Tibetan:དཔལ་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་ཆོག་ལུང་དང་མན་ངག་གི་སྙིང་པོ་བསྡུས་པ་: Difference between revisions
No edit summary |
m (moved Tibetan:དཔལ་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་ཆོག་ལུང་དང་མན་ངག་གི་སྙིང་པོ་བསྡུས་པ་ to [[Tibetan:དཔལ་ཀ...) |
Revision as of 13:46, 3 August 2012
Full Title
Tibetan: ༄༅། །དཔལ་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་ཆོག་ལུང་དང་མན་ངག་གི་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས་སོ༎ ༎
Wylie: @#/_/dpal kyai rdo rje man ngag lugs kyi dbang chog lung dang man ngag gi snying po bsdus pa zhes bya ba bzhugs so//_//
Tibetan text
Information about Unicode Tibetan and the digitization of this text |
---|
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion. |
ཤོག་ལྷེ་༢༤༤ན་མཿཤྲཱི་ཙཀྲ་ནཱ་ཐ་རཏྣ་ཝརྦྷ་ཡ། །བདེ་སྟོང་ཆེ་ལས་མ་གཡོས་ཀྱང་། །ངོ་མཚར་གཟུགས་སྐུའི་རྣམ་འཕྲུལ་གྱིས། །མཐའ་ཡས་གདུལ་བྱ་སྨིན་མཛད་པའི། །བླ་མ་ཀྱཻ་ལི་རྡོ་རྗེར་འདུད། །དེ་ཡི་དཀྱིལ་འཁོར་ཆེན་པོར། །སློབ་མ་གཞུག་ཅིང་དབང་བསྐུར་བའི། །ཆོ་གའི་མཚམས་སྦྱོར་བརྡ་སྤྲོད་ཀྱི། །རྣམ་དབྱེ་མདོར་བསྡུས་བཤད་ཀྱིས་ཉོན། །སྡོམ་ནི། །ཕན་ཡོན་ཉེས་དམིགས་ལེགས་ཤེས་པའི། །མཚན་ལྡན་སློབ་དཔོན་སློབ་མ་ཡིས། །དུས་གནས་དཀྱིལ་འཁོར་ངེས་བྱས་ཏེ། །ངེས་ཚིག་ལྡན་པའི་ཆོ་ག་རྩམ། །དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བ་དོན་དུ་གཉེར་བའི་སློབ་མ་རྣམས་ཁྲུས་བྱས་ཏེ། ཕྱག་དང་ཡོན་ཕུལ་ནས་རྒན་རིམ་བཞིན་འཁོད་པ་ལ། ལས་ཀྱི་སློབ་མས་མེ་ཏོག་བགྱེ་བསྡུ་བྱས་ལ། སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ལ་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་བགྱི་སྙམ་པས་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང་ཐེག་པ་ཆེན་པོའ་གཞུང་ལུགས་དྲི་མ་མེད་པ་རྣམས་ནས་ཇི་ལྟར་བྱུང་བ་བཞིན་གསལ་བཏབ་ནས་གསན་འཚལ། དེ་ལ་
ཤོག་ལྷེ་༢༤༥ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་རྣམས་ཀྱི་བསམ་པ་དང་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། །འདིར་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཀྱང་ཁྱད་ཆོས་བཞིས་ཁྱད་པར་དུ་འཕགས་པ་སྔགས་ཀྱི་ཐེག་པ་ཡིན། དེ་ལ་རྒྱུད་སྡེ་ཆེན་པོ་བཞི་ལས། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཡིན། དེ་ལའང་ཐབས་ཀྱི་རྒྱུད་དང་། ཤེས་རབ་ཀྱི་རྒྱུད་དང་། གཉིས་སུ་མེད་པའི་རྒྱུད་དང་རྣམ་པ་གསུམ་ལས། འདི་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱཻ་རྡོ་རྗེའི་རྩ་བ་དང་བཤད་པའི་རྒྱུད་རྣམས་ཀྱི་རྗེས་སུ་འབྲང་ནས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིར་ཝ་པའི་ཞལ་སྔ་ནས་བཀྲལ་བའི་སྙིང་པོ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བསྒྲུབ་པར་བགྱི། དེ་ལ་སྤྱིར་དབང་བསྐུར་བ་ཐོབ་པའི་ཕན་ཡོན་ནི། གང་ཟག་དབང་པོ་ཡང་རབ་རྣམས་དབང་རྗེས་དེ་མ་ཐག་གྲོལ་བར་འགྱུར་ལ། གང་ཟག་མཆོག་མ་ཡིན་པས་ཀྱང་དབང་ཉིད་རྟག་ཏུ་གོམས་པར་བྱས་ན་ལམ་གཞན་མ་བསྒོམས་ཀྱང་སྐྱེ་བ་
ཤོག་ལྷེ་༢༤༦བདུན་ནས་མཆོག་གི་དངོས་གྲུབ་འགྲུབ་པར་གསུངས་ཤིང་། དབང་ཐོབ་ནས་རྩ་བའི་ལྟུང་བས་མ་གོས་ན་སྐྱེ་བ་བཅུ་དྲུག་ནས་འགྲུབ་པར་གསུངས་པ་དང་། དབང་གིས་གྲོལ་བར་མ་ནུས་པའི་གང་ཟག་གཞན་རྣམས་ལ་གྲོལ་བྱེད་ཀྱི་ལམ་སྟོན་པའི་སྣོད་རུང་དུ་བྱེད་པའི་ཐབས་ཀྱང་དབང་ཉིད་ཡིན་པར་གསུངས་པས་ན། དབང་བསྐུར་བ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བར་གྲུབ་པའི་ཕྱིར་དང་། དབང་བསྐུར་བས་ཚེ་རབས་མང་པོའ་སྡིག་པ་འདག་ཅིང་དངོས་གྲུབ་ཐམས་ཅད་དབང་བསྐུར་བ་ལ་བརྟེན་ནས་འབྱུང་བར་གསུངས་པའི་ཕྱིར། ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པའི་དབང་ལེན་པ་ལ་ཤིན་ཏུ་སྤྲོ་བར་མཛོད་ཅིག །དེ་ལྟར་དབང་ཐོབ་པའི་ཕན་ཡོན་ངེས་པར་བྱས་ནས་ཕན་ཡོན་ཅན་གྱི་དབང་དེ་མ་ཐོབ་པའི་ཉེས་དམིགས་ནི། གལ་ཏེ་དབང་མ་ཐོབ་ཀྱང་ལམ་ལ་འབད་པར་བྱས་ན་འབྲས་བུ་འཐོབ་པར་འགྱུར་རམ་སྙམ་ན། དེ་ལྟ་བུ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། དབང་མ་ཐོབ་པར་རྒྱུད་འཆད་པ་དང་བསྐྱེད་རྫོགས་ཀྱི་དོན་བསྒོམས་ཀྱང་དངོས་གྲུབ་མི་ཐོབ་ཅིང་། འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་ཙམ་ཐོབ་སྲིད་ཀྱང་ཕྱི་མ་ངན་སོང་དུ་འགྲོ་བར་གསུངས་པའི་ཕྱིར་རོ། །རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་རང་གཞན་གྱི་དོན་སྒྲུབ་པར་འདོད་པའི་བློ་གྲོས་ཅན་དག་གིས་དབང་ལ་ཤིན་ཏུ་གུས་པར་བྱ་དགོས་པ་ཡིན། དེ་ལྟར་ཐོབ་ན་ཕན་ཡོན་དང་མ་ཐོབ་ན་ཉེས་དམིགས་ཡོད་པའི་དབང་དེ་གང་གིས་སྐུར་བར་བྱེད་པ་ལ། སློབ་དཔོན་གྱི་མཚན་ཉིད་ནི་མདོར་བསྡུ་ན། སྔགས་དང་རྒྱུད་དང་མན་ངག་ཤེས། །ཆོ་གའི་ལས་ལ་རབ་ཏུ་མཁས། །སྙིང་རྗེས་སློབ་མ་རབ་འཛིན་པ། །དབང་བསྐུར་བ་ཡི་སློབ་དཔོན་མཆོག །ཅེས་གསུངས་པ་ལྟར་གྱི་
ཤོག་ལྷེ་༢༤༧མཚན་ཉིད་ཚང་བ་ཞིག་ཅིས་ཀྱང་དགོས་པ་ཡིན། །གང་ལ་བསྐུར་བ་སློབ་མའི་མཚན་ཉིད་ནི། །དད་དང་སྙིང་རྗེས་སེམས་རབ་དུལ། །རྣམ་རྟོག་ཉུང་ཞིང་བློ་དང་ལྡན། །སྔགས་ཀྱི་ལམ་མཆོག་དོན་གཉེར་བ། །མཐུན་ཞིང་གྲངས་དང་ལྡན་པ་བཟུང་། །ཞེས་པ་ལྟར་གྱི་མཚན་ཉིད་དང་ལྡན་པའི་སློབ་མ་ནང་གཤིན་པ་གཅིག་ནས་ཉེར་ལྔའི་བར་གྲངས་ཁ་ཡར་བ་རེ་ཕྱག་ལེན་ལ་མཛད་པ་ལགས། དེ་ལྟར་སློབ་དཔོན་དང་སློབ་མའི་མཚན་ཉིད་ངེས་པར་བྱས་ནས། གང་གི་ཚེ་བསྐུར་བའི་དུས་ནི། གཟའ་སྐར་དང་སྦྱོར་བྱེད་བཟང་པོ་འཛོམ་པའི་ཡར་གྱི་ངོའམ། དེ་རྣམས་ལྷག་པར་འཛོམ་ན་མར་གྱི་ངོ་ལའང་ཉེས་པ་མེད་པར་བཤད་པ་ལགས། གང་དུ་དབང་བསྐུར་བའི་གནས་ནི། ས་ཕྱོགས་ཆོས་ལྡན་གྱི་རྒྱལ་པོས་སྐྱོང་ཞིང་ཕྱི་ནང་གི་ཉེར་འཚེ་མེད་པ། ཁྱད་པར་དུ་རང་ངམ་བླ་མ་གོང་མས་སའི་ཆོ་ག་ཚུལ་བཞིན་དུ་བྱས་ཤིང་། སྣོད་དང་མི་ལྡན་པའི་སྐྱེ་བོས་དབེན་པ་ཞིག་ཅིས་ཀྱང་དགོས་པ་ལགས། །གང་ལ་བརྟེན་ནས་དབང་བསྐུར་བའི་དཀྱིལ་འཁོར་ལ། མཚོན་པར་བྱ་བ་ངེས་དོན་དོན་དམ་པའི་དཀྱིལ་འཁོར་ནི། སྙིང་པོ་བདེ་བ་ཆེན་པོ་ལེན་ཅིང་འཛིན་པར་བཤད་ལ། དེ་ཉིད་མཚོན་པར་བྱེད་པའི་དྲང་དོན་ཀུན་རྫོབ་པའི་དཀྱིལ་འཁོར་ལ་གྲུབ་ཆེན་སོ་སོས་བཀྲལ་བའི་དཀྱིལ་འཁོར་གྱི་རྣམ་གཞག་མང་དུ་བཤད་ཀྱང་། མདོར་བསྡུ་ན། རྡུལ་ཚོན། རས་བྲིས། ལུས་དཀྱིལ་ཏེ་གསུམ་མམ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཏེ་བཞི་ལས། དེང་སང་གི་གང་ཟག་ཕལ་ཆེར་སྨིན་བྱེད་དུ་རུང་བའི་དཀྱིལ་འཁོར་ནི་རྡུལ་ཚོན་དང་རས་བྲིས་ཉིད་གཙོ་ཆེར་གསུངས་པ་ཡིན་ལ། གང་ཞིག་བསྐུར་བ་དབང་གི་ངེས་ཚིག་ནི། གཏོར་ཞིང་བླུགས་པ་སྟེ་དབང་བཞི་པོ་རིམ་པ་བཞིན་སྤྱི་བོ་དང་། ལྕེ་
ཤོག་ལྷེ་༢༤༨དང་། དབང་གི་གནས་དང་། རླུང་སེམས་ལ་གཏོར་ཞིང་བླུགས་པ་ལ་བརྟེན་ནས། སྐུ་བཞིའི་མྱུ་གུ་འབྱུང་བས་ན་དབང་ཞེས་བྱ་བ་ཡིན། ཇི་ལྟར་བསྐུར་བའི་ཆོ་ག་ལ་ལམ་ལ་སྦྱོར་བས་བྱེད་པ་རྒྱུའི་དབང་། ཀུན་ནས་གོམས་པར་བྱེད་པ་ལམ་གྱི་དབང་། མི་འཕྲོག་པ་ལ་སྦྱོར་བར་བྱེད་པ་འབྲས་བུའི་དབང་སྟེ། གནས་སྐབས་ཀྱི་སྒོ་ནས་གསུམ་དུ་གསུངས་ཀྱང་། གང་ཟག་གི་སྒོ་ནས་དུ་མ་ཞིག་ཏུ་འགྱུར་བ་ལས། འདིར་སྨིན་བྱེད་ཀྱི་ཆོ་ག་དང་མཐུན་པར་འཆད་པ་ལགས། དེ་བས་ན་རྒྱུད་སྡེའི་དགོངས་པ་གྲུབ་པའི་བླ་མ་བརྒྱུད་པ་ལས་རིམ་པར་འོངས་པའི་ཉམས་ལེན་གྱི་རིམ་པ་ལ་དབང་གི་མངོན་པར་རྟོགས་པ་བདུན་ནམ་བརྒྱད་དང་ལྡན་པའི་སྒོ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བའི་ཚུལ་དང་། སྟ་གོན་དང་དངོས་གཞི་གཉིས་ཀྱི་སྒོ་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚུལ་གཉིས་ལས། རྡུལ་ཚོན་ལྟར་ན་བཞི་པ་སྟ་གོན་དུ་གནས་པའི་ཆོ་གའམ། རས་བྲིས་ལྟར་ན་ནུབ་དང་པོ་སྟ་གོན་གྱི་སྐབས་སུ་བབས་པ་ཡིན། དེ་ལ་སའི་ལྷ་མོ་སྟ་གོན་དང་། ལྷ་དང་བུམ་པ་ལྷག་གནས་ཏེ། ལྷག་གནས་དང་པོ་གསུམ་ཁོ་བོས་བགྱིས་ཟིན་ནས། སློབ་མ་ལྷག་གནས་ལ། ལུས་ཀྱི་བྱ་བ་ངེས་འབྱུང་བསྐྱེད། །ནང་དབང་བསྐུར་ལ་ཁྱད་དོན་ཞུ། །སྤྲོ་བ་བསྐྱེད་དེ་རྒྱུན་བཤགས་བྱ། །བསྲུང་བ་བྱས་ཏེ་མཆོད་པས་མཆོད། །སོ་ཤིང་དོར་ལ་ཁྱོར་ཆུ་བླུད། །སྲུང་སྐུད་བཏགས་ཏེ་ཀུ་ཤ་སྦྱིན། །ཟབ་མོའ་ཆོས་བཤད་རྨི་ལམ་བརྟག །ཅེས་པ་ལྟར་བཅུ་བཞི་ལས། ལུས་ཀྱི་བྱ་བ་ནི་བུས་བྱས་ཕྱག་དང་འཇུག་པའི་ཡོན་ཕུལ་ནས་རང་རང་གི་གྲལ་ལ་སྙིམས་པ་མེ་ཏོག་དང་བཅས་པས་གུས་པའི་སྒོ་ནས་འཁོད་དུ་གཞུག་ཅེས་འབྱུང་བས། སློབ་དཔོན་ལ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཀྱི་རྡོ་རྗེ་དང་ཐ་མི་དད་སྙམ་པའི་
ཤོག་ལྷེ་༢༤༩མོས་གུས་དང་ལྡན་པས་སློབ་མ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་མྱང་འདས་ཀྱི་བསམ་པ་བརྟན་པོར་བསྐྱེད་དུ་གཞུག་པ་ནི། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །བདག་གཞན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་དག །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་གསུངས་ཏེ། སྔགས་ཀྱི་དངོས་གྲུབ་རྡོ་རྗེ་འཛིན་པའི་ཡེ་ཤེས་དོན་དུ་གཉེར་བ་དག་དཀྱིལ་འཁོར་ཆེན་པོར་གཞུག་པར་བྱའི། ཚེ་འདིའི་བདེ་སྐྱིད་དང་ཕྱི་མ་ལྷ་མིའི་གོ་འཕང་དང་། རང་དོན་དུ་ཉན་རང་གི་བྱང་ཆུབ་འདོད་པ་རྣམས་ནི་མ་ཡིན་ཏེ། དེ་དག་ནི་དཀྱིལ་འཁོར་དུ་འཇུག་པ་ལ་མ་ལྟོས་པར་ཐབས་དམན་པ་གཞན་ལ་བརྟེན་ནས་བསྒྲུབ་ཏུ་ཡོད་པའི་ཕྱིར་རོ། །དེ་བས་ན་བདག་གཞན་ཐམས་ཅད་སྲིད་ཞིའི་ཕ་རོལ་ཏུ་སོན་པའི་མི་གནས་པའི་མྱ་ངན་ལས་འདས་པ་དོན་དུ་གཉེར་བའི་དད་པ་ཅན་བློ་གྲོས་དང་ལྡན་པ་དག་དཀྱིལ་འཁོར་ཆེན་པོར་གཞུག་པར་བྱ་སྟེ། ཚེ་འདིའི་བདེ་འབྲས་དོན་དུ་གཉེར་བས་ཞུགས་ན་ཕ་རོལ་གྱི་དོན་མི་འགྲུབ་ཅིང་། གཞན་དོན་དུ་མི་གནས་པར་མྱ་ངན་ལས་འདས་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ལ་དམིགས་ཏེ་ཞུགས་ན་རང་གཞན་གཉིས་ཀའི་དོན་བདེ་བླག་ཏུ་འགྲུབ་པ་ཡིན། དེ་ལྟར་ངེས་པར་བྱས་ནས་བསམ་པ་འདི་བཞིན་མཛོད། ཁམས་གསུམ་འཁོར་བ་གང་དུ་གནས་ཀྱང་སྡུག་བསྔལ་དང་སྐྱོན་དང་ཉེས་དམིགས་ཀྱི་རང་བཞིན་ལས་མ་འདས་པ་ཡིན་ཏེ། དེ་རྣམས་ལ་སྡུག་བསྔལ་གྱི་རྣམ་པ་ཇི་ལྟ་བུ་ཡོད་ན།
ཤོག་ལྷེ་༢༥༠དམྱལ་བ་པ་རྣམས་ལ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་རྣམས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་རྣམས་ལ་གཅིག་ལ་གཅིག་ཟ་བ་དང་གསོད་པ་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ། མི་རྣམས་ལ་འདོད་པ་བཙལ་བས་མ་རྙེད་པ་དང་། མི་འདོད་པ་ཐོག་ཏུ་བབ་པའི་སྡུག་བསྔལ། ལྷ་མ་ཡིན་རྣམས་ལ་འཐབ་རྩོད་དང་ལུས་བཅད་ཅིང་དྲལ་བ་ལ་སོགས་པའི་སྡུག་བསྔལ། ལྷ་རྣམས་ལ་འཆི་འཕོ་བ་དང་། གོང་མ་ནས་འོག་མར་ལྷུང་ལྷུང་བ་དང་། མཐར་ངན་སོང་དུ་སྐྱེ་བར་ཤེས་པ་ན། དམྱལ་བའི་ལུས་ཀྱི་སྡུག་བསྔལ་ལས་ཀྱང་ཆེས་ཆེ་བའི་སེམས་ཀྱི་སྡུག་བསྔལ་ཡོད་པར་བཤད། འོ་ན་སྡུག་བསྔལ་དེ་ལས་རང་ཉིད་གཅིག་པུ་ཐར་པའི་ཉན་རང་གི་བྱང་ཆུབ་ཐོབ་པར་བྱ་དགོས་པ་ཡིན་ནམ་སྙམ་ན། ཉན་རང་གི་བྱང་ཆུབ་ནི་རང་དོན་དུ་སྤངས་རྟོགས་ཀྱི་ཡོན་ཏན་མ་རྫོགས་ཤིང་། གཞན་དོན་གྱི་ཕྲིན་ལས་རྒྱ་ཆེན་པོ་མི་འབྱུང་། མཐར་འཚང་རྒྱ་བ་ལ་ཡུན་རིང་དུ་བྱེད་པས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དོན་དུ་གཉེར་བྱའི་འབྲས་བུ་མ་ཡིན། འོ་ན་ཅི་ཞིག་དོན་དུ་གཉེར་བྱ་ཡིན་ན། ཤེས་རབ་ཆེན་པོས་འཁོར་བའི་མཐའ་ལ་མི་གནས་པས་ཁམས་གསུམ་གྱི་སྡུག་བསྔལ་ལས་འདས་ཤིང་། སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་འབྱུང་བ་མི་གནས་པའི་མྱ་ངན་ལས་འདས་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་དགོས་ཤིང་། དེའང་རང་ཉིད་གཅིག་པུའི་དོན་དུ་མ་ཡིན་ཏེ། ནམ་མཁའ་ལ་མཐའ་མེད་པ་བཞིན་དུ་སེམས་ཅན་ལ་མཐའ་མེད། མཐའ་མེད་པའི་སེམས་ཅན་རེ་རེས་ཀྱང་བདག་གི་ཕ་མ་བྱས་ཤིང་། བྱས་རེས་ཀྱིས་གནོད་པ་མཐའ་དག་ལས་བསྐྱབས་ཤིང་། ཕན་པ་ཚད་མེད་པ་བཏགས་པའི་དྲིན་ཅན་ཤ་སྟག་ཡིན་པ་ལ། འདི་རྣམས་འདོད་པ་ནི་བདེ་བ་འདོད་
ཤོག་ལྷེ་༢༥༡ཀྱང་ཐབས་ལ་མི་མཁས་པའི་དབང་གིས་ལ་ལ་ནི་སྡུག་བསྔལ་དངོས་ལ་ལོངས་སྤྱད། །ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམ་པོ་ཆེ་ལ་ལོངས་སྤྱོད། མ་རིག་པའི་ལིང་ཏོག་གིས་ནི་ལྡོངས། ཐར་པའི་རྟེན་གྱི་འཁར་བ་དང་ནི་བྲལ། །དགེ་བའི་བཤེས་གཉེན་གྱི་དམིགས་བུས་ནི་མ་ཟིན། མཐོ་རིས་དང་ཐར་པའི་ལམ་ནས་བརྡེག་འཆོས་ཤིང་། ངན་སོང་གསུམ་གྱི་གཡང་སར་འགྲིམས་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་མོས་པ་མཛོད། སྙིང་རྗེའོ་བྱས་ནས་བཞག་པས་མི་ཕན་པས། འདི་རྣམས་སྡུག་བསྔལ་ལས་བསྒྲལ་བདེ་བ་ལ་འགོད་དགོས། དེའི་ནུས་པ་ད་ལྟ་བདག་ལ་མེད། བདག་ལས་ལྷག་པའི་ཚངས་པ་དང་བརྒྱ་བྱིན་དང་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ལའང་མེད། སུ་ལ་ཡོད་ན་རྫོགས་པའི་སངས་རྒྱས་ཁོ་ན་ལ་ཡོད་པས། བདག་གིས་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱ། དེ་ཡང་རྒྱུ་མེད་རྐྱེན་མེད་ལས་མི་ཐོབ་པས་རྒྱུ་རྐྱེན་གཙོ་བོ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་བསྐུར་བ་ལེགས་པར་བླངས་ཏེ་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་བགྱིས་ཤིང་ལམ་ལ་ཅི་ནུས་སུ་འབད་པར་བགྱིའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་དུང་པ་ཞིག་བསྐྱེད་འཚལ། བསམ་པ་དེ་ལྟ་བུས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་དགེ་བ་ཐམས་ཅད་སངས་རྒྱས་ཀྱི་རྒྱུར་འགྱུར་ཞིང་། ཚེ་འདིའི་བདེ་འབྲས་དང་། ཕྱི་མ་ལྷ་མིའི་གོ་འཕང་ལ་སོགས་པ་ཞར་འབྱུང་གི་ཚུལ་གྱིས་འགྲུབ་པ་ཡིན་ཏེ། དཔེར་ན་འབྲས་དཀར་མོ་ལོ་ལེགས་ན་རྩྭ་དང་ཕུབ་མ་ཞར་ལས་འབྱུང་བ་དང་འདྲ་བ་ལགས། ནང་གི་དབང་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དཔལ་ཀྱཻ་རྡོ་རྗེ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ཚེ་ཐོག་
ཤོག་ལྷེ་༢༥༢མ་མང་པོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར། དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས་ཧཱུྃ་ཞེས་བརྗོད་པའི་རྐྱེན་གྱིས་ཁྱེད་རྣམས་སློབ་དཔོན་གྱི་ཞལ་དུ་ཞུགས། །ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་སླར་ཡང་སྦྱངས་ནས། སྐུའི་དབྱིབས་བརྒྱུད་དེ་ལྷ་མོའ་པདྨར་བབས་པ་ཁྱེད་རྣམས་སྐད་ཅིག་གིས་དཔལ་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པ་ཅན་རེ་རེར་གྱུར། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་དེ། ལྷ་མོའ་པདྨར་བབས་པ་ཁྱེད་རྣམས་ཧེ་རུ་ཀར་གསལ་བའི་སྤྱི་བོ་ནས་ཐིམ་པས་དབང་བསྐུར་བ་དང་ཡེ་ཤེས་པ་འདྲེས་པ་ལྷན་གཅིག་ཏུ་བྱུང་བའི་མོས་པ་མཛོད། སླར་ཡང་འོད་ཟེར་འཕྲོས་སློབ་དཔོན་གྱིས་ཧཱུྃ་ཞེས་བརྗོད་པའི་རྐྱེན་གྱིས་ཁྱེད་རང་རྣམས་ཧེ་རུ་ཀའི་ང་རྒྱལ་གྱིས་ཡུམ་གྱི་དཀུ་གཡོན་པ་ནས་འཐོན་ཏེ་རང་རང་གི་གྲལ་ལ་འཁོད་པའི་མོས་པ་མཛོད། དེ་ལྟར་བྱས་པའི་དགོས་པ་ནི་དབང་གི་དངོས་གཞི་མ་ཐོབ་ཀྱི་བར་གྱི་གསང་པའི་ཆོས་རྣམས་ཉན་པའི་སྣོད་རུང་དུ་བྱ་བ་དང་། དེ་དག་གི་སྐབས་སུ་སློབ་དཔོན་ལའང་གསང་སྒྲོགས་ཀྱི་ཉེས་པ་མི་འབྱུང་བའི་ཕྱིར་དུ་བསྒྲུབས་པ་ལགས། ཁྱད་པར་ཅན་གྱི་དོན་ཞུ་བ་ནི། སློབ་དཔོན་ཀྱཻ་རྡོ་རྗེ་ཡབ་ཡུམ་དང་གཉིས་སུ་མེད་པར་བཞུགས་པའི་སྤྱན་སྔར་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་སེམས་བསྐྱེད་པ་སྔོན་དུ་འགྲོ་བ་ཅན་གྱི་རྡོ་རྗེ་ཐེག་པའི་དམ་ཚིག་དང་སྡོམ་པ་སྩལ་དུ་གསོལ་སྙམ་པས་སྙིམས་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་ལན་གསུམ་མཛོད། བདག་མེད་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་
ཤོག་ལྷེ་༢༥༣དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའ་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའ་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་གསོལ་བ་བཏབ་སྟེ། དེའི་དོན་ནི། སློབ་དཔོན་ལ་དགའ་ཆེན་ཞེས་པོས་ནས། བྱང་ཆུབ་ཆེན་པོའ་ཚུལ་བསྟན་པའི་སངས་རྒྱས་ཀྱི་གོ་འཕང་དེ་བདག་ལ་འཚལ་བའི་སླད་དུ་དམ་ཚིག་སྟེ་སྔགས་ཀྱི་སྡོམ་པ་དང་། དེའི་རྟེན་དུ་ཐུན་མོང་མ་ཡིན་པའི་རྒྱུན་བཤགས་ལས་ཐོབ་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། དེའི་རྟེན་དུ་རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བཅས་པའི་སོ་སོར་ཐར་པའི་སྡོམ་པ་སྩལ་བའི་སྒོ་ནས་ཐར་པ་ཆེན་པོ་སངས་རྒྱས་ཀྱི་གྲོང་ཁྱེར་དུ་གཞུག་ཏུ་གསོལ་ཞེས་པ་ལགས། དེ་ལྟར་ཁྱད་པར་ཅན་གྱི་ལམ་རྡོ་རྗེ་ཐེག་པ་ལ་དོན་གཉེར་གྱི་བློ་སྐྱེས་པ་དེ་ཉིད་ཤིན་ཏུ་ལེགས་པ་ཡིན་ནོ། །ཞེས་ཤེས་པའི་ཕྱིར་དུ་སྤྲོ་བ་བསྐྱེད་པ་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་ཞུགས་པ་ཀུན། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེས་བཅོམ་སྟེ། །འཇིག་རྟེན་མཐུན་པར་གཤེགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །
ཤོག་ལྷེ་༢༥༤ཅེས་གསུངས་ཏེ། དེའི་དོན་ནི། ཁྱེད་རང་རྣམས་ཆོ་གའི་སྒོ་ནས་བུར་བྱས་ཟིན་པ་དེ་ལ་བུ་ཞེས་ཉེ་བའི་ཚིག་གིས་བོས་ཏེ། ཁྱེད་རྣམས་ཐེག་ཆེན་གྱི་ཆོས་ཀྱི་སྣོད་ཡིན་ལ། ཐེག་ཆེན་ལའང་ཕ་རོལ་ཏུ་ཕྱིན་པ་དང་། སྔགས་ཀྱི་ཐེག་པ་གཉིས་ལས། མཆོག་ཏུ་གྱུར་པ་གསང་སྔགས་རྡོ་རྗེ་ཐེག་པ་དེ་ཁྱོད་ལ་བསྟན་པར་བྱ་སྟེ། རྡོ་རྗེ་ཐེག་པ་འདི་ནི་སྤྱིར་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་ཅིང་། ཁྱད་པར་དུ་ཡང་འོ་སྐོལ་གྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་འདི་ཉིད་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཏུ་སྔགས་ཀྱི་ལམ་ལ་བརྟེན་ནས་བདུད་བཏུལ་ཞིང་སངས་རྒྱས་སུ་ཟིན་ཀྱང་། འཇིག་རྟེན་པ་རྣམས་དྲང་བའི་ཕྱིར་དུ་སླར་ཡང་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་འཛམ་བུའི་གླིང་དུ་འཚང་རྒྱ་བའི་ཚུལ་བསྟན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་རྟག་པར་ཞེན་པ་བཟློག་པའི་ཕྱིར་དུ་མྱ་ངན་ལས་འདའ་བར་བསྟན་པ་ཡིན་ནོ། །དེ་བས་ན་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་གྱི་བགྲོད་པ་གཅིག་པའི་ལམ་རྡོ་རྗེ་ཐེག་པ་དང་མཇལ་བ་འདི་ཤིན་ཏུ་སྐལ་བ་བཟང་བ་ཡིན་པས་ཀུན་མཁྱེན་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་ཆོས་ཀྱི་བུར་གྱུར་པ་ཁྱེད་རྣམས་སྔགས་ཀྱི་ཐེག་པ་ལས་བློ་གཞན་དུ་མི་འགྱུར་བ་གྱིས་ཤིག་ཅེས་པའི་དོན་ལགས། རྒྱུན་བཤགས་སྔོན་དུ་འགྲོ་བའི་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་དུ་བཞུགས་པའི་མོས་པ་བྱས། དེ་རྣམས་ཀྱི་སྤྱན་སྔར་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོད་ནས་ཚེ་ཐོག་མ་མེད་པ་ནས་
ཤོག་ལྷེ་༢༥༥བསགས་པའི་སྡིག་སྒྲིབ་ཐམས་ཅད་ཡུལ་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་གྱི་སྤྱན་སྔར་སྟོབས་བཞི་ཚང་བའི་སྒོ་ནས་ཚུལ་བཞིན་བཤགས་པར་བགྱིའོ་སྙམ་པ་དང་། འཁོར་འདས་ཀུན་གྱི་དུས་གསུམ་དུ་བསགས་པའི་དགེ་བ་ལ་དགའ་ཞིང་རྗེས་སུ་ཡི་རང་སྙམ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཉེ་བར་བསྟེན་པའི་དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་དེ་བདག་གིས་ཀྱང་བསྒོམ་པར་བགྱིའོ་སྙམ་དུ་ཡིད་དམ་བཅའ་བ་དང་། ཡུལ་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྙམ་པ་དང་། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའ་གོ་འཕང་ཐོབ་པར་བྱ་སྙམ་པ་སྨོན་པའི་བདག་ཉིད་ཅན་དང་། དེའི་ཆེད་དུ་ཐེག་པའི་ཐབས་ཚུལ་རྣམས་ལ་རིམ་པ་བཞིན་དུ་བསླབ་པར་བགྱིའོ་སྙམ་པ་འཇུག་པའི་བདག་ཉིད་ཅན་དང་དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་དེས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག་ཅིག་སྙམ་པ་ཡོངས་སུ་བསྔོ་བ་སྟེ། དོན་དེ་རྣམས་ཡིད་ལ་དྲན་པ་དང་བཅས་པས་ཐལ་མོ་སྦྱར་ཏེ་ཐུན་མོང་མ་ཡིན་པའི་ཡན་ལག་བདུན་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་
ཤོག་ལྷེ་༢༥༦སྤྱོད་མཆོག་ཡིད་འོང་དཔྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་རྒྱུན་བཤགས་ལན་གསུམ་བྱས་པ་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་སྔར་མ་ཐོབ་པ་གསར་དུ་ཐོབ་ཅིང་ཐོབ་ཟིན་ཡར་འཕེལ་དུ་བྱེད་ལ། ཉམས་ན་སོར་ཆུད་པར་བྱེད་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བར་ཆད་མ་འབྱུང་བའི་ཕྱིར་དུ་བསྲུང་བར་བྱ་བ་ནི། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁྱེད་རྣམས་ཀྱི་ལུས་ལ་ཕོག་པས། སྡིག་པ་དང་གདོན་བགེགས་ཐམས་ཅད་སྲེགས་ཤིང་སྦྱངས་པའི་མོས་པ་མཛོད། ཅེས་དང་། རྡོ་རྗེ་གསོར་ཞིང་། ༀ་ཨཱཥྚཱ་ན་ནཱ་ཡ། པིངྒ་ལེརྡྷྭ་ཀེ་ཤ་ཝརྟྨ་ནེ། ཙ་ཏུརྦི་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཛཱི་མཱུ་ཏ་ཝ་པུ་ཥེ། ཀཱ་པཱ་ལཱ་མཱ་ལཱ་ནཻ་ཀཱ་དྷཱ་རི་ཎི། ཨདྷྨཱཏ་ཀྲཱུར་ཙིཏྟཱ་ཡ། དཾཥྚཱིཾ་ཎི། མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫཡ་གརྫ་ཡ། ཏརྫྫཡ་ཏརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱ་ན། བྷནྷ་བྷནྡྷ། ནཱ་གཱཥྚ་ཀཱན། གྲྀཧྞ་གྲྀཧྞ། ཤ་ཏྲཱུ་ན། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཾཿཕཊ་སྭཱ་ཧཱཿ། ཞེས་བཟླས་པས་བར་ཆད་བསྲུངས་ཏེ། སློབ་དཔོན་གྱིས་དྲིའི་ཆུ་རྡོ་རྗེ་དང་བཅས་པས་ཁྱེད་རྣམས་ཀྱི་གནས་གསུམ་དུ་རེག་སྟེ། ༀ་ཨཱཿཧཱུྃ། ཞེས་བརྗོད་པས་ཁྱེད་རང་རྣམས་ཧེ་རུ་ཀར་གསལ་བའི་དཔྲལ་བར་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ་ལས་སྐུ་རྡོ་རྗེ་མ། མགྲིན་པར་ཨཱཿལས་པདྨ་ཨཱཿས་མཚན་པ་ལས་གསུང་རྡོ་རྗེ་མ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་ཐུགས་རྡོ་རྗེ་མ་རྣམས་ལམ་གྱིས་བྱུང་བའི་མོས་པ་མཛོད། སླར་ཡང་མས་ཡར་རེག་སྟེ། ཧཱུྃ་ཨཱཿༀ་ཞེས་བརྗོད་པས་གསལ་བཏབ་ཅིང་། ཡས་མར་རེག་སྟེ། ༀ་ཨཱཿཧཱུྃ་ཞེས་བརྗོད་པས་བརྟན་པར་བྱས་
ཤོག་ལྷེ་༢༥༧པའི་མོས་པ་མཛོད། དེ་ལྟར་བྱས་པས་ཁྱེད་རྣམས་ཀྱི་ལུས་ངག་ཡིད་གསུམ་གདོད་མ་ནས་རྡོ་རྗེ་གསུམ་གྱི་ངོ་བོར་གནས་པ་དེ་ཆོ་ག་འདིས་ངོ་འཕྲོད་ཅིང་གསལ་བར་བྱས་པ་ཡིན། དེ་ལྟར་སེམས་བསྐྱེད་པ་དང་སྒོ་གསུམ་ལྷར་བྱས་མ་ཐག་པ་དེ་མཆོད་པའི་ཡུལ་དུ་བཟང་བ་ཡིན་པས། མེ་ཏོག་དབུ་ལ་ཕུལ་ནས་མཆོད་པའི་མོས་པ་མཛོད། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་དང་། བདུག་སྤོས་ཤངས་ལ། དྷཱུ་པེ། མར་མེ་སྤྱན་ལམ་དུ། ཨ་ལོ་ཀེ །ཐུགས་ཀར་དྲིའི་བྱུག་པ། གནྡྷེ། ཞལ་ཟས་ལྗགས་ལ། ནཻ་ཝི་དྱ་ཨཱཿཧཱུྃ། ཞེས་མཆོད་པ་ནི་ལུས་ངག་ཡིད་གསུམ་ལྷར་ཤེས་པའི་སྒོ་ནས་འདོད་ཡོན་ལ་མ་ཆགས་པར་ལོངས་སྤྱོད་ཅེས་པའི་དོན་ཡིན། དེ་ལྟར་འགལ་རྐྱེན་བར་ཆད་བསྲུངས་ཏེ་ལྷར་བསྐྱེད་ཅིང་མཆོད་ནས་མཐུན་རྐྱེན་དངོས་གྲུབ་ཀྱི་མཚན་ལྟས་བརྟག་པ་ལ་ཐོག་མར་སོ་ཤིང་ལ་བརྟེན་ནས་བརྟག་པ་ནི། སོ་ཤིང་རྩ་སྔགས་ཀྱིས་མངོན་པར་བསྔགས་ལ། སྭ་བྷཱ་ཝས་སྦྱངས་ཏེ། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སོ་ཤིང་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་གི་ཅོད་པན་དང་བཅས་པ་རྡོ་རྗེ་སློབ་མ་རྣམས་ཀྱི་དངོས་གྲུབ་ཀྱི་མཚན་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། ཞེས་པས་བྱིན་གྱིས་བརླབས་པ་དེ་ཉིད་ཁྱེད་རྣམས་ཀྱི་ཕྱག་ཐལ་མོ་སྦྱར་བའི་བར་དུ་དངོས་གྲུབ་ཀྱི་མཚན་ལྟས་བརྟག་པའི་སླད་དུ་བྱིན་པའི་མོས་པ་མཛོད། ༀ་ཨཱཿཛི་ཧྭ་བཛྲ་སཾ་ཝརྟ་ནི་སྭཱ་ཧཱ། ཞེས་པས་བྱིན་པའི་སོ་ཤིང་དེ་རྒྱུ་རིན་པོ་ཆེ་གསེར་རམ་དངུལ་ལས་གྲུབ་པར་མོས་ཏེ། སོ་དྲུད་པ་བཞིན་བྱས་པས་རྩེ་མོའ་མེ་ཏོག་ལས་འོད་ཟེར་བྱུང་བ་ཞལ་ནས་བརྒྱུད་དེ་ཁོང་པར་སོང་བས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་དབང་གི་ཡེ་ཤེས་སྐྱེ་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཐམས་ཅད་སྨན་པ་མཁས་པས་སྐྱུག་
ཤོག་ལྷེ་༢༥༨སྨན་བཏང་བ་བཞིན་སྐྱུགས་པར་མོས་ཏེ། ༀ་བཛྲ་ཧ་ས་ཧཾ། ཞེས་གསུང་ཞིང་ཐལ་མོ་ཁ་ཕྱེ་སྟེ་སོ་ཤིང་གི་ར་བར་ལྟོས་པ་མེད་པར་དོར་ཅིག་ཅེས་བརྗོད་ལ། སོ་ཤིང་གི་ར་བ་ཁྲུ་གང་གྲུ་བཞིར་དྲི་བཟང་གིས་བྱུག་པ་ལ་ཚོམ་བུ་དགུ་བཀོད་པར་དོར་ཏེ།རྩེ་མོ་བདག་ཉིད་ལ་ཕྱོགས་ན་མཆོག་གྲུབ། སྟེང་དུ་མཁའ་སྤྱོད། འོག་ཏུ་ས་སྤྱོད། ཤར་དུ་ཞི་བ། ལྷོར་མངོན་སྤྱོད། ནུབ་ཏུ་དབང་། བྱང་དུ་རྒྱས་པ། མཚམས་རྣམས་སུ་བུམ་པ་བཟང་པོ་ལ་སོགས་པའི་དངོས་གྲུབ་ཕྲན་ཚོགས་འགྲུབ་པར་འགྱུར་རོ། །དེ་ནི་རྣལ་འབྱོར་ཆེན་པོའ་བུམ་དབང་གི་སྣོད་རུང་དུ་བྱེད་པའི་ཐབས་ཡིན་ཏེ། སོ་ཤིང་གིས་ཁ་དང་སོ་ལ་སོགས་པ་ལུས་གཙོ་ཆེ་བའི་དྲི་མ་སྦྱོང་བ་བཞིན་བུམ་དབང་གིས་ཀྱང་གཙོ་བོར་ལུས་ཀྱི་དྲི་མ་སྦྱོང་བར་བྱེད་པ་ལ་ཤས། རྨི་ལམ་གསལ་པོར་འབྱུང་བ་དང་ངག་གི་དྲི་མ་སྦྱོང་བྱེད་ཁྱོར་ཆུ་བླུད་པ་ནི། ༀ་ཧྲཱིཿབི་ཤུདྡྷཿསརྦ་ཿསརྦ་པཱ་པཾ་ནི་ཙ་སྱ་སཾ་ཤོ་དྷ་ཡ། སརྦ་བི་ཀ་ན་ཨ་པ་ན་ཡ་ཧཱུྃ། ཞེས་པས་ལན་གསུམ་སྦྱིན་ལ། དེ་ནི་གསང་དབང་གི་སྣོད་རུང་དུ་བྱེད་པའི་ཐབས་ཡིན་ཏེ། ཁྱོར་ཆུས་ངག་གི་དྲི་མ་སྦྱོང་བ་བཞིན་གསང་དབང་གིས་ཀྱང་ངག་གི་དྲི་མ་སྦྱོང་བར་བྱེད་པ་ལགས། རྨི་ལམ་དུ་བར་ཆད་མི་འབྱུང་བའི་ཕྱིར་དུ་སྲུང་སྐུད་སྦྱིན་པ་ནི། ཧཱུྃ་བཟླས་ཤིང་རྡོ་རྗེའི་མདུད་པ་གསུམ་བཏབ་བའི་སྲང་བུ་གོང་ལྟར་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲད་བུ་དམར་པོ་རྡོ་རྗེ་སློབ་མ་རྣམས་ཀྱི་ལུས་ཚད་དང་མཉམ་པ་སུམ་བསྒྲིལ་དུ་བྱས་པ་རྡོ་རྗེའི་མདུད་པ་གསུམ་གྱིས་བཏབ་པ་རྡོ་རྗེ་སློབ་མ་རྣམས་ཀྱི་སྒོ་གསུམ་གྱི་བར་ཆད་བསྲུང་བའི་ནུས་པ་དང་ལྡན་པར་གྱུར། སློབ་དཔོན་གྱི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྟ་གོན་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུའི་ཚོགས་སྤྱན་དྲངས་ཏེ་དམ་ཚིག་སྲད་བུ་ལ་ཐིམ་ཞེས་དང་། སྲུང་སྐུད་ཐལ་མོའ་བར་དུ་བཟུང་ལ་རྩ་སྔགས་བཟླ།ཞེས་པས་བྱིན་གྱིས་
ཤོག་ལྷེ་༢༥༩བརླབས་པ་དེ་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་ལ་ཉིས་སྐོར་དུ་བཅིང་སྟེ། ཞེས་བརྗོད་ཅིང་ཕྱག་ལེན་ལྟར་བཅིང་། བུམ་ཆུ་གཏོར་ཞིང་གུར་ནས་འབྱུང་བའི་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྣོད་རུང་དུ་བྱེད་པའི་ཐབས་ཡིན་ཏེ། སྲུང་སྐུད་འདོགས་པ་ཤེས་རབ་ཡེ་ཤེས་ཀྱི་སྦྱང་གཞི་ཁམས་ཀྱི་བར་ཆད་བསྲུང་བའི་ཆེད་དུ་ཡིན་པ་བཞིན། ཤེས་རབ་ཡེ་ཤེས་ཀྱང་ཁམས་བདུད་རྩི་ལ་བསྐུར་པ་ལགས། རྨི་ལམ་མི་འཁྲུགས་པ་དང་མལ་སྟན་ལྷག་པར་གནས་པའི་ཕྱིར་དུ་ཀུ་ཤ་སྦྱིན་པ་ནི། ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས་གོང་བཞིན་བསང་སྦྱངས། སྟོང་པའི་ངང་ལས་དྷཱིཿལས་བྱུང་བའི་ཀུ་ཤ་ཆེ་ཆུང་རྩ་བ་དང་རྩེ་མོ་མ་ཉམས་པ་རྡོ་རྗེ་སློབ་མ་རྣམས་ཀྱི་རྨི་ལམ་མི་འཁྲུགས་པའི་ནུས་པ་དང་ལྡན་པར་གྱུར། ཞེས་པས་བྱིན་གྱིས་བརླབས་ནས། དྷཱིཿབཟླས་པའི་ཀུ་ཤ་ཆུང་བ་ཕྱག་གཡས་དང་། ཧ་བཟླས་པའི་ཆེ་བ་གཡོན་དུ་སྦྱིན་ཏེ། དེའི་དོན་ཀུ་ཤ་དག་བྱེད་ཀྱི་རྫས་བླ་ན་མེད་པ་ཡིན་པ་ལྟར། དབང་བཞི་པའི་ཡེ་ཤེས་ཀྱང་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་འདག་པར་བྱེད་པས་ཀུ་ཤ་སྦྱིན་པ་དབང་བཞི་པའི་སྔོན་འགྲོ་ལགས་ཤིང་། སྔོན་བྱུང་བཅོམ་ལྡན་འདས་ཀུ་ཤ་མ་འཁྲུགས་པའི་སྟན་ལ་བཞུགས་ནས་སངས་རྒྱས་པ་བཞིན་ཀུ་ཤའི་སྟན་ལ་ཉལ་ཏེ། རྨི་ལམ་སྒྱུ་མ་ལྟ་བུ་མངོན་དུ་བྱས་ནས་སངས་རྒྱས་པའི་རྟེན་འབྲེལ་ལམ་དུ་བྱེད་པ་ལགས། ཆོས་ཟབ་མོ་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རའི་མེ་ཏོག་ལྟར། བརྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་
ཤོག་ལྷེ་༢༦༠པ་བྱེ་བ་དུ་མར་ན། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པ། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་འདི་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱི། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདིར་ནི་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་གསུངས་ཏེ། དེའི་དོན་ནི། འཇིག་རྟེན་ན་ཨུ་དུམྦཱ་རའི་མེ་ཏོག་དཀོན་པ་ལྟར་སངས་རྒྱས་དཀོན་ཏེ། སངས་རྒྱས་གཅིག་འཇིག་རྟེན་དུ་འཚང་རྒྱ་བའི་ཚུལ་སྟོན་པ་ན། དེ་དང་ཁད་ཉེ་བའི་ས་ཕྱོགས་ཤིག་ཏུ་ཨུ་དུམྦཱ་རའི་མེ་ཏོག་གཅིག་འབྱུང་དེ་ཡང་རྒྱལ་རིགས་ལས་འབྱུང་ན་དཀར་པོ་དང་། བྲམ་ཟེའི་རིགས་ལས་འབྱུང་ན་སེར་པོར་འཁྲུངས་ལ། སངས་རྒྱས་དེ་ལྷུམས་སུ་ཞུགས་པ་ན་མེ་ཏོག་དེ་ཁ་འབུས། བལྟམས་པ་ན་ཁ་བྱེ། གཞོན་ནུ་རོལ་རྩེད་མཛད་པ་ན་རྒྱས། དཀའ་ཐུབ་མཛད་པ་ན་ཅུང་ཟད་རྙིང་། འཚང་རྒྱ་བའི་ཚུལ་སྟོན་པ་ན་རྒྱས། ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ཤིན་ཏུ་རྒྱས། མྱ་ངན་ལ་འདའ་བའི་ཚུལ་བསྟན་པ་ན་སྐམ་ནས་འགྲོ་སྟེ། དེས་ན་དེ་དེ་གཉིས་དཀོན་མཚུངས་ཡིན་པས་སངས་རྒྱས་
ཤོག་ལྷེ་༢༦༡འཇིག་རྟེན་དུ་འབྱོན་པ་དཀོན། བྱོན་ནས་ཆོས་གསུངས་པ་དཀོན། ཆོས་ཀྱི་ནང་ནས་ཐེག་པ་ཆེན་པོ་གསུངས་པ་དཀོན། ཐེག་ཆེན་གྱི་ནང་ནས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་གསུངས་པ་ནི་ཤིན་ཏུ་དཀོན། དཀོན་པས་ཅི་ཕན། རི་བོང་གི་རྭ་དང་ནམ་མཁའི་མེ་ཏོག་ཀྱང་དཀོན་ནོ་སྙམ་ན་དེ་དག་དང་མི་མཚུངས་པར་དཀོན་ལ་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་ཏེ། བསྐལ་པ་བྱེ་བ་དུ་མ་ནས་བསགས་པའི་སྡིག་པ་རྣམས་དཀྱིལ་འཁོར་ཆེན་པོ་མཐོང་བའི་མོད་ལ་འདག་པར་འགྱུར་ན། དབང་བླངས་ཏེ་དམ་ཚིག་དང་སྡོམ་པ་ལ་ནན་ཏན་དུ་བྱས་ནས་སྔགས་ཀྱི་སྤྱོད་པ་ཡིད་མཚན་རྟོག་ལས་སྐྱོབ་པའི་ཐབས་ཉམས་སུ་ལེན་པ་དང་། གསང་སྔགས་ཀྱི་བཟླས་བརྗོད་ལ་བརྩོན་པའི་སྒོ་ནས་ལམ་འདི་ལ་བློ་བརྟན་པར་བྱས་ན་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་གྱི་རྒྱུན་གཅོད་པར་འགྱུར་བ་དང་། དེ་བས་ན་ཁྱེད་རྣམས་ཀྱི་རྙེད་པའི་མཆོག་ལེགས་པར་རྙེད་ཅིང་། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་མཁྱེན་བརྩེ་ནུས་པས་ཡོངས་སུ་བཟུང་སྟེ་དེའི་རིགས་སུ་སྐྱེ་བཞིན་པར་འབྱུང་བས་ན། ཐེག་ཆེན་གྱི་ལམ་མཆོག་ཏུ་གྱུར་པ་འདི་ལ་བརྟེན་ནས་མྱུར་ཏུ་འཇིག་རྟེན་གྱི་གནས་ལུགས་མངོན་སུམ་དུ་མཁྱེན་པའི་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་བར་གདོན་མི་ཟ་བས་དོན་དེ་ལ་དགའ་བ་ཁྱད་པར་ཅན་དང་ལྡན་པར་མཛོད་ཅིག །ཅེས་འབྲས་བུ་ལ་སྤྲོ་བ་བསྐྱེད་ནས། རྨི་ལམ་བརྟག་ཅིང་ངན་ན་བསྲུང་བར་བྱ་བ་ནི། །བུ་ཀྱེས་ང་ནི་དཀྱིལ་འཁོར་དང་། །མཐོང་བར་འགྱུར་རོ་ཉོལ་ཞིག་དང་། །རྨི་ལམ་མཐོང་བ་གང་ཡིན་པ། །དེ་ཀུན་ང་ལ་དྲང་པོར་སྨྲོས། །ཞེས་བཤད་པས། རང་གི་སྒྲུབ་པའི་ཁང་པར་བདེ་བའི་མལ་ཞིག་བཅས་ཏེ། སློབ་དཔོན་གྱིས་གནང་བའི་ཀུ་ཤ་ཆུང་བ་སྔས་དང་། ཆེ་བསྟན་དུ་བཏིང་། གོས་དྲི་མ་མེད་པ་གྱོན། གློ་གཡས་པ་འོག་
ཤོག་ལྷེ་༢༦༢ཏུ་ཕབ་ནས་སེང་གེའི་ཉལ་སྟབས་ཀྱིས་ཉལ་ཏེ་སེམས་དུག་གསུམ་གྱི་རྣམ་རྟོག་ཐམས་ཅད་རྒྱང་རིང་དུ་བྱས། ལྷ་དང་བླ་མ་ཡིད་ལ་དྲན་བཞིན་པས་སང་ཉིན་ཡི་དམ་ལྷའི་དཀྱིལ་འཁོར་མཐོང་བར་འགྱུར་རོ་སྙམ་པའི་དགའ་སྤྲོ་དུང་ངེ་བའི་སྒོ་ནས་དྲན་ཤེས་བཞིན་དང་ལྡན་པར་ཉལ་ན་ལུང་སྟོན་པའི་རྨི་ལམ་འབྱུང་བར་འགྱུར་ཏེ། དེ་ཡང་རྨི་ལམ་བཟང་བའི་ལྟས་ནི། རྨི་ལམ་སངས་རྒྱས་མཐོང་ན་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང་། །དེ་ལ་མཆོད་པ་བརྩོམས་པ་དང་། །དགེ་སློང་དག་ལ་ཆོས་ཉན་ཏམ། །ཡང་ན་མི་ཉན་ན་ཡང་རུང་། །ཆོས་ནི་རྣམ་པར་སྤྱོད་པ་དང་། །དེ་བཞིན་མདོ་སྡེ་རྣམ་པར་སྤྱོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྨི་ལམ་གྱི་གནས་སྐབས་སུ་དེ་བཞིན་གཤེགས་པའི་སྐུ་གཟུགས་དང་མཆོད་རྟེན་མཐོང་པ། དམ་པའི་ཆོས་ཀྱི་གླེགས་བམ་ཐོགས་པ། དགེ་འདུན་གྱི་སྡེའི་དབུས་སུ་བཞུགས་པ། རང་གི་བླ་མ་ལས་ཆོས་ཉན་པ། ཉི་ཟླ་ཤར་བ། རྒྱལ་པོར་དབང་བསྐུར་བ། རྟ་དང་གླང་པོར་ཞོན་པ། ཉི་ཕུག་དག་ཏུ་ཉི་མ་ལྡེ་བ། དགེ་སློང་དག་དང་ཆོས་ཀྱི་འབེལ་གཏམ་བྱེད་པ། ཟས་བཟང་པོ་རོ་བརྒྱ་དང་ལྡན་པ་ཐོབ་པ་དང་། འབྲུའི་བང་མཛོད་ལ་སོགས་པའི་གཏེར་རྙེད་པ་དང་། སྐྱེ་བོ་མང་པོས་བདག་ལ་འདུད་བསྟོད་བྱེད་པ་དང་། སྐྱེ་བོ་མང་པོ་ལ་བདག་ཉིད་ཀྱིས་ཆོས་བཤད་པ། ཕ་མ་དང་བླ་མ་དང་མཛའ་བཤེས་དང་ཕྲད་པ། གོས་རྒྱན་བཟང་པོས་བརྒྱན་པ་ལ་སོགས་པ་རྨིས་ན་རྨི་ལམ་བཟང་བ་ཡིན་པས་སྔགས་ཀྱི་དངོས་གྲུབ་རབ་འབྲིང་ཐ་མ་གསུམ་གང་རུང་འགྲུབ་པར་ཤེས་པར་བྱས་ནས་ཞེན་པ་མེད་པའི་དགའ་བ་བསྒོམ་ཞིང་དགའ་སྟོན་བྱ། གལ་ཏེ་ངན་པའང་འབྱུང་སྲིད་དེ། དེའི་ལྟས་ནི། རྒྱ་སྐྱེགས་ཀྱི་རི་ལ་འཛེགས་པ་དང་། ཀ་ར་ཝཱི་རའི་མེ་ཏོག་རྒྱས་པ་འཐུ་བ།
ཤོག་ལྷེ་༢༦༣མཆོད་སྡོང་དང་བྱེ་མ་དང་ཐལ་ཕུང་ལ་འཛེགས་པ། སྤྲེའུ་དང་བོང་བུ་ལ་ཞོན་ནས་ཁ་ཕྱིར་ཕྱོགས་ཏེ་འགྲོ་བ། ཕག་དང་རྔ་མོ་དང་མ་ཧེ་ལ་ཞོན་པ། བུད་མེད་ནག་མོ་གོས་ནག་ཅན་ལ་འདོད་ལོག་སྤྱོད་པ། གཡང་ས་དང་། གཅོང་རོང་དུ་ཞུགས་པ། རི་དང་ཤིང་ལས་ལྷུང་བ། ཁྱི་དང་ཁྭ་དང་སྲིན་པོས་ཟོས་པ། མི་ནག་པོ་ལྕགས་ཀྱི་དབྱུག་པ་ཅན་གྱིས་བསྡིགས་པ། སྐྲ་བྲེགས་པ། ལུས་ལ་ཏིལ་མར་གྱིས་བྱུགས་པ། ཕྲེང་བ་དམར་པོས་ཐོད་བཅིངས་པ་ལ་སོགས་པ་བྱུང་ན་ཅུང་ཟད་ངན་པ་ཡིན་པས་གཉིད་སད་མ་ཐག་ཏུ་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་དང་ཁྱད་མེད་དེ། དོན་མ་གྲུབ་པ་ཅུང་ཟད་ཀྱང་མེད་སྙམ་དུ་བདེན་མེད་ཀྱིས་སྦྱངས་པས་རྒྱས་འདེབས་པ་དང་། སངས་རྒྱས་སྤྱན་གྱི་རྣལ་འབྱོར་བླ་མ་བརྒྱུད་པའི་མན་ངག་ལས་བྱུང་བ་བཞིན་ལུང་བླངས་ཏེ་ཉམས་སུ་ལེན་པ་དང་། ཞི་བའི་སྦྱིན་སྲེག་བླུགས་པ་ལ་སོགས་པ་རྨི་ལམ་ངན་པའི་འབྲས་བུ་མི་འབྱུང་བའི་ཐབས་ལ་བརྩོན་པར་བྱ་དགོས་པ་ཡིན། དེ་རྣམས་ཀྱིས་སློབ་མ་སྟ་གོན་གྱི་བྱ་བ་རྣམས་ལེགས་པར་གྲུབ་ཟིན་ནས། དངོས་གཞི་དབང་བསྐུར་བའི་ཆོ་ག་སང་ཉིན་འབྱུང་བ་ལགས་ཞེས་བརྗོད་དོ། །དངོས་གཞི་དབང་བསྐུར་བའི་བརྡ་སྤྲོད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའ་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་དབང་བསྐུར་བ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ཇི་ལྟར་འབྱུང་བ་བཞིན་གསལ་བཏབ་ནས་གསན་པར་ཞུ། དེ་ལ་རང་རེ་རྣམས་ཀྱིས་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་རྙེད། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་
ཤོག་ལྷེ་༢༦༤བསྟན་པ་དང་མཇལ། བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་བླང་དུ་ཡོད་པའི་སྐབས་འདིར་དམ་པའི་ཆོས་རྣམ་པར་དག་པ་རེ་བྱེད་དགོས། དེའི་རྒྱུ་མཚན་དོན་དམ་པར་སེམས་ཅན་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ནའང་གནས་སྐབས་སུ་གློ་བུར་གྱི་དྲི་མ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་སྤངས་ཀྱི་བར་ལ་རྒྱུན་ཆད་མེད་པར་སྡུག་བསྔལ་གྱི་ཁོར་མོ་ཡུག་ཏུ་གྱུར་པའི་འཁོར་བར་སྐྱེ་ཞིང་། འཁོར་བའི་སྐྱེ་གནས་གང་དུ་སྐྱེས་ཀྱང་བཟོད་པར་དཀའ་བའི་སྡུག་བསྔལ་མེ་འོབས་བཞིན་ལས་མ་འདས་པ་ཡིན། སྡུག་བསྔལ་ཅན་གྱི་སེམས་ཅན་དེ་རྣམས་ཀྱིས་ཕ་མ་མ་བྱས་པ་གཅིག་ཀྱང་མེད་པས་འདི་རྣམས་སངས་རྒྱས་ཀྱི་ས་ལ་བཞག་པའི་སླད་དུ་ཚེ་འདིའི་བྱ་བ་སྙིང་པོ་མེད་པ་ཐམས་ཅད་སྤངས་ཏེ་དམིགས་པ་ཚད་མེད་པའི་སྙིང་རྗེ་ཆེན་པོ་དང་། ཤེས་རབ་ཆེན་པོ་ཟུང་དུ་འཇུག་པའི་བདག་ཉིད་ཅན་གྱི་དཔལ་ཀྱཻ་རྡོ་རྗེའི་གོ་འཕང་ཐོབ་པར་བྱ་དགོས། དེའི་ཆེད་དུ་བདེན་གཉིས་ཟུང་འཇུག་ཏུ་རྟོགས་པའི་ལྟ་བས་རྒྱུད་སྦྱངས་ནས་བསྐྱེད་རིམ་བསྒོམ་པ་ལ་དབང་བར་བྱེད་པ་བུམ་པའི་དབང་བསྐུར་བ་དང་རྫོགས་རིམ་བསྒོམ་པ་ལ་དབང་བར་བྱེད་པ་དབང་གོང་མ་གསུམ་མཐའ་རྟེན་དང་བཅས་པ་བླངས་ལ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་འདུན་པ་དུང་པ་རེ་བསྐྱེད་མཛོད། དེ་ལ་སྟ་གོན་དུ་གནས་པ་ཡན་ཆད་གྲུབ་ཟིན་ནས། དངོས་གཞིའི་ཆོ་ག་ལ་བྲི་ཞིང་རྒྱན་དགྲམ་པ། སྒྲུབ་ཅིང་མཆོད་པ། འཇུག་ཅིང་དབང་བླང་བ། མཇུག་གི་ཆོ་ག་སྟེ་རྣམ་པ་བཞི་ཡོད་པ་ལས། བྲི་བ་ལའང་། ཐིག་གིས་བྲི་བ། ཚོན་གྱིས་བྲི་བ། མཚན་མ་དགོད་པ། རྒྱན་དགྲམ་པ་སྟེ་བཞི་དང་། སྒྲུབ་ཅིང་མཆོད་པ་ལ་བདག་བསྐྱེད་སྔོན་དུ་སོང་བའི་སྒོ་ནས་དམ་ཚིག་གི་དཀྱིལ་འཁོར་འབྱིན་པའི་ཚུལ་གྱིས་སྒྲུབ་པ་དང་། སྐྱེ་མཆེད་
ཤོག་ལྷེ་༢༦༥སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ཚུལ་གྱིས་སྒྲུབ་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པའི་ཚུལ་གྱིས་སྒྲུབ་པ་དང་། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་བཏབ་པའི་ཚུལ་གྱིས་སྒྲུབ་པ་སྟེ་རྣམ་པ་བཞིས་བསྒྲུབ་ནས་ནང་དུ་དཀྱིལ་འཁོར་པ་མཆོད་པས་མཉེས་པར་བྱ་བ་དང་། ཕྱི་རོལ་ཏུ་འབྱུང་པོའ་ཚོགས་རྣམས་གཏོར་མས་ཚིམས་པར་བྱ་བ་རྣམས་དགོས་ཏེ། ཁོ་བོས་སྔོན་དུ་ལེགས་པར་གྲུབ་ཟིན་པ་ཡིན་ཞེས་བརྡ་སྤྲད། རས་བྲིས་ལྟར་ན། གོང་གི་དངོས་གཞིའི་ཆོ་ག་ལ་ཞེས་པའི་སྔོན་དུ།བདག་བསྐྱེད་སྔོན་དུ་སོང་བའི་ཞེས་པ་ནས།ལེགས་པར་གྲུབ་ཟིན་པ་ཡིན་ཅེས་པའི་བར་གྱིས་ཆོག །འཇུག་ཅིང་དབང་བསྐུར་བ་ལ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བ་དང་། སློབ་མ་བདག་ཉིད་འཇུག་ཅིང་དབང་བསྐུར་བ་གཉིས་ལས། དང་པོ་བདག་ཉིད་འཇུག་ཅིང་དབང་བླང་བ་ནི། སློབ་མ་ལ་ཇི་ཙམ་བསྐུར་བའི་དབང་ཐམས་ཅད་བདག་འཇུག་གི་ཚུལ་དུ་ལེན་པ་སྟེ། དེ་དག་ཀྱང་སྔོན་དུ་ལེགས་པར་གྲུབ་ཅིང་། དེའི་རྗེས་སུ་ཕྱི་ནང་གི་མཁའ་འགྲོ་མཉེས་པར་བྱ་བའི་ཕྱིར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་དབུལ་བ་དང་། སློབ་མ་གཞུག་པའི་ཕྱིར་དུ་དམ་ཚིག་གསུམ་གྱིས་གླུ་བླངས་ཤིང་། དེ་ཁོ་ན་ཉིད་ཀྱི་བདེན་པ་བསྒྲགས་པ་རྣམས་གྲུབ་པར་བྱས་པ་ལགས། ད་ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མ་འཇུག་ཅིང་དབང་བསྐུར་བ་ལ་ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དང་། ཞུགས་ནས་མངོན་པར་དབང་བསྐུར་བའི་ཆོ་ག་གཉིས་ཡོད་པ་ལས། འཇུག་པ་ལ་མཎྜལ་ཕུལ་ཏེ་གསོལ་བ་གདབ། །སྡོམ་པ་བསྒྲགས་བཟུང་གཉིས་ཀ་བྱ། །གདོང་བཅིངས་མེ་ཏོག་ཕྲེང་བ་གཏད། །འཁྱིལ་པས་བསངས་ཤིང་དྲིས་ལན་བྱ། །ནང་གི་
ཤོག་ལྷེ་༢༦༦སེམས་བསྐྱེད་གསང་བར་གདམས། །ཡོལ་བའི་ནང་འཇུག་དམ་ལ་བཞག །ཡེ་ཤེས་དབབ་སྟེ་གསོལ་བ་གདབ། །ཁ་དོག་དྲིས་ལན་བསྟོད་པ་བྱ། །མེ་ཏོག་ཕུལ་ཏེ་མིག་རས་ཕྱེ། །དཀྱིལ་འཁོར་བསྟན་པ་འཇུག་པའོ། །ཞེས་པ་ལྟར་ལས། ཐོག་མར་སློབ་དཔོན་ལ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དཔལ་ཀྱཻ་རྡོ་རྗེ་དངོས་ཡིན་སྙམ་པའི་མོས་པ་དང་ལྡན་པའི་སྒོ་ནས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བདག་མེད་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའ་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའ་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་གསོལ་བ་བཏབ་པའི་སྒོ་ནས་དོན་དུ་གཉེར་བྱའི་གཙོ་བོ་དམ་ཚིག་དེ་ཉིད་ཅེས་པའི་དམ་ཚིག་ཐོབ་པར་བྱེད་པ་ལ་ཁས་བླངས་དང་ཆོ་གའི་སྒོ་ནས་ཐོབ་པར་བྱ་བ་གཉིས་ཡོད་པ་ལས། ཁས་བླངས་ཀྱི་སྒོ་ནས་ཐོབ་པར་བྱ་བ་ལ་འཛིན་རྒྱུའི་དམ་ཚིག་ངོ་ཤེས་པར་བྱ་བའི་ཆེད་དུ་སྡོམ་པ་བསྒྲགས་པ་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་གཟུང་བྱ་སྟེ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་
ཤོག་ལྷེ་༢༦༧དྲིལ་བུ་ཞེས་སུ་བཤད། །སློབ་དཔོན་ཁྱེད་ཀྱིས་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱོས། །དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླ་བར་བྱ། །གལ་ཏེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་ལ་ལོག་པར་མི་སྤྱད་ཅིང་། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་དོན་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤངས། །དམ་པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་འབྱོར་པ་ཀུན་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་བསྐྱང་། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤངས། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་
ཤོག་ལྷེ་༢༦༨འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་གྲགས། །ཞེས་གསུངས་ཏེ། དེའི་དོན་ནི་སངས་རྒྱས་ཏེ་རྣམ་སྣང་གི་དམ་ཚིག་ཏུ་ཕྱི་ནང་གསང་བའི་དཀོན་མཆོག་གསུམ་སྐྱབས་གནས་སུ་འཛིན་པ་ཡིན་ཏེ། རྣམ་སྣང་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡིན་པས་ཡོན་ཏན་གྱི་རྟེན་བྱེད་པ་ལྟར་སྐྱབས་གསུམ་འཛིན་པའི་སྡོམ་པས་ཀྱང་སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ཕྱིར་རོ། །རྡོ་རྗེ་མི་བསྐྱོད་པའི་དམ་ཚིག་ནི་ཕྱི་ནང་གསང་བའི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་སློབ་དཔོན་རྣམས་འཛིན་པ་སྟེ། མི་བསྐྱོད་པ་ཐུགས་རྡོ་རྗེ་བྱང་ཆུབ་སེམས་ཀྱི་ངོ་བོ་ཡིན་པ་ལྟར་དམ་ཚིག་གསུམ་དང་སློབ་དཔོན་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་འཛིན་པས་སོ། །རིན་ཆེན་ཏེ་རིན་འབྱུང་གི་དམ་ཚིག་ནི། ཟང་ཟིང་མི་འཇིགས་ཆོས་བྱམས་པའི་སྦྱིན་པ་རྣམས་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་དུས་དྲུག་ཏུ་བཏང་བའམ། དངོས་སུ་མི་ནུས་ན་འདུན་པ་དང་མ་བྲལ་བར་བྱ་བ་སྟེ། རིན་འབྱུང་སྦྱིན་པའི་ངོ་བོ་སེར་སྣ་རྣམ་པར་དག་པ་ཡིན་པ་ལྟར། སྦྱིན་པའང་དབུལ་པོ་འདོར་བར་བྱེད་པ་དང་སེར་སྣའི་གཉེན་པོ་ཡིན་པས་སོ། །པདྨ་སྟེ་འོད་དཔག་མེད་ཀྱི་དམ་ཚིག་ནི་ཕྱི་བྱ་སྤྱོད་ནང་རྣལ་འབྱོར་གསང་བ་རྣལ་འབྱོར་བླ་མེད་དེ་རྒྱུད་སྡེ་བཞི་དང་། ཉན་ཐོས་རང་སངས་རྒྱས་བྱང་ཆུབ་སེམས་དཔའ་སྟེ་ཐེག་པ་གསུམ་དང་བཅས་པའི་དམ་པའི་ཆོས་འཛིན་པར་དམ་བཅའ་བ་སྟེ། འོད་དཔག་མེད་ཤེས་རབ་ཀྱི་ངོ་བོ་གསུང་རྣམ་པར་དག་པ་ཡིན་པ་ལྟར། ཆོས་ཀྱང་ཤེས་རབ་ཀྱིས་འཛིན་ཅིང་གསུང་གིས་སྟོན་པར་བྱེད་པའོ། །ལས་ཀྱི་རིགས་ཏེ་དོན་ཡོད་གྲུབ་པའི་དམ་ཚིག་ནི་སྡོམ་པ་ཐམས་ཅད་འཛིན་པ་དང་མཆོད་པའི་ལས་ལ་བརྩོན་པར་བྱ་བ་ཡིན་ཏེ། དོན་ཡོད་གྲུབ་པ་བརྩོན་འགྲུས་ཀྱི་ངོ་བོ་ཕྲིན་ལས་ཀྱི་
ཤོག་ལྷེ་༢༦༩རང་བཞིན་ཡིན་པ་ལྟར། དགེ་བ་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་སྡོམ་པ་འཛིན་པ་དང་། སངས་རྒྱས་ལ་མཆོད་པ་བྱེད་པ་གཉིས་ཀའང་སངས་རྒྱས་ཀྱི་ཕྲིན་ལས་རྗེས་སུ་སྐྱོང་བ་ཡིན་པས་སོ། །དེ་རྣམས་ཀྱིས་རིགས་ལྔ་སོ་སོའ་དམ་ཚིག་བསྒྲགས་ནས། རིགས་ལྔ་སྤྱིའི་དམ་ཚིག་བསྒྲགས་པ་ལ་ཚུལ་ཁྲིམས་གསུམ་སྤྱིར་བཤད་པ་དང་། སོ་སོར་བཤད་པ་གཉིས་ལས། དང་པོ་ནི། དེ་ལས་གཞན་ཡང་བཅུ་བཞི་ནི། །ཞེས་སོགས་ཤློ་ཀ་གཉིས་ཏེ། ནམ་མཁའི་སྙིང་པོའ་མདོ་ལས་བཤད་པའི་བྱང་ཆུབ་སེམས་དཔའ་རྒྱལ་པོ་ལ་འབྱུང་བའི་ལྟུང་བ་གཅིག །བློན་པོ་ལ་འབྱུང་བ་གཅིག །རྒྱལ་བློན་ཐུན་མོང་དུ་འབྱུང་བ་བཞི། བྱང་སེམས་ལས་དང་པོ་པ་ལ་འབྱུང་བའི་བརྒྱད་དེ་བཅུ་བཞི་པོ་འདིར་ཡང་བསྲུང་དགོས་པར་སྟོན་པ་ལགས། གཉིས་པ་སོ་སོར་བཤད་པ་ལ། ཉེས་སྤྱོད་སྡོམ་པ། །དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལས། །དང་པོ་ནི། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །ཞེས་སོགས་ཤློ་ཀ་གཉིས་ཏེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སོ་ཐར་རིགས་བདུན་གང་རུང་ཡིན་པས་རང་རང་གི་ཆོ་ག་ལས་ཐོབ་པའམ། དེས་མ་ཐོབ་ན་སྟ་གོན་དང་འཇུག་པའི་སྐབས་སུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དང་ན་མཉམ་པའི་སོ་ཐར་གྱི་སྡོམ་པ་ཐོབ་པས་ན་དེའི་བསླབ་བྱ་རྩ་བཞི་ཆང་དང་ལྔ་པོ་གཞན་དོན་དུ་འགྱུར་ན་མ་གཏོགས་སྤང་དགོས་པར་སྟོན་པ་ལགས། དགེ་བ་ཆོས་སྡུད་ནི། དམ་པ་ཉེ་བར་བསྟེན་བྱ་ཞིང་། །ཞེས་སོགས་རྐང་པ་དྲུག་སྟེ་དགེ་བ་སྤྱོད་པའི་གྲོགས་སྐྱེས་བུ་དམ་པ་དང་། རྣལ་འབྱོར་པ་རྣམས་ལ་བརྟེན་ནས་དགེ་བ་བཅུ་སྤྱོད་པ་སྟེ། བཅུ་པོ་དེར་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་ཐམས་
ཤོག་ལྷེ་༢༧༠ཅད་འདུས་པས་སོ། །སེམས་ཅན་དོན་བྱེད་ནི། ཐེག་པ་དམན་ལ་འདོད་མི་བྱ། །ཞེས་སོགས་ཤློ་ཀ་གཅིག་སྟེ། སེམས་ཅན་གྱི་དོན་བྱེད་པའི་མི་མཐུན་ཕྱོགས་རྣམས་སྤངས་པའི་སྒོ་ནས་སེམས་ཅན་གྱི་དོན་བསྒྲུབ་དགོས་པར་སྟོན་པ་ཡིན། དེ་དག་མདོར་བསྡུས་ཏེ་བསྒྲགས་པ་ནི། ལྷ་དང་ལྷ་མིན་ཞེས་སོགས་ཤློ་ཀ་གཅིག་སྟེ། གཞན་ལ་གནོད་པ་དང་། གཞན་མ་དད་པར་འགྱུར་བའི་སྤྱོད་པ་རྣམས་སྤོང་བ་དང་། སོ་ཐར་བྱང་སེམས་གཉིས་སུ་མ་ཟད་གསང་བ་སྤྱི་རྒྱུད་སོགས་རྒྱུད་སྡེ་འོག་མ་ནས་བཤད་པའི་དམ་ཚིག་རྣམས་ཀྱང་བསྲུང་དགོས་པར་སྟོན་པ་སྟེ། རྒྱུད་སྡེ་གོང་མའི་སྡོམ་པའི་ནང་དུ་འོག་མའི་སྡོམ་པའང་འདུ་བས་སོ། །དེ་ལྟར་བཤད་པའི་དོན་དེ་དག་ཡིད་ལ་དྲན་པ་དང་བཅས་པའི་སྒོ་ནས་དམིགས་པ་འདི་བཞིན་མཛོད། ཅེས་སོགས་ཀྱིས་བརྡའ་སྤྲད་ལ་སྟ་གོན་གྱི་སྐབས་དཀོན་མཆོག་སོགས་ནས་འགྲུབ་པར་ཤོག །ཅེས་པས་རྒྱུད་དག་པར་བྱས་ནས་རིགས་ལྔ་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་ཀྱང་འཛིན་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའ་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་ནི། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་
ཤོག་ལྷེ་༢༧༡མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པས་དམ་ཚིག་དང་སྡོམ་པ་འཛིན་པར་ཁས་བླངས་ནས། འཛིན་རྒྱུའི་དམ་ཚིག་དང་སྡོམ་པའི་གཙོ་བོ་དབང་བསྐུར་བ་ལས་སྐྱེ་བར་འགྱུར་ཞིང་། དབང་བསྐུར་བའང་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་སྔོན་ཆད་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་མ་ཞུགས་པའམ། ཞུགས་ཀྱང་བསྐུར་ནས་འཇུག་པའི་མཚོན་བྱེད་དུ་རས་ཡུག་དམར་པོ་རེས་གདོང་བཅིངས་པའི་མོས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ་ཞེས་པས་གདོང་བཅིང་ནས།དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་བཏུབ་པས་ཕྱག་རྟེན་གྱི་སླད་དུ་མེ་ཏོག་རིགས་ལྔ་བརྒྱུས་པའི་ཕྲེང་བ་རེ་བྱིན་པའི་མོས་པ་མཛོད། ཨཱ་ཁཾ་སོགས་ཀྱིས་སྦྱིན།སློབ་དཔོན་གྱི་ཐུགས་ཀ་ནས་བདུད་རྩི་འཁྱིལ་བའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱོན་ནས་དབང་ལེན་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་རྒྱང་རིང་དུ་བསྐྲད་པའི་མོས་པ་མཛོད། ཅེས་དང་། ལས་བུམ་གྱི་ཆུ་གཏོར་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་
ཤོག་ལྷེ་༢༧༢ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་བར་དུ་གཅོད་པ་བསྲུངས་ནས། རིགས་ངེས་པར་བྱ་བའི་སླད་དུ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། ཞེས་དྲིས་པའི་ལན་བཏབ་པའི་མོས་པ་མཛད་ནས་འདིའི་རྗེས་ཟློས་མཛོད། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །དེས་བུ་ལ་ཅི་ཞིག་བྱ། ཞེས་དྲིས་པའི་ལན་བཏབ་པའི་མོས་པ་མཛད་ནས་འདིའི་རྗེས་ཟློས་མཛོད། སངས་རྒྱས་མཆོག་གི་དམ་ཚིག་གོ །མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་སངས་རྒྱས་མཆོག་གི་དམ་ཚིག་འདོད་པ་དེས། །གསང་སྔགས་ནང་གི་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སེམས་ཅན་ཐམས་ཅད་ལ་ཕན་པ་བླ་ན་མེད་པ་བསྒྲུབ་པར་བགྱིའོ་སྙམ་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དུང་པ་ཞིག་བསྐྱེད། དེ་ཉིད་གཟུགས་ཀྱི་རྣམ་པར་ལངས་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པ་ཉ་གང་བ་ལྟ་བུ་ཞིག་ལམ་གྱིས་བྱུང་བའི་མོས་པ་མཛོད། །ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་བདེ་སྟོང་ནམ་མཁའ་ལྟ་བུའོ་སྙམ་དུ་ཡིད་ལ་བྱས་ཏེ། དེ་ཉིད་གཟུགས་ཀྱི་རྣམ་པར་ལངས་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པ་ཞིག་གསལ་ལམ་གྱིས་བྱུང་བར་མོས་ཏེ། དེ་གཉིས་དབྱེར་མེད་དུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་དེ་སྙིང་གར་རྡོ་རྗེ་བཞག་ནས་བརྟན་པར་བྱས་པའི་མོས་པ་མཛོད། ༀ་སུ་ར་ཏེ་ས་མ་ཡ་སྟཱཾ་ཧོཿསིདྱ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་པས་སེམས་བསྐྱེད་པ་རྣམས་ཕྱི་འཇུག་གི་གཙོ་བོ་ཡིན་པས་བརྡ་དོན་འཕྲོད་པ་གལ་ཆེ་བ་ལགས། །དེ་ལྟར་སེམས་བསྐྱེད་པ་དང་འོག་ནས་འབྱུང་བའི་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པ་རྣམས་སྣོད་དང་མི་ལྡན་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བཏུབ་བོ་ཞེས་
ཤོག་ལྷེ་༢༧༣གསང་བར་གདམས་པ་ནི། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་རབ་ཏུ་ཞུགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་པས་གསང་བར་གདམས་པ་རྣམས་ཕྱིའི་འཇུག་པ་ཡིན། ནང་འཇུག་གི་སླད་དུ་ཁྱེད་རང་རྣམས་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས་པའི་མོས་པ་བྱས་ཏེ་དཀྱིལ་འཁོར་གྱི་ཕྱོགས་ལ་དབུ་དུད་པ་དང་བཅས་པས་འདིའི་རྗེས་ཟློས་མཛོད། ཧཱུྃ་ཛཿཧཱུྃ་ཞེས་སམ། ཛཿཧཱུྃ་བཾ་ཧོཿ གང་མོས་བརྗོད་པས་དཀྱིལ་འཁོར་གྱི་ཤར་སྒོའི་སྒོ་ནང་དུ་འཁོད་པའི་མོས་པ་མཛོད། ནང་གི་འཇུག་པ་ལ་སྔོན་འགྲོ་དམ་ལ་བཞག་པ་བཞིའི་དང་པོ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱའི། །ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ་ཞེས་དང་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་དང་། འདིའང་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ཡིན་ཏེ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ་གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་ཁྱོད་ཀྱི་མགོ་བོ་འགེམ་པར་འགྱུར་རོ། །ཞེས་དང་། མནའ་ཆུ་སྦྱིན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྣམ་རྒྱལ་བུམ་པའི་ཆུ་དུང་ཆོས་སུ་
ཤོག་ལྷེ་༢༧༤བླུགས་པ་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ་ཞེས་དང་། བླ་མའི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི་ངས་འདི་བྱོས་ཤིག་ཅེས་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ང་ལ་ཡང་བརྙས་པ་མ་བྱེད་ཅིག །བྱས་ན་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་ཏ་རེ་ཞེས་པ་རྣམས་སྔོན་འགྲོ་དམ་ལ་བཞག་པ་ཡིན། །ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། ཞེས་པས་གསོལ་བ་བཏབ་ནས། ཁྱེད་རང་རྣམས་ལུས་ཙོག་པུ་གང་ལ་ཡང་མ་སྙེས་པར་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་སེམས་གཞན་ཏུ་མ་ཡེངས་པར་མཛད་ནས་དམིགས་པ་འདི་བཞིན་མཛོད། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ནམ་སྒྱུ་མ་ལྟ་བུར་ཤེས་པར་བྱས་ཏེ། དེའི་ངང་ལས་ཁྱེད་རང་རྣམས་ཧེ་རུ་ཀར་གསལ་བའི་རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་བདུངས་བ་ལྟ་བུ་ཆང་ཟུང་ཐུར་དུ་བསྟན། མཆོག་མ་གཉིས་གྱེན་དུ་བསྟན་པ་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རྐང་པ་གཉིས་བགྲད་ནས་གནས་པའི་རྐང་མཐིལ་གཉིས་སུ་ཡི་གེ་ཛྷཻཾ་ལྗང་གུ་དྲག་ཅིང་བཟོད་པར་དཀའ་བ་རྐང་པའི་བར་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པ། སྙིང་གར་ལཾ་ལས་བྱུང་
ཤོག་ལྷེ་༢༧༥བའི་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཟུར་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པའི་ལྟེ་བ་ལ་ཧཱུྃ། མགྲིན་པར་ཝཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པ་ལ་ཨས་མཚན་པ། སྤྱི་བོར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་དུ་བ་འཁྲིགས་པ་ལྟ་བུ་ལ་ཧས་མཚན་པ། སློབ་དཔོན་ལ་རྡོ་རྗེ་སེམས་དཔའ་དངོས་ཡིན་སྙམ་པའི་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྱེད་རང་གི་རྐང་འོག་གི་རླུང་ལ་ཕོག་པས་རླུང་གཡོས་ཏེ་སུམ་མདོར་མེ་སྦར། རྐང་མཐིལ་གྱི་ཛྷཻཾ་མེར་འབར་བ་ལོང་བུ་གཉིས་ནས་ཞུགས་སུམ་མདོའ་གནས་སུ་འཛོམ་སྟེ་དྲག་ཏུ་འབར་བས་སྙིང་གའི་ས་བསྲོས། དེས་མགྲིན་པའི་ཆུ་བསྐོལ་བའི་ཟེག་མ་སྙིང་གའི་སའི་སྟེང་དུ་བབ། དེ་ནས་རྐང་འོག་གི་རླུང་གིས་གྱེན་ལ་བཏེགས། སྤྱི་བོའ་རླུང་གིས་ཐུར་ལ་མནན་པའི་བར་སྣང་དུ་ཡེད་ཡེད་ཡོད་པར་གྱུར། དེའི་ཚེ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཁ་བ་ཆེན་པོ་བབ་པ་བཞིན་དུ་ཁྱེད་རང་རྣམས་ཀྱི་བ་སྤུའི་བུ་ག་རྣམས་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད། རྡོ་རྗེ་དྲིལ་བུ་དཀྲོལ་ཏེ། ཧཱུྃ་ཨ་ཧ་ཛྷཻཾ་ཞེས་དང་།ཨཱ་ཝེ་ཤ་ཡ་སྟྭཾ་བྷ་ཡ་སྟྭཾ་བྷ་ཡ། ར་ར་ར་ར། ཙ་ལ་ཡ། ཙ་ལ་ཡ། ཧཱུྃ་ཨ་ཧ་ཛྷཻཾ་ཞེས་མང་དུ་བརྗོད་ཅིང་སྤོས་རོལ་བྱ།རྒྱུ་དབང་གི་ཚེ་སྤོགས་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོར་བླ་མ་དམ་པ་སྐུ་དར་ལ་བབ་པ་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་ཅན། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་གཅིག་བསྒོམ་སྟེ། དེ་ལ་མོས་གུས་དྲག་ཏུ་བྱས་པའི་རྐྱེན་གྱིས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྗོད། རྩ་སྔགས་མང་དུ་བརྗོད་ཅིང་སྤོས་དང་རོལ་མོ་བྱ། དེ་ལྟར་ཡེ་ཤེས་ཕབ་པའི་བྱིན་རླབས་ཀྱི་རྒྱུན་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག་སྟེ་བརྟན་
ཤོག་ལྷེ་༢༧༦པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱས་ནས། ཕེབས་པའི་རྟགས་ནི་སྐུ་བབས་ན་ནམ་མཁའ་ལ་གར་བྱེད། གསུང་བབས་ན་སཾ་སྐྲྀ་ཏའི་སྐད་སྨྲ། ཐུགས་བབས་ན་དུས་གསུམ་ཤེས་པ་ལ་སོགས་པ་འབྱུང་བར་འགྱུར་བས་དེ་ཉིད་ངོ་ཤེས་པར་བྱས་ནས་ལམ་དུ་སྲོལ་བར་གྱིས་ཤིག །དེ་ལྟར་ཡེ་ཤེས་ཕེབས་པ་དེ་ལྷག་པའི་ལྷ་དང་ངོ་སྤྲོད་པའི་སླད་དུ་དཀྱིལ་འཁོར་ལ་གསོལ་བ་འདེབས་པ་སློབ་དཔོན་གྱིས་བགྱི་བར་གདའ་སྟེ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའ་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང་། །བསོད་ནམས་རིམ་པའང་དེ་བཞིན་ཤོག །རིགས་ནི་གང་གི་སྣོད་དུ་འགྱུར། འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ལན་གསུམ་དང་། ཞེས་གསོལ་བ་བཏབ་ནས། དངོས་གྲུབ་ཀྱི་ལྟས་བརྟག་པའི་ཆེད་དུ་ཁྱེད་རང་རྣམས་མིག་རས་དང་བཅས་བཞིན་དུ་དཀྱིལ་འཁོར་གྱི་ཐད་ཀྱི་བར་སྣང་ལ་བལྟས་ཏེ་མིག་གི་ལམ་དུ་ཁ་དོག་གང་མཐོང་བ་ཞིག་ངེད་ལ་སྨྲ་དགོས་པས། ཀྱེ་ཁྱེད་ཀྱི་མིག་ལམ་ན་ཅི་སྣང་། ཞེས་དྲིས་ལ། དཀར་པོ་མཐོང་ན་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། སྔོན་པོའམ་ནག་པོ་མངོན་སྤྱོད། ལྗང་གུའམ་སྣ་ཚོགས་སམ་ཁྲ་བོ་མཐོང་ན་ལས་སྣ་ཚོགས་འགྲུབ་པར་འགྱུར་རོ། །ཞེས་པས་དངོས་གྲུབ་ཀྱི་མཚན་ལྟས་བརྟག་ནས། སློབ་དཔོན་གྱིས་ལྷ་ཐམས་ཅད་གདན་གསུམ་ཚང་བའི་རང་བཞིན་དུ་ཤེས་པའི་སྒོ་ནས་བསྟོད་པ་ནི། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེ་བདག་ལ་སྩོལ། །འདོད་ཆགས་རྡོ་རྗེ་བདག་ལ་སྐྱོབས། །ཡིད་དང་ཕྲག་དོག་ཆེན་པོ་ཀུན། །རྡོ་རྗེ་ཀུན་གྱི་དམ་ཚིག་མཆོག །ལས་རྣམས་ཐམས་
ཤོག་ལྷེ་༢༧༧ཅད་སྒྲུབ་བྱེད་པ། །རྡོ་རྗེ་ཅན་ཀུན་བདག་དགྱེས་མཛོད། །ཅེས་པས་བསྟོད། དེ་ནས་དཀྱིལ་འཁོར་ལ་མེ་ཏོག་དབུལ་བ་ནི། འདི་ན་བཅོམ་ལྡན་འདས་དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་བཞུགས་པ་ཡིན་ཏེ། དེའང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་གདུལ་བྱ་འདུལ་བའི་ཆེད་དུ་གཙོ་འཁོར་གྱི་རྣམ་པ་ཅན་དུ་བསྟན་པ་ཙམ་མ་གཏོགས་ངོ་བོ་ལ་བཟང་ངན་གཅིག་ཀྱང་མེད་མོད། འོན་ཀྱང་རང་གི་ལས་བསགས་པའི་ལྷ་ཞིག་ལ་འབབ་པར་ཤོག་ཅིག་སྙམ་པའི་བློས། ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་གསུང་ཞིང་འབུལ་བའི་ཚུལ་མཛོད་ཅིག །ཅེས་བསྒོམ་ལ་ཕུལ་ཏེ་གང་ལ་ལྷུང་བ་ལས་ཉེ་བ་དེའི་རིགས་སུ་ངེས་པར་བྱས་ལ་མེ་ཏོག་དེ་སློབ་དཔོན་གྱིས་བླངས་ཏེ། ༀ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སྟྭ་མ་ཧཱ་བ་ལ། ཞེས་ལྷ་ལ་བོས་ནས་དེས་ཀྱང་མེ་ཏོག་གི་ཕྲེང་བ་སླར་སྦྱིན་པར་བསམས་ལ། མེ་ཏོག་སློབ་མའི་སྤྱི་བོར་བཞག་མིག་རས་བསལ་ཏེ། །ༀ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་པ། །རྡོ་རྗེའི་མིག་ནི་བླ་ན་མེད། ཧེ་བཛྲ་པཱ་ཤྱ། ཞེས་པ་ནི། ཀྱེ་རྡོ་རྗེ་ལྟོས་ཤིག་ཅེས་བསྐུལ་བ་ཡིན་པས། །དཀྱིལ་འཁོར་ལེགས་པར་གཟིགས་ཤིག །ཅེས་བསྒོ། །སླར་ཡང་དཀྱིལ་འཁོར་ལྟ་བར་བསྐུལ་བ་ནི། །ཐར་པ་ཆེན་པོའ་གྲོང་ཁྱེར་མཆོག །ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་དུ་ལྷུང་གྱུར་པ། །དེ་ནི་ཁྱོད་ཀྱི་ཧེ་རུ་ཀ །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ཀྱང་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །དམ་ཚིག་ཐམས་ཅད་བསྐྱངས་པ་དང་། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་ལ། དེའང་འདི་ན་དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོ་བཞུགས་ཏེ། ཕྱི་རོལ་རྡོ་རྗེའི་
ཤོག་ལྷེ་༢༧༨རྭ་བ་གུར་མེ་རི་དང་བཅས་པའི་བསྲུང་བའི་འཁོར་ལོའ་ནང་དུ་དུར་ཁྲོད་བརྒྱད། དེ་དག་ལ་གནས་པའི་ཤིང་བརྒྱད། ཤིང་གི་རྩ་བ་ལ་གནས་པའི་ཕྱོགས་སྐྱོང་བརྒྱད། སྟེང་གི་ནམ་མཁའ་ལ་གནས་པའི་སྤྲིན་བརྒྱད། དེ་དག་ལ་གནས་པའི་ཀླུ་བརྒྱད། ཤིང་གི་ཡལ་ག་ལ་གནས་པའི་ཞིང་སྐྱོང་བརྒྱད། གཞན་ཡང་ཆུ་བརྒྱད། མེ་བརྒྱད། །མཆོད་རྟེན་བརྒྱད། གྲུབ་པ་ཐོབ་པའི་དཔའ་བོ་དང་། རྣལ་འབྱོར་མ་དང་། འདྲེ་དང་། སྲིན་པོ་དང་། མཁའ་འགྲོ་དང་། མཁའ་འགྲོ་མ་དང་། རོ་དང་རོ་ལངས་ལ་སོགས་པས་ཡོངས་སུ་གང་བའི་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་ནང་དུ་ཆོས་འབྱུང་གི་ནང་དུ་ཚུད་པའི་སྣ་ཚོགས་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཐར་པ་ཆེན་པོའ་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། ནང་ནས་རིམ་པ་བཞིན་ནག་པོ། ལྗང་གུ། དམར་པོ། སེར་པོ། དཀར་པོའ་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། དེའི་སྟེང་དུ་རིན་པོ་ཆེའི་མདའ་ཡབ་དང་པུ་ཤུས་བརྒྱན་པ། རྩིག་པའི་ཕྱི་རོལ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་བཅོམ་ལྡན་འདས་ལ་མཆོད་པ། ནང་ཀ་བ་བརྒྱད་དང་ལྡན་པ། སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་སྟེང་དུ་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་བརྒྱན་པ། སྒོ་བཞིའི་ཐད་སོར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་སྟེང་དུ་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གདུགས་དང་རི་དྭགས་དང་བཅས་པ། གཞན་ཡང་གོས་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་དང་།
ཤོག་ལྷེ་༢༧༩ཕྲེང་བ་དང་། ཟླ་བ་རླུང་གིས་བསྐྱོད་པ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་རྒྱན་དུ་མས་བརྒྱན་པའི་གཞལ་ཡས་ཁང་གི་ནང་གི་ལྷ་རྣམས། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བའི་དབུས་སུ་སྡོང་བུ་དང་བཅས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཚངས་པ་ལ་སོགས་པ་བདུད་བཞིའི་གདན་དང་། འདབ་མ་བརྒྱད་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཤར་དུ་ཚངས་པ་སེར་པོ། ལྷོར་དབང་པོ་དཀར་པོ། ནུབ་ཏུ་ཉེ་དབང་སྔོན་པོ། བྱང་དུ་དྲག་པོ་ནག་པོ། བྱང་ཤར་དུ་གཤིན་རྗེ་སྔོན་པོ། ཤར་ལྷོར་ནོར་བདག་སེར་པོ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ། ནུབ་བྱང་དུ་ཐག་ཟངས་རིས་དུད་ཀ་རྣམས་འགྱེལ་ཞིང་གདོང་གྱེན་དུ་ཕྱོགས་པའི་གདན་དང་བཅས་པ་རྣམས་ནི་རྟེན་གཞལ་ཡས་ཁང་པ་ཡིན་ལ། བརྟེན་པ་ལྷ་ནི་ཤར་དུ་གཽ་རཱི་ནག་མོ་གཡས་གྲི་གུག །གཡོན་ཉ་རོ་ཧི་ཏ་འཛིན་པ། ལྷོར་ཙཽ་རཱི་དམར་མོ་གཡས་ཅང་ཏེའུ། གཡོན་ཕག་པ་འཛིན་པ། ནུབ་ཏུ་བེ་ཏཱ་ལཱི་སེར་མོ་གཡས་རུས་སྦལ། གཡོན་ཐོད་པ་འཛིན་པ། བྱང་དུ་གྷསྨ་རཱི་ལྗང་གུ་གཡས་སྦྲུལ། གཡོན་ཐོད་པ་འཛིན་པ། བྱང་ཤར་དུ་པུཀྐ་སཱི་སྔོན་མོ་གཡས་སེང་གེ་གཡོན་དགྲ་སྟྭ་འཛིན་པ། ཤར་ལྷོར་རི་ཁྲོད་མ་དཀར་མོ་གཡས་དགེ་སློང་། གཡོན་གསིལ་བྱེད་འཛིན་པ། ལྷོ་ནུབ་ཏུ་གདོལ་པ་མོ་སྔོ་དམར་གཡས་འཁོར་ལོ། །གཡོན་ཐོང་གཤོལ་འཛིན་པ། ནུབ་བྱང་དུ་གཡུང་མོ་ཁ་དོག་སྣ་ཚོགས་པ། གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ་སྟེ་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ། བཅོམ་ལྡན་འདས་སྙིང་པོ་ཀྱཻ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད། ཕྱག་བཅུ་དྲུག་པ། ཞབས་བཞི་པ།
ཤོག་ལྷེ་༢༨༠རྩ་བའི་ཞལ་སྔོན་པོ། གཡས་དཀར། གཡོན་དམར། སྟེང་ཞལ་དུད་ཀ་ཞལ་ལྷག་མ་གཉིས་གཉིས་གནག་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་བཞི་བཞི་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ། གཡོན་གྱི་དང་པོ་ན་སའི་ལྷ་སེར་པོ། དེ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྟ་སྔོན་པོ། གསུམ་པ་ན་བོང་བུ་གྭ་པ། བཞི་པ་ན་གླང་སེར་པོ། ལྔ་པ་ན་རྔ་མོང་ཐལ་ཀ །དྲུག་པ་ན་མི་དམར་པོ། བདུན་པ་ན་ཤ་ར་བྷ་སྔོན་པོ། བརྒྱད་པ་ན་བྱི་བླ་གྭ་པ། གཡོན་གྱི་གཉིས་པ་ན་ཆུའི་ལྷ་དཀར་པོ། གསུམ་པ་ན་མེའི་ལྷ་དམར་པོ། བཞི་པ་ན་རླུང་གི་ལྷ་ལྗང་གུ། ལྔ་པ་ན་ཟླ་བའི་ལྷ་དཀར་པོ། དྲུག་པ་ན་ཉི་མའི་ལྷ་དམར་པོ། བདུན་པ་ན་གཤིན་རྗེ་སྔོན་པོ། བརྒྱད་པ་ན་ནོར་འཛིན་སེར་པོ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། ཞབས་གཡས་གཉིས་བརྐྱངས་པའི་བརླ་ལ་གཡོན་གཉིས་བསྐུམ་པའི་སོར་མོ་རྣམས་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། །སྒེག་ཅིང་དཔའ་བ་མི་སྡུག་པ། །དགོད་ཅིང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །དེའི་པང་ན་ཡུམ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐྲ་སེར་པོ་གྱེན་དུ་བརྫེས་པ། གཡས་གྲི་གུག །གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་
ཤོག་ལྷེ་༢༨༡དང་ལྡན་པ། ཞབས་གཡོན་བརྐྱངས་ཤིང་གཡས་བསྐུམ་པས་ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེ་ལྟར་ན་ལྷག་པའི་ལྷའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མཐོང་ངོ་སྙམ་པའི་དགའ་བའི་བློས་སློབ་དཔོན་གྱི་ཞབས་ལ་ཕྱག་བྱས་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། ༀ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། །ༀ་རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དེ་རིང་བདག་གིས་མཐོང་། །ༀ་གསང་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །ས་མ་ཡ་ཧོཿཧོཿཧོཿ། ཞེས་པ་རྣམས་ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་ཡིན། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་རྡོ་རྗེ་སློབ་མའི་དབང་དང་སློབ་དཔོན་གྱི་དབང་གཉིས་ཀྱི་དང་པོ་ལ། མཎྜལ་དབུལ་ཞིང་གསོལ་བ་གདབ། །ལྷར་བསྐྱེད་བྱུར་བསལ་ཤིས་པ་བརྗོད། །ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་མིང་དང་བརྟུལ་ཞུགས་སྦྱིན། །སྤྲོ་ན་སྔགས་ཀྱི་བཟླས་ལུང་སྦྱིན། །ཞེས་པ་ལྟར་ལས། དང་པོ་རྡོ་རྗེ་སློབ་མའི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་པས་གསོལ་བ་བཏབ་སྟེ། སྔོན་འགྲོ་བྱུར་བསལ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ཀྱི་དཀྱིལ་འཁོར་གྲུ་བཞི་པ། སྒོ་བཞི་པ་རྟ་བབས་བཞིས་མཛེས་པ་འདོད་སྣམ་ཕ་གུ་དྲྭ་བ་དྲྭ་ཕྱེད་མདའ་ཡབ་པུ་ཤུ་ལ་སོགས་
ཤོག་ལྷེ་༢༨༢པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་མ་བདུད་བཞི་བརྩེགས་པའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་བཅོམ་ལྡན་འདས་སྙིང་པོ་ཀྱཻ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡུམ་རྡོ་རྗེ་བདག་མེད་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། དེའི་གཡས་གཡོན་དུ་སྦྱང་བའི་ཡོ་བྱད་རྣམས་དང་། སྟེང་དུ་བླ་བྲེ། གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། མཐའ་སྐོར་ཀུན་ཏུ་དུང་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པའི་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་བཅས་པར་གྱུར། དེ་ཉིད་ལ་ཆུ་བཞིས་སྦྱང་བ་བྱས་པའི་མོས་པ་མཛོད། ༀ་ནཱི་རཱི་ཧཱུྃ་ཁཾ་སྭཱ་ཧཱ། ༀ་བཛྲ་ནི་ཝི་ཏི་ཧཱུྃ་ཁཾ་སྭཱ་ཧཱ། ༀ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། ༀ་ཨཱརྒྷཾ་པྲ་ཏཱི་ཙྪ་ཧཱུྃ།ཞེས་པས་སྦྱངས་ཏེ། ཁྱེད་རང་རྣམས་ཀྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྡིག་པའི་ས་བོན་ཀཾ་ཡིག་གི་རྣམ་པས་སྣ་སྒོར་ཐོན་ནས་མདུན་གྱི་ཏིལ་ལ་ཐིམ། སློབ་དཔོན་གྱི་ཐུགས་ཀ་ནས་ཧེ་རུ་ཀ་ཞིག་བྱེ་བ་ལས་ཀྱི་རྡོ་རྗེ་དང་ཐ་མི་དད་པར་གྱུར་ནས་ཁྱེད་རང་རྣམས་ཀྱི་སྡིག་སྒྲིབ་ཀྱི་ངོ་བོར་གྱུར་པའི་ཏིལ་དེ་གཡས་སུ་ཡེ་ཤེས་ཀྱི་མེས་བསྲེགས། གཡོན་དུ་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བའི་མོས་པ་མཛོད། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ། བཛྲ་ས་ཏྭ་སྱ། སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་དང་ཆུས་ཀྱང་སྦྱངས་པའི་མོས་པ་མཛོད། ༀ་ཧཱུྃ་ཌ་ཌི་ཏ་ཕཊ། རྡོ་རྗེ་སློབ་མ་རྣམས་ཀྱི་བྱུར་དང་སྐལ་པ་ངན་པ་དང་། བཀྲ་མི་ཤིས་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །ཅེས་པས་བྱུར་བསལ་ནས། སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པས་རྣམ་པར་རྒྱལ་བའི་བུམ་པ་ཐོགས་ནས་བཀྲ་ཤིས་ཀྱི་ཆོ་ག་བྱས་པའི་མོས་པ་མཛོད། ཕུན་སུམ་ཚོགས་འཛིན་གསེར་གྱི་རི་བོ་ལྟ་བུའི་མདོག །འཇིག་རྟེན་གསུམ་མགོན་དྲི་མ་གསུམ་
ཤོག་ལྷེ་༢༨༣ནི་རབ་ཏུ་སྤངས། །སངས་རྒྱས་ཆུ་སྐྱེས་འདབ་རྒྱས་ལྟ་བུའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །དམ་ཆོས་རབ་མཆོག་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འཇིག་རྟེན་བཀྲ་ཤིས་གཉིས་པ་དེང་འདིར་ཁྱོད་ལ་ཤོག །དམ་པའི་ཆོས་དང་ལྡན་ཞིང་ཐོས་པའི་བཀྲ་ཤིས་ཕྱུག །དགེ་འདུན་ལྷ་དང་ལྷ་མ་ཡིན་དང་མིས་མཆོད་པ། །ངོ་ཚ་དཔལ་གནས་ཚོགས་ཀྱི་ནང་ན་རབ་ཀྱི་མཆོག །འཇིག་རྟེན་བཀྲ་ཤིས་གསུམ་པ་དེང་འདིར་ཁྱོད་ལ་ཤོག །དགའ་ལྡན་ལྷ་ཡི་གཞལ་མེད་ཁང་ནི་སྙིང་པོར་བཅས། །འགྲོ་ལ་ཕན་ཕྱིར་འདིར་གཤེགས་དབང་པོར་བཅས་པའི་ལྷ། །རྗེས་སུ་འབྲང་བ་དེ་བཞིན་གཤེགས་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །འདབ་གསར་འཚེར་བའི་མེ་ཏོག་ཆར་འབབ་ལུམྦཱིའི་ཚལ། །མང་པོ་ལྷ་ཡིས་བསྟེན་པར་མགོན་པོ་བལྟམས་པ་ན། །སྲིད་པའི་མཐར་གྱུར་པ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །སྣ་ཚོགས་སྐྱོན་རྣམས་རྣམ་པར་གཞོམ་པར་བྱ་བའི་ཕྱིར། །དགེས་བས་དཀའ་ཐུབ་ཚལ་དུ་ནམ་ཕྱེད་མངོན་པར་བྱུང་། །དབང་བཅས་ལྷ་རྣམས་རྗེས་སུ་འབྲང་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །ཆུ་བོའ་འགྲམ་དུ་མཆོད་ཡོན་ཕྲེང་བས་ཡོངས་སུ་བསྐོར། །ཞི་ཕྱིར་ངོ་མཚར་གྱུར་པ་སྲིད་པ་དག་བྱེད་པ། །ཀླུ་ཡི་རྒྱལ་པོས་ལེགས་པར་བསྟོད་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །གྲོང་ཁྱེར་མཆོག་གྱུར་སེར་སྐྱ་ཞེས་ནི་བྱ་བ་དེར། །རྨད་དུ་གྲགས་པ་ཆེན་པོའ་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་དགེ་སྒྲུབ་དེ་བཞིན་
ཤོག་ལྷེ་༢༨༤གཤེགས་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །སེམས་ཅན་ཐམས་ཅད་ལ་ནི་ཕན་ཕྱིར་བྱང་ཆུབ་པ། །དམ་ཆོས་རིན་ཆེན་ཚོགས་ནི་ཐུབ་པ་ལས་བྱུང་བ། །སེམས་ཅན་དོན་བསྒྲུབ་རབ་རྒྱས་བརྩོན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །རབ་ཏུ་འོད་འབར་གསེར་མདོག་ལྟ་བུའི་སྐུ་མངའ་བ། །བཻ་ཌཱུ་མདོག་ལྟ་བུའི་རྩ་གདན་སྟེང་དུ་བཞུགས། །སྐྱིལ་ཀྲུང་ལེགས་བཅས་མི་གཡོ་སྐུ་མངའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །ཤིང་གི་རྒྱལ་པོའ་རྩ་བར་བཅོམ་ལྡན་བྱམས་སྟོབས་ཀྱིས། །བདུད་ཚོགས་ཀུན་ལས་རྣམ་པར་རྒྱལ་ཚེ་ས་དང་མཁར། །རྣམ་པ་སྣ་ཚོགས་ངོ་མཚར་གྱུར་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །ཝཱ་ར་ཎཱ་སིར་བཞུགས་ནས་བདེ་བར་གཤེགས་སྟོན་པས། །ས་དང་མཁའ་ལ་ངོ་མཚར་ཤིན་ཏུ་གསལ་བྱུང་བ། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་མཆོད་ཕྱིར་ཐོགས། །བསོད་ནམས་བྱ་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ཐུབ་པ་ཤཱཀྱ་སེང་གེས་གང་གསུངས་པའི། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །རྡོ་རྗེ་སློབ་མ་རྣམས་ཀྱི་སྤང་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །དེ་རྣམས་ཀྱིས་དབང་བསྐུར་བའི་སྔོན་དུ་འགྲོ་བའི་ཆོ་ག་རྣམས་གྲུབ་ནས། དངོས་གཞི་དབང་བསྐུར་བ་ལ་འདི་ལྟར་ངེས་པར་བྱ་སྟེ། དོན་དམ་ལྷན་ཅིག་སྐྱེས་པའི་རང་བཞིན་འོད་གསལ་ཆེན་པོས་སྐྱེ་འགྲོ་ཐམས་ཅད་ལ་ཁྱབ་པར་བཞུགས་ནའང་། ཀུན་རྫོབ་བག་ཆགས་འཁྲུལ་པའི་དབང་གིས་ང་དང་ང་ཡིར་བཟུང་
ཤོག་ལྷེ་༢༨༥བ་ལ་བརྟེན་ནས་བྱུང་བའི་ཕུང་ཁམས་སྐྱེ་མཆེད་དུ་སྣང་བ་མ་འགགས་ཀྱི་བར་དུ་སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་པས་འཁོར་འདས་ཀྱི་གཞི་སེམས་ཉིད་ཀུན་ཏུ་སྦྱང་བར་བྱ་དགོས་ཤིང་། དེ་སྦྱངས་པས་ཕྱི་རོལ་ཕུང་སོགས་ཀྱི་ཆོས་ལྟར་སྣང་བ་རྣམས་རང་གི་ངང་གིས་ལྷག་པའི་ལྷར་འགྱུར་ཏེ། རང་སེམས་དག་མ་དག་ཏུ་སྣང་བ་ལས་གཞན་པའི་རང་ལ་འཁོར་འདས་འཆིང་གྲོལ་དུ་སྣང་བ་མེད་པས་སོ། །དེས་ན་སེམས་ཉིད་རང་བཞིན་ལྷན་ཅིག་སྐྱེས་པ་དོན་གྱི་སྡོམ་པར་ངེས་པའི་ཤེས་པ་བརྟན་པོ་དང་ལྡན་པའི་སྒོ་ནས་དབང་དོན་དག་བྱ་དག་བྱེད་ངོ་འཕྲོད་པ་གལ་ཆེ་སྟེ། ཆོས་རྗེ་ས་སྐྱ་པཎྜི་ཏས། དབང་བསྐུར་ཆོས་སྒོ་ཙམ་མ་ཡིན། །གསང་སྔགས་རྟེན་འབྲེལ་ལམ་བྱེད་པས། །རྟེན་འབྲེལ་བསྒྲིགས་པའི་གདམས་ངག་ཡིན། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །སངས་རྒྱས་ས་བོན་བཏབ་ནས་ནི། །ཚེ་འདིར་སངས་རྒྱས་བྱེད་པ་ཡི། །ཐབས་ལ་དབང་བསྐུར་ཞེས་སུ་བཏགས། །ཞེས་འཚང་རྒྱ་བའི་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་དབང་བཞི་སྒོ་ནས་སྒྲིགས་དགོས་པར་གསུངས་ཤིང་། དེ་ཡང་སྦྱང་གཞི་རང་བཞིན་གྱིས་དག་པ་ལ་དག་པར་ཤེས་པའི་ཤེས་རབ་དང་ལྡན་པའི་སྒོ་ནས་ཀུན་རྫོབ་ཏུ་མ་དག་པར་སྣང་བ་རྣམས་ལྷ་སོ་སོའ་དག་པས་སྦྱང་དགོས་ལ། དེས་གྲོལ་བར་འགྱུར་རམ་ཞེ་ན། རང་སེམས་འཁྲུལ་པའི་ངོ་བོར་མ་དག་པར་སྣང་བ་དེ་ཉིད་སྔགས་ཀྱིས་སྦྱངས་ཏེ་རང་རིག་པའི་ཡེ་ཤེས་སུ་ཤེས་པར་བྱས་ནས་ལྷར་བསྒོམ་པས་གྲོལ་ཏེ། རང་བཞིན་ཀྱིས་དག་པའི་ཕྱིར་སྦྱོང་དུ་རུང་ཞིང་གློ་བུར་གྱི་དྲི་མ་དག་པའི་ཕྱིར་སྦྱང་དགོས་ལ། རང་བཞིན་རྣམ་དག་གི་ཆ་དེ་གློ་བུར་དྲི་བྲལ་དུ་ཞེན་ནས་ཞུགས་པས་ཞེན་པས་འཇུག་ཅིང་འབྲེལ་བས་མི་བསླུ་བའི་ཕྱིར་ཐབས་དེས་གྲོལ་བར་འགྱུར་ཏེ། དེའང་སྦྱོངས་གཞི་རགས་པ་ཕུང་ཁམས་སྐྱེ་
ཤོག་ལྷེ་༢༨༦མཆེད་དུ་སྣང་བའི་ཆོས་སུམ་ཅུ་རྩ་གཉིས། སྦྱང་བྱ་དེ་རྣམས་ལ་ཐ་མལ་དུ་འཛིན་པའི་རྣམ་རྟོག་རགས་པ་སུམ་ཅུ་རྩ་གཉིས། སྦྱོང་བྱེད་གདན་གསུམ་ཚང་བའི་ལྷ་སུམ་ཅུ་རྩ་གཉིས། སྦྱོང་ཚུལ་སྦྱོང་གཞིའི་ཆོས་སུ་སྣང་བ་དེ་སྦྱོང་བྱེད་ལྷའམ་ཡེ་ཤེས་སུ་ཁ་དོག་བསྒྱུར་ཏེ་བསྒོམས་པས་སྦྱངས་འབྲས་གདན་གསུམ་ཚང་བའི་ལྷ་སུམ་ཅུ་རྩ་གཉིས་སུ་འགྱུར་བ་ཡིན། དེ་ལ་གདན་གསུམ་གྱི་འགྲོ་ལྡོག་ཤེས་དགོས་པས་གདན་གསུམ་ནི། དེ་བཞིན་གཤེགས་པ་དང་གཤེགས་མའི་གདན། བྱང་ཆུབ་སེམས་དཔའ་དང་སེམས་མའི་གདན། ཁྲོ་བོ་དང་ཁྲོ་མོའ་གདན་རྣམས་ཏེ་གསུམ་ཡིན་ལ། དེ་ཡང་འོག་ཏུ་སྤྱན་འདྲེན་པར་འགྱུར་བའི་ནམ་མཁའི་དཀྱིལ་འཁོར་ལ་གདན་གསུམ་དངོས་སུ་ཚང་། མདུན་བསྐྱེད་སློབ་དཔོན་དང་དབང་རྫས་ལྷར་བསྐྱེད་པ་དང་། བསྐྱེད་འགྱུར་རྣམས་ལ་གདན་གསུམ་རྣམ་དག་གི་སྒོ་ནས་ཚང་། དེ་བཞི་ཀའང་སློབ་མའི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བར་བྱིན་གྱིས་རློབ་པའི་ཆ་ནས་གདན་གསུམ་ཕྲིན་ལས་ཀྱི་སྒོ་ནས་ཚང་ཞིང་། སློབ་མ་ལྷར་བསྐྱེད་པར་འགྱུར་པ་ལ་གདན་གསུམ་རྣམ་དག་གི་ཚུལ་གྱིས་ཚང་བར་ཤེས་ཤིང་སྒོམ་པ་དང་ལྡན་པའི་སྒོ་ནས་དབང་ལེན་དགོས་པས་འདི་རྣམས་ལ་གོ་བརྙེད་པ་གལ་ཆེ། ཆོ་ག་དངོས་ལ་རང་གི་ལྷག་པའི་ལྷའི་རྟེན་ལ་དེ་བཞིན་གཤེགས་པ་རིགས་ལྔའི་དབང་བསྐུར་བ་དང་། རྡོ་རྗེ་འཆང་ཆེན་པོའ་རྟེན་ལ་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་དབང་གཉིས་ཀྱི་དང་པོ་ལ་རིག་པའི་དབང་ལྔ་པོ་རེ་རེའང་འཁོར་གསུམ་ཡོངས་སུ་དག་པ་བཞིས་བྱིན་གྱིས་བརླབ་པའམ། ཡང་ན་མི་བསྐྱོད་པ་ལ་འཁོར་གསུམ་ཡོངས་སུ་དག་པ་བཞིས་བྱིན་གྱིས་བརླབས་ནས་ཅོད་པཎ་གྱི་དབང་མན་ལ་སློབ་མ་དང་དབང་རྫས་ཀྱི་དམིགས་པ་འཕོ་ཞིང་། སློབ་དཔོན་མི་བསྐྱོད་པའི་རྣལ་འབྱོར་ཁོ་ནས་ཀྱང་
ཤོག་ལྷེ་༢༨༧རུང་བར་བཞེད་ལ། ཕྱག་ལེན་ཕལ་ཆེར་འདི་ལ་མཛད་པས་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱིས། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་ཿསྭ་བྷཱ་ཝ་ཤུདྡྷོ་྅་ཧཾ། ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པའི་ཕུང་པོ་དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་རྡོ་རྗེ་སློབ་དཔོན་དང་བཅས་པ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་གསུམ་ཀའང་མི་བསྐྱོད་པ་ཀྱཻ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་གླང་པོ་ཆེ་རྟ་བོང་བུ་གླང་རྔ་མོ་མི་ཤར་བྷ་བྱི་བླ། གཡོན་པ་རྣམས་ན་སའི་ལྷ་ཆུའི་ལྷ་མེའི་ལྷ་རླུང་གི་ལྷ་ཟླ་བའི་ལྷ་ཉི་མའི་ལྷ་གཤིན་རྗེ་ནོར་སྦྱིན་རྣམས་འཛིན་པ། སྤྱི་བོར་རྡོ་རྗེ་ནག་པོས་མཚན་པ། ཡུམ་མཱ་མ་ཀཱི་སྔོན་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་གཏི་མུག་རྡོ་རྗེ་མ། རྣ་བར་ཞེ་སྡང་རྡོ་རྗེ་མ། སྣ་ལ་སེར་སྣ་རྡོ་རྗེ་མ། ཁ་ལ་འདོད་ཆགས་རྡོ་རྗེ་མ། ལུས་ལ་ཕྲག་དོག་རྡོ་རྗེ་མ། ཡིད་ལ་བདག་མེད་རྣལ་འབྱོར་མ། སྤྱི་བོར་སྐུ་རྡོ་རྗེ་མ། མགྲིན་པར་གསུང་རྡོ་རྗེ་མ། ཐུགས་ཀར་ཐུགས་རྡོ་རྗེ་མ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མི་བསྐྱོད་པ་ཀྱཻ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་ཐིམ། ཛཿཧཱུྃ་བཾ་ཧོཿ དབང་རྫས་ལྷར་བསྐྱེད་པ་ལ་ཐིམ། ཛཿཧཱུྃ་བཾ་ཧོཿ སློབ་དཔོན་ལ་ཐིམ་སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ལྷ་མོ་དྲུག །ཁྲོ་བོ་བཅུ་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་དྲངས།
ཤོག་ལྷེ་༢༨༨དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་དང་དབང་རྫས་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་བཛྲཱིར་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་སློབ་དཔོན་དང་དབང་རྫས་ཀྱི་ལྷའི་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། དབང་རྫས་ཀྱི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་ཞུ་བ་ལས་བྱུང་བའི་དབང་རྫས་རྣམ་རྒྱལ་བུམ་པའི་ཆུར་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱེད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་རྣམས་དང་སློབ་དཔོན་ལྷན་ཅིག་ཏུ་མི་བསྐྱོད་པའི་རང་བཞིན་ཅན་གྱི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་གདན་གསུམ་ཚང་བ་རེ་ཐོགས་ཏེ་ཁྱེད་རང་རྣམས་མི་བསྐྱོད་པར་གསལ་བའི་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་པ་དང་བཅས་ཏེ་དབང་བསྐུར་བས། དབང་གི་ཆུ་རྒྱུན་དེས་སྨིན་མཚམས་ཡན་ཆད་གང་། བུམ་པའི་དབང་ཐོབ། མགྲིན་པ་ཡན་ཆད་གང་གསང་བའི་དབང་ཐོབ། སྙིང་ག་ཡན་ཆད་གང་ཤེས་
ཤོག་ལྷེ་༢༨༩རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་མཆོག་ཏུ་བདེ་བ་ཆེན་པོ་བཞི་པའི་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པའི་མོས་པ་མཛོད། དེ་ལ་ནམ་མཁར་བཞུགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པའི་མོས་པ་མཛོད། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། ༀ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ༀ་བཛྲ་གནྡྷེ་ཨཱཿཧཱུྃ། ༀ་བཛྲ་ནཻ་ཝེདྱེ་ཨཱཿཧཱུྃ། ཞེས་པས་མཆོད་ནས། དེ་ལྟར་ན་མི་བསྐྱོད་པའི་སྒོ་ནས་ཆུའི་དབང་ཐོབ། ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །འོག་མ་རྣམས་ལ་སློབ་དཔོན་ལྷར་བསྐྱེད་པ་དང་དབང་ལྷ་སྤྱན་དྲངས་པ་དོར་ནས་ལྷ་དང་དབང་རྫས་གོ་བསྒྱུར་བ་མ་གཏོགས་ཆོ་གའི་འགྲོས་འདི་ཉིད་སྦྱར་བར་བྱ་བ་ཡིན་པས། རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་ཝ་སོགས།ཁྱེད་རང་རྣམས་ཀྱི་ཚོར་བའི་ཕུང་པོ་དང་དབང་རྫས་དབུ་རྒྱན་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཨཱཾ་ལས་རིན་པོ་ཆེ་ཨཱོཾཿགིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་གཉིས་ཀའང་རིན་ཆེན་འབྱུང་ལྡན་ཀྱཻ་རྡོ་རྗེ་སྐུ་མདོག་སེར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་བྱ་ཀ་རནྡ། དུར་པ། ལུག །བྱེའུ་ཙ་ཀོ་ར། བྱེ་ཁྲ། ཧོར་ཁྲ། འོལ་བ། ཉ་ཁྲ། གཡོན་པ་རྣམས་ན་སྟོབས་ཀྱི་རྒྱུ། དུང་སྐྱོང་། རིགས་ལྡན། པདྨ། པདྨ་ཆེན་པོ། འཇོག་པོ། ནོར་རྒྱས། མཐའ་ཡས་རྣམས་འཛིན་པ། སྤྱི་བོར་རིན་པོ་ཆེ་སེར་པོ་ཟུར་བརྒྱད་པས་མཚན་པ། ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་
ཤོག་ལྷེ་༢༩༠ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་སོགས་ནས།ཐུགས་ཀའི་ༀ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རིན་ཆེན་འབྱུང་ལྡན་ཀྱཻ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་ཐིམ། ཛཿཧཱུྃ་བཾ་ཧོཿ དབང་རྫས་ལྷར་བསྐྱེད་པ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་རྫས་ལ་རྣམ་རྒྱལ་བུམ་ཆུ་འཐོར་བ་ཐོག་མ་ཀུན་ལ་འགྲེ། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དབང་རྫས་ཀྱི་ལྷའི་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་དབང་རྫས་ཀྱི་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྙོམས་པར་ཞུགས་ཞུ་བ་ལས་བྱུང་བའི་དབང་རྫས་དབུ་རྒྱན་དུ་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་སླད་དུ་ནམ་མཁར་བཞུགས་པའི་དབང་གྱི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་རྣམས་དང་སློབ་དཔོན་ལྷན་ཅིག་པས་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཅན་གྱི་ཅོད་པན་གདན་གསུམ་ཚང་བ་རེ་ཐོགས་ནས་ཁྱེད་རང་རྣམས་རིན་ཆེན་འབྱུང་ལྡན་དུ་གསལ་བའི་སྤྱི་བོར་བཅིངས་ནས་དབང་བསྐུར་བའི་མོས་པ་མཛོད། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རིན་ཆེན་དབང་བསྐུར་ཆེན་པོ་སྦྱིན། །ༀ་བཛྲ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི། བཛྲ་རཱ་ག་ཏ་བཛྲ་ཤ་ལི་ཧོཿ དེ་ཉིད་བརྟན་པའི་ཡན་ལག་ཏུ་བུམ་པའི་ཆུས་ཀྱང་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛད། རྣམ་རྒྱལ་བུམ་ཆུ་སྤྱི་བོར་འཐོར་བ་འོག་མ་ཀུན་ལ་འགྲེ། ༀ་བཛྲཱིར་
ཤོག་ལྷེ་༢༩༡བྷ་ཝ་ཨཱབྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པའི་མོས་པ་མཛོད། དེ་ལ་ནམ་མཁར་བཞུགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ནི། ༀ་བཛྲ་པུཥྤེ་སོགས་ནས་ནཻ་ཝིདྱ་ཨཱཿཧཱུྃ། ཞེས་པ་མཆོད་ནས། དེ་ལྟར་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །འོད་དཔག་མེད་རྡོ་རྗེའི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་ཝ་སོགས། ཁྱེད་རང་རྣམས་ཀྱི་འདུ་ཤེས་ཀྱི་ཕུང་པོ་དང་དབང་རྫས་རྡོ་རྗེ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཛྲཱིཾ་ལས་པདྨ་ཛྲིཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་གཉིས་ཀའང་འོད་དཔག་མེད་ཀྱཻ་རྡོ་རྗེ་སྐུ་མདོག་དམར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་དོམ། བྱ་རྒོད། བསེ། བ་མེན། སྟག །སྤྲེའུ། ཆུ་སྲིན་ན་ཀྲ། ཅེ་སྤྱང་། གཡོན་པ་རྣམས་ན་ཁྭ། འུག་པ། བྱ་དཀར། ནེ་ཙོ། སེང་གེ །ས་ར་ས། ཀྲྀཥྞ་ས་རི། ཕག་རྣམས་འཛིན་པ། སྤྱི་བོར་པདྨ་དམར་པོས་མཚན་པ། ཡུམ་གོས་དཀར་མོ་དམར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་སོགས་ནས། ཐུགས་ཀའི་ཛྲཱིཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་འོད་དཔག་མེད་ཀྱཻ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་ཐིམ། ཛཿཧཱུྃ་བཾ་ཧོཿ
ཤོག་ལྷེ་༢༩༢དབང་རྫས་ལྷར་བསྐྱེད་པ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དབང་རྫས་ཀྱི་ལྷའི་སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། དབང་རྫས་ཀྱི་འོད་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེར་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་སླད་དུ་ནམ་མཁར་བཞུགས་པའི་དབང་གི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་དང་སློབ་དཔོན་ལྷན་ཅིག་པས་འོད་དཔག་མེད་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་གདན་གསུམ་ཚང་བ་དེ་ཐོགས་ཏེ་ཁྱེད་རང་རྣམས་འོད་དཔག་མེད་དུ་གསལ་བའི་ཕྱག་གཡས་སུ་བྱིན་ནས་དབང་བསྐུར་བའི་མོས་པ་མཛོད། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱེད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། །ༀ་མ་ཧཱ་བཛྲ་ཧཱུྃ། ཞེས་པས་ལག་གཡས་སུ་རྡོ་རྗེ་སྦྱིན། དེ་ཉིད་བརྟན་པའི་ཡན་ལག་ཏུ་བུམ་པའི་ཆུས་ཀྱང་སྤྱི་བོར་དབང་བསྐུར་བའི་མོས་པ་མཛོད། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། དེ་ལ་ནམ་མཁར་བཞུགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ནི། པུཥྤེ་སོགས། དེ་ལྟར་ན་འོད་དཔག་མེད་ཀྱི་སྒོ་ནས་རྡོ་རྗེའི་དབང་ཐོབ། འདོད་ཆགས་དག་འདུ་ཤེས་ཀྱི་ཕུང་པོ་
ཤོག་ལྷེ་༢༩༣གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་ཀྱི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དོན་ཡོད་གྲུབ་པ་དྲིལ་བུའི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་ཝ་སོགས། ཁྱེད་རང་རྣམས་ཀྱི་འདུ་བྱེད་ཀྱི་ཕུང་པོ་དང་དབང་རྫས་དྲིལ་བུ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་གཉིས་ཀའང་དོན་ཡོད་གྲུབ་པ་ཀྱཻ་རྡོ་རྗེ་སྐུ་མདོག་ལྗང་གུ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་གཟའ་ལྷག་པ། ཕུར་བུ། འཇུག་རིངས། སྒྲ་གཅན། མིག་དམར། པ་སངས། སྤེན་པ། ཁྱབ་འཇུག །གཡོན་པ་རྣམས་ན་དབང་པོ། ཚངས་པ། དྲག་པོ། བདུད་སྡིག་ཅན། ཁྱབ་འཇུག་གི་བུ་མོ་གཤོལ་མདའ་འཛིན། ལྷ་རྒྱལ་བ་དམ་པ། ཐག་ཟངས་རིས། ལྷ་མ་ཡིན་སྟོབས་ལྡན་རྣམས་འཛིན་པ། སྤྱི་བོར་རལ་གྲི་དཀར་པོས་མཚན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་ཞེས་སོགས་ནས། ཐུགས་ཀའི་ཁཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དོན་ཡོད་གྲུབ་པ་ཀྱཻ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་ཐིམ། ཛཿཧཱུྃ་བཾ་ཧོཿ དབང་རྫས་ལྷར་བསྐྱེད་པ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དབང་རྫས་ཀྱི་ལྷའི་སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དོན་
ཤོག་ལྷེ་༢༩༤ཡོད་གྲུབ་པས་དབུར་བརྒྱན། དབང་རྫས་ཀྱི་དོན་ཡོད་གྲུབ་པ་ཡབ་ཡུམ་སྙོམས་པར་ཞུགས་ཞུ་བ་ལས་བྱུང་བའི་དབང་རྫས་དྲིལ་བུར་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་སླད་དུ་ནམ་མཁར་བཞུགས་པའི་དབང་གི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་དང་སློབ་དཔོན་ལྷན་ཅིག་པས་དོན་ཡོད་གྲུབ་པའི་རང་བཞིན་ཅན་གྱི་དྲིལ་བུ་གདན་གསུམ་ཚང་བ་རེ་ཁྱེད་རང་རྣམས་དོན་ཡོད་གྲུབ་པར་གསལ་བའི་ཕྱག་གཡོན་དུ་བྱིན་ནས་དབང་བསྐུར་བའི་མོས་པ་མཛོད། ༀ་བཛྲཱི་ཨ་དྷི་པ་ཏི་སྟཱཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་སྟྭཾ་ཞེས་པས་དྲིལ་བུ་ལག་པ་གཡོན་དུ་སྦྱིན། དེ་ཉིད་བརྟན་པའི་ཡན་ལག་ཏུ་བུམ་པའི་ཆུས་ཀྱང་དབང་བསྐུར་བའི་མོས་པ་མཛོད། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན། དེ་ལ་ནམ་མཁར་བཞུགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ནི། པུཥྤེ་སོགས། དེ་ལྟར་ན་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་ཐོབ། ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །རྣམ་པར་སྣང་མཛད་མིང་གི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་ཝ་སོགས། ཁྱེད་རང་རྣམས་ཀྱི་གཟུགས་ཀྱི་ཕུང་པོ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ་བྷྲཱུཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཀྱཻ་རྡོ་རྗེ་སྐུ་མདོག་
ཤོག་ལྷེ་༢༩༥དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་རྨ་བྱ། མ་ཧེ། ཆུ་སྲིན་མ་ཀ་ར། ཉ་རོ་ཧི་ཏ། རུས་སྦལ། འོག་གི་ཀླུ། ངང་སྐྱ། རི་བོང་། གཡོན་པ་རྣམས་ན་སྦལ་བ་ཐུའུ། སྤྲིན་ཤུགས། སྦྲུལ་ཧ་ལ། རྩངས་པ་ནག་པོ། བྱི་བ། གཡག །གླ་བ། བྱ་བཞད་རྣམས་འཛིན་པ། སྤྱི་བོར་འཁོར་ལོ་དཀར་པོས་མཚན་པ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་ཞེས་སོགས་ནས། ཐུགས་ཀའི་བྷྲཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་པས་ཁྱེད་རང་རྣམས་ལ་ཐིམ། འདིར་དབང་རྫས་ལྷར་བསྒྲུབ་པ་མེད་པས་ཁྱེད་རྣམས་ཡན་ལག་བཞི་པར་བསྒྲུབ་པའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་རྣམས་དང་སློབ་དཔོན་ལྷན་ཅིག་པས་རྣམ་སྣང་གི་རང་བཞིན་ཅན་གྱི་མིང་གདན་གསུམ་ཚང་བ་རེ་མེ་ཏོག་གང་ལས་ཕོག་པའི་ལྷ་ལས་དྲངས་ཏེ་བཏགས་པའི་མོས་པ་མཛོད། ༀ་བཛྲ་ས་ཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་ཞེས་དྲི། གསང་མཚན་མེད་ན་གསར་དུ་བཏགས་ཏེ།དེ་ཡང་སྐྱེས་པ་ལ། བཞད་པའི་རྡོ་རྗེ་སྒེག་པའི་རྡོ་རྗེ་དང་། །རོལ་པའི་རྡོ་རྗེ་ཨ་ལ་ལ་རྡོ་རྗེ། །ཤིན་ཏུ་དགའ་བའི་མྱུ་གུའི་རྡོ་རྗེ་དང་། །ཞེ་སྡང་རྡོ་རྗེ་རྡོ་རྗེ་སེམས་དཔའ་དང་། །རྣམ་སྣང་ཆེན་པོའ་རྡོ་རྗེ་ཀྱཻ་རྡོ་རྗེ། །ཞེས་སོགས་དང་། བུད་མེད་ལ། རྡོ་རྗེ་སྙེམས་མ་རྡོ་རྗེ་མཚོན་ཆ་
ཤོག་ལྷེ་༢༩༦མ། །རྡོ་རྗེ་བདག་མེད་ཨེ་མ་ཧོ་བདེ་མ། །རྡོ་རྗེ་སྒེག་མ་ལ་སོགས་གང་རིགས་གདགས། །དེ་ཉིད་བརྟན་པའི་ཡན་ལག་ཏུ་བུམ་པའི་ཆུས་ཀྱང་དབང་བསྐུར་པའི་མོས་པ་མཛོད། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། དེ་ལ་ནམ་མཁར་བཞུགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ནི། པུཥྤེ་སོགས། དེ་ལྟར་ན་རྣམ་པར་སྣང་མཛད་ཀྱི་སྒོ་ནས་མིང་གི་དབང་ཐོབ། གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། །རྣམ་པར་སྣང་མཛད་ཀྱི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དབང་དེ་རྣམས་ཀྱི་དོན་ནི། དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་རྣམས་རང་བཞིན་རྙོགས་མེད་དག །སངས་རྒྱས་ཡེ་ཤེས་བལྟ་བར་གྱིས། །ཞེས་གསུངས་ཏེ། དེའང་དངོས་པོ་ཏེ་ཆོས་ཅན་གྱི་སྣང་བ་གང་དང་གང་སྣང་བ་ནི་གཙོ་དེ་རང་གི་ལྷག་པའི་ལྷ་ཡིན་ལ། ལྷ་དེའང་གློ་བུར་དུ་བྱས་པས་མ་ཡིན་གྱི་ཆོས་ཐམས་ཅད་རང་བཞིན་གྱིས་རྙོག་པ་དང་བྲལ་བའི་ཕྱིར་གདོད་མ་ནས་ལྷར་རྣམ་པར་དག་ཅིང་གློ་བུར་གྱི་དྲི་མ་རྣམས་ཆོ་ག་འདིས་བསལ་བར་བྱེད་པས། དེང་ཕྱིན་ཆད་དེ་དག་ལ་ཐ་མལ་དུ་འཛིན་པའི་རྣམ་རྟོག་ཐམས་ཅད་སྤངས་ནས་སངས་རྒྱས་ཀྱི་ཡེ་ཤེས་སུ་ལྟ་བར་གྱིས་ཤིག །དེ་དག་གིས་ནི་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་ལྔ་རིག་པ་ཡེ་ཤེས་ལྔར་སྒྱུར་བར་བྱེད་པས་རིག་པའི་དབང་ངམ། རིག་མ་སྤྱན་མ་ལ་སོགས་པའི་ཐབས་རིག་པ་ཡབ་ལྔའི་ལས་ཡིན་པས་རིག་པའི་དབང་ཞེས་བྱ་བ་ཡིན། དེ་རྣམས་ཀྱིས་ཆོས་ཅན་གྱི་སྣང་བ་ཐམས་
ཤོག་ལྷེ་༢༩༧ཅད་ལྷར་བྱིན་གྱིས་བརླབས་ནས་དེ་དག་གི་ཆོས་ཉིད་དྲུག་པ་རྡོ་རྗེ་སེམས་དཔའ་ངོ་སྤྲོད་དེ་སྐུ་གསུང་ཐུགས་བྱིན་གྱིས་རློབ་པར་བྱེད་པ་བརྟུལ་ཞུགས་ཀྱི་དབང་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་ཝ་སོགས། ཁྱེད་རང་རྣམས་ཀྱི་ཕུང་པོ་ལྔའི་ཆོས་ཉིད་ལ་ཐ་མལ་དུ་འཛིན་པའི་རྣམ་རྟོག་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་གི་ཕུང་པོ་ལྔའི་ཆོས་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། །ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་གླང་པོ་ཆེ། རྟ། བོང་བུ། གླང་། རྔ་མོང་། མི། ཤ་ར་བྷ། བྱི་ལ། གཡོན་པ་རྣམས་ན་སའི་ལྷ། ཆུའི་ལྷ། མེའི་ལྷ། རླུང་གི་ལྷ། ཟླ་བའི་ལྷ། ཉི་མའི་ལྷ། གཤིན་རྗེ། ནོར་སྦྱིན་རྣམས་འཛིན་པ། སྤྱི་བོར་རྡོ་རྗེ་ནག་པོས་མཚན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་ཞེས་སོགས་ནས།ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་ཐིམ། སློབ་དཔོན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། དེ་ཉིད་ལ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བར་རྡོ་རྗེ་སེམས་
ཤོག་ལྷེ་༢༩༨དཔའ་ཡབ་ཡུམ། སྟེང་གི་རྭ་ལྔ་ལ་རྣམ་སྣང་ལ་སོགས་པའི་རིགས་ལྔ། དེའི་འོག་གི་པདྨ་འདབ་མ་བརྒྱད་ལ་སྤྱན་རས་གཟིགས་ལ་སོགས་པའི་བྱང་སེམས་བརྒྱད། འོག་གི་རྭ་ལྔ་ལ་ཡེ་ཤེས་མཁའ་འགྲོ་ལ་སོགས་པའི་མཁའ་འགྲོ་མ་ལྔ། དེའི་འོག་གི་པད་འདབ་བརྒྱད་ལ་ལྕགས་ཀྱུ་མ་ལ་སོགས་པའི་ལྷ་མོ་བརྒྱད་དེ་ལྷ་ཉི་ཤུ་རྩ་བརྒྱད་ཀྱི་རང་བཞིན་དུ་གྱུར་པ་ཁྱེད་རང་རྣམས་ཀྱི་ཕྱག་གཡས་པར་བརྟུལ་ཞུགས་ཀྱི་དབང་གི་སླད་དུ་བྱིན་པའི་མོས་པ་མཛོད། འདི་དེ་སངས་རྒྱས་ཐམས་ཅད་དེ། རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧཱིཿཧི་ཧི་ཧི་ཧི་ཧཱུྃ། ཞེས་པའི་སྒོ་ནས་བྱིན་པའི་རྡོ་རྗེ་དེ་གསོལ་ཏེ་སྙིང་གར་བཟུང་སྟེ། དེང་ཕྱིན་ཆད་ཐ་མལ་པའི་སྤྱོད་པ་ཐུལ་ལ། རྡོ་རྗེ་འཆང་ཆེན་པོའ་སྐུ་གསུང་ཐུགས་ཀྱི་རང་བཞིན་ལ་ཞུགས་པར་གྱིས་ཤིག །དེ་ལྟར་ན་རིག་པའི་དབང་ལྔ་ཐོབ་པས་བྱ་སྤྱོད་ཀྱི་ཆུ་ཅོད་པན་རྡོ་རྗེ་དྲིལ་བུ་མིང་སྟེ་ལྔ་ལས། ཐོབ་བྱེད་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་པའི་རིགས་ལྔའི་སྡོམ་པ་ཐོབ་པས་བྱ་སྤྱོད་ཀྱི་རྒྱུད་འཆད་པ་དང་ཉན་པ་ལ་དབང་བའི་དབང་ཐོབ་ཅིང་། དེའི་སྟེང་དུ་ཐ་མལ་པའི་ལུས་ངག་ཡིད་གསུམ་བརྟུལ་ནས་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབ་པར་བྱེད་པ་བརྟུལ་ཞུགས་ཀྱི་དབང་ཐོབ་པས་རྣལ་འབྱོར་རྒྱུད་ཀྱི་སློབ་མའི་དབང་ལས་ཐོབ་བྱེད་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་པའི་བླ་མེད་ཀྱི་རྡོ་རྗེ་སློབ་མའི་དབང་ཐོབ་པས་རིགས་ལྔ་སྤྱི་དང་སོ་སོའ་དམ་ཚིག་བསྲུང་བ་ལ་དབང་བར་བྱས་ཤིང་རྣལ་འབྱོར་གྱི་རྒྱུད་འཆད་པ་ལ་མི་དབང་ཡང་ཉན་པ་ལ་དབང་བ་དང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནས་བཤད་པའི་ལས་ཚོགས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །དེ་བས་ན་ཁྱེད་རྣམས་མེ་ཏོག་གང་ལ་ཕོག་
ཤོག་ལྷེ་༢༩༩པའི་ལྷའི་བསྒོམ་བཟླས་ལ་བརྩོན་པར་གྱིས་ཤིག །དེས་སངས་རྒྱས་ཐམས་ཅད་བཟླས་པས་མཉེས་པར་འགྱུར་བས་ཁྱེད་རྣམས་ཀྱི་དམན་པ་དང་འབྲིང་གི་དངོས་གྲུབ་གང་འདོད་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་བསྒོམས་ལ་སྤྲོ་ན། རྩ་སྔགས་ཀྱི་བཟླས་ལུང་སྦྱིན་ནོ། །དེ་ལྟར་ཐུན་མོང་གི་དབང་དྲུག་གིས་ཁྱེད་རང་རྣམས་ཀྱི་རགས་པ་ཕུང་ཁམས་སྐྱེ་མཆེད་དེ་བཞིན་ཉིད་དང་བཅས་པ་ལྷར་བྱིན་གྱིས་བརླབས་ནས་ཕྲ་བ་དཀྱིལ་འཁོར་བཞི་སྐུ་བཞིར་བྱིན་གྱིས་རློབ་བར་བྱེད་པ་ཐུན་མོང་མ་ཡིན་པའི་དབང་བཞིའི་དང་པོ་ཕྱིར་མི་ལྡོག་པ་འཁོར་ལོའ་དབང་ལ། ཡོན་ཕུལ་གསོལ་གདབ་དབང་སྟེགས་བཞག །དམ་ཚིག་གསུམ་སྦྱིན་ཆུ་དབང་བསྐུར། །རབ་གནས་མཆོད་དང་རྣམ་བཞག་བསྟན། །སྒེག་སོགས་མིག་ཐུར་མེ་ལོང་དང་། །དྲིལ་བུ་མདའ་གཞུ་ཡང་མེ་ལོང་། །ཆོས་བཤད་སྤྲུལ་བཤད་རྟོགས་པ་བསྐྱེད། །ཅེས་པ་ལྟར་ལས། དང་པོ་ཕྱིར་མི་ལྡོག་པ་སློབ་དཔོན་གྱི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། མི་ལྡོག་འཁོར་ལོའ་དབང་བསྐུར་བ། །མགོན་པོས་བདག་ལ་སྩལ་ནས་ཀྱང་། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་ཕྲིན་ལས་ཡོངས་སུ་གསུངས། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པའང་བླ་ན་མེད་པ་སྩོལ། །ཞེས་གསོལ་བ་བཏབ་ནས། སློབ་མ་དབང་སྟེགས་ཀྱི་སྟེང་དུ་བཞག །དེ་མེད་ན་ཁྱེད་རང་རྣམས་གོང་དུ་བཤད་པའི་དབང་སྟེགས་ཀྱི་སྟེང་དུ་ལྷར་བསྐྱེད་མ་ཐག་པའི་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་འཁོད་པའི་མོས་པ་མཛོད། དེའི་སྟེང་དུ་བླ་བྲེ། གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། མཐའ་སྐོར་ཀུན་ཏུ་དུང་དང་། འཕན་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པའི་
ཤོག་ལྷེ་༣༠༠མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་བཅས་པར་གྱུར།ཞེས་བརྗོད། དེ་ཉིད་ལ་དམ་ཚིག་གསུམ་རིམ་གྱིས་སྦྱིན་དགོས་པ་ལས། ཐོག་མར་རྡོ་རྗེ་ཐུགས་ཀྱི་དམ་ཚིག་གི་སླད་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་བཤད་མ་ཐག་པའི་ལྷ་ཉི་ཤུ་རྩ་བརྒྱད་ཀྱི་རང་བཞིན་ཅན་དེ་ཁྱེད་རང་རྣམས་ཀྱི་ཕྱག་གཡས་སུ་བྱིན་པའི་མོས་པ་མཛོད། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧཱིཿཧི་ཧི་ཧི་ཧི་ཧཱུྃ་ཞེས་པས་སྦྱིན་པའི་རྡོ་རྗེ་དེ་གསོར་ཏེ་སྙིང་གར་འགྱིང་བ་དང་བཅས་པས་བཟུང་ནས་རྡོ་རྗེའི་དེ་ཁོ་ན་ཉིད་ལ་ཐུགས་གཏོད་པར་ཞུ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སེམས་མའི་བདག་པོའ་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའ་སྐྱེས་བུ་ལའོ། །ༀ་མ་ཧཱ་བཛྲ་ཧཱུྃ་ཞེས་གསུངས་ཏེ། དེའི་དོན་ནི། ཀྱཻ་རྡོ་རྗེ་འདི་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་རིག་སྟོང་དབྱེར་མེད་ཀྱི་ངོ་བོ་མཚོན་པར་བྱེད་པ་ཡིན་ལ། རང་གི་སེམས་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ངེས་དོན་གྱི་རྡོ་རྗེ་ཡིན་ནོ་སྙམ་དུ་མོས་པ་མཛོད། དྲིལ་བུ་གསུང་གི་དམ་ཚིག་གི་སླད་དུ་ཨ་ལས་བྱུང་བའི་དྲིལ་བུ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་བུམ་པའི་ནང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡབ་དང་བཅས་པ། སྟེང་གི་རྭ་ལྔ་ལ་རིགས་ལྔ། རྭའི་འོག་གི་པད་འདབ་བརྒྱད་ལ་བྱང་སེམས་བརྒྱད་ཁོག་པའི་སྟེང་གི་ཨུཏྤལ་ལ་སྒྲོལ་མ་ལ་སོགས་པ་བརྒྱད་དང་བཅས་པའི་ལྷ་ཉི་ཤུ་རྩ་གསུམ་གྱི་རང་བཞིན་དེ་
ཤོག་ལྷེ་༣༠༡ཁྱེད་རང་རྣམས་ཀྱི་ཕྱག་གཡོན་དུ་བྱིན་པའི་མོས་པ་མཛོད། འདི་ནི་རྣལ་འབྱོར་མ་ཀུན་གྱི། །དྲིལ་བུའི་སྒྲ་ཀུན་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་པའི་སྒོ་ནས་བྱིན་པའི་དྲིལ་བུ་དེ་ཉིད་དཀུ་གཡོན་པར་ཁ་གྱེན་དུ་བསྟན་ནས་བཟུང་སྟེ། དྲིལ་བུའི་དེ་ཁོ་ན་ཉིད་ལ་ཐུགས་གཏོད་པར་ཞུ། ཨཿསྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་བྱེད་པར་འགྱུར། །ༀ་བཛྲ་གྷཎྜེ་ཨཿ། ཞེས་གསུངས་ཏེ། དེའི་དོན་ནི། ཀྱཻ་དྲིལ་བུ་འདི་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་སྐྱེ་འགག་གནས་གསུམ་གྱིས་སྟོང་པ་མཚོན་པར་བྱེད་པ་ཡིན་ལ། རང་གི་ངག་སྲིད་པ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟོན་པར་བྱེད་པའི་ངེས་དོན་གྱི་དྲིལ་བུ་ཡིན་ནོ་སྙམ་དུ་མོས་པ་མཛོད། ཕྱག་རྒྱ་སྐུའི་དམ་ཚིག་གི་སླད་དུ་ཁྱེད་རང་རྣམས་བཅོམ་ལྡན་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ་གྲི་གུག་ཐོད་པ་འཛིན་པ། ལོ་གྲངས་བཅུ་དྲུག་ལོན་པ་དང་མཉམ་པར་སྦྱོར་བའི་སྐུར་གྱུར་པའི་མོས་པ་མཛོད། དེའི་མིག་སོགས་ནས།སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཆང་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ། དེ་ཉིད་ལ་རྡོ་རྗེ་སློབ་དཔོན་གྱི་དབང་གི་དངོས་གཞི་བྱིན་པའི་མོས་པ་མཛོད། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་
ཤོག་ལྷེ་༣༠༢བརྗོད། །ཅེས་དང་། རྗེས་སུ་གནང་བ་མདོར་བསྡུས་པའི་སྒོ་ནས་བྱིན་པའི་མོས་པ་མཛོད། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་བརྗོད་ནས། ཕྱག་རྒྱའི་དེ་ཁོ་ན་ཉིད་རྒྱས་པར་བརྗོད་པ་ནི། ཁྱེད་རང་རྣམས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བའི་ཕྱག་རྒྱས་བཟུང་སྟེ་ཤེས་རབ་མ་ལོ་གྲངས་བཅུ་དྲུག་ལོན་པ་ལྟ་བུ་དེ་དང་ནུ་མ་ལ་སོགས་པ་ཕན་ཚུན་རེག་པའི་བདེ་བ་ཉམས་སུ་མྱོང་བ་ལ་བརྟེན་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་ལུས་ཐམས་ཅད་ཁྱབ་པར་གྱུར་པ་ཡིན་སྙམ་དུ་མོས་པ་མཛོད། སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་ཁྱོད་ཀྱིས་ལོངས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པ་ནི་བསྟེན་བཞིན་དུ། །རང་གི་ལྷག་པའི་ལྷ་སྦྱོར་བས། །བདག་དང་གཞན་ལ་མཆོད་པར་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པའི། །ཕྱག་རྒྱའི་དམ་ཚིག་ཅེས་སུ་གྲགས། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཞེས་གསུངས་ཏེ། དེའི་དོན་ནི་ཐ་མལ་པའི་བདེ་བ་ནི་མ་དག་པའོ། །སྲིད་པའི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་རང་གི་ལྷག་པའི་ལྷའི་རྣལ་འབྱོར་བྱ་སྟེ་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ལོངས་སྤྱོད་ཅིག །ཐམས་ཅད་ལ་མཆོད་པ་གྱིས་ཤིག །འདིས་རྡོ་རྗེ་འཆང་ཆེན་པོ་ཁ་སྦྱོར་གྱི་སྐུ་ཐོབ་པ་ལས་མི་འདའོ། །དེ་བས་ཏིང་ངེ་འཛིན་འདི་ལ་གནས་པར་གྱིས་ཤིག་ཅེས་པའི་དོན་ཡིན། འོག་ཏུ་མཆོད་པ་རྒྱས་པས་མཆོད་པ་མ་བྱུང་གི་བར་དུ་ཕྱག་རྒྱ་དང་ཏིང་ངེ་འཛིན་དེ་ཉིད་ལས་མ་གཡོས་པ་མཛོད། དེ་ཉིད་བརྟན་པའི་ཕྱིར་དུ་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པའི་ཡོ་
ཤོག་ལྷེ་༣༠༣བྱད་སྣ་ཚོགས་པ་དང་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་ཐོགས་ཏེ་དབང་བསྐུར་བའི་མོས་པ་མཛོད། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་པ་དང་བཅས་ཏེ་དབང་བསྐུར་བས། དབང་གི་ཆུ་རྒྱུན་དེས་སྨིན་མཚམས་ཡན་ཆད་གང་བུམ་པའི་དབང་ཐོབ། མགྲིན་པ་ཡན་ཆད་གང་གསང་བའི་དབང་ཐོབ། སྙིང་ག་ཡན་ཆད་གང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་མཆོག་ཏུ་བདེ་བ་ཆེན་པོ་བཞི་པའི་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔས་དབུར་བརྒྱན་པའི་མོས་པ་མཛོད། དེ་ཉིད་ལ་སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་དང་སློབ་དཔོན་ལྷན་ཅིག་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་རབ་ཏུ་གནས་པ་བྱས་པའི་མོས་པ་མཛོད། ༀ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་པས་རབ་ཏུ་གནས་པར་བྱས་ཏེ། དེ་ཉིད་ལ་མངའ་དབུལ་གྱི་སླད་དུ་ནམ་མཁར་བཞུགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་རྒྱས་པས་མཆོད་པའི་མོས་པ་མཛོད། ༀ་བཛྲ་པུཥྤེ་སོགས་ནས་ནཻ་ཝིདྱ་ཨཱཿཧཱུྃ། དེ་ལྟར་ན་ཁྱེད་རང་རྣམས་ལ་རྡོ་རྗེ་འཆང་ཆེན་པོའ་དབང་བསྐུར་བ་འདིས་ཁྱོད་ཀྱི་ཕུང་
ཤོག་ལྷེ་༣༠༤པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་དྲི་མ་ཐམས་ཅད་དག་པར་བྱས་པ་ཡིན་པས་བདེ་ཐམས་ཅད་རང་གི་སེམས་སུ་འདུ་ལ་སེམས་དེ་ཉིད་མི་བསྐྱོད་པའི་རང་བཞིན་རྡོ་རྗེ་སེམས་དཔའ་ཡིན་པས་རང་གི་སེམས་རྣམ་པར་དག་པ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་ཏེ། དཀྱིལ་འཁོར་ཞེས་ནི་གང་བཤད་པ། །ཡིད་ཀྱི་དཀྱིལ་འཁོར་དམ་པ་ཉིད། །གཞལ་མེད་ཁང་ཞེས་བཤད་པ་ནི། །སེམས་ནི་གཞལ་མེད་ཁང་བརྩེགས་ཉིད། །དེ་ཡི་ཕྱི་རོལ་གྲུ་བཞི་ནི། །མཉམ་པ་ཉིད་ཀྱི་རང་བཞིན་ནོ། །གང་ཞིག་བྱམས་པ་ལ་སོགས་སེམས། །ཐིག་སྐུད་བཞིར་ནི་བཤད་པའོ། །རྡོ་རྗེའི་ཐིག་ཏུ་གང་བཤད་པ། །ཆོས་ནི་རྗེས་སུ་དྲན་པའོ། །ལྟ་བ་ཀུན་ལས་རྣམ་གྲོལ་བ། །ཡེ་ཤེས་ཐིག་ཏུ་བཤད་པ་ཡིན། །རྒྱན་གང་ཡང་དག་བཤད་པ་ནི། །ཚུལ་ཁྲིམས་སོགས་ཀྱི་སྡོམ་པའོ། །དབང་པོ་ལྔ་སོགས་སེམས་གང་ཡིན། །ར་བ་ལྔར་ནི་འབྱུང་བ་ཉིད། །གང་ཞིག་སྒོ་ཞེས་བཤད་པ་ནི། །རྣམ་པར་ཐར་པ་རྣམ་པ་བཞི། །རྟ་བབས་ཀ་བ་བཞི་པོ་ནི། །ཡང་དག་སྤོང་བ་བཞི་ཞེས་བརྗོད། །དྲན་པ་ཉེར་བཞག་བཞི་པོ་ནི། །ཁ་ཁྱེར་བཞིར་ནི་བརྗོད་པ་ཉིད། །སྒོ་ཁྱུད་བཞི་ནི་གང་ཡིན་པ། །རྫུ་འཕྲུལ་རྐང་པ་རྣམ་པ་བཞི། །དེ་བཞིན་མེ་ཏོག་ཕྲེང་བརྒྱན་པ། །བྱང་ཆུབ་ཡན་ལག་བདུན་པོ་ཡིན། །འཕགས་ལམ་ཡན་ལག་བརྒྱད་པོ་ནི། །ཀ་བ་བརྒྱད་པོ་ཞེས་བརྗོད་དོ། །ལམ་གྱི་ཡེ་ཤེས་ཁྱད་པར་ནི། །རྔ་ཡབ་ཏུ་ནི་རབ་ཏུ་གྲགས། །གང་ཞིག་དོ་ཤལ་བཤད་པ་ནི། །ཉོན་མོངས་ཐམས་ཅད་གཅོད་པ་སྟེ། །ཀུན་ཏུ་གཅོད་པའི་ངོ་བོ་ཡིན། །ཉོན་མོངས་འཕྲོག་པས་དྲྭ་བ་ཉིད། །ཚོགས་གཉིས་དག་པའི་སྦྱོར་བ་ཡིས། །འཁོར་ལོ་བསྐོར་བ་གང་ཡིན་པ། །ཉོན་མོངས་ཕྱེད་
ཤོག་ལྷེ་༣༠༥ནི་གཅོད་པས་ན། །དོ་ཤལ་ཕྱེད་པ་ཉིད་དུ་བརྗོད། །དེ་བས་ན་སེམས་ཉིད་ནི་བྱང་ཕྱོགས་སོ་བདུན་གྱི་ངོ་བོ་གཞལ་ཡས་ཁང་པ་ཡིན་ལ། སེམས་ལ་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་དུ་མར་སྣང་བ་ནི་གདན་གསུམ་ཚང་བའི་ལྷ་ཡིན་ཏེ། དེ་ཡང་ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པའི་གདན། འབྱུང་བ་བཞི་ནི་རིག་མའི་གདན། ནང་གི་སྐྱེ་མཆེད་ནི་བྱང་ཆུབ་སེམས་དཔའི་གདན། ཕྱིའི་སྐྱེ་མཆེད་ནི་ལྷ་མོའ་གདན། །ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་ཟད་པར་བྱེད་པ་ནི་ཁྲོ་བོ་དང་ཁྲོ་མོའ་གདན་ཡིན་ནོ། །ཞེས་པས་དཀྱིལ་འཁོར་དང་ལྷའི་རྣམ་བཞག་བསྟན་ནས། རྣམ་བཞག་རྟོགས་པའི་སློབ་མ་ལ་རྗེས་སུ་གནང་བ་རྣམས་རིམ་པ་བཞིན་དུ་སྒྲུབ་དགོས་པ་ལས། ཐོག་མར་ལྷ་མཆོད་པའི་རྗེས་སུ་གནང་བ་ནི་སྒེག་སོགས་བརྒྱད་ཀྱི་ཕྱག་རྒྱ་རྣམས་མཛད་པར་ཞུ། གར་སྒོར་སྔོན་དུ་འགྲོ་བས་རྡོ་རྗེ་ཁུ་ཚུར་གཉིས་དཀུ་གཡས་གཡོན་དུ་བཞག་སྟེ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་ལ་རྣམ་རོལ་ཞིང་། །རྡོ་རྗེ་སྙེམས་མའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བའི་མཆོད་པ་གྱིས། །ཨཱཿདེ་བཞིན་དུ་ཁུ་ཚུར་གཉིས་ཁ་འགྲམ་གཡས་གཡོན་དུ་བཞག་སྟེ། སྒེག་དང་བཅས་པས་ཕྲེང་བ་འཕང་། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ༀ། ཁུ་ཚུར་གཉིས་ཁ་ནས་ཚིག་འབྱིན་པ་ལྟར་བྱས་ཏེ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེ་ཡི་བདེ་གཤེགས་དངོས་གྲུབ་ནི། །མྱུར་ཏུ་བདེ་བ་མྱོང་བར་འགྱུར། །གཱི། རྡོ་རྗེ་ཐལ་མོ་སྤྱི་བོར་བསྐོར་བའི་གར་བྱས་ཏེ། དེ་ཉིད་ཐལ་མོའ་གར་གྱིས་ནི། །སངས་རྒྱས་
ཤོག་ལྷེ་༣༠༦ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་སྒྱུར་བར་གྱིས། །ཧོཿ བདུག་སྤོས་ཀྱི་ཕྱག་རྒྱ་དང་། རྫོགས་སངས་རྒྱས་ལ་སྤོས་འབུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམས་པར་གྱིས། །ཧཱུྃ། མེ་ཏོག་གི་ཕྱག་རྒྱ་དང་། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །བྷྲཱུཾ། མར་མེའི་ཕྱག་རྒྱ་དང་། ཆོས་ཀྱི་མེ་ནི་ལེགས་སྦར་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མས་གསལ་བར་གྱིས། །པྲ་གཡོན་པས་དུང་ཆོས་འཛིན་ཅིང་གཡས་པས་དྲི་བཟང་བྱུག་པའི་ཚུལ་དང་།རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོམ། །ག༔་དེང་ཕྱིན་ཆད་ལུས་ཀྱི་སྒོ་ནས་སྒེག་པ་དང་། ངག་གི་སྒོ་ནས་གླུ་ལེན་པ་ལ་སོགས་པ་སྤྱོད་ལམ་ཅི་བྱེད་པ་ཐམས་ཅད་མི་དགེ་བ་དང་ལུང་མ་བསྟན་མ་ཡིན་པར་ལྷ་མཆོད་པའི་བསམ་པས་ཟིན་པར་གྱིས་ཤིག །སེམས་ཅན་གྱི་དོན་བྱེད་པའི་རྗེས་གནང་ནི། མིག་གྲུར་རམ་རྡོ་རྗེ་ལ། ༀ་ཨཱཥྚཱ་ན་ནཱ་ཡ། པིངྒ་ལོརྡྷཱ་ཀེ་ཤ་ཝརྟྨ་ནེ། ཙ་ཏུརྦིངྴ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷཱུ་ཛཱ་ཡ། ཛཱི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀཱ་དྷཱ་ཏི་ཎི། ཨདྷྨཱཏ་ཀྲཱུ་ར་ཙིཏྟཱ་ཡ། དཾཥྚཱི་ཎེ། མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫྫ་ཡ། གརྫྫཡ། ཏརྫྫཡ་ཏརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱ་ཎ། །བྷནྡྷ་བྷནྡྷ། ནཱ་གཱཥྚ་ཀཱན། གྲྀཧྞ་གྲྀཧྞ། ཤ་ཏྲཱུན། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧེ་ཧོ་ཧོ་ཧཾ་ཧཿཕཊ་སྭཱ་ཧཱ། ཞེས་པའི་རྩ་སྔགས་ཀྱིས་མངོན་པར་བསྔགས་པའི་པྲཾ་ལས་བྱུང་
ཤོག་ལྷེ་༣༠༧བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་ཐུར་མའམ་ཧཱུྃ་ལས་བྱུང་བའི་ཡེ་ཤེས་ཀྱི་རྡོ་རྗེས་ཁྱེད་རང་རྣམས་ཀྱི་མིག་གི་ཐད་ཀར་བྱུགས་པས་མ་རིག་པའི་ལིང་ཏོག་བསལ་ནས་སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་དང་ལྡན་པར་བྱས་པ་ཡིན་སྙམ་དུ་མོས་པ་མཛོད། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཔྲཾ་ཞེས་པས་སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་དང་ལྡན་པར་བྱས་ནས་ཆོས་ཅན་གྱི་སྣང་བ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་ཤེས་པའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་ཤེས་པའི་སླད་དུ་ཨ་ལས་སྐྱེས་པའི་མེ་ལོང་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་མེ་ལོང་དང་པོའ་རྗེས་གནང་སྦྱིན་ནས། དེ་ལྟར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་དུ་མར་སྣང་ཡང་དྲིལ་བུའི་སྒྲ་ཁོག་པ་དང་ལྕེ་དང་སྐྱེས་བུའི་རྩོལ་བ་གསུམ་གང་ལས་བྱུང་དཔྱད་ན་མི་རྙེད་པས་རང་བཞིན་གྱིས་སྟོང་པ་ལྟར་ཆོས་ཉིད་སྐྱེ་འགགས་གནས་གསུམ་གྱིས་སྟོང་པ་ནམ་མཁའི་མཚན་ཉིད་ཅན་དེ་ཤེས་པའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་ཤེས་པའི་སླད་དུ་དབྱངས་ཐ་མ་ལས་སྐྱེས་པའི་དྲིལ་བུ་སྦྱིན་ཏེ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་
ཤོག་ལྷེ་༣༠༨དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཤེས་པར་བྱས་ནས། གནས་ལུགས་རྟོགས་པའི་ཤེས་རབ་དང་ལྡན་ཡང་ཐབས་མཁས་ཀྱི་ཁྱད་པར་དང་བྲལ་ན་ཉན་རང་གི་སར་ལྟུང་བར་འགྱུར་བས་རང་དོན་ཡིད་ལ་བྱེད་པའི་བསམ་པ་བཅོམ་དགོས་སོ་ཞེས་ཤེས་པའི་སླད་དུ། ཧོཿདེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱོས་ཤིག་ཅེས་པས། ཧོཿལས་སྐྱེས་པའི་མདའ་གཞུ་སྦྱིན་ཏེ་ཐབས་ཀྱི་མདའ་དྲུག་ཤེས་རབ་ཀྱི་གཞུ་ལ་བཀང་ནས་ཕྱོགས་བཞི་སྟེང་འོག་གཉིས་ཏེ་དྲུག་ཏུ་འཕངས་པས་རང་དོན་ཡིད་བྱེད་ཀྱི་བསམ་པ་བཅོམ་པའི་མོས་པ་མཛོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱའོ་ཞེས་གསུང་ཞིག །གནས་ལུགས་རྟོགས་པའི་ཤེས་རབ་དེའང་ཐོས་བསམ་ལས་བྱུང་བའི་ཤེས་རབ་ལྟར་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ཙམ་མ་ཡིན་གྱི། དབང་གི་ཡེ་ཤེས་རྡོ་རྗེ་སེམས་དཔའ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་སྣང་ལ་རང་བཞིན་མེད་པ་རང་གི་སྙིང་ལ་ཞུགས་པ་ཡིན་ནོ་ཞེས་ཤེས་པའི་ཆེད་དུ་མེ་ལོང་རྡོ་རྗེ་དང་བཅས་པའི་རྗེས་སུ་གནང་བ་ནི། ༀ་བཛྲ་ས་ཏྭ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་རང་བཞིན་གཙོ། །གང་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པས་ཤེས་པར་གྱིས་ཤིག་ཅེས་པ་རྣམས་སེམས་ཅན་གྱི་དོན་བྱེད་པའི་རྗེས་གནང་ཡིན། ཆོས་བཤད་པའི་རྗེས་གནང་ནི། ༀ་བཛྲ་ཧེ་ཏུ་མཱཾ་ཞེས་པས་ཞབས་ཀྱི་འོག་ཏུ་འཁོར་ལོ་བྱིན་ཏེ་སེམས་ཅན་འཁོར་བ་ནས་དྲོངས་ཤིག་ཅེས་པའི་དོན་ཡིན། འདྲེན་ལུགས་
ཤོག་ལྷེ་༣༠༩ཇི་ལྟར་བྱེད་ན་ༀ་བཛྲ་བྷཱ་ཥ་རཾ་ཞེས་པས་ཕྱག་གཡས་སུ་དུང་བྱིན་ཏེ། དུང་བུས་ལ་སེམས་ཅན་འཁོར་དུ་སྡུས་ཤིག་ཅེས་པའི་དོན་ཡིན། ཚུལ་ཇི་ལྟར་ན་བཛྲ་གྷཎྜེ་ཨཿ ཞེས་པས་ཕྱག་གཡོན་དུ་དྲིལ་བུ་བྱིན་ཏེ་ཆོས་ཀྱི་སྒྲ་སྒྲོགས་ཤིག་ཅེས་པའི་དོན་ཡིན། ཆོས་གང་གིས་ན་ཨཿ ཞེས་པས་རྒྱུད་ཀྱི་གླེགས་བམ་བྱིན་ཏེ་ཆོས་འདིའི་སྒྲ་སྒྲོགས་པར་གྱིས་ཤིག་ཅེས་པའི་དོན་ཡིན་པས་དེ་ལྟར་ངེས་པའི་སྒོ་ནས་དུང་འབུད་པ་དང་དྲིལ་བུ་འཁྲོལ་བ་དང་གླེགས་བམ་ཀློག་པའི་ཚུལ་མཛོད། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱོད་ལ་རྟག་ཏུ་སྲུང་བ་མཛད། །ཅེས་པས་སྤྱིར་བཏང་ཆོས་བཤད་པའི་རྗེས་གནང་བྱིན་ནས། ཆོས་བཤད་པ་དེའང་དེ་བཞིན་གཤེགས་པ་རིགས་ལྔ་དང་འབྲེལ་བའི་རྡོ་རྗེ་ཐེག་པའི་ཆོས་སྟོན་དགོས་སོ་ཞེས་ཤེས་པའི་ཆེད་དུ་རིགས་ལྔའི་སྤྲུལ་བཤད་ཀྱི་རྗེས་སུ་གནང་བ་ནི། རིགས་ལྔ་སོ་སོའ་ང་རྒྱལ་དང་ལྡན་པས་ཕྱག་རྒྱ་རྣམས་ཀྱང་སློབ་དཔོན་ལ་གཟིགས་ནས་མཛད་པར་ཞུ། སེམས་ཅན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་པའི་ཚེ་རྣམ་སྣང་དང་། དེ་བཞིན་དུ་ཚིག་རྐང་དང་པོ་གསུམ་འདྲ་བ་ལས། རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་དང་མི་བསྐྱོད་པ། རིན་ཆེན་འཁོར་
ཤོག་ལྷེ་༣༡༠ལོ་རབ་ཏུ་བསྐོར། །ཞེས་དང་རིན་ཆེན་འབྱུང་ལྡན། པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་དང་འོད་དཔག་མེད། སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར། །ཞེས་དང་དོན་གྲུབ་ཀྱི་ཕྱག་རྒྱ་བྱས་ལ། དེ་ལྟར་ན་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ། །རྡོ་རྗེའི་འཁོར་ལོ། །རིན་ཆེན་འཁོར་ལོ། །པདྨའི་འཁོར་ལོ། སྣ་ཚོགས་འཁོར་ལོ་རྣམས་བསྐོར་ལ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་དུང་བུས། སྒྲ་སྒྲོགས། བཤད་པ་གྱིས་ཤིག་ཅེས་པའི་དོན་ཡིན། དེ་ལྟར་ན་བསྐྱེད་པ་རྡུལ་ཚོན་ནམ། རས་བྲིས་གང་ཡིན་སྐབས་དང་སྦྱར་ལ།དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ་གཙོ་བོར་ལུས་ཀྱི་དྲི་མ་དག །དམ་ཚིག་རྩ་བ་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་གཉིས་བསྲུང་བ་ལ་དབང་བར་བྱས། བརྡ་ལྔ་བསྡུས་རྩེ་མོས་མནན་པ། ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་རྟོགས་བསྐྱེད་བྱའོ། །གསང་དབང་གི་སྡོམ་ནི། །མཎྜལ་བསྟོད་དང་གསོལ་བ་གདབ། །དབང་བསྐུར་ལུང་བསྟན་རྟོགས་པ་བསྐྱེད། །ཅེས་པ་ལྟར་ལས། ཐོག་མར་གསང་དབང་ཞུ་བའི་སླད་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་ཞིག་ཀྱང་སློབ་དཔོན་ལ་ཕུལ་བའི་མོས་པ་བྱས་ཏེ་བསྟོད་པ་འདིའི་རྗེས་ཟློས་མཛོད། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱི་མཆོག་བརྙེས་པ། །ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བརྒྱན་ཏེ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མའི་སྤྲོས་པ་རྡོ་རྗེ་བསྒྲུབ་པའི་ཡིད། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགེས། །ཞེས་པས་བསྟོད་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། །བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་
ཤོག་ལྷེ་༣༡༡གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང་། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་གསོལ་བ་བཏབ་ནས། སྔོན་ཆད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་མཚོན་བྱེད་དུ་ༀ་ཨཱཿཧཱུྃ་ཞེས་གསུང་ཞིང་མིག་རས་རྣམས་འཆིང་བར་ཞུ། དམིགས་པ་འདི་བཞིན་མཛོད། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། ཡབ་ཀྱི་ཞལ་དུ་ཞུགས་ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་ལམ་ནས་ཡུམ་གྱི་མཁར་བབས་པའི་ཐིག་ལེ་མུ་ཏིག་གི་རྡོག་མ་ལྟ་བུ་སློབ་དཔོན་ཉིད་ཀྱི་མཐེབ་སྲིན་གྱིས་བླངས་ཏེ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གིས་གསང་བའི་དབང་གི་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ཞེས་པས་བྱིན་པའི་བདུད་རྩི་དེ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ཏེ་ༀ་ཨཱཿཧཱུྃ་ཧོཿཞེས་གསུང་ཞིང་མྱང་བར་ཞུ། དེ་ལྟར་མྱངས་པས་མགྲིན་པ་ན་གཞིར་གནས་ཀྱི་ཡ་ར་ལ་ཝ་ཞེས་པའི་ཡི་གེ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་དམ་ཚིག་པའི་ཚུལ་དུ་གནས་པ་ལ། སློབ་དཔོན་གྱིས་བྱིན་པའི་བྱང་ཆུབ་ཀྱི་སེམས་གདན་གསུམ་ཚང་བ་དེ་ཉིད་ཡེ་ཤེས་པའི་ཚུལ་དུ་འདྲེས་པས་སྣང་མཆེད་ཐོབ་གསུམ་གྱི་འཁོར་དུ་བྱུང་བའི་རང་བཞིན་བརྒྱད་ཅུའི་རྟོག་པ་རགས་པ་རྣམས་འགགས་ནས་སྟོང་པ་དང་ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོའ་ཉམས་
ཤོག་ལྷེ་༣༡༢སྐྱེས་ཏེ་སྣང་བ་གསུམ་གྱི་རང་བཞིན་སྟོང་པ་གསུམ་རོ་གཅིག་ཏུ་གྱུར་པ་གསལ་ཞིང་ཡངས་ལ་མི་རྟོག་པ་རང་བྱུང་གི་ཡེ་ཤེས་སྟོང་གསལ་མཆོག་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། དེ་གསང་དབང་གི་དངོས་གཞི་ཡིན། དབང་དེ་ཐོབ་པའི་བརྡར་ༀ་ཨཱཿཧཱུྃ་ཞེས་གསུང་ཞིང་མིག་རས་རྣམས་འགྲོལ་བར་ཞུ། དེའི་མཐའ་རྟེན་དུ་ལུང་བསྟན་པ་ནི། ལུང་ཕལ་ཆེར་སྤྲུལ་སྐུས་སྟོན་པ། སྐབས་འདིར་སློབ་དཔོན་ཤཱཀྱ་ཐུབ་པའི་ང་རྒྱལ་དུ་བསྒྱུར་ནས་ལག་པ་གཡོན་པས་ཆོས་གོས་ཀྱི་གྲྭ་རི་དྭགས་བག་ཕེབས་པའི་རྣ་བ་ལྟར་འཛིན་ཅིང་། གཡས་རྡོ་རྗེ་དྲིལ་བུ་དང་བཅས་པའི་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཁྱེད་རང་རྣམས་ཀྱི་གསང་མཚན་དང་མཐུན་པའི་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་དཀྱིལ་འཁོར་པ་དང་བཅས་པས་མགྲིན་གཅིག་ཏུ་ལུང་བསྟན་པའི་མོས་པ་མཛོད། ༀ་འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ། ས་འོག་ས་སྟེང་ས་བླ་རྣམས་སུ་བྷུརྦྷུ་ཝཿསྭཿ ཞེས་ངས་ལུང་བསྟན་པ་འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ལུང་སྟོན་པར་མཛད་དེ་སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །ཞེས་པའི་སྒོ་ནས་ལུང་བསྟན་པས་དེ་ལྟར་དུ་འགྱུར་ངེས་སྙམ་པའི་དགའ་བ་བསྐྱེད་མཛོད། དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །དམ་ཚིག་ཤ་ལྔ་དང་བདུད་རྩི་ལྔའི་རིལ་བུ་བསྟེན་པ་ལ་དབང་བར་
ཤོག་ལྷེ་༣༡༣བྱས། བརྡ་མཐེབ་སྲིན་ཨེ་ལ་རིག་བྱེད་གཅིག །ལམ་བདག་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་རྟོགས་བསྐྱེད་བྱ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྡོམ་ནི། མཎྜལ་གཏོད་གསོལ་རིག་མ་གཏད། །དྲིས་ལན་སོགས་བྱ་དབང་དངོས་བསྐུར། །དབུགས་དབྱུང་སྦྱིན་ལ་རྟོགས་པ་བསྐྱེད། །ཅེས་པ་ལྟར་ལས། ཐོག་མར་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་བསྟོད་པ་དང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཁྱོད་ནི་སོགས་ནས་བདག་ལ་སྐྱོབས་ཞེས་པའི་བར་གསང་དབང་བཞིན། ཞེས་པས་གསོལ་བ་བཏབ་ནས། སྔོན་ཆད་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་མ་མཐོང་བའི་མཚོན་བྱེད་དུ་ༀ་ཨཱཿཧཱུྃ་ཞེས་པས་མིག་རས་འཆིང་བར་ཞུ། དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་མཚན་ཉིད་དང་ལྡན་པའི་རིག་མ་ཡིད་དུ་འོང་བ་ལང་ཚོ་ལ་བབས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་སྤྲུལ་སྟེ་ཁྱེད་རང་རྣམས་ལ་གཏད་པའི་མོས་པ་མཛོད། །དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་དག་ཏུ་གྱིས། །ཞེས་པའི་སྒོ་ནས་བྱིན་པའི་ཕྱག་རྒྱ་དེས་ཁྱེད་རྣམས་གསང་བའི་ཀུན་དུ་སྤྱོད་པ་རྣམས་ཀྱི་སྣོད་དང་མི་ལྡན་པ་བརྟག་པའི་ཕྱིར་དྲི་བ་བྱས་པའི་མོས་པ་མཛོད། བཤང་གཅི་དག་ནི་ཟ་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོའམ། །བུད་མེད་རྣམས་ལ་རྟག་གུས་དང་། །བྷ་གའི་པདྨར་འོ་བྱེད་པར། །བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། །ཞེས་དྲིས་པས་དེ་ལྟར་སྤྲོ་ཞེས་ལན་
ཤོག་ལྷེ་༣༡༤བཏབ་པའི་མོས་པ་བྱས་ནས་འདིའི་རྗེས་ཟློས་མཛོད། བཤང་གཅི་དག་ནི་ཟ་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་ཅིས་མི་སྤྲོ། །བུད་མེད་རྣམས་ལ་རྟག་གུས་དང་། །བྷ་གའི་པདྨར་འོ་བྱེད་པར། །བདག་ཉིད་ཅི་དགར་སྤྲོ་གྱུར་ཏོ། །ཞེས་པས་ལན་བཏབ་པས་ཕྱག་རྒྱ་དེས། །ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་འབྱུང་བའི་གནས། །གལ་ཏེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་བདག་འདུག་སྟེ། །སངས་རྒྱས་བསྙེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་དེ། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །སྟྭཾ་པདྨ་བྷཉྫ་མོཀྵ་ཧོཿ ཞེས་གསུང་ཞིང་ཁྱེད་རང་རྣམས་ཀྱི་པང་དུ་བྱོན་པའི་མོས་པ་མཛོད། དེ་ནས་ཁྱེད་རང་རྣམས་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་དང་ཕྱག་རྒྱ་བདག་མེད་མར་གསལ་བ་སྤྲུལ་སྐུ་ལམ་དུ་བྱེད་པ་ལྷའི་འདུ་ཤེས། ཡུམ་གྱི་མཁའ་མི་དམིགས་ཏེ་སྟོང་པའི་ངང་ལས་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པ། ༀ་པདྨ་སུ་ཁ་དྷཱ་ར། མ་ཧཱ་རཱ་ག་སུ་ཁནྡ་ད། ཙ་ཏུ་རཱ་ནནྡ་བྷ་ག་བི་ཤཱ །ཧཱུྃ་ཧཱུྃ་ཧཱུྃ། མ་ཀུ་རུ་ཥྭ་མེ། ཁྱེད་རང་རྣམས་ཀྱི་གསང་བའི་གནས་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ༀ་བཛྲ་མ་ཧཱ་དྭེ་ཥ། ཙ་ཏུ་རཱ་ནནྡ་ད་ཡ་ཀཿ ཁ་ག་མུ་ཁ་ཨེ། ཀཱ་ར་སོ་ནཱ་ཐ། ཧཱུྃ་ཧཱུྃ་ཧཱུྃ། མ་ཀུ་རུ་ཥྭ་མེ་ཞེས་པས་མཁའ་གསང་བྱིན་གྱིས་བརླབས་པ་ལོངས་སྐུ་ལམ་དུ་བྱེད་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་ལྷན་སྐྱེས་མངོན་དུ་བྱའོ་སྙམ་པ་ཆོས་སྐུ་ལམ་དུ་བྱེད་པ་ཆོས་ཀྱི་འདུ་ཤེས་ཏེ། སྐུ་གསུམ་ལམ་བྱེད་འདུ་ཤེས་གསུམ་དང་མ་བྲལ་བའི་སྒོ་ནས་
ཤོག་ལྷེ་༣༡༥ཐོག་མར་ཕྱག་རྒྱའི་གཟུགས་ལ་བལྟ་བ་དང་། སྒྲ་ལ་མཉན་པ་དང་། དྲི་ལ་བསྣམ་པ་དང་། མ་མཆུའི་སྦྲང་རྩི་མྱང་བ་དང་། འོ་དང་འཁྱུད་པ་དང་ཙུམྤ་ལ་སོགས་པ་བྱས་པའི་སྐད་ཅིག་དང་པོ་ལ་དགའ་བའི་ཡེ་ཤེས། བོ་ལ་དང་ཀཀྐོ་ལ་སྦྱར་བའི་སྐད་ཅིག་མ་གཉིས་པ་ལ་མཆོག་དགའི་ཡེ་ཤེས། བསྲུབ་ཅིང་བསྲུབ་པའི་སྦྱོར་བ་བྱས་པའི་སྐད་ཅིག་མ་གསུམ་པ་ལ་དགའ་བྲལ་གྱི་དགའ་བའི་ཡེ་ཤེས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན་གྱི་རྩ་བཙལ་ཏེ་སྙོམས་པར་ཞུགས་པའི་སྐད་ཅིག་མ་བཞི་པ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བའི་མོས་པ་མཛོད། དེ་དག་ནི་ཕྱི་གོ་རིམ་ལ་ལྟོས་པའི་དགའ་བ་བཞི་ཡིན། ནང་གནས་ལ་ལྟོས་པའི་དགའ་བ་ནི། དེ་ལྟར་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས། ཁམས་དྭངས་མ་ཐམས་ཅད་ཞུ་ནས་སྤྱི་བོའ་ཧཾ་ལ་འདུས་ཏེ། བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་མགྲིན་པར་བྱོན་པས་དགའ་བའི་ཡེ་ཤེས་མངོན་དུ་བྱས། སྤང་བྱ་ཉོན་མོངས་པ་ཀུན་བཏགས་ཞི་བ་ཉན་ཐོས་ཀྱི་ལམ་ཆོད། མགྲིན་པ་ནས་སྙིང་གར་བྱོན་པས་མཆོག་དགའི་ཡེ་ཤེས་མངོན་དུ་བྱས། སྤང་བྱ་ཉོན་མོངས་པ་ལྷན་སྐྱེས་མངོན་འགྱུར་ཞི་བ་རང་རྒྱལ་གྱི་ལམ་ཆོད། སྙིང་ག་ནས་ལྟེ་བར་བྱོན་པས་དགའ་བྲལ་གྱི་ཡེ་ཤེས་མངོན་དུ་བྱས། སྤང་བྱ་ཉོན་མོངས་པ་ཐམས་ཅད་ཞི་ནས་བྱང་ཆུབ་སེམས་དཔའི་ལམ་ཆོད། ལྟེ་བ་ནས་གསང་གནས་ཀྱི་བར་དུ་བྱོན་པས་ཐབས་ཀྱི་རིགས་ཀྱི་བདག་པོའ་རྩེ་དང་ཤེས་རབ་ཀྱི་རྩ་མཛེས་པའི་སྤྱི་བོར་བྱང་ཆུབ་ཀྱི་སེམས་དཀར་དམར་མཇལ་བས་སྤང་བྱ་ཉོན་མོངས་པ་ཐམས་ཅད་ཞི་བ་བརྟན་པ་བྱང་ཆུབ་ཆེན་པོའ་ལམ་ཆོད་དེ་མདོར་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་མཚོན་པར་ནུས་པའི་མཚོན་བྱེད་དཔེའི་ཡེ་ཤེས་ཞེས་བྱ་བ་ཡིན་ནོ། །དེ་ཡིས་
ཤོག་ལྷེ་༣༡༦བབས་ཀྱི་དགའ་བ་བཞི་ཡིན། མས་བརྟན་གྱི་དགའ་བ་བཞི་བསྒྲུབ་པའི་སླད་དུ་བྱང་ཆུབ་ཀྱི་སེམས་མཁའ་གསང་གི་རྩེ་མོར་རླུང་འཕོ་བ་མེད་པའི་སྟོབས་ཀྱིས་བཟུང་བ་དེ་སླར་ཡི་གེ་ཧཱུྃ་གི་གདངས་ཅན་གྱི་རླུང་གིས་དྲངས་པས་རྩ་དབུ་མའི་ལམ་ནས་གྱེན་དུ་བྱོན་ཏེ། ལྟེ་བའི་འཁོར་ལོ་གནས་བརྟན་པའི་མིང་ཅན་གྱི་དབུས་སུ་བརྟན་པས་དགའ་བས་བསྡུས་པའི་དགའ་བཞི་ཉམས་སུ་མྱོང་། རྒྱུ་མཐུན་གྱི་འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས། ལྟེ་བ་ནས་སྙིང་གའི་འཁོར་ལོ་ཐམས་ཅད་ཡོད་པར་སྨྲ་བའི་མིང་ཅན་གྱི་དབུས་སུ་བརྟན་པས་མཆོག་དགས་བསྡུས་པའི་དགའ་བ་བཞི་ཉམས་སུ་མྱོང་། རྣམ་སྨིན་གྱི་འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས། སྙིང་ག་ནས་མགྲིན་པའི་འཁོར་ལོ་ཀུན་གྱིས་བཀུར་བའི་མིང་ཅན་གྱི་དབུས་སུ་བརྟན་པས་དགའ་བྲལ་གྱི་དགའ་བས་བསྡུས་པའི་དགའ་བ་བཞི་ཉམས་སུ་མྱོང་། སྐྱེས་བུ་བྱེད་པའི་འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་པ། མགྲིན་པ་ནས་སྤྱི་བོའ་འཁོར་ལོ་ཕལ་ཆེན་པའི་མིང་ཅན་གྱི་དབུས་སུ་བརྟན་པས་ལྷན་སྐྱེས་ཀྱིས་བསྡུས་པའི་དགའ་བ་བཞི་ཉམས་སུ་མྱོང་། དྲི་མ་མེད་པའི་འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས། དེའི་ཚེ་བྱང་ཆུབ་སེམས་ཀྱིས་ལུས་ཐམས་ཅད་ལ་ཁྱབ། དེ་ཐམས་ཅད་ལ་བདེ་བས་ཁྱབ། བདེ་བ་ལ་མི་རྟོག་པས་ཁྱབ། བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ཅེས་སམ་བསྡུ་ན་ལམ་དུས་བཞིན་ངོ་སྤྲད་དོ། །དེ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དངོས་གཞི་ཡིན། དབང་དེ་ཐོབ་པའི་བརྡར་ༀ་ཨཱཿཧཱུྃ་ཞེས་གསུང་ཞིང་མིག་རས་རྣམས་འགྲོལ་བར་ཞུ། དེའི་མཐའ་རྟེན་དུ་དབུགས་དབྱུང་བ་ནི། སློབ་དཔོན་སྨད་པར་མི་བྱ་ཞིང་། །བདེ་གཤེགས་
ཤོག་ལྷེ་༣༡༧བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པ་ཉིད་མི་བྱ། །སེམས་ཅན་རྣམས་ལ་གདུག་བྱམས་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །བདག་གཞན་ཆོས་ལ་སྨད་མི་བྱ། །སྐལ་མེད་དེ་ཉིད་གཏམ་མི་བྱ། །བདག་གི་ལུས་ལ་ངེས་མི་སྨད། །ཆོས་ལ་ཡིད་གཉིས་སྤང་བྱ་ཞིང་། །གདུག་ལ་བྱམས་པ་ཉིད་མི་བྱ། །ཆོས་ཉིད་ཚད་ནི་གཟུང་མི་བྱ། །སྐལ་ལྡན་སེམས་ཅན་སྤང་མི་བྱ། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །བུད་མེད་ཉིད་ལ་སྨད་མི་བྱ། །ཇི་སྲིད་བྱང་ཆུབ་སྙིང་པོའ་བར། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུ་གཟུང་བར་བྱ། །གཙུག་ཏོར་རྟག་ཏུ་བཅང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཕྱག་རྒྱ་བཅིང་བ་རྣམ་སྤང་ཞིང་། །མཆོད་རྟེན་ལས་ནི་མི་བྱ་སྟེ། །རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱའོ། །སློབ་དཔོན་གཞན་ལ་ཕྱག་མི་བྱ། །བླ་མའི་རྒན་རབ་ཕྱག་འཚལ་ལོ། །རྟག་པར་རྒྱུན་དུ་སྔགས་བཟླ་ཞིང་། །བསམ་གཏན་ཉིད་ཀྱང་རྣམ་པར་སྤྱད། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང་། །རྟག་པ་རུ་ནི་བཤད་པ་གྱིས། །རྟག་ཏུ་སེམས་ཅན་བསྐྱང་བར་བྱ། །རྟག་ཏུ་སངས་རྒྱས་ཆེར་མཉེས་བྱ། །ཛམྦྷ་ལྷ་ལ་ཆུ་སྦྱིན་ཞིང་། །ལས་རྣམས་ཐམས་ཅད་ཡང་དག་སྤྱད། །བྱེ་མའི་ལས་ལ་མཆོད་རྟེན་ཡང་། །མཁས་པས་ཆོ་ག་བཞིན་དུ་བྱ། །ཞེས་གསུངས་ཏེ། དེའི་དོན་སྤང་བྱ་སྤོང་བའི་དབང་དུ་བྱས་ནས་རྩ་བའི་ལྟུང་བ་བཅུ་བཞི་དང་། བསྟེན་བྱ་བསྟན་པའི་དབང་དུ་བྱས་ནས་ལས་དང་པོ་པས་བསྒྲུབ་བྱའི་ཆོས་བདུན་དང་། སེམས་ཅུང་ཟད་
ཤོག་ལྷེ་༣༡༨བརྟན་པས་བསླབ་བྱ་རྣམ་པ་ལྔ་དང་དེའི་ཤུགས་ཀྱིས་བརྟན་པ་ཆེར་ཐོབ་ནས་དམ་ཚིག་སྡོམ་ལས་རྣམ་པར་གྲོལ་ཞེས་པའི་ཚུལ་གྱིས་བླང་དོར་མེད་པར་སྤྱད་དགོས་པ་རྣམས་བསྟན་པས་ན་དེ་དག་ངོ་ཤེས་པར་བྱས་ནས་སྤང་བླང་ཚུལ་བཞིན་དུ་གྱིས་ཤིག་ཅེས་པའི་དོན་ཡིན། འབྲས་བུའི་དབུགས་དབྱུང་བ་ལ་ཐོག་མར་དཀྱིལ་འཁོར་གྱི་གསང་བའི་ཡེ་ཤེས་ལ་བསླབ་པ་ནི། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་པ་སྟེ། དེའི་དོན་ནི་དད་པ་ཆེན་པོས་ལྷ་དང་བླ་མ་ལ་ཆགས་པ། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་ཆགས་པ། ཤེས་རབ་ཆེན་པོས་ཆོས་ཀྱི་དེ་ཁོ་ན་ཉིད་ལ་ཆགས་པ་ཞེས་བྱ་བ་འདི་གསུམ་དང་བྲལ་ན་སྡིག་ཆེ་བ་ཡིན་པས། འདི་གསུམ་དང་མ་བྲལ་བ་ལ་བསླབ་པར་བྱའོ་ཞེས་པའི་དོན་ཡིན། དེ་ནས་ཁྱེད་རང་རྣམས་ཧེ་རུ་ཀའི་ང་རྒྱལ་གྱིས་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་རེ་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་པའི་རྗེས་སུ་གདུགས་ལོགས་སུ་བཞག་སྟེ་དཀྱིལ་འཁོར་གྱི་ཤར་སྒོ་ནས་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་བྱས་པའི་མཐར་ཁྱེད་རང་རྣམས་སློབ་དཔོན་གྱི་དཀྱིལ་འཁོར་པ་རྣམས་ལ་ཕུལ་བར་མོས་ཏེ་དཀྱིལ་འཁོར་གྱི་ཕྱོགས་ལ་དབུ་དུད་ཙམ་དེ་མཛོད། སྔགས་དང་རྒྱུད་རྣམས་འཛིན་འགྱུར་བའི། །སློབ་མ་འདི་ནི་འབུལ་བ་ལགས། །ཞེས་ཕུལ་བས་དཀྱིལ་འཁོར་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འབྲས་བུའི་དབུགས་དབྱུང་བའི་མོས་པ་མཛོད། སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་
ཤོག་ལྷེ་༣༡༩མཐུན་པར་གསུངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལ་ངེས་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་བཞུགས་པ་ཡིན། །ཞེས་གསུངས་ཏེ། དེའི་དོན་ནི་ཁྱེད་རང་རྣམས་སྔགས་དང་རྒྱུད་དང་མན་ངག་འཛིན་པའི་རྡོ་རྗེ་སློབ་དཔོན་ཆེན་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་མཐུན་པར་གསུངས་ཤིང་བུ་སྡུག་པ་ལྟར་ཡོངས་སུ་དགོངས་པའི་ཕྱིར། དེང་ཕྱིན་ཆད་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སྒོ་ནས་རྡོ་རྗེ་སློབ་དཔོན་གྱི་ལས་སུ་བྱ་བ་རྣམས་ཚུལ་བཞིན་དུ་བསྒྲུབས་ཏེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་གྱིས་ཤིག །ཁམས་གསུམ་གྱི་རྒྱལ་སྲིད་ཆེན་པོ་སངས་རྒྱས་ཀྱི་གྲོང་ཁྱེར་དུ་ཞུགས་པ་དང་མཚུངས་པ་ཡིན་ནོ། །དེ་ལྟར་ན་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་དག །དམ་ཚིག་བུད་མེད་ལ་མི་སྨོད་པ་ལ་དབང་། བརྡ་བྱང་ཆུབ་མཆོག་གི་ཕྱག་རྒྱ། ལམ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་རྟོགས་བསྐྱེད་བྱ། དབང་བཞི་པའི་སྡོམ་ནི། མཎྜལ་གསོལ་གདབ་ཚིག་དབང་བསྐུར། །གཟེངས་བསྟོད་རྟོགས་བསྐྱེད་ལ་སོགས་བྱ། །ཞེས་པ་ལྟར་ལས། ཐོག་མར་དབང་བཞི་པ་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་
ཤོག་ལྷེ་༣༢༠མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། མགོན་པོ་ཐུགས་རྗེ་ཆེ་ལྡན་པས། །དབང་བསྐུར་གསུམ་པོ་བདག་ལ་གནང་། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །བཞི་པ་ཡང་ནི་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ནས། སྔོན་ཆད་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་མཚོན་བྱེད་དུ་ༀ་ཨཱཿཧཱུྃ་ཞེས་གསུང་ཞིང་མིག་རས་རྣམས་འཆིང་བར་ཞུ། དེ་ལ་དབང་བཞི་པའི་རྣམ་གྲངས་ནི་ཚིག་གི་བཞི་པ། དོན་གྱི་བཞི་པ། བཞི་པ་རྟེན་ཅན། ལམ་དུ་བྱེད་པའི་བཞི་པ། འབྲས་བུ་མངོན་དུ་བྱེད་པའི་བཞི་པ་སྟེ་ལྔ་ལས། ཚིག་གི་བཞི་པ་གང་ལ་བསྟན་པའི་ཡུལ་ནི། སམ་བུ་ཊ་ལས། ཟབ་ཅིང་རྒྱ་ཆེ་ལ་མོས་ན། །ཚིག་གི་རིན་ཆེན་བཞི་པ་སྦྱིན། །ཞེས་གསུངས་པས། སློབ་མ་བླ་མ་དང་ཤེས་རབ་ཡེ་ཤེས་ཀྱི་ཉམས་མྱོང་དང་། ཟབ་མོའ་སྟོང་པ་ཉིད་དང་ཐབས་རྒྱ་ཆེ་བའི་རིམ་པར་མོས་པ་ལ་སྦྱིན་པར་བྱ་ཡི། དེ་ལས་གཞན་ལ་ནི་མ་ཡིན་ཏེ། བླ་མ་ལ་མོས་པ་མེད་ན་བླ་མའི་ཚིག་ལ་ངེས་པ་མི་སྐྱེ། དབང་གི་ཉམས་མྱོངས་ལ་མོས་པ་མེད་ན་ཐོས་བསམ་གྱི་ལྟ་བ་དང་ཁྱད་པར་མེད། སྤྲོས་བྲལ་ལ་མོས་པ་མེད་ན་ཐ་མལ་པའི་འདོད་ཆགས་དང་ཁྱད་པར་མེད། ཐབས་བསམ་གྱིས་མི་ཁྱབ་པ་ལ་མོས་པ་མེད་ན་གཞན་རྗེས་སུ་འཛིན་པའི་མཐུ་མེད་པས། མཚན་ཉིད་དེ་དག་དང་ལྡན་ཞིང་བུམ་པ་ལ་སོགས་པའི་དབང་སྔ་མ་རྣམས་ཐོབ་པའི་སློབ་མ་ལ་དབང་བཞི་པ་སྦྱིན་པར་གསུངས་ལ། དེ་ཉིད་ཚིག་གི་སྒོ་ནས་ངོ་སྤྲད་པའི་ཚུལ་ནི་འདི་ཉིད་ཀྱི་རྩ་རྒྱུད་ལས། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་གསུངས་ཏེ། །དེའི་དོན་ནི་དབང་གསུམ་པའི་གནས་སྐབས་སུ་ཉམས་སུ་མྱོང་
ཤོག་ལྷེ་༣༢༡བའི་ཡེ་ཤེས་འདི་ནི་དཔེ་དང་གཏན་ཚིགས་ལ་སོགས་པས་རྟོགས་པར་དཀའ་བས་ཆེས་ཕྲ་ཞིང་མཚན་མ་དང་རྣམ་པར་རྟོག་པས་མི་ཕྱེད་པས་རྡོ་རྗེ། མཐའ་དབུས་དང་བྲལ་བས་ནམ་མཁའི་དཀྱིལ་ལྟ་བུ། ཉོན་མོང་པའི་རྡུལ་དང་བྲལ་བས་རྡུལ་བྲལ།སྲིད་པ་ཟད་པ་རྡོ་རྗེ་འཆང་གི་གོ་འཕང་སྦྱིན་པས་ན་མཐར་ཕྱིན། གདོད་མ་ནས་མ་སྐྱེས་པས་ན་ཞི་བ། འཇིག་རྟེན་ན་རང་གི་རིགས་རང་གིས་སྤེལ་དགོས་པ་ལྟར་རང་རྒྱུད་ལ་ཡེ་ཤེས་བསྐྱེད་པའང་རང་གིས་བསྒོམ་པ་ལ་རག་ལས་པས་ཁྱེད་རང་ཡང་ནི་དེའི་ཕ། །ཞེས་གསུངས་ཏེ། དེའི་དོན་ཉམས་སུ་བླང་བའི་ཆེད་དུ་ཁྱེད་རང་རྣམས་ལུས་བསམ་གཏན་གྱི་ཆོས་དང་ལྡན་པར་བྱས། ངག་རླུང་རྒྱུ་བ་སོར་བཞག །སེམས་དུས་གསུམ་གྱི་རྟོག་པའི་རྒྱུ་འགྲུལ་གཞན་ཐམས་ཅད་བཅད་ལ། བརྟན་གཡོ་སྣོད་བཅུད་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་སུ་ངེས་པའི་ཤེས་པ་བསྐྱེད་དོ། །སེམས་ཀྱི་མཚན་ཉིད་གསལ་བ། རང་བཞིན་སྟོང་པ། ངོ་བོ་ཟུང་འཇུག་གསུམ་དབྱེར་མི་ཕྱེད་པ་རང་བཞིན་གྱིས་རྣམ་པར་དག་པའི་སྐུ་བཞི་རང་ཆས་སུ་གནས་པ་དེ་ཉིད། འབྲས་དུས་ཀྱི་སྐུ་བཞི་དང་ངོ་བོ་དབྱེར་མེད་དུ་ངེས་ཤེས་བསྐྱེད་དེ། དེ་མངོན་དུ་བྱེད་པའི་ཐབས་གཞན་གྱིས་ཚིག་ཏུ་བརྗོད་པ་ལ་སོགས་པས་རྟོགས་པར་མི་ནུས་པས། དཔེ་དབང་གསུམ་པའི་ཡེ་ཤེས་ཀྱི་སྟེང་དུ་ངོ་སྤྲད་དེ་རྟོགས་པར་བྱ་བ་ནི། རང་ཉིད་དབང་གསུམ་པའི་གནས་སྐབས་སུ་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་སྐུ་ཅན་དུ་སྣང་བ་སྤྲུལ་པའི་སྐུ་དང་། དེའི་སེམས་རྒྱུད་ཕྱག་རྒྱ་དང་མཉམ་པར་སྦྱར་བ་ལས་བྱུང་བའི་བདེ་བ་ཆེན་པོའ་ཡེ་ཤེས་ཀྱི་རྣམ་པར་ཤར་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ལྷ་སྐུ་བདེ་བ་ཆེན་པོའ་
ཤོག་ལྷེ་༣༢༢རྣམ་པར་སྣང་ཙམ་དེ་ཉིད་སྐྱེ་འགག་གནས་གསུམ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུ་དང་། དེ་གསུམ་ལྡོག་ཚུལ་ཐ་དད་ཀྱང་རང་བཞིན་སོ་སོར་དབྱེར་མི་ཕྱེད་པ་ངོ་བོ་ཉིད་ཀྱི་སྐུ་སྟེ། མདོར་ན་སེམས་ཀྱི་གཤིས་ཅིར་ཡང་མ་ཡིན་པ་གདངས་བདེ་ཆེན་དུ་མ་འགགས་པ། རྩལ་སྣ་ཚོགས་སུ་འཆར་བ། བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པ་ནམ་མཁའ་ལྟ་བུར་ཤེས་པར་བྱས་ལ། ནམ་མཁའ་དང་ནམ་མཁའ་རོ་གཅིག་པ་ལྟར། སེམས་དང་བདེ་སྟོང་རོ་གཅིག་པའི་ངང་ལ་འཛིན་མེད་དུ་ཁོང་ལྷོད་ཀྱིས་གློད་དེ་མཉམ་པར་འཇོག་པར་ཞུ། དེ་དབང་བཞི་པའི་དངོས་གཞི་ཡིན། དབང་དེ་ཐོབ་པའི་བརྡར་ༀ་ཨཱཿཧཱུྃ་ཞེས་གསུང་ཞིང་མིག་རས་རྣམས་འགྲོལ་བར་ཞུ། དེའི་མཐའ་རྟེན་དུ་གཟེངས་བསྟོད་པ་ནི། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །བཙུད་པ་དང་ནི་མཐོང་བ་ཡིས། །དེ་རིང་སྡིག་ལས་རྣམ་གྲོལ་འགྱུར། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མ་ཡིན། །མི་ཐུབ་པ་དང་མི་འཆི་བས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཞེས་གསུངས་ཏེ། དེའི་དོན་ནི། སྙིང་པོ་བདེ་བ་ཆེན་པོ་ལེན་ཅིང་འཛིན་པར་བྱེད་པའི་མཆོག་ཏུ་གསང་བ་དམ་པའི་དཀྱིལ་འཁོར་འདིར་ཁྱེད་རྣམས་བཅུད་ཅིང་མཐོང་བ་ལ་བརྟེན་ནས་དེང་ཕྱིན་ཆད་སྡིག་པ་དང་སྡུག་བསྔལ་ལས་གྲོལ་ཏེ་བདེ་བ་ཆེན་པོ་འབྲས་བུའི་ཐེག་པ་འདིར་ཚུད་པས་ན་ལམ་འདི་ལ་དགའ་བ་ཁྱད་པར་ཅན་དང་ལྡན་པར་གྱིས་ཤིག །དེ་ལྟར་བྱས་ན་སྲིད་པ་ཤིན་ཏུ་དག་པ་སྐུ་བཞིའི་འབྱོར་པ་ཐོབ་སྟེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་བ་
ཤོག་ལྷེ་༣༢༣ཡིན་ན། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་ཆར་གྱི་དྲི་མ་བག་ཆགས་དང་བཅས་པ་དག །དམ་ཚིག་དགོངས་ཏེ་གསུངས་པའི་དམ་ཚིག་བསྲུང་བ་ལ་དབང་། བརྡ་མཛུབ་མོས་ནམ་མཁའ་མཚོན་པ། ལམ་རྡོ་རྗེའི་རྦ་རླབས་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་རྟོགས་བསྐྱེད་བྱ། དེ་རྣམས་ཀྱིས་དབང་བསྐུར་བ་ཡོངས་སུ་རྫོགས་པར་གྲུབ་པས་ན་གནས་སྐབས་སུ་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་ཐམས་ཅད་ལ་སྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་སོགས།ཞེས་པས་དམ་ཚིག་བསྡུས་ཏེ་འཛིན་པར་ཁས་བླངས་ནས་དབང་ཡོངས་སུ་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་ལུས་ལོངས་སྤྱོད་ཐམས་ཅད་སློབ་དཔོན་ལ་དྲིན་ལན་དུ་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམས་ཏེ་སོགས།ཞེས་པ་དེ་རྣམས་ཀྱིས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་བིར་ཝ་པས་བཀྲལ་ཞིང་རྡོ་རྗེ་འཆང་གཉིས་པ་དཔལ་ས་སྐྱ་པ་ཡབ་སྲས་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པའི་བཅོམ་ལྡན་འདས་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ལེགས་པར་གསན་པས་ལམ་ལ་འབད་པ་དང་དམ་ཚིག་དང་སྡོམ་པ་སྲུང་སྡོམ་ལ་སོགས་པའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། ཞེས་བརྗོད་ལ་རྗེས་ཀྱི་ཆོ་ག་རྣམས་བྱའོ། །དེ་ལྟར་དགེས་པ་རྡོ་རྗེ་ཡི། །དབང་བཤད་སྙིང་པོ་བསྡུས་པ་འདི། །སྦྱར་བའི་དགེ་བས་འགྲོ་བ་ཀུན། །རྡོ་རྗེ་འཆང་དབང་ཐོབ་པར་ཤོག །དཔལ་ཀྱཻ་རྡོ་རྗེའི་དབང་གི་ཆོ་ག་སྙིང་པོ་བསྡུས་པ་ཞེས་བྱ་བ་འདི་ཡང་དོན་གཉེར་གྱི་སློབ་མ་མང་པོས་བསྐུལ་བའི་ངོར་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་དབང་བཤད་ཆེན་མོ་ལས་མདོར་བསྡུས་ཏེ་དབང་ཆུ་མཛེས་རྒྱན་ལྷན་ཐབས་སུ་
ཤོག་ལྷེ་༣༢༤སྦྱར་བའི་ཡི་གེ་པ་ནི་ནཱ་ཐ་རཏྣའོ། །རྒྱས་པ་ལ་མོས་ན་དབང་བཤད་ཆེན་མོ་མན་ངག་གི་གཏེར་མཛོད་ལས་ཤེས་པར་བྱའོ། །དེ་ལྟར་ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཀྱཻ་རྡོ་རྗེ་དབང་གི་མཚམས་སྦྱོར་འདི་ལ་སོགས་ཁོང་རིགས་རྣམས་དཀྱུས་སུ་བཅུག་ནས་དབང་ཆོག་ཅེས་མཚན་གསོལ་ཏེ་འཇུག་བདེ་བར་བློ་གཏེར་དབང་པོས་ཐར་རྩེ་རྡོ་རྗེ་འཆང་གི་དགོངས་བཞེད་ལྟར་རྒྱུད་སྡེ་རབ་འབྱམས་ཀྱི་བཀའི་བསྡུ་བ་ཆེན་པོ་བགྱིད་སྐབས་བྲིས་པའི་ཡི་གེ་པ་ནི་རྒྱུད་གཞུང་ལ་དད་པ་ཐོབ་པ་དགེ་སློང་ཤཱཀྱ་རྒྱལ་མཚན་གྱིས་བགྱིས་པའོ། །འདིས་ཀྱང་བདག་སོགས་འགྲོ་ཀུན་དཔལ་དགེས་པ་རྡོ་རྗེའི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། དགེའོ། །དགེའོ། །དགེའོ།། །།