DNZ-07-JA-001: Difference between revisions

From Damngak Dzö
DNZ-07-JA-001
No edit summary
No edit summary
 
(3 intermediate revisions by the same user not shown)
Line 4: Line 4:
|fulltitletib=ཟབ་ལམ་ཕྱག་རྒྱ་ཆེན་པོ་དང་ནཱ་རོ་ཆོས་དྲུག་གི་གཞུང་གཅེས་པར་བཏུས་པ་ངེས་དོན་རིན་པོ་ཆེའི་མཛོད།
|fulltitletib=ཟབ་ལམ་ཕྱག་རྒྱ་ཆེན་པོ་དང་ནཱ་རོ་ཆོས་དྲུག་གི་གཞུང་གཅེས་པར་བཏུས་པ་ངེས་དོན་རིན་པོ་ཆེའི་མཛོད།
|fulltitle=zab lam phyag rgya chen po dang nA ro chos drug gi gzhung gces par btus pa nges don rin po che'i mdzod
|fulltitle=zab lam phyag rgya chen po dang nA ro chos drug gi gzhung gces par btus pa nges don rin po che'i mdzod
|fulltitletrans=A Precious Treasury of Definitive Meaning: An Essential Collection of Texts on the Profound Path of Mahāmudrā and the Six Dharmas of Nāropa
|citation='jam mgon kong sprul, comp. ''Zab lam phyag rgya chen po dang nA ro chos drug gi gzhung gces par btus pa nges don rin po che'i mdzod''. In ''Gdams ngag rin po che'i mdzod'', Vol. 7: 1-157. Kalimpong: Rigpe Dorje Publications, 2024.
|citation='jam mgon kong sprul, comp. ''Zab lam phyag rgya chen po dang nA ro chos drug gi gzhung gces par btus pa nges don rin po che'i mdzod''. In ''Gdams ngag rin po che'i mdzod'', Vol. 7: 1-157. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
Line 9: Line 10:
|author=Various
|author=Various
|compiler='jam mgon kong sprul
|compiler='jam mgon kong sprul
|tibgenre=Compilations of Essential Works - gces btus, Mahamudra - phyag rgya chen po
|tibgenre=Compilations of Essential Works - gces btus, Mahamudra - phyag rgya chen po, Completion Stage - rdzogs rim
|terma=No
|terma=No
|practicelineage=Marpa Kagyu
|practicelineage=Marpa Kagyu
Line 26: Line 27:
|rectonotes=phyag chos gces btus
|rectonotes=phyag chos gces btus
|versonotes=bka' brgyud skor
|versonotes=bka' brgyud skor
|archivistnotes=There nineteen texts included in this entry:
#'' rgyud kyi rgyal po rnyog pa med pa'' (pp. 2-9)
#'' do ha mdzod kyi glu'' (pp. 9-27)
#'' dpal sa ra ha'i gdams pa do ha'i bsdus don'' (pp. 27-35)
#'' do ha mdzod ces bya ba phyag rgya chen po'i man ngag'' (pp. 35-42)
#'' grub chen tai lo pa'i phyag rgya chen po gang+gA ma'i gzhung sa bcad 'grel pa dang bcas pa'' (pp. 42-47)
#'' phyag rgya chen po gang+gA ma'i gzhung sa bcad'' (pp. 47-48)
#'' phyag rgya chen po gang+gA ma'i 'grel pa'' (pp. 48-60) 
#'' phyag rgya chen po'i tshig bsdus pa'' (pp. 60-63)
#'' dpal nA ro pa'i rdo rje'i gsung phyag rgya chen po tshig bsdus kyi man ngag rgyud kyi lung dang sbyar ba gtso bor bton pa'i 'grel chung rtogs par sla ba'' (pp. 63-79)
#'' de kho na nyid bcu pa'' (pp. 79-81)
#'' mnga' bdag mar pa lo tsA bas dpal sa ra ha las gsan pa'i phyag rgya chen po yid la mi byed pa snying po don gyi gdams ngag yi ge bzhi pa'i don rdo rje'i mgur du bzhengs pa'' (pp. 81-85)
#'' rje btsun mi la'i phyag rgya chen po ye shes gsal byed kyi rtsa ba'' (pp. 85-87)
#'' rje sgam po pa'i phyag rgya chen po lam gcig chod'' (pp. 87-89)
#'' bka' yang dag pa'i tshad ma zhes bya ba mkha' 'gro ma'i man ngag'' (pp. 89-116)
#'' snyan brgyud rdo rje'i tshig rkang'' (pp. 116-123)
#'' grub chen na ro pa'i gdams ngag chos drug skor gyi bka' dpe tshigs su bcad pa'' (pp. 123-138)
#'' chos drug gi man ngag'' (pp. 138-140)
#'' mkhas grub chen po nA ro tA pas rnal 'byor gyi dbang phyug mar pa lo tsA la gdams pa'i chos drug dril ba rdo rje'i mgur'' (pp. 140-142)
#'' rje btsun chen po mi la ras pas mdzad pa'i snyan brgyud gsal bskor gsum sogs'' (pp. 142-157)
##'' rje btsun mi las mdzad pa'i dngos po gsal bar byed pa'' (pp. 142-147)
##'' rje btsun mi la'i ma rig gsal byed'' (pp. 147-153)
##'' rje btsun mi la'i rnam rtog dri ma dag byed'' (pp. 153-156)
##'' phyag rgya chen po ye shes gsal byed kyi ngo sprod'' (pp. 156-157)
|shechendnz=DNZ-Shechen-07-JA-001
|shechendnz=DNZ-Shechen-07-JA-001
|tsadradnztrans=DNZ-Tsadra-07-001
|pdflink=File:DNZ-07-JA-001.pdf
|pdflink=File:DNZ-07-JA-001.pdf
|authortib=སྣ་ཚོགས་
|authortib=སྣ་ཚོགས་

Latest revision as of 11:04, 11 September 2026

A Precious Treasury of Definitive Meaning: An Essential Collection of Texts on the Profound Path of Mahāmudrā and the Six Dharmas of Nāropa
Rigpe Dorje Publications, 2024
Wylie title zab lam phyag rgya chen po dang nA ro chos drug gi gzhung gces par btus pa nges don rin po che'i mdzod
Location gdams ngag rin po che'i mdzod
Volume 7, Text 1, Pages 1-157 (Folios 1a1 to 79a1)
Author སྣ་ཚོགས་
Citation 'jam mgon kong sprul, comp. Zab lam phyag rgya chen po dang nA ro chos drug gi gzhung gces par btus pa nges don rin po che'i mdzod. In Gdams ngag rin po che'i mdzod, Vol. 7: 1-157. Kalimpong: Rigpe Dorje Publications, 2024.
Shechen Publications, 1999
Side notes Recto: phyag chos gces btus   Verso: bka' brgyud skor
More details More details
Genre Compilations of Essential Works - gces btus  ·  Mahamudra - phyag rgya chen po  ·  Completion Stage - rdzogs rim
[edit]
༄༅། །ཟབ་ལམ་ཕྱག་རྒྱ་ཆེན་པོ་དང་ནཱ་རོ་ཆོས་དྲུག་གི་གཞུང་གཅེས་པར་བཏུས་པ་ངེས་དོན་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས་སོ། །

༄༅། །རྒྱ་གར་སྐད་དུ། ཨ་ནཱ་ནི་ལ་ཏནྟྲ་རཱ་ཛ་ན་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་རྙོག་པ་མེད་པ་ཞེས་བྱ་བ། རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ལ་ཕན་འདོད་པས། །རྙོག་མེད་རབ་ཏུ་བཤད་པར་བྱ། ༈ །སྣང་བ་མེད་ཅིང་དཔེ་མེད་པ། །ཚིག་གི་ཡུལ་ལས་རྣམ་པར་འདས། །ཞི་ཞིང་བདག་མེད་དག་པ་ཉིད། །མཚན་མེད་མཚན་གཞི་རྣམ་པར་སྤངས། །ངང་གི་སངས་རྒྱས་འདི་ཉིད་ཚུལ། །མཚན་མེད་མཚན་གཞི་རྣམ་པར་སྤངས། །ཁྱད་པར་དུ་ཡང་མདོར་བསྡུས་པས། །བདག་གིས་གསལ་བར་བཤད་པ་ཡིན། །རྨོངས་པ་རྣམས་ལ་ཕན་འདོད་པས། །སྙིང་རྗེས་འདི་ནི་བསྟན་པ་ཡིན། ༈ །ཁ་ཅིག་སྟོང་པར་འདོད་པ་དང༌། །ཁ་ཅིག་ཐིག་ལེའི་གཟུགས་ཅན་དང༌། །ཁ་ཅིག་ཁྱབ་འཇུག་ཚུལ་གྱིས་ནི། །བློ་དམན་དང་ནི་འདྲོག་པར་བྱེད། །དེ་ཉིད་ངེས་པར་ཡང་དག་པར། །རྒྱུ་ཡི་གནས་ཀྱི་སྤྱོད་ཡུལ་ཉིད། །རྒྱུ་དང་འབྲས་བུ་མ་གྲུབ་ན། །བསྒོམ་པ་མེད་ཅིང་བྱང་ཆུབ་མེད། །རྒྱུ་ཡི་ཡིད་ཆེས་སྤངས་པ་འདི། །ཐོག་མ་ཐ་མ་མེད་པའི་བདག །སྒྱུ་མའི་ཡེ་ཤེས་ལས་བྱུང་བ། །རྣམ་པ་སྣ་ཚོགས་སྟོན་པར་བྱེད། །ཁ་ཅིག་དྲག་པོའི་རང་བཞིན་དུ། །ཁ་ཅིག་ཞི་བ་ཆེན་པོ་ཆེ། །ཁ་ཅིག་ཕྱག་རྒྱའི་རང་བཞིན་གཟུགས། །ཁ་ཅིག་འདར་ཞིང་གཡོ་བ་དང༌༑ ༑གླུ་གར་དེ་བཞིན་སིལ་སྙན་དང༌། །ལྷ་ཡི་སྔགས་ནི་བརྗོད་པ་ཉིད། །ཁ་ཅིག་སྔགས་ནི་ཡང་དག་དགོད། །ཁ་ཅིག་དཀྱིལ་འཁོར་བྲི་བ་དང༌། །དབང་ལ་སོགས་པ་བརྟག་པ་དང༌། །འབྱུང་དང་འབྱུང་ལས་གྱུར་པའི་ལུས། །དེ་ལྟར་ལ་སོགས་མཐའ་ཡས་མཆོག །སངས་རྒྱས་ལ་སོགས་རྡོ་རྗེ་བརྟགས། ༈ །གང་ཚེ་སེམས་ནི་ལེགས་གནས་པ། །དེ་བཞིན་ཉིད་ཀྱི་སྤྱོད་ཡུལ་ཉིད། །དཀྱིལ་འཁོར་དེ་བཞིན་འགྱུར་བ་ནི། །ཕན་འདོད་རྣམས་ནི་ཤེས་པར་བྱ། །ཕུང་པོ་ལ་སོགས་ཚོགས་རྣམས་ཀྱིས། །གང་ཞིག་ཁྱད་པར་གྱིས་བཅོས་པ། །ལུས་ངག་ཡིད་གསུམ་བཅོས་པའི་ཕྱིར། །རྡུལ་ཚོན་དཀྱིལ་འཁོར་ཞེས་བྱར་གསུངས། །ཕུང་སོགས་གཞན་བོགས་མཐོང་བའི་ཕྱིར། །ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱར་གསུངས། །སེམས་ཀྱི་དཀྱིལ་འཁོར་དག་པ་སྟེ། །རང་བཞིན་མེད་པར་བསྒོམ་པར་བྱ། །མེ་ལོང་ལྟ་བུ་གཅིག་ཉིད་དེ། །དང་པོ་གྲྭར་ནི་རྟོགས་པར་བྱ། །སོ་སོར་རྟོག་པ་ཞེས་གསུངས་པས། །ཤར་གྱི་གྲྭར་ནི་རྣམ་པར་བརྒྱན། །བྱ་བ་ནན་ཏན་ཁྱད་འཕགས་པ། །བྱང་གི་གྲྭར་ནི་རྣམ་པར་སྤྲོས། །མཉམ་ཉིད་ཡེ་ཤེས་ཆེན་པོ་ནི། །བག་ཆགས་མེད་གྲྭ་རྗེས་རྟོགས་བྱེད། །གཞན་དུའང་དཀྱིལ་འཁོར་གྲུ་བཞི་པ། །གྲྭ་ཡི་དབུས་ནི་ཐམས་ཅད་དུ། །དེ་ཉིད་འདི་ནི་རབ་འཇུག་པས། །ཡེ་ཤེས་སྤྱོད་ཡུལ་དུ་ནི་བརྟག །སྒོ་བཞིར་ཡང་དག་བརྗོད་པ་ནི། །དེ་བཞིན་དྲན་པ་བཞིར་བྱུང་བ། །དེ་བཞིན་གྲྭ་བཞིར་གསུངས་པ་ནི། །སྦྱིན་པ་བཞི་ནི་རྣམ་དག་པ། །དབུས་སུ་དཀྱིལ་འཁོར་གཟུགས་སུ་ནི། །མི་བསྐྱོད་པ་ཡིས་རྣམ་པར་བརྒྱན། །ཞི་དང་ཆོས་དོན་བརྒྱན་པ་ལས། །དེ་དག་ཐམས་ཅད་དཀྱིལ་འཁོར་འགྲུབ། །དྲྭ་བ་དྲྭ་ཕྱེད་ཟླ་བ་སོགས། །དཀྱིལ་འཁོར་དུ་ནི་བྲིས་པ་དང༌། །རྟ་བབས་ལ་སོགས་ཐམས་ཅད་ནི། །ཏིང་འཛིན་ཡན་ལག་རྟ་བབས་ཉིད། །སེམས་ཀྱི་མཐར་ཐུག་བརྗོད་པ་སྟེ། །དེ་ཉིད་རང་བཞིན་ལས་ནི་གསུངས། །གང་ཞིག་སེམས་ཀྱི་རབ་འཕེལ་བ། །ཏིང་འཛིན་ཡན་ལག་རྣམ་པར་གནས། །དེ་ཉིད་དྲྭ་བ་ཞེས་སུ་གསུངས། །དྲྭ་བ་ཕྱེད་པ་ཕྱེད་དུ་སྟེ། །དྲིལ་བུ་དོ་ཤལ་བརྟག་པ་ནི། །རང་གི་བཙུན་མོ་རྟོགས་པར་བྱེད། །སྒྲ་བརྙན་རྣམ་པ་ལྟ་བུར་ནི། །ཆོས་རྣམས་ཐམས་ཅད་སོ་སོར་རྟོགས། །ཆོས་རྣམས་མ་སྐྱེས་མཐོང་བའི་ཕྱིར། །དེ་ཉིད་རྒྱལ་མཚན་ཕྲེང་བར་གསུངས། །བླ་རེ་ལ་སོགས་གང་བྲེས་པ། །དངོས་པོ་ལ་སོགས་དང་པོར་ངེས། །སེམས་ནི་བླ་རེ་ཞེས་བྱར་བཤད། །དམ་པའི་དོན་ལས་གསུངས་པའོ། །གོས་ཕྲེང་དེ་དག་ཐམས་ཅད་ནི༑ ༑རྣམ་པ་སྣ་ཚོགས་སྣང་བ་ཉིད། །གང་ཞིག་རྡོ་རྗེ་རྣམ་པའི་སེམས། །དགའ་བའི་ཡེ་ཤེས་ཀྱིས་ནི་མཚན། །དེ་ཡི་འོག་ཏུ་རྟག་ཏུ་གསུངས། །གྲྭ་ཡི་མཚམས་ནི་ཐམས་ཅད་དུ། །རྡོ་རྗེ་རིན་ཆེན་རྟོགས་པའི་ཕྱིར། །རྡོ་རྗེ་རིན་པོ་ཆེ་ཡིས་སྤྲས། །ཟླ་བ་ཉི་མ་གང་གསུངས་པ། །ཐབས་དང་ཤེས་རབ་དོན་མཐོང་ཕྱིར། །ཐབས་དང་ཤེས་རབ་བདག་ཉིད་སེམས། །ཡེ་ཤེས་འདིས་ནི་རྣམ་པར་བརྒྱན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྐྱེས། །དེ་ཉིད་དཀྱིལ་འཁོར་དུ་ནི་གསུངས། ༈ །སྐུ་གསུང་ཐུགས་ནི་ཉེ་བའི་ཕྱིར། །རྣམ་པ་གཅིག་ཏུ་མཚན་ཉིད་མེད། །བླ་མ་སློབ་མ་རྣམ་གསལ་བར། །རབ་ཏུ་འཇུག་པ་དེ་ཉིད་གསུངས། ༈ །སྦྱིན་སྲེག་ཡང་ནི་བཤད་པ་ཡང༌། །ལྷ་རྣམས་ཚིམ་པ་ང་ཡིས་བརྗོད། །རྣམ་རྟོག་མེད་པའི་སེམས་གང་ནི། །ཐབ་ཁུང་སྒྲ་ཡིས་མཚོན་པ་ཉིད། །བྱེ་བྲག་ཕྱེད་པས་མེ་ནང་དུ། །གཟུགས་ཀྱི་ཕུང་སོགས་ལྔ་པོ་རྣམས། །སེམས་ལས་བྱུང་བའི་ཡམ་ཤིང་ཉིད། །ཐམས་ཅད་ཀྱིས་ནི་སྲེག་བླུགས་བྱ། །གཟུགས་ལ་སོགས་པ་གང་བྱུང་བ། །ཡམ་ཤིང་ཞེས་ནི་རབ་ཏུ་གྲགས། །དེ་ལྟར་སྦྱིན་སྲེག་བཤད་ནས་ནི། ༈ །རབ་ཏུ་གནས་པ་བརྗོད་པར་བྱ། །སྐུ་གསུང་ཐུགས་ལ་རྟག་ཏུ་ནི། །གང་ཞིག་སེམས་ནི་བརྟན་གྱུར་པ། །དེ་ཉིད་རབ་ཏུ་གནས་པར་བརྗོད། །ཕུང་པོ་རྣམས་ཀྱི་དངོས་པོ་ཅི། ༈ །གང་ཞིག་སྔགས་ཀྱི་མཚན་ཉིད་ནི། །དེ་ནི་གསལ་བར་བརྗོད་པར་བྱ། །ཡིད་རྣམས་ཀྱིས་ནི་སྐད་དུ་ཡང༌། །གང་ཞིག་གསང་བ་བདག་གིས་བརྗོད། །སྐྱེ་བ་མེད་ཅིང་སྣང་མེད་པ། །མཚན་གཞི་མཚན་ཉིད་རྣམ་པར་སྤངས། །གསང་བའི་དོན་ནི་རྟོགས་པའི་ཕྱིར། །འདི་ནི་ང་ཡིས་སྔགས་སུ་གསུངས། ༈ །སྔགས་ནི་གསལ་བར་བཤད་ནས་ནི། །ལྷ་རྣམས་ཡང་ནི་བརྗོད་པར་བྱ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །རང་བཞིན་གྱི་ནི་ལེགས་གནས་གང༌། །ཡང་དག་བྱང་ཆུབ་ཐར་པ་ཉིད། །དེ་ཀུན་ཡང་དག་རབ་བརྟགས་ཤིང༌། །གལ་ཏེ་སེམས་ཀྱིས་ཉེར་བརྟགས་གང༌། །ལྷ་ཞེས་བྱ་བར་ཡང་དག་བཤད། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས། །དེ་ཉིད་དུ་ནི་ཡང་དག་གསུངས། ༈ །ལྷ་ལ་གསོལ་བཏབ་རྣལ་འབྱོར་ནི། །གསལ་བར་ང་ཡིས་བརྗོད་པར་བྱ། །དེ་ནས་སྐྱིལ་ཀྲུང་བཅས་ནས་ནི། །སྣ་ཡི་རྩེ་མོར་བལྟས་ནས་ཀྱང༌། །རང་གི་རང་བཞིན་རྣལ་འབྱོར་གྱིས། །དེ་ཉིད་མཐོང་བ་གཞག་པར་བྱ། །སྙིང་གའི་གནས་སུ་ལག་པ་གཉིས། །འབད་པས་མཉམ་པར་སྦྱར་ནས་སུ། །མི་རྟོག་པ་ཡི་རང་བཞིན་དུ། །གང་ཚེ་སེམས་ནི་རབ་རྒྱུ་བ། །སངས་རྒྱས་ཐམས་ཅད་འདུས་པའི་བདག །དེ་ཚེ་དེ་ལ་སྐྱེ་བར་འགྱུར། །སངས་རྒྱས་ཐམས་ཅད་འདུས་པའི་བདག །མྱུར་བར་བྱིན་གྱིས་རློབ་པར་འགྱུར། ༈ །སངས་རྒྱས་ཐམས་ཅད་འདུས་པའི་བདག །སངས་རྒྱས་ཀུན་གྱི་སྡོམ་པའི་བདག །ཐུགས་ཀྱི་རྡོ་རྗེས་གསུངས་པ་བཞིན། །རྣལ་འབྱོར་སངས་རྒྱས་ཐམས་ཅད་འགྱུར། །ང་ཡིས་གསལ་བར་བརྗོད་པ་ནི། །སྐུ་གསུང་ཐུགས་ཀྱི་གྲུབ་སྦྱིན་པ། །སངས་རྒྱས་ཀུན་མཆོག་གསང་བའི་དོན། །ཐབས་དང་ཤེས་རབ་སྤྱོད་ཡུལ་དོན། །སེམས་ཅན་དོན་དུ་སྙིང་རྗེ་ཆེ། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་པ། །སྣ་རྩེའི་དཀྱིལ་འཁོར་ང་ཡིས་གསུངས། །དེ་དག་ཐམས་ཅད་དབྱིབས་ཙམ་དུ། །མདོར་བསྡུས་ཐམས་ཅད་མ་བྱས་སོ། ༈ །རེས་འགའ་དམ་ཚིག་འཁོར་ལོ་ཡང༌། །དེ་ཉིད་ཅེས་བྱ་མ་གསུངས་སོ། །རྟོགས་པ་ཅུང་ཟད་ཙམ་གྱིས་ནི། །གང་འགྲུབ་དེ་ནི་རེས་འགའ་ཡང༌། །གསུང་གི་འཁོར་ལོར་གསུངས་པ་ཡིན༑ ༑རྣམ་རྟོག་མེད་པར་ལྷག་མོས་པས། །སྒྲུབ་པོ་དམ་པས་བསྒྲུབ་པར་བྱ། །ཁྲག་དང་ཁུ་བ་དེ་བཞིན་ཤ། །བཤང་བ་དང་ནི་གཅི་བ་ཉིད། །དམ་ཚིག་ཅེས་བྱ་རབ་འབད་པར། །གང་ཞིག་བདག་གིས་ཚིག་གསུངས་པ། །དེ་རྣམས་ཀུན་ལ་དེ་བཞིན་གཤེགས། །དེ་རྣམས་ཐ་སྙད་ཙམ་གྱིས་གནས། །གང་ཚེ་དམ་ཚིག་འདོད་ཆགས་སེམས། །དེས་ནི་དེ་ཉིད་རབ་ཏུ་སྤྱོད། །གང་ཚེ་སེམས་ནི་ཆགས་གྱུར་པ། །དེ་ནི་སེམས་ཅན་ཡོད་མ་ཡིན། །དེ་ལ་ཀུན་ཏུ་རྟོག་པ་ཡིས། །ཁྲག་ནི་ཟ་བར་འགྱུར་བའོ། །ཁྲག་ནི་ཆེན་པོ་ཟོས་ནས་ནི། །འོད་དཔག་མེད་པའང་བཟའ་བར་བྱ། །གང་ཞིག་ཆོས་རྣམས་ལས་སྐྱེས་པ། །ཁུ་བའི་སྒྲར་ནི་བསྒྲག་པར་བྱ། །དེ་ཚེ་མ་སྐྱེས་རྟོགས་པའི་ཕྱིར། །བཟའ་བར་ཡང་དག་གསུངས་པ་ཉིད། །དངོས་པོ་ཀུན་གྱི་མཉམ་པ་ཉིད། །ཤ་ཆེན་དུ་ནི་རབ་ཏུ་དབྱེ། །མི་དམིགས་པ་ཡི་རྣལ་འབྱོར་གྱིས། །བཟའ་བ་ཞེས་བྱར་མངོན་པར་བརྗོད། །གང་ཞིག་རབ་ཏུ་འཛག་པའི་སེམས། །ནུས་པའི་རྗེས་སུ་སྦྱོར་བ་ལས། །ཕྱག་རྒྱ་ལས་ཀྱི་སྦྱོར་བ་ཡིས། །དེ་ཡང་གཅི་བའི་སྒྲ་ཡིས་བརྗོད། །ཆོས་དང་ཆོས་མིན་ངེས་པའི་སེམས། །སྦས་པའི་ཆར་ནི་གནས་པ་འདི། །ཆོས་རྣམས་ཐམས་ཅད་རབ་རྟོགས་པའོ། །བཤང་བ་ཟ་བར་ཡང་དག་བརྗོད། །དམ་ཚིག་ཉིད་ཀྱི་མཚན་ཉིད་ནི། །འདི་རྣམས་ཐམས་ཅད་གསལ་བར་བཤད། ༈ །འདི་རྣམས་དོན་ནི་རྟོགས་པ་ཡིས། །སངས་རྒྱས་ཀུན་གྱི་བདག་ཉིད་འགྱུར། །དཔལ་བདེ་བ་དམ་པ་རྟོགས་པར་བྱེད་པ་དང་ལྡན་པ་ཞེས་བྱ་བའི་རྒྱུད་བྱིན་གྱིས་བརླབས་པའི་རིམ་པ་ཆེན་པོ་མཁའ་འགྲོ་མ་དྲྭ་བ་སྡོམ་པའི་བརྟགས་པ་རྙོགས་པ་མེད་པ་ཞེས་བྱ་བ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་པཎྜི་ཏ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ། །འདི་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ་ཐམས་ཅད་སྤྲོས་མེད་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་ལ་སྦྱར་བའི་ངེས་པ་དོན་གྱི་རྒྱུད་དེ་ཁྱད་པར་འཕགས་པ་སྟེ། པཎྜ་ཏ་གཞོན་ནུ་ཟླ་བས་མཛད་པའི་འགྲེལ་པ་རྒྱ་གར་ཕྱག་ན་དང༌། མཚུར་ལོ་ཙཱ་བ་ཡེ་ཤེས་འབྱུང་གནས་ཀྱིས་བསྒྱུར་བའང་ཡོད། མཆན། ༈ རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་གཱི་ཏི། བོད་སྐད་དུ། དོ་ཧ་མཛོད་ཀྱི་གླུ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དུག་སྦྲུལ་ལྟ་བུའི་སྐལ་མེད་ནི། །ངེས་པར་སྐྱེ་བོ་དམ་པ་ལ། །སྐྱོན་གྱི་དྲི་མས་དགོད་པའི་ཕྱིར། །མཐོང་བ་ཙམ་གྱིས་འཇིགས་པར་བྱོས། ༈ །དེ་ཉིད་མི་ཤེས་བྲམ་ཟེ་ནི། །གྱི་ན་རིགས་བྱེད་བཞི་དག་འདོད། །ས་ཆུ་ཀུ་ཤ་དག་བྱེད་དང༌༑ ༑ཁྱིམ་ན་གནས་ཤིང་མེ་ལ་བསྲེགས། །དོན་མེད་སྦྱིན་སྲེག་བྱེད་པ་ནི། །དུ་བས་མིག་ལ་གནོད་པར་བས། ༈ །དབྱུ་གུ་དབྱུག་གསུམ་ལེགས་ལྡན་གཟུགས། །ཐ་དད་པ་དང་དད་པས་བསྟེན་པ་དག །ཆོས་དང་ཆོས་མིན་ཤེས་པར་མི་མཉམ་ཞིང༌། །འགྲོ་བ་རྣམས་ནི་བརྫུན་པ་ཉིད་དུ་གོལ། །ཨེ་རའི་ཐལ་བས་ལུས་ལ་བྱུགས་ནས་སུ། །མགོ་ལ་རལ་པའི་ཁུར་བུ་ཁུར་བར་བྱེད། །ཁྱིམ་དུ་མར་མེ་བཏང་ནས་གནས། །མཚམས་སུ་འདུག་ནས་དྲིལ་བུ་འཁྲོལ། །སྐྱིལ་ཀྲུང་བཅས་ནས་མིག་བཙུམས་ཏེ། །རྣ་བར་ཤུབ་ཤུབ་སྐྱེ་བོ་སླུ་བར་བྱེད། །ཁྱོ་མེད་སྐྲ་མེད་འདི་འདྲ་གཞན་ལ་སྟོན། །དབང་རྣམས་བསྐུར་ཞིང་བླ་མའི་ཡོན་རྣམས་ལེན། ༈ །སེན་མོ་རིང་ཞིང་ལུས་ལ་དྲི་མས་གཡོགས། །གོས་དང་བྲལ་ཞིང་སྐྲ་ནི་འབལ་བར་བྱེད། །ནམ་མཁའི་ཡིད་ཅན་གནོད་བྱེད་ལམ་གྱི་གཟུགས། །ཐར་པའི་ཆེད་དུ་བདག་ཉིད་འགྲོ་བྱེད་སླུ། ༈ །གཅེར་བུས་གལ་ཏེ་གྲོལ་འགྱུར་ན། །ཁྱི་དང་ཝ་སོགས་ཅིས་མི་གྲོལ། །སྤུ་བཏོགས་པས་ནི་གྲོལ་གྱུར་ན། །བུད་མེད་སྤུ་བཏོགས་གྲོལ་བར་འགྱུར། །མཇུག་སྤུ་བསླང་བས་གྲོལ་འགྱུར་ན། །རྨ་བྱ་གཡག་སོགས་གྲོལ་བར་འགྱུར། །ལངས་ཏེ་ཟ་བས་གྲོལ་གྱུར་ན། །རྟ་དང་གླང་པོ་ཅི་ཕྱིར་མིན། ༈ །མདའ་བསྣུན་ན་རེ་ནམ་མཁའི་ཡིད་ཅན་ལ། །ཐར་པ་ནམ་ཡང་ཡོད་པ་མ་ཡིན་ཟེར། ༈ །བདེ་བའི་དེ་ཉིད་དང་ནི་བྲལ་གྱུར་ཞིང༌། །ལུས་ཀྱི་དཀའ་ཐུབ་འབའ་ཞིག་ཙམ་ལྡན་པས། །དགེ་ཚུལ་དགེ་སློང་གནས་བརྟན་ཞེས་བྱ་བས། །བནྡེ་རྣམས་ནི་དེ་ལྟར་རབ་བྱུང་ནས། །ཁ་ཅིག་མདོ་སྡེ་འཆད་པར་བྱེད་ཅིང་འཇུག །ལ་ལ་རོ་གཅིག་སེམས་ཀྱི་ཚུལ་འཛིན་མཐོང༌། །ཁ་ཅིག་ཐེག་ཆེན་དེ་ལ་རྒྱུག་བྱེད་ཅིང༌། །དེ་ནི་གཞུང་ལུགས་ཚད་མའི་བསྟན་བཅོས་མིན། ༈ །གཞན་ཡང་དཀྱིལ་འཁོར་འཁོར་ལོ་མ་ལུས་བསྒོམ། །ཁ་ཅིག་བཞི་པའི་དོན་འཆད་པ་ལ་ཞུགས། །ལ་ལ་ནམ་མཁའི་ཁམས་ལ་རྟོག་པར་སྣང༌། །གཞན་ཡང་སྟོང་ཉིད་ལྡན་པར་བྱེད་པ་དེ། །ཕལ་ཆེར་མི་མཐུན་ཕྱོགས་ལ་ཞུགས་པ་ཡིན། །ལྷན་ཅིག་སྐྱེས་བྲལ་གཞན་གང་གིས། །མྱ་ངན་འདས་གང་སྒོམ་བྱེད་པ། །དེ་དག་འགས་ཀྱང་དོན་དམ་ནི༑ ༑ཅིག་ཤོས་འགྲུབ་པར་མི་འགྱུར་རོ། །གང་ཞིག་གང་ལ་མོས་པར་གྱུར་པ་དེས། །བསམ་གཏན་གནས་པས་ཐར་པ་ཐོབ་བམ་ཅི། །མར་མེ་ཅི་དགོས་ལྷ་བཤོས་དེ་ཅི་དགོས། །དེ་ལ་ཅི་བྱ་གསང་སྔགས་བསྟན་པ་ཅི་ཞིག་དགོས། །འབབ་སྟེགས་འགྲོ་དང་དཀའ་ཐུབ་མི་དགོས་ཏེ། །ཆུ་ལ་ཞུགས་པས་ཐར་པ་ཐོབ་བམ་ཅི། །སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང༌། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང༌། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེས། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། ༈ །ཀྱེ་ལགས་གང་སྨྲས་བརྫུན་ཞིང་ལོག་པ་དེ་བོར་ལ༑ ༑གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོངས། ༈ །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་པ་སུས་ཀྱང་ཤེས་མི་འགྱུར། །ཀློག་པ་དེ་ཡིན་འཛིན་དང་སྒོམ་པ་དེ་ཡིན་ཏེ། །བསྟན་བཅོས་སྙིང་ལ་འཆད་པའང་དེ་ཡིན་ནོ། ༈ །དེ་ཡིས་མཚོན་པའི་ལྟ་བ་ཡོད་མིན་ཏེ། །འོན་ཀྱང་གཅིག་ཏུ་བླ་མའི་ཞལ་ལ་ལྟོས་པ་ཡིན། ༈ །བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་འདྲ། ༈ །གཉུག་མའི་རང་བཞིན་བྱིས་པས་མ་མཐོང་བར། །འཁྲུལ་པས་བྱིས་པ་བསླུས་ཞེས་མདའ་བསྣུན་སྨྲ། །བསམ་གཏན་མེད་ཅིང་རབ་ཏུ་འབྱུང་བ་མེད། །ཁྱིམ་ན་གནས་ཤིང་ཆུང་མ་དག་དང་ལྷན་ཅིག་ཏུ། །གང་ཞིག་ཡུལ་གྱི་དགའ་བས་བཅིངས་ལས་མི་གྲོལ་ན། །མདའ་བསྣུན་ང་ནི་དེ་ཉིད་ཤེས་པ་ཡིན་ཞེས་སྨྲ། ༈ །གལ་ཏེ་མངོན་དུ་གྱུར་ན་བསམ་གཏན་ཅི། །གལ་ཏེ་ལྐོག་ཏུ་གྱུར་ན་མུན་པ་འཇལ། །ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཉིད་ནི། །དངོས་དང་དངོས་པོ་མེད་པ་མ་ཡིན་ཏེ། །མདའ་བསྣུན་འོ་དོད་རྟག་ཏུ་འབོད་པར་བྱེད། ༈ །གང་ཞིག་བླངས་ནས་སྐྱེ་ཤི་གནས་གྱུར་པ། །དེ་ཉིད་བླངས་ནས་བདེ་ཆེན་མཆོག་གྲུབ་ཅེས། །སྐད་གསང་མཐོན་པོས་མདའ་བསྣུན་སྨྲ་བྱེད་ཀྱང༌། །བྱོལ་སོང་འཇིག་རྟེན་མི་གོ་ཇི་ལྟར་བྱ། ༈ །བསམ་གཏན་བྲལ་བས་ཅི་ཞིག་བསམ་བྱར་ཡོད། །བརྗོད་དུ་མེད་གང་ཇི་ལྟར་བཤད་དུ་ཡོད། །སྲིད་པའི་ཕྱག་རྒྱས་འགྲོ་བ་མ་ལུས་བསླུས། ༈ །རང་བཞིན་གཉུག་མ་སུས་ཀྱང་བླངས་པ་མེད། །རྒྱུད་མེད་སྔགས་མེད་བསམ་བྱ་བསམ་གཏན་མེད། །དེ་ཀུན་རང་ཡིད་འཁྲུལ་བར་བྱེད་པའི་རྒྱུ། །རང་བཞིན་དག་པའི་སེམས་ལ་བསམ་གཏན་དག་གིས་མི་བསླད་དེ། །བདག་གི་དེ་ཉིད་བདེ་ལ་གནས་ཤིང་གདུང་བར་མ་བྱེད་ཅིག ༈ །ཟ་ཞིང་འཐུང་ལ་གཉིས་སྤྲོད་ཀྱིས་དགའ་ཞིང༌། །རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེང༌། །ཆོས་འདི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པ་འཇིག་རྟེན་མགོན་པོ་རྡོག་པས་མནན་ནས་སོང༌། །གང་དུ་རླུང་དང་སེམས་ནི་མི་རྒྱུ་ཞིང༌། །ཉི་མ་ཟླ་བ་འཇུག་པ་མེད་གྱུར་པ། །མི་ཤེས་པ་དག་གནས་དེར་དབུགས་ཕྱུངས་ཤིག །མདའ་བསྣུན་གྱིས་ནི་མན་ངག་ཐམས་ཅད་བསྟན་ནས་སོང༌། ༈ །གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །རིགས་ལ་བྱེ་བྲག་དག་ཏུ་མ་འབྱེད་པར། །ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། །འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་སྒྱུར་ཅིག་དང༌། །དེར་ནི་ཐོག་མ་དབུས་མཐའ་མེད། །ཇི་སྲིད་མྱ་ངན་འདས་པ་མིན། །བདེ་བ་ཆེན་པོ་མཆོག་འདི་ལ། །བདག་དང་གཞན་དུ་ཡོད་མ་ཡིན། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་ཉིད་དུ་མགོན་པོ་ང་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་བར་མི་བྱའོ། ༈ །དབང་པོ་གང་དུ་ནུབ་གྱུར་ཅིང༌། །རང་གི་ངོ་བོ་མཉམ་པར་འགྱུར། །གྲོགས་དག་དེ་ནི་ལྷན་ཅིག་སྐྱེས་པའི་ལུས། །བླ་མའི་ཞལ་ལས་གསལ་བར་དྲིས། ༈ །ཡིད་ནི་གར་འཆིང་རླུང་གར་དེངས། །ས་སྟེང་འདི་ན་ཡན་ལག་གནས། །དེ་ནི་རྨོངས་པས་མཚམས་སུ་ཡོངས་ཤེས་བྱ། །གཏི་མུག་རྒྱ་མཚོ་འཆད་པ་གང་ཤེས་པ། །འདི་ནི་བདེ་ཆེན་མཆོག་ཡིན་ཏེ། །ས་ར་ཧ་ཡིས་བསྟན་ནས་འགྲོ། །ཀྱེ་ཧོ་འདི་ནི་རང་རིག་ཡིན་པ་སྟེ། །འདི་ལ་འཁྲུལ་པ་མ་བྱེད་ཅིག ༈ །དངོས་དང་དངོས་མེད་བདེ་བར་གཤེགས་པའི་འཆིང་བ་སྟེ། །སྲིད་དང་མཉམ་ཉིད་ཐ་དད་མ་འབྱེད་པར། །གཉུག་མའི་ཡིད་ནི་གཅིག་ཏུ་གཏོད་དང་རྣལ་འབྱོར་པ། །ཆུ་ལ་ཆུ་བཞག་བཞིན་དུ་ཤེས་པར་བྱོས། །བསམ་གཏན་བརྫུན་པས་ཐར་པ་རྙེད་མིན་ནོ། །སྒྱུ་ལུས་དྲྭ་བས་ཇི་ལྟར་པང་དུ་འཁྱུད། ༈ །བླ་མ་དམ་པའི་བཀའ་ཡིས་བདེ་བར་ཡིད་ཆེས་པར༑ ༑ང་ཡིས་བརྗོད་དུ་ཡོད་མིན་ཞེས་ནི་མདའ་བསྣུན་སྨྲ། ༈ །གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། །བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར། །དེ་ལྟ་བུ་ཉིད་དུས་སུ་འགོག་པར་འགྱུར། ༈ །གཉུག་མ་ཉིད་ལ་སྐྱོན་གྱིས་བྱས་པ་བསླུས། །སྐྱེ་བོ་མ་ལུས་ལྷག་པར་སུན་འབྱིན་ཅིང༌། །ང་རྒྱལ་སྐྱོན་གྱིས་དེ་ཉིད་མཚོན་མི་ནུས། ༈ །འཇིག་རྟེན་མ་ལུས་བསམ་གཏན་གྱིས་རྨོངས་འགྱུར། ༈ །གཉུག་མའི་རང་བཞིན་སུས་ཀྱང་མཚོན་དུ་མེད། །སེམས་ཀྱི་རྩ་བ་མིན་མཚོན་ཏེ། །ལྷན་ཅིག་སྐྱེས་པ་རྣམ་གསུམ་གྱི། །གང་ལས་དེ་སྐྱེས་གང་དུ་ནུབ། །གང་དུ་གནས་འགྱུར་གསལ་བར་མི་ཤེས་སོ། །རྩ་བ་བྲལ་བའི་དེ་ཉིད་གང་སེམས་པ། །བླ་མའི་མན་ངག་མཐོང་བ་དེ་ཡིས་ཆོག ༈ །འཁོར་བའི་རང་བཞིན་སེམས་ཀྱི་ངོ་བོ་ཉིད་ཡིན་ཞེས། །རྨོངས་རྣམས་མདའ་བསྣུན་གྱིས་སྨྲ་ཙེ་ནེ་ཤེས་པར་བྱོས། །གཉུག་མའི་རང་བཞིན་ཚིག་གིས་མི་བརྗོད་ཀྱང༌། །སློབ་དཔོན་མན་ངག་མིག་གིས་མཐོང་བར་འགྱུར། །ཆོས་དང་ཆོས་མིན་མཉེས་ནས་ཟོས་པ་ཡིས། །འདི་ལ་ཉེས་པ་རྡུལ་ཙམ་ཡོད་མ་ལགས། ༈ །གཉུག་མའི་ཡིད་ནི་གང་ཚེ་སྦྱངས་གྱུར་པ། །དེ་ཚེ་བླ་མའི་ཡོན་ཏན་སྙིང་ལ་འཇུག་པར་འགྱུར། །འདི་ལྟར་རྟོགས་ནས་མདའ་བསྣུན་གླུ་ལེན་ཏེ། །སྔགས་དང་རྒྱུད་རྣམས་གཅིག་ཀྱང་མ་མཐོང་ངོ༌། ༈ །འགྲོ་རྣམས་ལས་ཀྱིས་སོ་སོར་བཅིངས་གྱུར་ཏེ། །ལས་ལས་གྲོལ་ན་ཡིད་ནི་ཐར་པ་ཡིན། །རང་རྒྱུད་གྲོལ་ན་ངེས་པར་གཞན་མེད་དོ། །མཆོག་གི་མྱ་ངན་འདས་པ་ཐོབ་པར་འགྱུར། ༈ །སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། ༈ །སེམས་བཅིངས་པས་ནི་འཆིང་འགྱུར་ཏེ། །དེ་ཉིད་གྲོལ་ན་ཐེ་ཚོམ་མེད། །བླུན་པོ་གང་གིས་འཆིང་འགྱུར་བ། །མཁས་རྣམས་དེ་ཡིས་མྱུར་དུ་གྲོལ། ༈ །སེམས་ནི་ནམ་མཁའ་འདྲ་བར་གཟུང་བྱ་སྟེ། །ནམ་མཁའི་རང་བཞིན་ཉིད་དུ་སེམས་གཟུང་བྱ། ༈ །ཡིད་དེ་ཡིད་མ་ཡིན་པར་བྱེད་འགྱུར་ན། །དེས་ནི་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །མཁའ་འདྲར་བྱས་ན་རླུང་ནི་རྣམ་པར་འཆིང༌། །མཉམ་ཉིད་ཡོངས་སུ་ཤེས་པས་རབ་ཏུ་ཐིམ། །མདའ་བསྣུན་གྱིས་སྨྲས་ནམ་ཞིག་ནུས་ལྡན་ན། །མི་རྟག་གཡོ་བ་མྱུར་དུ་སྤོང་བར་འགྱུར། ༈ །རླུང་དང་མེ་དང་དབང་ཆེན་འགགས་པ་ན། །བདུད་རྩི་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག །ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། །བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ༌། །ཁྱིམ་དང་ཁྱིམ་ན་དེ་ཡིས་གཏམ་སྨྲ་ཡང༌། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མེད། །འགྲོ་ཀུན་བསམ་པས་སུན་འབྱིན་མདའ་བསྣུན་སྨྲ། །བསམ་གྱིས་མི་ཁྱབ་གྲུབ་པ་འགའ་ཡང་མེད། ༈ །སྲོག་ཆགས་ཐམས་ཅད་ཀུན་ལ་ཡང༌། །དེ་ཉིད་ཡོད་དེ་རྟོགས་པ་མེད། ༈ །ཐམས་ཅད་རོ་མཉམ་རང་བཞིན་པས། །བསམ་པས་ཡེ་ཤེས་བླ་མེད་པའོ། ༈ །ཁ་སང་དེ་རིང་དེ་བཞིན་སང་དང་གཞན། །དོན་རྣམས་ཕུན་སུམ་ཚོགས་པར་སྐྱེ་བོ་འདོད། །ཀྱེ་ཧོ་བཞིན་བཟང་སྙིམ་པ་ཆུས་བཀང་བ། །འཛག་པ་བཞིན་དུ་ཉམས་པ་མ་ཚོར་རོ། ༈ །བྱ་བ་བྱེད་དང་བྱ་བ་མིན་བྱེད་པ། །ངེས་པར་རྟོགས་ན་འཆིང་དང་གྲོལ་བ་མེད། ༈ །ཡི་གེ་མེད་ལས་འཆད་པར་ཡོད་འདོད་པ། །གང་ཞིག་རྣལ་འབྱོར་བརྒྱ་ལ་འགའ་ཡིས་མཚོན། ༈ །འཇུར་བུས་བཅིངས་པའི་སེམས་འདི་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །དངོས་པོ་གང་གིས་རྨོངས་པ་འཆིངས། །མཁས་རྣམས་དེ་ཡིས་རྣམ་པར་གྲོལ། །བཅིངས་པ་དག་ནི་ཕྱོགས་བཅུར་འགྲོ་བ་རྩོམ། །མཐོང་བར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་བཟློག་རྔ་མོ་ལྟ་བུར་བདག་གིས་རྟོགས། །བུ་ཁྱོད་རྣམས་ཀྱང་རང་ལ་ཆེར་ཏེ་ལྟོས། །ཀྱེ་ལགས་དབང་པོ་ལྟོས་ཤིག་དང༌། །འདི་ལས་ངས་ནི་མ་གཏོགས་སོ། ༈ །ལས་ཟིན་པ་ཡི་སྐྱེས་བུ་ཡི། །དྲུང་དུ་སེམས་ཐག་བཅད་པར་བྱོས། །རླུང་བཅིངས་པ་ལ་རང་ཉིད་མ་སེམས་སྐྱེ། །ཤིང་གི་རྣལ་འབྱོར་སྣ་རྩེར་མ་འདུག་ཅིག །ཨེ་མའོ་མ་ཡིན་ལྷན་ཅིག་སྐྱེས་པ་མཆོག་ཆགས་བྱོས། །སྲིད་པའི་སྣ་རྩེར་འཆིང་བ་ཡང་དག་སྤངས། །འདི་ནི་ཡིད་འདུས་པ་ལ་རླུང་གི་རླབས། །གཡོ་ཞིང་འཕྱར་ལ་ཤིན་ཏུ་མི་སྲུན་འགྱུར། །ལྷན་ཅིག་སྐྱེས་པའི་རང་བཞིན་རྟོགས་གྱུར་ན། །དེ་ཡིས་བདག་ཉིད་བརྟན་པར་གྱུར་པ་ཡིན། ༈ །གང་ཚེ་ཡིད་ནི་ཉེར་བར་འགགས་གྱུར་ན། །ལུས་ཀྱི་འཆིང་བ་རྣམ་པར་འཆད་པར་འགྱུར། །གང་ཚེ་ལྷན་ཅིག་སྐྱེས་དང་རོ་མཉམ་པ། །དེ་ཚེ་དམན་པའི་རིགས་དང་བྲམ་ཟེ་མེད། ༈ །འདི་ནི་ཟླ་བ་རྒྱ་མཚོ་ཉིད་དང་ནི། །འདི་ནི་གངྒཱའི་རྒྱ་མཚོ་ཉིད་དང་ནི། །བ་ར་ཎཱ་སི་པྲ་ཡ་གྷ་ཡ་ཏི། །འདི་ནི་ཟླ་བ་གསལ་བྱེད་ཉིད། ༈ །ཞིང་ཀུན་གནས་དང་ཉེ་བའི་གནས་སོགས་པ། །ཕྱིན་ཏེ་བལྟས་པའི་རྟོགས་པ་གང་སྨྲ་བ། །ལུས་དང་འདྲ་བའི་མུ་གནས་གཞན་ན་མེད། ༈ །དགེ་བ་དེ་ཡིས་ངེས་པར་ཡང་དག་མཐོང༌། །འདབ་ལྡན་པདྨའི་སྡོང་པོ་གེ་སར་གྱི་དབུས་ན། །ཤིན་ཏུ་ཕྲ་བའི་སྣལ་མ་དྲི་དང་ཁ་དོག་ལྡན། །བྱེ་བྲག་འོངས་ཤིང་རྨོངས་པ་མྱ་ངན་གྱིས། །གདུང་བ་འབྲས་བུ་མེད་པར་མ་བྱེད་ཅིག །གང་ཚེ་ཚངས་པ་ཁྱབ་འཇུག་མིག་གསུམ་དང༌། །འཇིག་རྟེན་མ་ལུས་ཐམས་ཅད་གཞིར་གྱུར་པ། །རིགས་མེད་དེ་ལ་མཆོད་ན་ལས་ཀྱི་ཡང༌། །མཐའ་ཡི་ཚོགས་ནི་ཡང་དག་ཟད་པར་འགྱུར། ༈ །ཀྱེ་ཧོ་བུ་ཉོན་རྩོད་པའི་རོ་ནི་དག་པར་ཡང་དག་གནས་ཤེས་པ། །འགྲོ་བ་འཆད་ཅིང་འདོན་ལ་སོགས་པས་དེ་ནི་ཤེས་པར་ནུས་མ་ཡིན། །ཀྱེ་ཧོ་བུ་ཉོན་དེ་ཉིད་སྣ་ཚོགས་ཀྱིས། །རོ་འདི་བསྟན་པར་ནུས་པ་མ་ཡིན་ཏེ། །བདེ་བའི་གནས་མཆོག་རྟོག་སྤངས་ཏེ། །འགྲོ་བ་ཉེ་བར་སྐྱེ་བ་ཉིད་བཞིན་ནོ། ༈ །བློ་ནི་རྣམ་འགགས་ཡིད་ནི་ཕམ་གྱུར་པ། །གང་དུ་མངོན་པའི་ང་རྒྱལ་ཆད་པའོ། །དེ་ཉིད་སྒྱུ་མའི་རང་བཞིན་མཆོག་ཏུ་རྟོག་པ་སྟེ༑ ༑དེ་ལ་བསམ་གཏན་འཆིང་བ་དེས་ནི་ཅི་བྱར་ཡོད། ༈ །དངོས་པོར་སྐྱེས་པ་མཁའ་ལྟར་རང་བཞིན་ན། །དངོས་པོ་རྣམ་སྤངས་ཕྱི་ནས་ཅི་ཞིག་སྐྱེ། །གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེ་རིང་དཔལ་ལྡན་བླ་མ་བསྟེན་པས་རྟོགས། ༈ །མཐོང་དང་ཐོས་དང་རེག་དང་དྲན་པ་དང༌། །ཟ་སྣོམ་འཁྱམས་དང་འགྲོ་དང་འདུག་པ་དང༌། །ཅལ་ཅོལ་གཏམ་དང་ལན་སྨྲ་གྱུར་པ་ལ། །སེམས་སོ་ཞེ་ན་གཅིག་གི་རྣམ་པ་ལ་མི་བསྐྱོན། ༈ །གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུང་སེལ་བསིལ་བ་ངོམས་པར་མི་འཐུང་བར། །དེ་ནི་བསྟན་བཅོས་དོན་མང་མྱ་ངམ་གྱི། །ཐང་ལ་སྐོམ་པས་གདུངས་ཏེ་འཆི་བར་ཟད། ༈ །བླ་མས་བསྟན་པ་བརྗོད་མིན་ན༑ ༑སློབ་མས་གོ་བ་མ་ཡིན་ཏེ། །ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། །གང་གིས་ཇི་ལྟར་བསྟེན་པར་བྱ། །ཚད་མར་འཛིན་པའི་དབང་གིས་སུ། །བླུན་པོས་བྱེ་བྲག་རྙེད་པ་སྟེ། །དེ་ཚེ་གདོལ་པའི་ཁྱིམ་དུ་རོལ། །འོན་ཀྱང་དྲི་མས་མི་གོས་སོ། ༈ །གང་ཚེ་སློང་ན་སྲོང་ཁའི་ཁམ་ཕོར་གྱིས་སྤྱོད་དེ། །བདག་ནི་རྒྱལ་པོ་ཡིན་ན་སླར་ཡང་ཅི་བྱར་ཡོད། ༈ །དབྱེ་བ་རྣམ་པར་སྤངས་ནས་དེ་ཉིད་གནས་པ་ལ། །རང་བཞིན་མི་གཡོ་བཏང་སྙོམས་ལྷུན་གྱིས་གྲུབ། །མྱ་ངན་འདས་པ་ལ་གནས་སྲིད་པར་མཛེས། །ནད་གཞན་དག་ལ་སྨན་གཞན་གཏོང་མི་བྱ། །བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །ཇི་ལྟར་བུ་ཆུང་ཚུལ་དུ་གནས་པར་བྱ། ༈ །བླ་མའི་ལུང་ལ་བསྒྲིམས་ཏེ་རབ་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཁ་དོག་ཡོན་ཏན་ཡི་གེ་དཔེ་བྲལ་བ། །སྨྲ་རུ་མི་བཏུབ་དེ་ནི་བདག་གིས་གྱི་ན་མཚོན། །གཞོན་ནུ་མ་ཡི་བདེ་བ་སྙིང་ལ་ཞེན་པ་བཞིན། །དབང་ཕྱུག་དམ་པ་དེ་ནི་སུ་ལ་བསྟན་ནུས་སམ། ༈ །དངོས་དང་དངོས་མེད་ཡོངས་སུ་བཅད་པ་དང༌། །དེར་ནི་འགྲོ་བ་མ་ལུས་རབ་ཏུ་ཐིམ་པར་འགྱུར། །གང་ཚེ་ཡིད་ནི་མི་གཡོ་རང་གནས་བརྟན་པ་སྟེ། །དེ་ཚེ་འཁོར་བའི་དངོས་པོ་ལས་ནི་རང་གྲོལ་འགྱུར། །གང་ཚེ་བདག་གཞན་ཡོངས་སུ་ཤེས་མེད་ན། །དེ་ཚེ་བླ་མེད་ལུས་ནི་ཐོབ་པར་འགྱུར། ༈ །དེ་ལྟར་བསྟན་པ་ཉིད་ལས་ངེས་པར་མ་འཁྲུལ་པར། །རང་གིས་རང་ལ་ལེགས་པར་ཤེས་པར་བྱས་ནས་ནི། །རྡུལ་མེད་རྡུལ་བྲལ་མ་ཡིན་སེམས་ཀྱང་མིན། །དངོས་པོ་དེ་དག་གདོད་ནས་ཞེན་པ་མེད། །མདའ་བསྣུན་གྱིས་སྨྲས་དེ་ཙམ་ཞིག་ཏུ་ཟད། །ཀྱེ་ཧོ་མ་ལུས་དྲི་མེད་དོན་དམ་ཤེས་པར་བྱོས། ༈ །ཁྱིམ་ན་གནས་པ་ཕྱི་རོལ་སོང་ནས་ཚོལ། །ཁྱིམ་བདག་མཐོང་ནས་ཁྱིམ་མཚེས་དག་ལ་དྲི། །མདའ་བསྣུན་གྱིས་སྨྲས་བདག་ཉིད་ཤེས་པར་བྱོས། །བླུན་པོས་བསམ་གཏན་བསམ་བྱ་བཟླས་བརྗོད་མིན༑ ༑གང་ཚེ་བླ་མས་བསྟན་ཅིང་ཐམས་ཅད་ཤེས་བྱས་ཀྱང༌། །བདག་གིས་ཡོངས་སུ་བརྟགས་པས་ཐར་པ་ཐོབ་བམ་ཅི། ༈ །ཡུལ་རྣམས་བགྲོད་ཅིང་གདུང་བས་མཉེས་བྱས་ཀྱང༌། །ལྷན་ཅིག་སྐྱེས་པ་མི་རྙེད་སྡིག་པས་འཛིན། །ཡུལ་རྣམས་བསྟེན་པས་ཡུལ་གྱིས་མི་གོས་སོ། །ཨུཏྤལ་འདབ་མ་ཆུ་ཡིས་མ་རེག་བཞིན། །གང་ལྟར་རྩ་བ་རྣལ་འབྱོར་སྐྱབས་སུ་འགྲོ། །དུག་གི་སྔགས་ཅན་དུག་གིས་ག་ལ་ཚུགས། ༈ །ལྷ་ལ་མཆོད་པ་ཁྲི་ཕྲག་བྱིན་ནས་ཀྱང༌། །བདག་ཉིད་དེ་ཡིས་འཆིང་འགྱུར་ཅི་ཞིག་བྱ། །དེ་འདྲས་འཁོར་བ་འདི་ནི་འཆད་མིན་ཏེ། །གཉུག་མའི་རང་བཞིན་མ་རྟོགས་བརྒལ་མི་ནུས། ༈ །མིག་ནི་མི་འཛུམ་སེམས་ཀྱང་མི་འགོག་དང༌། །རླུང་འགོག་པ་ནི་དཔལ་ལྡན་བླ་མས་རྟོགས། །གང་ཚེ་རླུང་རྒྱུ་དེ་ནི་མི་གཡོ་སྟེ། །འཆིང་བའི་ཚེ་ན་རྣལ་འབྱོར་པས་ཅི་བྱ། ༈ །ཇི་སྲིད་དབང་པོ་ཡུལ་གྱི་གྲོང་ལ་ལྷུང༌། །དེ་སྲིད་རང་ཉིད་ལས་མེད་རབ་ཏུ་རྒྱས། །ཁྱེད་ཅག་ད་ལྟར་ཅི་བྱེད་སོམས་དང་ཀྱེ། །དེ་ནི་ཤིན་ཏུ་དཀའ་བའི་དགོངས་པ་འཇུག ༈ །གང་ཞིག་གང་ལ་གནས་པ་ནི། །དེ་ནི་དེ་རུ་མི་མཐོང་སྟེ། །མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡིས། །ལུས་ལ་སངས་རྒྱས་ཡོད་པར་མ་རྟོགས་སོ། །གླང་ཆེན་ལོབས་ནས་སེམས་ཚགས་ཚུད་པས་ན། །དེར་ནི་འགྲོ་འོང་ཆད་ནས་ངལ་བ་སྟེ། །འདི་ལྟར་རྟོགས་ན་གང་དུའང་དྲི་ས་མེད། །མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། ༈ །གསོན་པ་གང་ཞིག་རྣམ་པར་མ་གྱུར་པ། །དེ་ནི་རྒས་ཤིང་འཆི་བར་འགྱུར་རམ་ཅི། ༈ །བླ་མས་བསྟན་པ་དྲི་མེད་བློ་གྲོས་ནི། །དེ་ཉིད་གཏེར་ཡིན་གཞན་པ་གང་ཞིག་ལ། ༈ །ཡུལ་ཉིད་རྣམ་པར་དག་སྟེ་བསྟན་བྱ་མིན། །སྟོང་པ་འབའ་ཞིག་གིས་ནི་སྤྱད་པར་བྱ། །ཇི་ལྟར་གཟིངས་ལས་འཕུར་བའི་བྱ་རོག་བཞིན། །སྐོར་ཞིང་སྐོར་ཞིང་སླར་ཡང་དེ་རུ་འབབ། ༈ །ཐག་པ་ནག་པོའི་དུག་སྦྲུལ་བཞིན། །མཐོང་བ་ཙམ་གྱིས་སྡང་བར་འགྱུར། ༈ །གྲོགས་དག་སྐྱེ་བོ་དམ་པ་ནི། །ཡུལ་གཉིས་སྐྱོན་གྱིས་བཅིང་བར་འགྱུར། །ཡུལ་ལ་ཞེན་པས་འཆིང་བར་མ་བྱེད་ཅིག །ཀྱེ་ཧོ་རྨོངས་པ་མདའ་བསྣུན་གྱིས་སྨྲས་པ། །ཉ་དང་ཕྱེ་ལེབ་གླང་ཆེན་བུང་བ་དང༌། །འདི་ནི་རི་དྭགས་བཞིན་དུ་བྱ་བར་བྱོས། ༈ །གང་ཞིག་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། ༈ །སྲིད་དང་མཉམ་ཞིང་ནམ་མཁའི་རང་བཞིན་ནོ། ༈ །གང་ཞིག་བསྟན་ཏེ་གང་ཐོས་པ། །དགོངས་པ་གང་ཡིན་དམ་པ་སྐྱོལ་བ་ན། །ཉི་ཟེར་ལྐུགས་པ་ས་ཡི་རྡུལ་བཞིན་བརླག །སྙིང་ག་ཉིད་དུ་ནུབ་པར་གྱུར་པ་ཡིན། ༈ །ཇི་ལྟར་ཆུ་ལ་ཆུ་བཞག་ན། །དེ་སྙེད་ཆུ་རུ་རོ་མཉམ་འགྱུར། །སྐྱོན་དང་ཡོན་ཏན་མཉམ་ལྡན་སེམས། །མགོན་པོ་སུས་ཀྱང་མཐོང་མི་འགྱུར། །རྨོངས་པ་དག་ལ་གཉེན་པོ་གང་ཡང་མེད། །ནགས་ལ་མཆེད་པའི་མེ་ལྕེ་བཞིན། །གདོང་དུ་བབ་པའི་འདི་ལྟར་སྣང་བ་ཀུན། །སེམས་ཀྱི་རྩ་བ་སྟོང་པ་ཉིད་དུ་ལྷན་ཅིག་བྱོས། ༈ །གལ་ཏེ་ཡིད་དུ་འོང་ངམ་སྙམ་པའི་སེམས། །སྙིང་ལ་བབ་པ་གཅེས་པར་བྱས་ན་ནི། །ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང༌། །ནམ་ཡང་སྡུག་བསྔལ་འབའ་ཞིག་བྱེད་པར་ཟད། ༈ །དེ་ལྟར་ཡིན་ཏེ་དེ་ལྟར་མ་ཡིན་ནོ། །གྲོགས་པོ་ཕག་དང་གླང་ཆེན་ལྟོས། །ཇི་ལྟར་ཡིད་བཞིན་ནོར་བུའི་དགོས་པ་བཞིན། །འཁྲུལ་པ་ཞིག་པའི་མཁས་པ་ངོ་མཚར་ཆེ། །རང་ལ་རང་རིག་བདེ་བ་ཆེན་པོའི་བག་ཆགས་གཟུགས། །ཐམས་ཅད་དེ་ཚེ་མཁའ་མཉམ་བྱེད་པར་འགྱུར། ༈ །ཀཱ་ཝ་ཀཱུ་ཊ་སྨོས་སུ་ཅི་རུང་སྟེ། །རང་བཞིན་མཁའ་མཉམ་ཡིད་ཀྱིས་འཛིན་པ་ཡིན། །ཡིད་དེ་ཡིད་མ་ཡིན་པར་བྱེད་འགྱུར་ན། །རང་བཞིན་ལྷན་ཅིག་སྐྱེས་པ་མཆོག་ཏུ་མཛེས། ༈ །ཁྱིམ་དང་ཁྱིམ་ན་དེ་ནི་བརྗོད་མིན་ཏེ། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མིན། །འགྲོ་ཀུན་སེམས་ཁྲལ་ཁུར་བ་མདའ་བསྣུན་འདྲ། །དེ་ནི་བསམ་མེད་སུས་ཀྱང་རྟོགས་མ་ཡིན། ༈ །བདེ་གསང་ཡན་ལག་ཡོངས་སུ་སྤངས་པ་ན། །བསྒོམ་དང་མི་བསྒོམ་དབྱེར་མེད་བདག་གིས་མཐོང༌། ༈ །ཡུལ་གྱིས་མཚོན་པས་གཞན་དག་བསམ་པར་བྱེད། །དེ་ཉིད་བསམ་པས་མ་རྟོགས་རང་བཞིན་འགགས་པར་འགྱུར། །གལ་ཏེ་སེམས་ཀྱིས་སེམས་ནི་མཚོན་དུ་འགྲོ། །རྣམ་རྟོག་དང་ནི་མི་གཡོ་བརྟན་པར་གནས། །ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་ལྟར་སེམས་ནི་རང་བཞིན་ལ་ཐིམ་འགྱུར། །དེ་ཚེ་བདག་དང་གཞན་ནི་མཉམ་པར་མཐོང༌། །འབད་དེ་བསམ་གཏན་བྱས་པས་ཅི་བྱར་ཡོད། ༈ །ལྷན་ཅིག་པ་ནི་ལུང་རྣམས་མ་ལུས་མཐོང༌། །རང་གི་འདོད་པ་མང་པོ་གསལ་བར་སྣང༌། །མགོན་པོ་བདག་ཉིད་གཅིག་པུ་གཞན་རྣམས་འགལ། །ཁྱིམ་དང་ཁྱིམ་ན་གྲུབ་མཐའ་དེ་གྲུབ་བོ། །གཅིག་ཟོས་པས་ནི་ཐམས་ཅད་ཚིག །ཕྱི་རོལ་སོང་ནས་ཁྱིམ་བདག་ཚོལ། །འོངས་ཀྱང་མ་མཐོང་ཕྱིན་ཆད་མེད། །འདུག་པར་གྱུར་ཀྱང་ངོ་མ་ཤེས། །རྦ་རླབས་མེད་པའི་དབང་ཕྱུག་མཆོག །རྙོག་པ་མེད་པའི་བསམ་གཏན་འགྱུར། །ཆུ་དང་མར་མེ་རང་གསལ་གཅིག་ཏུ་ཞོག །འགྲོ་འོང་ང་ཡིས་མི་ལེན་མི་འདོར་རོ། ༈ །གང་ཡང་སྔ་ན་མེད་པའི་སྒེག་མོ་དང་ཕྲད་ནས། །ཉལ་བའི་སེམས་ནི་གཞི་མེད་པ་ལ་བརྟེན། །རང་གི་གཟུགས་དང་ཐ་དད་མ་ལྟ་ཞིག །དེ་ལྟར་སངས་རྒྱས་ལག་ཏུ་གཏོད་པ་ཡིན། ༈ །གང་ཚེ་ལུས་དང་ངག་ཡིད་དབྱེར་མེད་པ། །ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཚེ་མཛེས། །ཁྱིམ་བདག་ཟོས་ནས་ཁྱིམ་བདག་མོ་ལོངས་སྤྱོད། །ཡུལ་ནི་གང་ཟག་མཐོང་སྟེ་སྤྱད་པར་བྱ། ༈ །ང་ཡིས་རྩེད་མོ་བྱས་པ་ལ། །བུས་པ་རྣམས་ནི་ཨ་ཐང་ཆད། །ཨ་མ་བཞག་ནས་བུ་དེ་སྐྱེ་མི་འགྱུར། །དེས་ནི་རྣལ་འབྱོར་སྤྱོད་པ་དཔེ་དང་བྲལ། ༈ །བདག་པོ་ཟ་ཞིང་རང་བཞིན་མཛེས། །ཆགས་པའི་སྤྱོད་དེས་གང་བའི་སེམས་དེ་ཉིད། །ཆགས་དང་ཆགས་བྲལ་སྤངས་ནས་དབུ་མར་ཞུགས། །སེམས་ཉམས་པས་ན་རྣལ་འབྱོར་ངས་མ་མཐོང༌། །ཟ་ཞིང་འཐུང་ལ་བསམ་དུ་མེད་པར་གྱུར། །གྲོགས་མོ་འདི་ནི་སེམས་ལ་གང་སྣང་བ། །ཕྱི་རོལ་སེམས་ལ་མཚོན་མེད་བདག་གིས་འཛིན། ༈ །སྒྱུ་མའི་རྣལ་འབྱོར་པ་ནི་དཔེ་དང་བྲལ་བ་སྟེ། །ས་གསུམ་དུ་ཡང་དྲི་མེད་མི་གནས་མི་འབྱུང་སྟེ། །མེ་ནི་སྤྲ་བ་ཉིད་ལ་རྐྱེན་གྱིས་འབར། །ཟླ་བ་ཆུ་འཛག་ནོར་བུ་རང་དབང་མེད། །ཐབས་ཀྱིས་རྒྱལ་སྲིད་ཀུན་ལ་དབང་བསྒྱུར་བ། །སེམས་ཉིད་དེ་ཉིད་གྲུབ་པའི་རྣལ་འབྱོར་མའོ། །ལྷན་ཅིག་སྐྱེས་པའི་སྡོམ་པར་ཤེས་པར་བྱ། །ཡི་གེ་འགྲོ་བ་མ་ལུས་པ། །ཡི་གེ་མེད་པ་གཅིག་ཀྱང་མེད། །ཇི་སྲིད་ཡི་གེ་མེད་གྱུར་པ། །དེ་སྲིད་ཡི་གེ་རབ་ཏུ་ཤེས། །སྣག་ཚ་མཉེས་པ་བཀླག་ཏུ་མེད། །རིག་བྱེད་དོན་མེད་འདོན་པས་ཉམས། ༈ །དམ་པ་སེམས་དང་གཅིག་ཤོས་མི་ཤེས་ན། །གང་ནས་ཤར་ཅིང་གང་དུ་ནུབ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །བཅུ་བཞི་པ་ཡི་ས་ལ་རྒྱུན་དུ་གནས། ༈ །ལུས་མེད་ལུས་ལ་སྦས་པ་མེད། །དེ་ཤེས་དེ་ཡིས་གྲོལ་བར་འགྱུར། །སྒྲུབ་ཡིག་བཞི་ལས་དང་པོ་བདག་གིས་སྟོན། །ཁུ་བ་འཐུངས་པས་ང་ནི་བརྗེད་པར་གྱུར། །གང་གིས་ཡི་གེ་གཅིག་ཤེས་པ། །དེ་ཡི་མིང་ནི་མི་ཤེས་སོ། །རྐྱེན་བྲལ་གསུམ་ནི་ཡི་གེ་གཅིག །ཟག་མེད་གསུམ་གྱི་དབུས་ན་ལྷ། །གང་ཞིག་གསུམ་པོ་ཟག་པ་ནི། །གདོལ་པ་རིགས་བྱེད་དེ་བཞིན་ནོ། ༈ །མ་ལུས་རང་བཞིན་མི་ཤེས་པས། །ཀུན་ཏུ་རུ་ཡི་སྐབས་སུ་བདེ་ཆེན་སྒྲུབ་པ་ནི། །ཇི་ལྟར་སྒོམ་པས་སྨིག་རྒྱུའི་ཆུ་སྙེགས་བཞིན། །སྐོམ་ནས་འཆི་ཡང་ནམ་མཁའི་ཆུ་རྙེད་དམ། །རྡོ་རྗེ་པདྨ་གཉིས་ཀྱི་བར་གནས་པ། །བདེ་བ་གང་གིས་རྣམ་པར་རོལ་པ་ཡིན། །ཅི་སྟེ་དེ་བདེན་ནུས་པ་མེད་པས་ན། །ས་གསུམ་རེ་བ་གང་གིས་རྫོགས་པར་འགྱུར། །ཡང་ན་ཐབས་ཀྱི་བདེ་བ་སྐད་ཅིག་མ། །ཡང་ན་དེ་ཉིད་གཉིས་སུ་འགྱུར་བ་སྟེ། །བླ་མའི་དྲིན་གྱིས་སླར་ཡང་ནི། །བརྒྱ་ལ་འགའ་ཡིས་ཤེས་པར་འགྱུར། །གྲོགས་དག་ཟབ་པ་དང་ནི་རྒྱ་ཆེ་བ། །གཞན་མེད་བདག་ཉིད་མ་ཡིན་ནོ། །ལྷན་ཅིག་སྐྱེས་དགའ་བཞི་པའི་དུས། །གཉུག་མ་ཉམས་སུ་མྱོང་བར་ཤེས། ༈ །མུན་ནག་ཆེན་པོར་ཟླ་བ་ནོར་བུ་ནི། །ཇི་ལྟར་འཆར་བར་བྱེད་པ་བཞིན། །མཆོག་ཏུ་བདེ་ཆེན་སྐད་ཅིག་གཅིག་ལ་ནི། །བསམས་པའི་སྡིག་པ་མ་ལུས་ཕན་པར་བྱེད་པའོ། ༈ །སྡུག་བསྔལ་སྣང་བྱེད་ནུབ་པ་ན། །སྐར་མའི་བདག་པོ་གཟའ་དང་མཉམ་དུ་ཤར། །འདི་ལྟར་གནས་པས་སྤྲུལ་པར་སྤྲུལ། །དེ་ནི་དཀྱིལ་འཁོར་འཁོར་ལོ་དམ་པའོ། །ཀྱེ་ཧོ་རྨོངས་པའི་སེམས་ཀྱིས་སེམས་ལ་བརྟགས་ན་ནི། །ལྟ་བ་ངན་པ་ཐམས་ཅད་ལས་ནི་རང་གྲོལ་འགྱུར། །མཆོག་ཏུ་བདེ་བ་ཆེན་པོའི་དབང་གིས་ནི། །དེ་ལ་གནས་ན་དངོས་གྲུབ་དམ་པའོ། ༈ །སེམས་ཀྱི་གླང་པོ་ཡན་དུ་ཆུག །དེ་ནི་བདག་ཉིད་དྲིས་ལ་གཅིག །ནམ་མཁའི་རི་བོ་ཆུ་འཐུང་དང༌། །དེ་ཡི་འགྲམ་དུ་ཞོག་ཅིག་རང་དགའ་བར། །ཡུལ་གྱི་གླང་པོའི་དབང་པོ་ལག་པས་བླངས་ནས་སུ། །ཇི་ལྟར་གསོད་པར་རང་དབང་སྣང་བར་འགྱུར། །རྣལ་འབྱོར་པ་ནི་གླང་པོ་སྐྱོང་བ་བཞིན། །དེ་ཉིད་ནས་ནི་ལྡོག་པར་འགྱུར་བ་ཡིན། ༈ །གང་ཞིག་འཁོར་བ་དེ་ནི་མྱ་ངན་འདས་པར་ངེས། །དབྱེ་བ་གཞན་དུ་སེམས་པ་མ་ཡིན་ཏེ། །རང་བཞིན་གཅིག་གིས་དབྱེ་བ་རྣམ་པར་སྤངས། །དྲི་མ་མེད་པ་ང་ཡིས་རབ་ཏུ་རྟོགས། ༈ །ཡིད་ཀྱིས་དེ་ཉིད་དམིགས་དང་བཅས། །དམིགས་པ་སྟོང་པ་ཉིད་ཡིན་ལ། །གཉིས་ལ་སྐྱོན་ནི་ཡོད་པ་སྟེ། །རྣལ་འབྱོར་གང་གིས་སྒོམ་པ་མིན། །སྒོམ་པ་དམིགས་བཅས་དམིགས་མེད་དེ། །སྒོམ་དང་མི་སྒོམ་ཐ་སྙད་མེད། །བདེ་བའི་རྣམ་པའི་རང་བཞིན་ནོ། ༈ །རབ་ཏུ་བླ་མེད་རང་འབྱུང་བ། །བླ་མའི་དུས་ཐབས་བསྟེན་པས་ཤེས། ༈ །ནགས་སུ་མ་འགྲོ་ཁྱིམ་དུ་མ་འདུག་པར། །གང་ཡང་དེ་རུ་ཡིད་ཀྱིས་ཡོངས་ཤེས་ན། །མ་ལུས་རྒྱུན་དུ་བྱང་ཆུབ་རྟག་པར་གནས། །འཁོར་བ་གང་ཡིན་མྱ་ངན་འདས་པ་གང༌། །ཡིད་ཀྱི་དྲི་མ་དག་ལ་ལྷན་ཅིག་སྐྱེས་པ་སྟེ། །དེ་ཚེ་མི་མཐུན་ཕྱོགས་ཀྱིས་འཇུག་པ་མེད། ༈ །ཇི་ལྟར་རྒྱ་མཚོ་དྭངས་པར་གྱུར་པ་ལ། །ཆུ་བུར་ཆུ་ཉིད་ཡིན་ཏེ་དེ་ཉིད་ཐིམ་པར་འགྱུར། །ནགས་དང་ཁྱིམ་ན་བྱང་ཆུབ་གནས་པ་མེད། ༈ །དེ་ལྟར་བྱེད་པ་ཡོངས་སུ་ཤེས་ནས་སུ། །དྲི་མ་མེད་པའི་སེམས་ཀྱི་རང་བཞིན་གྱིས། །མ་ལུས་མི་རྟོག་པ་རུ་བརྟེན་པར་འོས། །དེ་ནི་བདག་ཡིན་གཞན་ཡང་དེ་བཞིན་ནོ། །གང་བསྒོམ་ཡོངས་སུ་བསྒོམ་པ་གང༌། །དབྱེ་བ་དེ་ཉིད་འཆིང་དང་བྲལ་བར་བྱ། །འོན་ཀྱང་བདག་ཉིད་རྣམ་པར་གྲོལ་བའོ། ༈ །བདག་དང་གཞན་དུ་འཁྲུལ་པ་མ་བྱེད་དང༌། །མ་ལུས་རྒྱུན་དུ་གནས་པའི་སངས་རྒྱས་ཏེ། །སེམས་ནི་ངོ་བོ་ཉིད་ཀྱིས་དག་པ་ན། །དེ་ཉིད་དྲི་མེད་མཆོག་གི་གོ་འཕང་ངོ༌། ༈ །གཉིས་མེད་སེམས་ཀྱི་སྡོང་པོ་དམ་པ་ནི། །ཁམས་གསུམ་མ་ལུས་ཀུན་ཏུ་ཁྱབ་པར་སོང༌། །སྙིང་རྗེའི་མེ་ཏོག་གཞན་ཕན་འབྲས་བུ་འཛིན། །མིང་ནི་མཆོག་ཏུ་གཞན་ལ་ཕན་པའོ། །སྟོང་པའི་སྡོང་པོ་དམ་པ་མེ་ཏོག་རྒྱས། །སྙིང་རྗེ་དམ་པ་སྣ་ཚོགས་དུ་མར་ལྡན། །ལྷུན་གྱིས་གྲུབ་པ་ཕྱི་མའི་འབྲས་བུ་སྟེ། །བདེ་བ་འདི་ནི་གཞན་པའི་སེམས་མིན་ནོ། ༈ །སྟོང་པའི་སྡོང་པོ་དམ་པའི་སྙིང་རྗེ་མིན། །གང་ལ་སླར་ཡང་རྩ་བ་མེ་ཏོག་ལོ་འདབ་མེད། །དེ་ལ་དམིགས་པར་བྱེད་པ་གང་ཡིན་པ། །དེར་ལྷུང་བས་ནི་ཡན་ལག་མེད་པར་འགྱུར། ༈ །ས་བོན་གཅིག་ལ་སྡོང་པོ་གཉིས། །རྒྱུ་མཚན་དེ་ལས་འབྲས་བུ་གཅིག །དེ་ཡང་དབྱེར་མེད་གང་སེམས་པ། །དེ་ནི་འཁོར་དང་མྱ་ངན་འདས་རྣམས་གྲོལ། །གང་ཞིག་འདོད་པ་ཅན་གྱི་སྐྱེ་བོ་འོངས་པའི་ཚེ། །དེ་ནི་རེ་བ་མེད་ན་གལ་ཏེ་འགྲོ་བ་ནི། །ཕྱི་སྒོར་བོར་བའི་ཁམ་ཕོར་བླངས་ནས་སུ། །དེ་བས་ཁྱིམ་ཐབ་བོར་ནས་བསྡད་པ་རུང༌། །གཞན་ལ་ཕན་པའི་དོན་ནི་མི་བྱེད་པ། །འདོད་པ་པོ་ལ་སྦྱིན་པ་མི་སྟེར་བ། །འདི་ནི་འཁོར་བའི་འབྲས་བུ་གང་ཡིན་ལོ། །དེ་བས་བདག་ཉིད་བོར་བར་བྱས་ན་རུང༌། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧ་ཆེན་པོའི་ཞལ་སྔ་ནས་མཛད་པ་དོ་ཧ་མཛོད་ཅེས་བྱ་བ་དེ་ཁོ་ན་ཉིད་རྣལ་དུ་མཚོན་པ་དོན་དམ་པའི་ཡི་གེ་རྫོགས་སོ།། །།ཕྱག་རྒྱ་ཆེན་པོ་སྙིང་པོའི་དོན་གྱི་གདམས་པའི་ཤིང་རྟ་ཆེན་པོ་འཕགས་ཡུལ་གྱི་གྲུབ་པའི་དབང་ཕྱུག་མཐའ་དག་གི་གཙུག་གི་ནོར་བུ་བྲམ་ཟེ་ཆེན་པོ་དཔལ་ས་ར་ཧ་ཞེས་པ་འཇིག་རྟེན་ན་ཉི་ཟླ་ལྟར་གྲགས་པ་གང་དེའི་དཔལ་གྱི་མགུར་ལས་སྩལ་བའི་ཕྱག་རྒྱ་ཆེན་པོ་དོ་ཧ་མཛོད་ཀྱི་རྡོ་རྗེའི་གླུ་མང་ཞིག་བཞུགས་པ་ལས། དམང་དོ་ཧར་གྲགས་པ་འདི་ནི་འཕགས་བོད་ཀུན་ཏུ་བྲམ་ཟེ་ཆེན་པོའི་གསུང་རྩོད་མེད་དུ་གྲགས་ཤིང༌། རྒྱ་བོད་ཀྱི་འགྲེལ་པ་དང་མན་ངག་གི་ཡི་གེའང་མང་དུ་བཞུགས་སོ། །མཆན། ༈ །དཔལ་ས་ར་ཧའི་གདམས་པ་དོ་ཧའི་བསྡུས་དོན་བཞུགས་སོ། །ཅིག་ཅར་གྲོལ་བ་མཆོག་གི་སྐལ་བ་ཅན། །དཔལ་ལྡན་ས་ར་ཧའི་ཞབས་བཏུད་དེ། །ཐབས་གཞན་ལ་བརྟེན་བླ་མའི་དྲིན་གྱིས་སུ། །རྟོགས་འགྱུར་དོ་ཧའི་གཞུང་དོན་བྲི་བར་བྱ༑ ༑ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་པ་ལ་བཞི། ལམ་གཞན་གྱི་རྣམ་པར་རྟོག་པ་སྤང་བ་དང༌། སྟོང་པ་དང་སྙིང་རྗེ་ཟུང་འཇུག་ལམ་གྱི་ངོ་བོ་ སྙིང་རྗེ་ མདོར་བསྟན་དང༌པ་དང༌། སྟོང་པ་ཉིད་བྱེ་བྲག་ཏུ་རྒྱས་པར་བཤད་པ་དང༌༑ གཉིས་ཀ་མངོན་པར་གྲུབ་པའི་འབྲས་བུས་མཇུག་བསྡུ་བའོ། །དང་པོ་ལ་གསུམ། མདོར་བསྟན་ དུག་སྦྲུལ་ པ་དང༌། སོ་སོར་དགག་པ་དང༌། ཐུན་མོང་ ལྷན་ཅིག་ དུ་དགག་པའོ། །གཉིས་པ་ལ་གཉིས། ཕྱི་རོལ་མུ་སྟེགས་བྱེད་ཀྱི་ལུགས་དགག་པ་དང༌། ནང་པ་སངས་རྒྱས་པའི་ལུགས་དགག་པའོ། །དང་པོ་ལ་གཉིས། རིག་བྱེད་སྨྲ་བ་པའི་ དེ་ཉིད་ ལུགས་དགག་པ་དང༌། དབྱུག་གུ་ དབྱུག་གུ་ བའི་ལུགས་དང༌། ཐལ་གོས་པའི་ ཨེ་རའི་ ལུགས་དང༌། གཅེར་བུ་ སན་མོ་ པའི་ལུགས་དགག་པ་དང་བཞིས་སྤྱོད་པ་སོ་སོར་དགག་པ་དང༌། ལྟ་བ་ཐུན་མོང་དུ་ མདའ་བསྣུན་ དགག་པའོ། །ནང་པ་སངས་རྒྱས་པའི་ལམ་གྱི་རྣམ་པར་རྟོག་པ་སྤང་བ་ལ་གཉིས། རྒྱུ་མཚན་ཉིད་པའི་ལུགས་ཀྱི་ བདེ་བ་ རྣམ་པར་རྟོག་པ་སྤང་བ་དང༌། གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པ་བའི་ལམ་གྱི་ གཞན་ཡང་ རྣམ་པར་རྟོག་པ་སྤང་བའོ། །སྟོང་པ་ཉིད་བྱེ་བྲག་ཏུ་བཤད་པ་ལ་གཉིས། ཞེན་པ་སྤང་བར་གདམས་པ་ ཀྱེ་ལུགས་ སྤྱིར་བསྟན་པ་དང༌། རྟོགས་པ་ངེས་པའི་དོན་ རྟོགས་པར་ བྱེ་བྲག་ཏུ་བཤད་པ་དང༌། དེ་རྐྱེན་བླ་མ་ལས་རག་ལས་པ་ དེ་མི་དགོས་ དང༌། བླ་མས་བསྟན་པའི་དོན་ བླ་མས་ མངོན་དུ་གྱུར་པའི་དཔེ་དང་བཞིས་ངོ་བོ་མདོར་བཞག་པ་དང༌། དབྱེ་བ་རྒྱས་པར་བཤད་པའོ། །འདི་ལ་ལྔ། འཇིག་རྟེན་གྱི་རྣམ་པར་རྟོག་པ་སྤང་བ་དང༌། ་ གཉུག་མའི་ བསམ་གཏན་གྱི་དྲི་མ་སྤང་བ་དང༌། སེམས་རྩ་བ་གཅད་པའི་མན་ངག་དང༌། འཆིང་གྲོལ་གྱི་རྣམ་པར་བཞག་པ་སྤྱིར་བསྟན་པ་དང༌། གྲོལ་བའི་ཐབས་བྱེ་བྲག་ཏུ་བཤད་པའོ། །གཉིས་པ་ལ་གཉིས། དངོས་དང༌། དྲི་མ་མེད་པའི་ལམ་ཉམས་སུ་བླང་བའི་ཐབས་སོ། །དང་པོ་ལ་བཞི། མངོན་གྱུར་ལྐོག་གྱུར་ལ་ གལ་ཏེ་ དམིགས་སུ་མི་རུང་བ་དང༌། སྣོད་དུ་མ་གྱུར་པ་ལ་ཐུགས་རྗེ་ གང་ཞིག་ སྐྱེ་བའི་རྣམ་པ་དང༌།་ བསམ་གཏན་ ཆོས་ཉིད་བསམ་གཏན་གྱི་ཡུལ་མ་ཡིན་པ་དང༌། སྐབས་ཀྱི་དོན་བསྡུ་བའོ། །ལམ་ཉམས་སུ་བླངས་པའི་ཐབས་ལ་བདུན། ཚོགས་ཀྱི་འཁོར་ལོའི་་ ཟ་ཞིང་ སྤྱོད་པ་དང༌། མཉམ་ཉིད་རྟོགས་པའི་ལྟ་བ་ གཉིས་སུ་མི་བྱ་ དང༌། དབང་པོ་རང་ལོག་གི་རྣལ་འབྱོར་ དབང་པོ་ དང༌། འཆི་བ་དམིགས་མེད་ཀྱི་ ཡིད་ནི་ ཡེ་ཤེས་དང༌། འཁོར་འདས་ རང་བཞིན་ རོ་གཅིག་གི་ དངོས་དང་ བསམ་གཏན་དང༌། བརྗོད་དུ་མེད་པའི་དོན་དང་མཐོང་བ་ གདོད་ནས་ མེད་པའི་དཔེའོ། །སེམས་རྩ་བ་བཅད་པའི་མན་ངག་ལ་བཞི། ང་རྒྱལ་ཅན་གྱིས་ གཉུག་མའི་ གཉུག་མའི་དོན་མི་རྟོགས་པ་དང༌། རྨོངས་པའི་བསམ་གཏན་ལས་ཡེ་ཤེས་ འཇིག་རྟེན་ མི་འཆར་བ་དང་གཉིས་ཀྱིས་ལམ་གྱི་དྲི་མ་བསལ་བ་དང༌། གཞི་སྐྱེ་འགག་གནས་པ་དུས་གསུམ་ གཉུག་མའི་ རྩ་བ་དང་བྲལ་བ་དང༌། སེམས་ཀྱི་ངོ་བོ་འཁོར་འདས་གཉིས་མེད་ འཁོར་བའི་རང་བཞིན་ དགེ་སྡིག་གི་མཚན་མ་དང་བྲལ་བ་དང༌། ལམ་གཞན་ལ་མ་བརྟེན་པར་བླ་མ་ལས་ངེས་པར་བརྗོད་པའོ། །འཆིང་གྲོལ་གྱི་རྣམ་པར་བཞག་པ་སྤྱིར་བསྟན་པ་ལ་གསུམ། གྲོལ་བ་སེམས་ འགྲོ་རྣམས་ ལས་གཞན་ན་མེད་པ་དང༌། འཁོར་འདས་གཉིས་ཀའི་ སེམས་ཉིད་ ས་བོན་སེམས་ཉིད་ཡིན་པ་དང༌། དེ་ལྟར་ངེས་པའི་དོན་བསྡུ་ སེམས་བཅིངས་ བའོ། །གྲོལ་བར་བྱེད་པའི་ཐབས་བྱེ་བྲག་ཏུ་བཤད་པ་ལ་གསུམ། རྒྱུད་ལ་བསྐྱེད་པ་བསྒོམ་པའི་ གཉུག་མའི་ མན་ངག་དང་༑ ལྟ་བ་རྟོགས་པའི་མན་ངག་དང༌། ལྟ་སྒོམ་གཉིས་སུ་མེད་པ་ཟུང་འཇུག་གི་མན་ངག་གོ །དང་པོ་ལ་ལྔ། ཕྱག་རྒྱ་ཆེན་པོ་བསྒོམ་པའི་ལམ་དངོས་དང༌། རྩ་རླུང་གི་རྣམ་པར་རྟོག་པ་སྤང་བ་དང༌། རྟོགས་པའི་ཆེ་བ་བརྗོད་པ་དང༌། གནས་གཞན་ ཞིང་ཀུན་ ལ་ཞེན་པ་སྤང་བ་དང༌། རེ་དོགས་ཀྱི་གདུང་བ་ དགེ་བ་ཡིས་ བཅད་པར་གདམས་པའོ། །དང་པོ་ལ་གསུམ། སེམས་གཟུང་བའི་མན་ངག་དང༌། གློད་པའི་ འཇུར་བུས་ མན་ངག་དང༌། བླ་མའི་དྲུང་དུ་སེམས་ཐག་བཅད་པར་ ལས་ཟིན་པའི་ གདམས་པའོ། །དང་པོ་ལ་དྲུག ནམ་མཁས་མཚོན་པའི་ འདི་ནི་ ཞི་གནས་དང༌། རྣམ་རྟོག་གྲོལ་བའི་ ཡིད་ནི་ ཡེ་ཤེས་དང༌། བདེ་ཆེན་ཐོབ་པའི་འབྲས་བུ་དང་ རླུང་དང་ གསུམ་གྱིས་ཞི་གནས་ལ་བརྟེན་ནས་རྟོགས་པའི་ཚུལ་དང༌། གྲུབ་མཐའི་བརྟགས་དཔྱད་ཀྱིས་ ཁྱིམ་དང༌ མི་གྲོལ་བ་དང༌། ཐ་མལ་འཇིག་རྟེན་པའི་ཤེས་པས་ སྲོག་ཆགས་ མི་གྲོལ་བ་དང་གཉིས་ཀྱིས་ལམ་གཞན་གྱིས་མི་གྲོལ་བར་བསྟན་པ་དང༌། གྲོལ་བའི་ཡེ་ཤེས་ ཐམས་ཅད་རོ་མཉམ་ ངོས་བཟུང་བ་དང༌། མ་རྟོགས་པའི་ཉེས་དམིགས་ ཁར་སོང་ ཉམས་པའི་ཆ་དང་མཐུན་པ་དང༌། རྟོགས་པའི་ཆེ་བ་འཆིང་གྲོལ་དང་བྲལ་བ་དང༌། ཐ་སྙད་ལ་བརྟེན་ནས་རྟོགས་པ་ ཡི་གེ་མེད་ལ་ སྲིད་པ་མི་དགག་པའོ། །རྟོགས་པའི་ཆེ་བ་ལ་གཉིས། ལུས་ཀྱི་འཆིང་བ་ གང་ཚེ་ཡིད་ ཆད་པ་དང༌། ཆོས་ཉིད་རོ་གཅིག་ཏུ་ གང་ཚེ་ལྷན་ཅིག་ རྟོགས་པའི་དཔེའོ། །རྟོག་པ་ལྟ་བའི་མན་ངག་ལ་གཉིས། ཕྱི་རོལ་མུ་སྟེགས་པ་ལ་གདམས་པ་ གང་ཚེ་ དང༌། རྒྱུ་མཚན་ཉིད་པ་ལ་ ཀྱེ་ཧོ་ གདམས་པ་དང་གཉིས་ཀྱིས་གཞན་ལ་གདམས་པ་དང༌། བསམ་གཏན་གྱི་ བློ་ནི་ འཆིང་བ་ཆད་པ་དང༌། སྐྱེ་མེད་ཀྱི་རང་བཞིན་རྟོགས་པ་ དངོས་པོར་སྐྱེས་པ་ དང༌༑ སེམས་ཉིད་ཀྱི་ངོ་བོ་མཐོང་བ་དང་ མཐོང་བ་དང་ གསུམ་གྱིས་རང་གི་ལུགས་བརྗོད་པའོ། །ལྟ་སྒོམ་གཉིས་སུ་མེད་པ་ཟུང་འཇུག་གི་མན་ངག་ལ་གཉིས། དབྱེ་བ་རྒྱས་པར་བཤད་པ་དང༌། ཉམས་སུ་བླང་བྱ་མདོར་བསྡུས་ནས་བསྟན་པའོ། །དང་པོ་ལ་དྲུག །དམ་པའི་རྗེས་སུ་མ་འབྲངས་པའི་སྐྱོན་ གང་ཞིག་ དང༌། འབྲངས་པའི་ བླ་མའི་ ཡོན་ཏན་གཉིས་ཀྱིས་དམ་པའི་རྗེས་སུ་འབྲང་བ་དང༌། ལྟ་སྒོམ་སྤྱོད་འབྲས་ཀྱི་མན་ངག་དང༌། ཡུལ་ལ་ཞེན་པ་སྤང་བར་གདམས་པ་དང༌། རྣམ་རྟོག་དང་ཆོས་ཉིད་རོ་གཅིག་ལ་བསླབ་པ་དང༌། རང་གཞན་གྱི་གྲུབ་མཐའི་ཁྱད་པར་གཏན་ལ་དབབ་པ་དང༌། ལམ་དང་འབྲས་བུའི་རྣམ་པར་གཞག་པ་རྒྱས་པར་བཤད་པའོ། །ལྟ་སྒོམ་སྤྱོད་འབྲས་ཀྱི་མན་ངག་ལ་ལྔ། འཛིན་པ་མེད་པའི་ གང་ཚེ་གློད་ན་ སྤྱོད་པ་དང༌། བླང་དོར་མེད་པའི་ དབྱེ་བ་ བསམ་གཏན་དང༌། ཆོས་ཉིད་རྟོགས་པའི་ལྟ་བ་དང༌། གླང་ཆེན་ལོན་ སེམས་ཐག་ཆོད་པའི་སྤྱོད་པ་དང༌། དགོས་འདོད་འབྱུང་བའི་འབྲས་བུའོ། །གསུམ་པ་ལ་གཉིས། གུས་པས་རྙེད་པའི་ བླ་མའི་ལུང་ ངེས་པ་དང༌། བརྗོད་དུ་མེད་པའི་དཔེ་ ཁ་དོག་ དང༌། མཚན་མ་ དངོས་དང་ གྲོལ་བའི་དོན་དང་གསུམ་གྱིས་ངོ་བོ་བསྟན་པ་དང༌། བརྟགས་པའི་གྲུབ་མཐའ་ དེ་ལྟར་ འཇིག་པ་དང༌། རྟོག་དཔྱོད་ཀྱི་ཡུལ་ ཁྱིམ་ན་ མ་ཡིན་པ་དང༌། ཡུལ་གྱིས་ ཡུལ་རྣམས་ མི་གོས་པ་དང༌། ལས་གཞན་གྱིས་འཆིང་བ་ ལྷ་ལ་ མི་ཆོད་པ་དང༌། འཆི་བས་ མིག་ནི་ མི་འཇིགས་པ་དང༌། རང་བཞིན་ ཇི་སྲིད་ འགྲོ་འོང་མེད་པའི་དོན་རྟོགས་པ་དང༌། ཐ་སྙད་མཁན་གྱིས་གཉུག་མའི་དོན་ གང་ཞིག་ མི་རྟོགས་པ་དང་བདུན་གྱི་དབྱེ་བ་བཤད་པའོ། །དགོས་འདོད་འབྱུང་བའི་འབྲས་བུ་ལ་གསུམ། འཆིང་བས་ གསོན་པ་ མི་འཇིགས་པའི་དགོས་པ་དང༌། གཏེར་གཞན་པས་ བླ་མས་ ཁྱད་པར་དུ་འཕགས་པའི་དགོས་པ་དང༌། ཡུལ་སེམས་རྣམ་པར་དག་པའི་ ཡུལ་ཉིད་ དགོས་པའོ། །ཡུལ་ལ་ཞེན་པ་སྤངས་པ་ལ་གཉིས། འཁྲུལ་པའི་སྣང་བ་སྐྲགས་པའི་ཡུལ་ ཐག་པ་ མིན་པའི་དཔེས་སྤང་བར་གདམས་པ་དང༌། ཡུལ་ལ་ གྲོགས་དག་ ཞེན་པ་འཆིང་བའི་དཔེས་སྤང་བར་གདམས་པའོ། །རྣམ་རྟོག་དང་ཆོས་ཉིད་རོ་གཅིག་ལ་བསླབ་པ་ལ་ལྔ། རྣམ་རྟོག་དང་ཆོས་ཉིད་ གང་ཞིག་ དབྱེར་མེད་ཆུ་དང་རླབས་ལྟ་བུ་དང༌། འཁོར་འདས་རང་བཞིན་མཉམ་པ་ སྲིད་དང་ ནམ་མཁའ་ལྟ་བུ་དང༌། རྣམ་རྟོག་ཆོས་ཉིད་དུ་ཐིམ་པ་ཉི་ཟེར་གྱི་རྡུལ་ གང་ཞིག་ ལྟ་བུ་དང༌། སྐྱོན་དང་ཡོན་ཏན་དབྱེར་མེད་པ་ པ་ཇི་ལྟར་ ཆུ་ལ་ཆུ་བཞག་པ་ལྟ་བུ་དང༌། སྣང་སྟོང་དབྱེར་མེད་རྟོགས་པས་སྣང་བ་རང་སར་གྲོལ་བ་ རྨོངས་པ་དག་ལ་ ནགས་ལ་མཆེད་པའི་མེ་ལྕེ་ལྟ་བུའོ། །རང་གཞན་གྱི་གྲུབ་མཐའི་ཁྱད་པར་གཏན་ལ་དབབ་པ་ལ་གསུམ། ཡང་དག་གི་རྟོག་པ་ གལ་ཏེ་ཡིད་དུ་ སྤང་བ་དང༌། འདྲ་གཉིས་ནོར་བར་བརྟག་པ་ དེ་ལྟར་ཡིན་ཏེ། དང༌། མཁས་པའི་ཁྱད་པར་ ཇི་ལྟ་ཡིད་བཞིན་ ངོས་བཟུང་བ་དང༌། ཕྱག་རྒྱ་ཆེན་པོ་ཚིག་གི་ཡུལ་ ཀ་ལ་ མ་ཡིན་པ་དང༌། ཐོས་བསམ་གྱི་ལྟ་བས་བདེ་ཆེན་གྱི་དོན་མི་རྟོགས་ ཁྱིམ་དང་ པ་དང༌། རྣམ་རྟོག་གྲོལ་བའི་ཡེ་ཤེས་ལ་བསྒོམ་དང་མི་སྒོམ་པ་གཉིས་སུ་མེད་པ་ བདེ་གསང་ དང་དྲུག་གིས་རྣམ་གྲངས་སྤྱིར་བསྟན་པ་དང༌། མཚོན་ལུགས་བྱེ་བྲག་ཏུ་ ཡུལ་གྱིས་ བཤད་པ་དང༌། གྲུབ་མཐའ་བྱེ་བྲག་ཏུ་ ལྷན་ཅིག་ བཤད་པ་གཉིས་ཀྱིས་མཚན་ཉིད་སོ་སོར་བཤད་པ་དང༌། རྙོག་པ་མེད་པའི་ རྦ་རླབས་ བསམ་གཏན་དང༌། ཆོས་ཉིད་རྟོགས་པའི་འབྲས་བུ་ གང་ཡང་ དང༌། མཉམ་རྗེས་བསྲེ་བའི་མན་ངག་ གང་ཚེ་ལུས་ དང་གསུམ་གྱིས་རང་གི་ལུགས་བྱེ་བྲག་ཏུ་བཤད་པའོ། །ལམ་དང་འབྲས་བུའི་རྣམ་པར་བཞག་པ་རྒྱས་པར་བཤད་པ་ལ། སྐུ་ལྔ་ལམ་དང་བཅས་པ་རྒྱས་པར་བཤད་པ་དང༌། རང་གྲོལ་ ཀྱེ་ཧོ་རྨོངས་པའི་ བདེ་ཆེན་ལ་གནས་པས་དོན་བསྡུ་བའོ། །དང་པོ་ལ་ལྔ། དངོས་དང་ ང་ཡིས་ དེ་ཐོབ་པའི་ བདག་པོ་ ཐབས་ཀྱིས་དཔེ་མེད་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་ཟླ་བ་ཆུ་འཛག་དང༌། ཡི་གེས་དོན་མི་རྟོགས་པ་གདོལ་པའི་རིག་བྱེད་ ཡི་གེ་ ལྟ་བུ་དང༌། དུས་གསུམ་རྩ་བ་བྲལ་བའི་གྲངས་ དམ་པ་སེམས་ དང་བཅས་པ་དང༌། དམིགས་སུ་མེད་པའི་དོན་གྱི་ལུས་ ལུས་མེད་ དག་རྟོགས་པར་བྱེད་པའི་ཐབས་ སྒྱུ་མའི་ སྒྲུབ་ཡིག་ སྒྲུབ་ཡིག་ བཞི་དང༌། ལས་ཀྱི་ཕྱག་རྒྱ་ མ་ལུས་ ལས་མི་རྟོགས་པ་དང༌། གཉུག་མ་ཉམས་སུ་མྱོང་བས་ གྲོགས་དག་ རྟོགས་པ་དང་དྲུག་གིས་ངོ་བོ་ཉིད་ཀྱི་སྐུ་གདོལ་པའི་རིག་བྱེད་དང༌། བདེ་བ་ཆེན་པོའི་ མུན་ནག་ སྐུ་ཟླ་བའི་ནོར་བུ་དང༌། སྤྲུལ་པའི་སྐུ་ཉི་ཟླ་གཟའ་སྐར་རོ༑ ༑ཉམས་སུ་བླང་བྱ་མདོར་བསྡུས་ནས་བསྟན་པ་ལ་གཉིས། གནས་སྐབས་ཀྱི་ལམ་བསྒོམ་པ་ལ་བསླབ་པ་དང༌། མཐར་ཐུག་བསྒོམ་དུ་མེད་པར་ཐག་བཅད་ གང་བསྒོམ་ པའོ། །དང་པོ་ལ་གཉིས། རྣམ་རྟོག་རྒྱ་ལན་ སེམས་ཀྱི་ སྣང་སྟོང་དབྱེར་ སྡུག་བསྔལ་ མེད་དུ་བསླབ་པ་དང༌། འཁོར་འདས་དབྱེར་མེད་རང་བཞིན་རོ་གཅིག་ཏུ་བསླབ་པ་ གང་ཞིག་ དང༌། དམིགས་བཅས་དམིགས་མེད་མཐའ་གཉིས་དབྱེར་མེད་དུ་ ཡིད་ཀྱིས་ བསླབ་པ་དང༌། རྟོགས་པ་རང་ཤར་གྱི་ཐབས་བླ་མ་བསྟེན་པ་ལ་ རབ་ཏུ་ བསླབ་པ་དང༌། དྲན་པ་རྒྱུན་ཆགས་དུས་གསུམ་དབྱེར་མེད་དུ་ ནགས་སུ་ བསླབ་པ་དང༌། གནས་པ་དང་འཕྲོ་བ་སེམས་སུ་དབྱེར་མེད་ཆུ་དང་ཆུ་བུར་ལྟ་བུར་ ཇི་ལྟར་རྒྱ་མཚོའི་ བསླབ་པ་དང་དྲུག་གིས་ལམ་བསྒོམ་པ་ལ་བསླབ་པ་དངོས་དང་ དེ་ལྟར་བྱེད་པ་ མཇུག་བསྡུ་བའོ། །གཉིས་ཀ་མངོན་པར་གྲུབ་པའི་འབྲས་བུ་ལ་གསུམ། སྒྲུབ་པའི་རྟེན་རང་བཞིན་རྣམ་དག་ བདག་དང་ དང༌། དེ་ཡོངས་སུ་གྲུབ་པའི་འབྲས་བུ་དང༌། ཞེན་པ་སྤང་བ་སྐབས་ཀྱི་དོན་ གང་ཞིག་ བསྡུ་བའོ། །གཉིས་པ་ལ་གསུམ། སྙིང་རྗེའི་འབྲས་བུ་གཞན་དོན་འབྱུང་བའི་ཚུལ་ གཉིས་མེད་ དང༌། སྙིང་རྗེ་དང་བྲལ་བས་གཞན་དོན་མི་འབྱུང་བའི་ཚུལ་ སྟོང་པའི་ དང༌། སྟོང་པ་དང་སྙིང་རྗེ་ཟུང་འཇུག་གིས་འཁོར་འདས་ཀྱི་མཐའ་ལས་ ས་བོན་ གྲོལ་བའོ། །སྙིང་རྗེ་བྲལ་བའི་སྟོང་པ་དེས། །ཐེག་པ་དམན་པར་ལྟུང་བ་ཡིན། །ཉམས་དང་བྲལ་བའི་རྟོགས་པ་དེ། །ཆོས་ཉིད་ལྐོག་ཏུ་གྱུར་པ་ཡིན། །མ་རྟོགས་ཉམས་ལ་ཞེན་པ་དེ། །གོང་མའི་ཁམས་སུ་འཆིང་བ་ཡིན། །སྟོང་དང་སྙིང་རྗེ་དབྱེར་མེད་ཅིང༌། །ཉམས་རྟོགས་རོ་གཅིག་མ་ནོར་ལམ། །རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་ར་ཧའི་གླུའི་དོན་བསྡུས་པ། །དགེ་སློང་བློ་གྲོས་སེང་གེས་སྦྱར་བའོ། །དཔལ་ཕག་མོ་གྲུབ་པའི་སློབ་མ་ཤེས་རབ་མཐར་ཕྱིན་སྤར་བུ་བ་ཞེས་ཡོངས་སུ་གྲགས་པ་དེའོ། །རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་ནཱ་མ་མ་ཧཱ་མུ་དྲ་ཨུ་པ་དེ་ཤ། བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་མན་ངག །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །ཇི་ལྟར་དངོས་དང་དངོས་མེད་སྣང་སྟོང་དང༌། །རྒྱུ་དང་མི་རྒྱུ་གཡོ་དང་མི་གཡོ་བ། །ཐམས་ཅད་མ་ལུས་ནམ་མཁའི་རང་བཞིན་ལས། །དུས་རྣམས་ཀུན་ཏུ་ནམ་ཡང་གཡོས་པ་མེད། །ནམ་མཁའ་ནམ་མཁའ་ཞེས་ནི་རབ་བརྗོད་ཀྱང༌། །ནམ་མཁའི་ངོ་བོ་ཅིར་ཡང་གྲུབ་པ་མེད། །ཡོད་དང་མེད་དང་ཡོད་མིན་མེད་མིན་དང༌། །དེ་ལས་གཞན་དུ་མཚོན་པའི་ཡུལ་ལས་འདས། །དེ་ལྟར་མཁའ་དང་སེམས་ཀྱི་ཆོས་ཉིད་ལ། །ཐ་དད་ཅུང་ཟད་ཡོད་པ་མ་ཡིན་ཏེ། །ཐ་དད་མིང་ནི་བློ་བུར་བཏགས་པ་ཙམ། །དེ་ལ་དོན་མེད་བརྫུན་གྱི་ཚིག་ཏུ་ཟད། །ཆོས་རྣམས་ཐམས་ཅད་རང་གི་སེམས་ཡིན་ཏེ། །སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད། །གང་གིས་གདོད་ནས་སེམས་མེད་རྟོགས་པ་ཡིས། །དུས་གསུམ་རྒྱལ་བའི་དགོངས་པ་དམ་པ་རྙེད། །ཆོས་ཀྱི་ཟ་མ་ཏོག་ཅེས་ཡོངས་སུ་བཏགས། །དེ་ཡང་ལོག་པའི་ཆོས་གཞན་མ་ཡིན་ཏེ། །གདོད་ནས་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །དེ་ཡིས་དེ་ཉིད་བསྟན་དུ་ཡོད་མིན་ཏེ། །བརྗོད་དུ་མེད་པ་སུས་ཀྱང་གོ་བ་མེད། །གལ་ཏེ་བདག་པོ་ཡོད་ན་ནོར་ཡོད་དེ༑ ༑ཡེ་ནས་བདག་མེད་དེ་ལ་ཅི་ཞིག་ཡོད། །སེམས་ཡོད་གྱུར་ན་ཆོས་ཀུན་ཡོད་རིགས་ཏེ། །སེམས་མེད་པ་ལ་ཆོས་ཤིག་སུ་ཡིས་རྟོགས། །སེམས་དང་ཆོས་སུ་སྣང་བ་ཐམས་ཅད་ནི། །བཙལ་ན་མི་རྙེད་འཚོལ་མཁན་གང་ནའང་མེད། །མེད་པ་དུས་གསུམ་མ་སྐྱེས་མ་འགགས་པ། །དེ་ཉིད་གཞན་དུ་འགྱུར་བ་མེད་པ་ནི། །རང་བཞིན་བདེ་བ་ཆེན་པོའི་གནས་ལུགས་ཡིན། །དེ་ཕྱིར་སྣང་བ་ཐམས་ཅད་ཆོས་ཀྱི་སྐུ། །འགྲོ་བ་སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འདུ་བྱེད་ལས་ཀུན་ཡེ་ནས་ཆོས་ཀྱི་དབྱིངས། །བཏགས་པའི་ཆོས་ཀུན་རི་བོང་རྭ་དང་མཚུངས། ༈ །ཀྱེ་ཧོ། ཉི་མ་སྤྲིན་བྲལ་འོད་ཟེར་ཀུན་ཁྱབ་ཀྱང༌། །མིག་མེད་རྣམས་ལ་མུན་པ་ཉིད་དུ་སྣང༌། །ལྷན་ཅིག་སྐྱེས་པ་ཀུན་ལ་ཁྱབ་གྱུར་ཀྱང༌། །རྨོངས་པ་དག་ལ་དེ་ཉིད་ཤིན་ཏུ་རིང༌། །འགྲོ་བ་རྣམས་ཀྱིས་སེམས་མེད་མ་རྟོགས་པས། །བཏགས་པའི་སེམས་ཀྱིས་སེམས་ཉིད་རབ་ཏུ་བཅིངས། །ཇི་ལྟར་གདོན་གྱིས་བརླབས་པའི་སྨྱོན་པ་དག །དབང་མེད་དོན་མེད་སྡུག་བསྔལ་བྱེད་པ་ལྟར། །དངོས་འཛིན་རྣམ་རྟོག་གདོན་གྱིས་ཟིན་པ་ཡིས། །ཀྱེ་མ་དོན་མེད་སྡུག་བསྔལ་འབའ་ཞིག་བྱེད། །ཁ་ཅིག་བློ་ཡི་དབྱེ་བས་རྨོངས་རྣམས་བཅིངས། །བདག་པོ་ཁྱིམ་དུ་བཞག་ནས་གཞན་དུ་ཚོལ། །ཁ་ཅིག་གཟུགས་བརྙན་དག་ལ་དོན་དུ་འཛིན། །ཁ་ཅིག་རྩ་བ་བོར་ནས་ལོ་འདབ་འབྲེག །ཇི་ལྟར་བྱས་ཀྱང་བསླུས་པ་མ་ཚོར་རོ། ༈ །ཀྱེ་ཧོ། བྱིས་པ་རྣམས་ཀྱིས་དེ་ཉིད་མ་རིག་ཀྱང༌། །དེ་ཉིད་ངང་ལ་གཡོ་མེད་ང་ཡིས་རྟོགས། །ང་ཡིས་ཐོག་མཐའ་མེད་པར་ཤེས་གྱུར་པས། །ང་ཡིས་ང་མཐོང་ང་ཉིད་གཅིག་པུར་ལུས། །གཅིག་པོ་ཉིད་ལ་བལྟས་པས་གཅིག་མ་མཐོང༌། །མཐོང་བྱ་མཐོང་བྱེད་བྲལ་བས་བརྗོད་དུ་མེད། །བརྗོད་དུ་མེད་པ་སུ་ཡིས་གོ་བར་འགྱུར། །གཉུག་མའི་ཡིད་ལ་གང་ཚེ་བྱང་གྱུར་པ། །དེ་ཚེ་རི་ཁྲོད་ང་ཡིས་རྟོག་པ་འཇུག །སེང་གེའི་འོ་མ་སྣོད་ངན་ཕལ་པར་མིན། །ཇི་ལྟར་ནགས་ན་སེང་གེའི་ང་རོ་ཡིས། །རི་དྭགས་ཕྲ་མོ་ཐམས་ཅད་སྐྲག་གྱུར་ཀྱང༌། །སེང་ཕྲུག་རྣམས་ནི་དགའ་བས་རྒྱུག་པ་ལྟར། །གདོད་ནས་མ་སྐྱེས་བདེ་ཆེན་འདི་བསྟན་པས། །རྨོངས་པ་ལོག་རྟོག་ཅན་རྣམས་སྐྲག་གྱུར་ཀྱང༌༑ ༑སྐལ་ལྡན་རབ་ཏུ་དགའ་བས་སྤུ་ཟིང་བྱེད། ༈ །ཀྱེ་ཧོ། མ་ཡེངས་སེམས་ཀྱིས་རང་གིས་རང་ལ་ལྟོས། །རང་གི་དེ་ཉིད་རང་གིས་རྟོགས་གྱུར་ན། །ཡེངས་པའི་སེམས་ཀྱང་ཕྱག་རྒྱ་ཆེན་པོར་འཆར། །མཚན་མ་རང་གྲོལ་བདེ་བ་ཆེན་པོའི་ངང༌། །རྨི་ལམ་དག་གི་བདེ་དང་སྡུག་བསྔལ་ཀུན། །སད་པའི་དུས་ན་རང་བཞིན་མེད་པའི་ཕྱིར། །རེ་དང་དོགས་པའི་བསམ་པ་ཀུན་སྤངས་ནས། །དགག་དང་སྒྲུབ་པའི་བསམ་པ་སུ་ཞིག་བྱེད༑ ༑འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །དེ་ཉིད་མཐོང་བས་རང་བཞིན་མེད་པའི་ཕྱིར། །རེ་དང་དོགས་པའི་བློ་ནི་ཟད་གྱུར་པས། །སྤང་དང་བླང་བའི་འབད་རྩོལ་ཅི་བྱར་ཡོད། །སྣང་གྲགས་ཐམས་ཅད་སྒྱུ་མ་སྨིག་རྒྱུ་དང༌། །གཟུགས་བརྙན་དང་མཚུངས་དངོས་པོའི་མཚན་མ་མེད། །སྒྱུ་མར་སྣང་མཁན་སེམས་ཉིད་ནམ་མཁའི་སྟེ། །མཐའ་བྲལ་དབུས་མེད་སུས་ཀྱང་ཤེས་མི་འགྱུར། །གངྒཱ་ལ་སོགས་ཆུ་ཀླུང་སྣ་ཚོགས་པ། །བ་ཚྭ་ཅན་གྱི་རྒྱ་མཚོར་རོ་གཅིག་ལྟར། །བརྟགས་པའི་སེམས་དང་སེམས་བྱུང་སྣ་ཚོགས་དག །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་བྱོས། །གང་ཞིག་ནམ་མཁའི་ཁམས་ནི་ཡོངས་བཙལ་ཡང༌། །མཐའ་དང་དབུས་མེད་མཐོང་བ་ཡོངས་སུ་འགག །དེ་བཞིན་སེམས་དང་ཆོས་ཉིད་ཡོངས་བཙལ་བས། །སྙིང་པོ་རྡུལ་ཙམ་ཡོད་པར་མ་གྱུར་ཏེ། །ཡོངས་སུ་ཚོལ་བའི་སེམས་ཀྱང་མི་དམིགས་པས། །ཅི་ཡང་མ་མཐོང་བ་དེ་དེ་མཐོང་ཡིན། །ཇི་ལྟར་གཟིངས་ལས་འཕུར་བའི་བྱ་རོག་ནི། །ཕྱོགས་རྣམས་བསྐོར་ཞིང་སླར་ཡང་དེ་རུ་འབབ། །འདོད་པའི་སེམས་ཀྱིས་བསྟན་པའི་རྗེས་སྤྱོད་ཀྱང༌། །དང་པོའི་སེམས་ཉིད་གཉུག་མ་ཉིད་དུ་འབབ། །རྐྱེན་གྱིས་མི་འགུལ་རེ་བའི་ཡིད་ཆད་པ། །དོགས་པའི་སྐུགས་པ་ཞིགས་པ་རྡོ་རྗེ་སེམས། །རྩ་བ་ཆོད་པའི་སེམས་ཉིད་ནམ་མཁའ་འདྲ། ༈ །ཀྱེ་ཧོ། བསྒོམ་དུ་མེད་པས་ཡིད་ལ་མི་བྱ་སྟེ། །ཐ་མལ་ཤེས་པ་རང་ལུགས་གཉུག་མ་ལ། །བཅོས་པའི་དམིགས་པ་དག་གིས་མི་བསླད་དོ། །རང་བཞིན་དག་པའི་སེམས་ལ་བཅོས་མི་དགོས། །མ་བཟུང་མ་བཏང་རང་ག་ཉིད་དུ་ཞོགས། །གལ་ཏེ་མ་རྟོགས་བློ་ལ་བསྒོམ་རྒྱུ་མེད། །རྟོགས་པ་ཅན་ལ་བསྒོམ་བྱ་སྒོམ་བྱེད་མེད། །ཇི་ལྟར་ནམ་མཁས་ནམ་མཁའ་དམིགས་སུ་མེད། །དེ་ལྟར་སྟོང་པས་སྟོང་པ་བསྒོམ་དུ་མེད། །གཉིས་མེད་ཤེས་པས་ཆུ་དང་འོ་མ་ལྟར། །སྣ་ཚོགས་རོ་གཅིག་བདེ་ཆེན་རྒྱུན་ཆད་མེད། །འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཡིད་ལ་བྱར་མེད་སྟོང་གསལ་གཉུག་མའི་ངང༌། །དེ་ཉིད་སྐྱོང་ལ་སྒོམ་ཞེས་ཐ་སྙད་བཏགས། །རླུང་ནི་མ་བཟུང་ཡིད་ནི་མ་བཅིངས་པས། །མ་བཅོས་ཤེས་པ་བུ་ཆུང་ལྟ་བུར་ཞོག །དྲན་རྟོག་བྱུང་ན་དེ་ཉིད་རང་ལ་ལྟོས། །ཆུ་དང་རླབས་གཉིས་ཐ་དད་མ་རྟོག་ཅིག །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོ་ལ། །བསྒོམ་རྒྱུ་རྡུལ་ཙམ་མེད་པས་མི་བསྒོམ་སྟེ། །སྒོམ་མེད་དོན་ལ་འབྲལ་མེད་སྒོམ་པའི་མཆོག །གཉིས་མེད་ལྷན་སྐྱེས་བདེ་བ་ཆེན་པོའི་རོ། །ཇི་ལྟར་ཆུ་ལ་ཆུ་བཞག་རོ་གཅིག་ལྟར། །ཇི་བཞིན་ངང་དུ་དེ་བཞིན་གནས་པའི་ཚེ། །དམིགས་འཛིན་ཡིད་ནི་རབ་ཏུ་ཞི་བར་འགྱུར། ༈ །ཀྱེ་ཧོ༑ གཉིས་མེད་གཉུག་མའི་རང་བཞིན་གང་དེ་ལ། །སྤང་དང་བླང་བའི་དངོས་པོ་ཅི་ཞིག་ཡོད། །ངས་ནི་ཆོས་ཀུན་མ་བཟུང་མ་བཏང་བས། །བུ་ཁྱོད་འདི་གྱིས་བྱ་བ་མི་སྨྲའོ། །ཇི་ལྟར་ནོར་བུ་དེ་དངོས་མེད་པ་ལྟར། །རྣལ་འབྱོརཤེས་པ་དེ་ནི་ངེས་མེད་ལྟར། །འདུ་བྱེད་སྣ་ཚོགས་ཅལ་ཅོལ་གང་སྨྲས་ཀྱང༌། །རྣལ་འབྱོར་བློ་ནི་གཅིག་ལས་མི་གདའ་འོ། །གཅིག་ཉིད་ན་ནི་གཅིག་ཉིད་ཡོད་མིན་པས། །རྣམ་པ་སྣ་ཚོགས་རྩ་བ་བྲལ་གྱུར་ཏེ། །སྨྱོན་པ་བཞིན་དུ་རྩིས་མེད་ཡན་པ་ལ། །བྱར་མེད་སྤྱོད་པ་བུ་ཆུང་བཞིན་དུ་གནས། །སྲིད་པའི་འདམ་སྐྱེས་པདྨ་བུང་བའི་སེམས། །ཉེས་པ་གང་ལ་གང་གིས་གོས་པ་མེད། །ཟ་ཞིང་འཐུང་ལ་གཉིས་སྤྲོད་བདེ་བ་དང༌། །གལ་ཏེ་ལུས་སེམས་རབ་ཏུ་གདུང་འགྱུར་དང༌། །རྣམ་པ་སྣ་ཚོགས་གང་ལ་སྤྱོད་གྱུར་པ། །གང་གིས་མ་བཅིངས་མ་གྲོལ་གོས་པ་མེད། །རྟོགས་པའི་ངང་སྤྱོད་རྩིས་མེད་ངང་དེ་ནས། །རྨོངས་པའི་འགྲོ་བ་ཉིད་དག་མངོན་གྱུར་ཚེ། །མི་བཟོད་སྙིང་རྗེའི་ཤུགས་ཀྱིས་མཆི་མ་འབྱུང༌། །བདག་གཞན་འདོག་ནས་ཕན་པ་ཉིད་ལ་འཇུག །དོན་ལ་བརྟགས་ན་དམིགས་པ་གསུམ་བྲལ་བས། །ཡང་དག་མ་ཡིན་རྨི་ལམ་སྒྱུ་མ་སྟེ། །ཆགས་ཐོགས་བྲལ་བས་དགའ་ཞིང་སྐྱོན་མེད་པས། །སྒྱུ་མ་མཁས་པས་སྒྱུ་མའི་དོན་བྱེད་མཚུངས། ༈ །ཀྱེ་ཧོ། གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། །སྤང་དང་ཐོབ་པའི་དངོས་པོ་གང་ཡང་མེད། །ཡིད་ལ་བྱར་མེད་ཕྱག་རྒྱ་ཆེན་པོ་ནི། །འབྲས་བུ་གང་དུའང་རེ་བར་མ་བྱེད་ཅིག །རེ་བའི་སེམས་ནི་གདོད་ནས་མ་སྐྱེས་པས། །སྤང་དང་ཐོབ་པའི་དངོས་པོ་ཅི་ཞིག་ཡོད། །གལ་ཏེ་གང་གིས་ཐོབ་པའི་དངོས་ཡོད་ན། །དྲན་པའི་ཕྱག་རྒྱ་རྣམ་བཞིས་ཅི་ཞིག་བྱེད། །ཇི་ལྟར་རི་དྭགས་སྐོམ་པས་གདུངས་པ་ཡིས། །སྨིག་རྒྱུའི་ཆུ་ལ་རབ་ཏུ་རྒྱུག་པ་ལྟར། །རྨོངས་པ་གང་ཞིག་འདོད་པས་རབ་གདུངས་པ། །ཇི་ལྟར་འབད་ཀྱང་སླར་ནི་རིང་བར་འགྱུར། །ཡེ་ནས་མ་སྐྱེས་རང་བཞིན་རྣམ་དག་པས། །དེ་ལས་ཁྱད་པར་ཅུང་ཟད་ཡོད་མིན་ཏེ། །བརྟགས་པའི་ཡིད་ནི་དབྱིངས་སུ་དག་གྱུར་པས། །དེ་ལ་རྡོ་རྗེ་འཆང་ཞེས་བཏགས་པ་ཙམ། །ཇི་ལྟར་བྱེ་ཐང་སྐམ་པོའི་སྨིག་རྒྱུ་ནི། །ཆུར་སྣང་ཆུ་ནི་གཉིས་སུ་མེད་པ་ལྟར། །བཟོད་ནས་དག་པ་བཏགས་པའི་ཡིད་སྤངས་པ། །དེ་ལ་རྟག་ཆད་གཉིས་སུ་བརྗོད་དུ་མེད། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་བཞིན་དུ། །སྨོན་ལམ་དབང་གིས་རེ་བ་ཡོངས་སྐོང་བ། །དེ་ཡང་འཇིག་རྟེན་ཐ་སྙད་ཀུན་རྫོབ་སྟེ། །དམ་པའི་དོན་ལ་འགའ་ཡང་ཡོད་མ་ཡིན། །དོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོ་སྙིང་པོ་དོན་གྱི་མན་ངག །དཔལ་རི་ཁྲོད་དབང་ཕྱུག་ཤ་བ་རིའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཤྲཱི་བཻ་རོ་ཙ་ནས་རང་འགྱུར་དུ་མཛད་པའོ། །རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཤ་བ་རིའི་ཕྱག་རྒྱ་ཆེན་པོ་སྙིང་པོ་དོན་གྱི་མན་ངག་འདི་ཉིད་རས་ཆུང་སྙན་བརྒྱུད་འཛིན་པའི་དམ་པ་གོང་མ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་ཤིང་འགྲེལ་པ་དང་བསྡུས་དོན་ལ་སོགས་པའང་ཅི་རིགས་པ་མཛད་སྣང་ངོ༌།། ༈ །།གྲུབ་ཆེན་ཏཻ་ལོ་པའི་ཕྱག་རྒྱ་ཆེན་པོ་གངྒཱ་མའི་གཞུང་ས་བཅད་འགྲེལ་པ་དང་བཅས་པ་བཞུགས་སོ། །རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་ཨུ་པ་དེ་ཤ། བོད་སྐད་དུ། ཕྱག་རྒྱ་ཆེན་པོའི་མན་ངག ༈ །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། ༈ །དཀའ་བ་སྤྱད་ཅིང་བླ་མ་ལ་གུས་པ། །སྡུག་བསྔལ་བཟོད་ལྡན་བློ་ལྡན་ནཱ་རོ་པ། །སྐལ་ལྡན་ཁྱོད་ཀྱིས་བློ་ལ་འདི་ལྟར་བྱོས། ༈ །ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཀྱིས་ཀྱང༌། །དཔེར་ན་ནམ་མཁའ་གང་གིས་གང་ལ་བརྟེན། །རང་སེམས་ཕྱག་རྒྱ་ཆེ་ལ་བརྟེན་ཡུལ་མེད། །མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག ༈ །བཅིངས་པ་ཀློད་ན་གྲོལ་བར་ཐེ་ཚོམ་མེད། །དཔེར་ན་ནམ་མཁའི་དཀྱིལ་བལྟས་མཐོང་བ་འགག་པར་འགྱུར། །དེ་བཞིན་སེམས་ཀྱིས་སེམས་ལ་བལྟས་བྱས་ན། །རྣམ་རྟོག་ཚོགས་འགག་བླ་མེད་བྱང་ཆུབ་འཐོབ། ༈ །དཔེར་ན་ས་རླངས་སྤྲིན་ནི་ནམ་མཁའི་དབྱིངས་སུ་དེངས། །གར་ཡང་སོང་བ་མེད་ཅིང་གར་ཡང་གནས་པ་མེད། །དེ་བཞིན་སེམས་ལས་བྱུང་བའི་རྟོག་ཚོགས་ཀྱང༌། །རང་སེམས་མཐོང་བས་རྟོག་པའི་རྦ་རླབས་དྭངས། ༈ །དཔེར་ན་ནམ་མཁའི་རང་བཞིན་ཁ་དོག་དབྱིབས་ལས་འདས། །དཀར་ནག་དག་གིས་གོས་ཤིང་འགྱུར་བ་མེད། །དེ་བཞིན་རང་སེམས་སྙིང་པོ་ཁ་དོག་དབྱིབས་ལས་འདས། །དགེ་སྡིག་དཀར་ནག་ཆོས་ཀྱིས་གོས་མི་འགྱུར། ༈ །དཔེར་ན་གསལ་དྭངས་ཉི་མའི་སྙིང་པོ་དེ། །བསྐལ་པ་སྟོང་གི་མུན་པས་སྒྲིབ་མི་འགྱུར། །དེ་བཞིན་རང་སེམས་སྙིང་པོ་འོད་གསལ་དེ། །བསྐལ་པའི་འཁོར་བས་སྒྲིབ་པར་མི་ནུས་སོ། ༈ །དཔེར་ན་ནམ་མཁའ་སྟོང་པར་ཐ་སྙད་རབ་བརྟགས་ཀྱང༌། །ནམ་མཁའ་ལ་ནི་འདི་འདྲར་བརྗོད་དུ་མེད། །དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང༌། །བརྗོད་པས་འདིར་འདྲར་གྲུབ་ཅེས་ཐ་སྙད་གདགས་གཞི་མེད། ༈ །དེ་ལྟར་སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། །ཆོས་རྣམས་ཐམས་ཅད་དེ་རུ་མ་འདུས་མེད། །ལུས་ཀྱི་བྱ་བ་ཡོངས་ཐོངས་རྣལ་འབྱོར་དལ་བར་སྡོད། །ངག་གི་སྨྲ་བརྗོད་མེད་དེ་གྲགས་སྟོང་བྲག་ཆ་འདྲ། །ཡིད་ལ་ཅི་ཡང་མི་བསམ་ལ་བཟླའི་ཆོས་ལ་ལྟོས། །ལུས་ལ་སྙིང་པོ་མེད་པ་སྨྱུག་མའི་སྡོང་པོ་འདྲ། །སེམས་ནི་ནམ་མཁའི་དཀྱིལ་ལྟར་བསམ་པའི་ཡུལ་ལས་འདས། །དེ་ཡི་ངང་ལ་བཏང་བཞག་མེད་པར་གློད་ལ་ཞོག ༈ །སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་འཐོབ། ༈ །སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང༌། །འདུལ་བ་མདོ་སྡེ་སྡེ་སྣོད་ལ་སོགས་པ། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ན། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་བསྒྲིབས། ༈ །རྟོག་པའི་སྲུང་སྡོམ་དམ་ཚིག་དོན་ལས་ཉམས། །ཡིད་ལ་མི་བྱེད་ཞེ་འདོད་ཀུན་དང་བྲལ། །རང་བྱུང་རང་ཞི་ཆུ་ཡི་པ་ཏྲ་འདྲ། །མི་གནས་མི་དམིགས་དོན་ལས་མི་འདའ་ན། །དམ་ཚིག་མི་འདའ་མུན་པའི་སྒྲོན་མེ་ཡིན། །ཞེ་འདོད་ཀུན་བྲལ་མཐའ་ལ་མི་གནས་ན། །སྡེ་སྣོད་ཆོས་རྣམས་མ་ལུས་མཐོང་བར་འགྱུར། ༈ །དོན་འདིར་གཞོལ་ན་འཁོར་བའི་བཙོན་ལས་ཐར། །དོན་འདིར་མཉམ་བཞག་སྡིག་སྒྲིབ་ཐམས་ཅད་སྲེག །བསྟན་པའི་སྒྲོན་མེ་ཞེས་སུ་བཤད་པ་ཡིན། །དོན་འདིར་མི་མོས་སྐྱེ་བོ་བླུན་པོ་རྣམས། །འཁོར་བའི་ཆུ་བོས་རྟག་ཏུ་ཁྱེར་བར་ཟད། །ངན་སོང་སྡུག་བསྔལ་མི་བཟད་བླུན་པོ་སྙིང་རེ་རྗེ། །མི་བཟད་ཐར་འདོད་བླ་མ་མཁས་ལ་བསྟེན། །བྱིན་རླབས་སྙིང་ལ་ཞུགས་ན་རང་སེམས་གྲོལ་བར་འགྱུར། ༈ །ཀྱེ་ཧོ། འཁོར་བའི་ཆོས་འདི་དོན་མེད་སྡུག་བསྔལ་རྒྱུ། །བྱས་པའི་ཆོས་ལ་སྙིང་པོ་མེད་པས་དོན་ལྡན་སྙིང་པོ་ལྟོས། །གཟུང་འཛིན་ཀུན་ལས་འདས་ན་ལྟ་བའི་རྒྱལ་པོ་ཡིན། །ཡེངས་པ་མེད་ན་བསྒོམ་པའི་རྒྱལ་པོ་ཡིན། །བྱ་བཙལ་མེད་ན་སྤྱོད་པའི་རྒྱལ་པོ་ཡིན། །རེ་དོགས་མེད་ན་འབྲས་བུ་མངོན་དུ་འགྱུར། ༈ །དམིགས་པའི་ཡུལ་འདས་སེམས་ཀྱི་རང་བཞིན་གསལ། །བགྲོད་པའི་ལམ་མེད་སངས་རྒྱས་ལམ་སྣ་ཟིན། །བསྒོམ་པའི་ཡུལ་མེད་གོམས་ན་བླ་མེད་བྱང་ཆུབ་འཐོབ། ༈ །ཀྱེ་མ་འཇིག་རྟེན་ཆོས་ལ་ལེགས་རྟོག་དང༌། །རྟག་མི་ཐུབ་སྟེ་རྨི་ལམ་སྒྱུ་མ་འདྲ། །རྨི་ལམ་སྒྱུ་མ་དོན་ལ་ཡོད་མ་ཡིན། །དེས་ན་སྐྱོ་བ་སྐྱེད་ལ་འཇིག་རྟེན་བྱ་བ་ཐོངས། །འཁོར་ཡུལ་ཆགས་སྡང་འབྲེལ་པ་ཀུན་གཅོད་ནས། །གཅིག་པུར་ནགས་འདབས་རི་ཁྲོད་གནས་པར་བསྒོམ། །བསྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས། །ཐོབ་མེད་ཐོབ་ན་ཕྱག་རྒྱ་ཆེན་པོ་འཐོབ། །དཔེར་ན་ལྗོན་ཤིང་སྡོང་པོ་ཡལ་ག་ལོ་འདབ་རྒྱས། །རྩ་བ་གཅིག་བཅད་ཡལ་ག་ཁྲི་འབུམ་སྐམ། །དེ་བཞིན་སེམས་ཀྱི་རྩ་བ་བཅད་ན་འཁོར་བའི་ལོ་འདབ་སྐམ། ༈ །དཔེར་ན་སྐལ་སྟོང་བསགས་པའི་མུན་པ་ཡང༌། །སྒྲོན་མེ་གཅིག་གིས་མུན་པའི་ཚོགས་རྣམས་སེལ། །དེ་བཞིན་རང་སེམས་འོད་གསལ་སྐད་ཅིག་གིས། །བསྐལ་པར་བསགས་པའི་མ་རིག་སྡིག་སྒྲིབ་སེལ། ༈ །ཀྱེ་ཧོ། བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང༌། །བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྟོགས། །བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །རང་སེམས་རྩད་ཆོད་རིག་པ་གཅེར་བུར་ཞོག །རྟོག་པ་དྲི་མའི་ཆུ་དེ་དྭངས་སུ་ཆུག །སྣང་བ་དགག་སྒྲུབ་མི་བྱ་རང་སར་ཞོག །སྤང་ལེན་མེད་པར་སྣང་སྲིད་ཕྱག་རྒྱར་གྲོལ། །ཀུན་གཞི་སྐྱེ་བ་མེད་པར་བག་ཆགས་སྡིག་སྒྲིབ་སྤོང༌། །སྙེམ་བྱེད་རྩིས་གདབ་མི་བྱ་སྐྱེ་མེད་སྙིང་པོར་ཞོག །སྣང་བ་རབ་སྣང་བློ་ཡི་ཆོས་རྣམས་ཟད་དུ་ཆུག །མུ་མཐའ་ཡོངས་གྲོལ་ལྟ་བའི་རྒྱལ་པོ་མཆོག །མུ་མེད་གཏིང་ཡངས་སྒོམ་པའི་རྒྱལ་པོ་མཆོག །མཐའ་ཆོད་ཕྱོགས་བྲལ་སྤྱོད་པའི་རྒྱལ་པོ་མཆོག །རེ་མེད་རང་གྲོལ་འབྲས་བུའི་མཆོག་ཡིན་ནོ། ༈ །ལས་ནི་དང་པོ་གཅོང་རོང་ཆུ་དང་འདྲ། །བར་དུ་ཆུ་བོ་གངྒཱ་དལ་ཞིང་གཡོ། །ཐ་མ་ཆུ་རྣམས་མ་བུ་འཕྲད་པ་འདྲ། །བློ་དམན་སྐྱེས་བུའི་ངང་ལ་མི་གནས་ན། །རླུང་གི་གནད་བཟུང་རིག་པ་བཅུད་ལ་བོར། །ལྟ་སྟངས་སེམས་འཛིན་ཡན་ལག་དུ་མ་ཡིས། །རིག་པ་ངང་ལ་མི་གནས་བར་དུ་གཅུན། ༈ །ལས་རྒྱ་བསྟེན་ན་བདེ་སྟོང་ཡེ་ཤེས་འཆར། །ཐབས་དང་ཤེས་རབ་བྱིན་རླབས་སྙོམས་པར་འཇུག །དལ་བར་དབབ་ཅིང་བསྐྱིལ་བཟློག་དྲངས་པ་དང༌། །གནས་སུ་བསྐྱལ་དང་ལུས་ལ་ཁྱབ་པར་བྱ། །དེ་ལ་ཆགས་ཞེན་མེད་ན་བདེ་སྟོང་ཡེ་ཤེས་འཆར། ༈ །ཚེ་རིང་སྐྲ་དཀར་མེད་ཅིང་ཟླ་ལྟར་རྒྱས་པར་འགྱུར། །བཀྲག་མདངས་གསལ་ལ་སྟོབས་ཀྱང་སེང་གེ་འདྲ། །ཐུན་མོང་དངོས་གྲུབ་མྱུར་ཐོབ་མཆོག་ལ་གཞོལ་བར་འགྱུར། ༈ །ཕྱག་རྒྱ་ཆེན་པོ་གནད་ཀྱི་མན་ངག་འདི། །འགྲོ་བ་སྐལ་ལྡན་སྙིང་ལ་གནས་པར་ཤོག །ཕྱག་རྒྱ་ཆེན་པོ་གྲུབ་པའི་དཔལ་ཏཻ་ལོ་པ་ཆེན་པོའི་ཞལ་སྔ་ནས་མཛད་པ་ཁ་ཆེའི་པཎྜི་ཏ་མཁས་ལ་གྲུབ་པའི་ནཱ་རོ་པས་དཀའ་བ་བཅུ་གཉིས་མཛད་པའི་རྟིང་ལ་ཆུ་བོ་གངྒཱའི་འགྲམ་དུ་ཏཻ་ལོ་པས་གསུངས་པ་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་ཚིག་རྐང་ཉི་ཤུ་རྩ་དགུ་པ་རྫོགས་སོ། །ནཱ་རོ་པ་ཆེན་པོའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས། བྱང་ཕུལླ་ཧ་རིར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་རྫོགས་སོ། ། ཨྠིྀ། དགེའོ། །འདི་ནི་དཔལ་ཏཻ་ལོ་པའི་ཕྱག་རྒྱ་ཆེན་པོ་གངྒཱ་མ་ཞེས་སྒྲུབ་བརྒྱུད་འཛིན་པ་མཐའ་དག་ལ་ཡོངས་སུ་གྲགས་ཤིང༌། སྔ་རབས་པ་རྣམས་ཀྱིས་མཛད་པའི་ས་བཅད་འགྲེལ་པ་ཁྲིད་ཡིག་སོགས་མང་དུ་སྣང་ངོ༌།། ༈ །།ཕྱག་རྒྱ་ཆེན་པོ་གངྒཱ་མའི་གཞུང་ས་བཅད་བཞུགས། ༀ་ན་མོ་གུ་རུ་བྷྱ༔ ཕྱག་རྒྱ་ཆེན་པོ་གངྒཱ་མ་འདི་ལ་དོན་གསུམ་སྟེ། མཚན་ རྒྱ་གར་ ཕྱག་ དཔལ་རྡོ་རྗེ། གདམས་པ་དངོས། བསྔོ་བའོ། ཕྱག་རྒྱ། །བར་པ་ལ་གཉིས། ཉན་པར་ དཀའ་བ་ གདམས་པ། གཞུང་དངོས་སོ། །འདི་ལ་བདུན། ལྟ་བ། ལུས། སྤྱོད་པ། བསྒོམ་པ། ལུས། དམ་ཚིག སྔགས། ཕན་ཡོན། ཞེ་འདོད། དོན་འདི་ ཉེས་དམིགས། ཉམས་ལེན་ནོ། །དང་པོ་ལ་དྲུག །ནམ་མཁའི་དཔེས་ ཕྱག་རྒྱ་ རྟེན་མེད་པར་བསྟན། ནམ་མཁའ་ དཔེར་ན་ སྤྲིན་ནམ་ དཔེར་ན་ནམ་མཁའ་ ཉི་མའི་ དཔེར་ན་གསལ་དྭངས་ དཔེ་བཞིས་སྒྲིབ་པས་མ་གོས་པ་བསྟན། ནམ་མཁའི་ དཔེར་ན་ནམ་མཁའ་སྟོང་པར་ དཔེས་བརྗོད་ལས་འདས་པར་བསྟན་ཅིང་དོན་བསྡུ་བའོ། །ཉམས་ལེན་ལ་གཉིས། སྔོན་འགྲོ་དངོས་གཞི། ཉམས་སུ་བླང་བའི་ ཚེ་རིང་ འབྲས་བུའོ། །དང་པོ་ལ་བཞི། བླ་མ་བསྟེན་ཅིང་ངེས་འབྱུང་བསྐྱེད་པ། ལུས། ལྟ་སྒོམ་ གཟུང་འཛིན་ སྤྱོད་འབྲས་ཀྱིས་ངེས་པར་བྱ་བ། ཀྱེ་མ་འཇིག་རྟེན་ འདུ་འཛི་སྤངས་ཤིང་དབེན་པ་སྒོམ་ཚུལ། དེ་ལྟར་བསྒོམས་པའི་ཕན་ཡོན་ དཔེར་ན་ བསྟན་པའོ། །དངོས་གཞི་ལ་གསུམ། དབང་པོ་རབ་ཀྱིས་ ཀྱེ་ཧོ་ ཉམས་སུ་བླང་ཚུལ། གང་ཟག་གསུམ་དཔེས་བསྟན་པ། ལས་ནི། དབང་པོ་འབྲིང་ བློ་དམན་ དང་ཐ་མས་ ལས་ ཉམས་སུ་བླང་ཚུལ་ལོ། །འཁོར་ལོ་བདེ་མཆོག་ཏེ་ལོ་པའི། །ཕྱག་རྒྱ་ཆེན་པོའི་ས་བཅད་འདི། །རང་བྱུང་རོལ་པའི་རྡོ་རྗེས་བཏབ། །ཀུན་གྱིས་ཕྱག་ཆེན་རྟོགས་པར་ཤོག ༈ །ཕྱག་རྒྱ་ཆེན་པོ་གངྒཱ་མའི་འགྲེལ་པ་བཞུགས་སོ། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཆེན་པོ་ཏེ་ལོ་པ་དེ་ཉིད་ཀྱིས་གསུངས་པའི་ཕྱག་རྒྱ་ཆེན་པོའི་མན་ངག་གངྒཱ་མ་འདི་ཉིད་ཀྱི་དོན་ཅུང་ཞིག་བདག་གིས་དབྱེ་ཞིང་བཤད་པར་བགྱིའོ། །དེ་ལ་དང་པོ་ནི་དོན་རྣམ་པ་གསུམ་གྱིས་སྟོན་ཏེ། ཀླད་ཀྱི་དོན་དང༌། གཞུང་གི་དོན་དང༌། མཇུག་གི་དོན་ནོ། །དང་པོ་ཀླད་ཀྱི་དོན་ནི་གཞུང་ན་གསལ་ལོ། །གཉིས་པ་གཞུང་གི་དོན་ནི། ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཀྱིས་ཀྱང་ཞེས་པ་ནས། མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །ཅེས་པའི་བར་གྱིས། ཕྱག་རྒྱ་ཆེན་པོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ཉིད་ཀྱི་ངོ་བོ་སྟོང་ཞིང་དངོས་པོ་གཟུང་བའི་ཡུལ་དུ་མ་གྲུབ་པའི་ཕྱིར་བསྟན་དུ་མེད་ཅིང་། དཔེ་ནི་ནམ་མཁའ་ལྟ་བུ་ཡིན་ཏེ། ནམ་མཁའ་ནི་ངོ་བོ་སྟོང་པ། རང་བཞིན་གསལ་བ། མཚན་ཉིད་འགག་པ་མེད་པ། དབྱིངས་ཀུན་ལ་ཁྱབ་པ་སྟེ། དེ་ཡང་བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང༌། ཕྱག་རྒྱ་ཆེན་པོ་སྐད་པ་དེ། །ནམ་མཁའི་རང་བཞིན་ལྟ་བ་འདྲ། །བསྒོམ་ཡང་ཕར་ལ་མི་བསྒོམ་ཞིང༌༑ ༑ཡེངས་ཀྱང་ཚུར་ལ་མི་ཡེངས་པར། །མ་བཅོས་གཉུག་མའི་ངང་ཉིད་དོ། །ཞེས་གསུངས་སོ། །བཅིངས་པ་ཀློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་པ་ནས། རྣམ་རྟོག་ཚོགས་འགག་བླ་མེད་བྱང་ཆུབ་འཐོབ། །ཅེས་པའི་བར་གྱིས་ནི། དཔེར་ན་མི་ཉེས་པ་ཅན་སྡུག་བསྔལ་དེ་ལས་ཐར་བ་བཞིན་དུ། གང་ཟག་ཐ་མལ་པ་ཞིག་གིས་ཕྱག་རྒྱ་ཆེན་པོའི་མཚན་ཉིད་གོ་བ་ཙམ་དུ་གྱུར་ན་ཡང་དགའ་བ་ཆེན་པོ་དང་ལྡན་ཏེ། དེ་བས་ཀྱང་སྤྲོས་པ་དང་བྲལ་བའི་མཚན་ཉིད་དགའ་བ་དང་མི་དགའ་བ་དང༌། བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་གང་གིས་ཀྱང་མི་གནོད་པའི་དོན་དེ་ཉིད་ཤེས་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྩ་བ་རང་གི་སེམས་ཉིད་ཡིན་པར་གསུངས་ཏེ། ས་ར་ཧའི་ཞལ་ནས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་ཞིང༌། །འདོད་པའི་འབྲས་བུ་ཐམས་ཅད་སྟེར་མཛད་པ། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དཔེར་ན་ས་རླངས་སྤྲིན་ནི་ནམ་མཁའི་དབྱིངས་སུ་དེངས། །ཞེས་པ་ནས། རང་སེམས་མཐོང་བས་རྟོག་པའི་རྦ་རླབས་དྭངས། །ཞེས་པའི་བར་གྱིས་ནི། རྣམ་པར་རྟོག་པ་གང་ནས་ཀྱང་མ་འོངས་པ། གང་དུ་ཡང་མི་འགྲོ་བ། སྔ་ཕྱི་མེད་པ། དེ་ལྟ་བུའི་རིག་པ་དེ་ས་རླངས་ཀྱི་སྤྲིན་དང་འདྲ་བར་འབྱུང་བ་ཡིན། དེ་ཡང་ས་རླངས་ཀྱི་སྤྲིན་དེ་ཡང༌། དང་པོ་ཆར་པ་བབས་པ་ལས་བྱུང་ཡང༌། ས་རླངས་མེད་པའི་སྔོན་དུ་ཆར་པ་མ་གྲུབ་ཅིང༌། གཅིག་དང་གཅིག་དུས་མཉམ་ཡིན་པའི་ཕྱིར་ན། དེ་བཞིན་དུ་རང་གི་སེམས་ལས་བྱུང་བའི་རྟོག་པའི་ཚོགས་ཀྱང༌། ཕྱག་རྒྱ་ཆེན་པོ་དང་དུས་མཉམ་དུ་བྱུང་བ་ཡིན་པར་ཤེས་པར་གྱིས། དེ་ཡང་ཕྱག་རྒྱ་ཆེན་པོ་དེ་སེམས་ཅན་རྣམས་ཀྱིས་ངོ་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན་ནོ། །རང་གི་སེམས་ཉིད་དེ་ཉིད་མཐོང་ན་ནི། རྟོག་པའི་རྦ་རླབས་ཐམས་ཅད་དྭངས་ནས་གཉིས་མེད་བདེ་བ་ཆེན་པོའི་གནས་སུ་རང་རིག་པའི་ཡེ་ཤེས་སེམས་ཉིད་ཕྱག་རྒྱ་ཆེན་པོ་རྟོགས་པའོ། །དཔེར་ན་ནམ་མཁའི་རང་བཞིན་ཁ་དོག་དབྱིབས་ལས་འདས། །ཞེས་པ་ནས། དགེ་སྡིག་དཀར་ནག་ཆོས་ཀྱིས་གོས་མི་འགྱུར། །ཞེས་པའི་བར་གྱིས་ནི། ནམ་མཁའི་རང་བཞིན་ཞེས་མིང་དུ་བཏགས་པ་དཀར་བ་དང༌། ནག་པ་དང༌། སེར་བ་དང༌། ལྗང་བ་དང༌། གང་དུ་ཡང་མ་གྲུབ་པ་ཡིན། དེ་བཞིན་རང་གི་སེམས་ཀྱི་སྙིང་པོ་དེ་ཉིད་ཀྱང་སེམས་ཞེས་བརྗོད་ཀྱང༌། དངོས་པོ་ཟླུམ་པོ་དང༌། འཇོང་མོ་དང༌། གྲུ་བཞི་དང་སོག་ཀ་ལ་སོགས་པ་རྣམས་ཀྱི་རྣམ་པ་མ་གྲུབ་ཅིང༌། ཁ་དོག་ཀྱང་གོང་དང་མཚུངས་པ་དང༌། ཐམས་ཅད་མ་གྲུབ་པ་ཡིན་ཞིང༌། ནམ་མཁའ་ལ་དབྱིབས་དང་དཀར་ནག་མ་གྲུབ་ཅེས་པ་ནི་གོང་དུ་བསྟན། དེ་བཞིན་དུ་རང་གི་སེམས་ཉིད་དེ་མཐོང་ན་དགེ་བ་དང་སྡིག་པ་གང་གིས་ཀྱང་གནོད་པ་མ་བསྐྱལ། ཕན་མ་བཏགས། མི་འདོགས། འདོགས་པར་མི་འགྱུར་བ་ཡིན། དེ་ཡང་རང་གི་སེམས་མ་གཏོགས་པ། སངས་རྒྱས་གཞན་ན་ཡོད་པར་མ་གསུངས། དེ་ཡང་མདོ་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །དཔེར་ན་གསལ་དྭངས་ཉི་མའི་སྙིང་པོ་དེ། །ཞེས་པ་ནས། བསྐལ་པའི་འཁོར་བས་སྒྲིབ་པར་མི་ནུས་སོ། །ཞེས་པའི་བར་གྱིས་ནི། དཔེར་ན་ཉི་མ་དེ་ཉིད་གདོད་མ་ནས་གསལ་བའི་རང་བཞིན་ཅན་ཡིན་པས། མུན་པ་ཤིན་ཏུ་གནག་པའི་རང་བཞིན་ཅན་དེ་ཉིད་བསྐལ་པའི་བར་དུ་བསགས་པར་གྱུར་ཀྱང༌། ཉི་མའི་འོད་གསལ་བ་སྐད་ཅིག་མ་ཉིད་ཀྱིས་མུན་པའི་ཚོགས་བཅོམ་ཞིང་གསལ་བར་གྱུར་པ་དེ་བཞིན་དུ། རང་གི་སེམས་ཀྱི་ངོ་བོ་འོད་གསལ་བ་དེ་ཉིད་སྐད་ཅིག་མ་ཉིད་ལ་རྟོགས་ན། བསྐལ་པར་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་ཐམས་ཅད་སྐད་ཅིག་ཉིད་ལ་སེལ་བར་འགྱུར་ཞིང༌། བྱང་སྟེ་དག་པར་འགྱུར་བའི་ཕྱིར་ན། འཁོར་བས་བསྒྲིབ་པར་མི་ནུས་ཞེས་བྱ་བའི་དོན་ནོ། །དཔེར་ན་ནམ་མཁའ་སྟོང་པར་ཐ་སྙད་རབ་བརྟགས་ཀྱང༌། །ཞེས་པ་ནས། བརྗོད་པས་འདི་འདྲར་གྲུབ་ཅེས་ཐ་སྙད་གདགས་གཞི་མེད། །ཅེས་པའི་བར་གྱིས་ནི། ནམ་མཁའ་སྟོང་པ་ཞེས་བརྗོད་ཀྱང༌། ནམ་མཁའ་ལ་དབྱིབས་གྲུ་བཞི་དང༌། ཟླུམ་པོ་དང་། འཇོང་མོ་ལ་སོགས་པ་གང་དུའང་མ་གྲུབ་ཅིང༌། བརྗོད་དུ་མེད་པ་དང་མཚུངས་པར། སེམས་ཀྱི་ངོ་བོ་ལ་ཡང༌། མིང་ཙམ་དུ་སེམས་ཞེས་བརྗོད་ཀྱང༌། དབྱིབས་དང་ངོ་བོ་འདི་ལྟ་བུ་ཞེས་བརྗོད་དུ་མེད་པའི་ཕྱིར་རོ། །དེ་ལྟར་སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། །ཞེས་པ་ནས། དེ་ཡི་ངང་ལ་བཏང་བཞག་མེད་པར་གློད་ལ་ཞོག །ཅེས་པའི་བར་གྱིས་ནི། རང་གི་སེམས་ཉིད་གོང་དུ་ཇི་ལྟར་བརྗོད་པ་དང་འདྲ་བར༑ དབྱིབས་དང་ངོ་བོ་གང་ཡང་མ་གྲུབ་པ་དེ་ཉིད། ཆོས་ཐམས་ཅད་ཀྱི་ངོ་བོ་ཡིན་པ་སྟེ། དེ་རྟོགས་པར་བྱེད་པའི་ཐབས་ལ་རི་ཁྲོད་དགོན་པ་ལ་སོགས་པར་གཅིག་པུར་སྨྲ་བརྗོད་མེད་པའི་ངང་ལས། སྒྲ་ཐམས་ཅད་ཆོས་ཀྱི་དབྱིངས་བྲག་ཅ་ལྟ་བུའི་ངང་ལ་མཉམ་པར་བཞག་ཅིང༌། ཡིད་ལ་ཅི་ཡང་མི་བསམ་པ་དེ་ཉིད་དོན་གྱི་ངོ་བོ་ཉིད་ཡིན་ཏེ། བསམ་པའི་ཡུལ་ལས་འདས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་གོང་དུ་བརྗོད་པ་ལྟ་བུའི་དོན་དེ་ཉིད་མ་རྟོགས་ན། སྨྱུག་མའི་དོང་བུ་ལྟ་བུར་སྙིང་པོ་མེད་པས་ཏེ། དེ་ཡང་སྙིང་པོ་མེད་ཅེས་བརྗོད་ཀྱང་དོན་གྱི་ངོ་བོ་ལ་ཡོད་པ་དང་མེད་པའི་ཐ་སྙད་མ་གྲུབ་པ་ཡིན་པའི་ཕྱིར་ན། སྤྲོས་པའི་མཐའ་དང་བྲལ་བའི་ངང་ལ་འཇོག་པའོ། །སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་འཐོབ། །ཅེས་བྱ་བའི་དོན་ནི། སེམས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ཉིད། འདུས་བྱས་ཀྱི་ཆོས་གང་ལ་ཆགས་ཀྱང༌། ཕྱག་རྒྱ་ཆེན་པོ་དེ་ཉིད་མི་རྟོགས་ཤིང༌། འཁྲུལ་པའི་རྒྱུ་ཡིན། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་གང་ལ་ཡང་མ་ཆགས་ཤིང༌། དོན་དེ་ཉིད་ཀློང་དུ་གྱུར་ན། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ཞིང༌། དེ་ཉིད་གོམས་ཤིང་འདྲིས་ན་བྱང་ཆུབ་ཐོབ་ཅེས་བྱ་བའི་དོན་ཡིན་ནོ། །སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །ཞེས་པ་ནས། ཞེས་འདོད་འབྱུང་བས་འོད་གསལ་མ་མཐོང་བསྒྲིབས། །ཞེས་པའི་བར་གྱིས་ནི། བཀའ་བསྟན་བཅོས་གསང་སྔགས་གསར་རྙིང༌། ཐེག་པ་ཆེ་ཆུང་ལ་སོགས་པ་རྣམས་ཀྱིས་དོན་དམ་པའི་དེ་ཉིད་ཁོང་དུ་མ་ཆུད་ཅིང༌། དེ་ཉིད་ལ་ཆགས་པ་ཡིས་འཁོར་བའི་རྒྱུ་མ་གཏོགས་པ་ཕྱག་རྒྱ་ཆེན་པོ་རྟོགས་པའི་གྲོགས་སུ་མི་འགྱུར་བ་ཡིན་ཏེ། དེ་ཡང་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་གསང་བ་སྙིང་པོ་དེ་ཉིད་ལས། མ་རྟོགས་པ་དང་ལོག་པར་རྟོག །དགོངས་པ་འདུལ་བ་གསང་བ་དང༌། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཚོམ་ཟ༑ ༑ཞེས་གསུངས་པའི་དོན་འདི་ལྟ་བུ་ལ་དགོངས་པ་ཡིན་ཏེ། དེ་ཡང་གྲུབ་མཐའ་སོ་སོ་ལ་ཞེན་ཅིང་མ་རྟོགས་པས་འཁྲུལ་ཞིང༌། རིགས་དྲུག་གི་ས་བོན་མ་གཏོགས་པ་ཕྱག་རྒྱ་ཆེན་པོ་རྟོགས་པ་ལ་སྤུ་ཙམ་ཡང་མི་ཕན་པ་སྟེ། དེའི་ཕྱིར་ན་སོ་སོ་རང་རང་གི་གྲུབ་མཐའ་ལ་ཆགས་པ་དང་ཞེན་པ་མ་བྱས་ན། ཕྱག་རྒྱ་ཆེན་པོ་རྟོགས་ཤིང༌། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་རོ། །རྟོག་པའི་བསྲུང་སྡོམ་དམ་ཚིག་དོན་ལས་ཉམས། །ཞེས་པ་ནས། དམ་ཚིག་མི་འདའ་མུན་པའི་སྒྲོན་མ་ཡིན། །ཞེས་པའི་བར་གྱིས་ནི། གོང་དང་མཚུངས་པ་ལྟ་བུར་འཇིག་རྟེན་པའི་སྣང་ངོ་ལ་བསོད་ནམས་ཀྱི་ཚོགས་གསོག་པའི་རྟེན་འབའ་ཞིག་བསྒྲུབ་ཅིང་འདི་ཡིས་སངས་རྒྱ་བར་བྱེད་ཟེར་ཡང༌། སྙིང་པོའི་དོན་ཡིད་ལ་མ་བྱེད་པ། དགེ་བས་ཕན་པ་སྤུ་ཙམ་མ་བྱས། སྡིག་པས་གནོད་པ་སྤུ་ཙམ་ཡང་མ་བསྐྱལ་ཞིང༌། ཞེན་པ་དང་འདོད་པ་ཀུན་དང་བྲལ་བའི་འོད་གསལ་བ་དེ་ཉིད་ཁོང་དུ་ཆུད་ཅིང་རྟོགས་ན་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མ་རོ་གཅིག་པར་འགྱུར་ཞིང་རང་གི་ཡིད་ལ་བྱུང་བའི་རྟོག་པའི་ཚོགས་ཐམས་ཅད་ནི། མཉམ་པ་ཉིད་ཆོས་ཀྱི་སྐུའི་གྲོགས་སུ་འགྱུར་བ་མ་གཏོགས་པ་གནོད་པར་མི་འགྱུར་བ་ཡིན་ཏེ། དེ་ཡང་རང་གི་སེམས་ལ་རྣམ་པར་རྟོག་པ་གང་བྱུང་ཡང༌། དཔེར་ན་མཚོ་ཆེན་པོ་རླུང་གིས་བསྐྱོད་ན་པ་ཏྲ་དག་འབྱུང་ཞིང་ཡལ་བའི་དཔེ་དང་མཚུངས་པ་བཞིན་དུ༑ སེམས་ཀྱི་རྣམ་པར་རྟོག་པ་ཡང་གཅིག་གི་རྟིང་ལ་གཅིག་འབྱུང་ཞིང༌། ཕྱི་མ་སྐྱེ་ཞིང་སྔ་མ་འགགས་ཀྱང༌། རྩ་བ་རང་གི་སེམས་མ་གཏོགས་པ། གཞན་གང་ཡང་མ་ཡིན་པའི་ཕྱིར་ན། དེ་ཉིད་ཀྱི་ངང་ལས་མ་གཡོས་པ་མི་དམིགས་པར་མཉམ་པར་བཞག་ཅིང༌། དོན་དེ་ཉིད་ལས་མ་འདས་ན། ཆོས་ཐམས་ཅད་ཀྱི་སྒྲོན་མེ་དོན་དམ་པ་ཉིད་ཁོང་དུ་ཆུད་པར་འགྱུར་ཞིང༌། དཔེར་ན་མུན་པ་ལ་སྒྲོན་མེ་བཏེགས་པ་བཞིན་དུ་འགྱུར་རོ། །ཞེ་འདོད་ཀུན་བྲལ་མཐའ་ལ་མི་གནས་ན། །སྡེ་སྣོད་ཆོས་རྣམས་མ་ལུས་མཐོང་བར་འགྱུར། །ཞེས་པའི་དོན་ནི། ཞེན་པ་ཞེས་བྱ་བ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་དང༌། ལྷ་དང་བླ་མ་ལ་སོགས་པ་གང་ལ་ཡང་ཆགས་པ་དང་ཞེན་པའི་སེམས་ཀུན་དང་བྲལ་ཞིང་མཐའ་རྣམ་པ་གཉིས་ལ་མ་གནས་ན། སྡེ་སྣོད་ཀྱི་ཆོས་མ་ལུས་པ་མཐོང་བར་འགྱུར་རོ། །དོན་འདིར་གཞོལ་ན་འཁོར་བའི་བཙོན་ལས་ཐར། །ཞེས་པ་ནས། བྱིན་རླབས་སྙིང་ལ་ཞུགས་ན་རང་སེམས་གྲོལ་བར་འགྱུར། །ཞེས་པའི་བར་གྱིས་ནི། སེམས་ཀྱི་གནས་ལུགས་ཕྱག་རྒྱ་ཆེན་པོའི་དོན་དེ་ཉིད་ལ་མོས་ཤིང་ཉམས་སུ་བླངས་ན་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ཞིང༌། སྡིག་སྒྲིབ་ཅེས་བྱ་བ་ཐམས་ཅད་ཀྱང་སྲེག་པར་བྱེད་པས་ན་བསྟན་པའི་སྒྲོན་མེ་ཞེས་བྱ་བར་ཡང་བཤད་པ་ཡིན་ཞིང༌། ཕྱག་རྒྱ་ཆེན་པོའི་དོན་དེ་ཉིད་ལ་མི་མོས་པའི་བླུན་པོ་རྣམས་ནི། འཁོར་བའི་ཆུ་བོ་ཆེན་པོ་ལས་རྟག་ཏུ་མི་ཐར་ཞིང་། ངན་སོང་གི་གནས་ན་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཉམས་སུ་མྱོང་བར་འགྱུར་ཞིང༌། སྙིང་རྗེ་བའི་གནས་དང་ལྡན་པ་ཡིན་པས་ན། འགྲོ་བ་ཐམས་ཅད་ཀྱིས་དེ་དག་ལས་ཐོན་པར་བྱ་བའི་ཆེད་དུ། མི་ལུས་ཐོབ་པའི་དུས་སུ། བླ་མ་མཁས་པ་བྱིན་རླབས་དང་ལྡན་པ་ལ་བསྙེན་ཞིང༌། དེ་ཉིད་ཀྱི་བྱིན་རླབས་རང་ཉིད་ལ་ཞུགས་ན་ཕྱག་རྒྱ་ཆེན་པོའི་དོན་དེ་ཉིད་རྟོགས་པར་འགྱུར་ཞེས་བྱ་བའི་དོན་ནོ། །ཀྱེ་ཧོ་འཁོར་བའི་ཆོས་འདི་དོན་མེད་སྡུག་བསྔལ་རྒྱུ། །བྱས་པའི་ཆོས་ལ་སྙིང་པོ་མེད་པས་དོན་ལྡན་སྙིང་པོ་ལྟོས། །ཞེས་པ་ནས། རེ་དོགས་མེད་ན་འབྲས་བུ་མངོན་དུ་གྱུར། །ཞེས་པའི་བར་གྱིས། འཁོར་བའི་ཆོས་ཅན་ཞེས་བྱ་བ་ནི། བསོད་ནམས་ཀྱི་ཚོགས་ལ་བརྟེན་པའི་འདུས་བྱས་ཀྱི་དགེ་བའི་རྩ་བ་རྣམས་ལ་ཟེར་བ་ཡིན་ཏེ། དེ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་དོན་གསལ་བ་སྟོང་པའི་མཚན་ཉིད་ཅན་དེ་ཉིད་མི་རྟོགས་པ་ཡིན་པས་ན། དོན་དང་ལྡན་པའི་སྙིང་པོ་དེ་ཉིད་ལ་ལྟོས། ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་དོན་དེ་ཉིད་ཉམས་སུ་མྱོང་བ་ནི་གཟུང་བ་དང་འཛིན་པའི་ཡུལ་ཀུན་ལས་འདས་པ་དེ་ཉིད་རྟོགས་ན་ནི་ལྟ་བའི་རྒྱལ་པོ་ཡིན་ཞིང༌། དེ་མ་ཡེངས་པར་སྤྱོད་པ་གང་གིས་ཀྱང་མི་གནོད་ཅིང༌། དོན་དེ་ཉིད་བསྒོམས་ན་སྒོམ་པའི་རྒྱལ་པོ་ཆེན་པོ་ཡིན་ཞིང༌། དེ་གཉིས་ཀའི་བྱ་བ་དང་རྩོལ་སྒྲུབ་ལས་འདས་པ་དེ་ཉིད་ནི་སྤྱོད་པའི་རྒྱལ་པོ་ཆེན་པོ་ཡིན་ཞིང༌། དེ་རྣམས་ཐམས་ཅད་ལ་རེ་དོགས་མེད་པ་དེ་ནི་འབྲས་བུ་མངོན་དུ་གྱུར་པའོ། །དམིགས་པའི་ཡུལ་འདས་སེམས་ཀྱི་རང་བཞིན་གསལ། །ཞེས་པ་ནས། བསྒོམ་པའི་ཡུལ་མེད་གོམས་ན་བླ་མེད་བྱང་ཆུབ་འཐོབ། །ཅེས་པའི་བར་གྱིས་ནི། དམིགས་པའི་ཡུལ་ཞེས་བྱ་བ་ནི། ལྷ་བསྒོམ་པ་དང་སྔགས་བགྲང་བ་ལ་སོགས་པ་དམིགས་པའི་ཡུལ་དེ་དག་ཐམས་ཅད་ལས་འདས་ན། སེམས་ཀྱི་རང་བཞིན་དམིགས་པ་མེད་པ་དེ་ཉིད་དོན་གསལ་བས་བགྲོད་པའི་ལམ་ཐེག་པ་ཆུང་ངུ་ལ་སོགས་པ་ཐམས་ཅད་མེད་པར་སངས་རྒྱས་པ་ཞེས་བྱ་བའི་ལམ་ཟིན་ཅིང་། བསྒོམ་དུ་མེད་པས་ཡུལ་མེད་པ་དེ་ཉིད་གོམས་ན་བླ་ན་མེད་པའི་བྱང་ཆུབ་ཅེས་བྱ་བ་ཐོབ་པར་འགྱུར་རོ། །ཀྱེ་མ་འཇིག་རྟེན་ཆོས་ལ་ལེགས་རྟོག་དང་། །ཞེས་པ་ནས། དེ་བཞིན་སེམས་ཀྱི་རྩ་བ་བཅད་ན་འཁོར་བའི་ལོ་འདབ་སྐམ། །ཞེས་པའི་བར་གྱིས། འཇིག་རྟེན་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་ན་ཡང༌། འདི་ནི་འཁོར་བའི་འཇིག་རྟེན་བྱ་བ་ལ་འཇུག་པ་ཡིན་ཏེ། དེ་ཡང་འཇིག་རྟེན་པའི་ཆོས་འདི་རྣམས་ཐམས་ཅད་བརྟག་མི་ཐུབ་པ་ཡིན་ཏེ། སྒྱུ་མའི་དཔེ་བརྒྱད་དང་འདྲ་བ་ལྟ་བུར་སྣང་ཡང༌། རྨི་ལམ་ལ་སོགས་པ་སྒྱུ་མའི་དཔེ་རྣམས་ཀྱང་དོན་ངོ་བོ་ཆོས་ཀྱི་དབྱིངས་ལ་ཡོད་པ་མ་ཡིན་པས། དེའི་ཕྱིར་ན། འཁོར་བའི་ཆོས་ཐམས་ཅད་ལ་སྐྱོ་བ་ཆེན་པོ་བསྐྱེད་ལ། འཇིག་རྟེན་གྱི་བྱ་བ་ཐམས་ཅད་དང༌། འཁོར་དང་། ཡུལ་དང༌། ཆགས་པ་དང་། སྡང་བ་ལ་སོགས་པའི་སེམས་སྤངས་ལ་གཅིག་པུར་ནགས་ཀྱི་འདབ་ལ་སོགས་པ་དང༌། རི་ཁྲོད་དགོན་པ་ཤིན་ཏུ་དབེན་ཞིང་ཉམས་དགའ་བར་དེ་ལྟ་བུར་བསྒོམ་ཞིང༌། བསྒོམ་དུ་མེད་པའི་ངང་ལས་མ་གཡོས་པར་བྱས་ན་འཁོར་བ་དང་མྱ་ངན་ལས་འདས་པའི་རྟོག་པ་དང༌། གཟུང་བ་དང་འཛིན་པའི་ཡུལ་ཐམས་ཅད་སྤངས་ནས། ཕྱག་རྒྱ་ཆེན་པོའི་དོན་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ཐོབ་པར་འགྱུར་བ་ཡིན་ཏེ། དེ་ཡང་དཔེར་ན་ལྗོན་ཤིང་སྡོང་པོ་ཡལ་ག་དང༌། ལོ་མ་དང༌། འདབ་མ་དང༌། མེ་ཏོག་དང༌། འབྲས་བུ་ལྡན་པ་ཆེན་པོ་གཅིག་གི་རྩ་བ་བཅད་པར་འགྱུར་ན། ཡལ་ག་ཁྲི་དང་འབུམ་ལ་སོགས་པ་སྐམ་པར་འགྱུར་བ་ཡིན་པས་ན། དཔེ་དེ་བཞིན་དུ་སེམས་ཀྱི་རྩ་བ་བཅད་ན། འཁོར་བ་དང་མྱ་ངན་ལས་འདས་པ་དང་རྣམ་པར་རྟོག་པའི་ཚོགས་རྣམས་ཀྱི་ལོ་འདབ་སྐམ་པར་འགྱུར་རོ། །དཔེར་ན་བསྐལ་པ་སྟོང་དུ་བསགས་པའི་མུན་པ་ཡང༌། །ཞེས་པ་ནས། བསྐལ་པར་བསགས་པའི་སྡིག་སྒྲིབ་ཐམས་ཅད་སེལ། །ཞེས་པའི་བར་ལ། དཔེ་ནི་མུན་པ་ཤིན་ཏུ་གནག་པའི་མཚན་ཉིད་ཅན་དེ་ཉིད༑ བསྐལ་པ་སྟོང་དུ་བསགས་པར་གྱུར་ནའང་སྒྲོན་མེ་གཅིག་གིས་མུན་པའི་ཚོགས་ཐམས་ཅད་བསལ་བ་བཞིན་དུ། ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ། སྡིག་པ་བསམ་གྱིས་མི་ཁྱབ་པ་བྱས་ཀྱང༌༑ རང་གི་སེམས་ལ་ཤར་བའི་འོད་གསལ་ཕྱག་རྒྱ་ཆེན་པོ་སྐད་ཅིག་གིས། བསྐལ་པར་བསགས་པའི་སྡིག་པ་དང་སྒྲིབ་པའི་ཚོགས་ཐམས་ཅད་སེལ་བའོ། །ཀྱེ་ཧོ་བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང༌། །ཞེས་པ་ནས༑ རེ་མེད་རང་གྲོལ་འབྲས་བུའི་མཆོག་ཡིན་ནོ། །ཞེས་པའི་བར་གྱིས། བློ་ཡི་ཆོས་ཞེས་བྱ་བ་ནི། ཐེག་པ་ཆུང་ངུའི་ཆོས་རྣམས་ལ་ཟེར་བ་ཡིན་ཏེ། དེ་ཡང་བྱས་པའི་ཆོས་ཡིན་པས་ན། བྱར་མེད་པའི་དོན་ཕྱག་རྒྱ་ཆེན་པོ་དེ་ཉིད་མི་རྟོགས་པས་ན། བློ་ལས་འདས་པ་བྱ་རུ་མེད་པ་དེ་ཉིད་ཐོབ་པར་འདོད་ན། རང་གི་སེམས་ཉིད་ཀྱི་ངང་ལས་མ་གཡོས་ན། རྟོག་པའི་ཚོགས་ཐམས་ཅད་འགགས་ནས། བླ་ན་མེད་པ་ཐམས་ཅད་ཆོས་ཀྱི་ཕྱག་རྒྱར་རྟོགས་ཤིང༌། ཀུན་གྱི་གཞི་སེམས་ཉིད་སྐྱེ་བ་མེད་པ་ཀློང་དུ་འགྱུར་ཞིང་རང་གི་སྣང་བ་ལས་བྱུང་བའི་བློའི་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོར་རྟོགས་པ་ཡིན་ཏེ། མུ་མཐའ་མེད་པ་དེ་ཉིད་ཉམས་སུ་མྱོང་ན་ལྟ་བའི་རྒྱལ་པོ་ཡིན་ཏེ། མུ་མེད་ཅིང་མ་ཡེངས་པ་ནི་བསྒོམ་པའི་རྒྱལ་པོ་ཡིན་ནོ། །མཐའ་དང་བྲལ་ཞིང་དགག་སྒྲུབ་མེད་པ་ནི་སྤྱོད་པའི་རྒྱལ་པོ་ཆེན་པོ་ཡིན་ནོ། །རེ་བ་དོགས་པ་མེད་པར་ཐམས་ཅད་ཀློང་དུ་གྱུར་པ་ནི་འབྲས་བུའི་མཆོག་ཡིན་ནོ། །ཡང༌། ལས་ནི་དང་པོ་གཅོང་རོང་ཆུ་དང་འདྲ། །ཞེས་པ་ནས། རིག་པ་ངང་ལ་མི་གནས་བར་དུ་གཅུན། །ཞེས་པའི་བར་ནི། ལས་དང་པོ་བ་ནི། ཐེག་པ་ཆུང་ངུ་ནས་རིམ་གྱིས་འཛེགས་དགོས་ཤིང༌། ལས་དང་པོ་གཅོང་རོང་གི་ཆུ་དང་འདྲ་ཞིང༌། ཚོགས་བསགས་པས་དགེ་བར་ལྟ་ཞིང༌། གནོད་པ་དང་ལོག་པའི་སེམས་སྐྱེས་ན་སྡིག་པར་ལྟ་བ་སྟེ། དེ་རྣམས་ཀྱི་འཛིན་པ་གྲོལ་ནས་གསང་སྔགས་ཀྱི་ལམ་ལ་ཞུགས་པའི་དུས་སུ༑ དཔེར་ན་ཆུ་བོ་ཆེན་པོ་གངྒཱ་ལ་སོགས་པ་དང༌། ཆུ་བོ་ཆེན་པོ་རྣམས་དལ་ཞིང་གཡོ་བ་བཞིན་དུ་ཚེགས་ཆུང་ངུས་དགེ་བ་དང་སྡིག་པ་གང་གིས་ཀྱང་ཕན་མ་བཏགས་གནོད་པ་མི་བསྐྱེལ་བའོ། །དེ་ནས་དེ་ལྟ་བུ་ཀུན་མི་དམིགས་པའི་ཀློང་དུ་གྱུར་པ་ནི། ཆུ་ཐམས་ཅད་འདྲེས་པའི་རྒྱ་མཚོ་དང་འདྲ་བའོ། །བློ་དམན་པའི་སྐྱེས་བུ་འགའ་ཞིག་གིས་དེ་ལྟ་བུའི་དོན་མ་རྟོགས་ཀྱང༌། རླུང་གི་གནད་བཟུང་ཞིང་བསྒོམ་པའི་ཐབས་དུ་མ་ཡིས། ཕྱག་རྒྱ་ཆེན་པོའི་དོན་མ་རྟོགས་ཀྱི་བར་དུ། རིག་པ་གནད་དུ་གཅུན་ཞིང་རྟོགས་པའི་དུས་སུ་ཕྱག་རྒྱ་བཞི་ལ་གནས་ཤིང་ཉམས་སུ་ལེན་དགོས་པའོ། །ལས་ཀྱི་ཕྱག་རྒྱ་བསྟེན་ན་བདེ་སྟོང་ཡེ་ཤེས་འཆར། །ཞེས་པ་ནས། དེ་ལ་ཆགས་ཞེན་མེད་ན་བདེ་སྟོང་ཡེ་ཤེས་འཆར། །ཞེས་པའི་བར་ལ། མན་ངག་འདི་གྲོལ་ལམ་གྱི་དབང་དུ་བྱས་ནས་འདིར་ཞིབ་ཏུ་མ་སྨོས་སོ། །ཚེ་རིང་སྐྲ་དཀར་མེད། ཅེས་པ་ནས། ཐུན་མོང་དངོས་གྲུབ་མྱུར་ཐོབ་མཆོག་ལ་གཞོལ་བར་འགྱུར། །ཞེས་པའི་བར་ནི་ཡོན་ཏན་ནོ། །འགྲོ་བ་སྐལ་ལྡན་སྙིང་ལ་གནས་པར་ཤོག །ཅེས་པ་ནི་སྨོན་ལམ་མོ། །རྫོགས་སོ་ཞེས་པ་ཡན་ཆད་ནི་མཇུག་གི་དོན་ཡིན། ཕྱག་རྒྱ་ཆེན་པོ་གངྒཱ་མའི་དོན་ཅུང་ཞིག་གསལ་བར་ཕྱེ་བ་རྫོགས་སོ། །ལུག་ལོ་ཟླ་བ་བརྒྱད་པ་ལ་མཚུར་ཕུའི་བཀྲ་ཤིས་གསལ་མར་རང་བྱུང་རྡོ་རྗེས་མཛད་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཤུ་བྷམ་སྟུ་སརྦ་ཛ་ག་ཏཱཾ།། ༈ །།རྒྱ་གར་སྐད་དུ༑ མ་ཧཱ་མུ་དྲ་པཱ་ད་མི་ཐ། བོད་སྐད་དུ། ཕྱག་རྒྱ་ཆེན་པོའི་ཚིག་བསྡུས་པ། བདེ་ཆེན་ངང་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་བརྗོད་བྱ་བ། །དང་པོ་སྣང་བ་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། ཆོས་རྣམས་ཐམས་ཅད་རང་གི་སེམས། །ཕྱི་རོལ་དོན་མཐོང་འཁྲུལ་པའི་བློ། །རྨི་ལམ་བཞིན་ཏེ་དངོས་པོ་སྟོང༌། །སེམས་ཀྱང་ གཉིས་པ་རིག་པ་ཕྱག་རྒྱ་ཆེན་པོའི་དོན་གསུངས་པ། དྲན་རིག་འགྱུ་བ་ཙམ། །རང་བཞིན་མེད་དེ་རླུང་གི་རྩལ། །ངོ་བོས་སྟོང་པ་ནམ་མཁའ་འདྲ༑ ༑ཆོས་ཀུན་མཁའ་འདྲ་མཉམ་གནས་པའོ། །ཕྱག་རྒྱ་ཆེ་ གསུམ་པ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། ཞེས་བརྗོད་པ་ནི། །རང་གི་ངོ་བོས་བསྟན་དུ་མེད། །དེ་ཕྱིར་སེམས་ཀྱི་དེ་བཞིན་ཉིད། །ཕྱག་རྒྱ་ཆེན་པོའི་ངང་ཉིད་དོ༑ ༑དེ་ལ་བཅོས་ དེ་ལྟར་སྣང་བ་རིག་པ་ཟུང་འཇུག་གསུམ་གྱིས་ལྟ་བ་ཕྱག་རྒྱ་ཆེན་པོ་བསྟན་ལ། སླར་ཡང་སྒོམ་པ་ཕྱག་རྒྱ་ཆེན་པོ་ལ་གསུམ་གྱི་དང་པོ་གནས་ལུགས་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། ཤིང་བསྒྱུར་དུ་མེད། །གང་གིས་དེ་ཉིད་མཐོང་རྟོགས་ན། །སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེ། །ཆོས་སྐུ་ཁྱབ་བདལ་ཆེན་པོ་བས། །རང་བཞིན་ གཉིས་པ་རྟོགས་ཚུལ་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། མ་བཅོས་ལྷུག་པར་བཞག །བསམ་དུ་མེད་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་ན་བསྒོམ་པ་སྟེ། །བཙལ་ཞིང་བསྒོམ་པ་འཁྲུལ་པའི་བློ། །མཁའ་ གསུམ་པ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། དང་ཆོ་འཕྲུལ་ཇི་ལྟ་བ། །བསྒོམ་དང་མི་བསྒོམ་གཉིས་མེད་པ། །བྲལ་དང་མ་བྲལ་ག་ལ་ཡོད། །རྣལ་འབྱོར་པས་ནི་དེ་ལྟར་རྟོགས། །དགེ་དང་སྡིག་པའི་ལས་ སླར་ཡང་སྤྱོད་པ་ཕྱག་རྒྱ་ཆེན་པོ་ལ་གསུམ་གྱིས་དང་པོ་རང་གྲོལ་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། རྣམས་ཀུན། །དེ་ཉིད་ཤེས་པས་གྲོལ་བར་འགྱུར། །ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ནགས་ལ་མེ་བཞིན་རྣལ་འབྱོར་གྲོགས། །འགྲོ་དང་འདུག་ གཉིས་པ་རོ་སྙོམས་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ་ ཏུ་ག་ལ་ཡོད། །དགོན་པར་ཕྱིན་ནས་བསམ་གཏན་ཅི། །དེ་ཉིད་མ་རྟོགས་གང་གིས་ཀྱང༌། །གནས་སྐབས་ཙམ་ལས་གྲོལ་མི་འགྱུར། །དེ་ཉིད་རྟོགས་ གསུམ་པ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། ན་གང་གིས་འཆི། །ངང་ལ་མ་ཡེངས་གནས་པ་ལས། །མཉམ་པར་བཞག་དང་མ་བཞག་ཅེས། །གཉེན་པོས་བཅོས་ཤིང་བསྒོམ་དུ་མེད། །འདི་ལ་གང་ སླར་ཡང་འབྲས་བུ་ཕྱག་ཆེན་ལ་གསུམ་གྱི་དང་པོ་སྣང་སྲིད་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ་ ཡང་མ་གྲུབ་སྟེ། །སྣང་བ་རང་གྲོལ་ཆོས་ཀྱི་དབྱིངས། །རྟོག་པ་རང་གྲོལ་ཡེ་ཤེས་ཆེ། །གཉིས་མེད་མཉམ་པ་ཆོས་སྐུའོ། །ཆུ་བོ་ཆེན་པོའི་རྒྱུན་ གཉིས་པ་འཁོར་འདས་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས། འབབ་ལྟར། །ཇི་ལྟར་སྤྱད་ཀྱང་དོན་དང་ལྡན། །འདི་ནི་རྟག་ཏུ་སངས་རྒྱས་ཉིད། །འཁོར་བ་ཡུལ་མེད་བདེ་བ་ཆེའོ། །ཆོས་རྣམས་ གསུམ་པ་མཐར་ཐུག་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ་ རང་རང་ངོ་བོས་སྟོང༌། །སྟོང་པར་འཛིན་བློ་རང་སར་དག །བློ་བྲལ་ཡིད་ལ་མི་བྱེད་པ། །འདི་ནི་སངས་རྒྱས་ཀུན་གྱི་ལམ། །སྐལ་བ་ མཐར་གདམས་ཤིང་བསྔོ་བ་གསུངས་པ། རབ་ཏུ་གྱུར་པ་ལ། །བདག་གིས་སྙིང་གཏམ་ཚིག་ཏུ་བསྡུས། །འདི་ཡིས་འགྲོ་བ་མ་ལུས་པ། །ཕྱག་རྒྱ་ཆེ་ལ་གནས་པར་ཤོག །མཁས་པ་ཆེན་པོ་ནཱ་རོ་པའི་ཞལ་སྔ་ནས། མར་པ་ཆོས་ཀྱི་བློ་གྲོས་ལ་ཕུལླ་ཧ་རིར་གནང་བའོ། །དེ་ལྟར་ཤོ་ལོ་ཀ་བཅུ་གསུམ་གྱིས་ཕྱག་ཆེན་མ་ལུས་པ་བསྡུས་ཏེ་བསྟན་པ་ནི། དམིགས་དབྱེ་བ་དོན་དང་མཐུན་པར་བྱས་ཀྱིས་ཞིབ་ཏུ་ནི་ཞལ་ལས་ཤེས་པར་བྱའོ། །འཁྲུགས་པ་རྣམས་ལ་ཡིད་བརྟན་མི་བྱ་ལ་འདི་དཔེ་རྙིང་དག་པ་རྣམས་ལྟར་བྲིས་པ་ཡིན་པས་བཅོས་པར་མི་བསམ་མོ། །འདིའི་མཆན་འདི་རྣམས་ཞྭ་དམར་བ་དཔལ་མཁའ་སྤྱོད་དབང་པོས་མཛད་པ་སྟེ། དེ་ཡང་བཀའ་དཔེ་ཡང༌། ཕྱག་རྒྱ་ཆེན་པོའི་མན་ངག་ནི། །མན་ངག་ཚིག་བསྡུས་དག་ལས་ཤེས། །ཞེས་གསུངས་པ་ལྟར་པཎ་གྲུབ་དབང་པོ་ནཱ་རོ་པའི་རྡོ་རྗེའི་གསུང༌། ཕྱག་རྒྱ་ཆེན་པོའི་གདམས་པ་མཐའ་དག་གི་དོན་བསྡུས་སུ་སྒྲུབ་བརྒྱུད་འདི་འཛིན་པའི་དམ་པ་སྔ་མ་རྣམས་ཀྱིས་བཞེད་དོ།། ༈ །།དཔལ་ནཱ་རོ་པའི་རྡོ་རྗེའི་གསུང་ཕྱག་རྒྱ་ཆེན་པོ་ཚིག་བསྡུས་ཀྱི་མན་ངག་རྒྱུད་ཀྱི་ལུང་དང་སྦྱར་བ་གཙོ་བོར་བཏོན་པའི་འགྲེལ་ཆུང་རྟོགས་པར་སླ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ དཔལ་ནཱ་རོ་པའི་ཕྱག་རྒྱ་ཆེན་པོ་ཚིག་བསྡུས་འདི་ལ་གསུམ། ཀླད་དང༌། གཞུང་དང༌། མཇུག་གོ །དང་པོ་ལ་གཉིས། མཚན་བསྟན་པ་དང༌། མཆོད་པར་བརྗོད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་པ་དཱ་མི་ཐཱ༑ བོད་སྐད་དུ། ཕྱག་རྒྱ་ཆེན་པོ་ཚིག་བསྡུས་པ། ཇི་སྐད་དུ། ཕྱག་ཆེན་ཐིག་ལེའི་རྒྱུད་ལས། ཉོན་ཅིག་ལྷ་མོ་ཕྱག་རྒྱ་ཆེ། །ཕྱག་རྒྱ་ཆེན་པོ་གསང་བ་ཆེ། །བརྗོད་མེད་མི་ཟད་མ་སྐྱེས་པ། །ཐམས་ཅད་གཟུགས་ཅན་གཟུགས་དང་བྲལ། །གཟུགས་མེད་གཟུགས་ཀྱི་དམ་པ་མཆོག །སྦོམ་ཕྲ་ལ་སོགས་དང་བྲལ་བ། །གཞལ་དུ་མེད་པའི་རང་བཞིན་ནོ། །མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཉིད། །ཁོངས་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །བདེ་མཆོག་རྩ་རྒྱུད་ལས། དེ་ནས་གསང་ཆེན་བཤད་བྱ་བ། །མདོར་བསྡུས་པ་སྟེ་རྒྱས་པ་མིན། །ཞེས་པ་ལྟར་ཕྱག་རྒྱ་ཆེན་པོ་ནི་གཞི་ལམ་འབྲས་གསུམ་ཐམས་ཅད་ལ་ཁྱབ་པ། བློའི་སྤྱོད་ཡུལ་མཐའ་དག་ལས་འདས་པ། ཕྱག་རྒྱ་གསུམ་ལས་ཆོས་ཁྱད་པར་དུ་གྱུར་པས་བླ་ན་མེད་པ་སྟེ་བརྗོད་བྱའོ། །ཚིག་ནི་རྗོད་བྱེད་དེ། དོན་དམ་པར་བརྗོད་དུ་མེད་ཀྱང༌། ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་མཚོན་པའོ། །བསྡུས་པ་ནི། དོན་གྱི་གནད་མདོར་བསྡུས་པར་སྟོན་པའོ། །གཉིས་པ་ནི། བདེ་ཆེན་ངང་ལ་ཕྱག་འཚལ་ལོ། །ཇི་སྐད་དུ། དགྱེས་རྡོར་བརྟག་གཉིས་ལས། དེ་ལ་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པའང་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །བདག་མེད་གཞན་ཡང་མེད་པའོ། །ཞེས་དང༌། རང་རིག་བདེ་བ་ཆེན་པོ་ཉིད། །རང་རིག་ནས་ནི་བྱང་ཆུབ་འགྱུར། །རྣལ་འབྱོར་མ་ཀུན་སྤྱོད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །རིམ་ལྔ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང༌། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གི་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་པས། བདེ་བ་ཆེན་པོ་ནི། རང་གི་སེམས་ཉིད་འགྱུར་བ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཏེ། དེའི་ངང་དུ་མཉམ་པར་བཞག་པ་ནི་དོན་དམ་པའི་ཕྱག་འཚལ་བའོ། །གཉིས་པ་གཞུང་གི་དོན་ལ་བཞི། ལྟ་བ། བསྒོམ་པ། སྤྱོད་པ། འབྲས་བུའོ། །དང་པོ་ལ་གསུམ་ལས། དང་པོ་སྣང་བ་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། ཕྱག་རྒྱ་ཆེན་པོ་བརྗོད་བྱ་བ། །ཆོས་རྣམས་ཐམས་ཅད་རང་གི་སེམས། །ཕྱི་རོལ་དོན་མཐོང་འཁྲུལ་པའི་བློ། །རྨི་ལམ་བཞིན་ཏེ་དངོས་པོས་སྟོང༌། །ཇི་སྐད་དུ། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །རྣམ་པར་ཤེས་པའི་གནས་དོན་དུ། །ཕྱི་རོལ་གྱུར་པ་གང་ཡང་མེད། །ཧེ་བཛྲ་ལས། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཏེ། །རྨོངས་མེད་འཁོར་བ་དག་པ་ཉིད། །ཅེས་དང༌། འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་དུ་མེད། །ཅེས་དང༌། དུས་འཁོར་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །དེ་རྣམས་མཉེས་པར་བྱས་ནས་དཔག་མེད་སྲིད་པ་གཅོད་པར་བྱེད་དེ་རྣམ་པར་མི་རྟོག་པ་ལས་སོ། །གསང་འདུས་ལས། ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང༌། །རང་བཞིན་དག་པ་དེ་ཉིད་ལ། །འཁྲུལ་པའི་རྡོ་རྗེ་རབ་ཏུ་གསུངས། །ཞེས་ཏེ། དེའི་དོན་ནི། ཕྱག་རྒྱ་ཆེན་པོའི་དོན་བརྗོད་པར་བྱ་བ་ནི། འདི་ལྟར་ཆོས་ཐམས་ཅད་ནི་རང་གི་སེམས་ཀྱིས་བཏགས་པ་ཙམ་དུ་ཟད་པས། ཕྱི་རོལ་གྱི་དོན་དང༌། དེ་མཐོང་བའི་འཁྲུལ་པའི་བློ་ནི། རྨི་ལམ་གྱི་གནས་སྐབས་ཉམས་སུ་མྱོང་བའི་ཤེས་པ་བཞིན། དོན་དམ་པར་ཡུལ་ཡུལ་ཅན་གཉིས་ཀ་རང་བཞིན་གྱིས་མ་གྲུབ་སྟེ་དངོས་པོས་སྟོང་པའོ། །གཉིས་པ་རིག་པ་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ་ནི། སེམས་ཀྱང་དྲན་རིག་འགྱུ་བ་ཙམ། །རང་བཞིན་མེད་དེ་རླུང་གི་རྩལ། །ངོ་བོས་སྟོང་པ་ནམ་མཁའ་འདྲ། །ཆོས་ཀུན་མཁའ་འདྲ་མཉམ་གནས་པའོ། །ཇི་སྐད་དུ། རྡོར་ཕྲེང་ལས། ཇི་ལྟར་མེས་བསྲེག་དངོས་པོ་མེད། །རྒྱུ་མེད་པར་ནི་ཐིམ་ནས་འགྲོ། །སླར་ཡང་སྲོག་གི་རླུང་ཤར་ནས། །ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ནི་ལྷན་ཅིག་རྣམ་ཤེས་དང༌། །སླར་ཡང་འཇིག་རྟེན་གསུམ་དུ་གནས། །དེ་ལས་ལས་དང་དེ་བཞིན་སྐྱེས། །དེ་ལས་ཆགས་སོགས་བག་ཆགས་དང༌། །དེ་ལས་སླར་ཡང་འཆི་དང་སྐྱེ། །དེ་ལྟར་འཁོར་ལོ་བསྐོར་བ་འདྲ། །ཞེས་དང༌། དགོངས་པ་ལུང་སྟོན་ལས། འགྲོ་བ་ཡུལ་སོགས་ལས་བྱེད་པ། །འདིར་ནི་དེ་ལ་བརྟེན་པ་ཡིན། །ཞེས་དང༌། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་སུ། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་སྒོ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་འཇུག་པར་འགྱུར། །དཔལ་མཆོག་དང་པོ་ལས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །མཁའ་དང་མཉམ་པར་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །གསང་འདུས་ལས། ཆོས་རྣམས་ངོ་བོ་མེད་པ་ལས། །ཆོས་ཀྱི་དེ་ཉིད་ཀུན་བཤད་པ། །ཨེ་མ་ཧོ་ངོ་མཚར་ལས་བྱུང་བ། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །དོན་ནི། ནང་གི་སེམས་དྲན་རིག་འགྱུ་བ་གསལ་ཙམ་འདི་ནི། རང་བཞིན་མེད་དེ༑ ལས་རླུང་གི་གཞན་དབང་ཅན་གྱི་རྩལ་ལས་བྱུང་བའི་ཕྱིར། ངོ་བོས་སྟོང་པ་ནམ་མཁའ་དང་འདྲ་བས་ན། གཟུང་འཛིན་གྱི་ཆོས་ཀུན་གདོད་ནས་མ་བྱུང་ཞིང་མ་སྐྱེས་པ་མཁའ་དང་འདྲ་ཞིང་མཉམ་པ་ཉིད་དུ་གནས་པའོ༑ ༑གསུམ་པ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། ཕྱག་རྒྱ་ཆེ་ཞེས་བརྗོད་པ་ནི། །རང་གི་ངོ་བོས་བསྟན་དུ་མེད། །དེ་ཕྱིར་སེམས་ཀྱི་དེ་བཞིན་ཉིད། །ཕྱག་རྒྱ་ཆེན་པོའི་ངང་ཉིད་དོ། །ཇི་སྐད་དུ། ཕྱག་ཆེན་ཐིག་ལེ་ལས། བདག་གི་ངོ་བོ་བརྗོད་མི་ནུས། །སངས་རྒྱས་ཀུན་གྱིས་ཀྱང་རྙེད་དཀའ། །བརྟག་གཉིས་ལས། ངོ་བོས་གཟུགས་མེད་མཐོང་བ་པོ་ཡང་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རིག་མེད་རིག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བ་མེད། །དོན་ནི། དེ་བས་ཕྱག་རྒྱ་ཆེ་ཞེས་ཚིག་ཏུ་བརྗོད་པ་ནི། དོན་དམ་པར་རང་གི་ངོ་བོས་འདི་ཞེས་བསྟན་དུ་མེད་དོ། །ཕྱི་དོན་དང༌༑ རང་རིག་གཉིས་ཀ་ལ་གཟུང་འཛིན་གྱི་བདེན་གྲུབ་མ་དམིགས་པའི་ཕྱིར། བློ་ལས་འདས་ཤིང་ཡིད་ལ་བྱར་མེད་པ། གདོད་མ་ནས་ཟུང་འཇུག་མཉུག་མ་སེམས་ཀྱི་དེ་བཞིན་ཉིད་ནི། གཞི་ཕྱག་རྒྱ་ཆེན་པོའི་ངང་ལས་ནམ་ཡང་མ་གཡོས་པ་ཉིད་དོ། །དེ་ལྟར་སྣང་བ་བདེན་མེད། རིག་པ་སྐྱེ་མེད། ཟུང་འཇུག་བློ་འདས་གསུམ་གྱིས་ལྟ་བ་ཕྱག་རྒྱ་ཆེན་པོ་ཁས་ལེན་དང་བྲལ་བར་གཏན་ལ་ཕབས་ནས། གཉིས་པ་བསྒོམ་པ་ཕྱག་རྒྱ་ཆེན་པོ་བསྟན་པ་ལ་གསུམ་ལས། དང་པོ་གནས་ལུགས་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། དེ་ལ་བཅོས་ཤིང་བསྒྱུར་དུ་མེད། །གང་གིས་དེ་ཉིད་མཐོང་རྟོགས་ན། །སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེ། །ཆོས་སྐུ་ཁྱབ་གདལ་ཆེན་པོ་བས། །ཇི་སྐད་དུ། གསང་འདུས་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ༑ ༑སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྡོམ་འབྱུང་ལས། དེ་བཞིན་སེམས་དེ་སེམས་མེད་ལ། །གཅིག་དང་སྣ་ཚོགས་རྟོག་པར་བྱེད། །དངོས་པོ་དངོས་མེད་བྱེ་བྲག་དག །རྣམ་སྤངས་གང་ན་གང་ཉིད་ནི། །ལྷན་ཅིག་སྐྱེས་དགའི་རང་བཞིན་གསལ། །ཕྱག་ཆེན་ཐིག་ལེ་ལས། གཞན་ཡང་ཆོས་ཀྱི་དབྱིངས་སུ་གྲགས། །དེ་ཉིད་ཉོན་ཅིག་བདག་གིས་བཤད། །ནམ་མཁའ་ཆོས་ཀྱི་དབྱིངས་ཡིན་ཏེ། །དབྱིངས་ནི་ས་བོན་ཞེས་སུ་བསྟན། །ཆོས་རྣམས་ཀུན་གྱི་ནང་ན་ཡོད། །རྒྱུ་དང་མཆོག་གི་གནས་ཡིན་ནོ། །ཇི་ལྟར་ཏིལ་ནང་མར་ཡོད་བཞིན། །ཇི་ལྟར་ཤིང་རྣམས་མེ་ཡོད་པས། །དེ་བཞིན་ཆོས་རྣམས་ཀུན་ལ་ཡོད། །གསང་འདུས་ལས། དངོས་པོ་འདི་རྣམས་མ་སྐྱེས་པས། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་ཉིད་ལས། །བྱང་ཆུབ་ཚུལ་འདི་བརྟེན་པའོ། །ཕྱག་ཆེན་ཐིག་ལེ་ལས། ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། །གལ་ཏེ་ཀུན་རྫོབ་གཟུགས་སུ་རྙེད། །འཇིག་རྟེན་ཁམས་ནི་གྲངས་མེད་ལ། །གཞན་ནི་མ་ཡིན་བདག་གིས་ཁྱབ། །དོན་ནི། གནས་ལུགས་ཕྱག་རྒྱ་ཆེན་པོ་དེ་ལ་ལམ་གྱིས་བཅོས་ཤིང་བསྒྱུར་བས་བླང་བ་དང་དོར་བར་བྱ་བ་མེད་དོ། །གང་གིས་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ལས་འདས་པའི་དེ་ཁོ་ན་ཉིད་མཐོང་བ་མེད་པའི་ཚུལ་གྱིས་རྟོགས་ཤིང་ཁོང་དུ་ཆུད་པར་གྱུར་ན། སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེན་པོ་ཆོས་སྐུ་ཁྱབ་བདལ་ཆེན་པོ་ལས་དོན་གཞན་ལོགས་སུ་གྲུབ་པ་མེད་པའི་ཕྱིར། དེ་བས་ན་ལམ་དང་འབྲས་བུའི་གནས་སྐབས་སུ་བཏགས་པ་ཐམས་ཅད་ཀྱང་གཞི་རང་བྱུང་གི་ཡེ་ཤེས་ལས་མ་གཡོས་པར་ཤེས་པར་བྱའོ། །གཉིས་པ་རྟོགས་ཚུལ་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ༑ རང་བཞིན་མ་བཅོས་ལྷུག་པར་བཞག །བསམ་དུ་མེད་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་ན་བསྒོམ་པ་སྟེ། །བཙལ་ཞིང་བསྒོམ་པ་འཁྲུལ་པའི་བློ། །ཇི་སྐད་དུ། དཔལ་རྙོག་པ་མེད་པའི་རྒྱུད་ལས། དེ་ནས་སྐྱིལ་ཀྲུང་བཅས་ནས་ནི། །སྣ་ཡི་རྩེ་མོར་བལྟས་ནས་ཀྱང༌། །རང་གི་རང་བཞིན་རྣལ་འབྱོར་གྱིས། །དེ་ཉིད་མཐོང་བར་མཉམ་པར་བཞག །རྡོ་རྗེ་སྙིང་པོ་རྒྱུན་གྱི་རྒྱུད་ལས། དེ་ལྟར་བཞུགས་པར་གྱུར་ནས་ཀྱང༌། །ཇི་སྲིད་སེམས་ནི་མི་སྐྱོའི་བར། །མཉམ་བཞག་ཡིད་ནི་བཟང་པོའི་ངང༌། །དེ་ལ་འབད་དེ་བསྒོམ་པར་བྱ། །སྡོམ་འབྱུང་ལས། གང་ཚེ་དེ་ཉིད་ལ་རེག་པས། །བསམ་པ་ཐམས་ཅད་བསམ་དུ་མེད། །གང་ཚེ་བསམ་དུ་མེད་སེམས་པ། །དེ་ཚེ་བསམ་མི་ཁྱབ་པར་འགྱུར། །དོན་ནི། གནས་ལུགས་ཕྱག་རྒྱ་ཆེན་པོའི་དོན་མཐོང་བའི་རྣལ་འབྱོར་པས། དེ་ཁོ་ན་ཉིད་ཀྱི་རང་བཞིན་ལས་མ་བཅོས་པར་ལྷུགས་པར་བཞག་པས། བསམ་དུ་མེད་པའི་དོན་སོ་སོ་རང་རིག་པས་ཉམས་སུ་མྱོང་བ་ནི་ལམ་དུས་ཀྱི་ཆོས་སྐུ་ཡིན་ལ། དེས་ན་རང་གི་སེམས་ལས་གཞན་དུ་མ་བཙལ་བར་སེམས་རང་ལུགས་སུ་བཞག་ནས་བསྒོམ་པར་བྱ་སྟེ། གཞན་དུ་བཙལ་ཞིང་བཅོས་ནས་བསྒོམ་པ་ན་གཟུང་འཛིན་འཁྲུལ་པའི་བློ་ལས་མ་འདས་པ་ཉིད་དོ། །གསུམ་པ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། མཁའ་དང་ཆོ་འཕྲུལ་ཇི་ལྟ་བ། །སྒོམ་དང་མི་བསྒོམ་གཉིས་མེད་པ། །བྲལ་དང་མ་བྲལ་ག་ལ་ཡོད། །རྣལ་འབྱོར་པས་ནི་དེ་ལྟར་རྟོགས། །ཇི་སྐད་དུ། གསང་འདུས་ལས། དངོས་པོ་མེད་ལ་བསྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །བདེ་མཆོག་ལས། དངོས་པོ་མེད་པའི་ཆོས་ཉིད་ཆོས། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་པའི་ཡེ་ཤེས་རྡོ་རྗེ་ཡི། །སྟོང་པ་ཉིད་དུ་རྣམ་པར་བསྒོམ། །རྡོ་རྗེ་གུར་ལས། སྔགས་མེད་བཟླས་པའང་ཡོད་མ་ཡིན། །འགྲོ་བ་གསུམ་པོ་ཐམས་ཅད་མེད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས། །སྒོམ་པ་དང་ནི་བསྒོམ་བྱ་མེད། །དོན་ནི། ནམ་མཁའ་དག་པ་ལས་ཆོ་འཕྲུལ་སྤྲིན་དང་འཇའ་ཚོན་སོགས་སྣང་བའི་དུས་ནས་སྣང་བ་མེད་པ་ཇི་ལྟར་བར། སྒོམ་པའི་དུས་ན་གཟུང་འཛིན་དུ་བསྒོམ་པ་མེད་ལ། རང་གི་ངོ་བོ་ལས་མ་གཡོས་པས་མི་སྒོམ་པའང་མེད་པ་སྟེ། དེ་ལྟར་བསྒོམས་པས་ཉོན་མོངས་པའི་བག་ཆགས་རང་བཞིན་མེད་པས་བྲལ་བ་མེད་ལ་སེམས་ཀྱི་ཆོས་ཉིད་དང་ལྷན་ཅིག་ཏུ་མི་གནས་པས་མ་བྲལ་བའང་ག་ལ་ཡོད། དེ་བས་ན་དོན་དམ་པའི་བདེན་པ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་ཡིད་མཉམ་པར་སྦྱར་བའི་རྣལ་འབྱོར་པ་རྣམས་ཀྱིས་དེ་ལྟར་རྟོགས་པར་བྱའོ། །དེ་རྣམས་ཀྱིས་གནས་ལུགས་མ་བཅོས་པ། རྟོགས་ཚུལ་བསམ་དུ་མེད་པ། དབྱེར་མེད་མཐའ་དང་བྲལ་བ་གསུམ་གྱིས་སྒོམ་པ་ཕྱག་རྒྱ་ཆེན་པོ་ཡིད་བྱེད་དང་བྲལ་བར་གཏན་ལ་ཕབས་ནས། གསུམ་པ་སྤྱོད་པ་ཕྱག་རྒྱ་ཆེན་པོ་ལ་གསུམ་ལས། དང་པོ་རང་གྲོལ་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། དགེ་དང་སྡིག་པའི་ལས་རྣམས་ཀུན། །དེ་ཉིད་ཤེས་པས་གྲོལ་བར་འགྱུར། །ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ནགས་ལ་མེ་བཞིན་རྣལ་འབྱོར་གྲོགས། །ཇི་སྐད་དུ། སམྦུ་ཊི་ལས། ཀུན་རྟོག་མང་པོའི་མུན་པས་ཁྱབ་གྱུར་པའི། །རབ་ཏུ་འཇོམས་པས་སྨྱོ་ཞིང་གློག་འགྱུ་བ། །ཆགས་སོགས་དགག་དཀའི་དྲི་མས་གོས་གྱུར་པའི། །སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས། །རང་བཞིན་འོད་གསལ་རྟོག་ལས་རྣམ་པར་གྲོལ། །ཞེས་དང༌། དེ་ཡི་སྡིག་དང་བསོད་ནམས་ཀྱི། །ཆ་གཉིས་རྣམ་པར་རྟོག་པ་སྟེ། །འདི་ལྟར་ཆོས་ནི་རང་བཞིན་དག །མ་སྐྱེས་པ་དང་གནས་པ་མེད། །རྡོ་རྗེ་གུར་ལས། གཟུགས་བརྙན་རང་བཞིན་ཇི་ལྟ་བར། །དེ་ལྟར་དངོས་པོ་བསྒོམ་པར་བྱ། །སྟོང་ཉིད་དྲི་མེད་མཆོག་གི་གནས། །དེར་ནི་བསོད་ནམས་སྡིག་པ་མེད། །བདེ་མཆོག་འབྱུང་བ་ལས། དངོས་པོ་མེད་པའི་ཆོས་རྣམས་ལ། །བླང་དང་དོར་བ་ག་ལ་ཞིག །བླང་དང་དོར་བར་བྱ་བ་ཡི། །ཆོས་ཀུན་རྨི་ལམ་ཇི་བཞིན་ནོ། །བརྟག་གཉིས་ལས། སྐྱེ་བོ་མི་ཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཆགས་པས་འཇིག་རྟེན་འཆིང་འགྱུར་ཞིང༌། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །དོན་ནི། འཁོར་བ་ནི་ལས་ལས་བྱུང་ཞིང༌། ལས་ནི་བླང་བྱ་དགེ་བ་དང་དོར་བྱ་སྡིག་པའི་ལས་ཏེ། དེ་རྣམས་ཀུན་ཀྱང་རྣམ་པར་རྟོག་པའི་གཟུགས་བརྙན་ཙམ་ལས་རང་བཞིན་གྱིས་མ་གྲུབ་པའི་དེ་ཁོ་ན་ཉིད་ཤེས་ན་གྲོལ་བར་འགྱུར་རོ། །ལས་དེའང་ཉོན་མོངས་པ་ལས་བྱུང་ཞིང༌། ཉོན་མོངས་པའི་རང་བཞིན་ཤེས་ན་ཡེ་ཤེས་ཕྱག་རྒྱ་ཆེན་པོར་འཆར་བར་འགྱུར་ཏེ༑ ནགས་ཚལ་མེས་ཚིག་པ་ལ་རླུང་གྲོགས་སུ་འགྱུར་བ་བཞིན། རང་བཞིན་ཤེས་པའི་རྣལ་འབྱོར་པ་རྣམས་ཉོན་མོངས་པ་ཡེ་ཤེས་ཀྱི་གྲོགས་སུ་འགྱུར་རོ། །གཉིས་པ་རོ་སྙོམས་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། འགྲོ་དང་འདུག་ཏུ་ག་ལ་ཡོད། །དགོན་པར་ཕྱིན་ནས་བསམ་གཏན་ཅི། །དེ་ཉིད་མ་རྟོགས་གང་གིས་ཀྱང༌། །གནས་སྐབས་ཙམ་ལས་གྲོལ་མི་འགྱུར། །ཇི་སྐད་དུ། གསང་འདུས་ལས། ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །བརྟགས་གཉིས་ལས། གཟུགས་ལ་སོགས་པ་ཡུལ་རྣམས་དང༌། །གཞན་ཡང་རྣལ་འབྱོར་པས་མཐོང་བ། །དངོས་པོ་དེ་ཀུན་དག་པ་སྟེ། །འདི་ལྟར་འགྲོ་བ་སངས་རྒྱས་བདག །རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱི་རྣམ་གྲོལ་མིན། །དོན་ནི། ཕྱག་རྒྱ་ཆེན་པོའི་གནས་ལུགས་མངོན་དུ་གྱུར་པའི་རྣལ་འབྱོར་པས༑ འགྲོ་བ་སྟེ་རྗེས་ཐོབ་དང༌། འདུག་པ་སྟེ་མཉམ་བཞག་གཉིས་ཐ་དད་དུ་འཛིན་པ་ག་ལ་ཡོད་དེ། ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པའི་ཕྱིར། དེས་ན་དགོན་པ་སྟེ་གནས་དབེན་པར་ཕྱིན་ནས་བསམ་གཏན་བསྒོམས་པས་ཅི་ཞིག་བྱ་སྟེ། མཉམ་བཞག་དང་རྗེས་ཐོབ་རོ་མཉམ་པར་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལས་མ་གཡོས་པའི་དེ་ཁོ་ན་ཉིད་མ་རྟོགས་ན། གཞན་གང་གིས་ཀྱང་གནས་སྐབས་ཉོན་མོངས་པ་མགོ་མནན་པ་ཙམ་ལས་སྲིད་པའི་ས་བོན་དྲུང་ནས་འབྱིན་མི་ནུས་པས། མཐར་ཐུག་གི་གྲོལ་བ་ཐོབ་པར་མི་འགྱུར་རོ། །གསུམ་པ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། དེ་ཉིད་རྟོགས་ན་གང་གིས་འཆིང༌། །ངང་ལ་མ་ཡེངས་གནས་པ་ལས། །མཉམ་པར་བཞག་དང་མ་བཞག་ཅེས། །གཉེན་པོས་བཅོས་ཤིང་བསྒོམ་དུ་མེད། །ཇི་སྐད་དུ། བརྟག་གཉིས་ལས། ཆུ་བོའི་རྒྱུན་ནི་རབ་འབབས་དང༌། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་བཞག །སམྦུ་ཊི་ལས། དབང་པོ་གང་དང་གང་ལམ་ཉིད། །དེ་དང་དེ་ཡི་རང་བཞིན་ལས། །མཉམ་པར་མ་བཞག་རྣལ་འབྱོར་གྱི། །རྟག་པར་ཤིན་ཏུ་མཉམ་བཞག་ཉིད། །གུར་ལས། སེམས་པ་མེད་ཅིང་བསྒོམ་པ་མེད། །སྔགས་མེད་ལྷ་ཡང་མེད་པ་སྟེ། །ཀྱེ་ཡི་རྡོ་རྗེ་ལས་བྱུང་བ། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །དོན་ནི། ཇི་སྐད་བཤད་པ་ལྟར་དེ་ཁོ་ན་ཉིད་རྟོགས་ན་གཟུང་འཛིན་ལས་གྲོལ་བས་ཡུལ་ཡུལ་ཅན་གང་གིས་ཀྱང་འཆིང་བར་མི་འགྱུར་བས། དེ་ཁོ་ན་ཉིད་ཀྱི་ངང་ལས་མ་ཡེངས་པར་གནས་པ་ལས། མཉམ་པར་བཞག་པ་དང་མ་བཞག་པ་ཞེས་གཉེན་པོས་བཅོས་ཤིང་བསྒོམ་དུ་མེད་དེ། མཉམ་པར་མ་བཞག་པ་མེད་པའི་ཡེ་ཤེས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གནས་པ་ནི་སྤྱོད་པ་ཐམས་ཅད་ཀྱི་མཆོག་ཏུ་གསུངས་སོ། །དེ་ལྟར་ངོ་བོ་རང་གྲོལ། མཚན་ཉིད་རོ་མཉམ། མཐར་ཐུག་དབྱེར་མེད་པ་གསུམ་གྱིས་སྤྱོད་པ་ཕྱག་རྒྱ་ཆེན་པོ་རང་ཤར་རང་གྲོལ་དུ་གཏན་ལ་ཕབ་ནས། བཞི་པ་འབྲས་བུ་ཕྱག་རྒྱ་ཆེན་པོ་ལ་གསུམ། དང་པོ་སྣང་སྲིད་རང་གྲོལ་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། འདི་ལ་གང་ཡང་མ་གྲུབ་སྟེ། །སྣང་བ་རང་གྲོལ་ཆོས་ཀྱི་དབྱིངས། །རྟོག་པ་རང་གྲོལ་ཡེ་ཤེས་ཆེ། །གཉིས་མེད་མཉམ་པ་ཆོས་སྐུའོ། །ཇི་སྐད་དུ། ཕག་མོ་མངོན་འབྱུང་ལས། སྣང་བ་མེད་པའི་གནས་ལ་གནས། །སྣང་བ་མེད་པ་ཡང་དག་བརྟེན། །སྤྱོད་པ་མེད་པའི་ཆོས་རྣམས་ལ༑ ༑ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །རྟེན་འབྲེལ་མཁའ་དང་མཉམ་པའི་ཆོས། །དངོས་མེད་མཚན་མ་མེད་པའོ། །གུར་ལས། མ་སྐྱེས་པ་དང་མི་དམིགས་པ། །མི་ཕྱེད་ནམ་མཁའ་ལྟ་བུ་སྟེ། །ཟབ་ཅིང་ཞི་བའི་རང་བཞིན་ནི༑ ༑འདི་ནི་བྱང་ཆུབ་རིམ་བསྟན་པའོ། །དེ་ལྟ་བུའི་ཕྱག་རྒྱ་ཆེན་པོའི་གནས་ལུགས་འདི་ལ་ནི་དོན་དམ་པར་སྤྲོས་པའི་མཚན་མ་གང་ཡང་མ་གྲུབ་པ་སྟེ། ཕྱི་རོལ་གྱི་དོན་མ་སྐྱེས་པས་སྣང་བ་རང་གྲོལ་ཆོས་དབྱིངས་སུ་ཤར༑ ནང་ཤེས་པ་མི་དམིགས་པས་རྟོག་པ་རང་གྲོལ་ཡེ་ཤེས་ཆེན་པོར་དག །གསང་བ་གཟུང་འཛིན་གཉིས་མེད་བློ་འདས་མཉམ་པ་ཆེན་པོར་བརྡལ་བས་ཟབ་ཞི་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་སྐུ་མངོན་དུ་གྱུར་པའོ། །གཉིས་པ་འཁོར་འདས་དབྱེར་མེད་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། ཆུ་བོ་ཆེན་པོའི་རྒྱུན་འབབ་ལྟར། །ཇི་ལྟར་སྤྱད་ཀྱང་དོན་དང་ལྡན། །འདི་ནི་རྟག་ཏུ་སངས་རྒྱས་ཉིད། །འཁོར་བ་ཡུལ་མེད་བདེ་བ་ཆེའོ། །ཇི་སྐད་དུ༑ བརྟག་གཉིས་ལས། འདི་ནི་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཁ་སྦྱོར་ལས། བདག་དང་གཞན་དུ་འཛིན་སྤངས་ཤིང༌། །རང་གི་རིག་པའི་ཡེ་ཤེས་དེ། །དངོས་དང་དངོས་མེད་བདག་ཉིད་མཆོག །མཁའ་མཉམ་སྦྱོར་བ་རྡུལ་དང་བྲལ། །འདོད་ཆགས་ཆགས་བྲལ་འདྲེས་པ་སྟེ། །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་སྟེ། །དེ་ཉིད་ཀྱིས་ནི་ཐམས་ཅད་ཁྱབ། །དེ་འདི་སངས་རྒྱས་ཡེ་ཤེས་ཏེ། །དཔལ་ལྡན་ཧེ་རུ་ཀ་ཞེས་བྱ། །འདི་དང་དེ་དང་གཞན་ཡང་རུང༌། །དངོས་དང་དངོས་མེད་འདི་ལས་བྱུང༌། །ཞེས་དང༌༑ སྡུག་བསྔལ་ཕུང་པོ་དུ་མའི་མཚན་གྱུར་པ། །འདི་ལས་གཞན་དུ་ཅུང་ཟད་ཡོད་མ་ཡིན། །བདེ་བ་མཐའ་ཡས་འབྱུང་བའི་རྒྱུར་གྱུར་པ། །དེ་ལས་གཞན་དུ་འགྲོ་བ་ཡོད་མ་ཡིན། །སྡུག་བསྔལ་མ་ལུས་ཟད་པར་འདོད་པ་དང༌༑ ༑རྫོགས་སངས་རྒྱས་ཀྱི་བདེ་མཆོག་ཐོབ་འདོད་པས། །སེམས་ནི་བརྟན་པར་བྱས་ནས་འབད་པས་སྤྱད། །དེ་ཡི་རང་བཞིན་དངོས་པོ་མེད་པར་བྱ། །ཇི་སྲིད་རྟོག་པའི་མུན་པའི་ཡོལ་སྟུག་པོས། །སྐྱེ་དགུའི་ཡིད་བསྒྲིབས་དེ་སྲིད་སྡུག་མཐའ་ཡས། །ཇི་སྲིད་དེ་ནས་དེ་ནི་བྲལ་ཡིན་པས། །དེ་སྲིད་བདེ་བ་རྒྱ་ཆེན་ཐ་དད་མིན། །མཉམ་པ་ཀུན་གྱི་མཐར་ཐུག་འཕགས་དགྱེས་པའི། །དེ་ཡི་ཟད་ཕྱིར་རང་གི་བྱ་བ་ཡང༌། །རྒྱས་པ་དེ་ཡིས་རང་གི་འགྲོ་བ་བལྟ། །དོན་ནི། དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་རྟོགས་པའི་རྣལ་འབྱོར་པ་ནི་ཆུ་བོ་ཆེན་པོ་རྒྱུན་ཆད་པ་མེད་པར་འབབ་པ་ལྟར། དུས་རྟག་ཏུ་མཉམ་པར་བཞག་པ་ལས་མ་འདས་པས་ཇི་ལྟར་སྤྱད་ཀྱང་དོན་དང་ལྡན་པ་ཉིད་དེ། འདི་ནི་རྟག་ཏུ་སངས་རྒྱས་ཀུན་དང་དགོངས་པ་དབྱེར་མི་ཕྱེད་པ་ཉིད་ཀྱི་ཕྱིར། འཁོར་བ་ཡུལ་མེད་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་འཁོར་འདས་དབྱེར་མེད་ཀྱི་འབྲས་བུ་མངོན་དུ་གྱུར་པའོ། །གསུམ་པ་མཐར་ཐུག་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་པ། ཆོས་རྣམས་རང་རང་ངོ་བོས་སྟོང༌། །སྟོང་པར་འཛིན་བློ་རང་སར་དག །བློ་བྲལ་ཡིད་ལ་མི་བྱེད་པས། །འདི་ནི་སངས་རྒྱས་ཀུན་གྱི་ལམ། །ཇི་སྐད་དུ། ཁ་སྦྱོར་ལས། སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ༌། །སྟོང་དང་སྟོང་མིན་གཟུང་བ་ལས། །རྣམ་རྟོག་ཉུང་མིན་སྐྱེ་བར་འགྱུར། །སྡོམ་འབྱུང་ལས། ཡིད་མེད་ཡིད་ནི་བྱས་ནས་སུ། །ཅུང་ཟད་ཙམ་ཡང་བསམ་མི་བྱ། །སྟན་ལ་གནས་བཅས་བླ་མ་ཡི། །དྲིན་གྱིས་ཡང་དག་སྦྱར་བར་བྱ། །མཁའ་དང་ནམ་མཁའ་མཉམ་དེ་བཞིན། །སེམས་ནི་རོ་མཉམ་བསྒོམ་བྱ་སྟེ། །བསམ་གཏན་འཛིན་པས་ངེས་པར་གྲོལ། །རྟོག་གེའི་སྦྱོར་བ་རྣམ་པར་སྤངས། །ཞེས་དང༌། དེ་བཞིན་སེམས་དེས་སེམས་མེད་ལ། །གཅིག་དང་ཐ་དད་ཇི་ལྟར་རྟོག །དངོས་དང་དངོས་མེད་ཤེས་རབ་དག །རྣམ་སྤངས་གང་ན་རང་ཉིད་ནི། །ལྷན་ཅིག་སྐྱེས་དགའི་རང་བཞིན་གསལ། །དོན་ནི། འདི་ལྟར་སྣང་བའི་གཟུང་འཛིན་གྱི་ཆོས་རྣམས་ནི། རང་རང་གི་ངོ་བོས་སྟོང་ཞིང༌། སྟོང་པར་འཛིན་མཁན་གྱི་ཤེས་བྱའི་བློའི་སྒྲིབ་པའང་རང་སར་དག་པས་བློ་བྲལ་ཡིད་ལ་མི་བྱེད་པ་འདི་ནི་དུས་གསུམ་དུ་གཤེགས་ཤིང་བཞུགས་ལ་འབྱོན་པར་འགྱུར་བའི་སངས་རྒྱས་ཀུན་གྱི་གསང་བའི་ལམ་རྨད་དུ་བྱུང་བ་སྟེ། རྟོགས་བྱའི་གཞི་དང༌། ཐོབ་བྱའི་འབྲས་བུའང་དེ་ལས་ལོགས་སུ་མ་དམིགས་པས་ན་གཞི་ལམ་འབྲས་གསུམ་དབྱེར་མེད་པས་ནི་མཐར་ཐུག་དོན་གྱི་ཕྱག་རྒྱ་ཆེན་པོར་ཤེས་པར་བྱའོ། །དེ་ལྟར་ན་སྣང་སྲིད་རང་གྲོལ། འཁོར་འདས་དབྱེར་མེད། མཐར་ཐུག་བློ་འདས་གསུམ་གྱིས་འབྲས་བུའི་ཕྱག་རྒྱ་ཆེན་པོ་རང་བཞིན་ལྷུན་གྲུབ་ཏུ་གཏན་ལ་ཕབས་ནས། གསུམ་པ་མཇུག་གི་དོན་ལ་གསུམ། སྐལ་ལྡན་ལ་གདམས་པ། སྨོན་ལམ་གྱིས་མཚམས་སྦྱར་བ། མཛད་བྱང་གིས་མཐའ་བརྒྱན་པའོ། །དང་པོ་ནི། སྐལ་བ་རབ་ཏུ་གྱུར་པ་ལ༑ ༑བདག་གིས་སྙིང་གཏམ་ཚིག་ཏུ་བསྡུས། །ཇི་སྐད་དུ། དཔལ་རྙོག་པ་མེད་པའི་རྒྱུད་ལས། ཁྱད་པར་དུ་ཡང་མདོར་བསྡུས་པ། །བདག་གིས་གསལ་བར་བཤད་པ་ནི། །རྨོངས་པ་རྣམས་ལ་ཕན་འདོད་པས། །སྙིང་རྗེས་འདིར་ནི་བསྟན་པ་ཡིན། །དོན་ནི། རྡོ་རྗེ་ཐེག་པ་སྙིང་པོ་དོན་གྱི་གསང་ལམ་དུ་དཀྲིར་རུང་བས་དད་པ་དང་སྐལ་བ་རབ་ཏུ་གྱུར་པ་ལ། ནཱ་རོ་པཎྜི་ཏ་བདག་གིས་སྙིང་ཕྱུང་ནས་ལག་མཐིལ་དུ་བཞག་པ་ལྟ་བུའི་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པའི་གཏམ། ཉུང་ངུའི་ཚིག་ཏུ་བསྡུས་ཏེ་བསྟན་པ་ཡིན་ལ། དེ་ལྟར་བསྟན་པའི་རྒྱུ་མཚན་ཀྱང༌། དང་པོའི་ལས་ཅན་ཟབ་པ་དང་རྒྱ་ཆེ་བའི་གཞུང་བསླབ་པར་མི་ནུས་པའི་བློ་དམན་པ་རྣམས་ལ་སྙིང་བརྩེ་བས་འོ་མ་ལས་མར་ཕྱུངས་པ་བཞིན་གདམས་ངག་གནད་དུ་བསྡུས་ཏེ་ངོ་སྤྲོད་ཀྱི་ཚུལ་དུ་བརྗོད་པ་ཡིན་ནོ། །གཉིས་པ་ནི། འདི་ཡིས་འགྲོ་བ་མ་ལུས་པ། །ཕྱག་རྒྱ་ཆེ་ལ་གནས་པར་ཤོག །ཇི་སྐད་དུ། བརྟག་གཉིས་ལས༑ སྟོང་ཉིད་སྙིང་རྗེ་དབྱེར་མེད་པས། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །བཤད་རྒྱུད་ལས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པ། །གང་གིས་ལམ་གྱིས་འགྲོ་འགྱུར་བ། །དེས་ནི་སངས་རྒྱས་མྱུར་ཐོབ་ཤོག །དོན་ནི། ངོ་བོ་སྟོང་ཉིད་ཕྱག་རྒྱ་ཆེན་པོ་ལས་མ་གཡོས་བཞིན་དུ། གདངས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་གཞུང་འདི་བརྩམས་པས་འགྲོ་བ་མ་ལུས་པ་གནས་སྐབས་བདེ་བ་དང༌། མཐར་ཐུག་ཕན་པ་བླ་ན་མེད་པ་སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཕྱག་རྒྱ་ཆེན་པོའི་ལམ་གྱི་གཞོན་པས་བགྲོད་དེ་སྐུ་བཞིའི་འབྲས་བུ་ལ་གནས་ནས་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག་ཅིག་ཅེས་པའོ། །གསུམ་པ་ནི༑ མཁས་པ་ཆེན་པོ་ནཱ་རོ་པའི་ཞལ་སྔ་ནས། མར་པ་ཆོས་ཀྱི་བློ་གྲོས་ལ་ཕུལླ་ཧ་རིར་གནང་བའོ། །ཞེས་པ་སྟེ་གོ་སླའོ། །ཞེས་པའང་དཔལ་མཁའ་སྤྱོད་དབང་པོའི་ས་བཅད་དང༌། རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་ལུང་སྦྱོར་སོགས་ཕྱོགས་གཅིག་ཏུ་སྦྱར་ཏེ། ངག་དོན་མདོར་བསྡུས་པའི་ཚུལ་གྱིས་བྱ་བྲལ་བ་མཉྫུ་གྷོ་ཥས་བསྡེབས་པ་སུ་ཤྲེ་ཡོ་བྷ་བ་ཏུ།། ༈ །།རྒྱ་གར་སྐད་དུ། ཏཏྟཱ་ད་ཤ་ཀ་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་བཅུ་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཡོད་མེད་སྦྱོར་བ་སྤངས། །དེ་བཞིན་ཉིད་ལ་ཕྱག་འཚལ་འདུད། ༈ །གང་ལ་རྙོགས་པ་མེད་རང་བཞིན། །བྱང་ཆུབ་རྟོགས་པའི་རང་བཞིན་ཅན། །དེ་བཞིན་ཉིད་ནི་ཤེས་འདོད་པས། །རྣམ་བཅས་མ་ཡིན་རྣམ་མེད་མིན། །བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །དངོས་པོ་འདི་ནི་བྱང་ཆུབ་འགྱུར། །ཆགས་པ་སྤངས་པའི་རང་བཞིན་ཉིད། །ཆགས་པ་ལས་ནི་འཁྲུལ་བར་འགྱུར། །འཁྲུལ་པ་གནས་ནི་མེད་པར་འདོད། །དེ་ཉིད་ཅི་ན་དངོས་རང་བཞིན། །དངོས་པོ་དངོས་མེད་གང་ཡིན་པའོ། །དངོས་པོ་མེད་པའང་དངོས་པོར་འགྱུར། །རྒྱུད་དང་འབྲས་བུའི་རང་བཞིན་གྱིས། །དེ་ལྟར་ཆོས་རྣམས་རོ་གཅིག་སྟེ། །ཐོག་པ་མེད་ཅིང་གནས་མེད་པར། །ཇི་ལྟར་འབྱུང་བའི་ཏིང་འཛིན་གྱིས། །འདི་དག་ཐམས་ཅད་འོད་གསལ་ཏེ། ༈ །ཇི་ལྟར་འབྱུང་བའི་ཏིང་འཛིན་ཡང༌། །རབ་ཏུ་འཇིག་པའི་སེམས་ཀྱིས་འགྱུར། །གང་ཕྱིར་དེ་ཡི་གནས་རིག་པས། །དེ་ཉིད་རྒྱུན་མི་འཆད་ལས་སྐྱེ། །ཤེས་དང་ཤེས་བྱ་རྣམ་བྲལ་བ། །འགྲོ་བ་ཉིད་ནི་གཉིས་མེད་འདོད། །གཉིས་དང་བྲལ་བར་རློམས་པ་ཡང༌། །གང་ཕྱིར་དེ་ནི་འོད་གསལ་འདོད། ༈ །དེ་ལྟའི་དེ་ཉིད་ངེས་རྟོགས་ན། །ཇི་ལྟ་དེ་ལྟར་གང་དེ་ན། །རྣལ་འབྱོར་མིག་ནི་རྒྱས་འགྱུར་བས། །ཀུན་ཏུ་སེང་གེ་དེ་བཞིན་རྒྱུ། །འཇིག་རྟེན་ཆོས་ལས་རྣམ་ལོག་འདིས། །སྨྱོན་པའི་བརྟུལ་ཞུགས་ལ་བརྟེན་ནས། །དམིགས་པ་མེད་པས་ཐམས་ཅད་བྱེད། །རང་བྱིན་རླབས་པས་རྣམ་བརྒྱན་པའོ། ༈ །རྙོགས་མེད་དེ་ཉིད་གང་བསྟན་ཅིང༌། །གཉིས་སུ་མེད་པས་གང་སྨྲས་པ། །མཉམ་དང་མི་མཉམ་སྤངས་པའོ། །བློ་གཏེར་རྣམས་ཀྱིས་ཤེས་བྱར་རིགས། །དེ་ཁོ་ན་ཉིད་བཅུ་པ། སློབ་དཔོན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།གཞུང་འདི། བླ་མ་ཕྱག་ན་དང༌། མཚུར་གྱིས་བསྒྱུར་ཞིང༌། ཕྱིས་ལོ་ཙཱ་ཚུལ་ཁྲིམས་རྒྱལ་བས་བཅོས་པར་སྣང་ཞིང་འདི་ནི་སློབ་དཔོན་ལྷན་ཅིག་སྐྱེས་པའི་རྡོ་རྗེའི་འགྲེལ་པ་དང་མཐུན་པར་བྲིས་པའོ། །རྗེ་མར་པ་ལོ་ཙཱའི་ལྟ་བས་སྤྲོས་པ་གཅོད་པའི་བླ་མ་མངའ་བདག་མཻ་ཏྲི་པའི་གསུང་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པའི་ཆོས་ཉེར་བཞི་སོགས་མང་དུ་བཞུགས་པ་རྣམས་ཀྱི་ནང་ནས། ལྟ་བ་སྟོན་པའི་གཞུང་གཙོ་བོར་གྱུར་པ་སྟེ། རྒྱ་བོད་ཀྱི་འགྲེལ་པའང་ཅི་རིགས་པ་སྣང་ངོ༌། ༈ །མངའ་བདག་མར་པ་ལོ་ཙཱ་བས་དཔལ་ས་ར་ཧ་ལས་གསན་པའི་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པ་སྙིང་པོ་དོན་གྱི་གདམས་ངག་ཡི་གེ་བཞི་པའི་དོན་རྡོ་རྗེའི་མགུར་དུ་བཞེངས་པ་ནི། ༈ དཔལ་དེ་རིང་བཀྲ་ཤིས་ཡར་གྱི་ངོ༌། །དུས་ཁྱད་པར་ཅན་གྱི་ཚེས་བཅུ་ལ། །དཔའ་བོ་དགའ་སྟོན་གྱི་ཚོགས་གྲལ་དུ། །བུ་འགྱུར་བ་མེད་པའི་དམ་ཚིག་ཅན། །ཁྱོད་ཀློག་སྐྱ་ཇོ་སྲས་ཞུ་འབུལ་བ༑ ༑སྔར་མ་ཐོས་པའི་གླུ་ལོང་སྐད། །ང་ཤུལ་རིང་ལམ་ལ་གཤར་བ་དེས། །ལུས་ངལ་དུབ་དབང་དུ་སོང་བའི་ཕྱིར། །གླུ་ཡིད་འཕྲོག་སྙན་པོ་མ་མཆིས་ཤིང༌། །ཚིག་སྡེབ་སྦྱོར་མཁས་པོ་མི་ཤེས་ཀྱང༌། །གྲོགས་ཁྱེད་བས་ངོ་ཆེ་མེད་པའི་ཕྱིར། །ངོ་ཆེ་བའི་དཔྲལ་བ་མི་ལྡོག་པས། །དོན་སྔར་མ་མཐོང་བའི་ཡ་མཚན་ཅན། །རྗེ་བྲམ་ཟེའི་བཞེད་དགོངས་གླུར་ལེན་པས། །ཁྱེད་གདན་གང་བཞུགས་པའི་མདོ་སྔགས་རྣམས། །སྙན་ལྷན་ནེ་གསན་ལ་ཐུགས་དགོངས་འཚལ། ༈ །དུས་ཁ་སང་དཔྱིད་ཟླ་ཐ་ཆུང་ལ། །གཞི་བལ་པོའི་མཐིལ་ནས་འཕགས་པ་ཡི། །གདུགས་དྲོ་ལམ་མཚེས་ཀྱི་ཤུལ་ཁ་ན། །བལ་པོ་ལིང་གི་ཤོ་གམ་རི། །གདོལ་བ་ཅན་གྱི་གྲོང་ཁྱེར་དུ། །མི་བརྡལ་མི་འཇལ་གྱི་ཤོངས་མ་པས། །འགྲོན་ཁ་ཞན་པོ་ཡི་བོད་རྣམས་བསྐྱིལ། །མི་ངས་ཀྱང་དབང་མེད་ཞག་འགའ་བསྡད། །དགུང་ནུབ་གཅིག་ཐམ་ཐུམ་རྨི་ལམ་ན། །རིགས་ཀྱི་མཚན་ལྡན་ཚངས་སྐུད་ཅན། །བྲམ་ཟེའི་བུ་མོ་མཛེས་མ་གཉིས། །ཅུང་ཟད་འཛུམ་ཞིང་ཟུར་མིག་བལྟ། །མི་ཁོ་བོའི་དྲུང་དུ་འོངས་ནས་ཀྱང༌། །ལྷོ་དཔལ་གྱི་རི་ལ་འགྲོ་དགོས་སྐད། །ཁོ་བོས་སྔོན་ཆད་ཕྱིན་མ་མྱོང༌། །རྒྱུས་མེད་ལམ་ཡང་མི་ཤེས་སྨྲས། །བུ་མོ་གཉིས་ཀྱི་ཞལ་ན་རེ། །ཁྱེད་མིང་པོས་དཀའ་བ་སྤྱད་མི་དགོས། །ངེད་ཀྱི་ཕྲག་ལ་ཁུར་གྱིས་ཟེར། །འདོ་ལི་དར་གྱི་ལྡིང་ཁྲིར་བཅུག །གདུགས་བཞིན་མཁའ་ལ་བཏགས་ནས་ཀྱང༌། །གློག་འགྱུ་སྐད་ཅིག་ཡུད་ཙམ་ལ། །ལྷོ་དཔལ་གྱི་རི་ལ་ཕྱིན་པ་རྨིས། །ཤིང་པླཀ་ཤ་ལྗོན་པའི་བསིལ་གྲིབ་ལ། །ཏི་ར་རོ་ཡི་གདན་སྟེང་ན། །རྗེ་བྲམ་ཟེ་ཆེན་པོ་ས་ར་ཧ། །ཞལ་སྔར་མ་མཐོང་བའི་གཟི་མདངས་ཅན། །བཙུན་མོ་གཉིས་ཀྱིས་མཐའ་བརྟེན་ནས། །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །དགེས་པའི་ཞལ་རས་འཛུམ་མདངས་ཅན། །བུ་བདེ་བར་འོངས་སམ་ཞེས་ཀྱང་གསུངས། །རྗེ་མཐོང་བ་དགའ་བས་མ་བཟོད་པར། །ལུས་ཀྱི་སྤུ་གཡོས་མཆི་མ་འཁྲུགས། །ལན་བདུན་བསྐོར་ཞིང་བརྐྱང་ཕྱག་འཚལ། །ཞབས་མཐིལ་སྤྱི་བོར་བླངས་ནས་ཀྱང༌། །ཕ་ཐུགས་རྗེས་ཟུང་ཞེས་གསོལ་བཏབ་པས། །ལུས་ལ་སྐུ་ཡིས་བྱིན་བརླབས་པ། །ཕྱག་དབང་སྤྱི་བོར་རེག་ཙམ་གྱིས། །ལུས་ཟག་མེད་བདེ་བས་ར་རོ་བ། །གླང་ཆེན་ཆང་གིས་མྱོས་པ་བཞིན། །གཡོ་འགུལ་མེད་པའི་ཉམས་ཤིག་ཤར། །ངག་ལ་གསུང་གིས་བྱིན་བརླབས་པ། །སྟོང་ཉིད་སེང་གེའི་ང་རོ་ཡིས། །ཡི་གེ་བཞི་པའི་དོན་གསུངས་པ། །ལྐུག་པས་རྨི་ལམ་རྨིས་པ་བཞིན། །བརྗོད་དུ་མེད་པའི་ཉམས་ཤིག་ཤར། །ཡིད་ལ་ཐུགས་ཀྱིས་བྱིན་བརླབས་པ། །ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །འགྲོ་འོང་མེད་པའི་དོན་རྟོགས་པས། །དུར་ཁྲོད་གནས་པའི་མི་རོ་བཞིན། །བསམ་དུ་མེད་པའི་ཉམས་ཤིག་ཤར། །རྡོ་རྗེས་བདེ་ཆེན་དག་པའི་གསུངས། །རིན་ཆེན་མགུར་གྱི་བུམ་པ་ནས། །ཚངས་པའི་དབྱངས་ཀྱི་བརྡ་སྐད་ཀྱིས། །སྤྲིན་བྲལ་ནམ་མཁའ་སྟོང་པའི་དོན། །གནས་ལུགས་མཚོན་པ་རྡོ་རྗེའི་མགུར། །སྐྱེ་མེད་རང་སྒྲ་འདི་སྐད་ཐོས། ༈ །ན་མོ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྒྱུན་ཆད་མེད་པ་གཉུག་མའི་སེམས། །གདོད་ནས་དག་པ་དེ་བཞིན་ཉིད། །ནམ་མཁས་ནམ་མཁའ་སྦྱོར་བ་མཐོང༌། །རྩ་བ་ཁྱིམ་ན་གནས་པའི་ཕྱིར། །ཡིད་ཀྱི་རྣམ་ཤེས་བཙོན་དུ་བཟུང༌། །སྒོམ་པ་ཤེས་པ་ཕྱི་མ་ཡིས། །སེམས་ལ་ལྷན་པ་གདབ་ཏུ་མེད། །སྣང་སྲིད་སེམས་ཀྱི་རང་བཞིན་ཤེས། །གཉེན་པོས་བཅོས་ཏེ་སྒོམ་དུ་མེད། །སེམས་ཀྱི་གནས་ལུགས་དྲན་དུ་མེད། །དེ་ཡང་མ་བཅོས་ངང་ལ་བཞག །དེ་དོན་མཐོང་ན་གྲོལ་བའི་ཕྱིར། །བུ་ཆུང་གདོལ་པའི་སྤྱོད་པ་ལྟོས། །ཤ་ཟ་སྨྱོན་པ་གང་དགར་མཐོང༌། །སྙེམས་དང་བྲལ་བའི་སེང་གེ་བཞིན། །སེམས་ཀྱི་གླང་པོ་ཡན་དུ་ཆུག །བུང་བ་མེ་ཏོག་རྒྱུ་བ་ལྟོས། །འཁོར་བ་སྐྱོན་དུ་མི་ལྟ་ཞིང༌། །མྱ་ངན་འདས་པ་ཐོབ་བྱར་མེད། །ཐ་མལ་ཤེས་པ་རང་ལུགས་དེ། །མ་བཅོས་སོ་མ་ཉིད་དུ་བཞག །བྱ་བ་རྣམས་ལ་ཁྱོད་མ་རྟོག །ཕྱོགས་དང་ཆ་ལ་མི་གནས་ཤིང༌། །སྤྲོས་བྲལ་ནམ་མཁའི་དཀྱིལ་དུ་ལྟོས། ༈ །ཆོས་ཟད་སར་འཁྱོལ་བ་སྙིང་པོའི་དོན། །ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ། །སེམས་གནད་དུ་བསྣུན་པའི་བརྡ་དོན་ཞིག །བྲམ་ཟེ་ཆེན་པོའི་ཞལ་ནས་ཐོས། ༈ །སྐད་ཅིག་དེ་ལ་གཉིད་ཀྱང་སད། །དེ་མ་བརྗེད་དྲན་པའི་ལྕགས་ཀྱུས་ཟིན། །མ་རིག་གཉིད་ཀྱི་མུན་ཁུང་དུ། །རིག་པ་ཡེ་ཤེས་མཐོང་ཕྱེ་ནས། །སྤྲིན་མེད་མཁའ་ལ་ཉི་ཤར་ལྟར། །འཁྲུལ་པའི་མུན་ནག་སངས་ནས་ཐལ། །དུས་གསུམ་སངས་རྒྱས་ཞལ་མཇལ་ཀྱང༌། །ཕྱིན་ཆད་དྲི་རྒྱུ་མེད་དོ་སྙམ། །སེམས་ཁོ་ཐག་ཆོད་པའི་ཉམས་ཤིག་སྐྱེས། །ཡིད་འགྱུ་བ་ཟད་པ་ངོ་མཚར་ཆེ། ༈ །ཨེ་མ། ཡི་དམ་མཁའ་འགྲོའི་ལུང་བསྟན་དང༌། །བླ་མས་གསུངས་པ་ཟབ་མོའི་དོན། །ངག་སྨྲ་རུ་མི་བཏུབ་གསུང་ན་ཡང༌། །དགུང་དོ་ནུབ་མི་སྨྲའི་ཐབས་མ་བྱུང༌། །དུས་ད་རེས་ཙམ་ཞིག་མ་གཏོགས་པ། །སྔོན་ཆད་ངག་ཏུ་བརྗོད་མ་མྱོང༌། །ད་ཕྱིན་ཆད་བཟླས་སམ་རྣ་བར་ཉོན། །ང་སྔོན་ཆད་ཤུལ་རིང་རྒྱང་གི་མི། །མཛའ་བཤེས་གཉེན་མེད་གྲོགས་ཀྱང་མེད། །ལུས་ངལ་དུབ་བཀྲེས་པར་གྱུར་པའི་ཚེ། །བུ་ཁྱེད་ཀྱིས་གང་བྱས་སེམས་ལ་ཡོད། །དེ་མ་བརྗེད་སེམས་ལ་ཤིན་ཏུ་གཅགས། །དྲིན་འཁོར་བར་ཐལ་ལོ་སྙིང་གི་གྲོགས། །རྗེ་གོང་ན་བཞུགས་པའི་བླ་མ་དང༌། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་ཆོས་སྐྱོང་རྣམས། །མི་བདག་ལ་བཀའ་བཀྱོན་མི་གནང་འཚལ། །དོན་འཁྲུལ་པར་གདའ་ན་བཟོད་པར་གསོལ། །ཞེས་གསུངས་སོ། །འདིའི་དོན་ནི། ཡི་གེ་དང་པོ་ཆོས་ཀྱི་སྐུ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ། །ཡི་གེ་གསུམ་པ་སྤྲུལ་པའི་སྐུ། །བཞི་པ་ངོ་བོ་ཉིད་ཀྱི་སྐུ། །ཞེས་མ་ཧཱ་མུ་དྲའི་ཕྱག་རྒྱ་ཆེན་པོ་ཞེས་པ་འདི་ཉིད་ལ་གཞི་ལམ་འབྲས་བུའི་ཆོས་བཞི་བཞི་བཤད་ནས་ལམ་གྱི་སྐབས་སུ༑ དང་པོ་སེམས་ཀྱི་གཞི་རྩ་གཅད། །གཉིས་པ་སེམས་ཀྱི་བཞག་ཐབས་བསྟན། །གསུམ་པ་སེམས་ཀྱི་གོལ་ས་སྤོང༌། །བཞི་པ་སེམས་ཀྱི་ལམ་ཁྱེར་བསྟན། །ཞེས་མར་པའི་ཐུགས་བཅུད་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་གྲགས་པ་དེ་ཡིན་ནོ། ༈ །རྗེ་བཙུན་མི་ལའི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་རྩ་བ་བཞུགས་སོ། །བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་བརྒྱུད་པའི་རིམ་པ་ནི། སློབ་དཔོན་ཆེན་པོ་ཏི་ལོ་པས། མཁས་པ་ཆེན་པོ་ནཱ་རོ་པ་ལ། དེས་ལྷོ་བྲག་མར་པ་ལའོ། །གུང་ཐང་པའི་རྣལ་འབྱོར་བདག །ལྷོ་བྲག་གི་རྗེ་བཙུན་ལ། །དད་ཅིང་ནི་མོས་གྱུར་ནས། །ཞབས་དྲུང་དུ་འཁོར་ཡུན་རིང༌། །ཐུགས་རྗེས་ནི་དགོངས་ནས་གནང༌། །གདམས་ངག་ནི་དང་དུ་བླངས། །རྩོལ་སྒྲུབ་ཀྱིས་དྲག་ཏུ་བསྒོམས། །བསྒོམས་པ་ཡི་བྱིན་རླབས་ཀྱིས། །ལུས་ལ་ནི་གཏུམ་མོ་འབར། །རས་གོས་ནི་རྐྱང་རེས་དྲོས། །སེམས་ལ་ནི་འོད་གསལ་ཤར། །རྒྱུད་ལུང་ནི་མང་གིས་ཀྱང༌། །འདི་དག་དང་གཞན་མི་མཉམ། །ཁྱད་པར་གྱི་བྱེ་བྲག་ལྟོས། །ཉམས་སུ་ནི་ལེན་པའི་དུས། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་པའོ། །དེ་ལ་འདིར་སེམས་ཉིད་དངོས་པོའི་གནས་ལུགས་ནི་ཕྱག་རྒྱ་ཆེན་པོ་ཡིན་ཏེ། འདི་ལ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་བསྟན་པ་ལ་གསུམ་སྟེ། གཞི་ཕྱག་རྒྱ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་ཕྱག་རྒྱ་ཆེན་པོའོ། །དང་པོ་དངོས་པོ་གཤིས་ཀྱི་གནས་ལུགས། སངས་རྒྱས་ཀྱི་དགོངས་པ། སེམས་ཅན་གྱི་སེམས་ཉིད། ཁ་དོག་དང་དབྱིབས་སུ་མ་གྲུབ་པ། མཐའ་དང་དབུས་སུ་མ་གྲུབ། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། ཡོད་མ་མྱོང༌། མེད་མ་མྱོང༌། མ་འཁྲུལ། མ་གྲོལ། རྒྱུས་མ་བསྐྱེད། རྐྱེན་གྱིས་མ་བསྒྱུར། སངས་རྒྱས་མཁས་ཏེ་མ་བཅོས། སེམས་ཅན་བླུན་ཏེ་མ་བསླད། རྟོགས་པས་བཟང་དུ་མ་སོང༌། འཁྲུལ་པས་ངན་དུ་མ་སོང༌། དེ་ནི་གཞི་ཀུན་ལ་གནས་པས་གཞི་ཕྱག་རྒྱ་ཆེན་པོའོ། །ལམ་ཕྱག་རྒྱ་ཆེན་པོ་ནི། གཞི་དེའི་སྟེང་དུ་ཉམས་སུ་བླངས་པའི་ཆོས་འཇོག་དུས་དམིགས་མེད་དུ་འཇོག །གནས་ན་ཡེངས་མེད་དུ་གནས། ཁྱེར་དུས་འཛིན་མེད་དུ་ཁྱེར། འཆར་ན་ཆོས་ཉིད་དུ་འཆར། གྲོལ་དུས་རང་གྲོལ་དུ་འགྲོ་བ་གཅིག་ཉམས་སུ་ལེན་པའོ། །དེ་ནི་ལམ་ཕྱག་རྒྱ་ཆེན་པོའོ། །འབྲས་བུ་ཕྱག་རྒྱ་ཆེན་པོ་ནི། གྲོལ་བྱ་གྲོལ་བྱེད་དང་བྲལ་བ། རེ་དོགས་དང་བྲལ་བ། བློ་ཟད་ཆོས་ཟད་འཛིན་མེད་ཅེས་པ་བློ་ལས་འདས་པས་བརྗོད་པ་དང་བྲལ་བའོ། །དེ་ནི་འབྲས་བུ་ཕྱག་རྒྱ་ཆེན་པོའོ། །འདིར་གཞི་ལམ་འབྲས་གསུམ་དབྱེར་མེད་དུ་ཉམས་སུ་ལེན་པའོ། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་གདམས་པ། རྗེ་བཙུན་མི་ལ་རྣལ་འབྱོར་གྱིས་མཛད་པའོ། ། ཨྠིྀ། ༈ །རྗེ་སྒམ་པོ་པའི་ཕྱག་རྒྱ་ཆེན་པོ་ལམ་གཅིག་ཆོད་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྗེ་བཙུན་སྒམ་པོ་པའི་ཕྱག་རྒྱ་ཆེན་པོ་ལམ་གཅིག་ཆོད་འདི་ལ་གསུམ་སྟེ། གནས་ལུགས་ཀྱི་ཁོ་ཐག་བཅད་པ་དང༌། ཡིན་ལུགས་ཀྱི་ངོ་སྤྲད་པ་དང༌། དེ་ཁོ་ན་ཉིད་ལ་ལམ་སྦྱངས་པའོ། །དང་པོ་ལ་ལྔ་སྟེ། ཕྱག་རྒྱ་ཆེན་པོ་ལ་རྒྱུ་མེད། ཕྱག་རྒྱ་ཆེན་པོ་ལ་རྐྱེན་མེད། ཕྱག་རྒྱ་ཆེན་པོ་ལ་ཐབས་མེད། ཕྱག་རྒྱ་ཆེན་པོ་ལ་ལམ་མེད། ཕྱག་རྒྱ་ཆེན་པོ་ལ་འབྲས་བུ་མེད་དོ། །གཉིས་པ་ཡིན་ལུགས་ངོ་སྤྲད་པ་ལ་ལྔ་སྟེ། ཕྱག་རྒྱ་ཆེན་པོ་ལ་རྒྱུ་མེད་དེ། དད་པ་དང་མོས་གུས་ཕྱག་རྒྱ་ཆེན་པོའི་རྒྱུ་ཡིན། ཕྱག་རྒྱ་ཆེན་པོ་ལ་རྐྱེན་མེད་དེ། བླ་མ་དམ་པ་ཕྱག་རྒྱ་ཆེན་པོའི་རྐྱེན་ཡིན། ཕྱག་རྒྱ་ཆེན་པོ་ལ་ཐབས་མེད་དེ། བློ་མ་བཅོས་པ་འདི་ཕྱག་རྒྱ་ཆེན་པོའི་ཐབས་ཡིན། ཕྱག་རྒྱ་ཆེན་པོ་ལ་ལམ་མེད་དེ། ཡིད་མ་ཡེངས་པ་འདི་ཕྱག་རྒྱ་ཆེན་པོའི་ལམ་ཡིན། ཕྱག་རྒྱ་ཆེན་པོ་ལ་འབྲས་བུ་མེད་དེ། བློ་ཆོས་ཉིད་དུ་གྲོལ་བ་འདི་ཕྱག་རྒྱ་ཆེན་པོའི་འབྲས་བུ་ཡིན་ནོ། །གསུམ་པ་དེ་ཁོ་ན་ཉིད་ལ་ལམ་སྦྱངས་པ་ལ་བཞི་སྟེ། སྔོན་འགྲོ་དད་པ་དང༌། མོས་པ། གུས་པ་གསུམ་གྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་མའི་རྣལ་འབྱོར་བསྒོམ། དངོས་གཞིར་སེམས་མ་བཅོས་པའི་ངང་ལ་མ་ཡེངས་པའི་རྩིས་བཟུང་ལ་བཞག །རྗེས་ལ་ཅིར་སྣང་ཐམས་ཅད་རང་གི་སེམས་སུ་ཤེས་པར་བྱས་ལ་རིག་པ་རྩལ་སྦྱངས། ཉམས་མྱོང་གི་འཆར་ལུགས་ལ་བརྟེན་ནས་བློ་མ་ཟད་བར་དུ་སྒོམ་སྒྲུབ་ལ་ནན་ཏན་བྱའོ། །དེ་ལ་ཉམས་མྱོང་གི་འཆར་ལུགས་ལ་གཉིས་ཏེ། མི་མཐུན་པའི་ཉམས་དང༌། མཐུན་པའི་ཉམས་སོ། །དང་པོ་ནི། བྱིང་རྒོད་དང༌། ན་ཚ་དང༌། འཇིགས་བྲེད་དང༌། ཐེ་ཚོམ་ལ་སོགས་པ་མི་མཐུན་པའི་ཉམས་ཅི་བྱུང་ཡང༌༑ དེ་ཐམས་ཅད་བསྒོམས་པ་ལས་བྱུང་བ་ཡིན་པས་དེ་ཐམས་ཅད་ཉམས་སུ་ཤེས་པར་བྱས་ལ། མི་སྤང་བར་དེ་ཁོ་ན་ཉིད་ལ་ལྟ་སྒོམ་གྱི་བབ་བྱས་ནས་བསྒོམ་པས། མཐུན་པའི་ཉམས་ཤུགས་ལ་འཆར་རོ། །མཐུན་པའི་ཉམས་ནི། དང་པོ་སེམས་གནས་པའི་ཉམས་འཆར། དེ་ལ་བརྟེན་ནས་ངོ་བོ་སྟོང་པའི་ཉམས་འཆར། དེ་ལ་བརྟེན་ནས་རྟོགས་པ་ཐོབ་པའི་ཉམས་འཆར། དེ་ལ་བརྟེན་ནས་ཞེན་པ་ལོག་པའི་ཉམས་འཆར་རོ། །དེ་ལྟར་ཉམས་མྱོང་གི་འཆར་ལུགས་ལ་བརྟེན་ནས། སྒྲུབ་པ་ལ་ཆོག་ཤེས་མེད་པར་ནན་ཏན་བྱ་བ་ནི། དང་པོ་སེམས་གནས་པ་ཙམ་གྱིས་མི་ཆོག །ངོ་བོ་མཐོང་མཐོང་དུ་བསྒོམ་དགོས། ངོ་བོ་མཐོང་བ་ཙམ་གྱིས་མི་ཆོག །རྟོགས་པ་ཐོབ་ཐོབ་ཏུ་བསྒོམ་དགོས། རྟོགས་པ་ཐོབ་པ་ཙམ་གྱིས་མི་ཆོག །ཞེན་པ་ལོག་ལོག་ཏུ་བསྒོམ་དགོས། ཞེན་པ་ལོག་པ་ཙམ་གྱིས་མི་ཆོག །རང་བློ་ཆོས་ཉིད་དུ་གྲོལ་ནས་བློ་ཟད་ཆོས་ཟད་དུ་སངས་རྒྱས་རྒྱས་སུ་བསྒོམ་དགོས། ཕྱག་རྒྱ་ཆེན་པོ་ལམ་གཅིག་ཆོད་ཐུགས་ཀྱི་ཉིང་ཁུ་ཞེས་བྱ་བ་རྫོགས་སོ། ། ཨྠིྀ།། ༈ །།བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་མཁའ་འགྲོ་མའི་མན་ངག་བཞུགས་སོ། །རྒྱ་གར་སྐད་དུ། ཨཱ་ཧ་པྲ་མ་ཎ་སཾ་མྱཀྣཱ་མ་མ་ཌཱ་ཀི་ནཱི་ཨུ་པ་དེ་ཤ། བོད་སྐད་དུ། བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་མཁའ་འགྲོ་མའི་མན་ངག །དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །གང་ཟག་བློ་ཡི་ཁྱད་པར་གྱིས། །རིམ་གྱིས་པ་དང་གཅིག་ཅར་བ། །རིམ་གྱིས་པ་ཡི་སྨན་ཆེན་འདི། །གཅིག་ཅར་བ་ཡི་དུག་ཏུ་འགྱུར། །གཅིག་ཅར་བ་ཡི་སྨན་ཆེན་འདི། །རིམ་གྱིས་པ་ཡི་དུག་ཏུ་འགྱུར། །དེས་ན་སྦྱངས་པའི་འཕྲོ་ཅན་ལ། །གཅིག་ཅར་བ་ནི་བསྟན་པར་བྱ། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དང་པོའི་གནས་ལུགས་གཉིས་ཡིན་ཏེ། །ལུས་དང་སེམས་ཀྱི་གནས་ལུགས་སོ། །ལུས་ཀྱི་གནས་ལུགས་བསྟན་པ་ནི། །རགས་དང་ཕྲ་དང་ཤིན་ཏུ་ཕྲ། །ཐུན་མོང་དབྱེར་མེད་རིམ་ཤེས་བྱ། །འོད་གསལ་བ་ལས་སྟོང་པ་ཆེ། །དེ་ལས་ཐབས་ཤེས་སྣ་ཚོགས་འབྱུང༌། །མངོན་པར་བྱང་ཆུབ་རྣམ་ལྔ་དང༌། །རྩ་དང་རླུང་དང་བྱང་ཆུབ་སེམས། །སེམས་ཀྱི་གནས་ལུགས་བསྟན་པ་ནི། །ཐབས་དང་ཤེས་རབ་བདག་ཉིད་ཅན། །ཨེ་ཝྃ་ལུས་ཀྱི་ལྟེ་བར་གནས། །དེ་ཉིད་ལུས་གནས་ཡེ་ཤེས་ཆེ། །རྣམ་རྟོག་ཀུན་སྤངས་དེ་ཉིད་འགྲུབ། །དཀྱིལ་འཁོར་འཁོར་ལོ་ལས་དང་ནི། །ཡེ་ཤེས་ཕྱག་རྒྱའི་རྣམ་རྟོག་བྲལ། །མི་མནོ་མི་བསམ་མི་དཔྱད་ཅིང༌། །མི་སྒོམ་མི་སེམས་རང་བབས་གཞག །ཇི་ལྟར་ས་བོན་དེ་བཞིན་ཤིང༌། །ཤིང་ཇི་ལྟ་བ་དེ་བཞིན་འབྲས། །འཇིག་རྟེན་ཀུན་ལ་འདི་མཐོང་བས། །འདི་ཉིད་རྟེན་ཅིང་འབྲེལ་འབྱུང་ངོ༌། །ལམ་ནི་སྨིན་གྲོལ་གཉིས་སུ་བཤད། །བླ་མས་བསྟན་པའི་ལམ་གྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །རྡོ་རྗེ་འཆང་གིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བསྟེན། །བསྐྱེད་པ་ཡི་ནི་རིམ་པ་དང༌། །དེ་བཞིན་རྫོགས་པའི་རིམ་པའོ། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །དང་པོ་བཞི་སྟེ་ཡང་ན་དྲུག །མངོན་བྱང་ལྔ་སྟེ་བསྡུས་པའི་དོན། །ལུས་དབེན་སྔགས་དང་སེམས་གསུམ་གྱི། །སྒྱུ་མ་མངོན་པར་བྱང་ཆུབ་པས། །ཟུང་འཇུག་རིམ་པ་ཤེས་པར་འགྱུར། །ལས་དང་ཡེ་ཤེས་ཕྱག་རྒྱ་ཆེ། །དམ་ཚིག་ཅེས་བྱ་འོད་གསལ་ཉིད། །རྒྱུ་དང་སྒོམ་པ་ཐོབ་བྱ་དང༌། །དེ་བཞིན་བཞི་པ་ལྷུན་གྱིས་གྲུབ། །བསྙེན་པ་ཉེར་སྒྲུབ་བསྒྲུབ་པ་དང༌། །སྒྲུབ་ཆེན་ངོ་བོ་ཁྱད་པར་དུ། །སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རིམ་གཉིས་བརྒྱད་དུ་བསྟན་པ་སྟེ། །གཏུམ་མོ་ལས་ཀྱི་ཕྱག་རྒྱ་དང༌། །སྒྱུ་མ་རྨི་ལམ་འོད་གསལ་དང༌། །བར་དོ་འཕོ་བ་གྲོང་འཇུག་གོ །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱིས་ནས་རྣམ་པ་གསུམ་དུ་འགྱུར། །གཏུམ་མོའི་རྣལ་འབྱོར་རྒྱུ་ཡིན་ཏེ། །འདི་ལ་གནད་ནི་རྣམ་པ་ལྔ། །ལུས་རླུང་རྩ་དུས་ཡུལ་ལྔའོ། །ལུས་ནི་རྡོ་རྗེ་སྐྱིལ་མོ་ཀྲུང༌། །སྒལ་ཚིགས་རིན་ཆེན་རྩར་ལ་རྒྱུས། །མཐོངས་ཁ་རྒྱུན་དུ་ཡངས་པ་དང༌། །སྟེང་སྒོ་ཤིན་ཏུ་སྦ་བར་བྱ། །ལྕེ་ནི་ཡར་རྐན་ཉིད་དུ་གཏད། །མཉམ་བཞག་ཕྱག་རྒྱ་ལྟེ་འོག་བཙིར། །མིག་དང་ཤེས་པ་མ་འགྱུར་བར། །རླུང་སེམས་དྲིལ་ལ་དྲག་ཏུ་གཅུན། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཡང་ན་ལུས་ནི་ཙོག་པུར་བསྡད། །རེའུ་མིག་བཞིན་བསྣོལ་བར་བྱ། །རླུང་ལ་སྦྱོར་བ་བཞི་ལྡན་ཏེ། །རྔུབ་དང་དགང་དང་གཞིལ་བ་དང༌། །འཕང་བར་བྱ་དང་རྣམ་པ་བཞི། །ལྕགས་ཀྱུ་བཞིན་དུ་དགུག་པར་བྱ། །བུམ་པ་བཞིན་དུ་དགང་བ་དང༌། །རྒྱ་མདུད་བཞིན་དུ་བསྡམས་ནས་སུ། །མདའ་ལྟར་གྱེན་དུ་འཕང་བར་བྱ། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉིན། །རེ་ཙ་ཀ་ཡིས་ལྷུང་བར་བྱེད། །ཀུམྦྷ་ཀ་ཡིས་དབང་དུ་བྱེད། །པཱུ་ར་ཀ་ཡིས་ཀུན་ནས་འགུགས། །ཞི་བ་ཡིས་ནི་རེངས་པར་བྱེད། །གཙུག་ཏོར་ལས་ནི་ཐིག་ལེ་ཉིད། །མེ་ཡིས་ཞུ་བ་ཉིད་ཀྱིས་ལྟུང༌། །བདེ་བ་ཆེན་པོའི་ཏིང་འཛིན་གནས། །སྟོང་ཉིད་ལྟ་སྟངས་ལྟུང་བར་བྱ། །བུམ་པ་ཅན་གྱི་འཁོར་ལོར་སོན། །དཔྲལ་བ་ཞེས་བྱར་རབ་ཏུ་བསྒྲགས། །རྡོ་རྗེ་པདྨར་ཏིང་འཛིན་བརྟན། །ཁམས་གསུམ་པོ་ནི་དབང་དུ་བྱེད། །སྙིང་ག་ཕྱོགས་སུ་དག་པས་འགུགས། །མ་རུངས་ལས་ཅན་དེ་རྣམས་ཀུན། །ཧེ་རུ་ཀ་དཔལ་རང་བཞིན་ཕྱིར། །རྟག་ཏུ་ལྟ་ངན་གཞོམ་པར་བྱ། །ཞི་བས་རེངས་པ་ནོར་བུའི་མཐའ། །རྒྱལ་བའི་གཟུགས་བརྙན་རྣམ་པར་བསྒོམ། །མཆོག་ཏུ་མི་འགྱུར་རྟོགས་གྱུར་པ། །དེ་ནི་མཉམ་ཉིད་མི་གཡོར་གསུངས། །རྔུབ་པ་ཡིས་ནི་དབང་དུ་བྱེད། །དགངས་པ་ཡིས་ནི་རེངས་པ་དང༌། །ཞི་བ་ཡིས་ནི་ཞི་བར་འགྱུར། །མཉམ་པར་མ་རུངས་དཔྲལ་བ་ཅན། །དྷཱུ་ཏཱིར་ཚུད་ན་རྒྱུན་མི་འབབ། །དགང་བ་ཡིས་ནི་ལུས་བཀང་ནས། །དུག་དང་རིམས་ཀྱི་ཚ་བ་འཕྲོག །བུམ་པ་ཅན་གྱིས་སྒོ་བཅིངས་ན། །སྒོ་ཡི་བུ་ག་དག་པར་འགྱུར། །འཐོར་བ་སྣ་ཚོགས་རྡུལ་དུ་བྱ། །རབ་ཏུ་ཞི་བས་ཞི་བར་འགྱུར། །ཡང་ན་ཨོག་ཀོས་ཨོལ་མདུད་མནན། །ཡང་ན་མཇིང་པ་ལྟག་པ་མནན། །གཡས་ནས་རྒྱུ་ན་གཡས་རྩ་མནན། །གཡོན་ནས་རྒྱུ་ན་གཡོན་རྩ་མནན། །དོན་ལ་ནུ་མ་བཅུད་ལ་བོར། །སེང་གེ་རྣམ་རོལ་ཕྱག་རྒྱ་ནི། །རྣལ་འབྱོར་པ་ཡིས་བཅིངས་ནས་སུ། །རྟག་ཏུ་སྲོག་དང་རྩོལ་བ་བྱ། །ཕོ་རླུང་འདུལ་ཞིང་མོ་རླུང་སྦྱངས། །མ་ནིང་རླུང་ལ་རྒྱུན་དུ་བཟླ། །བརྗོད་དང་དམིགས་པར་བཅས་པ་དང༌། །བརྡར་གྱུར་དང་ནི་དོན་དམ་མོ། །ཚིག་གི་བརྗོད་པ་ཐུན་མོང་སྟེ། །དམིགས་པར་བཅས་པ་སངས་རྒྱས་དངོས། །སྔགས་ཀྱི་དེ་ཉིད་བརྡ་རུ་བཤད། །དོན་དམ་དེ་བཞིན་ཉིད་ཡིན་ནོ། །སྲོག་ནི་རྒྱུན་མི་ཆད་གྱུར་སྤྲོ། །ཨ་ཝ་དྷཱུ་ཏཱིའི་གནས་སོན་བཟླ། །རྩ་ཡིག་ནང་ནི་འདི་ལྟ་སྟེ། །སྐད་ཅིག་ཙམ་གྱིས་ཡི་དམ་ལྷ། །རྒྱུ་མ་ལྟ་བུའི་ལུས་བསྒོམས་ཏེ། །དུས་མེ་སྒྲ་གཅན་དེ་ནས་ཉི། །རི་བོང་ཅན་མས་མཚན་པའི་དབུས། །ཕུག་ནས་གཙུག་ཏོར་དུ་སོན་པ། །དེ་ནི་ཨ་བ་དྷཱུ་ཏཱིའི་རྩ། །རྐྱང་མ་རོ་མ་དང་སྦྱར་བ། །གདུགས་དང་ཤིང་རྟ་ལྟར་གནས་པའི། །འཁོར་ལོ་བཞི་དང་བཅས་པ་བསྒོམ། །དེ་ལ་དུས་ཀྱི་གནད་བཤད་པ། །གཉིད་དང་རྨི་ལམ་སྙོམས་འཇུག་པ། །ཐ་མལ་དུས་དང་རྣམ་པ་བཞིར། །སེམས་ནི་འཁོར་ལོས་སྒྱུར་རྒྱལ་འདྲ། །ཡུལ་གྱི་གནད་ནི་གསུམ་ཡིན་ཏེ། །ཕྱི་རོལ་དཀར་དམར་རྣམ་པ་ཅན། །རིག་མ་མཚན་ལྡན་གྲོགས་སུ་གཅེས། །གཏུམ་མོ་ཨ་ཐུང་ཡུལ་གྱི་གནད། །ནང་གི་འཁོར་ལོ་བཞིར་གཏད་དེ། །སྲོག་རྩོལ་སྦྱར་བའི་སྦྱོར་བ་ཡིས། །ལྟེ་བའི་ཨ་ལས་མེ་སྦར་ཏེ། །འཁོར་ལོ་བཞི་བསྲེག་རྩ་ཁ་འབྱེད། །མེ་ལྕེ་ཧཾ་ལས་རེག་པ་ཡིས། །ནམ་མཁའི་བ་ནི་རིམ་བཞིན་བཞོ། །བྱང་ཆུབ་སེམས་ཀྱིས་རྩ་རྣམས་འགེངས། །ཨ་ལ་བབས་ཤིང་ཐིགས་མ་ཆད། །བདེ་སྟོང་དབྱེར་མེད་དོན་ལ་གཟུང༌། །འབྱུང་བ་རོ་སྙོམས་མ་ཤེས་ན། །བསྒོམས་ཀྱང་རྟོགས་པ་མི་འབྱུང་ངོ་། །བཅོས་ཐབས་བགྲང་གིས་མི་ལོངས་ཀྱང༌། །སྟོང་པའི་གོ་ཆ་རྩིས་སུ་ཆེ། །ལུས་ནི་འགྲུབ་པར་གྱུར་པ་ན། །རྟགས་ནི་རྣམ་པ་སྣ་ཚོགས་འབྱུང༌། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་སྲེག་ཅིང༌། །སྤྱན་ལ་སོགས་པ་ཡང་སྲེག་སྟེ། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཨེ་ཝཾ་བཞི་ཡི་བསམ་གཏན་བྱ། །ལྟེ་བ་སྤྲུལ་སྐུར་དགའ་བཞི་བསྐྱེད། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །སྐྲ་ཡི་རྩེ་མོའི་ཁྱོན་ཙམ་གྱིས། །འོད་ཟེར་གློག་སྟོང་འཁྱུག་པ་བཞིན། །བ་སྤུའི་ཁུང་བུའི་ཕྱོགས་མཚམས་ནས། །བྱུང་སྟེ་ཕྱོགས་བཅུར་གནས་པ་ཡིས། །ལྷ་དང་ལྷ་མིན་བསྡིགས་པར་མཛད། །ལུས་སེམས་སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་གི་མན་ངག་གནས། །ཐབས་དང་བཅས་ན་ཤིན་ཏུ་འབར། །ལྟེ་བར་ཆུ་ཤིང་སྙིང་པོ་གནས། །སྙིང་གར་ཡང་ནི་བསྒྲེངས་ཏེ་གནས། །རྟག་ཏུ་སྟོང་པའི་སྒོ་ཡིན་ཏེ། །མཁས་པས་རྒྱུན་དུ་བཟློག་པར་བྱ། །སྒོམ་དང་བཟླས་པའི་ཁྱད་པར་གྱིས། །ངག་གི་ལམ་ནས་ཞུགས་གྱུར་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྟོང་པའི་སྙིང་པོ་མཚོན་པ་ལས། །ཆུ་ཤིང་སྙེ་མའི་བདུད་རྩི་བཞིན། །ལྟེ་བ་ཆུ་བོ་མཚམས་འཁོར་ལོ། །གྲུ་གསུམ་དཀར་ཞིང་དམར་བ་ལ། །ཐིག་ལེ་ཁ་དོག་ལྔ་བསམ་སྟེ། །སངས་རྒྱས་ལྔ་རུ་མཚོན་པར་བྱ། །སྲོག་འགོག་པ་དང་ལྡན་བྱས་པས། །སྐད་ཅིག་ཉིད་ལ་འབར་འགྱུར་ཏེ། །འཇིག་རྟེན་ཁམས་རྣམས་མཆོད་པའི་གནས། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །དེ་ལས་འབྲས་བུ་འཆར་བ་ལ། །ཐུན་མོང་དང་ནི་ཁྱད་པར་དང༌། །མཆོག་དང་རྣམ་པ་གསུམ་ཡིན་ནོ། །ཐུན་མོང་རིམ་པ་བསྟན་པ་ནི། །རླུང་ནི་ཟིན་པར་གྱུར་པ་ཡིས། །དང་པོ་དྲོ་བ་ལྟ་བུ་འབྱུང༌། །གཉིས་པ་བདེ་བ་འཆར་བ་དང༌། །གསུམ་པ་མི་རྟོག་སྐྱེ་བར་འགྱུར། །དེ་ནས་རྣམ་རྟོག་ཤུགས་ཀྱིས་འགག །དུ་བ་སྨིག་རྒྱུ་མེ་ཁྱེར་དང༌། །སྐྱ་རེངས་ཤར་བ་ཇི་བཞིན་དང༌། །ནམ་མཁའ་སྤྲིན་དག་ལྟ་བུ་འབྱུང༌། །དུལ་ཞིང་བརྟན་པ་ས་ཡི་རླུང༌། །འཁོར་གཞོང་ནང་དུ་ཆུ་བླུག་བཞིན། །འཇམ་ཉལ་བྱེད་ན་ཆུ་ཡི་རླུང༌། །ཚ་ཞིང་འཐིབས་པ་མེ་ཡི་རླུང༌། །རྩེན་ཞིང་མགྱོགས་པ་རླུང་གི་རླུང༌། །གསལ་ཞིང་ཡང་བ་ནམ་མཁའི་རླུང༌། །ལས་སུ་རུང་བའི་རྟགས་ལྔའོ། །སྲོག་རྩོལ་གནད་དུ་ཚུད་པ་ཡིས། །གཡས་གཡོན་འཕོ་དང་བྱེ་བྲག་ཕྱེད། །ཚོར་བ་བདེ་དང་རང་འདོད་དུ། །བསྡམ་དང་ཕྱི་ནང་བསྲེ་བར་ནུས། །ནང་གི་ཚ་གྲང་འདྲེས་པའི་རྟགས། །འདུ་བ་རྣམ་བཞིས་གནོད་མི་ཚུགས། །མི་སྣང་ས་འོག་ནམ་མཁར་རྒྱུ། །རྐང་མགྱོགས་དེ་བཞིན་བཅུད་ཀྱིས་ལེན། །མཁའ་འགྲོ་མ་རྣམས་ཁྱད་པར་དུ། །སྐད་ཅིག་དེ་ལ་སྦྱོར་བསྐྱེད་དེ། །འབྱུང་བཞི་གཅིག་ལ་གཅིག་ཐིམ་ནས། །ཙཎྜཱ་ལི་ནི་ཤུགས་ཀྱིས་འབར། །ཆུ་ཤེལ་ངེས་པར་འབབ་པ་གང༌། །གསང་བའི་འཁོར་ལོ་དེ་ནས་བགྲོད། །འདི་ནི་ཕྱུགས་ཆེན་དུ་གསུངས་སོ། །ཁྱད་པར་རིམ་པ་བསྟན་པ་ནི། །དེ་ཡི་རྐྱེན་གྱིས་དྷཱུ་ཏཱི་རུ། །རླུང་རྣམས་ཚུད་པར་གྱུར་པ་ཡིས། །སྲོག་ཐུར་གོང་བུར་གྱུར་པའི་མེས། །ཐིག་ལེའི་ཚོགས་པ་གསང་བར་འགོག །ཐིག་ལེའི་གཟུགས་ཀྱིས་འཛག་པ་ཡིས། །བདུད་རྩི་ཁུ་བའི་གཟུགས་ཅན་ནི། །ཐིག་ལེའི་རྣལ་འབྱོར་ཞེས་བཤད་དོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་མཐར་འཆང་བ། །ནཱ་དའི་རྣལ་འབྱོར་ཞེས་བྱར་དྲན། །འདིས་ནི་ནད་འཕྲོག་ཚེ་སྤེལ་བ། །ཁྱད་པར་རྟགས་ལྔ་ཡོན་ཏན་བརྒྱད། །མཁའ་ལ་སྤྱོད་དང་ཕྲ་སོགས་སྟེར། །མཆོག་གི་རིམ་པ་བསྟན་པ་ནི། །ཉི་མ་དང་ནི་ཟླ་བའི་རླུང༌། །འཕོ་མེད་དྷཱུ་ཏཱིའི་ཁྱིམ་དུ་ཐིམ། །ཡིད་ཀྱི་གཡོ་བ་གཟུང་འཛིན་གཉིས། །སྤྲོས་དང་བྲལ་བར་རབ་ཏུ་ཞི། །མ་བཅོས་གཉུག་མ་ལྷན་ཅིག་སྐྱེས། །ཟག་པ་མེད་པའི་ཏིང་འཛིན་གནས། །ཕྱི་རོལ་ཡུལ་གྱིས་རྟག་མ་ཐུབ། །སྣང་བ་ཧད་པོར་འཆར་བར་ངེས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཀུན་ཏུ་འོད་ནི་ས་ཆེན་པོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩིའི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །རྡོ་རྗེའི་འོད་ནི་བཞི་པ་སྟེ། །ས་དེའི་འོད་ནི་ཡིད་དགའ་བ། །ལྷག་པའི་བསམ་པ་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བཏགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ནི་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱིས། །དྲི་མ་མེད་པ་ཡོངས་སུ་འཛིན། །བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་ཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་བྱ་བ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་རྟོགས། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་པ་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོ་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །དེས་ཀྱང་བསྒོམ་སྐྱོད་མ་བྱུང་ཞིང༌། །ཏིང་འཛིན་བརྟན་པར་མ་གྱུར་ན། །ལས་ཀྱི་ཕྱག་རྒྱ་མཚན་ལྡན་ལས། །ལམ་ལྔ་འབྲས་བུ་ཐོབ་པར་བྱ། །སྦྱོར་ཐབས་མི་ཤེས་རྣལ་འབྱོར་དང༌། །སྟན་ཡང་གཅིག་ལ་མི་བསྡད་དེ། །གལ་ཏེ་བརྒྱ་ལ་བསྡད་གྱུར་ན། །ཤི་ནས་མནར་མེད་དམྱལ་བར་སྐྱེ། །འདོད་ཆགས་ལ་སོགས་ཤ་མ་ལི། །ཡར་ལ་བཤལ་ཞིང་མར་ལ་འདུད། །དེ་ཕྱིར་སྦྱོར་ཐབས་མཁས་པས་བསྟེན། །བསྟན་པ་སྨོད་པས་འཇིགས་པ་ན། །རང་སེམས་ཙམ་ལ་མོས་པ་བྱ། །པདྨ་ཅན་དང་དུང་ཅན་མ། །རི་མོ་ཅན་དང་རི་དྭགས་ཅན། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང༌། །དམངས་རིགས་གདོལ་པ་ལ་སོགས་དང༌། །མ་དང་སྲིང་མོ་བུ་མོ་ཡང༌། །ཁྱད་པར་ཅན་གྱིས་བསྟེན་གྱུར་ན། །ཡོན་ཏན་འབྱུང་གི་སྐྱོན་དུ་མིན། །བཅུ་གཅིག་མ་དང་བཅུ་གཉིས་མ། །བཅུ་དྲུག་མ་དང་ཉི་ཤུ་མ། །ཉི་ཤུ་བཞི་ལོན་བར་དུ་བསྟེན། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །མེ་ཏོག་རབ་སོང་སྦས་པ་ཡིས། །དེ་འོག་རྡུལ་གྱི་སྦྱོར་བས་ནི། །རྒྱལ་པོ་དང་ནི་བློན་པོ་དང༌༑ ༑གཞོན་ནུ་མ་ཡང་དབང་དུ་འགྱུར། །མི་སྣང་བ་ཡི་ལས་བྱ་སྟེ། །བྱི་ལ་ནག་མོའི་ཤ་མ་ནི། །ཁམ་ཕོར་ཁ་སྦྱར་ནང་དུ་སྐམས། །བགེགས་བསྐྲད་པ་ཡི་ཆོ་ག་བྱ། །དེ་ལྟར་གྲིབ་སྐམ་བྱས་པའི་རྫས། །ཕྱེ་མར་བཏགས་ཏེ་རང་ཉིད་ཀྱི། །མི་བསྐྱོད་པ་དང་རབ་སྦྱར་ནས། །སྲན་མ་ཙམ་གྱི་རིལ་བུ་བྱ། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་ནས། །ཁ་ཡི་ནང་དུ་གཞུག་པར་བྱ། །ཀུན་ཏུ་རུ་ཡི་སྐབས་སུ་ནི། །བུས་པའི་སྨན་ཡང་ལག་ཏུ་བཅང༌། །རང་གིས་དབང་བསྐུར་སྙིང་རྗེ་ཅན། །དེ་དང་དབེན་པའི་གནས་ཉིད་དུ། །ཉམ་ང་མེད་པའི་སྤྱོད་པ་བྱ། །དབབ་པ་སྒྲུབ་པའི་བྱེ་བྲག་གིས། །གསང་ལ་སྦྱོར་བའི་དུས་ཙ་ན། །བལྟ་དང་འཛུམ་དང་འཁྱུད་དང་རྒོད། །དེ་ལ་རྩེད་མོ་སྣ་ཚོགས་བྱ། །དེ་ནི་ཚོགས་ཀྱི་ལམ་དུ་འདོད། །ཨེ་ཝཾ་གཅིག་ཏུ་སྦྱར་བྱས་པས། །རྣམ་པ་སྣ་ཚོགས་སྦྱོར་བའི་ལམ། །རྩེ་མོ་ཡུན་རིང་དྲུད་པ་ལས། །རྣམ་པར་སྨིན་པ་མཐོང་བའི་ལམ། །གཉིས་ཤོར་གཉིས་མཉམ་དབུས་དག་ཏུ། །དེ་ལ་མ་ཡེངས་སྒོམ་པའི་ལམ། །དགག་བསྒྲུབ་མེད་པར་ངོ་འཕྲོད་པས། །མཐར་ཐུག་ལམ་དུ་འདོད་པ་ཡིན། །བསྒོམས་ན་སངས་རྒྱས་ཀུན་ཀྱང་རྒྱ། །མ་བསྒོམས་རྒྱ་ན་རྒྱ་བ་ཡིན། །གཟུང་བ་འཁྲུལ་འཁོར་མན་ངག་དང༌། །ཟངས་ཚགས་ཅན་དང་ཏིང་འཛིན་ནོ། །ཟློག་པ་དུད་འགྲོའི་འགྱུར་བཞི་ལ། །སྦྱོར་བ་དྲུག་དང་བཞི་ལྡན་སྦྱར། །འགྲེམས་པ་རྣམ་རོལ་ཕྱག་རྒྱ་དང༌། །གཟེར་ཆེན་དག་གི་མན་ངག་གོ །དེ་ནས་རྩ་ཡི་ནང་ཉིད་དུ། །གཡོན་པའི་སྲིན་ལག་ས་ལ་ནི། །དྲག་ཏུ་བཙུགས་ནས་ལུས་ལྕིད་ཕབ། །ཡང་ན་ལག་པ་གཉིས་ཀྱང་རུང༌། །རླུང་དང་བསྲེ་བའི་མན་ངག་ནི། །སྟེང་རླུང་མནན་ཞིང་འོག་རླུང་བསྡམ། །དཔེར་ན་ནོར་བུ་རིན་ཆེན་དག །མ་ཕུག་པས་ནི་སྦྱོར་བྲལ་འགྱུར། །ཕུག་པས་དགའ་བ་སྦྱིན་པའོ། །ཤེལ་དང་མཚུངས་པའི་སེམས་ལ་ནི། །སྦྱོར་བས་ཡུལ་ལ་འཇུག་པ་སྟེ། །འཁོར་བའི་སྐྱོན་གྱིས་གོས་པ་ཡིན། །སྐྱོན་དང་ཡོན་ཏན་སེམས་ལ་མེད། །འདི་ལ་སྤང་བ་གཉིས་ཡོད་དེ། །ཡོན་ཏན་མེད་ན་སྤང་བ་དང༌། །ཁྱད་པར་འཕགས་ནས་སྤང་བའོ། །ཁྱད་པར་ཡོན་ཏན་ཅན་གྱིས་ཀྱང༌། །ཤེས་པ་སྐྱོ་ན་བསྟེན་ཀྱང་རུང༌། །འགའ་དང་འགའ་ཡི་སྤྱོད་ཡུལ་ལས། །ཀུན་གྱི་སྤྱོད་ཡུལ་འདི་མ་ཡིན༑ ༑ཕྱི་དང་ནང་དུ་རྣམ་དབྱེ་བ། །ཐམས་ཅད་སྒྱུ་མ་ལས་གཞན་མིན། །དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདིར་བཤད་དེ། །རྣམ་པར་སྨིན་པའི་སྒྱུ་ལུས་དང༌། །དག་པ་ལྷ་ཡི་སྒྱུ་ལུས་དང༌། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང༌། །མེ་ལོང་ལྟ་བུའི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་འདི་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །མིག་ཡོར་གློག་དང་སྨིག་རྒྱུ་དང༌། །བྲག་ཆ་དྲི་ཟའི་གྲོང་ཁྱེར་དང༌། །རྨི་ལམ་སྒྱུ་མ་ཆུ་སྦུར་དང༌། །མིག་འཕྲུལ་མཚུངས་པར་གང་གིས་མཐོང༌། །སྒྱུ་མར་བསྟན་པའི་མཚན་ཉིད་ཀྱིས། །འགྲོ་བ་སྒྱུ་མ་ཇི་བཞིན་བརྟགས། །མེ་ལོང་དྲི་མ་མེད་པ་ལས། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པའི། །གཟུགས་བརྙན་གསལ་བར་སྣང་མཚུངས་པས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་རྗེས་སུ་དྲན་པར་བྱ། །འཇའ་ཚོན་ལྟ་བུའི་ལུས་ངག་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། །ཡན་ལག་དྲུག་སྒོམ་དེ་ལ་ནི། །སླར་ཡང་བྱིན་གྱིས་བརླབ་བྱ་ཡིན། །རྗེས་མཐུན་ཆོ་གའི་རིམ་པ་འདིས། །ཕྱིས་ནས་མཚན་མ་མཚོན་པར་བྱ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུའོ། །གསུམ་པ་སྲིན་བུ་མེ་ཁྱེར་དངོས། །བཞི་པ་མར་མེ་གསལ་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཐམས་ཅད་མཁྱེན་པའི་རྒྱུ་དེ་དེ། །དངོས་གྲུབ་ངེས་འཇུག་ཉེ་བ་ཡིན། །རྣལ་འབྱོར་ལས་ནི་གང་གང་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟག །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དག་ལ། །མིག་ལ་སོགས་པ་འཇུག་གྱུར་པ། །སྒྱུ་མ་ལྟ་བུར་ཉེ་བར་བརྟག །གང་གང་དབང་པོའི་ལམ་གྱུར་ཉིད། །དེ་དེའི་རང་བཞིན་ཉིད་ལས་གྲོལ། །དོན་དམ་ཉིད་ཕྱིར་སྦྱར་བ་ཡིས། །སངས་རྒྱས་ཀུན་གྱི་ངོ་བོ་འགྱུར། །ཕྱིས་ནས་སྒྱུ་མའི་རྣམ་པ་ལྟར། །རྨི་ལམ་རྣམ་པར་སྐད་ཅིག་འགྱུར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་དང་ལྡན། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །དམིགས་མེད་ཀུན་རྫོབ་དག་ཏུ་ནི། །སྒྱུ་མ་ལྟ་བུར་རབ་ཏུ་བཤད། །ཀུན་ནས་ཕྱག་དང་ཀུན་ནས་ཞབས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་སྙན་ལྡན་འཇིག་རྟེན་ན། །ཀུན་ཏུ་ཐམས་ཅད་གཡོགས་ནས་བཞུགས། །རྡོ་རྗེ་ཐེག་པ་འདི་ཉིད་དུ། །མང་དུ་བཤད་པས་སྨོས་ཅི་དགོས། །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང༌། །རང་བཞིན་དག་པའི་སེམས་ཉིད་ལ། །འཁྲུལ་པ་ལོག་པ་རབ་ཏུ་གསུངས། །དོན་བཞིས་ཉམས་སུ་བླང་བར་བྱ། །དང་པོ་རྨི་ལམ་གཟུང་བ་དང༌། །དེ་ནས་སྦྱང་ཞིང་སྒྱུ་མར་བསླབ། །དེ་ཚེ་ཡ་ང་སྤང་བ་དང༌། །ཁོ་ན་ཉིད་དོན་སྒོམ་པའོ། །དང་པོ་གཟུང་བའི་མན་ངག་ནི། །དྲན་དང་འདུན་པས་མཚམས་སྦྱར་ཏེ། །རྣམ་ཤེས་སྲོག་ནི་འདུ་བའི་རྟེན། །མགྲིན་པར་སྔགས་ཀྱི་འཁོར་ལོ་བསྒོམ། །སླར་ཡང་རླུང་དང་ཤེས་སྦྱར་ནས། །ཐིག་ལེ་བཏིང་དང་བགོ་བར་བྱ། །དེ་ནས་སྦྱངས་པའི་མན་ངག་ནི། །ངོ་མཚར་ཅན་གྱི་རྨི་ལམ་གང༌། །རྨི་བར་བྱའོ་སྙམ་པའི་བློས། །དཔེར་ན་རྨི་ལམ་བུད་མེད་སྣང༌། །སད་ནས་བུད་མེད་མང་པོར་སྤྲོ། །དེར་ཤེས་པ་ཡིས་དབང་གིས་སུ། །ཅིར་ཡང་བསྒྱུར་དུ་བཏུབ་པ་ཡིན། །གསུམ་པ་སྒྱུ་མར་བསླབ་པ་ནི། །བདག་མེད་མ་ཡི་རྣམ་པར་བསྒོམ། །དེ་ཡི་སྤྲུལ་པ་རྣམ་མང་པོས། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པ། །ཁེངས་པར་གྱུར་པ་རབ་བལྟས་ན། །དེ་བཞིན་དུ་ནི་འགྱུར་བ་ཡིན། །ཆོས་རྣམས་རྨི་ལམ་ལྟར་ཤེས་ནས། །སེམས་ཅན་དོན་དུ་རབ་ཏུ་འཇུག །སྒྱུ་མ་ལྟ་བུར་ལམ་ཁྱེར་བས། །སྒྱུ་མ་ལྟ་བུར་འཚང་ཡང་རྒྱ། །དེ་དག་འཆི་བའི་དུས་བྱུང་ཡང༌། །བར་དོ་ངོ་ནི་ཤེས་པར་འགྱུར། །ཁོ་ན་ཉིད་དོན་སྒོམ་པ་ནི། །རྡོ་རྗེ་ལས་བྱུང་སྣ་ཚོགས་པའི། །རྨི་ལམ་དྲི་མ་མེད་མཐོང་ན། །རྨི་ལམ་སྒྱུ་མ་གཅིག་ཏུ་སྦྱངས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སྐྱེས་པ་བླ་མེད་འགྲུབ་པར་འགྱུར། །འོད་གསལ་ངོས་འཛིན་མན་ངག་འདིར། །གཞི་ལམ་འབྲས་བུ་རབ་ཤེས་བྱ། །རང་བཞིན་སྤྲིན་དང་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང༌། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་ནས་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བར་ནི་འཇུག་པར་འགྱུར། །དེ་ཉིད་འཆར་བའི་དུས་ལྔ་སྟེ༑ ༑འཆི་བའི་དུས་དང་གཉིད་ལོག་དང༌། །མཉམ་པར་བཞག་དང་དབུ་མར་གནས། །མཉམ་རྗེས་རོ་གཅིག་གྱུར་པ་ཡིན། །ཇི་ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་དུ་ནི་སྣང་མི་འགྱུར། །བུམ་པ་དེ་ཉིད་བཅག་གྱུར་ན། །དེ་འོག་མར་མེའི་འོད་སྣང་འགྱུར། །དེ་བཞིན་བུམ་པ་རང་ལུས་ཉིད། །འོད་གསལ་མར་མེ་ལྟ་བུ་ཡིན། །བླ་མའི་ཞལ་གྱིས་ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་གསལ་བར་འགྱུར། །སྟོང་ཉིད་ཤིན་ཏུ་སྟོང་པ་དང༌། །གསུམ་པ་སྟོང་པ་ཆེན་པོ་དང༌། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ །སྟོང་པ་ཆེ་ལ་མཉམ་པར་གཞག །བསམ་གཏན་འདི་ནི་རྣམ་དག་མིན། །དེ་ཉིད་རིག་ལ་གང་གིས་གནས། །ཡེ་ཤེས་གསུམ་ནི་རྣམ་དག་དེས། །མངོན་པར་བྱང་ཆུབ་ཤེས་པར་འགྱུར། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང་ནི་མི་དམིགས་སོ། །འོད་གསལ་བར་ནི་གཉིད་ལོག་ན། །ཞག་ནི་དུ་མར་མཚམས་བཅད་ནས། །གཉིད་མི་ཉལ་བར་སེམས་ཀྱི་སང༌། །དེ་ནས་ཁྲུས་དང་བྱུག་པ་དང༌། །དཀུ་མཉེའི་སྦྱོར་བ་ལ་འབད་ཅིང༌། །མཐུན་པའི་ཟས་དག་བསྟེན་པར་བྱ། །དེ་ནས་ཉལ་བར་གྱུར་པ་ན། །སྙིང་གི་པདྨོ་ཁ་ཕྱེ་སྟེ། །འདབ་བཞི་དབུས་ཀྱི་ལྟེ་བ་ལ། །ཨ་ནུ་ཏ་ར་ཧཱུྃ་བསྒོམས་ནས། །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ཏུ་ཐིམ་གྱུར་པ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱེད། །རིལ་པོར་འཛིན་པའི་རིམ་པ་དང༌། །དེ་བཞིན་རྗེས་སུ་གཞིག་པས་སོ། །འོད་གསལ་མངོན་དུ་གྱུར་པ་ན། །སོར་བཞི་གཅིག་ཏུ་གྱུར་པའི་ཤེས། །སྒྱུ་མའི་རླུང་ལྡན་ཟུང་འཇུག་འཆར། །ཇི་ལྟར་དྭངས་པའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས༑ ༑སྒྱུ་འཕྲུལ་དྲྭ་བ་འབྱུང་བར་འགྱུར། །མཐོང་བའི་ཆོས་ལ་མྱ་ངན་འདའ། །བྱ་བ་བྱས་པའང་དེ་ཉིད་ཡིན། །འཆི་བ་སྟོང་པ་ཆོས་སྐུ་ལ། །བར་མ་དོ་ནི་ལོངས་སྤྱོད་རྫོགས། །སྲིད་པར་སྐྱེ་བ་སྤྲུལ་པའི་སྐུ། །སྐྱེ་བའི་ཆ་ནི་ཐབས་ཡིན་ལ། །འགགས་པ་ཤེས་རབ་སྲིད་མཐར་བྱེད། །དང་པོ་སྣང་བ་གསུམ་གྱིས་ནི། །ཐིམ་པའི་འོད་གསལ་ངོས་བཟུང་བ། །གཉིས་པ་དག་དང་མ་དག་པས། །སྒྱུ་མ་ལྟ་བུའི་སྒོ་ནས་ནི། །བར་མ་དོར་ནི་འཚང་རྒྱའི་ཐབས། །གསུམ་པ་མངལ་སྒོ་དགག་པ་དང༌། །གང་འདོད་མངལ་སྒོ་གདམ་པའོ། །དེ་ལ་སྐྱེ་ཤི་བར་དོ་རུ། །བསྒོམ་སྟེ་སངས་རྒྱས་གཏུམ་མོ་དང༌། །སྒྱུ་མའི་ལུས་ལ་བསླབ་པར་བྱ། །དེ་ལ་གོམས་པར་གྱུར་པ་དང༌། །རྨི་ལམ་སྒྱུ་ལུས་གཉིས་བསྲེས་ལ། །རྨི་ལམ་བར་དོ་སྦྱང་བར་བྱ། །རྨི་ལམ་སྒྱུ་ལུས་འབྱོངས་པ་དང༌། །འཆི་ཀ་དུས་ཀྱི་བར་དོ་རུ། །འོད་གསལ་བ་དང་འདྲེས་པ་ལས། །སྒྱུ་ལུས་རིལ་འཛིན་རྗེས་གཞིག་གི །བག་ཆགས་ཐམས་ཅད་བསྲེག་པའི་ཕྱིར། །འོད་གསལ་མེ་ཡིས་སྦྱངས་ནས་ནི། །ཟུང་དུ་འཇུག་པའི་སྐུར་སངས་རྒྱས། །རིམ་གྱིས་འཇུག་པའི་གང་ཟག་གི །ཤེས་པ་སྐྱེ་ལུགས་འདི་ལྟ་སྟེ། །སྣང་བ་ཐིམ་དང་རགས་པ་ཐིམ། །རྟོག་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་དང༌། །རང་བཞིན་གྱི་ནི་འོད་གསལ་འཆར། །དེ་ཡི་རྗེས་ལ་ཟུང་འཇུག་གི །སྐུ་ནི་རྣམ་པ་གཉིས་འབྱུང་སྟེ། །སློབ་པ་དང་ནི་མི་སློབ་གཉིས། །མི་སློབ་པ་ནི་གྱུར་ཙ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །གང་དུ་བསྟན་པ་དེ་དག་ཀྱང༌། །རྒྱས་པར་བཤད་ན་འདི་ལྟ་སྟེ། །དང་པོ་ལུང་རིགས་མན་ངག་གིས། །རྒྱུད་ལ་རྟོགས་པ་ཤར་ཙ་ན། །སྣང་བ་འགག་ལུགས་བསྟན་པ་ནི། །གཟུགས་ནི་སྒྲ་ལ་ཐིམ་པར་འགྱུར། །སྒྲ་ཡང་དྲི་ལ་དྲི་ཡང་རོ། །རེག་བྱའི་བར་དུ་རིམ་གྱིས་ཐིམ། །ས་དང་ཆུ་དང་མེ་དང་རླུང༌། །དེ་རྣམས་རིམ་གྱིས་རྣམ་ཤེས་ལ། །རྣམ་ཤེས་སྣང་བ་ལ་ཐིམ་ཚེ། །ཕྱི་རྟགས་ཟླ་ཤར་ལྟ་བུ་ལ། །ནང་རྟགས་དུ་བ་ལྟ་བུ་འབྱུང༌། །སྣང་བ་དེ་ཉིད་མཆེད་པ་ལ། །ཐིམ་ཚེ་ཕྱི་རྟགས་ཉི་ཤར་འདྲ། །ཤེས་པ་མེ་ཁྱེར་ལྟ་བུར་འབྱུང༌། །མཆེད་པ་ཐོབ་པ་ལ་ཐིམ་པས། །ཕྱི་རྟགས་མུན་པ་ལྟ་བུ་འབྱུང༌། །ཤེས་པ་མར་མེ་ལྟ་བུར་འཆར། །ཐོབ་པ་འོད་གསལ་ལ་ཐིམ་པས། །ཕྱི་རྟགས་ཐོ་རངས་དུས་ཚོད་ཀྱི། །སྐྱ་རེངས་ཤར་བ་ལྟ་བུ་འབྱུང༌། །ནང་གི་ཤེས་པ་ནམ་མཁའ་ནི། །སྤྲིན་དག་འདྲ་བ་འཆར་བའོ། །འོད་གསལ་དེ་ལས་ལངས་པ་ཡི། །ཟུང་འཇུག་ངོས་ནི་གཟུང་བྱ་སྟེ། །མངོན་པར་བྱང་ཆུབ་འོད་གསལ་མེས། །བག་ཆགས་ཐམས་ཅད་སྦྱོང་དུས་སུ། །སློབ་པའི་ཟུང་འཇུག་ཅེས་བྱའོ། །སྦྱང་གཞི་སྦྱོང་བྱེད་མེད་ཙ་ན། །གོམས་པ་མཐར་ཕྱིན་གྱུར་པ་སྟེ། །མི་སློབ་ཟུང་འཇུག་ཅེས་བྱའོ། །འབྲས་བུ་ཐོབ་པར་གྱུར་པ་ཡིན། །དེ་ལས་སྲིད་པའི་བར་མ་དོར། །སྒྱུ་ལུས་ཟུང་འཇུག་སྐུར་གྱུར་ཏེ། །ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་བོ། །དེ་ལ་གོམས་པས་མངལ་སྒོ་ཁེགས། །གལ་ཏེ་ཟུང་འཇུག་མ་ཤེས་ན༑ ༑སྲིད་པའི་སྐྱེ་བ་མི་ཁེགས་པས། །ཆགས་སྡང་སྣང་བ་ཀུན་སྤངས་ལ། །དྲན་པའི་སྤྱན་པས་མཚམས་སྦྱར་ཏེ། །མངལ་སྒོ་གདམ་པའི་སྦྱོར་བ་པ། །མངོན་དགའི་འཕོ་བ་བྱས་པ་ཡིས། །གང་འདོད་གནས་སུ་སྐྱེ་བར་འགྱུར། །འཕོ་བའི་བྱེ་བྲག་ཤིན་ཏུ་མང༌། །སྦྱངས་ཏེ་འཕོ་དང་ཏིང་འཛིན་དང༌། །སྲོག་དང་རྩོལ་བས་འཕོ་བ་དང༌། །རྣམ་ཤེས་བླ་མར་འཕོ་བ་དང༌། །བཙན་ཐབས་དག་ཏུ་འཕོ་བ་དང༌། །སྤྲོས་མེད་ཆོས་སྐུའི་འཕོ་བ་དང༌། །སྤྲོས་བཅས་གཟུགས་སྐུའི་འཕོ་བ་དང༌། །ལོངས་སྤྱོད་རྫོགས་སྐུའི་འཕོ་བ་དང༌། །སྤྲུལ་པ་སྐུ་ཡི་འཕོ་བ་དང༌། །ཡིད་འོང་ཌཱ་ཀིའི་འཕོ་བའོ། །དེ་དག་ཐམས་ཅད་རོ་གཅིག་པར། །སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། །པུས་མོ་སྐོར་ཞིང་སེ་གོལ་བརྡབ། །བརྒྱ་དང་རྩ་བརྒྱད་ཟིན་པའི་ཚད། །སྙིང་གར་ཟིན་ནས་ལྐོད་མར་གཟུང༌། །དབུགས་ནི་ངལ་བར་གྱུར་པ་ན། །སྣ་སྒོར་ཆ་མཉམ་ངལ་གསོ་བྱ། །རང་འདོད་དབུ་མར་ཟིན་པ་ན། །བདེ་བའི་འཁོར་ལོ་དྲང་བྱ་སྟེ། །བུམ་པ་སྔོན་དུ་བརྩམས་ནས་ནི། །ཉི་ཤུ་རྩ་གཅིག་དབུགས་དག་གིས། །གནས་ནས་དྲག་ཏུ་དྲངས་ནས་སུ། །གཞུང་ཚིགས་ནང་ཡར་པདྨ་ཡི། །འཁོར་ལོ་ཉི་ཤུ་རྩ་གཅིག་བསམ། །ཚིགས་གཅིག་ནས་ནི་ཚིགས་གཅིག་གོ །ཡར་བཟློག་མར་བཟློག་ས་བོན་གྱི། །སྦྱང་བ་ཡི་གེ་ཕྱེད་དང་གཉིས། །ང་རོ་དྲག་ཏུ་བརྗོད་པ་ཡིས། །ཤེས་པ་བདེ་བ་ཅན་དུ་གཏད། །དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །རིམས་ལ་སོགས་པ་མ་ཕོག་པར། །འཕོ་བའི་སྦྱོར་བ་མཆོག་ཡིན་པས། །འཆི་བའི་དུས་ལ་བབ་པ་ན། །མཚན་མ་ཤེས་པར་བྱ་བ་སྟེ། །ལམ་བཟང་པོ་ལ་ཡིད་འོངས་གནས། །ལམ་ངན་གྱིས་ནི་སྲིད་པ་སྐྱོན། །ཐིག་ལེ་ལྟེ་བ་སྟེང་དང་ནི། །མིག་སྣ་སྲིད་སྒོ་རྣ་བ་དང༌། །ཆུ་དང་ཆུ་མིན་སྒོ་མཚན་ཉིད། །ལྟེ་བ་ལས་ནི་འདོད་ཁམས་ལྷ། །ཐིག་ལེའི་གཟུགས་ཅན་མཐོ་རིས་ཏེ། །སྟེང་ནས་འགྲོ་བ་སྟེང་གི་ནི། །འགྲོ་བ་དག་ཏུ་རབ་ཏུ་བརྟག །སྣ་ནས་གནོད་སྦྱིན་གནས་སུ་སྟེ། །རྣ་བ་དག་གིས་གྲུབ་པའི་ལྷ། །གལ་ཏེ་མིག་ལས་ཡེ་ཤེས་འཕོས། །མི་རྣམས་ཀྱི་ནི་བདག་པོར་འགྱུར། །སྲིད་པའི་སྒོ་ལས་ཡི་དྭགས་དང༌། །དེ་བཞིན་ཆུ་ལས་དུད་འགྲོ་སྟེ། །ཆུ་མིན་གྱིས་ནི་དམྱལ་བ་བརྒྱད། །འདི་ལྟའི་སྒོ་ཡི་ཁྱད་པར་ལས། །འཁོར་བའི་བྱེ་བྲག་ཏུ་འགྱུར་བས། །ཚངས་པའི་གནས་ནས་འཕོ་བར་བྱ། །ཉིན་རེ་བྲམ་ཟེ་གསོད་པ་དང༌། །མཚམས་མེད་ལྔ་ཡི་བྱེད་པ་དང༌། །རྐུ་དང་འདོད་པས་ལོག་སྤྱོད་རྣམས། །འདི་ཡིས་ལམ་གྱིས་ཁེགས་པར་འགྱུར། །སྡིག་གིས་གོས་པར་མི་འགྱུར་ཏེ། །སྲིད་པའི་དངོས་པོ་རིང་བར་འགྱུར། །ཇི་ལྟར་འདམ་ནས་སྐྱེས་པ་ཡི། །པདྨའི་འདབ་ནི་མཛེས་པར་འགྱུར། །དེ་བཞིན་འདམ་འདྲའི་ལུས་དག་ལས། །ཡེ་ཤེས་སྐུ་ནི་རང་དགར་འབྱུང༌། །རྡོ་རྗེ་དྲིལ་བུ་མི་ལྡན་པའི། །རྡོ་རྗེའི་བསྒྲུབ་པར་རིང་བར་འགྱུར། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །སྦྱངས་ནས་ཕ་རོལ་བརྒལ་བར་འགྱུར། །མཚན་མོ་ཟླ་བ་མེད་པ་ཡི། །ཉིན་མོ་ཟླ་བ་ཇི་ལྟར་སྣང༌། །རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་དཔལ་སོགས་རྣལ་འབྱོར་མ། །ལག་ན་མེ་ཏོག་སྣ་ཚོགས་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང༌། །རོལ་མོའི་སྒྲ་ནི་སྣ་ཚོགས་དང༌༑ ༑སྣ་ཚོགས་གླུ་ཡིས་མཆོད་པ་ཡིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད། །གྲོང་དུ་འཇུག་པ་བཤད་པར་བྱ། །བསྐྱེད་པའི་རིམ་པའི་འཕོ་བ་ལས། །བྱེ་བྲག་གསལ་བར་བསྟན་པ་སྟེ། །དང་པོ་སྔོན་འགྲོ་སྦྱངས་ནས་སུ། །དངོས་གཞི་དམིགས་པ་གསལ་བའི་ཚེ། །སེམས་ཅན་རྨ་མེད་དག་ལ་ཡང༌། །རླུང་སེམས་རྩལ་ནི་སྦྱང་བར་བྱ། །དང་པོ་ཁྲུ་གང་བར་ཁྲུ་གསུམ། །ཐ་མ་ཁྲུ་བདུན་ས་ཡིན་ཏེ། །དམིགས་པ་རྣོ་ལ་ངར་ལྡན་པས། །སྟེང་འོག་སྦོ་བར་ནུས་པ་ཡིས། །རྣལ་འབྱོར་པས་ནི་འགྲུབ་པར་གསུངས། །ལས་ལ་སྦྱར་བའི་དུས་ཚོད་དུ། །དམ་ཚིག་ལྡན་པའི་གྲོགས་མཆོག་གཅེས། །རྒན་པོ་མ་ཡིན་རྨ་མེད་ཅིང༌། །མཛེ་དང་ཤུ་ཅན་ལ་སོགས་སྤང༌། །ཤིན་ཏུ་མཉམ་པར་བཞག་པ་ཡིས། །འབྱུང་པོའི་ཉི་མ་ལ་བསྒྲུབ་བྱ། །བདུད་རྩི་ལྔ་ཡི་ཁྱད་པར་དང༌། །ལྷ་ཡི་ཆུ་ཡིས་བཀྲུ་བར་བྱེད། །མཎྜལ་གྲུ་བཞི་བྱས་ནས་ནི། །དེ་དབུས་འབད་པས་གྲུ་གསུམ་བྱ༑ ༑དཀྱིལ་འཁོར་སྟེང་དུ་ཐོད་པ་ནི། །མཚན་ལྡན་གཅིག་ལ་ཧཱུྃ་བྲིས་ཏེ། །དེ་ལ་ཤེས་པ་གཏད་པ་དང༌། །གསལ་ཞིང་དྭངས་ལ་ཡང་བ་ཡི། །རིག་པ་བདེ་བ་སྐྱེ་བར་འགྱུར། །རླུང་དང་རྣམ་པར་ཤེས་པ་དང༌། །ཕྱི་རོལ་ལྷ་དང་རང་ཉིད་བསྲེ། །ལུས་བརྗེས་སེམས་ཅན་དོན་བྱའོ། །འབྲས་བུ་སྐྱེ་བའི་རིམ་པ་ནི། །འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་ནས་ནི། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཀུན་ནས་ཉོན་མོངས་དང་རྣམ་བྱང༌། །དོན་དམ་ཉིད་དུ་ཤེས་ནས་སུ། །གང་གིས་གཅིག་ཏུ་སྤྱོད་གྱུར་པ། །དེ་ཡིས་ཟུང་འཇུག་ཤེས་པའོ། །དངོས་པོ་རྣམ་བཅས་ཀུན་རྟོག་དང༌། །དངོས་པོ་མེད་པར་རྟོག་པ་དང༌། །གཟུང་བ་དང་ནི་འཛིན་པ་ཞེས། །རྣམ་གཉིས་བློ་ནི་ཡོད་མིན་གྱི། །གང་དུ་མི་ཕྱེད་བློ་ཡོད་པ། །དེ་ནི་ཟུང་འཇུག་ཅེས་བྱར་བཤད། །བསྐྱེད་པའི་རིམ་པ་འདི་གཅིག་ཡིན། །གཞན་ཡང་རྫོགས་པའི་རིམ་པ་དག །གཉིས་པོ་གང་དུ་གཅིག་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། །རིལ་པོར་འཛིན་དང་རྗེས་གཞིག་དང༌། །འཇུག་དང་དེ་བཞིན་གནས་པ་དང༌། །དེ་ནས་གང་དུ་ལྡང་གྱུར་པ། །མཉམ་གྱུར་ཟུང་དུ་འཇུག་པའོ། །དེ་ཉིད་ཤེས་པའི་རིམ་ཤེས་ནས། །བདག་བྱིན་རླབས་དང་འོད་གསལ་བ། །དེ་ཉིད་ལ་ནི་འདུས་པ་གང༌། །ཟུང་དུ་འཇུག་པའི་རིམ་པའོ། །ཆགས་དང་ཆགས་བྲལ་ལས་གྲོལ་ཞིང༌། །མཆོག་ཏུ་དགའ་བའི་ལུས་པོ་ལྡན། །འཁོར་བ་སྲིད་དུ་གནས་བྱེད་པ། །ཟུང་དུ་འཇུག་པར་བསྒོམ་པའོ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །ཐམས་ཅད་བསྡུས་ནས་ཤེས་གྱུར་པ། །རྣལ་འབྱོར་ཆེན་པོ་གང་དུ་གནས། །དེ་ནི་ཟུང་དུ་འཇུག་པར་འགྱུར། །སྟོང་ཉིད་སྙིང་རྗེ་གཅིག་པ་ནི། །ཤེས་ནས་གང་དུ་སྤྱོད་གྱུར་པ། །ཟུང་འཇུག་ཅེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །གང་དུ་ལྷག་མར་བཅས་པ་དང༌། །དེ་བཞིན་ལྷག་མ་མེད་པ་ཞེས། །འདི་ལྟའི་རྟོག་པ་མེད་གྱུར་ན། །དེ་ནི་ཟུང་དུ་འཇུག་པའོ། །གང་དུ་གང་ཟག་བདག་མེད་པ། །ཆོས་ལ་བདག་མེད་པ་དག་གི། །རྟོག་པ་གཉིས་ལས་རྣམ་གྲོལ་བ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །རྟག་དང་ཆད་པའི་བློ་དང་ནི། །གང་ཞིག་སྤངས་ནས་རབ་གནས་པའི། །ཟུང་དུ་འཇུག་པའི་རིམ་པ་ནི། །དེ་ཉིད་ཤེས་ན་མཁས་པ་ཡིན། །ཀུན་རྫོབ་དང་ནི་དོན་དམ་དག །སོ་སོ་འཆར་ནི་ཤེས་ནས་སུ། །གང་དུ་ཡང་དག་ངེས་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །དྲན་དང་དྲན་མིན་ལས་གྲོལ་ཞིང༌། །རྟགས་འབྱུང་བ་ཡི་མཚན་ཉིད་ཅན། །རྣལ་འབྱོར་པ་ནི་འདི་བཞིན་སྤྱོད། །ཟུང་འཇུག་རིམ་པ་གནས་པའོ། །གཟུགས་ཕྲ་རེག་ན་ཡང་བ་དང༌། །ཁྱབ་དང་ཡང་དག་ཐོབ་པ་དང༌། །རབ་ཏུ་སྣང་དང་བརྟན་པ་དང༌། །དབང་སྒྱུར་འདོད་དགུར་སྒྱུར་བ་སྟེ། །དབང་ཕྱུག་བརྒྱད་ཅེས་དེ་ལ་བཤད། །དྲུག་ནི་ལམ་ཡིན་གཉིས་པོ་ནི། །གཞན་དོན་ཤུགས་ལས་འབྱུང་བ་ཡིན། །གཉིད་ལོག་པ་དང་སད་པ་སྟེ། །གནས་སྐབས་གཉིས་པོ་སྤངས་པ་ནི། །གཉིད་ལོག་པ་དང་རྣམ་བྲལ་བ། །ཟུང་འཇུག་ཡིན་པར་སྟོན་པས་གསུངས། །བྱ་བ་དང་ནི་བྱེད་པ་དག །མི་ཕྱེད་པ་ཡི་ངོ་བོ་ཉིད། །གནས་ནས་རྣལ་འབྱོར་པས་ཤེས་པ། །ཟུང་དུ་འཇུག་པ་དེ་བཤད་དོ། །མཉམ་པར་བཞག་དང་མ་བཞག་དང༌། །གང་ལ་འདི་དག་ཐམས་ཅད་མེད། །དངོས་དང་དངོས་མེད་རྣམ་སྤངས་པ། །རྣལ་འབྱོར་པ་ནི་ཟུང་འཇུག་གནས། །སྐུ་དང་གསུང་གི་དབང་ཕྱུག་དང༌། །ཐུགས་དང་རྫུ་འཕྲུལ་ཀུན་འགྲོ་གནས། །ཅི་འདོད་སྐྱེད་དང་ཡོན་ཏན་རྒྱན། །འདི་ནི་འབྲས་བུའི་དབང་ཕྱུག་བརྒྱད། །སེམས་ཅན་དང་པོའི་ལས་ཅན་ལ། །རིམ་གྱིས་པ་འདི་བསྟན་པར་བྱ། །དང་པོ་ཉོན་མོངས་འདུལ་བ་ནི། །ཁམས་ཀྱིས་རབ་ཏུ་དབྱེ་བར་བྱ། །ཕུང་པོའི་ཞིག་རལ་བསྒོམ་པར་བྱ། །བསྐྱེད་རིམ་གཞུང་ལས་ཤེས་པར་བྱ། །ངག་དབེན་པ་དང་རླུང་སྒོམ་པ། །བླ་མའི་ཞལ་ལས་ཤེས་པར་བྱ། །སེམས་ལ་དམིགས་པའི་མན་ངག་ནི༑ ༑བདེ་བ་ཆེན་པོའི་མན་ངག་གོ །བླ་མའི་ཞལ་གྱིས་རྟོགས་པར་བྱ། །ཕྱག་རྒྱ་ཆེན་པོའི་མན་ངག་ནི། །མན་ངག་ཚིག་བསྡུས་དག་ལས་ཤེས། །གཏུམ་མོ་འོད་གསལ་སྦྱང་བ་ལ། །སྒྱུ་མ་ལྟ་བུའི་ལུས་བསྒོམ་པ། །སློབ་པ་དང་ནི་མི་སློབ་གཉིས། །སློབ་པ་ལ་ཡང་གཉིས་ཡིན་ཏེ། །མངོན་པར་རྟོགས་པའི་རིམ་པ་དང༌། །རང་ཉིད་ལྷག་པར་གནས་པའོ། །མངོན་པར་རྟོགས་པའི་རིམ་པ་ལ། །གསང་བའི་དབང་གི་དུས་དག་ཏུ། །མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་ཏེ། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། །རང་ཉིད་ལྷག་པར་གནས་པ་ལ། །འཕོ་དང་གྲོང་དུ་འཇུག་པ་དང༌། །རྨི་ལམ་བར་དོ་རྣམ་པ་བཞི། །གོང་དུ་འཕོ་བ་རྣམ་གསུམ་སྟེ། །བསྐྱེད་པའི་རིམ་པའི་ཚུལ་དང་ནི། །སྒྱུ་མ་དངོས་དང་འོད་གསལ་ལོ། །བསྐྱེད་པའི་རིམ་པའི་ཚུལ་ལ་ནི། །ཀྵུཾ་ལ་སོགས་པའི་ཡི་གེ་ཡིས། །བུ་ག་དག་ཀྱང་དགག་བྱ་སྟེ། །རང་གི་སེམས་ནི་ལྷ་ཡི་སྐུ། །འཇའ་ཚོན་ལྟ་བུར་བསྒོམ་པའང༌། །ཡང་ན་ཧཱུྃ་ལ་བསྡུ་བྱ་སྟེ། །ཚངས་པའི་བུ་ག་དག་ཏུ་འདོན། །འོག་མིན་གནས་སུ་ཡང་དང་ཡང༌། །རྒྱུན་མི་འཆད་པར་གནས་པར་བྱ། །དེ་ལྟར་གོམས་པ་བརྟན་གྱུར་ན། །དུས་ཀྱི་རྟགས་རྣམས་ཤེས་བྱ་སྟེ། །འཕོ་ཀར་ཤེས་པ་གནས་སུ་བསྐྱལ། །དེ་ལྟར་བྱས་པས་འཕོ་བར་འགྱུར། །སྒྱུ་མ་དངོས་ཀྱི་འཕོ་བ་ནི། །འོག་ནས་འབྱུང་བའི་རྨི་ལམ་ལ། །གོམས་པར་བྱ་སྟེ་སུམ་ཅུ་ནི། །རྩ་གསུམ་གནས་སུ་འཕོ་བར་བྱ། །དེ་རུ་སྔར་ནི་གང་བསྒོམས་པར། །གོམས་པས་ཁྲིད་དེ་བསྒོམས་གྱུར་ན། །བདེ་སྟོང་སྐྱེ་བའི་གནད་ཡིན་པས། །མི་རྟོག་ཡེ་ཤེས་ཐོབ་ནས་ནི། །ཚེ་འདི་ཉིད་ལ་སངས་རྒྱས་ཉིད། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྔགས་པའི་འགྲོ་ས་མཆོག་ཡིན་ཏེ། །མཚན་ཉིད་པ་ནི་ལྟུང་བར་འགྱུར། །འོད་གསལ་བ་ཡི་འཕྲོ་བ་ནི། །འཕོ་བའི་དུས་ནི་ཤེས་བྱས་ཏེ། །མི་རྟོག་པ་ལ་སེམས་གནས་ནས། །ལུས་ཀྱི་རྩོལ་བ་དག་གིས་ནི། །འོད་གསལ་བར་ནི་གཞུག་བྱ་སྟེ༑ ༑བར་དོར་མྱ་ངན་འདའ་བ་ཡིན། །བསླབས་ནས་འཕོ་བ་དེ་རྣམས་ཡིན། །འོད་གསལ་བ་ལ་སེམས་གནས་ན། །སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །མ་བསླབས་པར་ཡང་འཕོ་བ་ཡོད། །ཟུང་འཇུག་ཏིང་འཛིན་ལ་གནས་ནས༑ ༑སླར་ནི་གང་ལའང་མི་སློབ་སྟེ། །གཉིས་མེད་རྟོགས་པ་མཐར་ཕྱིན་པ། །སྐུ་བཞི་རོ་མཉམ་འགྱུར་བའོ། །དེ་ལ་གྲོང་དུ་འཇུག་པ་ནི། །མདུན་དུ་དམིགས་པ་གསལ་བྱས་ལ། །དབུགས་དང་ཤེས་པ་འཐོན་པར་གཏད། །དེ་ལ་དམིགས་པ་བྱང་བ་དང༌། །དམིགས་པ་ཇེ་གསལ་ཇེ་གསལ་འགྱུར། །དེ་ལ་ཡུན་དུ་གོམས་བྱས་ནས། །རང་གི་ཕུང་པོ་དོར་བྱ་སྟེ། །བསོད་ནམས་ཅན་གྱི་ལུས་བླངས་ནས། །སེམས་ཅན་དོན་ནི་མ་ལུས་བྱ། །རྨི་ལམ་ལ་ཡང་རྣམ་ལྔ་སྟེ། །དྲན་དང་སྒྱུ་མར་ཤེས་པ་དང༌། །སྤྱད་དང་གོམས་པར་འཁྲིད་པ་དང༌། །གོང་དུ་འཕོ་བར་ཤེས་པར་བྱ། །དྲན་པ་ཤེས་བྱའི་སྒོ་ལ་ནི། །གཉིད་མ་ལོག་པའི་དུས་སུ་ཡང༌། །འདུན་པ་དག་ནི་མངོན་བཏང་ནས། །ལོག་ཀ་མ་ཡི་ཤེས་པ་ནི། །དྲན་པས་ཡང་དང་ཡང་དགུག་ལ། །དགུག་པས་ལོག་རེ་ལན་རེ་བཞིན། །རབ་རིབ་སད་དུས་འབྱུང་བར་འགྱུར། །དེ་ལྟར་དྲན་པ་བརྟན་གྱུར་ནས། །སྒྱུ་མ་དག་ཏུ་ཤེས་བྱ་སྟེ༑ ༑མ་ལོག་པ་ཡི་དུས་སུ་ཡང༌། །སྣང་སྲིད་སྒྱུ་མར་ཤེས་བྱའོ། །སྒྱུ་མ་དངོས་ནི་རྨི་ལམ་ཡིན། །སྒྱུ་མ་ལྟ་བུར་ཤེས་བྱ་སྟེ། །འདི་ཉིད་སྒྱུ་མར་མ་ཤེས་པས། །བར་དོ་སྒྱུ་མར་མ་ཤེས་ནས། །བར་དོའི་སྲིད་པས་མི་ཁེགས་པས༑ ༑སྐྱེ་བ་ཡང་དང་ཡང་བླངས་ཏེ། །ཁམས་གསུམ་འཁོར་བར་འཁྱམས་པ་ཡིན། །དེ་ལྟར་རྨི་ལམ་དངོས་དག་ལ། །བློ་ནི་འཇུག་ཏུ་མ་བཏུབ་ན། །སྔོན་དུ་འགྲོ་བ་དག་བྱ་སྟེ། །མ་ལོག་པ་ཡི་དུས་སུ་ཡང༌། །སྣང་སྲིད་སྒྱུ་མར་ཤེས་པར་བྱ། །བསྐྱེད་པའི་རིམ་པའི་རྟགས་བརྟན་དང༌། །འདུ་འཛི་ཤིན་ཏུ་ཉུང་བ་དང༌། །སྔར་གྱི་གོམས་པར་ཁྲིད་པ་དང༌། །མོས་པ་ཤིན་ཏུ་དྲགས་པ་དང༌། །དགུག་པའི་དུས་དག་ཤེས་པའོ། །གཉིད་མ་ལོག་པའི་དུས་སུ་ཡང༌། །ངན་པ་དེ་ཉིད་སྒྱུ་མ་རུ། །ཤེས་བྱ་སྙམ་པ་སྔོན་བཏང་ལ། །ནན་ཏན་དུ་ནི་བསྒོམ་པར་བྱ། །དེ་ལྟར་དུ་ནི་གོམས་པ་དང༌། །ཕན་ཚུན་དག་ཏུ་ཕྱིན་པ་དང༌། །ངལ་དུབ་དག་ནི་འོང་བ་དང༌། །འགྲངས་ལྟོག་དག་ནི་འོང་བ་དང༌། །ཆོ་འཕྲུལ་དག་ནི་སྟོན་པ་དང༌། །དེ་ལ་སོགས་པའི་མཚན་མ་རྣམས། །མ་ལོག་པ་ཡི་དུས་སུ་ཡང༌། །གོམས་པར་བྱས་པའི་བག་ཆགས་ཀྱིས། །ལོག་ཀ་མ་ཡི་དུས་སུ་ནི། །མཚན་མོའི་དྲན་པ་དེ་རྙེད་ལ། །བག་མི་ཚ་བར་དཔྱད་པར་བྱ། །དེ་ལྟར་སྒྱུ་མར་ཡང་དང་ཡང༌། །ཉིན་མཚན་དག་ཏུ་བསམས་ནས་སུ། །སྒྱུ་མར་ཤེས་པའི་མཚན་མ་ནི། །ཡ་ང་བ་དང་བག་མི་ཚ། །སྤྲུལ་བསྒྱུར་ནུས་པ་དམ་དུམ་འབྱུང༌། །དེ་ལྟར་གོམས་པ་བརྟན་པར་བྱ། །དེ་ལྟར་བརྟན་པར་གྱུར་ནས་ནི། །འཕོ་བ་དག་ནི་བྱ་བར་བཤད། །གཉིད་མ་ལོག་པའི་དུས་སུ་ཡང༌། །སེམས་ནི་གང་དགར་བཏང་བ་དང༌། །འགྲོ་སར་སེམས་ནི་བཏང་བྱས་ནས། །ལོག་ཀ་མ་ཡི་དུས་སུ་ཡང༌། །དེ་རིང་བག་ཆགས་དྲན་བྱས་ཏེ། །དེ་ལྟར་རང་གི་རིག་པ་ཡིས། །དཔྱད་ཅིང་གང་ལྟར་བདེ་བར་འཕོ། །འཕོ་བར་བརྟན་པར་གྱུར་ནས་ནི། །སྒྱུ་མར་སྦྱངས་པའི་མཚན་ཉིད་ཀྱིས། །སྔར་གྱི་གོམས་པ་བགྱིད་པར་བྱ། །ལོག་ཀར་ཡང་དང་ཡང་དུ་བསྒོམ། །དེ་ལྟས་རྨི་ལམ་སྦྱང་དུས་སུ། །དམ་དུམ་བག་རེ་འབྱུང་བར་འགྱུར། །དེ་ལྟས་རྨི་ལམ་སྦྱོང་བ་ལ། །གང་ཡང་བཟང་ངན་མི་ལྟ་སྟེ། །རྟགས་མ་བྱུང་བར་ཟིན་པ་ཡོད། །རང་གི་རིག་པས་རྟོགས་བྱ་བ། །མ་རྟོགས་པ་ན་འབད་ཅིང་བརྟག །རྩོལ་བ་དག་ནི་བསྐྱེད་བྱས་ལ། །ཉེས་པ་ཚར་ནི་གཅད་པར་བྱ། །དེ་ལྟར་ཡང་དང་ཡང་བྱས་པས། །མོད་དུ་ཟིན་པ་དག་ཀྱང་ཡོད། །ལོངས་སྤྱོད་ལ་སོགས་རྒྱུད་སྦྱངས་པས། །ལོ་ཡིས་ཟིན་པ་དག་ཀྱང་ཡོད། །ཡེ་མ་ཟིན་པ་དག་ཀྱང་ཡོད། །དེ་ལྟར་ཡང་དང་ཡང་གོམས་པས། །རྨི་ལམ་བྱིན་གྱིས་རློབ་པ་ཡིན། །དེ་ཡིས་བར་དོ་རློབ་པར་འགྱུར། །གོང་མའི་རྨི་ལམ་གོམས་པ་ཡིས། །འཆི་གའི་ཤེས་པ་གསལ་བྱས་ཏེ། །འཆི་གའི་རྟགས་རྣམས་ཚང་བ་དང༌། །སྔར་གོམས་པ་ལ་སེམས་གཞག་སྟེ། །འོད་གསལ་བར་ནི་འཇུག་པར་བྱ། །འཆི་གར་གཉིད་མི་ལོག་པ་ན། །དྲན་པ་དག་ནི་སྔོན་བཏང་ནས། །ས་བོན་སྐྱེ་གནས་རིམ་ཁྱབ་པ། །གཞི་དང་ཁང་པ་ཉིད་དང་ནི། །ལས་ལ་སྦྱོར་བ་རང་ནུས་ལ། །རང་གི་ངོ་བོ་ཐིག་ལེར་བཅས། །བཅུ་གཉིས་མཐའ་ཡི་ཚིག་གི་དོན། །རང་གིས་རྟག་ཏུ་གོམས་གྱུར་ན། །དེས་ནི་དངོས་གྲུབ་བདེ་བ་ཡིས༑ ༑རྡོ་རྗེ་འཛིན་པར་རང་ཉིད་འགྱུར། །སྐྱེ་བ་སྔ་མའི་ལུས་བོར་ཡང༌། །སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །བར་དོ་དེ་ཡིས་མིག་སྔ་རུ། །ཐབས་དང་ཤེས་རབ་མཐོང་བ་ལ། །བླ་མ་དག་ཏུ་དམིགས་བྱས་ཏེ། །གསང་བའི་དབང་ནི་དྲན་བྱས་ནས། །མིག་སེར་ཞེ་སྡང་ཀུན་སྤངས་ཏེ། །བདེ་གསལ་མི་རྟོག་སྒོམ་པའམ། །ཡང་ན་སྔོན་དུ་གང་བསྒོམས་པའི། །གོམས་པ་ཁྲིད་དེ་བསྒོམ་པར་བྱ། །དུས་སུ་དྲན་པར་གྱུར་ནས་ནི། །དང་པོའི་སྲིད་པ་ཁེགས་པར་འགྱུར། །དེ་ནས་བདུན་ཕྲག་དྲུག་གི་བར། །གོང་མ་བཞིན་དུ་གོམས་བྱས་པས། །བཞི་བཅུ་རྩ་དགུ་འདས་པ་དང༌། །འཁོར་བའི་སྲིད་པ་ཁེགས་པ་ཡིན། །དེ་ལྟར་སྒྱུ་མར་གནས་པ་ལ། །འོད་གསལ་བ་ཡིས་སྦྱངས་བྱས་ཏེ། །འོད་གསལ་བར་ནི་འཇུག་པར་འགྱུར། །དཔལ་རྡོ་རྗེ་འཆང་ཉིད་ཀྱིས་གསུངས་པ་གཙིགས་ཀྱི་རྒྱ་རིམ་པ་བདུན་གྱིས་བཏབ་པ་རྫོགས་སོ།། །།བླ་མ་ཏིལླི་པས་འོག་མིན་གྱི་གནས་ནས་སྤྱན་དྲངས་པ་ཇོ་བོ་ནཱ་རོ་པ་དང༌། མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ། ༈ །རྒྱ་གར་སྐད་དུ། ཀརྞ་ཏནྟྲ་བཛྲ་པ་དཱ་ཀི་ནཱ་མ། བོད་སྐད་དུ༑ སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། ༈ །གདམས་པ་ཟབ་མོའི་གླིང་གཞི། ཨེ་མ་ཧོ། སངས་རྒྱས་ཀུན་གྱི་ཡང་དག་གསང་བའི་མཆོག །ཡེ་ཤེས་རྒྱལ་པོ་ཐེག་པ་མཆོག་གི་ལམ། །ཚིག་ཏུ་བརྗོད་པ་ཀུན་དང་བྲལ་བའི་དོན། །ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །རྡོ་རྗེ་འཆང་ངས་སྐལ་ལྡན་དོན་དུ་བཤད། །གུས་བཏུད་ནས་ནི་ཡེ་ཤེས་མཁའ་འགྲོ་ཉོན། ༈ །གདམས་པའི་སྔོན་འགྲོ། ཐོག་མར་བརྒྱུད་པ་ཡིད་བཞིན་ནོར་བུ། བསླབ་གསུམ་རྒྱན་ལྡན་ཉམས་མྱོང་བླ་མའི་མཆོག །དད་བརྩོན་ཤེས་རབ་སྙིང་རྗེ་སློབ་མའོ། །ཉེས་དམིགས་དྲན་པས་ཚེ་འདིའི་བྱ་བ་བཏང༌། ༈ །དངོས་གཞི་སྨིན་བྱེད་དབང༌། གཉིས་པ་སྨིན་ལམ་ཡིད་བཞིན་ནོར་བུ། ཐོག་མར་འཁོར་ལོ་སྡོམ་པ་ལ་བརྟེན་ནས། །དྲུག་ཅུ་རྩ་གཉིས་དཀྱིལ་འཁོར་དབང་བཞི་བསྐུར། །ལྷ་མོ་བཅོ་ལྔ་དབང་བཞི་བརྡ་ཡིས་མཚོན། །སྨིན་པར་བྱས་ནས་ གསུམ་པ་གྲོལ་ལམ་ཡིད་བཞིན་ནོར་བུ། ཐབས་ཤེས་ཟུང་དུ་སྦྲེལ། ༈ །བུམ་དབང་ལམ་བསྐྱེད་རིམ། རྒྱལ་པོ་བློན་སོགས་རྣལ་འབྱོར་བདུན་ལ་འབད། །ཅེས་པ་རྒྱལ་པོ་ཆོས་ཉིད་མི་འགྱུར་བའི་གདམས་ངག་ཡབ་ཡུམ་གྱི་བསྐྱེད་རིམ་རྒྱས་འབྲིང་བསྡུས་པ། བློན་པོ་རིགས་གསུམ་ལས་བྱེད་བླ་མའི་རྣལ་འབྱོར། དབང་བླང་བ། རྡོར་སེམས་བསྒོམ་བཟླས། དམན་པ་ཕྲིན་ལས་མཐུན་སྦྱོར། ཟས། གོས། གཉིད། བསྐོང་བ། སྨྲ་བརྗོད། ཁྲུས། གཏོར་མའོ། །བསྲེ་བ་རོ་སྙོམས་དམ་ཚིག་གསུམ་ལ་སྦྱར། །ཞེས་པ་བསྐྱེད་རིམ་སོགས་སྣང་བ་གདོད་ནས་སྐྱེ་མེད་སྟོང་པའི་རྩལ་དུ་ཤེས་པས་བསྲེ་བ། དེ་ལྟར་ཤེས་ནས་བསྒོམ་པ་རོ་སྙོམས། སྐུ་བུམ་དབང༌། གསུང་གསང་དབང༌། ཐུགས་ཤེར་དབང༌། བཞི་པའི་དམ་ཚིག་གོ ༈ །གསང་དབང་ལམ་སྟེང་སྒོ་རྣམ་གྲོལ་ཆོས་དྲུག། གཏུམ་མོ་བདེ་དྲོད་རང་འབར་ལམ་གྱི་གཞུང༌། །ལུས་གནད་བདུན་ལྡན་ལྷ་སྐུའི་སྟོང་ར་གནད། །དྷཱུ་ཏཱི་ལ་ལ་ར་ས་འཁོར་ལོ་བཞི། །ཨ་ཧཾ་འབར་འཛག་སྲོག་རྩོལ་ཐུར་སེལ་གཅུད། །རྡོ་རྗེ་བཟླས་པ་རྩ་བའི་རླུང་ལྔ་བསྒོམ། །ཟིན་དང་བརྟན་ནས་ཤེས་རབ་སྙོམས་པར་འཇུག །དགའ་བཞི་གོམས་པས་རྩ་རླུང་ཐིག་ལེ་འདྲེས། །དྷཱུ་ཏཱིར་རླུང་སེམས་ཚུད་པས་མི་རྟོག་པ། །ཉོན་མོངས་རང་ཞི་བདེ་གསལ་རྒྱུན་མི་འཆད། །ངོ་བོ་མཐོང་ནས་ཆོས་སྐུའི་ངང་དུ་གནས། ༈ །བོགས་འདོན་སྒྱུ་ལུས་ཆོས་བརྒྱད་རང་གྲོལ་ལ། །འཁོར་འདས་ཐམས་ཅད་སྒྱུ་མར་ཤེས་བྱས་ཏེ། །སྒྱུ་མའང་འཇའ་ཚོན་ཆུ་ཟླ་ལྟ་བུའོ། །ད་ལྟར་སྣང་བ་དངོས་པོའི་ཆོས་རྣམས་ནི། །བདེན་ཅིང་རྟག་ན་འགྱུར་བར་ག་ལ་རིགས། །འཁྲུལ་གཟུགས་ཡིན་ཕྱིར་དོན་ལ་གྲུབ་པ་མེད༑ ༑གཟུགས་རྣམས་སྣང་སྟོང་སྒྲ་རྣམས་བྲག་ཅར་ལྟོས། །གཉིས་འཛིན་ཞིག་པས་ཆགས་སྡང་ཀུན་དང་བྲལ། །དེ་ལྟར་ཤེས་པས་སྣ་ཚོགས་ཞེན་མེད་སྤྱོད། །འཇའ་ལུས་ཆོས་སྐུ་ཐོབ་པར་འགྱུར་རོ་ཀྱེ། ༈ །མཚན་དུས་རྨི་ལམ་འཁྲུལ་པ་རང་སངས་ལ། །སྒོ་གསུམ་འབད་པ་དྲན་པའི་ལྕགས་ཀྱུས་གཟུང༌། །འཛིན་སྦྱང་སྤེལ་བསྒྱུར་སྤྲུལ་ཅིང་གེགས་རྣམས་སེལ། །ཉི་ཟླ་ཞོན་དང་ཞིང་ཁམས་མཐའ་དག་བགྲོད། །བཟང་ངན་སྒྱུ་མ་ཅིར་སྣང་རང་གྲོལ་ལྟོས། །མཐར་ཕྱིན་ས་བཅུ་ནོན་ནས་དོན་ཆེན་ཐོབ། ༈ །ཁྱད་པར་འོད་གསལ་མ་རིག་མུན་བྲལ་ལ། །ལུས་གནད་ཐབས་ལྡན་ཏིང་འཛིན་བཞི་ལ་སྦྱོར། །ཞེས་པ། སྙིང་གར་ཉི་ཟླའི་སྟེང་བླ་མ་ཡི་དམ་རང་སེམས་དབྱེར་མེད་དབུས་སུ་ཐིག་ལེ་སྔོ། ཕྱོགས་བཞིར་ཕྱོགས་མདོག་སྟེ་ཐིག་ལེ་ལྔ། དེ་གནས་བསྒྱུར་ཏེ་རིམ་པར་ས་བོན་ཧཱུྃ་དང་ཨ་ནུ་ཏ་ར། ཕྱག་མཚན། རིགས་ལྔའི་སྐུ་རྣམས་ལ་རིམ་བཞིན་སེམས་གཟུང་བའོ། །ཐིག་ལེ་གུས་ལྡན་དུག་གསུམ་འཛིན་མེད་ལྟོས། །གཉིད་དང་རྨི་ལམ་རྣམ་རྟོག་བར་ནས་བཟུང༌། །རིམ་པ་བཞི་དང་ཉིན་མཚན་བསྲེ་ཞིང་གོམས། །གསལ་སྟོང་འཛིན་བྲལ་ལྷན་ རིམ་པ་བཞིན་སེམས་ལ་སྦྱར་ན། སེམས་གསལ་སྟོང་དུ་གནས་པ་ལས་རྩལ་ཤར་བ་སྣང་བ། དེ་ལ་རྟོག་དཔྱོད་ཞུགས་པ་མཆེད་པ། དགག་སྒྲུབ་ཏུ་ཤོར་བ་ཐོབ་པ། ཆགས་སྡང་རྨོངས་པའི་རྟོག་པ་རགས་པ་ཉེར་ཐོབ། དེ་རྣམས་ལུགས་འབྱུང་དུ་ཤེས། ལུགས་ལྡོག་ཏུ་ཐིམ་པས་འོད་གསལ་མངོན་དུ་འགྱུར་བའོ། །སྐྱེས་ཡེ་ཤེས་དེ། །བརྗོད་དུ་མེད་པ་འོད་གསལ་རྒྱུན་མི་འཆད། །མི་རྟོག་སྦྱང་ཞིང་ཕྱག་རྒྱ་ཆེན་པོར་བལྟ། ༈ །འཕོ་བ་གསེར་འགྱུར་མ་བསྒོམས་སངས་རྒྱས་ནི། །འཆི་ལྟས་ཤར་ཚེ་དགའ་ཞིང་ཞེན་པ་བཏང༌། །སྒོ་དགུ་བགག་ལ་རྫས་དང་སྨོན་ལམ་རྒྱན། །ཧཱུྃ་དང་རླུང་སེམས་དབྱེར་མེད་དྷཱུ་ཏཱིར་དྲངས། །ཀྵ་ཡིག་བསལ་ལ་ཚངས་པའི་ལམ་ནས་འཕང༌། །ཆོས་སྐུ་བླ་མ་རྒྱལ་བའི་ཞིང་དུ་འཕོ། ༈ །ལྷག་པར་གྲོང་འཇུག་སྦྲུལ་ལྤགས་འདོར་ལེན་ནི། །རླུང་སེམས་དབང་ཐོབ་བསྐྱེད་རྫོགས་བརྟན་པ་ཡིས། །སྐྱོན་མེད་རོ་ལ་རྣམ་ཤེས་ཡིག་འབྲུ་འཕང༌། །དགོས་པ་ཁྱད་པར་ཅན་གྱི་ དུས་ སྐྱོན་མེད་པའི་ཕུང་པོ་ ཡུལ་ ཕུང་པོ་གསར་རྙིང་གཉིས་ཀའི་ཚངས་བུག་བྱེ་བ་ རྫས་དང་ གྲོགས་ཉམས་ཅན་སོགས་ གནད་ཤེས་མངོན་དུ་གྱུར། །ཐེ་ཚོམ་བྲལ་བའི་སྐྱེས་བུ་གཞན་དོན་སྤྱོད༑ ༈ ༑ཤེར་དབང་ལམ་འོག་སྒོ་བདེ་བ་ཆེན་པོ། མཁའ་འགྲོའི་གསང་ལམ་བདེ་བ་ཆེན་པོ་ནི། །བཅུ་དྲུག་ཉེར་ལྔའི་བར་གྱི་རིག་མ་ནི། །པདྨ་རི་དྭགས་དུང་ཅན་ལ་སོགས་པ། །ཕྱག་རྒྱ་མཚན་ལྡན་རྡོ་རྗེ་རྣལ་འབྱོར་མ། །སྐལ་ལྡན་སྐྱེས་བུ་ཧེ་རུ་ཀ་ལྟ་བུ། །གཉིས་མེད་འཁྲིལ་སྦྱོར་ཟག་བཅས་ཟག་མེད་རོལ། །ཐིག་ལེ་དབབ་བཟུང་བཟློག་དགྲམ་གནས་སུ་སྤེལ། །བྱ་རྒོད་བཅུད་ལ་སེང་གེ་གླང་ཆེན་དང༌། །རྨ་བྱ་སྟག་མོ་རུས་སྦལ་ལ་སོགས་བྱ། །དགའ་བ་བཞི་གསུམ་བཅུ་གཉིས་དོན་ལ་བལྟ། །ལྷན་སྐྱེས་ཡེ་ཤེས་རང་བཞིན་དབྱེར་མེད་སྟོན། །སྣང་སྲིད་ཐམས་ཅད་ཟག་མེད་བདེ་བར་འཆར། །གསང་དབང་ཕྱག་རྒྱ་བདུད་རྩི་རིལ་བུའི་ཕྱིར། །ཐིག་ལེ་བཅུ་དྲུག་ཕྱེད་ཕྱེད་བཞི་ཆ་སྦྱིན། །བཞི་གསུམ་འཁོར་ལོ་དག་ལ་དགྲམ་པར་བྱ། །བག་མེད་འདོད་སྲེད་གཞན་དབང་ཆང་གིས་མྱོས། །དོན་ལ་ཉམས་ཤིང་སླར་ཡང་ངན་སོང་ལྟུང༌། །དེས་ན་རྡོ་རྗེའི་ལུས་ལ་གནད་དུ་བསྣུན། །ཚེ་འདིར་སངས་རྒྱས་སྟེར་བར་ཐེ་ཚོམ་མེད། ༈ །དབང་བཞི་པའི་ལམ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད། ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ནི། །སྒོ་གསུམ་གཡོ་མེད་སྒོ་ལྔ་ཧར་དྭངས་གཞག །བལྟས་པས་མཐོང་མེད་སེམས་ཀྱི་མཚན་ཉིད་ལྟོས། །དམིགས་སུ་མེད་པས་མ་བཅོས་རང་སོར་གཞག །གཞན་དུ་མ་ཚོལ་ངོ་བོ་རྟོགས་པར་གྱིས། །གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །འཕོ་འགྱུར་མེད་པ་ནམ་མཁའི་ཀློང་ཡངས་སུ། །སྐྱེ་ཤི་མེད་པ་ཆོས་སྐུའི་ལུས་མཐོང་འགྱུར། །ཕྱི་རོལ་ཡུལ་སེམས་ཆོས་རྣམས་ཇི་སྙེད་པ། །རང་སེམས་ཡིན་ཕྱིར་གཞན་ན་གྲུབ་པ་མེད། །འཁྲུལ་རྟོག་གཉིས་འཛིན་སྣ་ཚོགས་གང་ཤར་རྣམས། །ཅིར་སྣང་གཞི་མེད་རང་བྱུང་རང་བརླག་ལྟོས། །སེམས་ཉིད་སྐྱེ་མེད་སྟོང་པ་ཆོས་ཀྱི་སྐུ། །འགག་མེད་གསལ་དྭངས་གང་ཤར་སྤྲུལ་པའི་སྐུ། །གནས་མེད་བདེ་ཆེན་ཟུང་འཇུག་ལོངས་སྤྱོད་རྫོགས། །ཕྱག་ནི་གཉིས་མེད་ཡེ་ཤེས་ངོ་ཡིས་ཟིན། །རྒྱ་ནི་འཁོར་བའི་མདུད་པ་བྲལ་བས་བདེ། །ཆེན་པོ་ཟུང་འཇུག་སྒྲོན་མེ་བལྟམས་པ་ལས། །གཞན་གྱིས་མ་ཡིན་རང་གྲོལ་ཆོས་སྐུའོ། །སྒྲིབ་གཉིས་རང་དག་གཟུང་འཛིན་མཐའ་དང་བྲལ། །འདུ་ཤེས་བློ་དང་འཁོར་འདས་ཆོས་རྣམས་ཟད། །མཁྱེན་ཚད་ཡོན་ཏན་ཇི་སྙེད་རང་ལ་རྫོགས། །བསམ་བརྗོད་བློ་འདས་སངས་རྒྱས་རང་འཁྲུངས་ཡིན། ༈ །ལམ་བློ་ནས་གཅོད་པར་བར་དོ་ངོ་སྤྲོད་ཀྱི་གདམས་ངག བར་དོ་ངོ་སྤྲོད་ཡང་དག་ཟབ་དོན་བསྟན། །སྐྱེ་ཤི་རྨི་ལམ་སྲིད་པའི་བར་དོ་གཅོད། །བལྟར་མེད་བལྟས་པས་མཐོང་མེད་མཐོང་བའི་མཆོག །རང་རིག་གསལ་སྟོང་མི་རྟོག་སྒྲིབ་གཡོགས་བྲལ། །བདེ་ཆེན་ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རང་བཞིན་དབྱེར་མེད་སྐུ་གསུམ་རང་ཤར་ལྟོས། །མ་རྟོགས་ལུས་ལྡན་བར་དོ་རྣམ་གསུམ་ལ། །བསྐྱེད་རིམ་སྒྱུ་ལུས་འོད་གསལ་ཆོས་སྐུར་འདྲེ། །ས་ཆུ་མེ་རླུང་འབྱུང་བ་རིམ་གྱིས་ཐིམ། །བརྒྱད་ཅུ་འགགས་ནས་སྣང་བ་གསུམ་འདས་ཏེ། །དཀར་དམར་སེམས་གསུམ་ཆུ་སྐྱེས་ནང་དུ་འཛོམས། །འོད་གསལ་ངོས་འཛིན་མ་བུ་དབྱེར་མེད་འདྲེ། །ཆོས་སྐུར་སངས་རྒྱས་དབང་པོ་ཡང་རབ་བོ། །དེ་མ་ཟིན་ན་རླུང་གསུམ་རྐྱེན་གྱིས་འཆིང༌། །འབྲིང་བ་ཆུ་ལ་ཉ་ལྟར་ལོངས་སྐུར་འགྱུར། །རྩ་ བའི་རླུང་ ལྔ་ འོད་ ཟེར་ལྔ་དུག་གསུམ་ལས་ཀྱི་དབང༌། །ཆགས་སྡང་གཉིས་ཀྱིས་མངལ་དུ་འཇུག་འགྱུར་བས། །བསྲེ་བ་ལྔ་ལྡན་ལམ་ཁྱེར་ཕྱག་རྒྱ་བཞི། །ཞེས་པས་འདོད་ཆགས་གཏུམ་མོ། ཞེ་སྡང་སྒྱུ་ལུས། གཏི་མུག་འོད་གསལ། ང་རྒྱལ་བསྐྱེད་རིམ། ཕྲག་དོག་དག་སྣང་དང་བསྲེ་བ་ལྔ། དམ་རྒྱ་ཐུན་མོང་ཡིད་བཞིན་ནོར་བུ། ཆོས་རྒྱ་སྟེང་སྒོ། ལས་རྒྱ་འོག་སྒོ། ཕྱག་ཆེན་ཡེ་ཤེས་གསལ་བྱེད་དེ་དབང་བཞིའི་ལམ་མོ། །སྔར་སྦྱངས་ལྡན་པས་བར་དོ་རང་གྲོལ་འགྱུར། །ཐ་མ་ཆགས་སྡང་གྲོལ་ནས་སྤྲུལ་སྐུ་ཐོབ། ༈ །གདམས་པ་སྤྱིའི་གེགས་སེལ་བོགས་འདོན། གདམས་པ་སྤྱི་ལ་གེགས་བསལ་ བར་ཆད་ཀྱི་ ངོས་ཉིད་བཟུང༌། ཞིང་སེལ་བ། །རྩ་བ་དྲུག་ལ་ཡན་ལག་སོ་དགུ་ཡི། །ཞེས་པའི་རྩ་བ་དྲུག་ནི། སེང་གེ་བསྒྱིངས། གླང་ཆེན་འགྱིངས། རྨ་བྱ་འཕུར། སྟག་མོ་སྒྱུགས། རུ་སྦལ་བསྐུམ། བྱ་རོག་འཕུར་བའི་འཁྲུལ་འཁོར་རོ། །ཡན་ལག་སོ་དགུ་ནི། རྒྱལ་མཚན་འཁྲུད་ཅེས་ཡན་ལག་བཞི་འཁྲུད་པ་ལྟར་བྱས་ཏེ་ལུས་ལ་བྱུགས་པ་སོགས་སོ། །རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་གནད་དུ་བསྣུན། །བྱ་སྤྱོད་ཐམས་ཅད་ཚོགས་སུ་བསྒྱུར་བར་བྱ། ༈ །འབྲས་བུ་ཇི་ལྟར་ཐོབ་ཚུལ། གོ་རིམ་མ་ནོར་ཉམས་སུ་བླངས་གྱུར་ན། །སྐད་ཅིག་བཞི་ལ་དགའ་བ་གསུམ་སྟོན་ཏེ། །དྭངས་མ་ཡས་བྱོན་འགྱུ་བ་མས་བརྟན་པ། །རྩ་མདུད་རིམ་པས་གྲོལ་ནས་དྷཱུ་ཏཱིར་འགྱུར། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྩ་བ་ལྔ། །རླུང་དང་ཉོན་མོངས་འགགས་ནས་ཡེ་ཤེས་འགྱུར། །གནས་དང་ཉེ་གནས་ཉི་ཤུ་བཞི་ལ་སོགས། །པཱུལླི་མ་རུ་ཡན་ཆད་གང་བར་འགྱུར། །སྤྲུལ་སྐུ་ལོངས་སྤྱོད་རྫོགས་པའི་ཞལ་སྟོན་ཅིང༌༑ ༑མངོན་ཤེས་ཡོན་ཏན་བརྒྱད་དང་ཐེར་འབུམ་ཐོབ། །དུས་འདིར་ས་ལམ་རིམ་པར་བགྲོད་བྱེད་དེ། །རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་འགྱུར། ༈ །གདམས་པ་བཀའ་རྒྱས་གདབ་པ། བཅུ་གསུམ་བར་དུ་ཆིག་བརྒྱུད་རྒྱ་ཡིས་གདབ། །མདོ་རྒྱུད་ཀུན་གྱི་སྙིང་པོ་འདི་ཡིན་པས། །སྐལ་ལྡན་གྲོལ་ཕྱིར་གསང་བའི་ངེས་དོན་མཛོད། །ཅེས་ཡེ་ཤེས་མཁའ་འགྲོ་མ་ལ་གདམས་པ། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་རྫོགས་སོ། །མཁས་པ་ནཱ་རོ་པཎ་ཆེན་གྱི་ཞལ་སྔ་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུཥྤ་ཧ་རིའི་གནས་ཆེན་དུ་བསྒྱུར་ཅིང་གཏན་ལ་ཕབ་པའོ། །འདི་ནི་རྗེ་བཙུན་མི་ལའི་ཐུགས་བཅུད་བདེ་མཆོག་སྙན་བརྒྱུད་དུ་གྲགས་པས་རྒྱས་འབྲིང་བསྡུས་གསུམ་ལས། རྒྱས་པ་རས་ཆུང་སྙན་བརྒྱུད་དུ་གྲགས་པའི་གདམས་ངག་གི་རྩ་བ་ཡིན་ཅིང༌། སྙན་བརྒྱུད་འཛིན་པའི་དམ་པ་སྔ་ཕྱིར་བྱོན་པ་རྣམས་ཀྱིས་སྤྱི་དོན། ས་བཅད། འགྲེལ་པ། ཁྲིད་ཡིག་སོགས་རྒྱ་ཆེར་མཛད་སྣང་ངོ༌། །གྲུབ་ཆེན་ནཱ་རོ་པའི་གདམས་ངག་ཆོས་དྲུག་ ཟུར་མང་སྙན་བརྒྱུད་ སྐོར་གྱི་བཀའ་དཔེ་ཚིགས་སུ་བཅད་པ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རིམ་གྱིས་པ་དང་གཅིག་ཅར་བ། །རིམ་གྱིས་པ་ཡི་སྨན་ཆེན་འདི། །གཅིག་ཅར་བ་ཡི་དུག་ཆེན་ཡིན། །གཅིག་ཅར་བ་ཡི་སྨན་ཆེན་དེ༑ ༑རིམ་གྱིས་པ་ཡི་དུག་ཏུ་འགྱུར། །དེས་ན་སྦྱངས་པའི་འཕྲོ་ཅན་ལ། །གཅིག་ཅར་བ་ནི་བསྟན་པར་བྱ། །སེམས་ཅན་དང་པོའི་ལས་ཅན་ལ། །རིམ་གྱིས་པ་ནི་བསྟན་པར་བྱ། །དང་པོའི་ཉོན་མོངས་འདུལ་བ་ནི། །ཁམས་ཀྱིས་རབ་ཏུ་དབྱེ་བར་བྱ། །ཕུང་པོ་གཞིག་གྲོལ་བསྒོམ་པར་བྱ། །བསྐྱེད་རིམ་གཞུང་ལ་སྦྱར་བར་བྱ། །ངག་དབེན་རླུང་ནི་བསྒོམ་པའི་ཐབས། །བླ་མའི་ཞལ་ལས་ཤེས་པར་བྱ། །ཕྱག་རྒྱ་ཆེན་པོའི་མན་ངག་ནི། །མན་ངག་ཚིག་བསྡུས་དག་ལས་ཤེས། །སྒྱུ་མ་ལྟ་བུའི་ལུས་བསྒོམས་པ། །སློབ་པ་དང་ནི་མི་སློབ་གཉིས། །སློབ་པ་ལ་ཡང་རྣམ་གཉིས་ཏེ། །མངོན་པར་རྟོགས་པའི་རིམ་པ་དང༌། །རང་གིས་ལྷག་པར་གནས་པའོ། །མངོན་པར་རྟོགས་པའི་རིམ་པ་ལ། །གསང་བའི་དབང་གི་དུས་དག་ཏུ། །མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་ཏེ། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། །ཞེས་བྱ་བ་སྒྱུ་མའི་དཔེ་བཅུ་གཉིས་ལ་སོགས་ཀྱིས་རྟོགས་པར་བྱའོ། །ད་ནི་ལྷག་པར་གནས་པ་ལ། །གྲོང་དུ་འཇུག་དང་འཕོ་བ་དང༌། །རྨི་ལམ་བར་དོ་རྣམ་པ་བཞི། །དེ་ལ་གྲོང་དུ་འཇུག་པ་ནི། །མདུན་དུ་དམིགས་པ་གསལ་བྱས་ལ། །དབུགས་དང་སེམས་ནི་མ་ཡེངས་པར། །གཏད་ནས་ཡུན་དུ་གོམས་བྱས་ན། །ཤེས་པ་བྱང་ནས་ཇེ་གསལ་འགྱུར། །དེ་ལ་ཡུན་དུ་གོམས་བྱས་ན། །རང་གི་ཕུང་པོ་དོར་བྱས་ནས། །བསོད་ནམས་ཅན་གྱི་ལུས་བླངས་ཏེ། །སེམས་ཅན་དོན་ནི་མ་ལུས་བྱས། །གྲོང་དུ་འཕོ་བ་རྣམ་གསུམ་སྟེ། །བསྐྱེད་པའི་རིམ་པའི་ཚུལ་དང་ནི། །སྒྱུ་མ་དངོས་དང་འོད་གསལ་ལོ། །བསྐྱེད་པའི་རིམ་པའི་ཚུལ་ལ་ནི། །ཀྵུཾ་ལ་སོགས་པའི་ཡི་གེ་ཡིས། །བུ་ག་དག་ཀྱང་དགག་བྱས་ཏེ། །རང་གི་སེམས་ནི་ལྷ་ཡི་སྐུ། །འཇའ་ཚོན་ལྟ་བུར་བསྒོམ་པའམ། །ཡང་ན་ཧཱུྃ་ལ་བསྡུ་བྱ་སྟེ། །ཚངས་པའི་བུ་ག་ནས་བཏོན་ཏེ། །འོག་མིན་གནས་སུ་ཡང་དང་ཡང༌། །རྒྱུན་མི་འཆད་པར་གནས་པར་བྱ། །དེ་ལྟར་གོམས་པ་བརྟན་གྱུར་ནས། །དུས་དང་རྟགས་རྣམས་ཤེས་བྱ་སྟེ། །འཕོ་ཀར་ཤེས་པ་གནས་སུ་བསྐྱལ། །དེ་ལྟར་བྱས་པས་ཐོབ་པར་འགྱུར། །སྒྱུ་མ་དངོས་ཀྱི་འཕོ་བ་ནི། །འོག་ནས་འབྱུང་བའི་རྨི་ལམ་ལ། །གོམས་པར་བྱ་སྟེ་སུམ་ཅུ་ནི། །རྩ་གསུམ་གནས་སུ་འཕོ་བྱ་སྟེ། །དེ་རུ་སྔར་དུ་གང་གོམས་པའི། །གོམས་པས་ཁྲིད་དེ་གོམས་གྱུར་ན། །བདེ་བ་སྐྱེད་པའི་གནས་ཡིན་པས། །མི་རྟོག་ཡེ་ཤེས་ཐོབ་ནས་ནི། །ཚེ་འདི་ཉིད་ལ་སངས་རྒྱས་ན། །འཐབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྔགས་པའི་འགྲོ་ས་མཆོག་ཡིན་ནོ། །མཚན་ཉིད་པ་ནི་ལྟུང་བར་འགྱུར། །འོད་གསལ་བར་ནི་འཕོ་བ་ལ། །འཆི་བའི་དུས་ནི་ཤེས་བྱས་ལ། །མི་རྟོག་པ་ལ་སེམས་གནས་ན། །ལུས་ཀྱི་རྩོལ་བ་དག་གིས་ནི། །འོད་གསལ་བར་ནི་འཇུག་པ་སྟེ། །བར་དོར་མྱ་ངན་འདས་པ་ཡིན། །བསླབས་ནས་འཕོ་བ་དེ་རྣམས་ཡིན། །མ་བསླབས་པར་ཡང་འཕོ་བ་ཡོད། ། ཨྠིྀ། ༈ །གཏུམ་མོའི་བཀའ་དཔེའོ། །བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་ཆེན་པོ་ནཱ་རོ་པས། །བདེ་མཆོག་འཁོར་ལོའི་གསང་སྔགས་ནི། །འབུམ་ཕྲག་བདུན་ནི་བཟླས་པ་ཡིས། །ས་རྣམས་གཡོས་ཤིང་ལུང་བསྟན་ཐོབ། །ཤར་ཕྱོགས་ངོས་ཀྱི་ཏེེ་ལོ་པའི། །ཞལ་སྔར་གདམས་ངག་མནོས་པ་ནི། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དེ་ལ་དངོས་པོའི་གནས་ལུགས་ནི། །ལུས་ནི་བྱང་ཆུབ་རྣམ་ལྔ་དང༌། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །དེ་ལ་གནད་ནི་རྣམ་པ་གསུམ། །ལུས་དང་ཡུལ་དང་དབང་པོ་གསུམ། །དེ་ལ་ལུས་ཀྱི་གནད་བཤད་པ། །རིན་ཆེན་རྩར་ལ་བརྒྱུས་པ་ལྟར། །ཤིན་ཏུ་བསྲང་ལ་དགུགས་པར་བྱེད། །ལི་རི་བཞིན་དུ་ཁོང་བསྒྲིམ་བྱ། །རྒྱ་མདུད་ལྟ་བུའི་ཚུལ་དུ་གནས། །འཕེལ་ཀ་ཤིན་ཏུ་བསྐྱེད་པར་བྱ། །མཉམ་བཞག་རྒྱ་ཡིས་བཙིར་བྱ་ཞིང༌། །རེའུ་མིག་ལྟར་ནི་བསྣོལ་བར་བྱ། །རྔུབ་དང་དགང་དང་གཞིལ་བ་དང༌། །མདའ་ལྟར་འཕང་དང་རྣམ་བཞིའོ། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉེན། །དེ་ནི་ལུས་ཀྱི་གནད་དུ་གསུངས། །ཡུལ་གྱི་གནད་ནི་རྣམ་གཉིས་ཏེ། །ཕྱི་ནང་གཉིས་སུ་བཤད་པར་བྱ། །ཕྱི་ཡི་དཀར་དམར་རྣམ་པ་ཅན༑ ༑ནང་དུ་འཁོར་ལོ་རྣམ་པ་བཞི། །དེ་ལ་ཐབས་ལམ་བགྲང་མི་ལང༌། །དེ་ནི་ཡུལ་གྱི་གནད་ཡིན་ནོ། །ད་ནི་དུས་ཀྱི་གནད་ གཡས་གཡོན་འཕོ་དུས་ཟེར་བའང་ཡོད། །མཆན། བཤད་པ། །གཉིད་དང་རྨི་ལམ་སྙོམས་འཇུག་དང༌། །ཐ་མལ་དུས་དང་རྣམ་པ་བཞི། །དེ་ལ་དུས་བཞིའི་ཉམས་ལེན་ནི། །བླ་མའི་ཞལ་ལས་ཤེས་པར་བྱ། །དེ་ལ་དུས་ཀྱི་གནད་བརྟག་གོ །ཐབས་ལམ་ཁྱད་པར་འཕགས་པ་སྟེ། །བླ་མ་ཏེ་ལོ་པས་བླ་མ་ནཱ་རོ་པ་ལ་གནང་། དེས་མར་པ་ལ་གནང་། དེས་གུང་ཐང་གི་མི་ལ་ཐོས་པ་དགའ་ལ་གནང༌། དེ་ལས་འབྲས་བུ་རིམ་གྱིས་འབྱུང༌། །འབྲས་བུ་འབྱུང་བའི་འབྱུང་ཚུལ་ནི། །ལུས་དང་མན་ངག་ཉམས་དང་གསུམ། །རིམ་པ་གྲངས་ཀྱིས་འབྱུང་བར་གསུངས། །དཔེར་ན་སེང་གེའི་འོ་མ་འདི༑ ༑གསེར་སྣོད་དངུལ་སྣོད་མ་ཡིན་པ། །སྣོད་ངན་ཕལ་ལ་བྱིན་པ་ན། །དམ་ཚིག་ཉམས་ནས་དམྱལ་བར་འགྲོ། །དེས་ན་གསང་བ་ཐུབ་པར་གྱིས། །གྲུབ་ཐོབ་བརྒྱུད་པའི་མན་ངག་འདི། །རང་གིས་ཉམས་སུ་བླང་བར་བྱ། །རྒྱ་མཚོའི་གཏིང་གི་རྡོ་བ་བཞིན། །ཁ་རུ་དབྱུང་བ་མ་ཡིན་ནོ། ། ཨྠིྀ། ༈ །རྨི་ལམ་བཀའ་དཔེའོ། །ན་མོ་གུ་རུ། རྨི་ལམ་ལ་ཡང་རྣམ་ལྔ་སྟེ། །དྲན་དང་སྒྱུ་མར་ཤེས་པ་དང༌། །སྦྱང་དང་གོམས་པར་བྱ་བ་དང༌། །གོང་དུ་འཕོ་བར་ཤེས་པར་བྱ། །དྲན་པ་ཞེས་བྱ་བསྒོམ་པ་ནི། །གཉིད་མ་ལོག་པའི་དུས་སུ་ཡང༌། །འདུན་པ་དག་ནི་སྔོན་བཏང་སྟེ། །ལོག་ཀ་མ་ཡི་ཤེས་པ་ནི། །དྲན་པས་ཡང་ཡང་བསྐུལ་བྱས་ལ། །བསྐུལ་བར་ལོག་རེར་ལན་རེ་འཛིན། །རབ་རིབ་ཡད་ཡུད་འབྱང་བར་འགྱུར། །དེ་ལྟར་དྲན་པ་བརྟན་གྱུར་ན། །སྒྱུ་མ་དག་ཏུ་ཤེས་བྱས་ཏེ། །མ་ལོག་པ་ཡི་དུས་སུ་ཡང༌། །སྣང་སྲིད་སྒྱུ་མར་ཤེས་བྱ་སྟེ། །སྒྱུ་མ་དངོས་ནི་རྨི་ལམ་ཡིན། །དེ་ཉིད་སྒྱུ་མར་མ་ཤེས་པས། །བར་དོ་སྒྱུ་མར་མི་ཤེས་ནས། །བར་དོའི་སྲིད་པ་མི་ཁེགས་པས། །སྐྱེ་བ་ཡང་དང་ཡང་བླང་སྟེ། །ཁམས་གསུམ་འཁོར་བར་འཁྱམས་པ་ཡིན། །དེ་ལྟར་རྨི་ལམ་དངོས་དག་ལས། །བློ་ནི་འཇུག་ཏུ་མ་བཏུབ་ན༑ ༑སྔོན་དུ་འགྲོ་བ་དག་བྱས་ཏེ། །བསྐྱེད་རིམ་བཟླས་པའི་རྟགས་དག་དང༌། །འདུ་འཛི་ཤིན་ཏུ་ཉུང་བ་དང༌། །སྔར་གྱི་གོམས་པ་དཀྲི་བ་དང༌། །མོས་པ་ཤིན་ཏུ་དྲགས་པ་དང༌། །བསྐུལ་བའི་དུས་དག་ཤེས་པའོ། །གཉིད་མ་ལོག་པའི་དུས་སུ་ཡང༌། །དྲན་པ་དེ་ཉིད་སྒྱུ་མ་རུ། །ཤེས་བྱའི་བསམ་པ་སྔོན་བཏང་ལ། །ནན་ཏན་དུ་ནི་སྦྱང་བར་བྱ། །དེ་ལྟར་དུ་ནི་བསྒོམ་པ་དང༌། །ཕན་ཚུན་དག་ཏུ་ཕྱིན་པ་དང༌། །ངལ་དུབ་དག་ནི་ངལ་དུབ་མེད། །འགྲངས་ལྟོག་དག་ནི་འོང་བ་དང༌། །ཆོ་འཕྲུལ་དག་ནི་བསྟན་པ་དང༌། །དེ་ལ་སོགས་པའི་མཚན་མ་རྣམས། །གཉིད་མ་ལོག་པའི་དུས་སུ་ཡང༌། །གོམས་པར་བྱ་ཡི་བར་ཆད་ཀྱིས། །ལོག་ཀ་མ་ཡི་དུས་སུ་ཡང༌། །མཚན་མ་དྲན་པ་དེ་རྙེད་ལ། །བག་མི་ཚ་བར་སྤྱད་པར་བྱ། །དེ་ལྟར་སྒྱུ་མར་ཡང་དང་ཡང༌། །ཉིན་མཚན་གཏན་དུ་བསམས་ནས་ཀྱང༌། །སྒྱུ་མར་ཤེས་པའི་མཚན་མ་ནི། །ཡ་མི་ང་དང་བག་མི་ཚ། །དམ་དུམ་ཀེམ་ཀ་འབྱུང་བར་འགྱུར། །དེ་ལྟར་བརྟན་པར་གོམས་པར་བྱ། །དེ་ལྟར་བརྟན་པར་གྱུར་ན་ནི། །འཕོ་བ་དག་ནི་བྱ་བར་བཤད། །གཉིད་མ་ལོག་པའི་དུས་སུ་ཡང༌། །རང་བཞིན་གང་དགར་གཏང་བར་བྱ། །འགྲོ་སར་སེམས་ནི་བཏང་བྱས་ནས། །ལོག་ཀ་མ་ཡི་དུས་སུ་ཡང༌། །དེར་ནི་བག་ཆགས་དྲན་བྱས་ཏེ། །དེ་ལྟར་རང་གི་རིག་པ་ཡིས། །དཔྱད་ཅིང་གོང་ལྟར་རིག་པ་འཕོ། །འཕོ་བ་བརྟན་པར་གྱུར་ནས་ནི། །སྒྱུ་མ་སྦྱངས་པའི་མཚན་ཉིད་ཀྱིས། །སྔར་གྱི་གོམས་པ་དཀྲི་བར་བྱ༑ ༑ད་ལྟར་སྔ་མ་ཅི་བཞིན་བསྒོམ། །ལོག་ཀར་ཡང་དང་ཡང་དུ་བསྒོམ། །དེ་ལྟར་རྨི་ལམ་དུས་སུ་ནི། །དམ་དུམ་ཡད་ཡུད་འབྱུང་བར་འགྱུར། །གང་ལའང་བཟང་ངན་མི་བལྟ་སྟེ། །རྨི་ལམ་འོད་གསལ་འཕོ་ནུས་པ། །རྟགས་མ་བྱུང་བར་འབྱངས་པ་ཡོད། །རང་གིས་རིག་པས་རྟོགས་བྱས་པ། །མ་རྟོགས་ན་ཡང་འབད་ཅིང་བརྟགས། །རྩོལ་བ་དག་ནི་བསྐྱེད་བྱས་ལ། །ཤེས་པ་ཚར་ནི་གཅད་པར་བྱ། །དེ་ལྟར་ཡང་དང་ཡང་བྱས་པས། །མོད་དུ་ཟིན་པ་དག་ཀྱང་ཡོད། །ཟླ་བས་ཟིན་པ་དག་ཀྱང་ཡོད། །ལོ་ཡིས་ཟིན་པ་དག་ཀྱང་ཡོད། །ཡང་དང་ཡང་དུ་གོམས་བྱས་པས། །རྨི་ལམ་བྱིན་གྱིས་རློབས་པ་ཡིན། །དེ་ཡིས་བར་དོ་བསླང་བར་འགྱུར། །གོང་མའི་རྨི་ལམ་གོམས་པ་ཡིས། །འཆི་ཁའི་ཤེས་པ་གསལ་བྱས་ཏེ། །འཆི་བའི་རྟགས་རྣམས་ཚང་བ་དང༌། །སྔར་གོམས་པ་ལའང་སེམས་བཞག་སྟེ། །འོད་གསལ་བ་ལ་འཇུག་པའམ། །ཡང་ན་གསལ་བ་ལ་མི་འཇུག །འཆི་ཀར་གཉིད་ནི་ལོག་པ་ན། །དྲན་པ་དག་ནི་སྔོན་བཏང་ནས། །ས་བོན་སྐྱེས་ནས་རིམ་ཁྱབ་བོ། །གཞི་དང་ཁང་པ་ཉིད་དག་དང༌། །ལས་དང་ཕ་རོལ་སྦྱོར་བ་དང༌། །རང་ལུས་ངོ་བོ་ཐིག་ལེ་བཅས། །བཅུ་གཉིས་མཐའ་ཡི་ཚིག་གི་དོན། །གང་གིས་རྟག་ཏུ་བསྒོམ་གྱུར་ན། །དེ་ཡི་དངོས་གྲུབ་བདེ་བ་ཡི། །རྡོ་རྗེ་འཛིན་པ་རང་ཉིད་འགྱུར། །རྫོགས་སོ།། ༈ །།འོད་གསལ་གྱི་བཀའ་དཔེའོ། །ནཱ་རོ་པའི་གདམས་པ་ལ། །ཕུང་པོ་ཁམས་དང་སྐྱེ་མཆེད་དབང་པོ་ལ༑ ༑ཤེས་པ་གཉིས་པོ་འདི་ལྟར་བསྡུས་བྱས་པས། །སྟོང་ཆེན་འགྱུར་བས་གང་ཞིག་གཉིད་ལོག་པ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། །རྨི་ལམ་སད་པས་བྱེ་བྲག་གཞན་མེད་པས། །ཀུན་ཏུ་རྟོག་པས་རྨི་ལམ་ཕྲལ་འདོད་པས། །འགྲོ་བ་ཉིན་མཚན་ཉེ་བར་གཉིད་ལོག་ཅིང༌། །ས་སྡུག་གྱུར་པས་རབ་ཏུ་རང་གཉིད་ལོག །སེམས་དང་སེམས་ལས་འབྱུང་བའི་རྟོག་ཚོགས་ནི། །རང་གྲོལ་བདེ་བ་ཆེན་པོའི་ཏིང་འཛིན་ནོ། །དེ་ནི་སྒྱུ་མའི་དཔེ་ཡིས་ཉེ་བར་མཚོན་ཏེ། དེ་བས་ན་སངས་རྒྱས་ཀྱི་ཞིང་གངྒཱ་ཀླུང་གི་བྱེ་མ་སྙེད། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྒྱུ་མ་ལྟ་བུ་དང༌། འཇའ་ཚོན་ལྟ་བུའི་ལུས་ངག་ནི། །དེ་ཉིད་བསྒོམས་པས་འཐོབ་པར་འགྱུར། །མ་རིག་པ་ངང་གིས་འགགས་ཤིང༌། འོད་གསལ་བ་ལ་འགྲོའོ། །ཕྱི་ནས་ལངས་ནས་རླུང་གིས་འཁོར་བར་འགྱུར་བ་སྟེ། དེས་ལུས་གྲུབ་ནས་མིག་ལ་སོགས་པའི་དབང་པོ་ཡུལ་དམིགས་པ་དེ་སྲིད་དུ། དེ་ཉིད་དུ་མི་དམིགས་པར་མི་འགྱུར་སྟེ། ཐོག་མེད་དུས་ནས་གོམ་ཕྱིར་རོ། །ཕུང་པོ་ལ་སོགས་ཁམས་ཕྲ་བ་ལ་གཞུག་གོ །ཁམས་ནི་སེམས་ཕྲ་བ་ལ་གཞུག་གོ །སེམས་ཡང་མ་རིག་པ་ལ་གཞུག་སྟེ། དེ་ལྟར་གཉིད་ལོག་པར་བྱའོ། །ཕྱིས་ནི་ཡེ་ཤེས་ཀྱི་རང་བཞིན་འོད་གསལ་བའོ། །མ་རིག་པ་དེ་ལྕགས་ཀྱུ་དང་འདྲ། རྣམ་པར་ཤེས་པ་གང་ལའང་འདྲེ་བར་མི་བྱེད་དོ། །འོད་གསལ་བའི་ངོ་བོ་ཉིད་མངོན་སུམ་དུ་བྱེད་དོ། །སྐྱེ་བ་འདིས་སངས་རྒྱའོ། །དེ་ནས་རང་གར་འདོད་པའི་ཞིང་ཁམས་ཁྱད་པར་ཅན་དུ་འགྲོ་ན་ཡང་འགྲོའོ། །ཏེ་ལོ་པས་གསུངས། དེས་ནཱ་རོ་པ་ལ། དེས་མར་པ་ལ། དེས་མི་ལ་ལ། དེས་རིན་པོ་ཆེ་ལ་གནང་བའོ། །གཉིད་དང་འདྲེས་པའི་བསམ་གཏན་རྫོགས་སོ།། ༈ །།བར་དོའི་བཀའ་དཔེའོ། །བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །རིམ་གྱིས་འཇུག་པའི་གང་ཟག་ནི། །ཤེས་པའི་སྐྱེ་ལུགས་འདི་ལྟ་སྟེ། །སྣང་བ་ཐིམ་དང་རྟོག་པ་ཐིམ། །རགས་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་རྗེས་ལ་ནི་གོམས་པ་དང༌། །རང་བཞིན་གྱིས་ནི་འོད་གསལ་འབྱུང༌། །དེ་ཡི་རྗེས་ལ་ཟུང་འཇུག་གི །སྐུ་ནི་རྣམ་པ་གཉིས་འབྱུང་སྟེ། །སློབ་པ་དང་ནི་མི་སློབ་གཉིས། །མི་སློབ་པ་རུ་གྱུར་ཅེ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །གོང་དུ་བསྟན་པ་དེ་དག་ནི༑ ༑ཞིབ་ཏུ་བྱས་ན་འདི་ལྟ་སྟེ། །དང་པོ་ལུང་རིགས་མན་ངག་གིས། །རྒྱུད་ལ་རྟོག་པ་ཤར་ཙམ་ན། །སྣང་བ་འགགས་པའི་འགགས་ལུགས་ནི། །གཟུགས་སྒྲ་ལ་ཐིམ་དེ་བཞིན་དུ། །དྲི་དང་རོ་དང་རེག་བྱ་དང༌། །ས་དང་ཆུ་དང་མེ་དང་རླུང༌། །དེ་རྣམས་རིམ་གྱིས་སྣང་བར་ཐིམ། །སྣང་བའི་དུས་ན་ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། ནང་རྟགས་ནི་ཤེས་པ་དུ་བ་ལྟ་བུའོ། །སྣང་བ་མཆེད་པ་ལ་ཐིམ་ཙམ་ན། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་ཤེས་པ་སྲིན་བུ་མེ་ཁྱེར་བ་ལྟ་བུའོ། །མཆེད་པ་ཐོབ་པ་ལ་ཐིམ་ཙམ་ན། ཕྱི་རྟགས་མུན་པ་ལྟ་བུ། ནང་ཤེས་པ་མར་མེ་ལྟ་བུའོ། །ཐོབ་པ་འོད་གསལ་ལ་ཐིམ་ཙམ་ན། ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་ཤེས་པ་ནམ་མཁའ་སྤྲིན་དག་པ་ལྟ་བུའོ༑ ༑འོད་གསལ་ལས་ལྡང་བའི་ཟུང་འཇུག་གི་སྐུ་དེ་ངོ་ཤེས་པར་བྱས་ཏེ། ངོ་ཤེས་པ་ནི་གསུམ་སྟེ། རང་བཞིན་གྱིས་འོད་གསལ་བ་དང༌། ཟུང་འཇུག་གི་སྐུ་དང༌། མངལ་གྱི་སྐྱེ་གནས་དགག་པའོ། །འོད་གསལ་བ་དེ་ངོས་ཟིན་ནས་འོད་གསལ་གྱི་མེས་བག་ཆགས་ཐམས་ཅད་སྦྱོང་བའི་དུས་ན། སློབ་པའི་ཟུང་འཇུག་ཅེས་བྱའོ། །དེ་སྦྱང་གཞི་དང་སྦྱོང་བྱེད་མེད་པར་གོམས་པ་མཐར་ཕྱིན་ཙམ་ན། མི་སློབ་པའི་ཟུང་འཇུག་ཅེས་བྱ་སྟེ་འབྲས་བུ་ཐོབ་པའོ། །ཟུང་འཇུག་དེ་ངོས་ཟིན་ན་བར་དོ་སྒྱུ་མའི་ལུས་ཡིན་ཏེ། དེའི་མཚན་ཉིད་ནི། དབང་པོ་ཀུན་ཚང་ཐོགས་མེད་ལྡན། །ལ་སོགས་པ་གཞན་ནས་བཤད་པ་དང་མཐུན་ཏེ། ཆུ་ལས་ཉ་ལྡང་བ་བཞིན་བྱུང་ནས། སྐྱེ་བ་གཞན་ལེན་པ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུར་འགྱུར་རོ། ། ཨྠིྀ། བར་དོ་ལམ་དུ་བྱེད་པ་འཆི་ཀ་མའི་དུས་སུ་བསླབ་པ་ནི་འབྱུང་བ་བཞི་རིམ་གྱིས་ཐིམ་པར་ཤེས་པར་བྱས་ལ། རང་གི་སེམས་ལ་བལྟས་ཤིང་བར་དོ་ལ་བར་དོ་ངོ་ཤེས་པར་བྱའོ་སྙམ་པའི་འདུ་ཤེས་དྲག་ཏུ་བྱ་ཞིང༌། བར་དོ་དེ་ཉིད་ཀྱང་སྒྱུ་མར་ཤེས་པར་བྱས་ཤིང་དེ་ཁོ་ན་ཉིད་བསྒོམ་སྟེ། སྐྱེ་བའི་རྐྱེན་ཕ་མ་ལ་ཆགས་སྡང་སྐྱེ་བ་ཡིན་པས། དེ་ཟློག་ཅིང་འོད་གསལ་དུ་གནས་པར་བྱའོ༑ ༑དེའི་དུས་སུ་དེ་ཁོ་ན་བསྒོམ་པར་མི་ནུས་ཤིང་སྐྱེ་བ་ལེན་ནའང༌། རང་དབང་གིས་བདེ་བ་ཅན་དུ་འགྲོ་བར་བྱ་སྟེ་རང་དབང་ཡོད་པར་ལུས་ལེན་པའོ། །དེ་ནི་བར་དོ་ལམ་དུ་ཁྱེར་བ་སྟེ། ཤེས་བཞིན་དུ་འཇུག་པའི་གང་ཟག་གོ ། ཨྠིྀ། རྡོ་རྗེ་འཆང་གིས་ཕྱག་ན་རྡོ་རྗེ་ལ། དེས་ཏེ་ལོ་པ་ལ། དེས་ནཱ་རོ་པ་ལ། དེས་རྗེ་བཙུན་མར་པ་ལ། དེས་གུང་ཐང་གི་མི་ལ་ཐོས་པ་དགའ་ལ། དེས་རིན་པོ་ཆེ་ལ་གནང༌། སྙན་ནས་སྙན། ཞལ་ནས་ཞལ། ཐུགས་ནས་ཐུགས་སུ་བརྒྱུད་པའོ། །ཀུན་གྱི་ཐུན་མོང་མ་ཡིན་པའོ། །རིན་པོ་ཆེའི་གདམས་པའོ། །རྫོགས་སོ།། ༈ །།གྲོང་འཇུག་གི་བཀའ་དཔེའོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་སེམས་ཀྱི་འཕོ་བ་གྲོང་ཁྱེར་ལ་འཇུག་པའི་མན་ངག་ནི། འདི་ལྟར་ཤེས་པར་བྱ་སྟེ། དང་པོ་རྣལ་འབྱོར་པས་ཆོས་ཐམས་ཅད་སྒྱུ་མ་དང་ཁྱད་མེད་པའི་དོན་ལ་མོས་པ་དྲག་པོ་བྱ། དེ་ནས་རང་གི་ཁྱིམ་དུ་མཎྜལ་ལེགས་པར་བྱུགས་ཏེ། ཐོད་པའམ། གཡམ་པ་རྩེ་ནི་ལ་ཆང་བྱུགས་ཏེ། དབུས་སུ་ཧཱུྃ་དཀར་པོ་གསལ་བར་བྲིས་ཏེ་མཎྜལ་གྱི་ཐོག་ཏུ་བཞག་ལ། རང་གི་ཤེས་པ་སྙིང་གར་ཧཱུྃ་ལ་གཏད་པར་བྱས་ལ། རང་གི་དབུགས་དང་ཤེས་པ་ཧཱུྃ་ལ་གཏད་དེ་དྲག་ཏུ་བཟུང་ངོ། །དེ་ནས་ཟིན་པའི་རྟགས་ནི་ཐོད་པ་དྲོ་བའམ། འགུལ་བའམ། འཕང་བའམ། དུ་བའི་རྟགས་འོང་སྟེ། དེའི་རྗེས་ལ་མི་ཤི་ནས་རིང་པོ་མ་ལོན་པ། རོ་མ་རུལ་བ་རྨ་མེད་པ་བླངས་ལ་ཁྲུས་བྱས་ཏེ། རྒྱན་བཏགས་ལ་ཡིད་གཞུང་བར་བྱ་སྟེ། མཎྜལ་གྱི་ཐོག་ཏུ་བཞག །རོའི་སྙིང་གར་ཧཱུྃ་བསམ་ལ་དེ་ལ་ཤེས་པ་གཏད་ལ་དབུགས་ཐུབ་ཚད་བཟུང་ངོ་། །དེ་ནས་རླུང་དང་ཤེས་པ་རོ་ལ་ཟིན་ནས་དགའ་བ་སྐྱེས་ཤིང་འདུག་ཙམ་ན། ཤེས་པ་རོའི་སྙིང་གར་ཧྲིལ་ཏེ་གཏད་དེ་བཅུག་ལ༑ ཚུར་མི་དྲང་བར། དེ་ལངས་ལ་ལུས་སྔ་མ་བོར་རོ། །གྲོང་དུ་འཇུག་པ་སློབ་པའོ། ། ཨྠིྀ། ༈ །འཕོ་བའི་བཀའ་དཔེའོ། །འཕོ་བ་ནི་དེ་ཁོ་ན་ཉིད་དང༌། གྲོང་ཁྱེར་དུ་འཕོ་བ་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་འཕོ་བ་ནི། རང་ཉིད་ལྷར་བསྒོམ་པའི་སྙིང་གའམ། ལྟེ་བར་པདྨ་དང་ཟླ་བ་དང་ཧཱུྃ་བསམ་སྟེ། དེའི་འོད་ཀྱིས་སྣང་སྲིད་ཐམས་ཅད་རང་སྐུ་ལ་བསྡུ། སྐུ་ཡང་ཧཱུྃ་དང་ཟླ་བ་ལ་བསྡུ། ཟླ་བ་ཡང་ཧཱུྃ་ལ་བསྡུ། ཧཱུྃ་ཞབས་ཀྱུ་ནས་ནཱ་དའི་བར་བསྡུས་ལ་མཐར་དབུགས་ཆད་པ་དང་དུས་མཉམ་དུ་ནཱ་དའང་མི་དམིགས་པར་བྱའོ། །དེས་ནི་རང་གི་རླུང་གཙོ་བོར་གྱུར་པ་དང༌། མོས་པ་དང་རྩོལ་བ་དྲག་པོ་དང༌། སྣང་སྲིད་སྒྱུ་མ་ཙམ་དུ་ཡིད་ཆེས་པས། ཅི་ལྟར་ཡང་བཏུབ་སྙམ་པས་འབྱུང་བ་ཡིན་ནོ། ། ཨྠིྀ། །དེ་ལ་གྲོང་དུ་འཕོ་བར་བྱེད་ན་ཡང༌། བར་དོ་ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བ་ལ་ཡིད་ཆེས་པར་བྱའོ། །དེ་ཡང་གོང་དུ་འཕོ་བའི་མན་ངག་ལ་གསུམ་ཏེ། ཏིང་ངེ་འཛིན་གྱིས་དང༌། རྩོལ་བ་དང༌། བཙན་ཐབས་སོ། །དེ་ལ་ཏིང་ངེ་འཛིན་གྱིས་འཕོ་བ་བྱེད་ན། དང་པོ་རླུང་ལ་སྦྱང་སྟེ། དེ་ཡང༌། རང་གི་སྙིང་གར་ཡི་གེ་ཧྃ་ཡིག་ཟེར་བའི་ཐིག་ལེ་ཡུངས་འབྲུ་ཙམ་ལ་ཤེས་པ་གཏད་ཡུན་ཐུབ་ཚད་དུ་བཟུང༌། དབུགས་ངལ་ན་ཡང་སྣ་རྩེ་ལ་ཕར་ལ་རླུང་དྲང་ངོ་། །དེ་ནས་སྙིང་གར་བཟུང་ཞིང་ཡང་དང་ཡང་དུ་ནན་ཏན་དུ་གོམས་པར་བྱས་པས་ཅི་ཙམ་འདོད་པར་ཟིན་ཅིང༌། རང་དབང་ཡོད་པ་སྙམ་བྱེད་པ་འོང་ངོ་། །པུས་མོ་བསྐོར་ཞིང་སེ་གོལ་བརྡབ། བརྒྱ་རྩ་བརྒྱད་ཟིན་པའི་ཚད་ཅེས་གསུངས་སོ། །སྙིང་གར་ཟིན་ནས་ལྐོག་མར་གཟུང་བར་བྱའོ། །དེ་ལྟར་དབུགས་ངལ་ན་སྣ་སྒོར་ངལ་གསོ། དེར་ནི་གང་འདོད་ཟིན་གྱུར་ན། །བདེ་བའི་འཁོར་ལོ་དྲངས་བྱས་ཏེ། །ཤེས་པ་བདེ་བ་ཅན་དུ་གཏད་ལ་ཚངས་པའི་སྒོ་ནས་འཕོ་བར་བྱ། ཨྠིྀ། །རྩོལ་བས་འཕོ་བ་འདི་ལྟར་བྱ་སྟེ། དང་པོ་འཆི་རྟགས་བྱུང་ནས་མི་ཐར་བར་ཤེས་ནས་དང་པོར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་ཡིད་ཆེས་པར་བྱས་ལ། ལུས་ཀྱི་འཁྲུལ་འཁོར་བཅའ་བའོ། །དེ་ཡང་ངག་ཏུ་ཨཱ་ལི་བཟླས་ཏེ་ངག་གི་འཁྲུལ་འཁོར་བཅས་པའོ། །དེ་ནས་ཤེས་པ་བདེ་བ་ཅན་དུ་གཏད་དེ་བསམ་པ་དེར་བཏང་ལ་རང་གི་ཤེས་པ་སྙིང་གར་ཧཱུྃ་ལ་བསྡུས་ཏེ༑ ལག་པ་ལྟག་པར་སྦྲེལ་ཏེ་པུས་མོ་བཙུགས་ལ། སྙིང་གྱེན་ལ་ལོག་པར་བསམས་ལ། ལུས་དབྱུག་པ་ལ་བརྟེན་ཏེ། ངག་ཏུ་ཡང་ཧིཀ་བྱས་པས་ཁ་ནས་འཕོ་བར་བྱ། འཆི་རྟགས་ངེས་ན་འཕོ་བྱ་སྟེ། །འཆི་རྟགས་མེད་ན་སངས་རྒྱས་གསོད། །འཕོ་བའོ། །དེ་ལ་བཙན་ཐབས་ཀྱི་འཕོ་བ་ནི། རྐང་པ་གཡོན་པའི་ཕྱི་རྟིང་གིས་བཤང་སྒོ་དགག །ལོང་བུས་རྩ་སྒོ་མནན་ནས་དེ་ལ། སེང་གེ་རྣམ་འགྱིང་གི་ཕྱག་རྒྱས་རྩེའུ་ཆུང་གཉིས་དང་མིག་ལ་སོགས་པ་མནན། འོག་སྒོ་བསྡམ་ཞིང་རླུང་བུམ་པ་ཅན་དུ་བྱའོ། །དེ་ནས་དབུགས་མ་ཐུབ་ན་གྲུ་མོ་གཉིས་ཀྱིས་མཆན་ཁུང་འོག་གི་རྩིབས་ལོག་བསྡམ་ལ། སྐེད་པ་ཉེག་པར་བྱས་ཏེ། རླུང་དྲག་པོར་གྱེན་དུ་དྲངས་ཏེ་ཕུལ་ནས་ཡར་རླུང་དང་ཤེས་པ་གཉིས་ཁྲོག་གིས་ཕྱུར་གྱིས་ཚངས་པའི་བུ་ག་ནས་འཕོས་ཏེ་མཁའ་སྤྱོད་དུ་འགྲོ་བའོ། །འཕོ་བ་འདི་གང་དགའ་དགར་བྱ་མི་རུང་སྟེ། རང་གི་ལུས་ཀྱི་ལྷ་བསད་ན་མཚམས་མེད་རྩ་ལྟུང་བྱུང་ནས་ངན་སོང་དུ་འགྲོའོ། །འཆི་ངེས་ན་གོང་རོལ་དུ་བྱའོ། །ཁྱད་པར་དུ་བཙན་ཐབས་ཀྱི་འཕོ་བ་འདི་ནི་སྡིག་པོ་ཆེ་ཚོགས་མ་བསགས་པས་བྱའོ། །གཞན་དུ་མི་རུང་ངོ༌། ། ཨྠིྀ། དང་པོ་རང་ཉིད་སྐྱིལ་མོ་ཀྲུང་དང་མཉམ་བཞག་བཅས་ཏེ། མིག་སྣ་རྩེར་ཕབ་ལ། སྐད་ཅིག་གིས་ཡི་དམ་ལྷར་བསྒོམ་ལ། རླུང་དྲག་པོ་ནང་དུ་རྔུབ་ཅིང་དྲངས་ནས་བུམ་པ་ཅན་ལྟ་བུར་བྱའོ། །འོག་སྒོ་དང་སྟེང་སྒོ་གཉིས་ཆར་གྱིས་བསྡམ། དེ་ནས་ལྟེ་བར་ཨ་སྙིང་གར་ཧཱུྃ་བསམ་ལ། དེ་ནས་ཤེས་པ་སྙིང་ལས་ཞུགས་ཏེ། ཧཱུྃ་གྱེན་ཏུ་སོང་ནས་ཚངས་པའི་སྲུབས་འབྱེད་བཞིན་འབྱེད་པར་བསམ། དེ་ལ་དབུགས་ཤིན་ཏུ་མ་ཐུབ་ན། སྣ་གཡོན་པ་ནས་བག་ཙམ་བཏང་ཞིང་དེ་ཉིད་ལ་བསྒོམ། དེ་ལ་འཕོ་བར་ནུས་པའི་ཚད་ནི། དབུགས་རེ་ལ་ལག་པ་པུས་མོའི་འཁོར་གསུམ་བསྐོར་ཞིང་སེ་གོལ་ལན་གསུམ་གསུམ་བརྡབ། བརྒྱ་རྩ་བརྒྱད་ནུས་ན་འཕོ་བར་ནུས་སོ། །ནམཐུན་གཏོང་ཙམ་ན། ཡི་གེ་གཉིས་གནས་སུ་སོང་བར་བསམ་འཆི་ངེས་ན་གོང་རོལ་དུ་འཕོའོ། །དེ་ལ་འཕོ་བའི་དུས་སུ་གོང་དུ་བསྒོམ་པ་ལྟར་བྱས་ཏེ། སྐེད་པ་ཅུང་ཟད་ཉེག་ཉེག་པོར་བྱས་ནས། གྲུ་མོས་རྩིབས་ལོགས་གཉིས་ཅུང་ཞིག་མནན་ཏེ། རླུང་དྲག་པོ་གྱེན་དུ་དྲངས་ཏེ། ཚངས་པའི་སྲུབ་ཕྱེས་ཏེ་འཕོས་པས། ཤེས་པ་རླུང་དང་གཉིས་ཁྲོག་ཐེར་གྱིས་འགྲོའོ། །འཕོ་བའི་མན་ངག་གོ །ཏེ་ལོ་པ། དེས་ནཱ་རོ་པ། དེས་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས། དེས་གུང་ཐང་གི་མི་ལ་ཐོས་པ་དགའ་ལ། དེས་རིན་པོ་ཆེ་སྒམ་པོ་པ་ལ་གནང་བའོ། །གྲུབ་པ་ནུས་པ་ཐོབ་པའི་ཉམས་ལེན་རྒྱུན་མ་ཆད་པ་ཡིན་ནོ། །རྗེ་བཙུན་རས་པ་ནི་མཁའ་འགྲོ་མས་ཀྱང་བྱིན་གྱིས་བརླབས་པ་ཡིན་གསུངས་སོ། ། ཨྠིྀ། ༈ །གདམས་ངག་གནད་ཀྱི་བཀའ་དཔེའོ། །སྲོག་རྩོལ་གནད་དུ་བསྡམས་བྱས་ཏེ། །རྩ་རླུང་ཐིག་ལེ་མཚན་ལྡན་དང༌། །འོད་གསལ་རྗེས་སུ་གནང་བ་བསྒོམ། །སྲོག་རྩོལ་དག་ལ་དབང་ཐོབ་ན། །རླུང་ནི་གཡས་གཡོན་འཕོ་ནུས་དང༌། །ཁ་དོག་བྱེ་བྲག་ཚོར་བ་དང༌། །བསྡམ་གདོད་མེད་ཅིང་ཕྱི་ནང་བསྲེ༑ ༑ཚ་གྲང་འདྲེས་པའི་རྟགས་བྱུང་ནས། །དགོས་དགུ་ཐམས་ཅད་འབྱུང་བར་གསུངས། །བླ་མ་དམ་པའི་གདམས་ངག་ལ། །ཆུ་བོའི་རྒྱུན་བཞིན་ཉམས་བླངས་ན། །དམ་ཚིག་དེ་ཡིས་སྐོང་བར་གསུངས། །རྨི་ལམ་མངོན་སུམ་གང་ལ་ཡང༌། །ཆོ་འཕྲུལ་སྣ་ཚོགས་འབྱུང་བ་ལ། །སྒྱུ་མར་ཤེས་ན་ལམ་དུ་འགྱུར། །བདེན་པར་བཟུང་ན་བར་ཆོད་ཡིན། །ཉིན་རེ་བྲམ་ཟེ་བརྒྱ་གསོད་དང༌། །མཚམས་མེད་ལྔ་དག་བྱེད་པ་དང༌། །རྐུ་དང་འདོད་པའི་ལོངས་སྤྱོད་རྣམས། །འདི་ཡི་ལམ་གྱིས་འགག་པར་འགྱུར། །སྡིག་གིས་གོས་པར་མི་འགྱུར་ཏེ། །སྲིད་པའི་དངོས་པོར་རེངས་པར་འགྱུར། །ཇི་ལྟར་འདམ་ནས་སྐྱེས་པ་ཡི། །པདྨའི་མདངས་ནི་མཛེས་པར་འགྱུར། །དེ་བཞིན་རྒས་པའི་ལུས་དག་ལ། །ཡེ་ཤེས་སྐུ་ནི་རང་དགར་འབྱུང༌། །རྡོ་རྗེ་སྦྱོར་བའི་སྦྱོར་བས་ན། །རྡོ་རྗེ་དྲིལ་བུ་མི་ལྡན་པའི། །གསང་བའི་འབྲས་བུ་ཅི་ལྟར་འབྱུང༌། །རྡོ་རྗེ་དྲིལ་བུ་མི་ལྡན་པའི། །རྡོ་རྗེ་བསྒྲུབ་པ་རེངས་པར་འགྱུར། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །སྦྱངས་ནས་ཕ་རོལ་དགའ་བར་འགྱུར། །མཚན་མོ་ཟླ་བ་མེད་པ་ཡི། །ཉིན་མོ་ཟླ་བ་ཇི་ལྟར་སྣང༌། ། ཨྠིྀ། །ཞེས་ནཱ་རོ་པའི་བཀའ་དཔེ་རྣམས་རྫོགས་སོ།། །།ཀ་དཔེ་ཚིག་ལྷུག་པ་གཅིག་ཀྱང་ཡོད་དོ། །ཚིགས་བཅད་འདི་གཙོ་བོར་མཛད་དོ། །མངྒ་ལཾ།། ༈ །།རྒྱ་གར་སྐད་དུ། ཥ་ཊ་དྷརྨ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། ཆོས་དྲུག་གི་མན་ངག་ཅེས་བྱ་བ། དཔལ་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། །དལ་འབྱོར་རྒྱུ་འབྲས་ལས་རྣམས་ལས༑ ༑རྣལ་འབྱོར་དོན་གྱི་སྙིང་པོ་བཙལ། །རྣལ་འབྱོར་ལུས་ཀྱི་རྩེ་ཡི་ཚོགས། །ཕྲ་རགས་རླུང་དང་ལྡན་པ་ནི། །དབང་དུ་བྱེད་ཐབས་འཁྲུལ་འཁོར་གྱིས། །དབྱུང་རྔུབ་དགང་དང་གཞིལ་བ་སྟེ། །ལ་ལ་ནཱ་དང་ར་ས་ནཱ། །ཨ་ཝ་དྷཱུ་ཏཱི་འཁོར་ལོ་བཞི། །ལྟེ་བར་ཙཎྜ་ལཱི་ཡི་མེ། །ཕྲ་རབ་ལས་འཕེལ་ཧཾ་ལས་ནི། །བདུད་རྩིའི་ཆུ་རྒྱུན་དགའ་བཞིའི་འགྲོས། །རྒྱུ་མཐུན་ལ་སོགས་འབྲས་བུ་བཞི། །འཁྲུལ་འཁོར་དྲུག་གིས་རྒྱས་པར་བྱ། །ཙཱརྱ་པའི་ཨུ་པ་དེ་ཤའོ། །སྣོད་བཅུད་ཁམས་གསུམ་མ་ལུས་པ། །སྒྱུ་མ་རྨི་ལམ་ལ་སོགས་དཔེས། །འགྲོ་འདུག་སྤྱོད་ལམ་ཀུན་ཏུ་སྦྱང༌། །ལྷ་ཚོགས་སྒྱུ་མ་མེ་ལོང་གཟུགས། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །དེ་ཉིད་སྒྱུ་མའི་གཟུགས་བཞིན་དུ། །སྒྱུ་དཔེ་བཅུ་གཉིས་ལྟར་མཐོང་བ། །རྣལ་འབྱོར་སྒྱུ་མའི་དོན་མཐོང་བའོ། །ནཱ་གཱརྫུ་ནའི་ཨུ་པ་དེ་ཤའོ། །རྨི་ལམ་རྨི་ལམ་དོན་ཤེས་ཤིང༌། །རྒྱུན་དུ་ཟབ་མོའི་དོན་བསྒོམ་པ། །ནཱ་ད་ཐིག་ལེ་ལ་སོགས་པ། །རིགས་ལྔའི་ས་བོན་ལ་དམིགས་ནས། །སངས་རྒྱས་ཞིང་དང་སངས་རྒྱས་བལྟ། །གཉིས་དུས་བདེ་ཆེན་སྒྲུབ་པའི་ཐབས། །ལྭ་བ་པའི་ཨུ་པ་དེ་ཤའོ། །རྣལ་འབྱོར་ཨ་ཝ་དྷཱུ་ཏཱི་པ། །ཨ་ཝ་དྷཱུ་ཏཱིར་སེམས་གནས་པ། །སྙིང་གི་ཐིག་ལེར་སེམས་བརྟན་པས། །འོད་དང་འོད་ཟེར་འཇའ་རིས་དང་། །སྐྱ་རེངས་ཉི་འོད་ཟླ་འོད་དང༌། །ཉི་མ་ཟླ་བ་ཤར་འདྲ་གསལ། །ལྷ་དང་སྐུ་ཡི་སྣང་བ་སོགས། །སྣ་ཚོགས་ཞིང་ཁམས་དག་པར་འགྱུར། །རྣལ་འབྱོར་པ་ཡི་ལམ་ཆེན་ཏེ། །ནཱ་གཱརྫུ་ནའི་ཨུ་པ་དེ་ཤའོ། །རྣལ་འབྱོར་འཆི་བའི་དུས་ཀྱི་ཚེ། །དབང་པོ་རྣམས་དང་འབྱུང་བ་སྡུད། །ཟླ་ཉི་རླུང་རྣམས་སྙིང་གར་འདུས། །རྣལ་འབྱོར་ཏིང་འཛིན་སྣ་ཚོགས་འཆར། །རྣམ་ཤེས་ཕྱི་རོལ་ཡུལ་སོང་ན། །རྨི་ལམ་ཡུལ་བཞིན་སྣ་ཚོགས་སྣང༌། །བདུན་བདུན་དུས་ཚེ་འཆི་སྣང་དང་། །དེ་ནས་སྐྱེ་བར་འགྱུར་བ་ཉིད། །དེ་ཚེ་ལྷ་ཡི་རྣལ་འབྱོར་སྒོམ། །ཡང་ན་དེ་ཉིད་ངང་ལ་གཞག །དེ་རྗེས་སྐྱེ་ལ་ཕྱོགས་པའི་ཚེ། །མངའ་བདག་ལྷ་ཡི་རྣལ་འབྱོར་གྱིས། །སྣང་སྲིད་ལྷ་ཡི་རྣལ་འབྱོར་སྒོམ། །དེས་ནི་བར་དོ་ཁེགས་པར་འགྱུར། །སུ་ཁ་སིདྷིའི་ཨུ་པ་དེ་ཤའོ། །དེ་ལས་རྣལ་འབྱོར་འཕོ་བའི་ཚེ། །གྲོང་འཇུག་ལྷ་དང་ས་བོན་གྱིས། །འགྲོ་འོང་རིང་དང་ཐུང་བ་དང༌། །ལྷ་ལ་བསླབ་ཅིང་འཕར་བའི་དུས། །གང་འདོད་གྲོང་དུ་འཇུག་པར་བྱ། །གོང་དུ་འཕོ་ན་སྟོང་རང་ལྷ། །ཡཾ་སྤྲོད་ཧི་ཀ་ཧཱུྃ་དང་ཧཱུྃ། །ལྷ་དང་བླ་མའི་ཐུགས་ཀར་འཕང༌། །དེས་ནི་འདོད་པའི་གནས་སུ་འགྲོ། །སུ་ཁ་སིདྷིའི་ཨུ་པ་དེ་ཤའོ། །གྲུབ་པའི་རྣལ་འབྱོར་དབང་ཕྱུག་ཏིལླི་པའི་ཞབས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁས་པ་ན་རོ་པཎྜ་ཏ་དང༌། མར་པ་ལྷོ་བྲག་ཆོས་ཀྱི་བློ་གྲོས་ཀྱིས་ཁ་ཆེའི་གནས་པུཥྤ་ཧ་རིར་བསྒྱུར་བའོ། །འདི་ནི་ཆོས་དྲུག་གི་བཀའ་དཔེ་ཆུང་བའམ། རྣལ་འབྱོར་དབང་ཕྱུག་ཏིལླི་པའི་ཆོས་དྲུག་གི་གཞུང་ཆུང་ཡིད་བཞིན་ནོར་བུ་ཞེས་བརྒྱུད་པ་འཛིན་པ་རྣམས་ཀྱིས་གདམས་ངག་གི་ཁུངས་སུ་མཛད་དོ། ༈ །མཁས་གྲུབ་ཆེན་པོ་ནཱ་རོ་ཏཱ་པས་རྣལ་འབྱོར་གྱི་དབང་ཕྱུག་མར་པ་ལོ་ཙཱ་ལ་གདམས་པའི་ཆོས་དྲུག་དྲིལ་བ་རྡོ་རྗེའི་མགུར། རྗེ་བཀའ་དྲིན་ཅན་གྱི་ཞབས་ལ་འདུད། །བོད་ཡུལ་གྱི་མར་པ་ལོ་ཙཱ་ཁྱོད། །དལ་འབྱོར་ལུས་ཀྱི་ཕུང་པོའི་ཡིད༑ ༑དབྱར་སྐྱེ་ཚེ་ན་འདི་སྐད་ལོ། ༈ །སེམས་ཀྱི་གནས་ཐབས་ལྟ་བའི་གདིང༌། །ལུས་ཀྱི་གནས་ཐབས་སྒོམ་པའི་གནད། །ཕྱི་ནི་སྒྱུ་མ་ལྷ་ཡི་སྐུ། །ནང་ན་རྩ་གསུམ་འཁོར་ལོ་བཞི། །འོག་ན་ཨ་ཤད་ཙཎྜ་ལི། །སྟེང་ན་ཧཾ་ཡིག་རྣམ་པ་ཅན། །སྟེང་འོག་རླུང་གི་འཁོར་ལོ་ནི། །སྲོག་རྩོལ་བུམ་ཅན་ཉམས་ལེན་གྱིས། །བར་ན་བདེ་སྟོང་གསལ་བའི་ཉམས། །མིང་ཡང་གཏུམ་མོའི་གདམས་ངག་ཟེར། །རླུང་གནད་དུ་ཆུད་དམ་ལོ་ཙཱ་བ། ༈ །ཕྱི་ན་སྣང་བ་སྒྱུ་མ་ཙམ། །ནང་ན་ཉམས་མྱོང་སྨྲ་མ་བཏུབ། །ཉིན་མཚན་སྣང་བ་སྤྲུལ་པའི་སྐུ། །མིང་ཡང་སྒྱུ་ལུས་ཀྱི་གདམས་ངག་ཟེར། །ཞེན་པ་ལོག་གམ་ལོ་ཙཱ་བ། ༈ །རྨི་ལམ་ཉམས་ཀྱི་འཁྲུལ་པའི་དུས། །མགྲིན་པར་ༀ་ཡིག་འོད་ཟེར་ཅན། །དྲན་འདུན་བག་ཆགས་ཀྱི་མཚམས་སྦྱོར་ལས། །སྐྱེས་པ་རྨི་ན་ཕོ་འདྲེ་ཟེར། །བུད་མེད་རྨི་ན་མོ་འདྲེ་ཟེར། །བྱོལ་སོང་རྨི་ན་ཀླུ་རུ་འཛིན། །དགའ་བ་རྨི་ན་སེམས་དཔངས་བསྐྱེད། །མི་དགའ་རྨི་ན་སྙིང་མི་དགའ། །འདྲེ་སེམས་ཀྱི་རྩ་བར་མ་ཤེས་ན། །རྣམ་རྟོག་གི་འདྲེ་ལ་ཟད་པ་མེད། །བཟང་ངན་རང་གྲོལ་སྟོན་པའི་དོན། །མིང་ཡང་རྨི་ལམ་གྱི་གདམས་ངག་ཟེར། །རང་བཞིན་ཤེས་སམ་ལོ་ཙཱ་བ། ༈ །གཉིད་དང་རྨི་ལམ་བར་ཞིག་ན། །གཏི་མུག་ཆོས་སྐུའི་ངོ་བོ་ཅན། །བརྗོད་མེད་འོད་གསལ་བདེ་བའི་ཉམས། །རྗེས་ལ་འོད་གསལ་རྒྱ་ཡིས་ཐེབས། །རྨི་ལམ་འོད་གསལ་འཐུག་པོ་ཉིད། །མིང་ཡང་འོད་གསལ་གྱི་གདམས་ངག་ཟེར༑ ༑སེམས་སྐྱེ་མེད་དུ་རྟོགས་སམ་ལོ་ཙཱ་བ། ༈ །སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །སྒོ་བརྒྱད་བཅད་ནས་སྒོ་གཅིག་འབྱེད། །སེམས་ཀྱི་མདའ་ལ་རླུང་གི་གཞུ། །ཧིཀ་གི་རྒྱུད་ཀྱིས་རབ་བསྐུལ་ནས། །རྣམ་ཤེས་ཚངས་པའི་ལམ་ནས་འཕེན། །མིང་ཡང་འཕོ་བའི་གདམས་ངག་ཟེར། །རླུང་དུས་སུ་ཁེགས་སམ་ལོ་ཙཱ་བ། ༈ །རང་ལུས་དུས་ཀྱི་ཚད་ཕེབས་ལ། །གཞན་ལུས་མཚན་ལྡན་དམ་པའི་ཡུལ༑ ༑བར་ན་ཡིག་འབྲུ་རླུང་གི་རྟ། །རྟེན་འབྲེལ་རླུང་གི་འཁོར་ལོ་ཡིས། །རང་ལུས་ཁང་སྟོང་བཞིན་དུ་བོར། །གཞན་ལུས་སྤྲུལ་སྐུའི་ངོ་བོ་ཅན། །མིང་ཡང་གྲོང་འཇུག་གི་གདམས་ངག་ཟེར། །རླུང་ལས་སུ་རུང་ངམ་ལོ་ཙཱ་བ༑ ༈ ༑རྨི་ལམ་དུས་ཀྱི་ཤེས་པ་དེ། །བར་དོའི་སེམས་དང་བསྲེ་དགོས་པས། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཅན། །དག་དང་མ་དག་གཟུགས་སྐུ་གཉིས། །བར་དོའི་དུས་སུ་ཟིན་ཡང་འཚལ། །རྨི་ལམ་བར་དོ་བསྲེ་འཕོའི་གནད། །མིང་ཡང་བར་དོའི་གདམས་ངག་ཟེར། །བར་དོ་འབྱོངས་སམ་ལོ་ཙཱ་བ། ༈ །ལར་ཕྱི་ནང་གི་ཆོས་ལ་ཐོས་པ་དགོས། །གོ་བས་མཐའ་གཉིས་སྤོང་བ་ཡིན། །ཡིན་མིན་གྱི་སྒྲོ་འདོགས་ཆོད་ཙ་ན། །གོལ་ས་མེད་པའི་ལམ་གཅིག་ཡིན། །ལམ་དེ་ལ་སྐྱོ་བ་ག་ལ་ཡོད། །ཅེས་གསུངས་སོ། །འདི་རྗེ་མར་པའི་རྣམ་ཐར་ལས་ཡོངས་སུ་གྲགས་ཤིང་ཕྱིས་ཀྱི་མཁས་པ་ཆེན་པོ་རྣམས་ཀྱིས་ཀྱང་གདམས་པའི་ཁུངས་སུ་དྲངས་ཤིང་རྩ་བ་རྡོ་རྗེའི་ཚིག་ལྟ་བུར་མཛད་སྣང༌། འོན་ཀྱང་ཚིག་མང་ཉུང་དང༌། གོ་རིམ་མི་གཅིག་པ་སོགས་འདྲ་མིན་ཅུང་ཟད་མང་དུ་གདའ་ནའང༌། འདིར་རེ་ཞིག་ཡོངས་གྲགས་ཉིད་གོ་བདེ་བར་སྣང་བས་དེ་ལྟར་བྲིས་པའོ། །མངྒ་ལཾ།། ༈ །།རྗེ་བཙུན་ཆེན་པོ་མི་ལ་རས་པས་མཛད་པའི་སྙན་བརྒྱུད་ ཟུར་མང་སྙན་བརྒྱུད་ གསལ་བ་སྐོར་གསུམ་སོགས་བཞུགས་སོ། །རྗེ་བཙུན་མི་ལས་མཛད་པའི་དངོས་པོ་གསལ་བར་བྱེད་པ་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རིན་ཆེན་ལྟ་བུ་ཡི། །ཞབས་ཀྱི་པདྨ་ལ་བཏུད་དེ། །ལུས་ངག་ཡིད་གསུམ་སྤྲིན་ཚོགས་ཀྱིས། །དུས་གསུམ་དུ་ནི་མངོན་ཕྱག་འཚལ། །བླ་མ་དམ་པའི་དྲིན་ཐོབ་ནས། །གཉིས་མེད་གསལ་བ་ཆོས་ཀྱི་དབྱིངས། །ལམ་མཆོག་དེ་ལའང་ཕྱག་འཚལ་ལོ། །མ་རིག་མུན་པ་སེལ་མཛད་པའི། །ཡེ་ཤེས་སྒྲོན་མེ་ལ་ཕྱག་འཚལ། །འཁོར་བ་རྒྱུན་གཅོད་རབ་བསལ་བ། །རབ་སྣང་དེ་ལའང་ཕྱག་འཚལ་ལོ། །བླ་མ་ཏེ་ལོ་པས་ནཱ་རོ་ལ་གནང༌། དེས་མར་པ་ལ་གནང༌། དེ་ཉིད་ཀྱིས་མི་ལ་ ཐོས་པ་དགའ་ ལ་གནང༌། ཞབས་དྲུང་དུ་འཁོར་བ་ཡུན་རིང༌། །དོད་ཅིང་ནི་ཐོས་གྱུར་ན། །ཐུགས་རྗེས་ནི་དགོངས་ནས་གནང༌། །གདམས་ངག་ནི་དང་དུ་བླངས། །རྩོལ་སྒྲུབ་ནི་དྲག་ཏུ་བྱས། །བསྒོམས་པས་ནི་ཡོན་ཏན་བྱུང༌། །ལུས་ལ་ནི་གཏུམ་མོ་འབར། །རས་གོས་ནི་རྐྱང་རེས་དྲོས། །སེམས་ལ་ནི་འོད་གསལ་ཤར། །བརྒྱུད་ལུགས་ནི་མང་གིས་ཀྱང༌། །བོད་ཡུལ་དུ་བརྒྱུད་པ་ལ། །འདི་དང་ནི་གཞན་མི་མཉམ། །ཁྱད་པར་ནི་བྱེ་བྲག་ལྟོས། །ཉམས་སུ་ལེན་པའི་དུས་ཙམ་ན། །ཤིན་ཏུ་དབེན་པའི་གནས་ཉིད་དུ། །དངོས་པོའི་གནས་ལུགས་ལམ་ གྱི་རིམ་པ་ དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ལུས་ནི་བྱང་ཆུབ་རྣམ་ལྔ་དང༌། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ནི་ཆོས་ཀྱི་གནས་པ་ཡིན། །དེ་ལ་གནད་ནི་རྣམ་གསུམ་སྟེ། །ལུས་དང་ཡུལ་དང་དུས་ཀྱང་ངོ༌། །དབུགས་ལ་བཞིར་ལྡན་ དབུགས་གནད་རྔུབ་པ་དགང་བ་གཞི་ཡབ་མདའ་ལྟར་འཕེན་པའོ། །མ་ཤེས་ན། །གང་གི་ཡོན་ཏན་འབྱུང་བར་དཀའ། །ལྀ་རྀ་བཞིན་དུ་ཁོང་སྒྲིམ་བྱ། །རྒྱ་མདུད་བཞིན་དུ་བསྒོམ་པར་བྱ། །ལྕགས་ཀྱུ་བཞིན་དུ་དགུག་པར་བྱ། །རེའུ་མིག་བཞིན་དུ་བསྣོལ་བར་བྱ། །མདའ་ལྟར་གྱེན་དུ་འཕང་བར་བྱ། །ནམ་མཁའི་བ་ནི་རིམ་གྱིས་ ཡུལ་གྱི་གནད། བཞོ། །འཁོར་ལོ་བཞི་ཡི་བསམ་གཏན་བྱ། །ཨ་ཝ་དྷཱུ་ཏིའི་སྟོང་ར་འདི། །སྟོང་པའི་ནང་ནས་སྟོང་པ་མཆོག །གདམས་ངག་ཁྱད་པར་མང་གི་ཀྱང༌། །རྩ་རླུང་གདམས་པ་ཁྱད་པར་འཕགས། །ཉམས་སུ་བླངས་ན་ཡོན་ཏན་འབྱུང༌། །དེས་ན་བླ་མ་དམ་པ་སྤྱི་བོར་བཀུར། །མིག་གི་འབྲས་བུ་བཞིན་དུ་བཙའ་བར་བྱ། །ཕོ་ཉའི་ལམ་ལ་དགའ་བ་ལ། །རིག་མ་བསྟེན་པའི་དུས་ཙམ་ན། །རང་གིས་དབང་བསྐུར་དད་པ་ཅན། །ཁྲོ་སེམས་མེད་ཅིང་སྙིང་རྗེ་ཆེ། །ཤིན་ཏུ་བཞིན་བཟང་མིག་ཡངས་མ། །གཟུགས་མཛེས་ལང་ཚོས་རྣམ་པར་བརྒྱན། །བུ་སྲིང་ཚུལ་ལམ་བྲན་མོའི་ཚུལ། །ཤིན་ཏུ་ངོ་ཚ་བསྡམ་པར་བྱ། །རིག་མ་བསྟེན་པའི་དུས་དག་ཏུ། །ཤིན་ཏུ་དབེན་པའི་ བླ་མ་དང་དཀོན་མཆོག་ལ་གསོལ་བ་བཏབ་ནས་ཕྱག་འཚལ་ནས་ཤེས་པ་སྦྱོང་བ་ལ་སོགས་ཚོགས་ལམ། སྙོམས་འཇུག་སྦྱོར་ལམ། སྐད་ཅིག་ལ་ཤེས་པ་མཐོང་ལམ། གནས་ཉིད་དུ། །ལམ་གསུམ་མན་ངག་ཤེས་བྱས་ཏེ། །སྒོ་གཉིས་ཁེགས་པའི་རྣལ་འབྱོར་པས༑ ༑རིག་མ་བསྟེན་ཀྱང་འགལ་བ་མེད། །ཁྱད་པར་རྒྱུད་ནས་སྤངས་པ་དང༌། །ཡོན་ཏན་མེད་པ་སྤང་བའོ། །དེ་ལ་ལོག་རྟོག་བློ་མ་སྐྱེ། །རྡོ་རྗེ་འཆང་གིས་སྤྲུལ་པ་ལ། །རྡོ་རྗེ་འཆང་གིས་གསུངས་པ་ཡིན། །སྲོག་དང་རྩོལ་བ་འཛིན་ དམིགས་པ་ཡུལ་གྱི་གནད། དུས་སུ། །མི་རྟོག་དོན་ལ་དམིགས་ཀྱང་རུང༌། །ཐིག་ལེ་ཉ་གང་གཅིག་ལ་དམིགས་ཀྱང་རུང༌། །ཕྱག་རྒྱ་མཚན་ལྡན་ཞིག་ལ་དམིགས་ཀྱང་རུང༌། །གཏུམ་མོ་མེ་ཁབ་ཙམ་ལ་དམིགས་ཀྱང་རུང༌༑ ༑ཡར་འདྲེན་མར་འདྲེན་བཞུ་བཏུལ་བྱེད་ཀྱང་རུང༌། །ཤེས་པ་རྣམ་རྟོག་ཡུལ་ལ་མ་འཕྲོས་ན། །དེ་རྣམས་གསལ་བ་མེད་ཀྱང་ནི། །རྣམ་པར་རྟོག་པ་ངང་གིས་འགག །ཡོན་ཏན་རྣམས་ནི་རིམ་གྱིས་འབྱུང༌། །ཐབས་ལམ་ཁྱད་དུ་འཕགས་པའི་མན་ངག་འདི། །སློབ་མ་སྙིང་དང་འདྲ་བ་མ་གཏོགས་པ། །སྣོད་ངན་གཞན་ལ་སྦྱིན་པའི་ཆོས་མ་ཡིན། །དེས་ན་གདམས་ངག་སྙིང་གི་དཀྱིལ་དུ་སྦོས། །ལས་ལ་བརྟེན་ནས་ཡུལ་དེ་མཐོང་བར་ངེས། །ཐབས་ལ་བརྟེན་ནས་ཡོན་ཏན་འབྱུང་བར་ངེས། །རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བར་ངེས། །ཁ་གསག་གཡོ་སྒྱུ་ཅན་ལ་སྦྱིན་མི་བྱ། །རྒྱུ་དང་འབྲས་བུ་གདོད་ནས་གཉིས་མེད་ཀྱང༌། །རྣམ་རྟོག་དབང་གིས་རྒྱུ་དང་འབྲས་བུར་སྣང༌། །དེ་ལྟར་ ཕྱི་རབས་ཀྱི་ རྟོགས་པ་མེད་པའི་གང་ཟག་རྣམས། །ཚིག་ཙམ་དོན་དུ་ཁྱེར་ན་རང་གཞན་བསླུ། །དེ་དེ་ཡིན་ཏེ་དེ་ཉིད་མིན། །དེ་དེ་མཐོང་ཡང་དེ་མ་མཐོང༌། །དེས་ན་གདོད་ནས་སངས་རྒྱས་ཁས་ལེན་པ། །སེང་གེ་གཡང་སར་མཆོང་བའི་རྗེས་བཞིན་དུ། །བོང་བུ་མཆོང་ན་སྲོག་དང་འབྲལ་བར་འགྱུར། །སྐལ་ལྡན་ལས་ཅན་རྣམས་ཀྱི་བདུད་རྩི་འདི། །སྐལ་མེད་འབྱུང་པོ་རྣམས་ཀྱི་དུག་ཏུ་འགྱུར། །མཐུ་རྩལ་ལྡན་པ་སྟག་གི་ལད་མོ་འདི། །དུར་ཁྲོད་ཝ་སྤྱང་རྣམས་ཀྱིས་སྤྱད་པར་དཀའ། །བསྐོས་པར་གྱུར་ན་ས་ལ་ཆུ་ཡང་འབྱུང༌། །བཙུབས་པར་གྱུར་ན་ཤིང་ལ་མེ་ཡང་འབྱུང༌། །མིས་ནི་རྩོལ་སྒྲུབ་དག་ནི་བྱས་གྱུར་ན། །མི་འགྲུབ་པ་ཡི་ཆོས་ནི་གང་ཡང་མེད། །དེས་ན་ཉམས་སུ་བླངས་པ་རབ་ཏུ་གཅེས། །ཉོན་མོངས་རྣམ་རྟོག་རིམ་གྱིས་འགགས་གྱུར་ན། །རང་རིག་ཡེ་ཤེས་གསལ་བའི་ངོ་བོ་གསལ། །དགེ་བཅུ་སྤྱད་པས་ཐར་པ་ཐོབ་པ་དཀའ། །སྡིག་བཅུ་སྤངས་པས་མྱ་ངན་འདའ་བར་དཀའ། །སྤང་ལེན་གཉིས་ཀྱིས་མི་རྟོག་འཆར་བ་དཀའ། །ལུས་ཅན་དག་ནི་ཀུན་ལ་ཡང༌། །སྙིང་པོ་དོན་འདི་གདོད་ནས་གནས། །དེས་ན་སེམས་ཅན་སངས་རྒྱས་རྒྱུ། །རྒྱུ་ལས་འབྲས་བུ་བཏབ་པ་ལ། །གདོད་ནས་ཐེབས་ཀྱིས་ད་ལྟར་མིན། །ད་ལྟར་འདེབས་བྱེད་རྣམ་རྟོག་ཡིན། །རྣམ་རྟོག་དོན་དུ་འདེབས་བྱེད་པ། །མེ་ཡིས་མ་བསད་ཇི་བཞིན་དུ། །སྨིག་རྒྱུ་དག་ལ་ཆུར་འཁྲུལ་བཞིན། །ལྟ་བ་ཉམས་སུ་མི་ལེན་པར། །ཐབས་ཀྱི་ཁྱད་པར་ཉམས་སུ་ལོངས། །མ་མཐོང་ཡུལ་དེ་བལྟ་འདོད་ན། །ཡུལ་དེ་ཡིད་ལ་མ་བྱེད་པར། །ལམ་གྱི་ཁྱད་པར་ཉམས་སུ་ལོངས། །ཐབས་ལ་བསྟེན་པའི་དུས་ཙམ་ན། །རྒྱུ་ཡི་དུས་ན་འབྲས་བུ་དངོས། །ལས་ཅན་རྣམས་ཀྱིས་རྟོགས་པར་རིགས། །སྟོང་པ་མ་ཡིན་ སྟོང་པ་གང་ཞེ་ན་ མི་སྟོང་མིན། །དེ་ཉིད་སུ་ལ་ཡོད་ཅེ་ན། །རྫོགས་པའི་སངས་རྒྱས་ཉིད་ལ་མངའ། །རྣལ་འབྱོར་རིག་པའི་བློ་ལ་འཆར། །ཐུན་མོང་ སེམས་ཅན་ཐམས་ཅད་ ཡོད་ཀྱང་རྟོགས་ལྡན་ལ་ ཁྱད་པར་འཕགས། །དེ་ཡང་ཐབས་ལ་བསྟེན་པས་འབྱུང༌། །རབ་ཀྱིས་ཡོན་ཏན་བདེ་སྟོང་རྒྱུན་པར་གནས། །མཉམ་བཞག་རྗེས་ཐོབ་མེད་པའོ། །འབྲིང་གིས་རྗེས་ཐོབ་སྟོང་པར་རྟོགས། །ཐ་མས་རྗེས་ཐོབ་སྒྱུ་མར་མཐོང༌། །ཡང་དག་དོན་ལ་ཁྱད་མེད་ཀྱང༌། །རྣམ་རྟོག་ལ་ནི་ཁྱད་དུ་སྣང༌། །ཆུ་བོ་ཡི་རྒྱུན་བཞིན་དུ། །ཡུན་ནི་བསྲིང་བར་གསུངས། །ནམ་མཁའི་སྤྲིན་བཞིན་དུ། །ན་བུན་ནི་གློ་བུར་བ། །བཙན་ཐབས་ཀྱིས་མི་དགག་པར། །ཤུགས་འབྱུང་གི་སྟོབས་ཀྱིས་དགག །དངོས་པོ་གསལ་བར་བྱེད་པ་ཞེས་བྱ་བ་རྗེ་བཙུན་མི་ལ་ཉིད་ཀྱིས་མཛད་པ་རྫོགས་སོ།། །།སྙི་བ་རིན་པོ་ཆེ་ལས་བརྒྱུད་དེ་འོངས་པ། ལྷོ་བ་རིན་པོ་ཆེ་ ལ་ཡག་པ་བྱང་ཆུབ་དངོས་གྲུབ༑ ལ་གནང་བའོ། །དེས་བདག་ དུས་གསུམ་མཁྱེན་པ། ལ་གནང་བའོ། ༈ །རྗེ་བཙུན་མི་ལའི་མ་རིག་གསལ་བྱེད་ཅེས་བྱ་བ། བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་དམ་པའི་དྲིན་ཐོབ་ནས། །མཐུན་པའི་གནས་དང་གྲུབ་པའི་རྫས། །འཚོ་བའི་ཡོ་བྱེད་བསགས་བྱས་ལ། །རྐྱེན་བཞི་ལྡན་པ་ཤིན་ཏུ་གཅེས། །བྱ་བ་བཏང་བའི་སྐྱེས་བུ་ཡིས། །ཇི་ལྟར་ཆུ་དག་དྭངས་པ་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །སྐད་ཅིག་ཙམ་གྱིས་ལྷ་རུ་བསྐྱེད། །ལམ་ནི་རྣམ་པ་གཉིས་གསུངས་ཏེ། །སྨིན་པར་བྱེད་པ་ཉིད་དང་ནི། །གྲོལ་བར་བྱེད་པ་ཉིད་ཡིན་ནོ། །སྨིན་པར་བྱེད་ལ་ལམ་དང་ནི། །དབང་ནི་རྣམ་པ་གསུམ་དུ་གསུངས། །སྨིན་ཏེ་གྲོལ་བར་བྱེད་པ་ནི། །བསྐྱེད་པ་དང་ནི་རྫོགས་པའོ། །བསྐྱེད་པ་དེ་ཡང་གཉིས་ཡིན་ཏེ། །བསྐྱེད་པ་དང་ནི་སྐྱེས་པའོ། །རྫོགས་པ་ལ་ཡང་གཉིས་ཡིན་ཏེ། །སྤྲོས་དང་ལྷན་ཅིག་སྐྱེས་པའོ། །སྤྲོས་བཅས་ལུས་ལ་རྩ་དང་རླུང༌། །རླུང་ལ་ཤེས་པ་ཐིག་ལེས་བརྟན། །དེ་ལ་མི་རྟོག་སྐྱེ་བར་རིགས། །ལུས་གནས་ལུས་ལ་སྐྱེས་པའོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །དཔེར་ན་གྲུ་དང་ཁང་པ་བཞིན། །ངེས་ལམ་འབྲས་བུར་བཅས་པ་ནི། །བླ་མ་དམ་པའི་དྲིན་ཐོབ་ནས། །ཐབས་ལམ་ལས་ནི་མ་གཏོགས་པ། །ཡང་དག་ཡིན་ནོ་ང་མི་ཟེར། །རྟོགས་པའི་ཁྱད་པར་ཅི་བྱུང་ཡང༌། །ངག་གི་ལམ་གྱི་ཡུལ་ལས་འདས། །ཆགས་ལམ་པ་ཡི་གྲོལ་ལམ་པ། །ཙུམྤ་ཀ་ཡི་སྦྱོར་བ་ཡིས། །རྩོལ་བ་དྲག་ཏུ་བསྒྲུབ་པར་བྱ། །སྲོག་རྩོལ་གནས་སུ་འཇུག་པར་ངེས། །འབྱུང་བ་གཅིག་ལ་གཅིག་ཐིམ་འགྱུར། །ཙཎྜ་ལཱི་ནི་ཤུགས་ལ་འབར། །བྱང་ཆུབ་སེམས་ནི་འབར་བར་ངེས། །ནང་གི་ཚ་གྲང་འདྲེས་པའི་རྟགས། །དང་པོ་དྲོ་བ་ལྟ་བུ་འབྱུང༌། །གཉིས་པ་དུ་བ་ལྟ་བུ་འབྱུང༌། །འདུ་བ་རྣམ་བཞིས་གནོད་མི་ནུས། །དེ་ལ་ལུས་ནི་བསྒྲུབ་པ་གཅེས། །ལུས་ནི་བརྟན་པར་གྱུར་པ་ལ། །རྟགས་ནི་རྣམ་པ་སྣ་ཚོགས་འབྱུང༌། །དགའ་བ་རྣམ་བཞི་རིམ་གྱིས་འབྱུང༌། །ཕྱི་ཡི་ཚ་གྲང་བཟོད་པ་དང༌། །ལུས་ལ་སྲོག་ཆགས་ཉུང་བ་དང༌། །ཤ་བཀྲག་གཏིང་ནས་འབར་བ་དང༌། །ལུས་ལ་དྲི་མ་མི་ཆགས་དང༌། །ཤིང་བལ་ལྟར་ནི་ཡང་བ་དང༌། །བརྐྱང་བསྐུམ་གང་ཡང་བདེ་བ་དང༌། །ཁ་སྣའི་སྣབས་ལུད་ཉུང་བ་དང༌། །ལུས་ལ་དྲི་ཞིམ་འབྱུང་བ་དང༌། །ཟས་སྐོམ་འདུ་ཤེས་ཆུང་བ་དང༌། །རྣ་བས་སྒྲ་སྙན་ཐོས་པ་དང༌། །གཉིད་ཀྱི་རྟོག་པ་ཆུང་བ་དང༌། །དྲི་བའི་ལན་ལ་མཁས་པ་དང༌། །སྨྲ་རྒུ་སྙན་པར་སྨྲ་བ་དང༌། །ཚིག་གི་སྡེབ་སྦྱོར་མཁས་པ་དང༌༑ ༑རང་གི་སྐྱོན་རྣམས་འཆོས་པ་དང༌། །སྨྲ་བ་དོན་དང་མཐུན་པ་དང༌། །ཕ་རོལ་སྐྱོན་རྣམས་འཆོས་པ་དང༌། །རྫས་ལ་ཆོག་ཤེས་ཡོད་པ་དང༌། །འཁོར་བར་སྐྱོ་བ་སྐྱེས་པ་དང༌། །དབེན་པའི་གནས་ལ་དགའ་བ་དང༌། །གཅིག་པུར་སྡོད་སྙིང་འདོད་པ་དང༌། །ཡང་ཡང་བསྒོམ་སྙིང་འདོད་པ་དང༌། །ལུས་ཉིད་ཡོད་དུ་མི་ཚོར་དང༌། །ཡུལ་ལ་ངེས་པ་མེད་པ་དང༌། །གནས་གཅིག་ཐེར་ཟུག་མི་གནས་དང༌། །ཌཱ་ཀིའི་ཚོགས་རྣམས་འདུ་བ་དང༌། །རྨི་ལམ་ལུང་བསྟན་ཐོབ་པ་དང༌། །ཆོས་ལ་བྱན་པོ་ཐོབ་པ་དང༌། །མངོན་ཤེས་རིམ་གྱིས་འབྱུང་བ་དང༌། །དྲི་ལུགས་ལ་སོགས་འབྱུང་བ་དང༌། །ཕྱི་ནང་བསྲེ་བར་ནུས་པ་དང༌། །བསྡམ་བྱ་གནོད་པ་མེད་པ་དང༌༑ ༑དུས་ལ་བབ་ན་གཏོང་བ་དང༌། །དུས་མིན་ལྷ་ནི་གསོད་པར་བྱེད། །དེ་ལ་ཡིད་ཆེས་བྱར་མི་རུང༌། །དེ་ལ་ཡིད་ཆེས་སྐྱེས་གྱུར་ན། །རྣམ་རྟོག་བདུད་ཀྱི་དབང་དུ་འགྲོ། །དེ་ད་ཡིན་ཏེ་དེ་ཉིད་མིན། །སྡོང་བུ་ཡིན་ཏེ་འབྲས་བུ་མིན། །ཡོན་ཏན་ཡིན་ཏེ་རྟོག་མེད་མིན། །ཉམས་དང་ལྟ་བ་འཛོམ་པ་ལ། །བདུད་བཞིའི་དགྲ་ཡིས་མི་ཚུགས་ཤིང༌། །སྣང་བ་ཧད་པོར་འགྲོ་བར་ངེས། །ཕྱི་ཡི་ཡུལ་ནི་བརྟག་མི་ཐུབ། །རང་གི་རང་གསལ་ནང་ན་གསལ། །དཔེར་ན་ལྐུགས་པའི་རྨི་ལམ་མམ། །གཞོན་ནུ་མ་ཡི་བདེ་བ་བཞིན། །ཐ་སྙད་ཚིག་ཏུ་བརྗོད་ཙམ་ན། །ཚ་གྲང་འདྲེས་པའི་ཡོན་ཏན་གྱིས། །འདུ་བ་རྣམ་བཞིས་གནོད་མི་ནུས། །བཟའ་བཏུང་ལ་སོགས་མི་དགོས་པས། །བཤང་གཅི་ལ་སོགས་འབྱུང་མི་འགྱུར། །མཆོག་གི་དངོས་གྲུབ་ཤུགས་ཀྱིས་འབྱུང༌། །ལམ་ལ་བརྟེན་པའི་ཚོང་པ་ཡིས། །མ་བགྲོད་བསམ་ཀྱང་ཕྱིན་མི་འགྱུར། །ཚོང་བྱས་ཟས་ནོར་འཕེལ་བ་ལྟར། །ལམ་ལ་བརྟེན་པའི་རྣལ་འབྱོར་གྱིས། །ཉམས་མྱོང་རིམ་གྱིས་སྐྱེ་བར་འགྱུར། །ཐབས་ལ་མ་བརྟེན་ཆོས་ཀྱིས་ནི། །ཉམས་སུ་བླངས་ཀྱང་རེས་འཇོག་ཙམ། །རྟོགས་སྙམ་བྱེད་ཅིང་བོགས་མི་ཐོན། །སངས་རྒྱས་རྣམས་ཀྱིས་ལྡེམ་དགོངས་ལ། །སེམས་ཅན་རིགས་སྤྱོད་བཅུག་པ་ཙམ། །དེ་ཉིད་ཡིན་ན་དེ་ཉིད་འགལ། །ཐོས་བསམ་མཁས་པའི་མི་རྣམས་ཀྱང༌། །ཚིག་ལ་རྣོ་ལ་དོན་ལ་བརྟུལ། །གོལ་སྒྲིབ་གདར་ཤ་གཅད་པ་ལ། །ཤུགས་འབྱུང་སྙིང་ལས་མ་ཆོད་ན༑ ༑ཐོས་པ་མང་པོས་དེ་མི་ཆོད། །ཐོས་པ་མང་པོས་ཆོད་གྱུར་ན། །མཁས་པ་དམྱལ་བར་ག་ལ་འགྱུར། །རང་རིག་རང་ལ་ཤར་བ་ལ། །ཐོས་པ་མང་པོས་དེར་མི་སྐྱོབ། །དཔེར་ན་སྨན་དཔྱད་བཀླག་པ་ཡིས། །ནད་པའི་ནད་སེལ་ག་ལ་ནུས། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཤེས་རབ་ཡེ་ཤེས་དབང་གི་དུས། །ཁ་ཅིག་དེ་ཉིད་མཐོང་ཞེས་ཟེར། །ང་ནི་དེ་ལ་འཐད་པ་མེད། །ཟླ་བ་ཡིན་ཏེ་བཅོ་ལྔ་མིན། །ཤེས་པ་ཡིན་ཏེ་རྟོག་མེད་མིན། །གྲིབ་མ་ཡིན་ཏེ་ལུས་པོ་མིན། །མཚོན་པར་བྱ་བ་ཙམ་དུ་བས། །དེས་ན་ཐབས་ལམ་བརྟེན་པར་བྱ། །ཚོགས་ལམ་བརྒལ་བའི་གང་ཟག་ལ། །དངོས་དང་ཡིད་ལ་བྱེད་པའོ། །ཡིད་ལ་བྱེད་པའི་དུས་ཙམ་ན། །གང་འདོད་ཡིད་ཀྱིས་བླང་བར་བྱ། །དེ་དང་ལྷན་ཅིག་རོལ་པ་ན། །བསམ་པ་ཇི་ལྟར་འདོད་པར་བྱེད། །དེ་ནི་ཡིད་ཀྱི་སྤྱོད་ཡུལ་ལོ། །རིག་མ་དངོས་སུ་བསྟེན་བྱེད་ན། །མཚན་ལྡན་རྒྱུད་སྡེ་ཀུན་ནས་བཤད། །རྣལ་འབྱོར་ང་ཡི་འདོད་པ་ནི། །ཡིད་དུ་གང་འོང་མཚན་ལྡན་ཡིན། །མང་པོ་འཚོགས་ན་སྤྱོད་ལམ་མཛེས། །གསང་སྤྱོད་བྱེད་ན་ཁྲེལ་དང་བྲལ། །དེ་དང་དབེན་པའི་གནས་ཉིད་དུ། །ཉམ་ང་མེད་པའི་སྤྱོད་པ་བྱ། །མ་དང་བུ་མོ་སྲིང་མོ་ཡང༌། །ཁྱད་པར་ཅན་གྱི་རྟེན་དུ་འགྱུར། །ཡོན་ཏན་འབྱུང་གིས་སྐྱོན་དུ་མིན། །ཡོན་ཏན་མེད་པའི་གདམས་ངག་གིས། །དེ་ལ་བསམ་པར་མི་བྱའོ། །རྒྱུད་སྡེ་ཀུན་ནས་བཤད་པ་ལ། །མ་སྲིང་བསྟེན་ནོ་བཤད་པ་ནི། །སངས་རྒྱས་བཀའ་ནི་ལྡེམ་དགོངས་ལ། །ཁ་ཅིག་གིས་ནི་དམན་པར་མཐོང༌། །དོན་དང་མཐུན་པར་མི་བསྒྲུབ་པར། །དེས་ན་གང་ཟག་སྤྱོད་པར་བླང༌། །སྦྱོར་ཐབས་མི་ཤེས་རྣལ་འབྱོར་དང༌། །སྟན་ཡང་གཅིག་ལ་བསྟེན་གྱུར་ན། །སོ་སོ་སྐྱེ་བོའི་སྤྱོད་པ་རྣམས། །ཕན་ཡོན་མི་འབྱུང་སྐྱོན་དུ་འགྱུར། །དེས་ན་སྦྱོར་ཐབས་མཁས་པས་བསྟེན། །འགའ་དང་འགའ་ཡི་སྤྱོད་ཡུལ་ལས། །ཀུན་གྱི་སྤྱོད་ཡུལ་འདི་མ་ཡིན། །དེས་ན་གསང་སྔགས་སྤྱོད་པ་རྣམས། །ཐབས་ལམ་མ་སོང་ཐོ་ཅོར་སོང༌། །ཡོ་ཏན་མ་སོང་འཕྱས་ལམ་སོང༌། །དེས་ན་གསང་བ་སྤྱད་པར་བྱ། །གསང་སྔགས་ཟབ་མོའི་གདམས་ངག་འདི། །ཐབས་ལམ་ཙམ་ལས་མ་གཏོགས་པ། །ལྟ་བས་འཕགས་སོ་ང་མི་ཟེར། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་འགུགས་པར་བྱེད། །ཇི་ལྟར་ཁོང་དུ་དུག་ཞུགས་པ། །སླར་ཡང་དུག་གིས་འབྱིན་པར་བྱེད། །ཁྱེའུས་ཁྱེའུ་འབྱིན་པ་དང༌། །དྲི་མས་དྲི་མ་འཁྲུད་པ་བཞིན། །ནད་རྣམས་འཚོ་བར་བྱེད་འདོད་ན། །སྨན་གྱི་ཡན་ལག་བསམ་མི་ཁྱབ། །དེས་ན་ཐབས་ཀྱི་ལམ་འདི་གཅེས། །གཞན་དུ་ཁ་ཅིག་འདི་སྐད་ཟེར། །བསྐྱེད་རིམ་བསྒོམ་པའི་ཡོན་ཏན་གྱིས། །ཆོས་སྐུ་སྐྱེ་བ་མེད་པ་ལས། །གཟུགས་སྐུ་གཉིས་སུ་ལྡང་ནས་ནི། །སེམས་ཅན་འགྲོ་དོན་བྱེད་དོ་ཟེར། །ང་ནི་དེ་ལ་འཐད་པ་མེད། །ཆོས་སྐུ་རྣམ་དག་མེད་པ་ལ། །གཟུགས་སྐུ་རྣམ་དག་འབྱུང་རིགས་སམ། །འོ་ན་ཇི་ལྟར་ཡིན་ཞེ་ན། །ས་ལ་གནས་པའི་བྱང་སེམས་དང༌། །སེམས་ཅན་བསམ་པ་དག་པ་ལ། །སྔོན་གྱི་བསོད་ནམས་སྟོབས་དག་དང༌། །ཐུགས་རྗེ་ཆེན་པོའི་སྟོབས་དག་གིས། །དེ་ལྟར་སྣང་གི་དངོས་སུ་མིན། །སྒྱུ་མ་མཁན་གྱིས་ཅི་སྤྲུལ་ཡང༌། །སྒྱུ་མ་མཁན་ཉིད་དེར་སོང་མེད། །རྟོགས་པར་དཀའ་བའི་དོན་འདི་ནི། །གཉིས་སུ་མེད་པའི་ལྟ་བ་ཡིན། །མ་ཧཱ་མུ་དྲའི་དགོངས་པ་ལ། །རང་གི་འོད་གསལ་གྱི་ཤེས་པ། །ཅིར་ཡང་མི་རྟོག་དོན་དེ་ཉིད། །ཚིག་དང་ཡི་གེས་མཚོན་ནས་ནི། །སངས་རྒྱས་ཞལ་ནས་གསུངས་པ་ན། །རང་ལ་ཡོད་དེ་རྟོགས་པ་མེད། །ཅེ་རེ་འདུག་ཀྱང་ལོང་བ། །དམིགས་པ་མེད་པའི་ཐབས་ལམ། །མཚན་མའི་སྐུ་ལ་སློབ་པ། །རྣམ་དག་བཤུར་ལ་འདེབས་པ། །ཉོན་མོངས་རིམ་གྱིས་འགགས་པ༑ ༑མི་རྟོག་ཤུགས་ལས་འབྱུང་བ། །རྣལ་འབྱོར་ལམ་གྱི་རིམ་པ། །གཞན་ལ་བསྟན་དུ་འཕང་པ། །སྣོད་དང་ལྡན་ལ་སྦྱིན་པ། །ཉམས་ཅན་རྣམས་ཀྱི་ལྟ་བ། །ཉམས་སུ་མྱོང་ན་ཚིམ་པ། །ཚིག་དང་ཡི་གེ་བསྡེབས་པ། །ཀུན་གྱི་སྤྱོད་ཡུལ་མིན་པ། །སྤྱོད་པ་ཡངས་དོག་མེད་པ། །བླ་མའི་དྲིན་ལན་སོབ་པ། །གཅིག་པུར་དབེན་པར་སྡོད་པ། །རང་སེམས་གཏན་ལ་འབེབས་པ། །འཆི་བ་རྗེས་སུ་དྲན་པ། །ངན་སོང་གསུམ་གྱི་འཇིགས་པ་ལ། །བླ་མ་བརྒྱུད་པའི་རིམ་པ་བསྟན། །གཞན་དུ་རྣལ་འབྱོར་ལུས་དང་གཅིག །ཉམས་སུ་བླངས་པའི་ཆོས་དང་གཉིས། །ཉམས་མྱོང་སྐྱེས་པའི་ལུས་དང་གསུམ། །འདི་གསུམ་ཤིན་ཏུ་གསང་ན་ལེགས། །དད་པ་ཅན་གྱི་ངོར་བྱས་པའོ། །དྲིན་དུ་གཟོ་བར་གྱིས་ཤིག །རྗེ་མི་ལ་རས་པའི་ཉམས་མྱོང་ཡི་གེར་བཀོད་པ། མ་རིག་གསལ་བྱེད་ཅེས་བྱ་བ་རྫོགས་སོ།། །།ས་མཱཔྟཾ། སྙི་བ་རིན་པོ་ཆེ་ལས་བརྒྱུད། ༈ རྗེ་བཙུན་མི་ལའི་རྣམ་རྟོག་དྲི་མ་དག་བྱེད་ཅེས་བྱ་བ། དམ་པ་དེ་ལ་ཕྱག་འཚལ་ལོ། །སྣོད་དུ་རུང་བར་བྱ་བའི་ཕྱིར། །དབང་གི་གོ་བ་རྣམ་པ་གཉིས། །གདོད་ནས་རང་ཆས་གནས་པ་དང༌། །རྐྱེན་གྱི་དབང་གིས་བསྐུར་ཚུལ་ལོ། །ཉམས་སུ་བླང་བའི་ཐབས་ཚུལ་དང༌། །ཉམས་བླངས་རྟོགས་པ་ཤར་ཚུལ་གཉིས། །དེ་ནི་དབང་གི་གོ་བར་མཐོང༌། །དམ་ཚིག་ལ་ཡང་གཉིས་སུ་འདོད། །བསྲུང་དང་ཡེ་བསྲུང་ཆེན་པོའོ། །བཟའ་བསྲུང་གཉིས་སུ་འདོད་པ་ནི༑ ༑དེ་ནི་བསྲུང་བའི་དམ་ཚིག་གོ །ཡེ་བསྲུང་ཆེན་པོ་འབྲས་བུ་དངོས། །ལྟ་བ་ཡང་ནི་གཉིས་སུ་འདོད། །ལྟ་བ་གཏན་ལ་འབེབ་ལུགས་དང༌། །ལྟ་བ་གཏན་ལ་ཕེབས་ལུགས་སོ། །ལྟ་བ་གཏན་ལ་འབེབ་ཐབས་ནི། །རྩ་རླུང་འཁོར་ལོ་གཙིགས་སུ་ཆེ། །སྲོག་རྩོལ་གནད་དུ་མ་ཚུད་ན། །དབབ་ཐབས་འབྱུང་བ་རིག་མ་ཡིན། །དེས་ན་ཐབས་ལམ་ཁྱད་དུ་འཕགས། །གཏན་ལ་ཕེབས་པའི་ལྟ་བ་ནི། །ང་འདྲ་རྨོངས་པ་མ་ཡིན་གྱི། །ཡང་དག་རྫོགས་སངས་རྒྱས་ཀྱིས་ཀྱང༌། །ལྐུགས་དང་གཞོན་ནུ་ཇི་བཞིན་དུ། །མཚོན་པ་ཙམ་ལས་མ་གཏོགས་པ། །ངོ་བོ་བསྟན་པར་ནུས་མ་ཡིན། །སྒོམ་པ་ལ་ཡང་རྣམ་གཉིས་ཏེ། །བསྒོམ་དུ་ཡོད་དང་མེད་པ་གཉིས། །མཚན་མའི་སྐུ་ཡི་རྣལ་འབྱོར་པས། །དེ་ནི་བསྒོམ་དུ་ཡོད་པ་ཡིན། །ངོ་བོ་ཉིད་ཀྱང་དེ་ལ་བྱ། །སྐྱོན་ཡོན་གཉིས་ཀྱང་དེ་འབྱུང་རིགས། །བཅོས་ཐབས་གྲངས་ཀྱིས་མི་ལོང་གིས། །སྟོང་པའི་གོ་ཆ་གཙིགས་སུ་ཆེ། །ངེས་པའི་ཤེས་པ་མི་སྐྱེ་བར། །ཉམས་རྟོགས་འབྱུང་བར་ག་ལ་རིགས། །ངེས་པའི་ཤེས་པ་སྐྱེ་བ་ལ། །བླ་མ་དམ་པའི་དྲིན་ཐོབ་ནས། །གཅིག་པུ་དབེན་པའི་གནས་བསྟེན་ནས། །སྲོག་རྩོལ་གནས་སུ་ཚུད་གྱུར་ན། །ནང་གི་ཚ་གྲང་འདྲེས་པར་ངེས༑ ༑ངེས་པའི་ཤེས་པ་སྐྱེ་བར་ངེས། །རྣམ་པར་རྟོག་པ་རིམ་གྱིས་འགོགས། །ཕྱི་ཡི་སྣང་བ་ན་བུན་ཙམ། །བླ་མེད་ཡུལ་དེས་གནོད་མི་ནུས། །ཡང་དག་དོན་གྱི་དེ་ཉིད་ལ། །བསྒོམ་བྱ་སྒོམ་བྱེད་གཉིས་སུ་མེད། །སྤྱོད་པ་ལའང་གཉིས་སུ་འདོད། །སྤྱོད་དུ་ཡོད་དམ་མེད་གཉིས་སོ། །སྤྱོད་དུ་ཡོད་པའི་དུས་ཙམ་ན། །ལྐུགས་པ་སྨྱོན་པའི་ཚུལ་དུ་སྤྱོད། །སྤྱད་དུ་མེད་པའི་དུས་ཙམ་ན། །དེ་ཉིད་སྤྱོད་པའི་མཆོག་ཡིན་ནོ། །འབྲས་བུ་ལ་ཡང་རྣམ་པ་གཉིས། །ཆོས་སྐུ་གཟུགས་སྐུ་གཉིས་སུ་འདོད། །ཆོས་སྐུའི་རང་བཞིན་ངོ་བོ་ནི། །ནམ་མཁའི་ཕྱོགས་ཆ་ཁ་གཏིང་མེད། །འདི་ཞེས་བྱ་བར་གདགས་མི་ནུས། །རེ་དོགས་སྤང་བླང་དགག་སྒྲུབ་མེད། །མཛུབ་མོས་ཟླ་བ་སྟོན་པ་བཞིན། །ཚིག་ལ་བརྟེན་ནས་མཚོན་པ་ཙམ། །དོན་ཉིད་རང་ཡང་མ་གྲུབ་པར། །འདི་འདྲ་བསྟན་དུ་ག་ལ་ཡོད། །ཡོད་ན་བསྟན་པས་མཐོང་བར་རིགས། །སྨྲ་བ་མཁན་གྱིས་དོན་སྟོན་ཡང༌། །ཚིག་ཕྱིར་བློ་འབྲང་སྙིང་རེ་རྗེ། །ཡོད་མེད་གཉིས་ལས་འདས་པའམ། །རྟག་ཆད་གཉིས་ཀྱིས་སྟོང་པ་ལ། །ལན་ཅིག་ཚིག་གིས་མཚོན་དུ་བས། །དེ་ལྟ་བུ་ཡི་མཚན་ཉིད་ལ། །གཟུགས་སྐུ་འབྱུང་བར་ག་ལ་རིགས། །སངས་རྒྱས་ལྡེམ་པོར་དགོངས་པ་ལ། །ཁ་ཅིག་དེ་ལས་འབྱུང་ངོ་ཟེར། །ང་ནི་དེ་ལ་འཐད་པ་མེད། །འོ་ན་ཇི་ལྟར་འབྱུང་ཞེ་ན། །གཟུགས་སྐུ་གཉིས་སུ་འབྱུང་བ་ནི། །སེམས་ཅན་སྣང་བ་དག་པ་ལ། །སྔོན་གྱི་སྨོན་ལམ་སྟོབས་དག་གིས། །ཇི་ལྟར་འདུག་བཞིན་སོ་སོར་སྣང༌། །སྣང་བ་ཡིན་ཕྱིར་དེ་ཉིད་མིན། །ཕལ་ལ་སྨྲས་ན་སྐྲག་པར་འགྱུར། །སངས་རྒྱས་སེམས་ཅན་དོན་མི་འཆད། །ཆོས་ཀྱང་ནུབ་པར་ག་ལ་འགྱུར། །རྣམ་རྟོག་དྲི་མ་དག་བྱེད་འདི། །སློབ་མ་རྣམས་ཀྱི་ངོར་བཤད་དོ། །ཚིག་ཏུ་སྨྲས་ཀྱིས་ཉམས་སུ་ལོངས། །ཉམས་མྱོང་སྨྲ་ཐབས་ང་ལ་མེད། །རྒྱས་པར་སྨྲ་རུ་སྡུས་ཤིག་ཟེར། །ཚིག་ཏུ་གོ་སླ་སྨྲས་ནས་བཞག །རྣམ་རྟོག་དྲི་མ་དག་བྱེད་ཅེས་བྱ་བ་རྗེ་བཙུན་མི་ལ་རས་པས་མཛད་པ་རྫོགས་སོ།། ༈ །།ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་ངོ་སྤྲོད་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་མན་ངག་འདི་ལ། ཕྱག་རྒྱ་ཆེན་པོའི་མཚན་ཉིད་བསྟན་པ་ལ་གསུམ། གཞི་ཕྱག་རྒྱ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་ཕྱག་རྒྱ་ཆེན་པོ། དང་པོ་དངོས་པོ་གཤིས་ཀྱི་གནས་ལུགས་སངས་རྒྱས་ཀྱི་དགོངས་པ། སེམས་ཅན་གྱི་ཆོས་ཉིད༑ ཁ་དོག་བྱིབས་སུ་མ་གྲུབ། མཐའ་དང་དབུས་སུ་མ་གྲུབ་པ། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། ཡོད་མ་མྱོང༌། མེད་མ་མྱོང༌། མ་འཁྲུལ་མ་གྲོལ། རྒྱུས་མ་བསྐྱེད། རྐྱེན་གྱིས་མ་བསྒྱུར། སངས་རྒྱས་མཁས་ཏེ་མ་བཅོས། སེམས་ཅན་བསྒྲིན་ཏེ་མ་བསླད། རྟོགས་པས་བཟང་དུ་མ་སོང༌། འཁྲུལ་པས་ངན་དུ་མ་སོང༌། དེ་ནི་གཞི་ལ་གནས་པས། གཞི་ཕྱག་རྒྱ་ཆེན་པོའོ། །ལམ་ཕྱག་རྒྱ་ཆེན་པོ་ནི། གཞི་དེའི་སྟེང་དུ་ཉམས་སུ་བླངས་པས་ཆོག ༑འཇོག་དུས་དམིགས་མེད་དུ་འཇོག །གནས་ན་ཡེངས་མེད་དུ་གནས། ཁྱེར་དུས་འཛིན་མེད་དུ་ཁྱེར། འཆར་ན་ཆོས་ཉིད་དུ་འཆར། གྲོལ་དུས་ན་རང་གྲོལ་དུ་འགྲོ་བ་གཅིག་ཉམས་སུ་ལེན་པའོ། །འབྲས་བུ་ཕྱག་རྒྱ་ཆེན་པོ་ནི། གྲོལ་བྱ་དང་གྲོལ་བྱེད་དང་བྲལ་བ། རེ་དོགས་དང་བྲལ་བ། བློ་ཟད་ཆོས་ཟད་འཛིན་མེད་ཞེན་པ་དང་བློ་ལས་འདས་པས་བསམ་བརྗོད་བྲལ་བ། གཞི་ལམ་འབྲས་བུ་གསུམ་དབྱེར་མེད་དུ་ཉམས་སུ་ལེན་པའོ། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་ཞལ་གྱི་གདམས་པ་རྗེ་བཙུན་མི་ལ་རྣལ་འབྱོར་གྱིས་མཛད་པའོ། ། ཨྠིྀ།། །།

[edit]

There are 19 subtexts included in this text

1
2-9
རྒྱུད་ཀྱི་རྒྱལ་པོ་རྙོག་པ་མེད་པ།
rgyud kyi rgyal po rnyog pa med pa
The Unsullied State, A Monarch of Tantras
Text page
View PDF
མཛད་བྱང་མི་གསལ་ (Uncertain)
2
9-27
དོ་ཧ་མཛོད་ཀྱི་གླུ།
do ha mdzod kyi glu
Dohā for the People: Song That Is a Treasury of Dohās
Text page
View PDF
ས་ར་ཧ་ (Saraha)
3
27-35
དཔལ་ས་ར་ཧའི་གདམས་པ་དོ་ཧའི་བསྡུས་དོན།
dpal sa ra ha'i gdams pa do ha'i bsdus don
Summary of Topics for the Glorious Saraha’s Dohā of Instructions
Text page
View PDF
སྤར་ཕུ་བ་བློ་གྲོས་སེངྒེ་ (Spar phu ba blo gros seng+ge)
4
35-42
དོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་མན་ངག།
do ha mdzod ces bya ba phyag rgya chen po'i man ngag
Treasury of Dohās: Esoteric Instructions on Mahāmudrā
Text page
View PDF
ས་ར་ཧ་ (Saraha)
5
42-47
གྲུབ་ཆེན་ཏཻ་ལོ་པའི་ཕྱག་རྒྱ་ཆེན་པོ་གངྒཱ་མའི་གཞུང་ས་བཅད་འགྲེལ་པ་དང་བཅས་པ།
grub chen tai lo pa'i phyag rgya chen po gang+gA ma'i gzhung sa bcad 'grel pa dang bcas pa
Ganges Mahāmudrā: Esoteric Instructions on Mahāmudrā
Text page
View PDF
ཏི་ལོ་པ་ (Tilopa)
6
47-48
ཕྱག་རྒྱ་ཆེན་པོ་གངྒཱ་མའི་གཞུང་ས་བཅད།
phyag rgya chen po gang+gA ma'i gzhung sa bcad
Outline for the "Ganges Mahāmudrā"
Text page
View PDF
རང་བྱུང་རྡོ་རྗེ་ (Karmapa, 3rd)
7
48-60
ཕྱག་རྒྱ་ཆེན་པོ་གངྒཱ་མའི་འགྲེལ་པ།
phyag rgya chen po gang+gA ma'i 'grel pa
Commentary on the "Ganges Mahāmudrā"
Text page
View PDF
རང་བྱུང་རྡོ་རྗེ་ (Karmapa, 3rd)
8
60-63
ཕྱག་རྒྱ་ཆེན་པོའི་ཚིག་བསྡུས་པ།
phyag rgya chen po'i tshig bsdus pa
Summary Verses on Mahāmudrā
Text page
View PDF
ནཱ་རོ་པ་ (Nāropa)
9
63-79
དཔལ་ནཱ་རོ་པའི་རྡོ་རྗེའི་གསུང་ཕྱག་རྒྱ་ཆེན་པོ་ཚིག་བསྡུས་ཀྱི་མན་ངག་རྒྱུད་ཀྱི་ལུང་དང་སྦྱར་བ་གཙོ་བོར་བཏོན་པའི་འགྲེལ་ཆུང་རྟོགས་པར་སླ་བ།
dpal nA ro pa'i rdo rje'i gsung phyag rgya chen po tshig bsdus kyi man ngag rgyud kyi lung dang sbyar ba gtso bor bton pa'i 'grel chung rtogs par sla ba
A Short, Lucid Commentary on the "Summary Verses on Mahāmudrā," Emphasizing the Esoteric Instructions with Relevant Citations from the Tantras
Text page
View PDF
འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
10
79-81
དེ་ཁོ་ན་ཉིད་བཅུ་པ།
de kho na nyid bcu pa
Ten Stanzas on Suchness
Text page
View PDF
མཻ་ཏྲི་པ་ (Maitrīpa)
11
81-85
མངའ་བདག་མར་པ་ལོ་ཙཱ་བས་དཔལ་ས་ར་ཧ་ལས་གསན་པའི་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པ་སྙིང་པོ་དོན་གྱི་གདམས་ངག་ཡི་གེ་བཞི་པའི་དོན་རྡོ་རྗེའི་མགུར་དུ་བཞེངས་པ།
mnga' bdag mar pa lo tsA bas dpal sa ra ha las gsan pa'i phyag rgya chen po yid la mi byed pa snying po don gyi gdams ngag yi ge bzhi pa'i don rdo rje'i mgur du bzhengs pa
Vajra Song on the Meaning of the Four Points: Instructions on the Ultimate Essence, the Mahāmudrā of Nonattention Heard by the Lord Marpa Lotsāwa from the Glorious Saraha
Text page
View PDF
མར་པ་ཆོས་ཀྱི་བློ་གྲོས་ (Mar pa chos kyi blo gros)
12
85-87
རྗེ་བཙུན་མི་ལའི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་རྩ་བ།
rje btsun mi la'i phyag rgya chen po ye shes gsal byed kyi rtsa ba
The Root Text for Mahāmudrā: The Illumination of Wisdom
Text page
View PDF
མི་ལ་རས་པ་ (Mi la ras pa)
13
87-89
རྗེ་སྒམ་པོ་པའི་ཕྱག་རྒྱ་ཆེན་པོ་ལམ་གཅིག་ཆོད།
rje sgam po pa'i phyag rgya chen po lam gcig chod
Mahāmudrā: Path of a Single Stride
Text page
View PDF
སྒམ་པོ་པ་ (Sgam po pa)
14
89-116
བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་མཁའ་འགྲོ་མའི་མན་ངག།
bka' yang dag pa'i tshad ma zhes bya ba mkha' 'gro ma'i man ngag
Truly Valid Words: The Esoteric Instructions of the Ḍākinī
Text page
View PDF
ཏི་ལོ་པ་ (Tilopa)
15
116-123
སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་།
snyan brgyud rdo rje'i tshig rkang
Vajra Verses of the Aural Transmission
Text page
View PDF
ནཱ་རོ་པ་ (Nāropa)
16
123-138
གྲུབ་ཆེན་ནཱ་རོ་པའི་གདམས་ངག་ཆོས་དྲུག་སྐོར་གྱི་བཀའ་དཔེ་ཚིགས་སུ་བཅད་པ།
grub chen na ro pa'i gdams ngag chos drug skor gyi bka' dpe tshigs su bcad pa
Authoritative Texts in Verse: Mahāsiddha Nāropa’s Cycle on the Six Dharmas
Text page
View PDF
ནཱ་རོ་པ་ (Nāropa)
17
138-140
ཆོས་དྲུག་གི་མན་ངག།
chos drug gi man ngag
Esoteric Instructions on the Six Dharmas
Text page
View PDF
ཏི་ལོ་པ་ (Tilopa)
18
140-142
མཁས་གྲུབ་ཆེན་པོ་ནཱ་རོ་ཏཱ་པས་རྣལ་འབྱོར་གྱི་དབང་ཕྱུག་མར་པ་ལོ་ཙཱ་ལ་གདམས་པའི་ཆོས་དྲུག་དྲིལ་བ་རྡོ་རྗེའི་མགུར།
mkhas grub chen po nA ro tA pas rnal 'byor gyi dbang phyug mar pa lo tsA la gdams pa'i chos drug dril ba rdo rje'i mgur
Vajra Song Summarizing the Six Dharmas: The Scholar-Mahāsiddha Nāropa’s Instructions to the Lord of Yogins Marpa
Text page
View PDF
ནཱ་རོ་པ་ (Nāropa)
19
142-157
རྗེ་བཙུན་ཆེན་པོ་མི་ལ་རས་པས་མཛད་པའི་སྙན་བརྒྱུད་གསལ་བ་སྐོར་གསུམ་སོགས་།
rje btsun chen po mi la ras pas mdzad pa'i snyan brgyud gsal bskor gsum sogs
The Three Cycles of Illumination and Other Instructions: Aural Transmissions Composed by Jetsun Milarepa
Text page
View PDF
མི་ལ་རས་པ་ (Mi la ras pa)