DNZ-10-THA-020: Difference between revisions

From Damngak Dzö
DNZ-10-THA-020
m Text replacement - "གྲཧྞ" to "གྲྀཧྞ"
No edit summary
 
Line 4: Line 4:
|fulltitletib=མཻ་ཏྲི་ལུགས་ཀྱི་སྡོམ་པ་བཅུ་གསུམ་མའི་སྒོ་ནས་ཐོད་དབང་མེའི་འཁོར་ལོའི་བྱིན་རླབས་བྱ་བའི་ལག་ལེན་བདེ་དྲོད་དཔུང་བསྐྱེད།
|fulltitletib=མཻ་ཏྲི་ལུགས་ཀྱི་སྡོམ་པ་བཅུ་གསུམ་མའི་སྒོ་ནས་ཐོད་དབང་མེའི་འཁོར་ལོའི་བྱིན་རླབས་བྱ་བའི་ལག་ལེན་བདེ་དྲོད་དཔུང་བསྐྱེད།
|fulltitle=mai tri lugs kyi sdom pa bcu gsum ma'i sgo nas thod dbang me'i 'khor lo'i byin rlabs bya ba'i lag len bde drod dpung bskyed
|fulltitle=mai tri lugs kyi sdom pa bcu gsum ma'i sgo nas thod dbang me'i 'khor lo'i byin rlabs bya ba'i lag len bde drod dpung bskyed
|fulltitletrans=Arousing the Forces of Bliss and Heat: Procedures for the Blessings of the Skull-Cup Abhiṣeka, the Fire Cakra, Bestowed through the Thirteen Saṃvara Deities in the Maitrīpa Tradition
|citation='jam mgon kong sprul. ''Mai tri lugs kyi sdom pa bcu gsum ma'i sgo nas thod dbang me'i 'khor lo'i byin rlabs bya ba'i lag len bde drod dpung bskyed''. In ''Gdams ngag rin po che'i mdzod'', Vol. 10: 377-415. Kalimpong: Rigpe Dorje Publications, 2024.
|citation='jam mgon kong sprul. ''Mai tri lugs kyi sdom pa bcu gsum ma'i sgo nas thod dbang me'i 'khor lo'i byin rlabs bya ba'i lag len bde drod dpung bskyed''. In ''Gdams ngag rin po che'i mdzod'', Vol. 10: 377-415. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།

Latest revision as of 09:36, 23 October 2026

Arousing the Forces of Bliss and Heat: Procedures for the Blessings of the Skull-Cup Abhiṣeka, the Fire Cakra, Bestowed through the Thirteen Saṃvara Deities in the Maitrīpa Tradition
Rigpe Dorje Publications, 2024
Wylie title mai tri lugs kyi sdom pa bcu gsum ma'i sgo nas thod dbang me'i 'khor lo'i byin rlabs bya ba'i lag len bde drod dpung bskyed
Location gdams ngag rin po che'i mdzod
Volume 10, Text 20, Pages 377-415 (Folios 1a1 to 20a1)
Author འཇམ་མགོན་ཀོང་སྤྲུལ་
Citation 'jam mgon kong sprul. Mai tri lugs kyi sdom pa bcu gsum ma'i sgo nas thod dbang me'i 'khor lo'i byin rlabs bya ba'i lag len bde drod dpung bskyed. In Gdams ngag rin po che'i mdzod, Vol. 10: 377-415. Kalimpong: Rigpe Dorje Publications, 2024.
Shechen Publications, 1999
Side notes Recto: me dbang   Verso: bka' brgyud skor
More details More details
Genre Empowerment Ritual - dbang chog - dbang skur
Colophon

།ཅེས་པའི་ཚུལ་འདིར་ཡིག་ཆས་ཕོངས་པར་མ་གྱུར་ཀྱང༌། སྐལ་ལྡན་ཡོངས་ལ་འཕེལ་ཞིང་རྒྱས་པའི་སྒོར་འགྱུར་བར་རེ་བའི་ལྷག་བློས་ཀུན་ནས་བསླངས་ཏེ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་གོང་མའི་གསུང་ལས་ཁྱེར་བདེ་བའི་ལག་ལེན་དུ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།།

ces pa'i tshul 'dir yig chas phongs par ma gyur kyang /_skal ldan yongs la 'phel zhing rgyas pa'i sgor 'gyur bar re ba'i lhag blos kun nas bslangs te/_karma ngag dbang yon tan rgya mtsho'am blo gros mtha' yas pa'i sdes gong ma'i gsung las khyer bde ba'i lag len du rdzong shod bde gshegs 'dus pa'i pho brang chen por bgyis pa dge legs 'phel/__/sarba mang+ga laM//

[edit]
༄༅། །མཻ་ཏྲི་ལུགས་ཀྱི་སྡོམ་པ་བཅུ་གསུམ་མའི་སྒོ་ནས་ཐོད་དབང་མེའི་འཁོར་ལོའི་བྱིན་རླབས་བྱ་བའི་ལག་ལེན་བདེ་དྲོད་དཔུང་བསྐྱེད་ཅེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་ཙཀྲ་སམྦ་རཱ་ཡ། མཚན་དང་རིག་སྔགས་སྐུ་ཡི་རྣམ་འགྱུར་གྱིས། །དེ་ཉིད་མཆོག་ཏུ་གྲོལ་སྟེར་བདེ་བ་མཆོག །དབྱེར་མེད་བླ་མའི་ཞབས་ལ་གུས་བཏུད་ནས། །སྙན་བརྒྱུད་མེ་དབང་ཟབ་མོ་བཀླག་ཆོག་དགོད། །དཔལ་ལྡན་འབྲུག་པའི་བཀའ་སྲོལ་མཻ་ཏྲི་སྙན་བརྒྱུད་ལས་བྱོན་པ་རྡོ་རྗེའི་ཚིག་རྐང་གི་དངོས་བསྟན་ཡེ་ཤེས་མེའི་དབང་བསྐུར་བ་ལ་གསུམ། སྔོན་འགྲོ་ཡོ་བྱད་སྟ་གོན། དངོས་གཞི་དབང་གི་ལས་རིམ། རྗེས་ཀྱི་བྱ་བ་རྣམས་སོ། །དང་པོ་ནི། དབེན་པའི་གནས་སུ་སྟེགས་བུ་བཟང་པོ་དར་རས་ཀྱིས་བཀབ་ལ་མེ་ཏོག་སིལ་མ་བཀྲམ། དེའི་དབུས་ཕོ་ཐོད་མཚན་ལྡན་ཆང་གིས་བཀང་བའི་ནང་དུ། སྒ་པི་ཕོ་གསུམ། ཤིང་ཚྭ། ཨ་རུ་ར། ལན་ཚྭ་ཅུང་ཟད། བུར་སྦྲང་རྣམས་བཏབ། མེ་ལོང་ལ་ཅུ་གང་དང་སིནྡྷུ་ར་ཆང་སྦྱར་གྱིས་བྱུགས་ལ་བདེ་མཆོག་ཡབ་ཡུམ་གྱི་ཉེ་སྙིང་བྲིས་པས་ཁ་བཅད་ལ་དར་དམར་གྱིས་བཀབ། མཆོད་ཡོན་དང་ཉེར་སྤྱོད་གཡོན་བསྐོར་དུ་བཤམ། ལས་བུམ། འབུལ་གཏོར། ཚོགས་ཀྱི་ཡོ་བྱད། སློབ་དཔོན་གྱི་མདུན་དུ། ནང་མཆོད། ཌཱ་དྲིལ་སོགས་ཉེར་མཁོ་རྣམས་ཚོགས་པར་བྱའོ། །གཉིས་པ་ལ་གཉིས། དབང་དོན་སྒྲུབ་མཆོད་དང་དབང་བསྐུར་བ་དངོས་སོ། །དང་པོ་ལ་བདག་མདུན་གཉིས་ལས་ཐོག་མར་བདག་བསྐྱེད་ནི། སློབ་དཔོན་ཧེ་རུའི་ཀའི་ཆས་བྱ་བར་གསུངས་ཀྱང་མི་འགྲུབ་ན་དེར་མོས་པ་དང་དཔྲལ་བར་མཚལ་གྱིས་རམ་ཡིག་བྲིས་ལ་འཁོད། དང་པོ་རྣལ་འབྱོར་ལ་འཇུག་པའི་ཡན་ལག །རང་སྐད་ཅིག་གིས་ཧེ་རུ་ཀའི་སྐུར་གསལ་བས། བདུད་རྩི་བྱིན་རླབས་བྱས་ནས་མྱང་བ་དང༌། སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས་ཧེ་རུ་ཀའི་སྒོམ་བཟླས་རྣམས་བདེ་མཆོག་ཡབ་ཡུམ་སྤྱི་ལྟར་བཏང༌། ཚོགས་བསགས་པ་ནི། རང་ཉིད་སྐད་ཅིག་གིས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་སྔོན་པོ་ལས་འཕྲོས་པའི་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་གྱིས། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང༌། །བླ་མེད་བྱང་ཆུབ་ཐོབ་མཛད་པའི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །སླར་ཡང་རང་གི་སྙིང་གའི་ཧཱུྃ་ལས་འཕྲོས་པའི་མཆོད་པའི་ལྷ་མོ་མཆོད་རྫས་དུ་མ་ཐོགས་པ་རྣམས་ཀྱིས་ནམ་མཁའ་ཁེངས་པར་གྱུར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་མཆོད་ཡོན་ཕུལ། ༀ་ཨཱཿ བཛྲ་པུཥྤེ་ཧཱུྃ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ།གནྡྷེ༑ ནཻ་ཝིདྱ། ༀ་ཨཱཿ བཛྲ་གྷཱཎྜ་ར་ཎ་ཧཱུྃ། རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རིར་བཅས། །རིན་ཆེན་སྣ་བདུན་གཏེར་གྱི་བུམ་པས་ལེགས་བཀང་ནས། །བདག་ལུས་ལོངས་སྤྱོད་སྣང་སྲིད་བཅས་པ་ཀུན་འབུལ་ན༑ ༑ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་ནས་བསྐྱབ་ཏུ་གསོལ། །བདག་གིས་ཐོག་མ་མེད་པའི་དུས་མཐའ་ནས། །བྱས་དང་བྱེད་དུ་བཅུག་དང་ཡི་རང་བའི། །སྡིག་པ་མ་ལུས་སྐྱོན་ཀུན་འཇིགས་བྱེད་པའི། །སྤྱན་སྔར་སོ་སོར་བཤགས་ཤིང་སླར་ཡང་ནི། །མི་བགྱིད་པ་ཡི་སྡོམ་པ་བླང་བར་བགྱི། །ཉན་ཐོས་རང་རྒྱལ་བླ་མེད་བྱང་ཆུབ་སེམས། །རྒྱལ་བའི་སྲས་པོས་བསགས་པའི་དགེ་བ་གང༌། །དེ་དག་ལ་ནི་རྗེས་སུ་ཡི་རང་ཞིང༌། །བྱང་ཆུབ་ཏུ་ནི་ཡང་དག་བདག་གིས་བསྔོ། །རྒྱལ་བ་ལ་སོགས་དཀོན་མཆོག་གསུམ་པོ་ལ། །དངོས་པོ་ཀུན་གྱིས་བདག་ནི་སྐྱབས་སུ་མཆི། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དེ་བཞིན་དུ། །བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི། །འགྲོ་བའི་དོན་ཕྱིར་སངས་རྒྱས་ཕྲིན་ལས་རྣམས། །མ་ལུས་རྫོགས་པར་བདག་གིས་བགྱིད་པར་ཤོག །མདུན་གྱི་ལྷ་དང་བླ་མ་རང་ལ་ཐིམ་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། རྣལ་འབྱོར་དངོས་ལ་དགུ་ལས་དང་པོ་འཇུག་པའི་རྣལ་འབྱོར་ནི། ༀ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སརྦ་དྷརྨ་ཤཱུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅ཧཾ། རང་ཉིད་མི་གནས་པའི་བདག་ཉིད་ཅན་གྱི་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས་པར་གྱུར། གཉིས་པ་ལྡང་བའི་རྣལ་འབྱོར་ནི། སྟོང་པའི་ངང་ལས་ནམ་མཁའི་གནས་སུ། རང་གི་སེམས་ཉིད་ཡི་གེ་ཧཱུྃ་ནག་པོ་གཅིག་ཏུ་གྱུར། ཧཱུྃ་དེ་ལས་ཡི་གེ་ཡཾ་གཅིག་ཆད་པ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་ཡཾ་གྱིས་མཚན་པ། དེའི་སྟེང་དུ་རཾ་གཅིག་ཆད་པ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རྃ་གྱིས་མཚན་པ། དེའི་སྟེང་དུ་བཾ་གཅིག་ཆད་པ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བཾ་གྱིས་མཚན་པ། དེའི་སྟེང་དུ་ལཾ་གཅིག་ཆད་པ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་ལཾ་གྱིས་མཚན་པ། དེའི་སྟེང་དུ་སུཾ་གཅིག་ཆད་པ་ལས་བྱུང་བའི་རི་རབ་གྲུ་བཞི་བང་རིམ་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། དེའི་སྟེང་དུ་པཾ་གཅིག་ཆད་པ་ལས་སྣ་ཚོགས་པདྨ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཧཱུྃ་གཅིག་ཆད་པ་ལས། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་ཁ་དོག་ཅན་གྱི་ལྟེ་བར་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། ༀ་མེ་དཱི་ནི་བཛྲི་བྷ་ཝ་བཛྲ་བྷནྡྷ་ཧཱུྃ་བཾ་ཧཱུྃ། འོག་ཐམས་ཅད་རྡོ་རྗེའི་ས་གཞིར་གྱུར། ༀ་བཛྲ་པྲཱ་ཀ་ར་ཧཱུྃ་སཾ་ཧཱུྃ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བར་གྱུར། ༀ་བཛྲ་པཉྩ་ར་ཧཱུྃ་ཡཾ་ཧཱུྃ། སྟེང་ཐམས་ཅད་རྡོ་རྗེའི་གུར་དུ་གྱུར། ༀ་བཛྲ་བི་ཏཱ་ན་ཧཱུྃ་ཁཾ་ཧཱུྃ། གུར་གྱི་འོག་ཏུ་རྡོ་རྗེའི་བླ་བྲེས་སུ་གྱུར། ༀ་བཛྲ་ཤ་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། རྭ་གུར་གྱི་ཕྱི་རོལ་དུ་རྡོ་རྗེ་མདའི་དྲྭ་བར་གྱུར། ༀ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། ཕྱི་རོལ་དུ་རྡོ་རྗེའི་མེ་རི་ཁ་དོག་རྣམ་པ་ལྔ་རབ་ཏུ་འབར་བ། བསྐལ་པ་འཇིག་པའི་མེ་དཔུང་ལྟ་བུས་ཡོངས་སུ་བསྐོར་བའི་སྲུང་བའི་འཁོར་ལོ། དེའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུྃ་གཅིག་ཆད་པ་ལས་འོད་ཟེར་འཕྲོས། ལྷའི་གཞལ་ཡས་ཁང་ཐམས་ཅད་བསྡུས་ནས་བྷྲཱུྃ་ལ་ཐིམ། དེ་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། རྩིག་པའི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང༌། གྱེན་དུ་ཕྱོགས་པའི་མདའ་ཡབ་མཛེས་པས་བསྐོར་བ། རྩིག་པའི་ཕྱི་རོལ་ནས་འདོད་ཡོན་གྱི་སྟེགས་བུ་ལ་འཁོད་པའི་མཆོད་པའི་ལྷ་མོ་རྣམས་མཆོད་པ་འབུལ་བ། ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་དུ་རྡོ་རྗེའི་གདུང་གིས་མཛེས་པར་ཕུབ་པ༑ དབུས་འཕྱུར་བུར་གྱུར་པའི་རྩེ་མོ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ། སྒོའི་ཐད་སོ་བཞིར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་སྟེང་དུ་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང༌། རིན་པོ་ཆེའི་གདུགས། རི་དྭགས་ཕོ་མོ་དང༌། གཞན་ཡང་གོས་དང་འཕན་དང༌། མེ་ཏོག་གི་ཕྲེང་བ་དང༌། ཟླ་བ་རླུང་གིས་བསྐྱོད་པ་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་རྒྱན་དུ་མས་མཛེས་པར་བྱས་པའི་གཞལ་ཡས་ཁང་དུ་གྱུར། དེའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ནི། ཤར་དུ་གཏུམ་དྲག་གི་དུར་ཁྲོད། བྱང་དུ་ཚང་ཚིང་འཁྲིགས་པ། ནུབ་ཏུ་འུར་འུར་འབར་བ། ལྷོར་འཇིགས་བྱེད་ཐོད་པ་ཅན། བྱང་ཤར་དུ་ཧ་ཧ་རྒོད་པ། ཤར་ལྷོར་དབང་ཕྱུག་ནགས་ཚལ། ལྷོ་ནུབ་ཏུ་མུན་པ་མི་བཟད་པ། ནུབ་བྱང་དུ་ཀཱི་ལི་ཀཱི་ལིའི་སྒྲ་སྒྲོགས་པའོ། །དེ་རྣམས་ལ་གནས་པའི་ཕྱོགས་སྐྱོང་བ་བརྒྱད། ཤིང་ཆེན་པོ་བརྒྱད། ཞིང་སྐྱོང་བ་བརྒྱད། ཀླུ་བརྒྱད། སྤྲིན་བརྒྱད། རྣལ་འབྱོར་བརྒྱད། གཞན་ཡང་རི་དང་མཆོད་རྟེན་མེ་བརྒྱད་ཆུ་གྲུབ་པ་དང༌། རིག་པ་འཛིན་པ་དང༌། དམ་ཚིག་ལ་སྤྱོད་པའི་རྣལ་འབྱོར་ཕོ་མོ་དང༌། གནོད་སྦྱིན་དང༌། རོ་ལངས་དང༌། ཤ་ཟ་སྲིན་པོའི་ཚོགས་དང༌། བྱ་རྒོད་དང༌། ལྕེ་སྤྱང་དང༌། རོའི་ཚོགས་ཀྱིས་གང་བས་བསྐོར་བའོ། །གསུམ་པ་འཇུག་པའི་རྣལ་འབྱོར་ནི། གཞལ་ཡས་ཁང་གི་སྟེང་འོག་རྣམས་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར་བའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཕྱོགས་བཞི་དམར། མེ་རླུང་སེར། བདེན་བྲལ་ལྗང༌། དབང་ལྡན་སྔོ། ལྟེ་བ་མཐིང་ཁའི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཱཻ། ཨོ་ཨཽ། ཨཾ་ཨཱ། ཕྲག་གཉིས་གཡོན་དུ་འཁོར་བ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ། ཕྲག་གཉིས་གཉིས་གཡས་སུ་འཁོར་བ་ལས་ཉི་མའི་དཀྱིལ་འཁོར། དེ་གཉིས་ཀྱི་བར་དུ་རང་གི་སེམས་རྡོ་རྗེ་སེམས་དཔའ་བདག་ཉིད་ནམ་མཁའི་ཧཱུྃ་སྔོན་པོ་ཞུགས། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧཱུྃ་ལ་ཐིམ་པས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པར་གྱུར། བཞི་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་ནི། དེ་རྣམས་རོ་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཨིནྡྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ༑ ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། རྩ་ཞལ་སྔོན་པོ། གཡོན་ཞལ་ལྗང་གུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ་ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། འཁོར་ལོ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། སྐེ་རག་དང༌། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐབས་ཅན་གར་གྱི་ཉམས་དགུ་དང་ལྡན་པ། ཕྱག་བཅུ་གཉིས་ཀྱིས་སྤྲས་པའི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་གདེངས་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ཁ་ཊྭཱཾ་ག །བཞི་པ་ན་ཐོད་པ་ཁྲག་གིས་བཀང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཐོད་པ་དུམ་བུའི་སྐེ་རགས་ཅན། ཁ་ཊྭཱཾ་ག་དང་ཐོད་པས་མཚན་པའི་ཕྱག་གཡོན་པས་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྟེང་གི་ནམ་མཁའ་ལ་འཕྱར་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླ་གཉིས་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་སྐུ་མདོག་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། མཚམས་ཀྱི་འདབ་མ་བཞི་ལ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་བཞིའི་སྟེང་དུ་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། །ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་མ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ལྷ་མོ་དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ན་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེའི་ཕྲེང་བས་དབུ་ལ་བརྒྱན་པ༑ མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། ལྔ་པ་བྱིན་གྱིས་བརླབས་པའི་རྣལ་འབྱོར་ནི། ལྷ་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ༀ་ལས་འཁོར་ལོ་དཀར་པོ་ༀ་གྱིས་མཚན་པ། མགྲིན་པར་ཨཱཿ ལས་པདྨ་དམར་པོ་ཨཱཿ ས་མཚན་པ། སྙིང་ཁར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། གཙོ་བོ་ལ་ༀ་ཧཿ སྙིང་ཁར་རྡོ་རྗེ་སེམས་དཔའ་དཀར་པོ། ན་མ་ཧི་དཔྲལ་བར་རྣམ་པར་སྣང་མཛད་སེར་པོ། ས་ཧཱ་ཧུ་སྤྱི་བོར་རིན་ཆེན་འབྱུང་ལྡན་དམར་པོ། བཽ་ཥཊ་ཧེ་ཕྲག་པ་གཉིས་ལ་ཧེ་རུ་ཀ་ནག་པོ། ཧཱུྃ་ཧཱུྃ་ཧོ་སྤྱན་གསུམ་ལ་འོད་དཔག་མེད་མཐིང་ཁ། ཕཊ་ཧཾ་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་དོན་ཡོད་གྲུབ་པ་ལྗང་ཁུ་སྟེ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་ལ་ༀ་བྃ་ལྟེ་བར་ཕག་མོ་དམར་མོ། ཧྃ་ཡྃ་སྙིང་གར་གཤིན་རྗེ་མ་སྔོན་མོ། ཧྲཱ་མྃ་ཁར་རྨོངས་བྱེད་མ་དཀར་མོ། ཧྲ་ཧྲ་དཔྲལ་བར་སྐྱོད་བྱེད་མ་སེར་མོ། ཧཱུྃ་ཧཱུྃ་སྤྱི་བོར་སྐྲག་བྱེད་མ་ལྗང་ཁུ། ཕཊ་ཕཊ་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་ཙཎྜི་ཀ་དུད་ཁ་སྟེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། མིག་ཏུ་ༀ་ལས་གཏི་མུག་རྡོ་རྗེ་དཀར་པོ། རྣ་བར་ཧཱུྃ་ལས་ཞེ་སྡང་རྡོ་རྗེ་ནག་པོ། སྣ་ལ་ཁཾ་ལས་ཕྲག་དོག་རྡོ་རྗེ་ལྗང་གུ། ལྕེ་ལ་མཾ་ལས་འདོད་ཆགས་རྡོ་རྗེ་དམར་པོ། དཔྲལ་བར་ཏྲཱྃ་ལས་སེར་སྣ་རྡོ་རྗེ་སེར་པོ། སྙིང་གར་ཧམ་ལས་དབང་ཕྱུག་རྡོ་རྗེ་སྔོན་པོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། འཁོར་ལོ་བདེ་མཆོག་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ལ་དཔའ་བོ་དང་རྣལ་འབྱོར་མས་བསྐོར་བ་དབང་གི་ལྷ་ཚོགས་དང་བཅས་པ་ཕ་ཛཿ ཧཱུྃ་བྃ་ཧོཿ དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། དྲུག་པ་དབང་བསྐུར་བའི་རྣལ་འབྱོར་ནི། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་སྦྱོར་མཚམས་ནས་རིག་པའི་ལྷ་མོ་བདུད་རྩིས་བཀང་བའི་རིན་པོ་ཆེའི་བུམ་པ་ཐོགས་པ་དཔག་ཏུ་མེད་པ་བྱུང་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བདུད་རྩིའི་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བའི་ཆུས་ལུས་གང་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་མི་བསྐྱོད་པ། ཡུམ་ལ་རྣམ་པར་སྣང་མཛད། ཕྱོགས་མ་བཞི་ལ་རིན་ཆེན་འབྱུང་ལྡན། སྒོ་མ་བཞི་ལ་སྣང་བ་མཐའ་ཡས། མཚམས་མ་བཞི་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། བདུན་པ་མཆོད་པའི་རྣལ་འབྱོར་ནི། ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་དང༌། གཟུགས་སོགས་འདོད་པའི་ཡོན་ཏན་དང༌། བདེ་བའི་ཡོ་བྱད་ཐམས་ཅད་བསྡུས། ཞལ་ནས་ཞུགས་པ་ཐུགས་ཀར་རྗེས་ཆགས་ཀྱི་མེས་ཞུ་བ་བྱང་ཆུབ་སེམས་ཀྱི་རྣམ་པར་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ལྷུང་བས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་གྱུར་པ་སྦྱོར་མཚམས་ནས་བྱུང་བས་ནམ་མཁའི་ཁམས་ཐམས་ཅད་གང་མཆོད་པར་བསམ་ལ། ༀ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝིདྱ། བཛྲ་གྷཎྜ་ར་ཎའི་ཉེར་སྤྱོད་རོལ་མོར་བཅས་པ་དང༌། ༀ་ཨཱཿ བཛྲ་ཨཱ་དརྴ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ༑ དེས་འགྲེས་ཏེ། ཝི་ཎེ། གནྡྷེ། ར་ས། སྤརྴེ། ཞེས་འདོད་ཡོན་ལྔས་མཆོད། དེ་ནས་ལྷ་མོ་མཆོད་རྫས་དང་བཅས་པ་གཙོ་བོ་ཡབ་ཡུམ་ལ་ཐིམ་པས། གཙོ་བོ་ཡབ་ཡུམ་མཆོག་ཏུ་བདེ་བ་ཆེན་པོར་རོ་གཅིག་པའི་དབྱིངས་སུ་ཐིམ་པ་ན། འཁོར་གྱི་ལྷ་མོ་བཅུ་གཉིས་ཀྱིས་གདུང་བའི་དབྱངས་ཀྱིས་བསྟོད་ཅིང་བསྐུལ་བ་ནི། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ལ་བདེ་ལེགས་ཐོབ། །དེར་ནི་རྒྱུ་དང་མི་རྒྱུའི་འགྲོ་རྣམས་དག །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་ཅིང༌། །སྒྱུ་མའི་སྤྲུལ་པས་དོན་ཀུན་གྲུབ་མཛད་པ། །མགོན་པོ་བདེ་མཆོག་དཔལ་ལྡན་དགྱེས་པར་བཞེངས། །ཞེས་གསོལ་བ་བཏབ་པ་ན་ཆོས་ཀྱི་སྐུ་ལས་སྒྱུ་མ་ལྟ་བུར་སྔོན་བཞིན་དུ་བཞེངས་ཏེ། རྣམ་པར་རོལ་པ་མཐའ་ཡས་པས་སེམས་ཅན་གྱི་དོན་མཛད་པར་བསམ་མོ༑ ༑དེ་ནས། མདུན་དུ་ཡམ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པའི་ལོགས་གསུམ་ལ་ༀ་ཨཱཿ ཧཱུྃ་གསུམ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ཡིག་ལས་བྱུང་བའི་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ༀ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་མཱུཾ་དང་གོ་ལས་དྲི་ཆུ་དང་བ་གླང་གི་ཤ་ཧཱུྃ་དང་མཱུཾ་གྱིས་མཚན་པ། ཤར་དུ་བི་དང་ན་ལས་དྲི་ཆེན་དང་མིའི་ཤ་ༀ་དང་བཾ་གྱིས་མཚན་པ། ལྷོར་ར་དང་ཀུ་ལས་རཀྟ་དང་ཁྱིའི་ཤ་ཏྲཱྃ་དང་ལམ་གྱིས་མཚན་པ། ནུབ་ཏུ་ཤུ་དང་ད་ལས་བྱང་སེམས་དང་རྟའི་ཤ་ཨཱཾ་དང་པཱཾ་གྱིས་མཚན་པ། བྱང་དུ་མ་དང་ཧ་ལས་མཱཾ་ས་དང་གླང་པོ་ཆེའི་ཤ་ཁཾ་དང་ཏཱཾ་གྱིས་མཚན་པ། དེ་རྣམས་ཀྱི་སྟེང་དུ་ཨཱཿ ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ཧཱུྃ་གིས་མཚན་པ། བདག་གི་ཐུགས་ཁ་ནས་འོད་འཕྲོས། རླུང་གཡོས། མེ་འབར་བ་ཐོད་པའི་ནང་གི་རྫས་རྣམས་འཁོལ། དམ་ཚིག་གི་བདུད་རྩིར་ཞུ། ཡང་ཐུགས་ཀ་ནས་འོད་འཕྲོས། རྡོ་རྗེ་ལྟེ་བའི་ཧཱུྃ་ལ་ཕོག་དེ་ལས་འོད་འཕྲོས་པས་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཕབ། རྡོ་རྗེའི་སྦུ་གུ་ནས་མར་ཐིམ། ཟླ་བའི་ཁ་བཀབ་ཀྱང་ཞུ། རྡོ་རྗེ་དེས་ལན་གསུམ་དཀྲུགས་པས་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་ཤིང་རྡོ་རྗེ་ཡང་བདུད་རྩིའི་རང་བཞིན་དུ་ཞུ་བར་གྱུར། ༀ་ཨཱཿ ཧཱུྃ༔ ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ། དེ་ནས། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་ཏེ་རིམ་པ་བཞིན་གསོལ་བས་ཟག་པ་མེད་པའི་བདེ་བ་རྒྱུད་ལ་སྐྱེས་པར་བསམ་པ་ནི་བདུད་རྣ་མྱང་བའོ། །བརྒྱད་པ་ཏིང་ངེ་འཛིན་གྱི་རྣལ་འབྱོར་ནི་ཆགས་གྲོལ་གྱི་ལམ་གཉིས་གང་རུང་བསྒོམ་པའོ། །དགུ་པ་ཉེར་བསྡུའི་རྣལ་འབྱོར་ནི། བསམ་མི་ཁྱབ་པའི་ཏིང་ངེ་འཛིན་གྱིས་ལྷར་སྣང་འོད་གསལ་གྱི་དབྱིངས་སུ་བསྡུས་ལ་མཉམ་པར་བཞག །ཡན་ལག་བཟླས་པའི་རིམ་པ་བྱ་བ་ལ། ལྷར་ལྷའི་སྐུར་གསལ་བར་བལྟས་ལ་བྱིན་གྱིས་བརླབས་པའི་ཐོད་ཕྲེང་ལག་གཡོན་པས་བཟུང་ལ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོའི་མཐའ་མར་སྔགས་ཀྱིས་བསྐོར་བས་འོད་ཟེར་སྔགས་ཕྲེང་གི་རྣམ་པ་ལྟ་བུ་བྱུང་ནས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སོང་བ་ཨ་ཝ་དྷཱུ་ཏིའི་ལམ་ནས་བྱུང་སྟེ། ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས་ཤིང་ཧཱུྃ་གི་ནཱ་ད་ལ་ཐིམ་པར་བསམས་ཏེ། ཡབ་ཀྱི་སྙིང་པོ་ནི། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ། ཉེ་སྙིང་ནི། ཨཱ་ཧྲིཿ ཧ་ཧ་ཧཱུཾ་ཧཱུྃ་ཕཊ༔ ཡུམ་གྱི་སྙིང་པོ་ནི། ༀ་སརྦ་བུདྡྷ་ཌཱ་ཀ་ནཱི་ཡཻ་བཛྲ་ཝརྞ་ནཱི་ཡཻ་ཧཱུཾ་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་སྙིང་ནི། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུཾ་ཧཱུྃ་ཕཊ་སྭཱ་ཧཱ། འཁོར་སྔགས་ནི། ཨཱ་ཌཱ་ཀི་ནཱི་ཡཻ་ཧཱུཾ་ཧཱུྃ་ཕཊ། ༀ་ལཱ་མེ་ཧཱུཾ་ཧཱུྃ་ཕཊ། ཨཱ་ཁཎྜ་རོ་ཧེ་ཧཱུཾ་ཧཱུྃ་ཕཊ། ༀ་རཱུ་པི་ཎཱི་ཡཻ་ཧཱུཾ་ཧཱུྃ་ཕཊ། ༀ་ཀ་ཀཱ་སྱཻ་ཧཱུཾ་ཧཱུྃ་ཕཊ། ༀ་ཨཱུ་ལུ་ཀཱ་སྱཻ་ཧཱུཾཧཱུྃ་ཕཊ། ༀ་ཤྭ་ན་ཀཱ་སྱཻ་ཧཱུཾ་ཧཱུྃ་ཕཊ། ༀ་སཱུ་ཀ་ར་སྱཻ་ཧཱུཾ་ཧཱུྃ། ༀ་ཡ་མ་དཱ་ཌྷི་ཡཻ་ཧཱུཾ་ཧཱུྃ་ཕཊ། ༀ་ཡ་མ་དཱུ་ཏི་ཡཻ་ཧཱུཾ་ཧཱུྃ་ཕཊ། ༀ་ཡ་མ་དཾི་ནཱི་ཡཻ་ཧཱུཾ་ཧཱུྃ་ཕཊ། ༀ་ཡ་མ་མ་ཐ་ནི་ཧཱུཾ་ཧཱུྃ་ཕཊ། ཅེས་གཙོ་བོ་ཡབ་ཡུམ་ཅི་འགྲུབ་དང་འཁོར་སྔགས་རྣམས་ཀྱང་ཅུང་ཟད་རེ་བཟླ། འདིར་རྐང་བརྒྱད་སྔོན་དུ་འགྲོ་བའི་རྩ་སྔགས་དང་གོ་ཆའི་སྔགས་རྣམས་ཀྱང་བཟླ་བར་གསུངས་པས་གྲུབ་ན་དེ་ལྟར་བྱའོ། །གཉིས་པ་མདུན་བསྐྱེད་ནི། སུམྦྷ་ནིས་བསང༌། ས་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་མདུན་རྟེན་ཐོད་པ་བདེ་བ་སྐྱེད་པའི་སྣོད་ཤིན་ཏུ་ཡངས་པའི་ནང་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་ཡཾ་གིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་སོགས་བདག་བསྐྱེད་ལྟར་ལ། ཆད་ཅེས་པ་རྣམས་དོར། བྱང་ལྗང་བའི་ཁ་དོག་ཅན་གྱི་ལྟེ་བར་བྷྲཱུྃ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་སོགས་ནས། ལྟེ་བ་མཐིང་ཁའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་སོགས་ནས། རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། བར་གོང་ལྟར། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ལ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་དབང་གི་ལྷ་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་ཕ། ཧཱུྃ། བཅོམ་ལྡན་འཁོར་ལོ་སྡོམ་པ་ལ། །དཔའ་བོ་མཁའ་འགྲོས་བསྐོར་ནས་ནི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། ༀ་ཧྲཱིཿ ཧ་ཧ་ཧཱུྃ་ཧཱུྃ་ཕཊཿ ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ་སྭཱ་ཧཱ། བཛྲ་ས་མ་ཡ་ཛཿ ཛཿ ཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་སོགས་ནས། དོན་ཡོད་གྲུབ་པས་དབུར་བརྒྱན་པར་གྱུར། བར་ཡང་སྒྲུབ་ཐབས་ལྟར་བརྗོད། བསང་སྦྱངས། མཆོད་པ་བྱིན་རླབས་སྤྱི་ལྟར་བྱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། ། ལྷ་ཡི༴ དེ་བཞིན༴ ཤྲཱི་ཡེ་ཧཱུྃ། ཞེས་མཆོད་ཡོན་ཕུལ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པའི། །མཛེས་ལྡན་དཀར་མོ་རྡོ་རྗེ་དྲིལ་བུ་དང༌། །མེ་ཏོག་སྤུངས་པའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བའི་དཀྱིལ་འཁོར་ལྷ་ཚོགས་མཆོད། །ༀ་ཨཱཿ བཛྲ་པུཥྤེ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། དཀྱིལ་འཁོར༴ ཡིད་འོང་དུད་ཁ་རྡོ་རྗེ༴ བདུག་སྤོས་འཐུལ་བའི་རིན་ཆེན༴ ནམ་མཁའ༴ དྷཱུ་པེ༴ དཀྱིལ་འཁོར༴ ཀུན་སྣང་དམར་སེར་རྡོ་རྗེ༴ མར་མེས་གང་བའི༴ ནམ་མཁའ༴ ཨཱ་ལོ་ཀེ༴ དཀྱིལ་འཁོར༴ གདུང་སེལ་ལྗང་ཁུ༴ དྲི་མཆོག་བྱུག་པའི་རིན་ཆེན༴ ནམ་མཁའ༴ གནྡྷེ༴ དཀྱིལ་འཁོར༴ ཞལ་ཟས་སེར་མོ་རྡོ་རྗེ༴ བདུད་རྩིས་གང་བས༴ ནམ་མཁའ་གང་བས༴ ནཻ་ཝི་དྱ༴ དཀྱིལ་འཁོར༴ སྒྲ་སྙན་སྣ་ཚོགས་རྡོ་རྗེ༴ པི་ཝཾ་གླིང་བུ་རྔ་ཆེན་སོགས་འཛིན་མ། །ནམ་མཁའ་གང་༴ ༀ་ཨཱཿ བཛྲ་གྷཱཎྜ་ར་ཎ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། ཞེས་ཉེར་སྤྱོད་ལྔ་རོལ་མོར་བཅས་པ་དང༌། རྒྱལ་བ་རྣམས་ཀྱི་འདོད་འབྱུང་ལྷ་མོའི་ཚུལ། །གཟུགས་མཛེས་དཀར་མོ་མེ་ལོང་པདྨའི་སྣོད། །ཅང་ཏེའུའི་སྒྲ་འཁྲོལ་ཁ་ཊྭཱཾ་ལ་བརྟེན་མ། །ནམ་མཁའ༴ ༀ་ཨཱཿ བཛྲ་ཨཱ་དརྴ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། རྒྱལ་བ་རྣམས༴ དབྱངས་སྙན་སྔོན་མོ་པི་ཝཾ་པདྨའི་སྣོད༑ ༑ཅང་ཏེའུའི༴ ནམ་མཁའ༴ ཝཱི་ཎེ༴ རྒྱལ་བ༴ དྲི་ལྡན་སེར་མོ་སྤོས་ཁང་པདྨའི་སྣོད། །ཅང་ཏེའུའི༴ ནམ་མཁའ༴ གནྡྷེ༴ རྒྱལ་བ༴ བཅུད་ལྡན་དམར་མོ་བཟའ་བཏུང་པདྨའི་སྣོད། །ཅང་ཏེའུ༴ ནམ་མཁའ༴ ར་ས༴ རྒྱལ་བ༴ བདེ་ལྡན་ལྗང་ཁུ་རས་བཟང་པདྨའི་སྣོད། །ཅང་ཏེའུ༴ ནམ་མཁའ་གང་བས༴ སྤརྵེ༴ ཞེས་འདོད་ཡོན་གྱིས་ལྷ་མོས་མཆོད། ༀ་ན་མོ་བྷ་ག་བ་ཏེ་ཝི་རེ་ཤཱ་ཡ་ཧུཾ་ཧཱུྃ་ཕཊ། ༀ་མ་ཧཱ་ཀལྤཱགྣི་སནྣི་བྷ་ཡ་ཧུཾ་ཧཱུྃ་ཕཊ། ༀ་ཛ་ཊ་མུ་ཀུ་ཊོཏྐ་ཊཱ་ཡ་ཧུཾ་ཧཱུྃ་ཕཊ། ༀ་དཾཥྚ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁ་ཡ་ཧཱུཾ་ཧཱུྃ་ཕཊ། ༀ་ས་ཧཱ་སྲ་བྷུ་ཛ་བྷཱ་སུ་ར་ཡ་ཧཱུཾ་ཧཱུྃ་ཕཊ། ༀ་པར་ཤུ་པ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊཱངྒ་དྷཱ་རི་ཎེ་ཧཱུཾ་ཧཱུྃ་ཕཊ། ༀ་བྱཱ་གྷྲ་ཛི་ནཱཾ་བ་ར་དྷཱ་ར་ཡ་ཧཱུཾ་ཧཱུྃ་ཕཊ། ༀ་མ་ཧཱ་དྷུ་མྲནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧཱུཾ་ཧཱུྃ་ཕཊ། ༀ་ན་མོ་བྷ་ག་ཝ་ཏཱི་བཛྲ་ཝ་རཱ་ཧཱི་བྃ་ཧཱུཾ་ཧཱུྃ་ཕཊ། ༀ་ན་མ་ཨཱ་ཨ་པ་རཱ་ཛི་ཏེ་ཏྲེ་ལོ་ཀྱ་མཱ་ཏེ་མ་ཧཱ་བིདྱེ་ཤྭ་རཱི་ཧཱུཾ་ཧཱུྃ་ཕཊ། ༀ་ན་མཿ སརྦ་བྷུ་ཏ་བྷ་ཡཱ་བ་ཧེ་མ་ཧཱ་བཛྲེ་ཧཱུཾ་ཧཱུྃ་ཕཊ། ༀ་ན་མོ་བཛྲེ་ཨཱ་པ་ན་ཨ་པ་རཱ་ཛི་ཏེ་ཝ་ཤྱཾ་ཀ་རི་ནེ་ཏྲ་བྷྲ་མ་ཎི་ཧཱུཾ་ཧཱུྃ་ཕཊ། ༀ་ན་མཿ ཤོ་ཥ་ཎི་རོ་ཥ་ཎི་ཀྲེ་དྷེ་ཀ་རཱ་ལི་ནི་ཧཱུཾ་ཧཱུྃ་ཕཊ། ༀ་ན་མཿ ཏྲཱ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནི་ཨ་པ་རཱ་ཛ་ཡེ་ཧཱུཾ་ཧཱུྃ་ཕཊ། ༀ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟྭཾ་བྷ་ནི་མོ་ཧ་ནི་ཧཱུཾ་ཧཱུྃ་ཕཊ། ༀ་ན་མོ་བཛྲ་ཝཱ་ར་ཧི་མ་ཧཱ་ཡོ་གི་ནི་ཀ་མེ་ཤྭ་རི་ཁ་གེ་ཧཱུཾ་ཧཱུྃ་ཕཊ། ཅེས་སམ། ཡང་ན། བཅོམ་ལྡན་མགོན་པོ་སོགས་ཡབ་ཡུམ་གྱི་རྐང་པ་བརྒྱད་པ་བོད་སྐད་གང་རིགས་ཀྱིས་བསྟོད་དོ། །གསུམ་པ་ལས་བུམ་སྒྲུབ་པ་ནི༑ བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ། ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཛཿ ཧཱུྃ་བྃ་ཧོཿ བཅོམ་ལྡན་འདས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། ཞེས་མོས་ལ། ༀ་ཤྲཱི་བཛྲ་ཧེ་རུ་ཀ་སོགས་ཧེ་རུ་ཀའི་ཡིག་བརྒྱ་ཉེར་གཅིག་ལས་མི་ཉུང་བ་བཟླ། མཐར། མགོན་པོ་བདག་ནི་སོགས་ཀྱིས་གསོལ་བ་བཏབ། དཔལ་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་བུམ་པའི་ཆུར་གྱུར་པར་བསྒོམ་ལ༑ ཚོགས་བསང་སྦྱང༌། བདག་བསྐྱེད་ཀྱི་བདུད་རྩིའི་སྐབས་ལྟར་བྱིན་བརླབ། འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་བླ་མ་དང་བཅས་པའི་ལྷ་ཚོགས་རྣམས་ལ་མཆོད་པར་བསམ་ཞིང་རོལ་མོ་དང་བཅས་པས། ཚོགས་འཁོར་རྒྱས་པའི་སྐབས། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་བ། །ཞེས་ཤིས་བརྗོད། གསུང་སྲོལ་ཡོད་པ་སོགས་སྤྲོ་ན་བྱ། བསྡུ་ན། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་འདོད་ཡོན་རྣམ་ལྔ་འདི། །བཀའ་བརྒྱུད་བླ་མ་རྣམས་ལ་འབུལ། །ཐིམ་པའི་ཚུལ་གྱིས་བཞེས་སུ་གསོལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། གཟུགས་དང་༴ རེག་བྱ་འདོད་ཡོན༴ རྡོ་རྗེ་རྣལ་འབྱོར་མ་ལ་འབུལ། །ཐིམ་པའི་ཚུལ་གྱིས༴ ག་ཎ་ཙཀྲ་པཱུ་ཛ༴ དེ་བཞིན་ཐོག་མའི་རྐང་པ་གཉིས་དང༌། མཐའ་མའི་རྐང་པ་གཉིས་འདྲ་བ་ལ། ཡི་དམ་ལྷ་ཚོགས་རྣམས་ལ་འབུལ། །དཔའ་བོ་མཁའ་འགྲོ་རྣམས་ལ་འབུལ། །ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ། །ཕྱོགས་སྐྱོང་ཞིང་སྐྱོང་རྣམས་ལ་འབུལ། །གཞི་བདག་གནས་བདག་རྣམས་ལ་འབུལ། །རྡོ་རྗེ་སྤུན་གྲོགས་རྣམས་ལ་འབུལ། །ཞེས་སྦྱར་ལ་ཚོགས་འབུལ་ལོ། །གཉིས་པ་དབང་དངོས་ནི། སྣོད་དུ་རུང་བའི་སློབ་མ་རྣམས། ཇི་ལྟར་བལྟམས་པ་སོགས་ལས་བུམ་ཆུས་ཁྲུས་བྱ། གྲལ་ལ་འཁོད་བླ་མ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་བགེགས་གཏོར། ༀ་ཨ་ཀ་རོ་མུ་ཁཾ་སོགས། ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ༑ བདེན་པ་བདར་བ་ནི། ཕཊཿ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱི༴ དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོ་དེའི་བྱིན་རླབས་དང༌། རྣལ་འབྱོར་པ་བདག་གི་ལྷག་པའི་བསམ་པ་རྣམ་པར་དག་པའི་མཐུ་ལ་བརྟེན་ནས། བདག་རྡོ་རྗེ་འཛིན་པས་དེང་འདིར་སློབ་མ་རྣམས་ལ་ཡེ་ཤེས་མེའི་བྱིན་རླབས་ཟབ་མོ་བགྱི་བ་ལ། འབྱུང་པོ་མི་དང་མི་མ་ཡིན་པ་སྔགས་ཉན་པ་ལ་མི་དབང་ཞིང༌། ཕྱག་རྒྱ་ལྟ་བ་ལ་མི་དབང་བའི་བདུད་བགེགས་བར་དུ་གཅོད་པར་བྱེད་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཁྱེར་ལ་མྱུར་བ་ཉིད་དུ་ཕྱིར་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་བགེགས་གཏོར་བཏང་ནས། ༀ་ཧྲཱིཿ ཧ་ཧ་སོགས་ཡི་དམ་གྱི་གཟུངས་སྔགས་དང༌། སུམྦྷ་ནི་བརྗོད་ཅིང༌། གུ་གུལ་གྱི་དུད་པ་བཏང༌། ཐུན་གྱིས་བྲབ་སྟེ་བགེགས་སྐྲད། བླ་མས། བདག་གི་སློབ་མ་འདི་རྣམས་ལ་ཡེ་ཤེས་ཀྱི་དྲོད་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བླ་མ་དང་ལྷ་ལ་གསོལ་བ་གདབ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། དྲང་ངེས་ཀྱི་ཆོས་བཤད་ཇི་ལྟར་འོས་པ་དང༌། ཁྱད་པར། དེ་ལ་འདིར་སྐབས་སུ་བབས་པ། མཚན་ཉིད་རྒྱུའི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ལའང་རྒྱུད་སྡེ་བཞིར་བཞུགས་པ་ལས་མཆོག་དང་ཕུལ་དུ་གྱུར་པ་བདེ་དགྱེས་གཙོ་བོར་གྱུར་པའི་བླ་མེད་མ་རྒྱུད་རྣམས་ཀྱི་རྫོགས་རིམ་བདེ་སྟོང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སྐྱེད་པའི་ཐབས་ལམ་རྣམས་ཀྱི་རྩ་བ་ལྷན་སྐྱེས་ཙནྜ་ལཱི་སྒོམ་པ་ལ་གེགས་སེལ་ཞིང་བོགས་མྱུར་དུ་ཐོན་པ་སོགས་ཡོན་ཏན་གྱི་རྩལ་སྐྱེད་པ་ལ། མཆོག་ཏུ་བསྔགས་པ་ལ་རྡོ་རྗེའི་ཚིག་རྐང་ལས་ཁྱད་པར་དྲོད་ཀྱི་དབང་བསྐུར་ཞེས་དངོས་སུ་བསྟན་པའི་གདམས་ངག་གྲུབ་ཐོབ་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པ་སྟེ། དེའང་རྒྱུད་དང་འབྲེལ་བ་ཐབས་ལམ་གྱི་གདམས་པ་དང༌། བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་ཀྱི་གདམས་པ་ཞེས་བཀའ་བརྒྱུད་རིན་པོ་ཆེ་རྣམས་ལ་ཡོངས་སུ་གྲགས་པའི་བཀའ་སྲོལ་ཕྱི་མ་འདི་ཉིད་ཀྱི་བྱིན་རླབས་རིང་བརྒྱུད་རྡོ་རྗེ་འཆང༌། ཤ་བ་རི་པ། མེ་ཏྲི་པ། ཏི་པུ་དྲི་མེད་བཤེས་གཉེན། རས་ཆུང་པ་སོགས་ལས་བརྒྱུད་དེ་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ལས་བར་མ་ཆད་པར་བྱོན་པ་དང༌། ཉེ་བརྒྱུད་རྗེ་བཙུན་ཡེ་ཤེས་ཀྱི་སྐུ་བརྙེས་པ་རས་ཆུང་རྡོ་རྗེ་གྲགས་པས་མཚུངས་མེད་འགྲོ་བའི་མགོན་པོ་འཇམ་དབྱངས་ཆོས་ཀྱི་གྲགས་པ་ལ་དངོས་སུ་སྩལ་བ་རྡོ་རྗེ་འཆང་གི་གསང་ཚིག །ཡེ་ཤེས་མཁའ་འགྲོའི་ཐུགས་བཅུད། བྱིན་རླབས་ཀྱི་གཟི་བྱིན་དང་ལྡན་པ་མཻ་ཏྲཱི་སྙན་བརྒྱུད་ལས་བྱོན་པ་ཐོད་དབང་མེའི་འཁོར་ལོའི་བྱིན་རླབས་ཟབ་མོ་བསྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་ཚུལ་བཞིན་གྲུབ་པ་ལགས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་བྱིན་རླབས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །བླ་མ་དང་ལྷག་པའི་ལྷར་མོས་གདུང་རྩེ་གཅིག་པས་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཕག་མོ་ལྷན་ཅིག་ཡང་དག་སྦྱོར། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། བླ་མས། དེ་ལྟར་གསོལ་བ་བཏབ་པས་སྣོད་རུང་དུ་གྱུར་པ་ལ་སྡོམ་པ་བསྒྲག་པ་ཡིན་པས་འདི་ལ་གསན་འཚལ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་གྲགས་སོ། །བློ་ཆེན་ཁྱོད་ཀྱིས་བཟུང་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་བཟུང༌། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བ་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཇི་ལྟར་བསྒྲགས་པའི་སྡོམ་པ་དེ་རྣམས་ཚུལ་བཞིན་བསྲུངས་པས། རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་རྒྱུད་ལ་སྐྱེ་བའི་སྐལ་ལྡན་དུ་འགྱུར་བ་ཡང༌། ཇི་སྐད་དུ། དམ་ཚིག་སྡོམ་པ་མིག་གི་འབྲས་བུ་ལྟར། །བསྲུངས་པས་རིམ་གཉིས་ལམ་གྱི་སྣོད་འགྱུར་ཞིང༌། །སྐྱེ་ཤི་བར་དོའི་མུན་པ་ཀུན་སེལ་འགྱུར། །ཞེས་པའི་དོན་ཡིད་དང་འདྲེས་ངེས་པར་བསམ་ལ་འདིའི་རྗེས་ཟློས་ལན་གསུམ་མཛོད། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་ནི་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ཅག་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང༌། །ཞེས་ལན་གསུམ་བརྗོད། དེ་ནས་ཡེ་ཤེས་པའི་བྱིན་རླབས་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ཨིནྡྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ། སོགས་ནས། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །གཙོ་བོ་ལ་ༀ་ཧ་སྙིང་ཁར་རྡོ་རྗེ་སེམས་དཔའ་དཀར་པོ་སོགས་ནས༑ ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་ལ་ༀ་བཾ་ལྟེ་བར་ཕག་མོ་དམར་མོ་སོགས་ནས། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པའི་མོས་པས། ཧཱུྃ། བཅོམ་ལྡན་འཁོར་ལོ་སྡོམ་པ་ལ། །དཔའ་བོ་མཁའ་འགྲོས་བསྐོར་ནས་ནི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཡབ་ཡུམ་གྱི་སྙིང་པོ་ཉེ་སྙིང་གི་མཐར། བཛྲ་ས་མ་ཡ་ཛ་ཛཿ ཧཱུྃ་བྃ་ཧོཿ ཞེས་དྲག་ཏུ་བརྗོད་ཅིང་ཌཱ་དྲིལ་དཀྲོལ་བ་དང་བསྟུན། སློབ་མའི་རྒྱུད་བྱིན་གྱིས་རློབས་པའི་དམིགས་འདུན་བསྐྱེད། སློབ་མ་རྣམས་ཁཎྜ་རོ་ཧཱེས་བསང་ལ། ཁྱེད་རང་རྣམས་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་གའི་འོད་ལྟར་དམར་བ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་གྲི་གུག་འབར་བ་ནམ་མཁའི་མཐོངས་སུ་འཕྱར་བ། རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་ཅིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཟག་པ་མེད་པའི་བདེ་བའི་རོས་ཚིམ་པར་མཛད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། ཐལ་ཆེན་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང༌། གྲུ་མོ་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྭཱཾ་ག་བསྣམས་པ། གཅེར་བུ་བརྒྱད་གཉིས་ལོན་པའི་ལང་ཚོ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་སྲོག་བྲལ་བའི་སྙིང་གར་མནན་ཏེ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་ལྟེ་བར་ༀ་བྃ། སྙིང་གར་ཧཾ་ཡ། ཁར་ཧྲ་མ། དཔྲལ་བར་ཧྲ་ཧྲ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་རྣམས་གསལ་ཐོབ། སློབ་མ་རྣམས་ཀྱི་དབུས་སུ་བླ་མས་རྡོ་རྗེ་གདེངས་ཏེ་ཡི་གེ་བདུན་པ་ལན་ལྔ་བདུན་གང་རུང་བརྗོད་རྗེས། རྡོ་རྗེ་སྤྱི་བོར་འཇོག་པ་དང་བསྟུན། དེང་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི། ངས་ཇི་ལྟར་བསྒོ་བ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱེད་ཀྱིས་ང་ལ་བརྙས་པར་མ་བྱེད། ཁྱོད་མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་དམ་བསྒྲག །དབང་བསྐུར་དངོས་གཞི་ལ། ལུས་ལ་མེ་ཡི་བྱིན་རླབས་ཞུ་སྙམ་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་འཁོར་ལོ་སྡོམ་པ་ཡིས། །བདག་གི་ལུས་ལ་ཡེ་ཤེས་ཀྱི། །མེ་ཡི་བྱིན་རླབས་སྩལ་དུ་གསོལ། །ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཐོད་པའི་ནང་གི་ཡི་དམ་ཡབ་ཡུམ་གྱི་སྐུའི་བྱིན་རླབས་མེའི་རང་བཞིན་ༀ་གྱི་རྣམ་པ་འོད་ཟེར་གྱི་ཚུལ་དུ་འཕྲོས་པ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཡི་དམ་ཞི་ཁྲོ་རྒྱལ་སྲས་འཕགས་པའི་ཚོགས་ཀྱི་སྐུ་རྡོ་རྗེ་དང་རོ་གཅིག་ཏུ་འདྲེས་པ་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པའི་མོས་པ་གྱིས། ༀ་ཧྲཱིཿ ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཉེ་སྙིང་བརྗོད་ཅིང༌། ཐོད་པས་དཔྲལ་མཚམས་སུ་དབང་བསྐུར་ཞིང་རོལ་མོ་སྒྲོག །གུ་གུལ་གྱི་དུད་པས་བདུག །དཔལ་འབར་རམ་གྱིས་མཚན་པ་ལུས་ལ་བསྐོར་བས་ལུས་མེའི་རང་བཞིན་དུ་གྱུར་པའི་མོས་པ་མཛོད། ཛྙཱ་ན་ཛྭ་ལ་རཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་དཔལ་འབར་ལུས་ལ་བསྐོར། དེ་ལྟར་དབང་བསྐུར་བས་སྐུའི་བྱིན་རླབས་ལུས་ལ་ཞུགས་པས་སྐུ་རྡོ་རྗེ་འགྲུབ་པའི་སྐལ་ལྡན་དུ་གྱུར་པའི་མོས་པ་མཛོད། དེ་ནས་གསུང་གི་བྱིན་རླབས་ཞུ་སྙམ་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་འཁོར་ལོ་སྡོམ་པ་ཡིས། །བདག་གི་ངག་ལ་ཡེ་ཤེས་ཀྱི། །མེ་ཡི་བྱིན་རླབས་སྩལ་དུ་གསོལ། །ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཐོད་པའི་ནང་གི་ཡི་དམ་གྱི་གསུང་གི་བྱིན་རླབས་མེ་ཡི་རང་བཞིན་ཨཱཿ འི་རྣམ་པ་འོད་ཟེར་གྱི་ཚུལ་དུ་འཕྲོས་པ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཡི་དམ་ཞི་ཁྲོ་རྒྱལ་སྲས་འཕགས་པའི་ཚོགས་ཀྱི་གསུང་རྡོ་རྗེ་དང་རོ་གཅིག་ཏུ་འདྲེས་པ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པའི་མོས་པ་མཛོད། ཨཱཿ ཨཾ་ཧྲཱིཿ སྭཱ། ཞེས་ཐོད་པས་མགྲིན་པར་དབང་བསྐུར་ཞིང་རོལ་མོ་དང་དུད་པ་བྱ། དེ་ནས་སྔགས་འདིའི་རྗེས་ཟློས་མཛོད། ཅེས་མཚམས་སྦྱར་ནས་སློབ་དཔོན་གྱིས་ཕྲེང་བ་ནས་གཟུང་དུ་བཅུག་ལ། ཡི་དམ་ཡབ་ཡུམ་གྱི་ཉེ་སྙིང་ལན་ཁ་ཤས་བགྲང་དུ་བཅུག །བདུད་རྩི་ཐུར་མགོ་རེ་སྟེར། དཔལ་འབར་རཾ་གྱིས་མཚན་པ་ངག་ལ་བསྐོར་བས་ངག་རླུང་ཡེ་ཤེས་མེ་ཡི་རང་བཞིན་དུ་གྱུར་པའི་མོས་པ་མཛོད། ཛྙཱ་ན་ཛྭ་ལ་རཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། བརྗོད་ཅིང་དཔལ་འབར་བསྐོར། དེ་ལྟར་དབང་བསྐུར་བས་གསུང་གི་བྱིན་རླབས་ངག་ལ་ཞུགས་པས་གསུང་རྡོ་རྗེ་འགྲུབ་པའི་སྐལ་ལྡན་དུ་བྱས་པའི་མོས་པ་མཛོད། ཐུགས་ཀྱི་བྱིན་རླབས་ཞུ་སྙམ་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་འཁོར་ལོ་སྡོམ་པ་ཡིས། །བདག་གི་ཡིད་ལ་ཡེ་ཤེས་ཀྱི། །མེ་ཡི་བྱིན་རླབས་སྩལ་དུ་གསོལ། །ལན་གསུམ། ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཐོད་པའི་ནང་གི་ཡི་དམ་ཡབ་ཡུམ་གྱི་ཐུགས་ཀྱི་བྱིན་རླབས་མེའི་རང་བཞིན་ཧཱུྃ་གི་རྣམ་པ་འོད་ཟེར་གྱི་ཚུལ་དུ་འཕྲོས་པ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཡི་དམ་ཞི་ཁྲོ་རྒྱལ་སྲས་འཕགས་པའི་ཚོགས་ཀྱི་ཐུགས་རྡོ་རྗེ་དང་རོ་གཅིག་ཏུ་འདྲེས་པ་ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ་པའི་མོས་པ་མཛོད། ཧཱུྃ། ཞེས་བརྗོད་ཅིང་ཐོད་པ་སྙིང་གར་འཇོག་པ་དང་རོལ་མོ། དུད་པ་བྱ། དེ་ནས། དཔལ་འབར་རམ་གྱིས་མཚན་པ་ཡིད་ལ་བསྐོར་བས་ཡེ་ཤེས་མེའི་རང་བཞིན་དུ་གྱུར་པའི་མོས་པ་མཛོད། ཛྙཱ་ན་ཛྭ་ལ་རཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་དཔལ་འབར་བསྐོར། དེ་ལྟར་དབང་བསྐུར་བས་ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས་པས་ཐུགས་རྡོ་རྗེ་འགྲུབ་པའི་སྐལ་ལྡན་དུ་བྱས་པའི་མོས་པ་མཛོད། དེ་ནས་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་བྱིན་རླབས་ཞུ་སྙམ་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་འཁོར་ལོ་སྡོམ་པ་ཡིས། །བདག་གི་ལུས་ངག་ཡིད་གསུམ་ལ། །ཡེ་ཤེས་མེ་ཡི་བྱིན་རླབས་སྩོལ། །ལན་གསུམ། ཐོད་པའི་ནང་གི་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་འོད་དུ་ཞུ་བ་ལས་ཡེ་ཤེས་མེའི་བདུད་རྩིའི་རྣམ་པར་གྱུར་པ་ཁྱེད་རང་རྣམས་ལ་བྱིན་པས་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པའི་མོས་པ་མཛོད། ཐོད་པ་གནས་གསུམ་དུ་གཏུགས་ནས་ཡི་གེ་གསུམ་བརྗོད་ཅིང་རོལ་མོ་དང་དུད་པ་བྱ། བདུད་རྩི་སྦྱིན། དཔལ་འབར་རམ་གྱིས་མཚན་པ་ལུས་ལ་བསྐོར་བས་ལུས་ངག་ཡིད་གསུམ་ཡེ་ཤེས་མེའི་རང་བཞིན་དུ་གྱུར་པའི་མོས་པ་མཛོད། ཛྙཱ་ན་ཛྭ་ལ་རཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་དཔལ་འབར་བསྐོར། དེ་ལྟར་དབང་བསྐུར་བས་སྐུ་གསུང་ཐུགས་རྡོ་རྗེའི་བྱིན་རླབས་སྒོ་གསུམ་ལ་ཞུགས་པས་འཕོ་མེད་བདེ་ཆེན་ཐོབ་པའི་སྐལ་ལྡན་དུ་བྱས་པའི་མོས་པ་མཛོད། དེས་དབང་དངོས་སོང་ནས་དབང་དོན་གྱི་ཡེ་ཤེས་ངོ་སྤྲོད་པ་ལ། ལུས་གནད། རླུང་གནད། དམིགས་པའི་གནད་གསུམ་ལས། ལུས་གནད་ནི། ལུས་ནི་རྡོ་རྗེ་སྐྱིལ་མོ་ཀྲུང༌། །སྒལ་ཚིགས་རིན་ཆེན་རྩར་ལ་བརྒྱུས། །མཐོང་ཁ་རྒྱུན་དུ་ཡངས་པ་དང༌། །སྟོང་སྒོ་ཤིན་ཏུ་སྦ་བར་བྱ། །ལྕེ་ནི་ཡར་རྐན་ཉིད་དུ་གཏད། །མཉམ་བཞག་ཕྱག་རྒྱ་ལྟེ་འོག་བཙིར། །མིག་དང་ཤེས་པ་མ་འགྱུར་བར། །རླུང་སེམས་དྲིལ་ལ་དྲག་ཏུ་གཅུན། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་གསུངས་པའི་དོན། རྐང་པ་གཡས་སྟེང་དུ་བཏོན་པའི་རྡོ་རྗེ་སྐྱིལ་ཀྲུང༌། མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅས་པའི་གྲུ་མོས་སྟོད་གཅུན། སྒལ་ཚིགས་དོང་རྩེ་བརྩེགས་པ་ལྟར་བསྲང༌། མཐོང་ཁ་རྒྱུན་དུ་ཡངས་པར་བྱ། ཨོག་སྐོས་མདུད་མནན། ལྕེ་ཡར་རྐན་ལ་གཏད་པའི་མིག་གཉིས་སྣ་རྩེའམ། ཐད་ཀའི་བར་སྣང་ལ་བལྟ་བའི་རྣམ་སྣང་ཆོས་བདུན་ལེགས་པར་བཅའ་དགོས་པས་ལུས་གནད་དེ་ལྟར་མཛད་པར་ཞུ། ཞེས་ལུས་གནད་དེ་ལྟར་འཆར་གཞུག །དེ་ནས་རླུང་གནད་ལ། སྔོན་འགྲོ་འབུད་པ་དགུ་ཕྲུགས་ནི། གཡས་ནས་གཡོན། གཡོན་ནས་གཡས། དབུས་ནས་ཐད་ཀར་གཏད་ནས་འཇམ་པོ་མིས་མི་ཚོར་བ་གསུམ། དྲག་པོ་གསུམ། གཅུད་ཅིང་འབུད་པ་གསུམ་སྟེ་དགུ་ཕྲུགས་སུ་བུས་ཤིག །ཅེས་སློབ་དཔོན་གྱིས་བསླབ་ལ་རླུང་རོ་འབུད། དངོས་གཞི་སྦྱོར་བ་བཞི་ལྡན་ལ། །རྔུབ་དང་དགང་དང་གཞིལ་བ་དང༌། །འཕང་བར་བྱ་དང་རྣམ་པ་བཞི། །ཞེས་པའི་དོན་ནི། ཕྱིའི་སོར་བཅུ་དྲུག་ཙམ་གྱི་ཐད་ནས་སྒྲ་མེད་དུ་སྣ་གཉིས་ཀྱི་ནང་དུ་གཞུག་པ་རྔུབ་པ། དེ་ལྟེ་འོག་ཏུ་མནན། འོག་རླུང་ཅུང་ཟད་འཐེན་ནས་ཁ་སྦྱོར་དུ་འཛིན་པ་དགང་བ་དང༌། མི་ཐུབ་ལ་ཁད་པ་དང་རྔུབ་ཆུང་བྱས༑ གཡས་བཅག །གཡོན་བཅག །ཆ་མཉམ་དུ་བཅག་པ་གཞིལ་བ། དེ་ནས་མི་ཐུབ་ལ་ཁད་པ་དང་སྣ་གཉིས་ནས་དང་པོ་དང་མཇུག་ཏུ་ཤེད་ཆུང་ཞིང༌། བར་དུ་ཤུགས་ཆེ་བར་དབྱུང་བ་མདའ་ལྟར་འཕང་བ་སྟེ་སྦྱོར་བ་བཞི་ལྡན་གྱི་སྒོ་ནས་རླུང་ཁུག་པ་བཅུ་རེ་འཛིན་པར་ཞུ། ཞེས་སློབ་དཔོན་དང་ལྷན་ཅིག་འཛིན། དེ་ནས་དམིགས་པའི་གནད་ནི། ཁྱེད་རང་རྣམས་ཀྱི་སྤྱི་བོར་རྩ་བརྒྱུད་ཀྱི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པའི་མོས་པས་གདུང་ཤུགས་དྲག་པོས་གསོལ་འདེབས་འདི་བཞིན་ལྷན་ཅིག་ཏུ་གསུང་བར་ཞུ། འཁོར་ལོ་སྡོམ་པ་དཔལ་ལྡན་ཤ་ཝ་རི། །རས་ཆུང་པ་དང་འཇམ་དབྱངས་ཆོས་ཀྱི་གྲགས། །ཙཎྜ་ལཱི་དང་མི་ཕམ་པདྨ་དཀར། །ཆོས་ཀྱི་མགོན་པོ་ངག་དབང་བཟང་པོའི་ཞབས། །མི་ཕམ་བློ་གྲོས་ཀུན་དགའ་ལྷུན་གྲུབ་དང༌། །ཆོས་ཀྱི་དབང་ཕྱུག་དགེ་ལེགས་བཞད་པའི་ཞབས། །འཇམ་མགོན་དགྱེས་པ་འཇམ་དཔལ་དཔའ་བོ་དང༌། །ཆོས་ཀྱི་སྣང་བ་ཡེ་ཤེས་གྲུབ་པ་ལ། །གསོལ་བ་འདེབས་སོ་རྩ་རླུང་བྱིན་གྱིས་རློབས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ཕུང་པོ་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས། །ལན་བཅུ་བརྗོད། དེ་ལྟར་གསོལ་བ་བཏབ་པས་འཁོར་ལོ་སྡོམ་པ་ནས་བཟུང་བརྒྱུད་པའི་བླ་མ་རྣམས་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་སོ་སོར་ཐིམ་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ཀྱི་ངོས་ནས། གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་ཅུང་ཟད་མཉམ་པར་འཇོག་པ་ཞུ། དེས་གཏུམ་མོའི་མེ་དབང་དུ་གྲགས་པའི་བྱིན་རླབས་ལེགས་པར་ཐོབ་པ་ཡིན་པས། དབང་དུས་སུ་ཐོབ་པའི་དམ་ཚིག་རྣམས་མ་ཉམས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང༌། གཏོང་རག་གི་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་གྱེས་སོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། ཚོགས་ཀྱི་ཡོ་བྱད་རྣམས་བརྡའི་འབུལ་ལེན་བྱས་ལ་ནང་གི་སྲེགས་བླུགས་ཀྱི་ལོངས་སྤྱད་ནས་ལྷག་མ་ལོགས་སུ་བཞག །གཏོར་མ་འབུལ་བ་ནི། ཆུ་ཆང་ནང་མཆོད་བྲན་ལ་བསང་སྦྱང༌། བདུད་རྩི་ལྟར་བྱིན་རླབས་བྱ། མདུན་གྱི་ནམ་མཁར་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་ཏེ་དུར་ཁྲོད་བརྒྱད་དང་བཅས་པ་སྐད་ཅིག་གིས་གསལ་བར་གྱུར། འབར་བའི་ཕྱག་རྒྱ་ལྟ་སྟངས་བཅས། ཕེཾ་ཕེཾ་བརྗོད། དེ་ནས་རོལ་མོ་དང་བཅས་པས། ཤྲཱི་བཛྲ་ཧེ་རུ་ཀ་ཨཱ་ཀརྡྷ་ཡ་ཨཱ་ཀརྡྷ་ཡ། པྲ་ཝེ་ཤ་ཡ་པྲ་ཝེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ཧྲ་ད་ཡ། ཨ་པ་ཏོ་ཥ་ཡ། ཛཿ ཧཱུྃ་བྃ་ཧོཿ ༀ་ཨཱཿ ཧཱུྃ། སརྦ་བཱི་ར་ཡོ་གི་ནི་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་ལན་གསུམ་དང༌། ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་དཔའ་བོ་དང༌། རྣལ་འབྱོར་མ་ཐམས་ཅད་སྤྱན་དྲངས་ཏེ་སྤྲིན་གཏིབས་པ་བཞིན་མདུན་གྱི་ནམ་མཁར་བྱོན་པར་བསམ་ལ། པད་སྐོར་བྱེད་ཅིང་ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་གི་མཐར། ༀ་བཛྲ་ཨཱ་རལླི་ཧོཿ ཛཿ ཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟཱཾ། དྲྀ་ཤྱ་ཧོཿ རྒྱས་པར་འཁོར་སྔགས་རྣམས་ལ་སྔགས་བཏགས་པ་བརྗོད། བསྡུ་ན་སྔ་མས་ཆོག །མཐར་འཁྱུད་རྒྱ་དང་བཅས་དཀྱིལ་འཁོར་གྱི་ལྷ་གཙོ་འཁོར་དཔག་ཏུ་མེད་པ་བྱོན་ནས་ལྷ་སོ་སོ་ལ་ཐིམ་པར་བསམ། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་སྦུ་གུ་ཅན་དུ་གྱུར་པར་གཏོར་མ་གསོལ་བར་བསམ་ལ། གཙོ་བོའི་སྙིང་པོ་ནས་གཤིན་རྗེ་འཇོམས་མའི་བར་གྱི་སྔགས་ལན་གསུམ་གྱིས་འབུལ། ཤེས་ན་ཕྲེང་སྔགས་ཀྱང་བརྗོད། གཏོར་མའི་སྟེང་རིམ་ནས་བདུད་རྩི་མྱང་བའི་ཚུལ་གྱིས་གསོལ་བས་ཟག་པ་མེད་པའི་བདེ་བ་དང་ལྡན་པར་བསམ་ལ། དེ་ནས། ༀ། དུར་ཁྲོད་དང་ནི་ཤིང་གཅིག་དང༌། །རི་བོ་དང་ནི་རི་སུལ་ཕུག །གྲོང་དང་གཞི་མདོ་ཞིང་དང་ནི། །ཁྱད་པར་དུ་ནི་ཁྱིམ་སྟོང་དང༌། །སེམས་ཅན་སྣོད་དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷ་སྦྱིན་མཉམ་དུ་བསྟེན་པ་དང༌། །ནག་པོ་གཙིགས་དང་མི་སྡུག་དང༌། །རྒ་ལས་འདས་དང་ལོག་འདྲེན་དང༌། །རྒན་བྱེད་མ་དང་དྲག་མོ་དང༌། །འཇིགས་བྱེད་མ་དང་ཨུ་མ་དང༌༑ ༑རྒྱལ་དང་རྣམ་པར་རྒྱལ་མ་དང༌། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲེག་ཏུ་སྡང་དང་འཕྱང་བ་མོ། །འཕྲོག་བྱེད་མ་དང་མར་མེ་མ། །འཇིགས་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མ། །ཐོད་ཕྲེང་ཕྲེང་དང་ཁ་ཊྭཱཾ་ག །སྦྲུལ་ཆེན་རལ་གྲི་དགྲ་སྟྭ་ཅན། །རྡོ་རྗེ་དེ་ནི་གཞུ་ཅན་མ། །དེ་ཉིད་ཆེན་མོའི་མཁའ་འགྲོ་ལྔ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་མོ། །རྡུལ་མེད་རྣལ་འབྱོར་སྦྱིན་པ་མོ། །རྡོ་རྗེ་དབང་མོའི་བཀའ་འདི་ཡིས། །ཐམས་ཅད་མ་ལུས་འདིར་འདུས་ཤིག །བཅོམ་ལྡན་འཁོར་ལོ་བདེ་མཆོག་ལ། །དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར། །རྒྱལ་ཆེན་བཞི་པོ་འཁོར་དང་བཅས། །ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས། །ལྷ་ཆེན་བརྒྱད་པོ༴ ཀླུ་ཆེན་བརྒྱད་པོ༴ གཟའ་ཆེན་བརྒྱད་པོ༴ རྒྱུ་སྐར་ཉེར་བརྒྱད༴ དེ་ལ་སོགས་ཏེ་མཁའ་འགྲོའི་ཚོགས། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས༴ གནོད་སྦྱིན་ཚོགས་རྣམས༴ སྲིན་པོའི༴ ཤ་ཟའི༴ སྨྱོ་བྱེད༴ རྗེད་བྱེད༴ མ་ལུས་ཇི་སྙེད་ཡོད་པ་ཀུན། །ཐམས་ཅད་མ་ལུས་འདིར་འདུས་ཤིག །ཅེས་པས་སྤྱན་དྲངས་ལ། ༀ་བཛྲ་ཨཱ་རལླི་ཧོཿ ཛཿ ཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲི་ཤྱ་ཧོཿ ཞེས་འཁྱུད་པའི་ཕྱག་རྒྱ་དང་བཅས་དུར་ཁྲོད་བརྒྱད་ན་གནས་པ་རྣམས་ལ་བསྟིམ་ལ། དེ་ནས་མགྲོན་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྦུ་གུ་ཅན་གྱིས་གཏོར་མ་གསོལ་བར་བསམ་ཞིང༌། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཀྵ་ས་བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨཱ་ད། ཨ་པསྨཱ་ར། བཛྲ་ཌཱ་ཀ །ཌཱ་ཀི་ནྱ་ད་ཡ། ཨི་དམ་བ་ལ་གྲྀཧྞ་ཏུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐེ་བྃ། ཡ་ཐེཾ། བྷུཉྫ་ཐ། པི་ཝ་ཐ། ཛི་གྷྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀ་ར་ཏ་ཡ། སཏྶུ་ཁཾ། བི་ཤུདྡྷ་ཡེ། ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་བས་ཚིམས་པར་བསམ། དེ་ནས། ༀ་ཨཱཿ བཛྲ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དྷུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་ཝི་དྱ༴ ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། རྣམ་ལྔ་རོལ་མོ་དང་བཅས་པས་མཆོད། ཧཱུྃ། བཅོམ་ལྡན་མགོན་པོ་དཔའ་བོ་ཆེན་པོ་ནི། །བསྐལ་པའི་མེ་ཆེན་ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་རྒྱན་དུ་བཅིངས། །མཆེ་བ་རབ་གཙིགས་དྲག་ཤུལ་འཇིགས་པའི་གཟུགས། །སྐུ་ལ་ཕྱག་སྟོང་གཟི་བརྗིད་ལྡན་པ་པོ། །དགྲ་སྟྭ་ཞགས་པ་ཁ་ཊྭཱཾ་མདུང་བསྣམས་ཤིང༌། །རབ་འཇིགས་སྟག་གི་པགས་པ་གོས་སུ་གྱོན། །སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད། །ཧཱུྃ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང༌། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བྱེད་ལས་རྒྱལ་ཞིང༌། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །རྨུགས་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང༌། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་ཁྱོད་ལ་འདུད། །ཞེས་བརྗོད། སྲིད་དང་ཞི་ལ་ཆགས་རྣམས་ཀུན་ཏུ་རྟོག་པའི་རླབས་བཅོམ་ཞིང༌། །ཁྱོད་ནི་དངོས་ཀུན་རང་བཞིན་མཁའ་ལྟར་གཟིགས་པ་ཉིད་གྱུར་ཀྱང༌། །སྙིང་རྗེ་ལྕི་བའི་ཆུ་ཡིས་རབ་རྒྱས་ཐུགས་ཀྱི་མཚོ་ལྡན་མགོན། །ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ། །ཞེས་གསོལ་བ་གདབ་བོ། །ༀ་ཤྲཱི་ཧེ་རུ་ཀ་ས་མ་ཡ་སོགས། ཞེས་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས། དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དེ་བཞིན་ཕ་རོལ་ཚོགས་འཇོམས་ཤིང༌། །དགྲ་རྣམས་ཐམས་ཅད་ཕམ་པར་མཛོད། །མཆོད་སྦྱིན་འདི་ཡི་མཐུ་སྟོབས་ཀྱིས། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །ཞེས་ཕྲིན་ལས་བཅོལ། སེམས་ཅན་ཐམས་ཅད་སྡིག་མེད་ཅིང༌། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སངས་རྒྱས་ཉིད་དང་འཕྲད་གྱུར་པའི། །ལམ་དེ་ཉིད་ལ་ཞུགས་ནས་ཀྱང༌། །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བ་དང༌། །རྣལ་འབྱོར་གཙུག་ལག་དམ་ཚིག་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ཞེས་སྨོན་ལམ་གདབ་པར་བྱས་ལ། གཏོར་མགྲོན་ཡེ་ཤེས་པ་རྣམས་བདག་ཉིད་ལ་ཐིམ་ཞིང༌། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་བསམ་མོ། །དེ་ནས་སྤྲོ་ན་ཆོས་སྲུང་གཏོར་འབུལ་ཀྱང་བྱ། དེ་ནས་ལྷག་གཏོར་ལ་མྱོས་བྱེད་ཀྱི་ཁ་ཕྲུ་གདབ་ལ་ཧཱུྃ་བརྗོད། འབར་བའི་རྒྱ་དང༌། ཕེཾ། ཞེས་པས་མགྲོན་དགུག་སྟེ། ལྷག་མ་ལ་དབང་བའི་མཁའ་འགྲོ་རྣམས་དང༌། འབྱུང་པོ་ཐམས་ཅད་མདུན་དུ་སྤྱན་དྲངས། ༀ་ཨཱཿ ཧཱུྃ་གིས་སྣོད་ཐོད་པ་དང་བཅུད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ། ཨ་ཀཱ་རོའམ། ༀ་སརྦ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪི་བ་ལིཾ་ཨུཙྪི་བྷཀྵེ་བྷྱཿ སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་བརྗོད་པས་ཚིམ་པར་བསམས་ལ་ལྷག་གཏོར་ཕྱི་རོལ་དུ་བསྐྱལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྨོན་ལམ་རྒྱ་ཆེར་གདབ། དེ་ནས་དཀྱིལ་འཁོར་བསྡུ་བ་ནི། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །གྲུབ་པར་སྩལ་ལམ་བྱོན་པ་བཞིན། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་པར་ཞུ། །རྫོགས་སངས་རྒྱས་དང་ལྷ་རྣམས་དང༌། །དེ་སྲས་རྣམས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་རྣམས་ཆོ་ག་འདིའི། །མ་ཚངས་པ་དག་བཟོད་པར་གསོལ། །ཞི་དང་བཀྲ་ཤིས་བདེ་ལེགས་ཤོག །ཡོན་བདག་དོན་ཁྱེད་བྱས་ནས་སུ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛོད་ཅིག་མུཿ གཙོ་བོ་ནུས་པ་མ་མཆིས་ཤིང༌། །མ་འཚལ་བ་དང་མ་རྙེད་དང༌། །མ་ཚངས་པ་དང་ལྷག་གྱུར་པ། །བྱས་པ་དེ་མི་བཟོད་པར་གསོལ། །གསང་སྔགས་ཉམས་དང་བྱ་བ་རྣམས། །ཆོ་ག་ཉམས་པར་གྱུར་པ་གང༌། །དེ་ནི་ལྷ་མོས་བཟོད་པར་གསོལ། །མངའ་བདག་མ་ཡིས་གནང་བ་ཞུ། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ༑ ༑བདེན་པ་དེ་ཡིས་ལྷ་མོ་དེ་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་བརྗོད་དེ་རང་བཞིན་གྱི་གནས་སུ་གཤེགས་ལ་ནོངས་པ་བཟོད་པར་གསོལ། བདག་བསྐྱེད་བསྡུ་བ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་བརྟན་པ་དང་གཡོ་བ་ཐམས་ཅད་འོད་དུ་ཞུ་ནས་དུར་ཁྲོད་བརྒྱད་ལ་ཐིམ། དེ་གཞལ་ཡས་ཁང་ལ། དེ་གདན་ལ། དེ་ལྷ་སོ་སོ་ལ། ལྷ་སྒོ་མ་བཞི་ཕྱོགས་མ་བཞི་ལ། མཚམས་མ་བཞི་ཐོད་པ་བཞི་ལ། ཕྱོགས་མ་བཞི་གཙོ་བོའི་ཞལ་བཞི་ལ། ཐོད་པ་བཞི་གཙོ་བོའི་ཐུགས་ཀར་ཐིམ་ཞིང༌། བདག་ཉིད་བཅོམ་ལྡན་འདས་ཡབ་ཡུམ་དུ་གསལ་བའི་སྙིང་ཁར་རྡོ་རྗེ་སེམས་དཔའི་ངོ་བོ་ༀ་ཧ་དཀར་པོ། དཔྲལ་བར་རྣམ་སྣང་གི་ངོ་བོ་ན་མ་ཧེ་སེར་པོ༑ ཚོགས་མར་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་སྭཱ་ཧཱ་ཧུ་དམར་པོ། ཕྲག་གོང་གཉིས་སུ་ཧེ་རུ་ཀའི་ངོ་བོ་བཽ་ཥཊ་ཧེ་ནག་པོ། སྤྱན་གསུམ་ལ་འོད་དཔག་མེད་ཀྱི་ངོ་བོ་ཧཱུྃ་ཧཱུྃ་ཧོ་མཐིང་ག །ཡན་ལག་ཐམས་ཅད་ལ་རྟ་མཆོག་གི་ངོ་བོ་ཕཊ་ཧཾ་ལྗང་ཁུ། ཡུམ་གྱི་ལྟེ་བར་ཕག་མོའི་ངོ་བོ་ༀ་བྃ་དམར་མོ། སྙིང་གར་གཤིན་རྗེ་མའི་ངོ་བོ་ཧྃ་ཡྃ་སྔོན་མོ། ཁར་རྨོངས་བྱེད་མའི་ངོ་བོ་ཧྲཱ་མྃ་དཀར་མོ། དཔྲལ་བར་སྐྱོད་བྱེད་མའི་ངོ་བོ་ཧྲ་ཧྲ་སེར་མོ། སྤྱི་གཙུག་ཏུ་སྐྲག་བྱེད་མའི་ངོ་བོ་ཧཱུྃ་ཧཱུྃ་ལྗང་ཁུ། ཡན་ལག་ཐམས་ཅད་ལ་ཙཎྜི་ཀའི་ངོ་བོ་ཕཊ་ཕཊ་དུད་ཁ། སྤྱི་བོར་བླ་མ་མི་བསྐྱོད་པའི་གཟུགས་ཅན་གྱིས་དབུ་བརྒྱན་པའི་བདག་ཉིད་ཅན་ནོ། །དེ་ནས་སྤྱོད་ལམ་བརྟན་པ་ནི། ཚུལ་ཁྲིམས་ཙན་དན་ཡན་ལག་བྱུགས། །བསམ་གཏན་སྟོད་གཡོགས་ཀྱིས་དཀྲིས་པ། །བྱང་ཆུབ་ཡན་ལག་མེ་ཏོག་བཀྲམ། །ཇི་ལྟར་བདེ་བར་སྤྱོད་པར་བྱའོ། །ཞེས་དོན་ངེས་པས་ཐུན་མཚམས་ཀྱི་རྣལ་འབྱོར་ལ་འཇུག་ཅིང༌། ཤིས་བརྗོད་རྒྱས་པར་བྱས་ལ་མེ་ཏོག་གི་ཆར་དབབ་བོ། །འདིའི་འདོན་ཆོག་སྤྲོས་པ་རྒྱས་པར་འདོད་ན་རྒྱལ་དབང་འབྲུག་པ་ཡབ་སྲས་ཀྱི་གསུང་ལས་ཤེས་དགོས་ཤིང་དོན་གྱི་སྙིང་པོ་འདིར་བསྟན་ལ་མ་ཚང་མེད་དོ། །དམ་ཚིག་གཏུམ་མོས་སྙིགས་མའི་ཕུང་ཁམས་བསྲེགས། །ཡེ་ཤེས་མེ་ལྕེས་བདག་འཛིན་བུད་ཤིང་བཅོམ། །བདེ་སྟོང་མཆོག་ཏུ་མི་འགྱུར་ཕྱག་རྒྱ་ཆེའི། །དངོས་གྲུབ་ཚེ་འདིར་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་པའི་ཚུལ་འདིར་ཡིག་ཆས་ཕོངས་པར་མ་གྱུར་ཀྱང༌། སྐལ་ལྡན་ཡོངས་ལ་འཕེལ་ཞིང་རྒྱས་པའི་སྒོར་འགྱུར་བར་རེ་བའི་ལྷག་བློས་ཀུན་ནས་བསླངས་ཏེ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་གོང་མའི་གསུང་ལས་ཁྱེར་བདེ་བའི་ལག་ལེན་དུ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། །།