Page values for "Wylie:Gsung ngag rin po che lam 'bras bu dang bcas pa'i khrid yig gzhung ji lta ba bzhin du dkri ba"

Jump to navigation Jump to search

"WyliePageContent" values

2 rows are stored for this page
FieldField typeValue
TextAuthorPageAuthor Not Found
VolumeNumberInteger5
TextNumberInteger5
PageNumbersString17-28
FolioNumbersString9a3 - 14b2
TibTitleTextགསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡིག་གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བ་
TibetanContentText
FieldField typeValue
TextAuthorPage
VolumeNumberInteger
TextNumberInteger
PageNumbersString
FolioNumbersString
TibTitleText
TibetanContentText
༡༧ ༈ གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡིག་གཞུང་ཇི་ཇོ་ལྕགས་མའང་ཟེར། ལྟ་བ་བཞིན་དུ་དཀྲི་བ་བཞུགས་སོ། །རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སློབ་མ་དད་པ་དང་ལྡན་པ་བླ་མས་ཇི་སྐད་སྨྲས་པ་ཉན་པ་ཅིག་ལ་ལམ་འབྲས་བུ་དང་བཅས་པའི་གཞུང་ཤིང་རྒྱས་པའི་ཁྲིད་གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བར་འདོད་ན། ཐོག་མར་སྣང་བ་གསུམ་གྱིས་དཀྲི། དེ་ནས་གཞུང་ཐམས་ཅད་རྒྱུད་གསུམ་དུ་འདུ་བ་ཡིན་པས་རྒྱུད་གསུམ་གྱིས་དཀྲི་དེ་ལ་སྣང་བ་གསུམ་གྱིས་དཀྲི་བ་ནི། །མ་དག་པའི་སྣང་བ། ཉམས་ཀྱི་སྣང་བ། དག་པའི་སྣང་བ་གསུམ་གྱིས་དཀྲི། མ་དག་པའི་སྣང་བས་དཀྲི་བ་ལ་གསུམ། སེམས་ཅན་ལ་ཞེས་པས་སེམས་ཅན་གྱི་ཁམས་ལ་བརྟགས་པས་འཁོར་བའི་ཉེས་དམིགས་ཤེས་པས་དེ་བསྒོམ། ཉོན་མོངས་པའི་སྣང་བ་ཞེས་པས་ཉོན་མོངས་བ་དེས་ངན་སོང་བསྐྱེད་ལ། དེ་ལས་བྱུང་བ་དལ་འབྱོར་རྙེད་པར་དཀའ་བ་བསྒོམ། མ་དག་པའི་སྣང་བ་ཞེས་པས་འཁྲུལ་སྣང་དང་ལས་འབྱུང་བས་ན་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་བསྒོམ། དང་པོ་ལ་གསུམ། འཁོར་བ་ལ་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་བསྒོམ། དང་པོ་ངན་སོང་གསུམ་གྱི་སྡུག་བསྔལ་བསམ་པར་བྱ་སྟེ། སེམས་ཅན་དམྱལ་བ་ལ་གྲང་བའི་དམྱལ་བ་བརྒྱད་

༡༨ཚ་བའི་དམྱལ་བ་བརྒྱད། ཉི་ཚེ་བ་དང་ཉེ་འཁོར་བའི་སྡུག་བསྔལ་རྣམས་བསམས་ལ། དེར་སྐྱེ་བའི་ཐབས་མེད་ཅེས་ཞག་གྲངས་ཅི་རིགས་སུ་བསྒོམ་མོ། །དེ་ནས་འགྱུར་བའི་སྡུག་བསྔལ་བསམ་སྟེ། སྤྱིར་ཐུན་མོང་དུ་འགྱུར་བའི་སྡུག་བསྔལ་བསམ་པ་དང་། བྱེ་བྲག་ཏུ་མིའི་འགྱུར་བའི་སྡུག་བསྔལ་བསམ་པའོ། དང་པོ་ནི་ལྷ་ཡི་དབང་པོ་བརྒྱ་བྱིན་དུ་སྐྱེས་ཀྱང་མི་ཕན་ཏེ་སླར་སེམས་ཅན་དམྱལ་བར་སྐྱེ་བའི་སྐབས་ཀྱང་སྲིད། འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེས་ཀྱང་མི་ཕན་ཏེ་སླར་བྲན་དུ་ཡང་སྐྱེ། ཉི་མ་དང་ཟླ་བར་སྐྱེས་ཀྱང་མི་ཕན་ཏེ་མུན་པར་ཡང་འཇུག །དེ་ལ་སོགས་པ་གང་ཐོབ་ཀྱང་མི་ཕན་ཏེ་སླར་འགྱུར་བའི་སྡུག་བསྔལ་བསམ། སྒོས་མི་ལ་ལེགས་པར་བརྟགས་ཏེ། ཕྱུག་པོ་སྤྲང་པོར་འགྲོ་བའམ། ཁ་དྲག་པོ་ཁ་ཞན་པོར་སོང་བ་ལ་སོགས་པ་ཡུལ་མི་དང་ཉེ་འབྲེལ་ལ་སོགས་པ་དང་། རྒྱལ་ཁམས་ཀྱི་མི་ལ་བལྟས་ལ་སྔར་གྱི་ན་མི་འདུག་སྟེ་འགྱུར་བའི་སྡུག་བསྔལ་ངེས་ཤེས་སྐྱེས་སྐྱེས་བསྒོམ། དེ་ནས་འདུ་བྱེད་ཀྱི་སྡུག་བསྔལ་བསམ་ཏེ། བྱས་པའི་ལས་ལ་ཟིན་པ་མེད་པ་རྒས་རྒས་ཤི་ཤི་བྱས་ཀྱང་གྲབས་ལ་ཟིན་པ་མེད་པ། ཚེ་འཕོས་ཀྱང་དེ་བཞིན་དུ་བྱས་པའི་ལས་ལ་ཟིན་པ་མེད་པ་དང་། དེ་དག་ནི་སེམས་ཅན་ལ་གཅེས་པ་སྟེ། སེམས་ཅན་གྱི་འགྲོ་བ་གང་དུ་སྐྱེས་ཀྱང་སྐྱིད་མེད་པའི་བསམ་མནོ་ཐག་ཆོད་ན་ཅི་བྱས་པ་ཆོས་སུ་འགྲོ་བ་ཡིན། དེ་ནས་དལ་འབྱོར་རྙེད་པར་དཀའ་བ་བསྒོམ་པར་བྱ་སྟེ། དེ་ལ་ཡང་གསུམ། དལ་འབྱོར་རྙེད་དཀའ་བ་དང་། ཕན་འདོགས་པ་ཆེ་བ་དང་། ཐོབ་པའི་དལ་བ་ཡུན་རིང་དུ་མི་གནས་པའོ། དང་པོ་རྙེད་པ་དཀའ་བ་བསམ་པ་ནི། ལུས་མ་ཐོབ་པའི་སེམས་ཅན་བསམ་གྱིས་མི་ཁྱབ་པ་དང་། ལུས་ཐོབ་པའང་རིགས་དྲུག་གི་ལུས་བསམ་གྱིས་མི་ཁྱབ་པ་དང་། མིའི་ལུས་ལ་ཡང་དལ་འབྱོར་གྱི་མི་ལུས་ཐོབ་པ་དཀའ་བ་བསམ་མོ། །ཕན་འདོགས་པ་ཆེ་བ་ལ་ཡང་གསུམ། དལ་འབྱོར་གྱི་ལུས་འདིས་ཚེ་ཕྱི་མའི་

༡༩མཐོ་རིས་ཀྱང་སྒྲུབ་པར་ནུས་པ་དང་། ཐེག་པ་འོག་མའི་མྱ་ངན་ལས་འདས་པའང་སྒྲུབ་པར་ནུས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱང་འདིས་སྒྲུབ་པར་ནུས་པ་ཡིན་པས་ན། ཤིན་ཏུ་ཕན་འདོགས་པ་ཆེ་བར་བསམ་མོ། ཐོབ་པའི་དལ་འབྱོར་ཡུན་རིང་དུ་མི་གནས་པ་ནི། ངེས་པར་འཆི་བར་བསམ་པ་དང་། ནམ་འཆི་ཆ་མེད་པར་བསམ་པ་དང་། འཆི་བ་ལ་གཞན་ཅིས་ཀྱང་མི་ཕན་པ་བསམ་པའོ། །དང་པོ་ལ་གསུམ། ཕྱི་ནང་གི་འབྱུང་བ་འཁྲུགས་པས་འཆི། ལོག་འདྲེན་གྱི་བགེགས་འཁྲུགས་པས་འཆི། ཕོ་ལྷ་ལ་སོགས་པ་གདོན་གཞན་འཁྲུགས་པས་འཆིའོ། ནམ་འཆི་ཆ་མེད་པ་ལའང་གསུམ། ཚེ་ལ་ངེས་པ་མེད་པ་དང་། མི་མཐུན་པའི་ཕྱོགས་ཀྱི་རྐྱེན་མང་བ་དང་། མཐུན་པའི་རྐྱེན་དཀོན་པའོ། འཆི་བ་ལ་ཅིས་ཀྱང་མི་ཕན་པ་ལ་གསུམ། གློ་བུར་གྱི་རྐྱེན་མ་གཏོགས་པ་ངེས་པར་འཆི་བའི་དུས་ལ་བབ་པའི་ཚེ། རྫས་ཀྱིས་མི་བཟློག །སྔགས་ཀྱིས་མི་ཟློག །རྟེན་འབྲེལ་གྱི་མི་ཟློག་པའོ། །གསུམ་པ་ལས་ཀྱི་སྣང་བ་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་སྒོམ་པ་ལ་གསུམ། མི་དགེ་བའི་ལས་དང་། དགེ་བའི་ལས་དང་། ལུང་དུ་མ་བསྟན་པའོ། །དང་པོ་ལའང་གསུམ། མི་དགེ་བའི་ལས་བསམ། ལས་འབྲས་བསམ། དེ་སྤང་བར་བསམ་པའོ། །དང་པོ་ནི་མི་དགེ་བ་བཅུ་ལ་བསམ་མནོ་ཞིབ་ཏུ་བཏང་། །གཉིས་པ་མི་དགེ་བའི་ལས་འབྲས་བསམ་སྟེ། ངན་སོང་གསུམ་དང་། མཐོ་རིས་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་མི་དགེ་བ་ལས་འབྱུང་ངེས་སྙམ་དུ་བསམ། གསུམ་པ་དེ་སྤང་བར་བསམ་སྟེ། དེས་ན་བདག་གིས་མི་དགེ་བ་མི་བྱ་སྙམ་དུ་བསམ་མོ། དགེ་བ་ལའང་གསུམ། དགེ་བའི་ལས་བསྒོམ། ལས་འབྲས་བསམ། དེ་བསྒྲུབ་པའོ། །དང་པོ་ནི་དགེ་བ་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་བསམ་མནོ་ལེགས་པར་གཏོང་། དགེ་བའི་ལས་འབྲས་བསམ་ཏེ། མཐོ་རིས་རྣམ་པ་གསུམ་དང་། མཐོ་རིས་གསུམ་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་དགེ་བ་ལས་བྱུང་སྟེ།

༢༠སྦྱིན་པས་ལོངས་སྤྱོད་འགྲུབ་ཅེས་བྱ་བ་ལ་སོགས་པ་བསམ་མོ། །གསུམ་པ་དེ་བསྒྲུབ་པར་བསམ་སྟེ། ཡོན་ཏན་དེ་ལྟ་བུ་ཡོད་པའི་ཕྱིར་བདག་གིས་དགེ་བ་ཅི་འགྲུབ་ཏུ་བྱའོ་སྙམ་དུ་བསམ་མོ། །ལུང་དུ་མ་བསྟན་པ་ལའང་གསུམ། ལུང་དུ་མ་བསྟན་པའི་ལས་བསམ། །ལས་འབྲས་བསམ། དེ་དགེ་བར་བསྒྲུབ་པའོ། །དང་པོ་ནི་དགེ་བ་དང་མི་དགེ་བའི་བསམ་པས་མ་ཟིན་པའི་ཟས་ཟ་བ་དང་། གོས་གོན་པ་དང་། གཉིད་ལོག་པ་ལ་སོགས་པ་རྣམས་ཡིན་ནོ། །གཉིས་པ་དེའི་ལས་འབྲས་བསམ་སྟེ། དེའི་ལས་ནི་འབྲས་བུ་གང་ཡང་སྐྱེ་བར་མི་འགྱུར་རོ། །གསུམ་པ་དེ་དགེ་བར་ཁ་ལོ་བསྒྱུར་བར་བྱ་སྟེ། བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བར་བྱས་ནས་ཟས་ཟོས་པ་དང་། གཉིད་ལ་སོགས་པ་ཐམས་ཅད་དགེ་བར་ཁ་ལོ་བསྒྱུར་ནས་འགྲོ་བ་ཡིན་ནོ། །དེ་ལྟར་དེ་དག་ལ་བསམ་མནོ་ལེགས་པར་ཐག་ཆོད་ནས། །སྤྱི་དོན་གཉིས་པ། ཉམས་ཀྱི་སྣང་བ་བསྒོམ་པར་བྱ་སྟེ། དེ་ལ་གཉིས། རྣལ་འབྱོར་ལ་ཞེས་པ་ཐུན་མོང་གི་རྣལ་འབྱོར་པས། ཐུན་མོང་གི་ཉམས་ཀྱི་སྣང་བ་རྒྱུད་ལ་སྐྱེས་སྐྱེས་བསྒོམ་པ་དང་། ཐུན་མོང་མ་ཡིན་པའི་རྣལ་འབྱོར་པས་སྐྱེ་བར་འགྱུར་བའི་ཉམས་ལ་ངེས་ཤེས་སྐྱེས་སྐྱེས་བསྒོམ་པའོ། །དང་པོ་ལ་གསུམ། བྱམས་པ་བསྒོམ་པ། སྙིང་རྗེ་བསྒོམ་པ། བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དང་པོ་ལ་གསུམ། ཉེ་བ་ལ་བྱམས་པ་བསྒོམ་པ། དགྲ་ལ་བྱམས་པ་བསྒོམ་པ། དེ་ཐམས་ཅད་ལ་བསྲེ་བའོ། །དང་པོ་ནི་མ་ལ་བྱམས་པ་བསྒོམ། དེ་དང་གཉེན་བསྲེ། དེ་དང་ཐ་མལ་པ་བསྲེ་བའོ། །དེ་དག་གི་བསྒོམ་ཚུལ་ཡང་། མ་འདི་དྲིན་ཆེ་བས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསམ། གཉིས་པ་དེ་བཞིན་དུ་གཉེན་རྣམས་ཀྱིས་ཀྱང་མ་མ་བྱས་མེད་དོ། །གསུམ་པ་དགྲ་དང་ཐ་མལ་པ་རྣམས་ཀྱིས་ཀྱང་མ་མ་བྱས་པ་མེད་པས་ཐམས་ཅད་བདག་གི་མ་ཡིན་སྙམ་དུ་བསམ། སྙིང་རྗེ་བསྒོམ་པ་ལ་གསུམ། ཡུལ་སེམས་ཅན་སྡུག་བསྔལ་

༢༡གྱིས་ཉན་པ་རྣམས་ལ་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། སྡུག་བསྔལ་གྱི་རྒྱུའང་མ་རིག་པ་ལས་བྱུང་བ་ཡིན་པས་མ་རིག་པ་དང་བྲལ་བར་འདོད་པ་ཆོས་ལ་དམིགས་པའི་སྙིང་རྗེ་དང་། སེམས་ཅན་ཐམས་ཅད་ངོ་བོ་ཉིད་ཀྱིས་ཡང་དག་པར་མ་གྲུབ་པ་ཡིན་ཡང་སེམས་ཅན་ཐམས་ཅད་འཛིན་པ་དང་བཅས་པ་ལ་དམིགས་པ་མེད་པའི་སྙིང་རྗེ་བསྒོམ་པར་བྱའོ། །བྱང་ཆུབ་ཀྱི་སེམས་སྒོམ་པ་ལའང་གསུམ། སྨོན་པའི་བདག་ཉིད་ཅན་དང་། འཇུག་པའི་བདག་ཉིད་ཅན་དང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །དང་པོ་ལའང་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པ་དང་། སེམས་ཅན་ཐམས་ཅད་ཀྱང་ཐེག་པ་གསུམ་གྱི་སྒོ་ནས་མྱ་ངན་ལས་འདས་པའི་ས་ལ་བཞག་པ་དང་། རིགས་ཅན་གསུམ་ཀའང་རིམ་གྱིས་སྦྱངས་ལ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཞག་སྙམ་དུ་བསམ་མོ། །འཇུག་པ་བྱང་ཆུབ་ཀྱི་སེམས་ལའང་གསུམ། བདག་གཞན་མཉམ་པ་བསྒོམ་པ་དང་། བདག་གཞན་བརྗེ་བ་བསྒོམ་པ་དང་། དེ་དག་གི་སྤྱོད་པ་ལ་བསླབ་པའོ། །དང་པོ་ནི། བདག་སྡུག་བསྔལ་སྤོང་བར་འདོད་པ་བཞིན་སེམས་ཅན་གྱི་སྡུག་བསྔལ་ཡང་སྤང་། བདག་བདེ་བ་བསྒྲུབ་པ་བཞིན་སེམས་ཅན་ཡང་བདེ་བ་ལ་འགོད་སྙམ་པ་ལ་སོགས་པ་བསམ་པར་བྱའོ། །གཉིས་པ་བརྗེ་བ་བསྒོམ་པ་ནི། སེམས་ཅན་ཐམས་ཅད་ཀྱི་ལས་དང་མི་དགེ་བ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བདག་གི་ལུས་དང་ལོངས་སྤྱོད་དང་དགེ་བ་ཐམས་ཅད་སེམས་ལ་དབུལ་བས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག་སྙམ་དུ་བསམ། །གསུམ་པ་ནི། དེས་ན་ལུས་དང་ལོངས་སྤྱོད་དང་དགེ་བ་ཐམས་ཅད་སེམས་ཅན་ལ་ཕུལ་བར་བསམ་ཞིང་ཅི་འགྲུབ་པའི་ཚུལ་གྱིས་

༢༢བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་སློབ་པར་བྱའོ། །ཐུན་མོང་མ་ཡིན་པའི་ཉམས་ཀྱི་སྣང་བ་སྐྱེ་བར་འགྱུར་བ་ལ་ངེས་ཤེས་བསྒོམ་པ་ནི། རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ལ་ཞུགས་ནས་ཉམས་ཀྱི་སྣང་བ་བསམ་གྱི་མི་ཁྱབ་པ་ཞིག་སྐྱེ་བར་འགྱུར་ཏེ། དེ་རྣམས་ཀྱི་མཐུན་པའི་ཕྱོགས་ལ་དགའ་བ་སྐྱེ་རྒྱུའང་མེད། མི་མཐུན་པའི་ཕྱོགས་དུ་མ་བྱུང་ཡང་མི་དགའ་བ་སྐྱེ་རྒྱུའང་མེད་དེ། རང་གི་རྩ་དང་། རྩ་ཡི་གེ་དང་། ཁམས་བདུད་རྩི་དང་། སྙིང་པོ་ཡེ་ཤེས་རླུང་གི་རྟེན་འབྲེལ་སེམས་ཀྱིས་དབང་བྱས་པ་ལ་བརྟེན་ནས་ཉམས་སྣ་ཚོགས་སུ་འབྱུང་བའི་ཕྱིར་རོ། དེ་ལྟར་ཉམས་བསམ་གྱིས་མི་ཁྱབ་པའང་། བསྡུ་ན་བཅོ་ལྔར་འདུ་སྟེ། ལམ་གསུམ་དང་། དྲོད་གསུམ་དང་། རྟེན་འབྲེལ་གསུམ་དང་། ཉམས་གསུམ་དང་། ཏིང་ངེ་འཛིན་གསུམ་དུ་འདུའོ། །བཅོ་ལྔ་པོ་ཡང་ཏིང་ངེ་འཛིན་འབའ་ཞིག་ཏུ་འདུ་བ་ཡིན་ནོ་ཞེས་ཉམས་མ་སྐྱེས་པའི་གོང་ནས་ཉམས་ལ་སྤྲོས་པ་ཆོད་པར་བྱས་ལ་ལན་ཅིག་ཉམས་ནམ་སྐྱེས་པའི་ཚེ། འདི་ནི་ཉམས་ལུས་ཉམས་སོ། །འདི་ནི་སེམས་ཉམས་སོ་ཞེས་བྱ་བ་ལ་སོགས་པ་ངོ་ཤེས་པར་བྱས་ལ་བྱུང་རྒྱལ་གྱིས་བསྐྱང་བར་བྱའོ། །དག་པའི་སྣང་བ་བསྒོམ་པ་ནི། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་སོགས་པ་དྲན་པར་བྱས་ལ་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བསྒོམ་སྟེ། ལན་ཅིག་ངས་འདི་ལྟ་བུ་ཐོབ་པར་འགྱུར་བ་ཡིན་སྙམ་དུ་སྤྲོ་བ་ཁྱད་པར་ཅན་བསྒོམ་པར་བྱའོ། །སྣང་བ་གསུམ་གྱི་དཀྲི་བའི་སྐབས་བསྟན་ཟིན་ཏོ། །དེའི་རྗེས་ཁོ་ན་ལ་རྒྱུད་གསུམ་གྱིས་དཀྲི་བར་བྱ་སྟེ། དེ་ལ་གསུམ། རྒྱུ་ཆོས་ཉིད་འཁོར་བའི་གནས་ལུགས། ལམ་བསྒོམ་པའི་ཚུལ། འབྲས་བུ་སངས་རྒྱས་ཀྱི་སའོ། །དང་པོ་ནི་འདིར་མི་བཤད་དེ་མ་དག་པའི་སྣང་བར་བསྟན་ཟིན་ཏོ། །ལམ་ལ་གསུམ་སྟེ། གཞི་དམ་ཚིག་ལ་གནས་པར་བྱ་བ་དང་། གང་ཟག་

༢༣དཀྲི་བའི་ཚུལ་གང་ཡིན་པ་དང་། ངེས་ཤེས་ཁྱད་པར་ཅན་བསྐྱེད་ལ། ཏིང་ངེ་འཛིན་ངོ་ཤེས་པར་བྱ་ཞིང་། ལམ་གྱི་ས་མཚམས་རྣམ་པར་གཞག་པའོ། །དང་པོ་ནི། ལམ་ཐམས་ཅད་ཀྱི་རྩ་བ་ཡིན་ཞིང་གང་ཟག་འབྲིང་གི་ལམ་གྱི་གཙོ་བོ་ཡིན་པས་དམ་ཚིག་ཉི་ཤུ་བསྐྱང་བར་བྱ་སྟེ། དབང་དང་དམ་ཚིག་ལ་གནས་པ་ནི། ལམ་ཐམས་ཅད་ཀྱི་གཞི་ཡིན་ནོ། །དེ་ལ་གནས་པས་གང་ཟག་ཐམས་ཅད་དཀྲིར་རུང་ངོ་། །གཉིས་པ་དཀྲི་ཚུལ་ལ་གསུམ། ལྟ་བས་སྤྲོས་པ་བཅད་པའི་ཕྱིར་ཀུན་གཞི་རྒྱུ་རྒྱུད་འཁོར་འདས་དབྱེར་མེད་བསྒོམ། ལམ་གྱི་ཉམས་བསྐྱེད་པའི་ཕྱིར་ལུས་ཐབས་རྒྱུད་བསྒོམ། འབྲས་བུ་སྐུ་ལྔ་མངོན་དུ་གྱུར་པའི་ཚུལ་ལོ། །དང་པོ་ལའང་གསུམ། ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱི་སྒོ་ནས་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་མདོར་བསྟན། ཉམས་སུ་བླང་བའི་ཆོས་གསུམ་གྱི་སྒོ་ནས་རྒྱས་པར་བཤད། རྒྱུད་གསུམ་གྱི་སྒོ་ནས་ཤིན་ཏུ་རྒྱས་པར་བཤད་དོ། །དང་པོ་ནི། སློབ་མ་ཁྲིད་པའི་ཚེ་བླ་མ་ལ་གསོལ་བ་གདབ་ཅིང་མོས་གུས་དྲག་པོ་ཞག་འགའ་བྱེད་དུ་གཞུག །དེ་ནས་ངོ་འཕྲོད་པའི་ཚེ་ཆོས་ཐམས་ཅད་སེམས་སུ་འདུས་སྟེ་སེམས་ལས་མ་གཏོགས་པའི་ཆོས་གང་ཡང་མེད་དོ་ཞེས་ངེས་ཤེས་བསྐྱེད་ལ་ཐོག་མར་གསལ་བ་ངོས་གཟུང་། དེ་ནས་སྟོང་པ་ངོས་བཟུང་། དེ་ལྟ་བུའི་གསལ་བ་དང་སྟོང་པ་གཉིས་པོ་སོ་སོར་སངས་རྒྱས་ཀྱིས་ཀྱང་དབྱེར་མི་འདོད་དེ་ཟུང་འཇུག་ཡིན་ནོ་ཞེས་ངོ་སྤྲད་ལ་ངེས་ཤེས་སྐྱེས་སྐྱེས་བསྒོམ་དུ་གཞུག །སྐྱེས་ནས་ལྷན་ཅིག་སྐྱེས་པའི་ཆོས་ཉི་ཤུ་རྩ་བཞི་བསྟན་པ་སྤྲོས་པ་བཅད་ལ་སྤྲོས་པ་ཆོད་ཆོད་བསྒོམ་དུ་གཞུག །གཉིས་པ་ནི། དེ་ནས་ཆོས་ཐམས་ཅད་སེམས་སུ་བསྒྲུབ་པའི་དཔེ་བརྒྱད་ཀྱིས་ཆོས་ཐམས་ཅད་སེམས་སུ་ངེས་ཤེས་སྐྱེས་སྐྱེས་བསྒོམ་དུ་གཞུག་སྟེ། དེ་ནི་སེམས་ལས་མ་གཏོགས་པའི་ཕྱྭའམ་དབང་ཕྱུག་རྡུལ་ཕྲན་ལ་སོགས་པ་བྱེད་མཁན་གཞན་མེད་པར་སྤྲོས་པ་

༢༤གཅོད་པ་ཡིན་ནོ། །དེ་ནས་སྒྱུ་མར་བསྒྲུབ་པའི་དཔེ་བརྒྱད་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ངེས་ཤེས་སྐྱེས་སྐྱེས་བསྒོམ་དུ་གཞུག་གོ །དེ་ནི་སེམས་རང་ལ་ཡང་བདག་མེད་དེ་སེམས་ཉིད་ཀྱི་འགྱུར་བ་སྣ་ཚོགས་ཀྱི་སྟོབས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་འབྲས་བུ་སྣ་ཚོགས་སྐྱེ་བས་ན་སེམས་སུ་ཞེན་པའི་སྤྲོས་པ་གཅོད་པ་ཡིན་ནོ། །དེ་ནས་སྒྱུ་མ་རང་བཞིན་མེད་པར་བསྒྲུབ་པ་ལ་གཉིས། རྟེན་འབྲེལ་དུ་བསྒྲུབ་པ་དང་། བརྗོད་བྲལ་དུ་བསྒྲུབ་པའོ། །དང་པོ་ནི། དཔེ་བརྒྱད་ཀྱི་སྒོ་ནས་ངེས་ཤེས་སྐྱེས་སྐྱེས་སུ་བསྒོམ་སྟེ། དེ་ནི་སྒྱུ་མ་ཞེས་བྱ་བའི་རྒྱུ་རྐྱེན་རང་བཞིན་གྱིས་གྲུབ་པ་གཅིག་ཀྱང་མེད་ལ། རྒྱུ་འབྲས་བུར་འོང་བའང་མེད་ཅིང་། རྒྱུ་ལ་མ་བརྟེན་པར་འབྲས་བུར་འབྱུང་བའང་མེད་པས་ན་འགྲོ་འོང་མེད་ཅིང་སྐྱེ་འགག་མེད་པར་སྒྲུབ་པའི་དགོས་པ་ཡིན་ནོ། །དེ་ནས་བརྗོད་བྲལ་དུ་བསྒྲུབ་པའི་དཔེ་བརྒྱད་ཀྱི་སྒོ་ནས་བརྗོད་བྲལ་དུ་ངེས་ཤེས་སྐྱེས་སྐྱེས་བསྒོམ་སྟེ། དེའང་བརྗོད་བྲལ་ཉམས་སུ་མྱོང་ཡང་འདི་ལྟ་བུ་གཅིག་ཡིན་ནོ་ཞེས་ཡོད་པ་དང་མེད་པའི་སྒོ་ནས་བརྗོད་དུ་ཡང་མི་གཏུབ་ལ། བརྗོད་བྲལ་ཉིད་ལ་ཞེན་པ་མེད་པའི་ཉམས་སྐྱེས་སྐྱེས་སུ་དཔེའི་གཙོ་བོ་བཞི་བཏུས་ལ་རེ་རེའི་སྟེང་དུའང་ཆོས་བཞི་བཞི་གཏན་ལ་དབབ་པ་དང་། གཙོ་བོ་གཅིག་བཏུས་ལ་དེའི་སྟེང་དུ་ཆོས་ཐམས་ཅད་གཏན་ལ་ཕབ་ལ་ངེས་ཤེས་སྐྱེས་སྐྱེས་བསྒོམ་པར་བྱའོ། །གསུམ་པ་ནི། དེ་ནས་རྒྱུད་གསུམ་གྱི་སྒོ་ནས་རྒྱས་པར་བཤད་པ་ལ་གསུམ། ཀུན་གཞི་རྒྱུ་རྒྱུད་དང་། ལམ་ཐབས་རྒྱུད་དང་། འབྲས་བུའོ། །དང་པོ་ནི་ཆོས་བདུན་གྱི་སྒོ་ནས་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་ཚང་བའི་ངེས་ཤེས་བསྐྱེད་ལ་བསྒོམ་པར་བྱའོ། །དེ་ནས་ལམ་ཐབས་རྒྱུད་ལ་གསུམ་ལས། དབང་ལ་ངེས་ཤེས་བསྐྱེད་པ་དང་། ལམ་ལ་ངེས་ཤེས་བསྐྱེད་པ་དང་། ཉམས་ལ་ངེས་ཤེས་བསྐྱེད་པའོ། །དང་པོ་ལ་གསུམ། དཀྱིལ་འཁོར་ལ་འཁོར་འདས་བསྲེ་བ། དབང་ལ་འཁོར་འདས་བསྲེ་བ། དབང་གི་ཡེ་ཤེས་ལ་

༢༥འཁོར་འདས་བསྲེ་བ་བསྒོམ། དེ་ནས་ལམ་ལ་འཁོར་འདས་བསྲེ་བ། དབང་བཞིའི་ལམ་སོ་སོ་ལ་འཁོར་འདས་བསྲེས་ལ་ངེས་ཤེས་བསྐྱེད། དེ་ནས་ཉམས་ཀྱི་སྣང་བ་ལ་འཁོར་འདས་བསྲེ་སྟེ། མ་དག་པའི་ཉམས་ཀྱི་སྣང་བ་ལ་བརྟེན་ནས་ལས་རྒྱུ་འབྲས་ལ་ངེས་ཤེས་ཁྱད་པར་ཅན་བསྒོམ། ལམ་ཉམས་ཀྱི་སྣང་བ་ལ་བརྟེན་ནས་ལམ་ཐམས་ཅད་ཐེག་པ་གཅིག་ཏུ་བསྒྲུབ། འབྲས་བུའི་ཉམས་ཀྱི་སྣང་བ་ལ་བརྟེན་ནས་འབྲས་བུ་སངས་རྒྱས་ལ་མོས་གུས་བསྐྱེད། དེ་ནས་གནས་འགྱུར་དང་ལྷུན་གྲུབ་མི་འགལ་བའི་སྒོ་ནས་འབྲས་བུ་འཁོར་འདས་དབྱེར་མེད་ལ་ངེས་ཤེས་བསྒོམ་པར་བྱའོ། དེ་ལྟར་དེ་དག་ལ་ངེས་ཤེས་སྐྱེས་ནས་ཐོས་བསམ་གྱི་ལྟ་བ་མཐར་ཕྱིན་ཅིང་སྒོམ་བྱུང་གི་ཡེ་ཤེས་ཅུང་ཟད་སྐྱེས་པ་ཞེས་བྱ་བ་ཡིན་ནོ། །ཀུན་གཞི་རྒྱུ་རྒྱུད་ཀྱི་ཁྲིད་བསྟན་ཟིན་ཏོ། །གཉིས་པ་ལམ་གྱི་ཡེ་ཤེས་བསྐྱེད་པའི་ཕྱིར་ལུས་ཐབས་རྒྱུད་བསྒོམ་པ་ནི། དེ་ནས་སྒྲུབ་པ་ལ་འཇུག་པའི་སྔོན་དུ་བླ་མ་ལ་ལམ་དུས་ཀྱི་དབང་བླང་ཏེ་དམ་ཚིག་གསོ། བླ་མ་མི་བཞུགས་ན་བདག་ཉིད་ཀྱིས་སྒྲུབས་པའི་དཀྱིལ་འཁོར་བྲིས་ལ་བདག་འཇུག་རྒྱས་པར་བྱ། མི་མཐུན་པའི་རྐྱེན་སྤངས་ནས་མཐུན་པའི་ཆས་འགྲིགས་པའི་ཚེ་སྒྲུབ་པ་ལ་འཇུག་སྟེ། དེའང་བསྐྱེད་པའི་རིམ་པའི་ལམ་ལ་བརྟེན་ནས་བསྙེན་པ་བཞི་འབུམ་ལ་སོགས་པ་ཅི་འགྲུབ་པ་བཟླ། དེའི་བཅུ་ཆ་ཞི་བའི་སྦྱིན་སྲེག་བྱ། དེ་ནས་བསྐྱེད་པའི་རིམ་པ་ལ་བརྟེན་ནས་སེམས་གཟུང་བར་བྱ་སྟེ་ལྷའི་སྤྱན་སྒོམ། གསལ་ན་གསལ་ཏེ་འཕྲོ་བཅད། མི་གསལ་ན་མི་གསལ་ཏེ་འཕྲོ་བཅད། ཅེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སེམས་གཟུང་ཞིང་ལམ་སྦྱང་། ནང་ནས་སྐྱེས་པའི་ལྟ་བ་ངོ་བོ་ཉིད་བསྐྱང་སྟེ་སྣང་བ་དཀྱིལ་འཁོར་དུ་གསལ་བར་འདོད་ན་གསལ་བར་འགྱུར་བའི་བར་དུ་བསྐྱང་ངོ་། །དེ་ནས་ཡང་གྲུབ་ན་བླ་མ་ལས་དབང་བླང་། མ་གྲུབ་ན་བདག་འཇུག་བྱ། དེའང་མ་གྲུབ་ན་མཎྜལ་དང་ཡི་གེ་བརྒྱ་པ་ལ་བརྟེན་ནས་མཐུན་པའི་རྐྱེན་ཚོགས་བསགས་པ་དང་། འགལ་རྐྱེན་སྒྲིབ་པ་སྦྱངས་ལ། ལུས་སྦྱང་རྒྱས་བསྡུས་ཅི་འགྲུབ་པས་ལུས་སྦྱང་འབྱོངས་འབྱོངས་སྦྱང་སྟེ། རེ་ཞིག་འབྱོངས་པའི་ཚད་ནི་དཀའ་ལས་མེད་ཅིང་ན་ཚ་མེད་ལ་ལུས་བདེ་ཞིང་ཡང་བ་ཡིན་ནོ། །ཁ་ཅིག་ལ་སྐབས་དེར་ཏིང་ངེ་འཛིན་

༢༦ཤུགས་ཀྱིས་སྐྱེ་བའང་སྲིད་དོ། །གང་ལྟར་ཡང་ལུས་སྦྱོང་ཡུན་རིང་དུ་སྦྱངས་ནས་ཏིང་ངེ་འཛིན་ཡུན་རིང་དུ་སྐྱེ་ཞིང་བར་ཆད་མི་འབྱུང་བ་ཡིན་ནོ། དེ་ནས་རླུང་གི་སྦྱོར་བ་བདུན་བསྒོམ། ཁ་སྦྱར་དུ་སླེབས་པ་དང་གཏུམ་མོའ་དམིགས་པ་བཅོ་རྒྱད། སྤེལ་ཞིང་བསྒོམ། འདི་རྣམས་ཀྱི་སྐབས་སུ་བོགས་འབྱིན་རྣམ་པ་བརྒྱད་ཀྱིས་བོགས་དབྱུང་བ་དང་། གདམས་ངག་དྲུག་གིས་ནད་ཀྱང་འདི་དག་གི་སྐབས་སུ་དགོས་པ་ཡིན་ནོ། །དེ་ལྟར་གཏུམ་མོའ་གདམས་ངག་གིས་ལམ་སྦྱང་ཞིང་ལྟ་བ་རང་བྱུང་གི་ཡེ་ཤེས་རྙེད་རྙེད་དུ་བསྒོམ་མོ། །འདིས་ཁམས་འདུས་པ་དང་པོར་འགྲོ་སྟེ། བསྲུང་བ་སུམ་ཅུ་དང་གེགས་སེལ་རྣམས་ཀྱང་ལྷུས་ཆེ་བར་འདི་དག་གི་སྐབས་སུ་དགོས་པ་ཡིན་ནོ། །དེ་ནས་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དབང་གསུམ་པའི་ལམ་བསྒོམ་སྟེ། འདིས་ཁམས་འདུས་པ་བར་པ་ཐིག་ལེ་བདེ་སྟོང་ཉམས་ཀྱི་ལམ་ཁྲིད་པ་ཡིན་ནོ། །དེ་ནས་དབང་བཞི་པ་རྡོ་རྗེའི་རྦ་རླབས་བསྒོམ་སྟེ། འདིས་ཁམས་འདུས་པ་ཐ་མ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པ་ཡིན་ནོ། དེས་ན་འདི་དག་ནི་གང་ཟག་བློ་ཐ་མ་རིམ་གྱིས་དཀྲི་བ་ལ་དགོངས་པ་ཡིན་གྱི། ཁ་ཅིག་ལ་སྣང་བ་གསུམ་གྱིས་ཁྲིད་བོར་ཏེ་ལྟ་བ་ནས་སྐྱོང་བ་ཡང་ཡོད་དོ། །འདི་མན་ཆད་གང་ལྟར་ཡང་ལྟ་བ་ལ་ངེས་ཤེས་སྐྱེས་ནས་ནས་ནི་སྒོམ་དུ་ཅིས་ཀྱང་འཇུག་ལ། དེ་མན་ཆད་གང་ཟག་གི་རིགས་ལ་ངེས་པ་མེད་དེ། ཁ་ཅིག་བསྐྱེད་རིམ་ཁོ་ན་ནས་བསྐྱང་བ་ཡང་ཡོད་མོད་ཀྱི། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་འདི་ཉིད་ཀྱི་བཞེད་པ་ནི་བསྐྱེད་པའི་རིམ་པའི་དམིགས་པ་ཅུང་ཟད་ཅིག་བརྟན་པར་བྱས་ནས་ལུས་སྦྱོང་དང་རླུང་ཁོ་ན་གཙོ་བོར་བྱེད་པ་ཡིན་ནོ། །རླུང་དང་གཏུམ་མོའ་དམིགས་པ་རྣམས་ལ་ཏིང་ངེ་འཛིན་གྱི་རྒྱུའམ་ལམ་ཞེས་བྱ་བ་ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ཏིང་ངེ་འཛིན་ཉིད་ཅེས་བྱ་བས་ན་དེ་ནམ་སྐྱེས་པ་དང་བསྐྱང་བ་ཡིན་ནོ། །སྔར་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ལྟ་བ་དེ་ནི་སྐྱོན་ཅན་ཡིན་ལ། འདི་ནི་ལྟ་བ་སྐྱོན་མེད་དམ་དཔེའི་ཡེ་ཤེས་ཞེས་བྱ་བའམ།

༢༧ལམ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ནོ། །དེས་ན་རྒྱུ་མི་དབང་འབྲས་བུ་མི་འབྱུང་བས། རྩ་རླུང་གང་གཏུམ་མོའ་དམིགས་པ་ལ་བརྟེན་ནས་ལྟ་བ་རང་བྱུང་གི་ཡེ་ཤེས་ལམ་ཕྱག་རྒྱ་ཆེན་པོར་སྐྱེ་བར་འགྱུར་པས་ན་རྒྱུ་ལ་ནན་ཏན་བྱའོ། །ཡང་གང་ཟག་གི་རིགས་ཁ་ཅིག་སྔར་བསྟན་པའི་ཁྲིད་ཐམས་ཅད་ལོ་གཅིག་ཙམ་གྱིས་སྦྱངས་ནས་ངག་འདྲེན་པ་ཞི་པའང་ལོ་གཅིག་ཙམ་སྦྱང་། དེ་ནས་ངག་དྲག་པོ་རླུང་ཁ་སྦྱར་ལ་བརྟེན་ནས་ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་འབའ་ཞིག་བསྒོམ་པའང་ཡོད་དེ། །འདི་ནི་བརྩོན་འགྲུས་མཆོག་གི་འཇུག་པ་ཞེས་བྱ་བ་ཡིན་ནོ། །གང་ཟག་དཀྲི་བའི་ཚུལ་བསྟན་ཟིན་ཏོ། །གསུམ་པ་ངེས་ཤེས་ཁྱད་པར་ཅན་བསྐྱེད་ལ་ཏིང་ངེ་འཛིན་ངོ་ཤེས་པར་བྱ་ཞིང་ལམ་གྱི་ས་མཚམས་རྣམ་པར་བཞག་པ་ལ་གསུམ། ཚད་མ་བཞི་དང་སྙན་བརྒྱུད་བཞིས་ངེས་ཤེས་བསྐྱེད་པ་དང་། ཏིང་ངེ་འཛིན་ངོ་ཤེས་ཤིང་ས་མཚམས་བཞག་པ་དང་། འཁོར་ལོ་བསྐོར་བ་གྲུབ་པའི་རྟགས་དང་བཅས་པའོ། །གཉིས་པ་ནི། ཁམས་འདུས་པ་དང་པོ་དང་བར་པ་དང་ཐ་མའོ། །འཁོར་ལོ་བསྐོར་བ་ལ་བཞི། གྲུབ་མཐའ་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པའོ། །དེ་དག་གིས་ནི་སྔར་གང་ཟག་དཀྲི་བའི་ཚུལ་བསྟན་པའི་གང་ཟག་གི་གནས་སྐབས་གང་དུ་སླེབ་ཅེས་བརྟགས་ཤིང་དཀྲི་དགོས་པ་ཡིན་ནོ། །ལམ་ཁྲིད་ཚུལ་བསྟན་ཟིན་ཏོ། །འབྲས་བུ་སྐུ་ལྔ་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ནི་འབྲས་བུ་འཆད་པའི་སྐབས་ཉིད་དུ་རྟོགས་པར་བྱ་བས་ན་འདིར་བཤད་མི་དགོས་སོ། །གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བའི་གཞུང་ཤིང་སྔར་ཡི་གེར་བྲིས་པ་མེད་ཀྱང་རང་གི་སློབ་མ་དད་གུས་ལྡན་ཞིང་མོན་བོད་ཀྱི་མཚམས་ནས་དཀའ་བ་ཆེར་བྱས་ནས་འོངས་པ་རིགས་བརྒྱུད་དང་ལྡན་པའི་ལྷོ་བྲག་པ་དཀར་སྟོན་ཇོ་སྲས་ལྕགས་ཀྱི་རྡོ་རྗེས་ལན་མང་དུ་གསོལ་བ་བཏབ་ནས་བྲིས་པ་ཡིན་ནོ། འདི་བྲིས་པ་ལས་བྱུང་བའི་བསོད་ནམས་ཀྱིས་ནམ་མཁའི་

༢༨མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའ་གོ་འཕང་མྱུར་ཏུ་ཐོབ་པར་གྱུར་ཅིག །བདག་ཅག་ལམ་སྒྲུབ་པའི་རྣལ་འབྱོར་པ་ཐམས་ཅད་ཀྱི་ལམ་གྱི་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག །རྫོགས་སོ། །འདི་ཁྲིད་ཡིག་ཐམས་ཅད་ཀྱི་རྩ་བ་ཡིན། འདི་ལ་བརྟེན་ནས་བླ་མ་དམ་པ་ཚར་ངོར་སོགས་ཀྱི་འཁྲིད་ཡིག་ཤིན་དུ་མང་ངོ་།