་གྱིས་བྱུང་བ། ཤུགས་ཀྱིས་བྱུང་བའི་བྱིང་རྒོད་དོ། །དེ་ལ་ཆེད་དུ་བྱས་པའི་བྱིང་བ་ནི། མལ་སྟན་དང་ཁ་ཟས་ལ་སོགས་པ་བདེ་ཞིང་བསོད་པ་དོན་དུ་གཉེར་བ་ལས་བྱུང་བའོ། །རྒོད་པ་ནི། ཁ་སྨྲས་དང་རྩོད་པ་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་དོན་དུ་གཉེར་བ་ལས་བྱུང་བ་སྟེ། དེ་དག་ནི་རྒྱུ་ངོ་ཤེས་པར་བྱས་ཏེ་ཞག་གྲངས་ཅི་རིགས་པར་དེ་དག་སྤངས་པས་རང་བཞིན་གྱིས་སེལ་བར་འགྱུར་རོ། །རྐྱེན་གྱིས་བྱིང་བ་ནི། ཧ་ཅང་ཁ་ཟས་བཅུད་ཆེ་བ་ཟོས་པ་དང༌། ཆང་མང་དུ་འཐུང་བ་དང༌། ངལ་དུབ་ཆེན་པོ་ལ་སོགས་པའི་རྐྱེན་གྱིས་བྱིང་བའོ། །རྒོད་པ་ནི། ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་མང་བ་དང༌། མཚན་མོ་སྒྲའི་གླག་ཅོར་ཆེ་བ་སོགས་གཡེང་རྐྱེན་ཆེ་བས་དབེན་དུ་མ་བཏུབ་པས་རྒོད་པ་སྟེ༑ དེ་དག་ནི་རྐྱེན་གང་ཡིན་པ་དེ་ཞག་གྲངས་ཅི་རིགས་པར་སྤངས་པས་རང་སེལ་བར་འགྱུར་རོ། །རང་ཤུགས་ཀྱིས་བྱུང་བའི་བྱིང་རྒོད་ནི། སྔ་མ་དེ་དག་བསལ་ཀྱང་རང་ཤུགས་ཀྱིས་སེམས་མི་གསལ་ཞིང་བྱིང་ནས་འགྲིབ་པ་དང༌། རྣམ་རྟོག་གི་འཕྲོ་རྒོད་ཟད་དུ་མེད་པ་ཕྲ་རགས་ཅི་རིགས་པ་འབྱུང་བ་སྟེ། དེའང་ཐུན་སྟོད་ལ་སྐྱོན་མེད་ཀྱང་། ཐུན་སྨད་ལ་བྱུང་ན་ཁམས་ཀྱི་སྐྱོན་ཡིན་པས། སྒོམ་གྱི་འཕྲོ་བཅད་ལ་རང་བཞིན་གྱིས་བཞག་པ་ལན་གྲངས་མང་ཉུང་སྐབས་དང་བསྟུན་པར་བྱས་ཏེ་བཞག་པ་ཉིད་ཀྱིས་སེལ་ལོ། །ཐུན་སྟོད་ལ་བྱུང་ན་བསམ་གཏན་གྱི་གེགས་ཡིན་པས་དེ་བསལ་བ་ལ་གསུམ། སྤྱོད་ལམ། ཁ་ཟས། སེམས་ཀྱི་མཐུས་བསལ་བའོ། །དེ་ལ་སྤྱོད་ལམ་གྱིས་བསལ་བ་ནི། སེམས་བྱིང་བར་སྟན་མཐོ་སར་བསྡད་ལ་སེམས་གཟེངས་བསྟོད། དེས་མ་སེལ་ན། ས་མཐོ་སར་བསྡད་ཅིང་མིག་རི་ཐང་མཚམས་སུ་བལྟ། ལུས་སེམས་བསྒྲིམ་ཞིང་ཧུར་ཕྱུང་པས་སེལ་ལོ། །རྒོད་པ་ལ། སྟན་དམའ་བ་དང༌། ས་དམའ་སར་བསྡད། མགྲིན་པ་ཅུང་ཟད་དགུག་ལ་ཨོག་ཀོས་བྲང་ནོན་པར་བྱ། མུན་པ་གནག་པའི་ནང་དུ་བསྡད་པས་སེལ་ལོ། །ཁ་ཟས་ཀྱིས་བསལ་བ་ནི༑ བྱིང་བ་བྱུང་ན། བསམ་གཏན་བསྒོམ་པའི་སྔོན་རོལ་དུ་ཁ་ཟས་ཟ་བ་སྤང༌། རྒོད་པ་ལ། བསམ་གཏན་ལ་འཇུག་པའི་སྔོན་དུ་ཁ་ཟས་དང་བཅས་པའི་ཆང་ཡུལ་གྱི་ཕུལ་གང་ཙམ་བཏང༌། གོམ་པ་ལྔ་བཅུར་གཅག །དེས་མ་ཞི་ན། ཆང་ཕུལ་དོ་ཙམ་བཏང༌། གོམ་པ་བརྒྱར་གཅག །དེ་དག་ཀྱང་ནད་གཞི་དང་སྦྱར་བ། ཁྲག་མཁྲིས་ཤས་ཆེ་ན་ཉུང་ངུ་། བད་ཀན་དང་རླུང་ཤས་ཆེ་ན་མང་དུ་བཏང༌། ན་ཚོད་དང་སྦྱར་བ། གཞོན་པ་ལ་ཉུང་ངུ་། རྒན་པོ་ལ་མང་དུ་བཏང༌། ནམ་ཟླ་དང་སྦྱར་བ། དཔྱིད་དབྱར་ཉུང་ངུ་། སྟོན་དགུན་ལ་མང་དུ་བཏང༌། དེ་རྣམས་ཀྱིས་བྱིང་རྒོད་ངེས་པར་སེལ་བར་འགྱུར་རོ། །སེམས་ཀྱི་ནུས་མཐུས་བསལ་བ་ནི། བྱིང་བའི་ཚེ་སྟེང་དུ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་འཁོར་ལོ་ལ་བསླབ། སླར་ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གནས་སུ་བསླབ། ཅེས་གསུངས་ཏེ། ཐོག་མར་རང་གི་སེམས་སྙིང་ག་རུ་ཡོད་པ་དྲན་ཙམ་བྱ། དེ་ནས་ཚངས་པའི་བུ་གར༑ དེ་ནས་སྤྱི་བོའི་སྟེང་གི་ནམ་མཁར་སོར་བཞི་ལ་སོགས་པ་ནས་ཇེ་མཐོ་ཇེ་མཐོར་སེམས་གཏད་དེ་ནམ་མཁའི་མཐར་གཏུགས་པར་རྟོག་ཏུ་བཏང༌། སླར་མར་རིམ་གྱིས་ཕབ་ལ་སྙིང་གར་དྲན་ཙམ་བྱས་ལ་བཞག །དེས་བྱིང་བ་སེལ་ནུས་སམ་མི་ནུས་ཚོད་བཟུང་ཞིང་བསྒོམ། ཧ་ཅང་ཡང་རིང་ན་ཤེས་པ་མི་བདེ་བ་དང་སྙིང་རླུང་ལ་སོགས་པར་འགྱུར་ཉེན་ཆེ་བས་བྱིང་བ་སེལ་ནས་འཕྲོ་བཅད། འདིས་ལྷ་ཡི་གནས་ལ་སོགས་པ་མཐོང་བའང་འབྱུང་གསུངས། རྒོད་པའི་ཚེ་ན་འོག་ཏུ་བྱང་ཆུབ་ཀྱི་སེམས་ཨེ་ཆོས་ཀྱི་འབྱུང་གནས་སུ་བསླབ། སླར་ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གནས་སུ་བསླབ། ཅེས་གསུངས་ཏེ། ཐོག་མར་རང་དང་སྟན་གྱི་བར་དུ་ནམ་མཁའ་སྟོང་པ་ཞིག་བྱུང་བར་བསྒོམ་པ་ཙམ་གྱིས་ཀྱང་རྒོད་པ་ཕྲ་མོ་སེལ། དེས་མ་སེལ་ན། རང་གི་བཤང་བའི་ལམ་དུ་ཆོས་འབྱུང་དམར་ཟང་ངེ་བ་ཞིག་གསལ་གདབ། དེ་ནས་མར་ལ་འོག་ཕྱོགས་སུ་སེམས་ཀྱིས་བལྟ་བ་ཡུན་རིང་ཐུང་ཅི་འོས་བྱ། འཕྲོ་འཇོག་ཙ་ན་སླར་ཡང་སྙིང་གར་ཤེས་པ་གཏད་པས་སེལ་བར་འགྱུར་རོ། །དེས་ཀྱང་རྒོད་པ་མ་ཞི་ན། ཁོ་རང་གི་ངོ་བོ་ལ་རྟོག་པ་གསུམ་གྱིས་བསལ་ཏེ། དེ་ལ་འཕྲང་དུ་བཟུང་བ་ནི། ལན་གཅིག་འཕྲོས། ལན་གཉིས་འཕྲོས། ཞེས་པ་ལ་སོགས་རྒོད་པའི་གྲངས་བཟུང་བས་འཕྲལ་དུ་སེལ། རྗེས་སུ་འབྲང་བ་ནི། རྣམ་རྟོག་གང་ལ་འཕྲོ་བའི་ཡུལ་དེ་ལ་ཆེད་དུ་གཏད་ཅིང་དམིགས་ཏེ་མ་ཡེངས་པར་བྱ། དེས་ཀྱང་མྱུར་དུ་སེལ། ཡོངས་སུ་ཤེས་པ་ནི། རྒོད་པ་ངོས་ཟིན་པ་དང་དེ་ཉིད་རང་གི་སེམས་ཡིན་པར་ཤེས་པ་ཙམ་གྱིས་སེལ་ལོ། །དེ་དག་རྣམས་ཀྱིས་ཀྱང་མ་ཞི་ན་ཐབས་གསུམ་གྱིས་བསལ་ཏེ། དེ་ལ་མནན་སྦྱོར་ནི། རང་གི་སྤྱི་བོར་ཤིང་ལེབ་སོགས་ལྕི་ཡང་རན་པ་ཞིག་གིས་མནན་ཏེ་བསྒོམ་པས་སེལ། དཔྱང་ཐག་ནི། ས་གཞི་བསྟར་ཞིང་འཐས་པར་བྱས་ལ་ཤིང་བུ་རིལ་པོ་བཞག །སྟེང་དུ་ཐག་པ་གཉིས་བརྐྱངས་པ་ལ་ཤིང་སྟེགས་གཅིག་བཞག་པའི་སྟེང་དུ་ཐག་པ་གཅིག་དཔྱང༌། ཤིང་སྟེགས་དེའི་སྟེང་དུ་རང་ཉིད་རྐང་པ་གཉིས་འོག་ཏུ་བརྐྱངས་ནས་འདུག །རྐང་པའི་བྲང་བས་འོག་གི་ཤིང་བུ་རིལ་པོ་ནོན་པར་བྱ། སེམས་རང་སོ་བཟུང༌། ལག་པས་དཔྱང་ཐག་འཇུས་ཏེ་མདུན་ཕྱོགས་སུ་འགྲོ། ཡང་རྒྱབ་ཕྱོགས་སུ་འགྲོ་བའི་སྦྱོར་བ་བྱས་པས་སེལ། འཕྲང་གཞུར་ནི། གཡས་གཡོན་གང་རུང་ཞིག་ཏུ་ཤིང་རིལ་པོའམ། ཐོ་ཞིག་བརྩིགས་ལ་རྡོ་དཀར་པོ་ཞིག་བཞག །དེའི་སྟེང་དུ་ནག་པོ་ཞིག་བཞག །དེ་དག་སྨྱུག་མ་ལ་སོགས་པས་བཞུར་ཏེ་མིག་མི་འཛུམ་པར་བལྟ་ཞིང་འཛིན་མེད་དུ་བཞག་པས་འཕྲལ་དུ་སེལ་བར་གསུངས་སོ། །ལྔ་པ་བསམ་གཏན་གྱི་བོགས་དབྱུང་བ་ལ་བརྒྱད། རེས་འཇོག་ལྔ། བག་ཡངས། གནད་འཕོ་བ། བདུད་རྩི་བསྟེན་པའོ། །དང་པོ་བསྒྲིམ་པ། གཉིས་པ་ཀློད་པ། གསུམ་པ་དབྲི་བ། བཞི་པ་བསྐྱེད་པ་རྣམས་རེས་འཇོག་ཏུ་བྱ་སྟེ། ཐོ་རངས་ཐུན་ལ་ལུས་སེམས་གཉིས་ཀ་བསྒྲིམ། ཡུན་དབྲི་ཞིང་ཐུང་བར་བྱ། སྔ་ཐུན་ལ་ལུས་སེམས་གཉིས་ཀ་ཀློད། ཡུན་རིང་དུ་བསྲིང་ཞིང་བསྐྱེད། གུང་ཐུན་ལ་བསྒྲིམ་ཞིང་དབྲི། སྲོད་ཐུན་ལ་ཀློད་ཅིང་བསྐྱེད་ལ་ཐུན་རེས་འཇོག་ཏུ་བྱ། དེས་བོགས་ཅུང་ཟད་ཐོན་ནས་ཉི་མ་རེས་འཇོག་ཏུ་བྱ་སྟེ། ཉི་མ་དང་པོ་ལ་བསྒྲིམ་ཞིང་དབྲི། ཉི་མ་གཉིས་པ་ལ་གློད་ཅིང་བསྐྱེད་པ་སོགས་རིམ་པར་བྱས་པས་བོགས་འཐོན་པར་འགྱུར། ལྔ་པ་ཁ་ཟས་རེས་འཇོག་ནི། ཐུན་ནམ་ཉི་མ་དང་པོ་ལ་བཟའ་བཏུང་མི་བྱ། གཉིས་པ་ལ་བཟའ་བཏུང་བྱ་བ་རེས་འཇོག་ཏུ་བྱ། དྲུག་པ་སྤྱོད་ལམ་བག་ཡངས་སུ་བསྐྱེད་པ་ནི། རང་གི་མིག་ལ་ཇི་ལྟར་འཆར་བའི་སྐབས་སུ་དགོས་པ་བྱུང་བ་རྣམས་མི་འགོག་ཅིང་ཅི་བདེར་ཐད་ཀར་སྤྱད་ལ་སྤྱོད་ལམ་གྱི་བདུད་རྩི་བསྟེན། བདུན་པ་སེམས་གནད་སྣ་ཚོགས་སུ་འཕོ་བ་ནི། རྒྱལ་བས་གསུངས་པའི་མདོ་སྡེ་དང་རྒྱུད་སྡེའི་བསྒོམ་རིམ་མན་ངག་ལས་བྱུང་བའི་དམིགས་པའི་གནད་སྣ་ཚོགས་པ་རྣམས་ལའང་རིམ་པར་བསྒོམས་པས་བོགས་འབྱུང་བར་འགྱུར། བརྒྱད་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟེན་པ་ནི། དབྱར་ཀའི་སྤང་ལྗོངས་སུ་མེ་ཏོག་བཀྲ་བ་ལ་ལྟད་མོར་ཕྱིན་པས་མཚོན་ཡུལ་ཡིད་དུ་འོང་བ་དང་། གཟུགས་སྙིང་དུ་སྡུག་པ་རྣམས་ལ་དབང་པོས་ལོངས་སྤྱད་པས་རྒྱུད་ཚིམས། དེས་རྟོགས་པ་ལ་བོགས་འཐོན་པར་འགྱུར་རོ། །དེ་དག་ཐམས་ཅད་དུའང་དེ་ཁོ་ན་ཉིད་ལ་བློ་བཞག་པའི་ཏིང་ངེ་འཛིན་ལས་ནམ་ཡང་མ་གཡོས་པར་བྱེད་པ་ནི་གནད་དམ་པའོ། །འདི་དག་གི་སྐབས་སུ་རྩ་བའི་ས་བཅད་ཀྱིས་མ་བསྡུས་ཀྱང་། ལོག་གནོན་གྱི་མན་ངག་ཟུར་དུ་འབྱུང་བ་ལ་ལྔ། འཁོར་ལོ་ལྟར་བསྐོར་བ། དྲུ་གུ་ལྟར་དྲིལ་བ། བུ་ག་མང་པོའི་སྦྱོར་བ། སྟེང་འོག་གི་འཁོར་ལོ་མེད་པ་ལ་བསླབ་པ། རབ་ཏུ་དཔའ་བའི་སྦྱོར་བ་ལ་བསླབ་པའོ། །དང་པོ་ནི། ལུས་ཁེངས་པ་སྙམ་བྱེད་ཅིང་ན་བ་ལ་སོགས་པ་བྱུང་ན། ལྟེ་བའི་གནས་སུ་འཁོར་ལོ་རྩིབས་བརྒྱད་སེར་པོ་གཅིག་བསམ་ལ། འཁོར་ལོ་དེ་དང་པོ་གཡས་སུ་འཁོར་བར་བསྒོམ། དེས་མ་བདེ་ན་གཡོན་དུ་འཁོར་བར་བསྒོམ། དེ་ལྟར་འཁོར་བ་ཇེ་ཆེ་ཇེ་ཆེར་སོང་བས་ལུས་ཀྱང་ཇེ་ཆེར་སོང་བར་བསྒོམ། དེས་ཤིན་ཏུ་ཆེར་སོང་བར་སྙམ་བྱེད་ན། འཁོར་ལོ་བློས་བཏང་ལ། ལུས་ནང་སྟོང་པ་དེ་ནམ་མཁའ་ལ་དེངས་ཤིང་ཡལ་ཏེ་མེད་པར་བསམ། དེས་འཕྲལ་དུ་སྐྱོན་ལས་གྲོལ་ལོ། །གཉིས་པ་ནི། སྙིང་ག་ལ་སོགས་པའི་ལུས་ཁོལ་བུར་དམིགས་ཀྱིས་ན་བ་བྱུང་ན། གང་ན་ས་དེར་བུ་ག་གཅིག་སང་གིས་བྱུང་བར་བསམ་ལ། དེ་ནས་དབུགས་ཕྱིར་དྲག་ཏུ་བཏང་ཞིང༌། སེམས་ཀྱིས་རླུང་ཁ་དོག་སྔོན་པོ། སྦོམ་ཕྲ་རྟ་རྔ་ཚད་ཙམ་གཅིག་བྱུང་ནས་ཕྱི་རོལ་དུ་ཁྲུ་གང་བར་ཧྲི་ལི་ལི་འདྲིལ་བར་བསམ། དེ་ནས་ཅུང་ཞིག་དམིགས་པ་དེ་བློས་དོར། དེ་ནས་ཡང་བུ་ག་དེ་ཆེར་སོང་ནས་རླུང་ཡང་སྔར་བས་སྦོམ་དུ་སོང་བར་དམིགས་ཏེ། སྐུད་པའི་ཚད་ཙམ་ནས་ཐག་པའི་ཚད་ཙམ་གྱི་བར་དུ་སོང་བར་དམིགས་ལ་སྔར་བཞིན་དུ་དྲིལ་བར་བསམ། དེས་འཕྲལ་དུ་སྐྱོན་ལས་གྲོལ་ལོ། །གསུམ་པ་ནི། ལུས་ཐམས་ཅད་ཁྱབ་པར་ན་ན། ལུས་ཐམས་ཅད་ལ་འཚག་སེའི་མིག་བཞིན་དུ་བུ་ག་མང་པོ་བྱུང་སྟེ། དེ་དག་ཐམས་ཅད་ནས་ཕྱིར་རླུང་སྔོ་བུན་བུན་འགྲོ་བར་བསམ་ཞིང་། དབུགས་ཕྱིར་དྲག་ཏུ་བུས་ལ་བཏང༌། སྐྱོན་འཕྲལ་དུ་སེལ། ཁམས་ལ་ཅུང་ཞིག་གནོད་གསུངས། བཞི་པ་ནི། ལུས་ཀྱི་སྟོད་དུ་ན་ཞིང་མི་བདེ་ན། མགྲིན་པ་ཡན་ཆད་སྨྱུག་དོང་ལྟར་སྟོང་པར་བསམས་ལ། དེ་ནས་ཡང་རླུང་སྔོ་བུན་བུན་སོང་བར་བསམ་ཞིང་དབུགས་ཕྱིར་དྲག་ཏུ་བཏང༌། ལུས་ཀྱི་སྨད་དུ་ན་ཞིང་མི་བདེ་ན་སྨད་ཉིད་སྨྱུག་དོང་ལྟར་སྟོང་པར་བསམ་ལ། དེ་ནས་མར་རླུང་ཐུར་ལ་སྔོ་བུན་བུན་འགྲོ་བར་བསྒོམ། དེས་གལ་ཏེ་ཐུར་དུ་འགྱུ་ན་འོག་རླུང་དྲག་ཏུ་བསྐུམ་པས་ཆད། དེ་དག་གིས་འཕྲལ་དུ་སྐྱོན་ལས་གྲོལ་ལོ། །ལྔ་པ་ནི། མཆོང་རྒྱུག་ལ་སོགས་པ་དུ་མ་བྱུང་ན། རང་གི་འདུག་སའི་འོག་དེར་དོང་ལྟ་བུ་ཤིན་ཏུ་དམའ་བར་བསམས་ཏེ། དེ་ནས་མར་རང་གི་ལུས་བྱིང་བར་བསམ། དེས་མི་སེལ་མི་སྲིད་གསུངས། དྲུག་པ་སེམས་ཀྱི་དྲོད་རྟགས་དང་སྦྱར་བ་ནི། ཇི་སྐད་བཤད་པའི་རིམ་པ་ལྟར་ཚུལ་བཞིན་བསྒོམས་པས་ཐོག་མར་སེམས་ཅི་འདོད་གནས། དོན་གྱི་དེ་ཁོ་ན་ཉིད་ལ་ངེས་ཤེས་སྐྱེ། ཅུང་ཟད་ལེ་ལོ་ཆེ། བྱ་བ་གང་ལའང་འཇུག་སྙིང་མི་འདོད། བརྗེད་ངས། བྱ་བ་ཐམས་ཅད་ལ་ཐུག་འཕྲད་ཙམ་བྱེད། སྐབས་སྐབས་སུ་དྲན་པ་གསལ་པོ་ཁྱད་པར་ཅན་འབྱུང༌། ཁ་ཟས་ལ་འདོད་པ་ཆུང༌། གཉིད་རིམ་གྱིས་སྤང་བར་ནུས། ཉོན་མོངས་གློ་བུར་བ་དྲག་པོ་བཟློག །ཆོས་བརྒྱད་ཀྱི་རྣམ་པར་རྟོག་པའི་བློ་རབ་རིབ་བཟློག །རྨི་ལམ་མངོན་ཤེས་དང་འདྲ་བའི་གསལ་པོ་འབྱུང༌། ཕྱི་དང་ནང་གི་སྲིན་བུ་རིམ་གྱིས་སྤང་ནུས། དེ་ཙམ་ན་ངན་སོང་དུ་མི་སྐྱེ་བའི་གདིང་ཐོབ་པ་ཡིན་ནོ། །བརྒྱད་པ་མཐར་སྤྱོད་པས་འབྲས་བུ་དང་མཚམས་སྦྱོར་བ་ནི། འདིའི་གོང་ན་བགྲོད་པར་བྱ་བའི་ལམ་གཞན་མེད་པས་དབང་བཞི་པའི་ལམ་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་བསྟེན་པ་སྟེ། བསྒོམས་པས་དྲོད་རྟགས་ཐོན་པའི་ཚེ་སློབ་དཔོན་འདིའི་བཞེད་པས་ལྷའི་བུ་མོ་ལ་སོགས་པ་དང་ཡང་འགྲོགས་པའི་ནུས་པ་ཡོད་ཅིང༌། གྲུབ་པ་ཐོབ་པའི་རྣལ་འབྱོར་ལའང་བརྟེན་དུ་ཡོད་ནའང་ལུང་བསྟན་པའི་མི་མོ་གཙོ་ཆེ་བར་བཞེད་དེ། སྤྲུལ་པའི་སྐུ་ཞིང་ལས་སྐྱེས་པའི་མཁའ་འགྲོ་མས་ཕྱག་རྒྱ་བུ་མོ་པདྨ་ཅན་ལ་སོགས་པ་ལུང་བསྟན་པ་འབྱུང་བ་དེ་ཉིད་བཙལ་ལ་ཐོག་མར་དབང་དང་སྔོན་འགྲོའི་རིམ་པས་རྒྱུད་སྦྱངས་ཟིན་པ་དང༌། རང་གི་གནས་གསུམ་འབྲུ་གསུམ་གྱིས་བསྲུང་བ་བྱ། དབེན་པའི་གནས་སུ་རང་ཉིད་མི་བསྐྱོད་པའི་རྣལ་འབྱོར་པ་ཡིན་ན་ཕྱག་རྒྱ་མ་མཱ་ཀིར་བསྐྱེད་པ་སོགས་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་ལྷ་ཡབ་ཡུམ་དུ་བསྐྱེད་པ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་དང་པདྨར་བྱིན་རླབས་སྔགས་ཀྱི་འདུ་ཤེས། ཐབས་ཤེས་ཀྱི་སྙོམས་འཇུག་འདི་ལ་བརྟེན་ནས་སེམས་ཅན་གྱི་དོན་ཏུ་མཆོག་གི་དངོས་གྲུབ་མངོན་དུ་ཐོབ་པར་བྱ་སྙམ་པ་ཆོས་ཀྱི་འདུ་ཤེས། དེ་ལྟར་འདུ་ཤེས་གསུམ་དང་ལྡན་པས་སྙོམས་པར་ཞུགས་པས་ཐབས་ཤེས་གཉིས་ཀའི་རྩ་གནས་ཐམས་ཅད་ནས་བྱང་ཆུབ་ཀྱི་སེམས་ཁམས་དགུའི་དྭངས་མ་རྣམས་རེ་ཞིག་སྤྱི་བོའི་གནས་སུ་འདུ། ཐབས་ཀྱི་ཁམས་དྭངས་མ་ཐིག་ལེ་ཟླ་བས་དབང་དུ་བྱས། ཤེས་རབ་ཀྱི་ཁམས་དྭངས་མ་རཀྟ་ཉི་མས་དབང་དུ་བྱས་ནས་འདུས་པའི་ཐིག་ལེ་སོ་སོའི་རྩ་གསུམ་ནས་རིམ་གྱིས་བབས་ཏེ་ཡས་བབས་ཀྱི་དགའ་བ་བཞི་ཉམས་སུ་མྱོང༌། མཐར་མཆོག་གི་ཟེ་བའི་གནས་སུ་ཐིག་ལེ་ཉི་ཟླ་གཟས་ཟིན་པའི་དུས་སུ་ཁམས་དྭངས་མ་དེ་ཉི་མ་འཆར་ཀའི་འོད་ལྟར་ཁ་དོག་སྣ་ཚོགས་པ་མངོན་དུ་བྱེད། དེའི་ཚེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཐིག་ལེ་གཅིག་པོ་དེའི་ནང་དུ་ལག་མཐིལ་གྱི་རི་མོ་ལ་བལྟས་པ་ལྟར་མཐོང་བར་གྱུར། དེ་ལ་རྒྱུའི་སྐད་ཅིག་མ་དང་། ཟག་བཅས་ཀྱི་བདེ་བ་ཞེས་ཀྱང་བྱ་ཞིང་། ས་བཅུ་གཉིས་པའི་མིང་ཡང་ཐོབ་བོ། །དེ་ནས་ཐབས་ཀྱིས་འདྲེན་པའི་བྱེ་བྲག་རིགས་གསུམ་གྱིས་དང་པོ་གཡས་ནས་གྱེན་དུ་དྲངས། དེ་ནས་གཡོན་ནས་དྲངས། མཐར་དབུས་ནས་དྲངས་པས་ཐབས་ཀྱི་རྒྱུད་དག་པར་འགྱུར་ལ། དེ་བཞིན་དུ་ཤེས་རབ་ལས་ཀྱང་གཡས། གཡོན། དབུས་གསུམ་ནས་རིམ་པར་གྱེན་དུ་དྲངས་པས་ཤེས་རབ་ཀྱི་རྒྱུད་དག་པར་འགྱུར། མཐར་གཉིས་ཀའི་རྒྱུད་དག་པ་ན་ཁམས་དགུའི་དྭངས་མར་གྱུར་པ་དེ་ལ་དལ་བར་རྒྱུ་བའི་རླུང་ཤིན་ཏུ་འབྱོངས་པས་གཉིས་ཀའི་རྩ་དབུ་མ་ནས་གྱེན་ལ་ལྡོག་སྟེ་སྤྱི་བོའི་ཧཾ་གི་གནས་སུ་ཐིམ་པར་འགྱུར། དེའི་དུས་སུ་མས་བརྟན་པའི་དགའ་བ་བཞི་ཉམས་སུ་མྱོང༌། མཐར་རླུང་སེམས་ཐམས་ཅད་དབུ་མར་ཐིམ་པས་ཐབས་ཤེས་གཉིས་ཀའི་རྒྱུད་དུས་གཅིག་ཏུ་གྲོལ་ཏེ་ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་འབྲས་བུ་མངོན་དུ་བྱེད་པར་འགྱུར་རོ། །དེ་རྣམས་ཀྱིས་ལམ་དུས་སུ་ཏིང་ངེ་འཛིན་སྐྱེད་ཅིང་སྦྱོང་བའི་ཁྲིད་ཀྱི་རིམ་པ་བསྟན་ཟིན་ཏོ། །གསུམ་པ་འབྲས་བུ་ནི། སྐུ་གསུམ་ལ་ཡན་ལག་བདུན་ལྡན་དུ་བཞེད་དེ། དེའང་ཆོས་ཀྱི་སྐུ་ལ་རང་བཞིན་མེད་པའི་ཡན་ལག་གཅིག་ཁོ་ན་ཡིན་ལ། དེ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་གྱུར་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཡན་ལག་གསུམ་སྟེ། ཟག་མེད་ཀྱི་བདེ་བས་རྒྱུད་ཚིམས་པ་ཁྱད་པར་ཅན་དང་ལྡན་པ་ནི་བདེ་བའི་ཡན་ལག །ལམ་དུས་སུ་བསྐྱེད་རྫོགས་གཉིས་ལ་མཉམ་རྗེས་གཉིས་གཉིས་ཡོད་ཅིང་འདོད་ཡོན་ཆེད་དུ་མ་སྤངས་པར་ལམ་དུ་ཁྱེར་བ། འབྲས་དུས་སུ་འདོད་ཡོན་གྱི་སྣང་བ་མི་འགག་པར་ཡེ་ཤེས་ཀྱི་སྣང་བར་གྱུར་པའི་ཡུམ་དང་བཅས་པ་ཁ་སྦྱོར་གྱི་ཡན་ལག །མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ལ་སོགས་པ་དཔལ་དུ་འབར་བས་ལོངས་སྤྱོད་རྫོགས་པའི་ཡན་ལག་གོ །སྤྲུལ་པའི་སྐུ་ལ་རྒྱུ་དང་འབྲས་བུ་དགག་སྒྲུབ་ཕྱོགས་ཀྱི་ཡན་ལག་གསུམ་ལས༑ སེམས་ཅན་སུ་ཞིག་འདུལ་བའི་དུས་ལ་བབས། སུ་ནི་མ་བབས་ཞེས་པའི་ཚུལ་གྱིས་རྟག་ཏུ་གཟིགས་པ་ནི་སྙིང་རྗེས་ངེས་པར་གང་བ་སྟེ་རྒྱུའི་ཡན་ལག །འབྲས་བུ་དོན་བྱ་རྒྱུའི་སེམས་ཅན་རྒྱུན་མི་འཆད་ཅིང་དོན་མི་མཛད་པ་མི་སྲིད་པས་འགོག་པ་མེད་པ་སྟེ་དགག་ཕྱོགས་ཀྱི་ཡན་ལག །འདུལ་བྱེད་རྒྱུན་མི་འཆད་པས་རྟག་ཏུ་སེམས་ཅན་གྱི་དོན་མཛད་པ་ཁོ་ནར་ངེས་པས་རྒྱུན་མི་འཆད་པ་སྟེ་སྒྲུབ་ཕྱོགས་ཀྱི་ཡན་ལག་གོ ༑དེ་རྣམས་ཀྱིས་འབྲས་བུ་ཡེ་ཤེས་ཀྱི་ཚུལ་རྣམས་བསྟན་པ་སྟེ། དེ་དག་གིས་བསམ་མི་ཁྱབ་པའི་ཁྲིད་རིམ་རྒྱུ་ལམ་འབྲས་བུ་གསུམ་གྱི་ཁོངས་སུ་བསྡུས་པ་རྣམས་ལེགས་པར་གྲུབ་བོ། །ཤེས་རབ་མཐར་ཐུག་བསམ་མི་ཁྱབ། །གཉིས་མེད་ཤེས་པས་མྱུར་རྟོགས་ཏེ། །ཡོན༵་ཏན༵་ཡོངས་རྫོགས་སྐུ་གསུམ་མཆོག །ཡེ་ཤེས་རྒྱ༵་མཚོ༵་འགྲུབ་པར་ཤོག །དཔལ་ཏོག་རྩེ་པས་མཛད་པའི་བསམ་གྱིས་མི་ཁྱབ་པའི་ཁྲིད་ཀྱི་ལེ་ཚན་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།།     །།  
༄༅།  །ན་མོ་གུ་རུ་བཛྲ་དྷ་ར་པཱ་དཱ་ཡ། གྲུབ་མཆོག་ཨིནྡྲ་བྷཱུ་ཏི་དང༌། །དབྱེར་མེད་རྗེ་བཙུན་གོང་མ་ལྔ། །གཅིག་བསྡུས་མཁྱེན་བརྩེའི་དབང་པོར་འདུད། །ཕྱག་རྒྱའི་ལམ་གྱི་ཁྲིད་རིམ་དགོད། །ལམ་སྐོར་ཕྱི་མ་བརྒྱད་ཀྱི་བྱེ་བྲག་གྲུབ་པ་ཡོངས་ཀྱི་སྤྱི་མེས་ཆེན་པོ་ཆོས་རྒྱལ་ཨིནྡྲ་བྷཱུ་ཏིའི་གདམས་ངག་ཕྱག་རྒྱའི་ལམ་གྱི་ཁྲིད་འཆད་པ་ལ་གཉིས། བརྒྱུད་པ་གང་ལས་བྱུང་བ། དེ་ལས་བརྒྱུད་པའི་གདམས་ངག་དངོས་བསྟན་པའོ། །དང་པོ་ནི། ཨོ་ཌི་ཡ་ནར་བྱུང་བའི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཆེ་ཆུང་གསུམ་དུ་གྲགས་པ་གསུམ་ཀའང་ངོ་བོ་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་པར་འཕྲུལ་པ་ཡིན་ཅིང་། དེ་ལས་དཔལ་བདེ་བ་ཆེན་པོ་ཞེས་བྱ་བ་ཨིནྡྲ་བྷཱུ་ཏི་ཆེན་པོ་ནི་རྫོགས་པའི་སངས་རྒྱས་དངོས་ཀྱིས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བས་བཙུན་མོ་སྟོང་གི་འཁོར་དང་བཅས་པ་མཆོག་གི་དངོས་གྲུབ་བརྙེས་པ་སྟེ། དེ་ཉིད་ཀྱིས་མཛད་པའི་ལམ་འདིའི་རྩ་ཚིག་ལ་བརྟེན་ཏེ་རིང་བརྒྱུད་གྲུབ་ཐོབ་རིམ་བརྒྱུད་ཀྱི་མཐར་ཨིནྡྲ་བྷཱུ་ཏི་ཆུང་བ་ནས། བྲམ་ཟེ་རིན་ཆེན་རྡོ་རྗེ། དེ་ལས་ཇོ་བོ་དམར་པོའི་ཞབས་སམ་ཤེས་རབ་གསང་བས་གསན། ཉེ་བརྒྱུད་ཨིནྡྲ་བྷཱུ་ཏི། ལྕམ་ལེགས་སྨིན་ཀ་ར། ཤེས་རབ་གསང་བ། དེ་ལས་འབྲོག་མི་ལོ་ཙཱ་བས་གསན་ཅིང་། རྗེ་བཙུན་ས་སྐྱ་པ་ཁུ་དབོན་སོགས་བརྒྱུད་པ་བར་མ་ཆད་དུ་བྱོན་པའི་མཐར། ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་རྣམས་ཀྱི་བཀའ་སྲོལ་ཆུ་ཀླུང་གཅིག་ཏུ་བབས་པའི་རྒྱུན་ལས་བཀའ་དྲིན་གྱི་ཆ་ཤས་སུ་ཐོབ་པའོ། །གཉིས་པ་གདམས་ངག་དངོས་ལ་བཞི། མན་ངག་གི་གཞི་བཅའ་བ། ཉམས་སུ་བླང་བྱ་རྒྱས་པར་བཤད་པ། དེ་ལས་ལམ་བགྲོད་ཚུལ། མཐར་ཐུག་གི་འབྲས་བུ་བསྟན་པའོ། །དང་པོ་ལ་གསུམ། བརྒྱུད་པ་བཞི། སྡོམ་པ་གསུམ། ལམ་ལྔ་རྫོགས་པའོ། །དང་པོ་ནི། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་གཅིག་ནས་གཅིག་ཏུ་བར་མ་ཆད་པ་ཚིག་གི་བརྒྱུད་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་འདི་ལྟ་བུ་ལ་བརྟེན་ནས་བྱུང་ལ། དེ་ནས་འདི་ལྟ་བུ་ཞིག་བྱུང་བའི་ཚུལ་དོན་གྱི་བརྒྱུད་པ་དང༌། བུམ་དབང་ལ་སོགས་པ་དབང་བཞིའི་བརྡ་དོན་མ་ནོར་བར་ཤེས་པ་བརྡའི་བརྒྱུད་པ་དང༌། རྫོགས་པའི་སངས་རྒྱས། རྡོ་རྗེ་སློབ་དཔོན། ཡི་དམ་ལྷ། མཁའ་འགྲོ། ངོ་བོ་ཉིད་ཀྱི་བྱིན་རླབས་ཏེ་རྣམ་པ་ལྔ་དང་ལྡན་པ་ནི་བྱིན་རླབས་ཀྱི་བརྒྱུད་པ་སྟེ། བརྒྱུད་པ་དེ་བཞི་ཀ་འདི་ལ་ཚང་བའོ། །གཉིས་པ་ནི། དེ་ལ་བརྟེན་ནས་ལམ་གསུམ་གྱི་རྟོགས་པ་སྐྱེ་བར་འགྱུར་ཏེ། བུམ་པའི་དབང་ཙམ་ཐོབ་པ་ལ་བསྐྱེད་པའི་རིམ་པ་དང༌། གསང་བའི་དབང་ཐོབ་པ་ལ་བདག་བྱིན་རླབས་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ལ་དཀྱིལ་འཁོར་འཁོར་ལོའི་ལམ་མོ། །ལམ་ཕྱི་མ་འདི་ལ་གནས་པའི་གང་ཟག་ཉིད་སྡོམ་པ་གསུམ་དང་ལྡན་པ་སྟེ། ལུས་ལ་ཐིག་ལེ་མ་ཉམས་པར་གནས་པས་སོ་ཐར་གྱི་སྡོམ་པ། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་སྐྱེ་བས་བྱང་ཆུབ་སེམས་དཔའི་སྡོམ་པ། རླུང་རྒྱས་པའི་སྟོབས་ཀྱིས་བདེ་བ་འབར་བས་གསང་སྔགས་ཀྱི་སྡོམ་པ་དང་ལྡན་པའོ། །གསུམ་པ་ནི། ཕར་ཕྱིན་ཐེག་པ་དང་སྒོ་བསྟུན་ན་ལམ་ལྔའམ། ཕྱག་རྒྱ་ལ་བརྟེན་ནས་ཡོངས་སུ་རྫོགས་པར་འགྱུར་ཏེ། ཆ་དྲུག་ཅུ་རྩ་བཞིའམ། ཆ་བཅུ་དྲུག་གམ། ཆ་བཅུ་གཉིས་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་སྒྲུབ་པའི་ཐབས་རྩོལ་བ་དང་བཅས་པ་ནི་ཚོགས་ཀྱི་ལམ། བོལླ་ཀཀྐོ་ལ་དང་མཉམ་པར་སྦྱོར་བའི་ལམ། བདེ་བ་ཆེན་པོའི་དགའ་བ་དང་པོར་རྟོགས་པ་ནི་མཐོང་བའི་ལམ༑ བདེ་སྟོང་ཟུང་འབྲེལ་གྱི་ལམ་དེ་ཡང་དང་ཡང་དུ་གོམས་པར་བྱེད་པ་སྒོམ་པའི་ལམ། ཕྱག་རྒྱའི་དངོས་གྲུབ་མཐར་ཕྱིན་པ་ནི་མཐར་ཕྱིན་པའི་ལམ་རྣམས་སུ་ཤེས་པར་བྱའོ། །གཉིས་པ་ཉམས་སུ་བླང་བྱ་དངོས་ལ། རྩ་བའི་གཞུང་ནི། ལྷས་བྱིན་གྱིས་ནི་རྟ་བྱས་ལ། །ཀླུ་ཡི་སྒོ་བཞི་དབྱེ་བར་བྱ། །གཞུ་རྒྱས་ཀྱིས་ནི་འདོད་པ་གཟུང༌། །རུས་སྦལ་འགྲོས་ཀྱིས་འཕེལ་བར་བྱེད། །འགོག་པར་བྱེད་ཅིང་དབུགས་དབྱུང་བ། །སྐ་རགས་ཧིག་གིས་གནས་སུ་བསྐྱལ། །ཞེས་བྱ་བའོ། །དེའི་དོན་ད་ལྟ་ཉམས་སུ་ལོན་པ་རང་ལུས་ཁོ་ན་ལ་བརྟེན་པ་དང༌། རྩ་བའི་གཞུང་གི་དགོངས་པ་གཞན་ལུས་ཕྱག་རྒྱ་ལ་བརྟེན་པའོ། །དང་པོ་ནི། དེང་སང་གི་གང་ཟག་གིས་དངོས་རིག་ཉམས་སུ་ལོན་པར་དཀའ་ཞིང༌། གཞན་ལུས་བརྟེན་པ་ལའང་ཐོག་མར་ཡིད་རིག་ཡེ་རྒྱ་ལ་བརྟན་པ་ཐོབ་དགོས་པས། དེའི་ཚུལ་ལ་གཉིས། སྦྱོར་བ་རླུང་སྦྱོང་ཞིང་ལྟ་བ་བསྐྱང་བ། དངོས་གཞི་བདེ་སྟོང་གི་ཏིང་ངེ་འཛིན་སྤེལ་བའོ། །དང་པོ་ནི། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཚད་དུ་ལོངས་པར་བྱ། སྟན་བདེ་བར་བསྡད་ལ་ལུས་སྐྱིལ་མོ་ཀྲུང་བཅའ། ལག་པ་གཉིས་པུས་མོ་ལ་བཀབ། མིག་སྣ་རྩེར་དབབ། འོག་རླུང་དྲག་ཏུ་འཐེན་ལ་ཧཱུྃ་དལ་ལ་རིང་བ་ཁོག་པ་ནས་དྲངས་ཤིང་མནན། དེའི་དུས་སུ་མཁལ་སྐེད་ན་བ་བྱུང་ན་ལྟོ་བ་བསྐྱོད་ཅིང་གྱེན་ཏུ་དྲངས། དར་ལ་སོགས་པའི་འབོལ་པོས་རྐེད་པ་བསྡོམ། མགོ་ན་ན་མགོ་བོ་བསྐྱོད། རོ་སྟོད་ན་ན་རོ་སྟོད་གསིག །དེ་ལྟ་བུ་ཞག་བདུན་ནམ། ཟླ་བ་ཕྱེད་དམ། ཞག་ཉི་ཤུ་རྩ་གཅིག་སྦྱངས་ན་ཐུར་སེལ་ལ་དབང་ཅི་རིགས་པ་ཐོབ་པར་འགྱུར་རོ། །དེའི་ཚད་བརྟག་པ་དང་བརྟན་པར་བྱ་བའི་དོན་ཏུ་ངང་པའམ། གོང་མོའི་སྒོ་ང་བཙོས་ཏེ་སྣེ་གཅིག་བརྡོལ་ནས་ནང་གི་བཅུད་ཕྱིར་བཏོན། རའི་འོ་མ་ལ་བཟང་དྲུག་དང་ཀ་ར་བཏབ་པས་བཀང་བའི་ནང་དུ་རང་གི་གསང་བའི་གནས་བཅུག་ལ་བར་མཚམས་ཐམས་ཅད་བག་ཟན་གྱིས་བསྡམ། དེ་ནས་ཧཱུྃ་དལ་ལ་རིང་བས་དྲངས་པས་རིམ་པར་སུམ་ཆ་ཙམ་དང་། སུམ་གཉིས་ཙམ་དང༌། ཐམས་ཅད་འདྲོངས་པར་འགྱུར་ལ། དེ་ནས་མཁར་ཕོར་ལ་སོགས་པའི་སྣོད་ནས་ཀྱང་འདྲོང་ཐུབ་པར་གྱུར་ན་གསང་བའི་གནས་སྦུབས་སུ་ནུབ་པ་དང་། བརྐྱང་བ་ལའང་དབང་ཐོབ་པར་འགྱུར་རོ། །དེའི་བར་ལ་ཐོག་མར་ལྟ་བ་བསྐྱང་བར་བྱ་སྟེ། དེའང་ཡེ་ཤེས་གྲུབ་པ་ལས། ཁྱབ་དང་རྡོ་རྗེའི་སྐུ་ཉིད་དང༌། །འགྱུར་བ་མེད་པ་ཉིད་དང་ནི། །ཡང་དག་ཡེ་ཤེས་གྲུབ་པ་དང༌། །ཀུན་མཁྱེན་ཉིད་ནི་དེ་ལྟར་འདོད། །ཅེས་གསུངས་པ་ལྟར་མཚན་ཉིད་བཞི་དང་ལྡན་པ་སྟེ། སེམས་ཉིད་ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་དངོས་པོའི་གནས་ལུགས་ཐམས་ཅད་ལ་ཁྱབ་པ། འདུས་བྱས་ཀྱི་རྐྱེན་གྱིས་མི་འཇིག་པས་རྡོ་རྗེའི་སྐུ། དུས་གསུམ་དུ་འགྱུར་བ་མེད་པ། ཤེས་བྱའི་གནས་ཐམས་ཅད་རང་བཞིན་གྱིས་ཤེས་པ་སྟེ། དེ་ཉིད་ཉམས་སུ་ལེན་པ་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཉིད་ཀྱི་ངོ་བོ་ལས་གཞན་དུ་མ་གྲུབ། སེམས་ཀྱི་མཚན་ཉིད་གསལ་ལ་མ་འགགས་ཤིང་། ངོ་བོ་བརྟགས་ན་སྟོང་པ་སྟེ་གསལ་སྟོང་དབྱེར་མེད་ཅེས་བྱ། གསལ་བ་དེ་ཉིད་རང་གིས་ཉམས་སུ་མྱོང་ཞིང་། དེའང་དཔྱད་ན་སྟོང་པ་ཡིན་པས་རིག་སྟོང་དབྱེར་མེད་ཅེས་བྱ། ལུས་བདེ་བ་ཆེན་པོ་དང་སྣང་བ་ཐམས་ཅད་ཀྱང་བདེ་བ་ཆེན་པོར་སྐྱེ་ལ། ལུས་སྣང་གཉིས་ཀྱང་བརྟགས་ན་སྟོང་པ་ཡིན་ཅིང་། བདེ་སྟོང་ཐ་དད་མེད་པས་བདེ་སྟོང་དབྱེར་མེད་ཅེས་བྱ་བའི་རང་བཞིན་ཤེས་པར་བྱས་ལ། དང་པོར་ཐོས་བསམ་གྱི་གོ་བ་ཙམ་གྱིས་བསྐྱང༌། གཏན་ལ་ཕེབས་པ་ན་ཤུགས་འབྱུང་གི་ཚུལ་གྱིས་བསྐྱང་ཞིང་རླུང་དང་སྦྱར་བར་བྱས་པས་རླུང་དང་ལྟ་བ་ལྷན་ཅིག་འབྱོང་བར་འགྱུར་རོ། །གཉིས་པ་བདེ་སྟོང་གི་ཏིང་ངེ་འཛིན་བསྒྲུབ་པ་ནི། ལྷས་བྱིན་གྱི་བརྡས་བསྟན་པ་ཕྱག་རྒྱ་དང་སྙོམས་པར་འཇུག་པ་སྟེ། ཐོག་མར་ཡིད་རིག་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ལ་མན་ངག་གི་གནད་ཀྱིས་ཟིན་པ་ལྔ༑ བྱང་ཆུབ་སེམས་ཀྱི་ཐིག་ལེ་དབབ་པ། བཟུང་ཞིང་བདེ་བ་སྒོམ་པ། ལྡོག་པར་བྱ་བ། ཁྱབ་པར་བྱ་བ། མི་ཉམས་པར་བསྲུང་བའོ། །དང་པོ་ནི། གཞོན་ཅིང་མཛེས་ལ་ཆོས་དང་ལྡན་པའི་བུ་མོ་ཡིད་ཆགས་སུ་རུང་བ་ཞིག་མདུན་དུ་བསྒོམ། དེ་ལ་མིག་གིས་བལྟ་བ་དང༌། ཆགས་པའི་གཏམ་སྨྲ་བ་དང༌། སྦྲང་རྩི་ལ་སོགས་པའི་རོ་ཕན་ཚུན་ལྕེ་ཡིས་སྦྱིན་པ་དང༌། ཙུམྦ་དང༌། སོ་དང་སེན་མོས་འདེབས་པ་དང༌། ཕན་ཚུན་འཁྱུད་པ་ལ་སོགས་པར་བསྒོམས་པས་བདེ་བ་མགོ་གཡོས་པ་ན། བདག་དང་རིག་མ་ཡི་དམ་ལྷ་ཡབ་ཡུམ་གྱི་གསལ་སྣང་དང་ང་རྒྱལ་བརྟན་ཅིང་། ངག་སྙིང་པོ་བཟླས་པས་ལུས་ངག་མཉམ་པ་དང༌། ཡུམ་གྱི་པདྨ་ཨེ་ལས་ཆོས་འབྱུང༌། དེའི་ནང་དུ་ཨཱཿ ལས་པདྨ་འདབ་བརྒྱད་ཟེའུ་འབྲུ་དང་བཅས་པ་ལ་ཨཱཿ ས་མཚན་པར་བསྐྱེད་ལ་སྔགས་ཀྱིས་བརྟན་པར་བྱ། ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། ༀ་ལས་ནོར་བུ་སྭཱ་ལས་རིན་པོ་ཆེའི་ཏོག །བུ་གར་ཧཱུྃ་མཐིང་ནག་མགོ་ཐུར་དུ་བསྟན་པ་དང༌། ཕཊ་དམར་ནག་མགོ་གྱེན་དུ་བསྟན་པ་གཉིས་རྩེ་སྤྲད་པར་བསྒོམས་ལ་སྔགས་ཀྱིས་བརྟན་པར་བྱ་བ་ནི་བྱིན་རླབས་མཉམ་པ་དང༌། ཐ་མལ་པའི་འདོད་ཆགས་འདི་ཉིད་ལམ་དུ་བྱས་ལ། རིམ་གྱིས་འདོད་ཆགས་དེ་ཉིད་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་བསྒྱུར་ལ་སེམས་ཅན་གྱི་དོན་ཏུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པ་ནི་འདོད་པ་མཉམ་པ་སྟེ། མཉམ་པ་གསུམ་པོ་རིམ་བཞིན་སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ་ཡིན་པས་སྐུ་གསུམ་ལམ་དུ་བྱེད་པའི་སྒྲུབ་པ་དང་ལྡན་པས་དལ་བུས་སྙོམས་པར་འཇུག་ལ་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྤྱི་བོ་ནས་བརྩམ་རིམ་པར་དབབ་པར་བྱ། གཉིས་པ་ནི། བྱང་ཆུབ་ཀྱི་སེམས་ནོར་བུའི་དབུས་སུ་ཕབ་པ་དེ་གཟུང་བའི་ཐབས་གསུམ་གྱིས་མི་ཉམས་པར་བྱ་སྟེ། དང་པོ་མིག་གཉིས་སྟེང་དུ་བསྒྲད། ལྕེ་རྐན་ལ་སྦྱར། དེས་མ་ཟིན་ན་གཉིས་པ་སྟེང་རླུང་མནན། འོག་རླུང་མར་འཕུལ། ཐིག་ལེ་ལ་ཤེས་པ་གཏད་ནས་ཟིན་པར་འགྱུར་ཏེ་རིལ་བ་ཞབས་ཚགས་ཅན་གྱི་དཔེ་དང་འདྲ། དེས་ཀྱང་ཟིན་དཀའ་ན། གཞུ་རྒྱས་ཀྱིས་ནི་འདོད་པ་གཟུང༌། །ཞེས་བྱ་བའི་དོན་ཕཊ་མགོ་གྱེན་ལྟ་དེ་ཧཱུྃ་མགོ་ཐུར་ལྟ་དེས་ཡར་འདྲེན་པར་དམིགས་ལ་ཧཱུྃ་དལ་ལ་རིང་བ་ཉི་ཤུ་རྩ་གཅིག་ལ་སོགས་པ་བརྗོད་པས་དྲང་བར་བྱའོ། །དེས་ཐིག་ལེ་མི་ཟིན་མི་སྲིད་དོ། །བདེ་ཤུགས་ཆུང་དུ་སོང་ན། རུས་སྦལ་འགྲོས་ཀྱིས་འཕེལ་བར་བྱེད། །ཅེས་བྱ་བའི་གཞུང་གི་དོན། བདེ་བ་སྤེལ་བའི་ཕྱིར་དལ་བུས་བསྲུབ། གསང་གནས་ཁོ་ན་ལས་ལུས་གཞན་ཏུ་བདེ་བ་མ་འཕེལ་ན། བདེ་བ་སྤེལ་བ་དང་དབུགས་དབྱུང་བ་ཞེས་བྱ་བའི་གཞུང་གི་དོན། འོག་རླུང་ཅུང་ཟད་བསྐུམ། མིག་གཉིས་ཕྱེ། དབུགས་དལ་ལ་ཡུན་རིང་བར་སྣ་བུག་གཉིས་ནས་ཕྱིར་བུས་པས་ལུས་ཐམས་ཅད་ལ་བདེ་སྟོང་གི་ཏིང་ངེ་འཛིན་གྱིས་ཁྱབ་པར་འགྱུར་རོ། །དེ་རྣམས་ཀྱིས་ཐིག་ལེ་ཟིན་པའི་རྟགས་འོག་སྒོ་བེམ་བེམ་པོ་དང༌། ལྕི་ཡོར་ཡོར་བ། ཙུབ་ཙུབ་པ་དང་། སྐྲ་རྩ་སེང་སེང་བ་དང༌། ཐུར་སེལ་དང༌། བཤང་ལྕི་མི་འཐོན་པ་སྙམ་བྱེད་པ་དང༌། ངུ་བ་དང༌། རྒོད་པ་དང༌། ཀུ་ཅོ་འདོན་པ་ལ་སོགས་པ་མི་བཟོད་པ་བྱུང་ཙམ་ན་ལྡོག་པར་བྱ་དགོས་པ་ཡིན་ནོ། །རྟགས་དེ་དག་དངོས་ནི་ལས་རྒྱ་བརྟེན་པ་ལས་བྱུང་བ་ཡིན་ཀྱང༌། ཡེ་རྒྱ་ལའང་སྣ་རེ་ཟུང་དང་རྗེས་མཐུན་པ་ཙམ་འབྱུང་ངོ༌། །གསུམ་པ་ནི། སློབ་དཔོན་འདི་ཉིད་ཀྱི་དགོངས་དོན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡུམ་གྱི་མཁའ་ལ་ཕབ་ནས་སླར་དྲངས་ཏེ། མས་བརྟན་གྱི་དགའ་བ་བཅུ་དྲུག་གི་ཚུལ་གྱིས་ཉམས་སུ་བླང་བར་བཞེད་པ་ཡིན་ཀྱང༌། ཡེ་རྒྱ་དང་ནུས་པ་དམན་པ་ལ་རྡོ་རྗེའི་རྩེ་མོ་ཉིད་ནས་ལྡོག་པ་ལ་འགྱུར་བ་རྣམ་པ་དྲུག་གིས་ལྡོག་པར་བྱ་སྟེ། སྐ་རགས་ཧིག་གིས་ཞེས་པའི་གཞུང་གི་དོན། རྐང་ལག་གི་མཐེ་བོང་བཞི་བསྐུམ་ཞིང་བརྐྱངས་པ་དང༌། ལྟོ་བ་ཚིགས་པ་ལ་སྦྱར་བ་དང༌། ལྕེ་ཕུག་ཏུ་ལྡོག་པ་དང༌། མིག་གྱེན་ལ་ལྡོག་པ་དང༌། ངག་ཏུ་ཧཱུྃ་རིང་པོའི་རྗེས་ལ་ཧིག་ཅེས་བརྗོད་པ་དང༌། ཏིང་ངེ་འཛིན་གྱི་ཧཱུྃ་གིས་ཕཊ་དྲངས་ལ་སྤྱི་གཙུག་ཏུ་བསྐྱལ་བར་བྱ། དེ་ལྟར་བྱས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་ལྷག་མ་ལུས་སྲིད་པས་ལན་གཉིས་ནས་གསུམ་གྱི་བར་དྲང་བར་བྱའོ། །བཞི་པ་ནི། གནས་སུ་བསྐྱལ། ཞེས་བྱ་བའི་གཞུང་གི་དོན། བྱང་ཆུབ་སེམས་ལུས་ལ་ཁྱབ་པར་བྱ་བས་མ་བཀྲམ་ན་ནད་དུ་འགྱུར་སྲིད་པས༑ སོ་སོར་ཁྱབ་པར་བྱ་བ་ནི། མགོ་བོ་སྤྲུག་པ་དང༌། རོ་སྟོད་གསིག་པ་དང༌། རྐེད་པ་གཅུ་བ་དང༌། ལག་པ་གཡབ་པ་དང༌། བྲོ་བཀྲབ་པ་དང༌། འོ་དོད་བོས་པས་ཁྱབ་པར་བྱའོ། །དེའང་ཉན་ཐོས་བཞིན་ཕྱག་རྒྱ་མི་སྤོང་སྟེ། སྤངས་ན་ཐིག་ལེ་མི་རྒྱས་ཏེ། བ་མ་བཞོས་ན་སྐམ་པ་དང་འདྲའོ། །དེས་ན་བ་བཞིན་ཏུ་བཞོས་པས་ཐིག་ལེ་སྤེལ་ཏེ། ཐིག་ལེ་ལས་སངས་རྒྱས་འབྱུང་བ་ཡིན་ནོ། །ཕལ་པ་བཞིན་བྱང་ཆུབ་ཀྱི་སེམས་འདོར་བར་མི་བྱ་སྟེ། དོར་ན་རྒྱུད་ནས་གསུངས་པའི་ཉེས་པ་ཐམས་ཅད་འབྱུང་ངོ༌། །དེས་ན་ཐིག་ལེ་དབབ་ཟློག་གི་སྒོ་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་ཏུ་བྱེད་པའི་བསམ་པས་ཆགས་པ་དོར་ཞིང༌། རིག་མ་བསྟེན་པས་ལུས་ཐམས་ཅད་ཐིག་ལེས་གང་ནས་བདེ་སྟོང་གི་ཏིང་ངེ་འཛིན་རྒྱུན་མི་འཆད་པར་སྐྱེའོ། །སྤྱི་དོན་ལྔ་པ་མི་ཉམས་པར་བསྲུང་བ་ལ་བརྒྱད་དེ། དེ་ཡང་ཐིག་ལེས་ལུས་གང་བས་འཆོར་བ་དང༌། རྐྱེན་གྱིས་འཆོར་བ་དང༌། ནད་ཀྱིས་འཆོར་བ་དང༌། གདོན་གྱིས་འཆོར་བ་དང༌། སྤྱོད་ལམ་གྱིས་འཆོར་བ་དང༌། ཁ་ཟས་ཀྱིས་འཆོར་བ་དང༌། བྱིན་རླབས་ཉམས་པས་འཆོར་བ་དང༌། དམ་ཚིག་ཉམས་པས་འཆོར་བའོ། །དེ་ལ་གང་བས་འཆོར་བ་ནི༑ ལུས་ཐིག་ལེས་ཡོངས་སུ་གང་བའི་སྟོབས་ཀྱིས་འཆོར་བ་སྟེ། དེ་སྲུང་བ་ནི། རྡོ་རྗེའི་མགུལ་པ་དར་དཀར་རམ་རས་ཀྱི་སྐུད་པས་དམ་དུ་བཅིང་བ་དང༌། སྐེད་པའང་དར་རམ་རས་ཀྱིས་བཅིང་བ་དང༌། རྐང་པ་གཉིས་དྲག་ཏུ་སྤྲུགས་པ་དང༌། ཤེས་པ་ལྟེ་བར་གཏད་པ་དང༌། བཤང་ལམ་བསྐུམ་པས་འོག་རླུང་ཧི་ཀས་དྲང་ངོ༌། །སྤྱིར་ཐིག་ལེ་མི་འཆོར་བ་ལ་རླུང་བསྒོམ་པ་ཁོ་ན་མན་ངག་ཆེ་གསུངས་སོ། །རྐྱེན་གྱིས་འཆོར་བ་ནི། རིག་མ་མཐོང་བས་འཆོར་བ་སྟེ། དེའང་རྐང་པ་གཉིས་སྤྲུགས་པ་དང༌། རྡོ་རྗེའི་རྩེ་མོར་ཕཊ་སེར་པོ་དང༌། ཧཱུྃ་མཐིང་ནག་གཅིག་བསམས་ཏེ། ཧཱུྃ་གིས་དྲངས་ཤིང་རླུང་མནན་པ་དང༌། འགྱུར་བ་དྲུག་ཀྱང་བྱའོ། །ནད་ཀྱིས་འཆོར་བ་ནི༑ གྲང་བས་འཆོར་བ་སྟེ་ཆུ་དང་བསྡོངས་ནས་འཆོར་བའོ། །དེ་བསྲུང་བ་ལ། གཉིད་ཉིན་མོ་བསྲུང་ཞིང་ནུབ་མོར་ལོག །ཨ་རུ་ར་འོ་མར་སྦངས་པ་མུར། ཚ་བ་གསུམ་གྱི་གམ་ཕྱེ་བཏང༌། ཟས་བཅུད་ཅན་ལ་བརྟེན། གྲུ་མོ་སླེབ་པའི་ཕར་ངོས་ཚུར་ངོས་གཉིས་སུ་མེ་བཙའ་ཡང་གདབ། གཅན་གཟན་གྱི་རས་མ་བསྲོས་ལ་རྡོ་རྗེ་དང་དྲིལ་བུ་གཉིས་ལ་ཤུབས་ལྟ་བུར་བྱས་ལ་དཀྲི་བར་ཡང་བྱའོ། །གདོན་གྱིས་འཆོར་བ་ནི། རྨི་ལམ་དུ་འཆོར་བ་སྟེ༑ དེ་བསྲུང་བ་ལ། ཡུངས་ཀར་བསྲེགས་པ། གུ་གུལ་ནག་པོ། པདྨའི་རཀྟ། མིའི་ཀླད་པ་རྣམས་བསྲེས་ལ་རྡོ་རྗེ་ལ་སོགས་པ་གསང་བའི་གནས་ཐམས་ཅད་དུ་བཀུའོ། །སྐུད་པ་ནག་པོ་ལ་མདུད་པ་ཉི་ཤུ་རྩ་གཅིག་བྱས་ལ་བགེགས་བཟློག་པའི་སྔགས་བཟླས་ལ་སྐེད་པར་གདགས་སོ། །སྤྱོད་ལམ་གྱིས་འཆོར་བ། ལས་དྲགས་པ་དང༌། ཉལ་མ་ལེགས་པ་དང༌། སྨྲ་བ་མང་བ་དང༌། འགྲོ་འདུག་དྲགས་པའོ། །དེ་བསྲུང་བ་ནི། དེ་དག་སྤངས་ཤིང་འགྱུར་བ་དྲུག་བྱ་བ་དང༌། ཕཊ་དང་ཧཱུྃ་བསྒོམས་ཤིང་དྲངས་པ་དང༌། སྟེང་རླུང་མནན་པའོ། །ཁ་ཟས་མི་འཕྲོད་པས་འཆོར་བ་ནི། ཤ་རུལ་དང༌། སྲན་མ་དང༌། ལན་ཚྭ་ཆེས་པ་དང༌། ཚྭ་རྒོད་འཐུང་བ་དང༌། ཆང་མང་བ་ལ་སོགས་པས་འཆོར་བ་སྟེ། དེ་བསྲུང་བ་ནི། དེ་དག་ཉིད་སྤང་བ་དང༌། འོ་མ་རྟག་ཏུ་བཏུང་བ་དང༌། བདུད་རྩིའི་རྒྱུན་སྦྱོར་ཞེས་བྱ་བ་ལྡུམ་སྒོག་བཟའ་བར་བྱའོ། །བྱིན་རླབས་ཉམས་པས་འཆོར་བ་ནི། གཏོར་མ་དང༌། ཚོགས་ཀྱི་མཆོད་པ་ལ་སོགས་པ་སྔར་བྱས་པ་ལས་ཉམས་ན་འཆོར་བ་སྟེ། དང་པོ་དབབ་དཀའ། ཕེབ་ནས་བསྲུང་དཀའ་བ་སྟེ། དེ་བསྲུང་བ་ནི། ཚོགས་ཀྱི་མཆོད་པ་དང༌། གཏོར་མ་ལ་སོགས་པ་བྱས་པ་ཉིད་ཀྱིས་སྲུང་བའོ། །དམ་ཚིག་ཉམས་པས་འཆོར་བ་ནི། ཞེ་སྡང་ལ་སོགས་པས་ཀུན་ནས་བླངས་ནས་རྩ་ལྟུང་བཅུ་བཞི་གང་རུང་བྱུང་ན་ཏིང་ངེ་འཛིན་སྐྱེ་ལོང་མེད་པར་ཐིག་ལེ་འཛག་སྟེ། དེ་སྲུང་བ་ནི། བླ་མ་ལས་དབང་བཞི་རྫོགས་པར་ནོད་པའོ། །དེ་ལྟ་བུའི་སྟོབས་ཀྱིས་ཐིག་ལེ་ཤིན་ཏུ་རྒྱས་པ་དང༌། གདོད་ལིངྒ་དེ་བརྟན་པ་འབྱུང་ངོ༌། །དེའི་དུས་སུ་ཕྱག་རྒྱ་ལ་འཛེགས་པ་སྙམ་བྱེད་ཀྱང༌། བསྲན་ཐུབ་པར་བྱས་ཏེ་སྦྱོར་བ་མི་བྱའོ། །དེ་ནས་བདེ་བ་ཆེར་འབར་བ་དང༌། མི་རྟོག་པ་ཆེར་འབར་བ་འབྱུང་ངོ༌། །དུ་བ་ལ་སོགས་པའི་རྟགས་རིམ་བཞིན་སྐྱེ་བར་གསུངས་སོ། །གཉིས་པ་གཞན་ལུས་ལས་རྒྱའི་ཉམས་སུ་ལེན་པ་ལ་ལྔ། རིག་མ་དག་པ། ལུས་ངག་མཉམ་པ། བྱིན་རླབས་མཉམ་པ། འདོད་པ་མཉམ་པ། མན་ངག་གི་གནད་ཀྱིས་ཟིན་པའོ། །དང་པོ་ནི། ལྷས་བྱིན་གྱིས་ནི་རྟ་བྱས་ལ། །ཞེས་པའི་གཞུང་གི་དོན་ནོ། །སྤྱིར་ལས་རྒྱའི་དབྱེ་བ་གཉིས། སྐྱེ་བས་ཐོབ་པ་དང༌། སྦྱངས་པ་ལས་བྱུང་བའོ། །དང་པོ་སྐྱེ་བས་ཐོབ་པ་ལ་གསུམ། གནས་སྐྱེས། སྔགས་སྐྱེས། རིགས་སྐྱེས་སམ་ལྷན་ཅིག་སྐྱེས་མའོ། །དང་པོ་ནི། ཡུལ་ཉི་ཤུ་རྩ་བཞི་གང་ཡང་རུང་བའམ། ཡུལ་དབུས་སུ་སྐྱེས་ཤིང་ལས་ཀྱི་མཐའ་མ་ལོག་པ་དང༌། མཐའ་འཁོབ་ཏུ་སྐྱེས་ཀྱང་ལུས་ཀྱི་རྟེན་རིགས་ཅན་ཁྱད་པར་ཅན་དུ་གྱུར་པའོ། །གཉིས་པ་ནི། རང་གཞན་གྱི་སྔགས་ཀྱི་ནུས་པ་ཆེ་བ། གསང་སྔགས་ཀྱི་སྤྱོད་པ་ལ་འཇིགས་པ་མེད་ཅིང་རང་བཞིན་གྱིས་ཏིང་ངེ་འཛིན་སྐྱེ་བ་སྟེ་ཡེ་ཤེས་ལས་སྐྱེས་པ་ཞེས་ཀྱང་བྱའོ། །གསུམ་པ་ནི། གསང་སྔགས་སྤྱོད་པའི་རིགས་སུ་སྐྱེས་པའམ། རྣལ་འབྱོར་མ་བདུན་ལས་བརྟེན་དུ་རུང་བའི་མཚན་ཉིད་ཅན་གཅིག་ཡོད་པར་གསུངས་སོ། །དེ་དག་རྣམས་ཀྱི་ནང་ནས་ཀྱང་ལས་ཀྱི་སྟོབས་ཀྱིས་ལུས་ཁྱད་པར་དུ་གྱུར་པས་བདེ་བ་སྐྱེ་བའི་རྩ་རྣམས་གཞན་ལས་ནུས་པ་ཆེ་ཞིང་ལུས་ཐམས་ཅད་ལ་ཁྱབ་པར་ཡོད་པ་དང༌། ཁྱད་པར་དུ་དབུ་མའི་རྩ་སྣ་རིང་བར་སྟོན་ནུས་པ་པདྨ་ཅན་མ། རི་དྭགས་མ། དུང་ཅན་མ་ཞེས་བྱ་བའི་རིགས་ལྡན། ལོ་གྲངས་ཀྱང་བཅུ་གཉིས་མ་མཆོག །བཅུ་དྲུག་མ་རབ། ཉི་ཤུ་མ་འབྲིང༌། ཉེར་ལྔ་མ་ཐ་མའོ། །དེ་དག་གང་ཡིན་ཀྱང་བརྟེན་དུ་རུང་བའི་རྟགས་བཅོ་ལྔ་ཞེས་བྱ་བ། ཕྱི་རྟགས་དགུ། ནང་གི་རྟགས་གསུམ། གསང་བའི་རྟགས་གསུམ་མོ། །ཕྱི་རྟགས་དགུ་ལས་ལུས་ལ་འཆར་བའི་རྟགས་གསུམ་ནི། སྐྱེས་པ་ལ་རྟག་ཏུ་ལྟ་བ་དང༌། ཁ་སྐམ་པ་དང༌། ལུས་ཀྱི་བ་སྤུ་ལྡང་བའོ། །ངག་ལ་འཆར་བའི་རྟགས་གསུམ་ནི། ཆགས་པའི་གཏམ་སྨྲ་བ་དང༌། རྒོད་པ་དང༌། འབྲེལ་མེད་དུ་སྨྲ་བའོ། །ཐུན་མོང་དུ་འཆར་བའི་རྟགས་གསུམ་ནི། ལམ་གྱི་རྣམ་པར་གནོན་པ་དང༌། བྱ་བ་གང་ཡང་ཐུག་འཕྲད་རྩོམ་པ་དང༌༑ བྱ་བཙག་མང་སྟེ་ཕྱིའི་རྟགས་དགུའོ། །ནང་གི་རྟགས་གསུམ་ནི། དམ་པའི་ཆོས་ལ་དགའ་བ་དང༌། ཞེན་ཆགས་ཆུང་བ་དང༌། སྙིང་རྗེ་ཆེ་བའོ། །གསང་བའི་རྟགས་གསུམ་ནི། བླ་མ་ལ་གུས་པ་དང༌། གསང་སྔགས་ཀྱི་སྤྱོད་པ་ལ་མི་སྐྲག་ཅིང་གུས་པ་དང༌། བྱང་ཆུབ་ཀྱི་སེམས་དང་ལྡན་པ་སྟེ་དེ་དག་ནི་སྐྱེ་བས་ཐོབ་པའི་ཡོན་ཏན་ཅན་ནོ། །གཉིས་པ་སྦྱངས་པ་ལས་བྱུང་བའི་ཡོན་ཏན་ནི། སྐྱབས་གསུམ་སྔོན་ཏུ་འགྲོ་བའི་སོ་སོར་ཐར་པའི་སྡོམ་པ་དང་ཡང་ལྡན། སྨོན་འཇུག་གི་སེམས་བསྐྱེད་བྱས་ཏེ་བྱང་ཆུབ་སེམས་དཔའི་བསླབ་པ་དང་ཡང་ལྡན། དབང་བཞི་ཡོངས་སུ་རྫོགས་ཏེ་རྡོ་རྗེ་ཐེག་པའི་སྡོམ་པ་དང་ཡང་ལྡན། རྒྱུད་དང་གདམས་ངག་མང་པོ་ལ་ཐོས་བསམ་མཐར་ཕྱིན་པའོ། །དེའང་རྒྱུད་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པ་ཡིན། །ཅེས་སྣང་བ་བཞི་དང་སྟོང་པ་བཞིའི་ཡེ་ཤེས་ཐབས་འདི་ལ་བརྟེན་ནས་དངོས་སུ་མཚོན་ནུས་པར་གསུངས་སོ། །དེ་ལྟ་བུའི་རྟེན་རྙེད་པ་ན། གཞུང་དུ་རྟ་བྱས་ལ་ཞེས་པའི་དོན་རྟ་བཟང་པོ་ཞོན་ན་གང་འདོད་པའི་སར་མྱུར་དུ་ཕྱིན་པ་ལྟར། ལམ་འདི་ལས་སངས་རྒྱས་ཀྱི་སར་མྱུར་དུ་ཕྱིན་པར་བྱེད་པས་རྣལ་འབྱོར་པ་སྔོན་དུ་རླུང་དང་ལྟ་བ་འབྱངས་པར་བྱས་པ་དེས། གཞུང་ཚིག །ཀླུ་ཡི་སྒོ་བཞི་དབྱེ་བར་བྱ། །ཞེས་པའི་དོན་རིག་མའི་ལྟེ་བ་མན་ཆད་རོ་རྐྱང་གི་སྣ་བཞི་རུ་གྱེས་པའི་གདེངས་ཀ་སྤྲུལ་མགོ་ལྟ་བུ་བཞིས་དབུ་མ་བཏུམས་ནས་ཡོད་པ་དེ་བཞི་པོ་དབྱེ་བའི་ཐབས་མན་ངག་ལས་འབྱུང་བ་ལྟར་བྱས་པས་རྩ་སྣ་བཞི་ཕྱིར་གྱེས་ནས་དབུ་མའི་མར་སྣ་རྩ་བཟང་ན་སོར་བཞི། འབྲིང་པོ་སོར་གསུམ། ངན་ན་སོར་གཉིས་ཙམ་སྟོན་པར་འགྱུར་རོ། །དེ་ནས་གཉིས་པ་ལུས་ངག །གསུམ་པ་བྱིན་རླབས། བཞི་པ་འདོད་པ་མཉམ་པ་རྣམས་ཡེ་རྒྱའི་སྐབས་སུ་བཤད་པ་ལྟར་བྱ། ལྔ་པ་མན་ངག་གི་གནད་ཀྱིས་ཟིན་པ་ལྔའི་དང་པོ་བྱང་ཆུབ་སེམས་དབབ་པར་བྱ་བའི་ཐོག་མར་བཟའ་བཏུང་བཅུད་ཀྱིས་ཐིག་ལེ་རྒྱས་པའི་ཐབས་རྣམས་བྱས་ལ་དབབ་པ། བཟུང་བ། ལྡོག་པ། ཁྱབ་པར་བྱ་བ། མི་ཉམས་པར་བསྲུང་བ་རྣམས་སྔར་བཤད་པ་ལྟར་བྱ་བ་ཡིན་ནོ། །གསུམ་པ་དེ་ལས་ལམ་བགྲོད་པའི་ཚུལ་ནི། དེ་ལྟར་ཕྱག་རྒྱའི་ལམ་ཚུལ་བཞིན་འབྱོངས་པ་ལ་བརྟེན་ནས་ལུས་ལ་ཐིག་ལེ་བརྟན་ཅིང་གནས་པར་འགྱུར་ལ། ལུས་ལ་ཐིག་ལེ་བརྟན་པའི་གང་ཟག་དེ་ལ་ཕྱི་ནང་གི་མཁའ་འགྲོ་མས་བྱིན་གྱིས་རློབ་པར་འགྱུར་ཏེ། ལུས་ལ་ཐིག་ལེ་རྒྱས་པ་ནི་བདུད་རྩི་ལྔའི་དྭངས་མ་ཡིན་ཅིང་། དེ་ལྔ་ནི་མཁའ་འགྲོ་ལྔ་ཡིན་པས་ནང་གི་ཡུལ་ཉི་ཤུ་རྩ་བཞིར་རིམ་པར་འགྲོ་ཞིང་རྒྱས་པས་མི་རྟོག་པ་ཆེར་སྐྱེ་ཞིང་ནང་གི་མཁའ་འགྲོ་མ་བཞི་དང་། བརྒྱད་དང་། བཅུ་དྲུག་དང་། སུམ་ཅུ་རྩ་གཉིས་ལ་སོགས་པས་བྱིན་གྱིས་བརླབ། དེ་ནས་ཕྱིའི་མཁའ་འགྲོ་མ་རྣམས་ཀྱིས་ཀྱང་རིམ་པར་བྱིན་གྱིས་བརླབས་ནས་ཕྱག་རྒྱའི་དངོས་གྲུབ་བརྙེས་ཏེ་སངས་རྒྱས་འཐོབ་པར་འགྱུར་བ་ཡིན་ནོ། །དེའང་ཐིག་ལེ་དབབ་པའི་སྐབས་སུ་ཡས་བབ་ཀྱི་དགའ་བ་བཅུ་དྲུག་སྐྱེ་བ་སྟེ། ཐིག་ལེ་སྤྱི་བོ་ནས་མགྲིན་པའི་བར་དུ་ཕྱིན་པས་དགའ་བའི་དགའ་བ། དགའ་བའི་མཆོག་དགའ། དགའ་བའི་དགའ་བྲལ། དགའ་བའི་ལྷན་སྐྱེས་བཞི་ཉམས་སུ་མྱོང༌། དེ་བཞིན་ཏུ་མགྲིན་པ་ནས་སྙིང་གའི་བར་དུ་མཆོག་དགས་བསྡུས་པའི་དགའ་བ་བཞི། སྙིང་ག་ནས་ལྟེ་བའི་བར་དུ་དགའ་བྲལ་གྱིས་བསྡུས་པའི་དགའ་བ་བཞི། ལྟེ་བ་ནས་རྡོ་རྗེའི་རྩེ་མོའི་བར་དུ་ལྷན་སྐྱེས་ཀྱིས་བསྡུས་པའི་དགའ་བ་བཞི་ཉམས་སུ་མྱོང་བས་ལྷན་སྐྱེས་ཀྱི་དུས་སུ་ཡེ་ཤེས་ངོས་ཟིན་ནས། ཐིག་ལེ་བཟུང་ཞིང་ལྡོག་ཁྱབ་བཀྲམ་པའི་སྦྱོར་བས་ཡུན་རིང་དུ་རྒྱུད་སྦྱངས་པས་མས་བརྟན་གྱི་དགའ་བ་བཅུ་དྲུག་ཉམས་མྱོང་དུ་ཤར་ཏེ། རྡོ་རྗེ་ནོར་བུའི་རྩེ་མོ་ནས་ལྟེ་བའི་བར་དུ་དགའ་བའི་དགའ་བ་སོགས་བཞི། ལྟེ་བ་ནས་སྙིང་གའི་བར་དུ་མཆོག་དགས་བསྡུས་པའི་དགའ་བ་བཞི། སྙིང་ག་ནས་མགྲིན་པའི་བར་དུ་དགའ་བྲལ་གྱིས་བསྡུས་པའི་དགའ་བ་བཞི། མགྲིན་པ་ནས་སྤྱི་བོའི་བར་ལྷན་སྐྱེས་ཀྱིས་བསྡུས་པའི་དགའ་བ་བཞི་འཆར་ཞིང༌། དེ་དག་མས་རིམ་གྱིས་བརྟན་པ་ནི་ཡུལ་སུམ་ཅུ་སོ་གཉིས་ཀྱི་ཡུལ་རེ་རེ་ན་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པ་རེ་ཡོད་པ་དབུ་མར་རིམ་གྱིས་ཐིམ་པས་ས་རྣམས་རིམ་པར་ཐོབ་པར་འགྱུར་ཏེ། གསང་གནས་ཀྱི་ཕྱེད་ལྷག་དགའ་བས་བསྡུས་པའི་དགའ་བ་གསུམ་གྱི་ཡེ་ཤེས་བརྟན་པའི་ཚེ་ས་དང་པོ་ཐོབ་པ་ནས། སྤྱི་བོ་ལྷན་སྐྱེས་ཀྱི་ལྷན་སྐྱེས་ཡེ་ཤེས་བརྟན་པའི་ཚེ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་མཐའ་དག་དབུ་མར་ཐིམ། ཡུལ་སོ་གཉིས་ཀྱི་གྲོང་སྟོང༌། ཐམས་ཅད་ཀྱི་སྟོབས་བསྡོམས་པས་སྦས་པའི་རྩ་ལྔ་སྦྱངས་ནས་ས་བཅུ་གསུམ་པ་སངས་རྒྱས་ཀྱི་ས་མངོན་དུ་འགྱུར་བ་ཡིན་ནོ། །དེ་རྣམས་ཀྱི་སྐབས་སུ་ནང་རྟགས་རླུང་སྟོང་བརྒྱད་བརྒྱ་པ་བཅུ་གཉིས་ཡོད་པ་ལས་རེ་རེ་འགག །ཕྱི་རྟགས་ས་དང་པོ་ལ་གཞན་སེམས་ཤེས་པ་སོགས་ཡོན་ཏན་བཅུ་གཉིས་འབྱུང༌། གཞན་ཡང་ལྟེ་བར་དགའ་བས་བསྡུས་པའི་དགའ་བཞི་བརྟན་པས་ལྟེ་བའི་དཀྱིལ་འཁོར་ཁ་དོག་དཀར་ཞིང་མེ་ལོང་ལྟར་སྲ་བ། འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་བ། སྙིང་ཁར་མཆོག་དགས་བསྡུས་པའི་དགའ་བཞི་བརྟན་པས་དཔུང་པ་འཕེལ་ཞིང་མངོན་ཤེས་ལྔ་ཐོབ། སྟོབས་གླང་པོ་ཆེ་བརྒྱ་ཡིས་ཀྱང་མི་ཐུབ། མགྲིན་པར་དགའ་བྲལ་གྱིས་བསྡུས་པའི་དགའ་བ་བཞི་བརྟན་པས་ལྕེ་བརྐྱང་ན་གདོང་གི་དཀྱིལ་འཁོར་ཁེབས་ཤིང་ཁམས་གསུམ་གྱི་བདུད་རྩི་ལ་ལོངས་སྤྱོད་ནུས། ཚིག་གི་མཆོག་འགྲུབ། སྤྱི་བོར་ལྷན་སྐྱེས་ཀྱིས་བསྡུས་པའི་དགའ་བཞི་བརྟན་པས་ལུས་ཀྱི་བ་སྤུའི་བུ་ག་རེ་རེ་ནའང་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་མཐོང་སྟེ་སངས་རྒྱས་ཀྱི་ས་མཐར་ཕྱིན་པ་སྟེ། འདི་དག་ཡུལ་སོ་སོ་དང་སྦྱར་བའི་ས་ལམ་བགྲོད་ཚུལ་ཞིབ་མོར་ཤེས་པར་འདོད་ན་རྗེ་བཙུན་གྲགས་པའི་གསུང་རབ་ལས་བཙལ་བར་བྱའོ། །བཞི་པ་མཐར་ཐུག་གི་འབྲས་བུ་ནི། སློབ་དཔོན་འདི་ཉིད་ཀྱིས་ཡེ་ཤེས་གྲུབ་པ་ལས་སྐུ་གསུམ་ཡན་ལག་ལྔ་ལྡན་ཏུ་ཐོབ་པར་གསུངས་ཏེ། ཆོས་ཀྱི་སྐུ་ལ་དངོས་པོ་ཐམས་ཅད་ལ་ཁྱབ་པ་དང༌། གང་གིས་ཀྱང་མི་ཤིགས་པ་རྡོ་རྗེའི་སྐུ་དང༌། དུས་གསུམ་འགྱུར་བ་མེད་པ་སྟེ་ཡན་ལག་གསུམ། ལོངས་སྐུ་ལ་ཡང་དག་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པའི་ཡན་ལག་གཅིག །སྤྲུལ་སྐུ་ལ་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡན་ལག་གཅིག་སྟེ་ལྔ་ལྡན་དུ་བཞེད། བརྒྱུད་པ་གོང་མ་གཞན་དག་གིས། ཆོས་ཀྱི་སྐུ་ལ་ངོ་བོ་ཉིད་མེད་པའི་ཡན་ལག་གཅིག །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཐེག་ཆེན་གྱི་ཆོས་ལ་ལོངས་སྤྱོད་པ་དང༌། ཡེ་ཤེས་ཕྱག་རྒྱ་དང་ཞལ་སྦྱོར་བ་དང༌། ཟག་པ་མེད་པའི་བདེ་བ་ཆེན་པོ་ལ་རོལ་པ་སྟེ་ཡན་ལག་གསུམ། སྤྲུལ་པའི་སྐུ་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང༌། སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མཛད་པ་དང༌། མྱང་འདས་ཀྱི་དབྱིངས་སུ་མི་བཞུགས་པས་འགོག་པ་མེད་པ་སྟེ་ཡན་ལག་གསུམ་བཅས་ཡན་ལག་བདུན་དང་ལྡན་པར་བཞེད་དོ། །བློ༵་ཆེན་གཏན་གྱི་འདུན་གྲོ༵ས་མཆོག །སྒྲུབ་བྱེད་ཕྱག་རྒྱའི་ལམ་བཟང་ལས། །སྐྱེ་དགུ་མཐའ༵་ཡས༵་ལྷན་སྐྱེས་སྐུ། །འགྱུར་མེད་བདེ་བ་ཆེ་ཐོབ་ཤོག །སློབ་དཔོན་ཨིནྡྲ་བྷཱུ་ཏིས་མཛད་པའི་ཕྱག་རྒྱའི་ལམ་རིམ་གྱི་ཁྲིད་ཀྱི་ལེ་ཚན་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ། །ཡིད་ཆེས་ཁུངས་བཙུན་གྲུབ་པའི་བརྒྱུད་པ་ལས། །འཁྲུལ་མེད་རིམ་བྱོན་གདམས་ཟབ་བདུད་རྩིའི་བཅུད། །ཟེགས་མ་རེ་ཡང་མྱོང་བ་དོན་ཡོད་པས། །སྐལ་བཟང་ཐར་པའི་སྲོག་འཚོར་བསྟེན་པར་འོས། །ཁྲིད་ཚུལ་རེ་རེས་བརྩོན་ལྡན་ཚེ་གཅིག་གིས། །ཁྱབ་བདག་གྲུབ་པའི་གོ་འཕང་བསྒྲུབ་ནུས་ཤིང༌། །འབྲེལ་པ་ཙམ་གྱིས་ཡང་སྲིད་བཅུ་དྲུག་ཚུན། །འབྲས་བུ་འཐོབ་འགྱུར་རྡོ་རྗེའི་ལུང་གིས་གྲུབ། །དེས་ན་གསང་ཆེན་སྔགས་ཀྱི་ཐེག་པ་ལ། །ཡིད་ཆེས་ལྡན་རྣམས་མཚོ་འགྲམ་པྲེ་ཏ་ཀའི། །ལུས་སུ་མི་འགྱུར་བསྐལ་བརྒྱར་རྙེད་དཀའ་བའི། །བཅུད་མཆོག་འདི་བརྟེན་རྣམ་གྲོལ་མཆོག་བརྙེས་ཤོག །ཅེས་ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཁྲིད་སྲོལ་རྣམས་རིགས་བརྒྱའི་ཁྱབ་བདག་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས། རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་ཡིག་དང་ཇོ་ནང་ཁྲིད་བརྒྱ་མ་བུ་སྦྱར་བའི་མདོར་བསྟན་རྒྱས་བཤད་དོན་བསྡུས་ཀྱི་ཚུལ་དུ་བཀའ་དྲིན་ཏུ་ཐོབ་པའི་ཕྱིས་ཤིག་དག་སྣང་གཟིགས་པའི་དགོངས་པ་ཁྱད་པར་ཅན་ལ་བརྟེན། ཁྲིད་ཡིག་འབྲི་དགོས་པའི་བཀའ་ནན་ཕེབ་ཀྱང་དོན་ཏུ་འགྱུར་མིན་སོམ་ཉིའི་དབང་གིས་ཡུན་རིང་དུ་ལུས། ཕྱིས་སུ་རྗེ་དེ་ཉིད་ཀྱི་དགོངས་པ་སྐོང་བའི་ཆེད་དུ་མདོར་རྒྱས་འཚམས་པར་རྒྱལ་བསྟན་རིས་སུ་མ་ཆད་པ་ལ་དད་པའི་བློ་ཅན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པའི་ཡི་གེའི་འདུ་བྱེད་ཉེ་བར་གནས་པའི་བློ་གསལ་གསང་སྔགས་བསྟན་འཛིན་གྱིས་བགྱིས་པ་དགེ་ལེགས་འཕེལ།།     །།  
}}
}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 01:18, 15 October 2025

Fortunate Right-Turning White Conch: The Manual of Indrabhūti's Path of the Mudra DNZ-06-CHA-017.pdf
Rigpe Dorje Publications, 2024
Wylie title in+d+ra b+hU ti'i phyag rgya'i lam gyi khrid yig bkra shis dung dkar g.yas 'khyil
Location gdams ngag rin po che'i mdzod
Volume 6, Text 17, Pages 345-365 (Folios 1a1 to 11a3)
Author འཇམ་མགོན་ཀོང་སྤྲུལ་
Citation 'jam mgon kong sprul. In+d+ra b+hU ti'i phyag rgya'i lam gyi khrid yig bkra shis dung dkar g.yas 'khyil. In Gdams ngag rin po che'i mdzod, Vol. 6: 345-365. Kalimpong: Rigpe Dorje Publications, 2024. DNZ-Shechen-06-CHA-016.pdf
Shechen Publications, 1999
Side notes Recto: phyag rgya'i lam khrid   Verso: sa skya'i skor
More details More details
Associated People (Indrabhūti)
Genre Contemplative Guide Books and Instructional Manuals - khrid yig
Colophon

།ཅེས་ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཁྲིད་སྲོལ་རྣམས་རིགས་བརྒྱའི་ཁྱབ་བདག་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས། རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་ཡིག་དང་ཇོ་ནང་ཁྲིད་བརྒྱ་མ་བུ་སྦྱར་བའི་མདོར་བསྟན་རྒྱས་བཤད་དོན་བསྡུས་ཀྱི་ཚུལ་དུ་བཀའ་དྲིན་ཏུ་ཐོབ་པའི་ཕྱིས་ཤིག་དག་སྣང་གཟིགས་པའི་དགོངས་པ་ཁྱད་པར་ཅན་ལ་བརྟེན། ཁྲིད་ཡིག་འབྲི་དགོས་པའི་བཀའ་ནན་ཕེབ་ཀྱང་དོན་ཏུ་འགྱུར་མིན་སོམ་ཉིའི་དབང་གིས་ཡུན་རིང་དུ་ལུས། ཕྱིས་སུ་རྗེ་དེ་ཉིད་ཀྱི་དགོངས་པ་སྐོང་བའི་ཆེད་དུ་མདོར་རྒྱས་འཚམས་པར་རྒྱལ་བསྟན་རིས་སུ་མ་ཆད་པ་ལ་དད་པའི་བློ་ཅན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པའི་ཡི་གེའི་འདུ་བྱེད་ཉེ་བར་གནས་པའི་བློ་གསལ་གསང་སྔགས་བསྟན་འཛིན་གྱིས་བགྱིས་པ་དགེ་ལེགས་འཕེལ།།

ces lam skor phyi ma brgyad kyi khrid srol rnams rigs brgya'i khyab bdag thams cad mkhyen gzigs 'jam dbyangs mkhyen brtse'i dbang po'i zhal snga nas/_rje btsun grags pas mdzad pa'i khrid yig dang jo nang khrid brgya ma bu sbyar ba'i mdor bstan rgyas bshad don bsdus kyi tshul du bka' drin tu thob pa'i phyis shig dag snang gzigs pa'i dgongs pa khyad par can la brten/_khrid yig 'bri dgos pa'i bka' nan pheb kyang don tu 'gyur min som nyi'i dbang gis yun ring du lus/_phyis su rje de nyid kyi dgongs pa skong ba'i ched du mdor rgyas 'tshams par rgyal bstan ris su ma chad pa la dad pa'i blo can karma ngag dbang yon tan rgya mtsho'am blo gros mtha' yas pa'i sdes dpal spungs yang khrod tsA 'dra rin chen brag gi sgrub gnas su bgyis pa'i yi ge'i 'du byed nye bar gnas pa'i blo gsal gsang sngags bstan 'dzin gyis bgyis pa dge legs 'phel//

[edit]
༄༅། །ཨིནྡྲ་བྷཱུ་ཏིའི་ཕྱག་རྒྱའི་ལམ་གྱི་ཁྲིད་ཡིག་བཀྲ་ཤིས་དུང་དཀར་གཡས་འཁྱིལ་ཞེས་བྱ་བ་བཞུགས་སོ། །