Tibetan:དཔེ་མེད་མཚོའི་ལུགས་ཀྱི་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་རྡོ་རྗེའི་ཚིག་འབྱེད་: Difference between revisions

From gDams Ngag mDzod
Jump to navigation Jump to search
No edit summary

Revision as of 13:46, 3 August 2012

Cataloging data for this text

Full Title

Tibetan: ༄། །དཔེ་མེད་མཚོའི་ལུགས་ཀྱི་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་རྡོ་རྗེའི་ཚིག་འབྱེད་ཅེས་བྱ་བ་བཞུགས་སོ། ༎
Wylie: @/_/dpe med mtsho'i lugs kyi rnal 'byor yan lag drug pa'i khrid rdo rje'i tshig 'byed ces bya ba bzhugs so/_//

Tibetan text

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.



ཤོག་ལྷེ་༣༨༡དཔེ་མེད་འཚོའ་ལུགས་ཀྱི་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་རྡོ་རྗེའི་ཚིག་འབྱེད་ཅེས་བྱ་བ་བཞུགས་སོ།། །།



ཤོག་ལྷེ་༣༨༢སྣ་ཚོགས་གཟུགས་ཅན་འོད་གསལ་ཉིད་ཕྱིར་རྡུལ་དང་བྲལ་བ་དམ་པའི་གཟུགས། །བརྗོད་པ་ཀུན་གྱི་རྒྱུ་ཡིན་པས་ན་ཚིག་རིགས་སྤངས་བ་ནཱ་དའི་དབྱངས། །ཡེ་ཤེས་ཆེན་པོའ་ཚུལ་ལུགས་འཚང་བས་རྣམ་པར་ཤེས་ལས་འདས་པའི་ཐུགས། །ཀུན་ལ་ཁྱབ་པས་བརྟག་པར་མ་ནུས་དང་པོའ་སངས་རྒྱས་དེ་ལ་འདུད། །དཔལ་ལྡན་རྡོ་རྗེ་ཐེག་པ་བགྲོད་པའི་ལམ། །ཟབ་མོ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག །རྗེ་བཙུན་རྡོ་རྗེ་ཅན་གྱི་ཞལ་སྒོ་ནས། །འོངས་པའི་རྡོ་རྗེའི་ཚིག་འབྱེད་འདི་ན་ཀོ། །འདིར། རྣལ་འབྱོར་ཆེན་པོའ་རྒྱུད་ཐམས་ཅད་ལས་གསུངས་པའི་དོན་དམ་པའི་བདེན་པ་དཔལ་དང་པོའ་སངས་རྒྱས་ཚེ་གཅིག་ལ་སྟེར་བར་བྱེད་པའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་འཆད་པར་བྱེད་པ་ལ། བརྒྱུད་པའི་ལོ་རྒྱུས་དང་། གདམས་པ་དངོས་གཉིས། དང་པོ་ནི། སློབ་དཔོན་ཆེན་པོ་ཨ་ནུ་པ་མ་རྐྵི་ཏ་སྟེ་དཔེ་མེད་འཚོ་ཞེས་གྲགས་པ་ལྔ་རིག་པའི་གཙུག་རྒྱན་དུ་འོས་པ་དེ་བསྒོམ་པར་བཞེད་ནས་ཁ་ས་ཎི་རང་བྱུང་གི་དྲུང་དུ་ལོ་བཅུ་གཉིས་བསྒྲུབས་ཀྱང་རྟོགས་པའི་ཁྱད་པར་ཅི་ཡང་མ་འཁྲུངས་ནས་ཐུགས་ཞུམ་པ་ན། རྨི་ལམ་དུ་རྡོ་རྗེ་རྣལ་འབྱོར་མ་བྱོན་ཏེ་སང་བི་ཀྲ་མ་ཤྲཱི་ལའི་གཙུག་ལག་ཁང་དུ་སོང་ཞིག་དེར་འདོད་པའི་དོན་འགྲུབ་པར་འགྱུར་རོ་ཞེས་ལུང་བསྟན་མནལ་སད་པ་དང་། སཱ་དྷུ་པུ་དྲའམ་དཔལ་འཛིན་ཞེས་གྲགས་པའི་སློབ་མའི་གཙོ་བོ་དེ་དང་ལྷན་ཅིག་དེར་གཤེགས་པས་མཆོད་པ་ཞིག་དང་འགྲིག་སྟེ། མཚན་གཙུག་ལག་ཁང་ཆེན་པོ་དེའི་ཕྱོགས་དབེན་པ་ཞིག་ཏུ་བཞུགས་

ཤོག་ལྷེ་༣༨༣པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཨ་ཝ་དྷཱུ་ཏི་པའི་ཆ་བྱད་ཅན་བྱོན་ནས། བུ་དེ་ཁོ་ན་ཉིད་ནི་འདི་ཡིན་ནོ་ཞེས་ཚིག་ཏུ་དེ་ཙམ་ལས་མ་བསྟན་ཀྱང་བྱིན་བརླབས་ཀྱི་མོད་ལ་ཡེ་ཤེས་ཀྱི་སྐུ་གྲུབ་སྟེ་ཐམས་ཅད་གཟིགས་སོ། །དེ་ནས་རང་གི་རྟོགས་པ་དཔལ་འཛིན་ལ་བསྟན་པ་ནི་མན་ངག་འདི་ཡིན་ལ། དེས་པཎྜི་ཏ་འོད་མཛད་ལྷ་དང་། དེས་ཆོས་འབྱུང་ཞི་བ་དང་། དེས་ཉི་མ་དཔལ་ཡེ་ཤེས་དང་། དེས་རཏྣ་རཀྵི་ཏ་དང་། དེས་མི་དབང་བློ། དེས་ཕྱོགས་གྲོལ། དེས་ཤཱཀྱ་རཀྵི་ཏ་དང་། དེས་ལེགས་སྐྱེས། དེས་སངས་རྒྱས་དབྱངས། དེས་རྒྱ་གར་ཤར་ཕྱོགས་སཏྣ་ག་རའི་མཁས་པ་ཆེན་པོ་ནགས་ཀྱི་རིན་ཆེན། དེས་རྒྱལ་བའི་དབང་པོ་ཀུན་དགའ་དཔལ་འབྱོར་ལ་གདམས་ཤིང་། ཡང་། མགོན་པོ་མི་ཕམ་དགའ་བ་སྟེ་བྱམས་པ་གླིང་པ། དཔལ་ཡིད་བཟངསབཟང་རོལ་པ་སྟེ་འགོས་གཞོན་ནུ་དཔལ་གཉིས་ལའང་གསན་ནོ། །རྗེ་དེས་ཞིབ་མོར་བསྙད་པ་ནི་དགེ་སློང་རིན་ཆེན་རྣམ་རྒྱལ། དེས་འཇམ་པའི་དབྱངས་ཆོས་ཀྱི་གྲགས་པ། དེས་དཔལ་སྒྱུ་མའི་གར་མཁན་དེ་དང་། དཔལ་འབྲུག་པ་རིན་པོ་ཆེས་ཀྱང་། རྒྱལ་དབང་རྗེ་ལ་བསྐྱར་མ་ཞིག་གསན་པས། རྗེ་དེ་གཉིས་ལ། བླ་མ་དམ་པ་བསྟེན་པ་ལ་མཁས་པ་པདྨ་དཀར་པོས་ཐོས་ཏེ། རྡོ་རྗེའི་ཚིག་ཐམས་ཅད་ཇི་བཞིན་པ་མཐོང་བའི་མིག་རྒྱས་པ་ཡིན་ནོ། །གཉིས་པ་གདམས་པ་དངོས་ལ་རྣལ་འབྱོར་གྱི་སྔོན་དུ་འགྲོ་བ་དང་། རྡོ་རྗེའི་རྣལ་འབྱོར་དངོས་བཤད་པ་གཉིས། དང་པོ་ལ་སྤྱན་རས་གཟིགས་ཀྱི་སྒོམ་བཟླས། རྡོ་རྗེ་སེམས་དཔའི་སྒོམ་བཟླས། དུས་ཀྱི་འཁོར་ལོའ་བསྐྱེད་རིམ། བླ་མའི་རྣལ་འབྱོར། ཚོགས་ཀྱི་འཁོར་ལོ་ལྔ་ལས། དང་པོ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།

ཤོག་ལྷེ་༣༨༤བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པའི་བསོད་ནམས་འདི་དག་གིས། འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །སེམས་ཅན་ཐམས་ཅད་བདེ་ལྡན་སྡུག་བསྔལ་དང་བྲལ་ཞིང་། །དགའ་དང་མི་འབྲལ་བཏང་སྙོམས་ཆེ་ལ་གནས་པར་ཤོག །ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཧྲཱིཿལས་ཁ་སརྦ་ཎི་རབ་མཛེས་སྐུ། ཟླ་ཤེལ་མདངས་ལྡན་ཕྱག་གཡས་མཆོག་སྦྱིན་གཡོན། །ཐུགས་དགར་པད་བསྣམས་རྒྱན་གྱིས་རབ་བརྒྱན་པ། །སྐྱིལ་ཀྲུང་ཕྱེད་པས་པདྨ་ཟླ་བར་འགྱིད། །མདུན་དུ་སྒྲོལ་མ་སྔོན་མོ་ཨུཏྤལ་འབྱེད། །གཡས་ན་ནོར་བཟང་གསེར་མདོག་ཐལ་མོ་པོ་ཏ། རྒྱབ་ན་ཁྲོ་གཉེར་ཅན་དཀར་ཞལ་གསུམ་ཕྱག །ཐལ་མོ་བགྲང་འཕྲེང་རྩེ་གསུམ་སྤྱི་བླུགས་འཛིན། །གཡོན་ན་རྟ་མགྲིན་དམར་པོ་ཐལ་མོ་དབྱུག །ཐམས་ཅད་བཞེངས་པ་གཙོ་བོའ་གནས་གསུམ་དུ། །ༀ་ཨཱཿཧཱུྃ་དང་སྙིང་ཕུག་ཧྲཱིཿཡིག་སྤྲས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །ༀ་ཧྲཱིཿསྭཱ་ཧཱ། དགེ་འདིས་འཕགས་པས་རྗེས་སུ་འཛིན་གྱུར་ཅིག །མཐའ་མར་མི་དམིགས་སྟོང་པ་ཉིད་ལ་གཞག །གཉིས་པ་ནི། སྤྱི་བོར་ཧཱུྃ་ལས་རྡོ་རྗེ་རིགས་ཀུན་བདག །རབ་དཀར་རྡོ་རྗེ་སྙེམས་མ་དམར་མོས་འཁྱུད། །རྡོ་རྗེ་སྙིང་ག་དྲིལ་བུ་དཀུ་ལ་བཟུང་། །ཡུམ་གྱི་གྲི་ཐོད་རབ་བརྒྱན་སེམས་སྐྱིལ་ཅན། །ཐུགས་ཀར་ཟླ་བ་ཧཱུྃ་སྔགས་འཕྲེང་བས་བསྐོར། །བདུད་རྩིའི་རྒྱུན་འཛག་སྦྱོར་མཚམས་ནས་བབས་ཏེ། །བདག་ལུས་ཕྱི་ནང་སྡིག་སྒྲིབ་ཐམས་ཅད་འཁྱུད། །ༀ་བཛྲ་སྟྭ་སོགས། །བདག་དང་གཉིས་མེད་ཐིམ་དག་སྒྲིབ་བྱང་ཤོག །གསུམ་པ་ནི། སྐད་ཅིག་དང་པོའ་སངས་རྒྱས་ཁྲོ་ཆགས་སྔོ། །ཞལ་གཅིག་རྡོར་དྲིལ་དང་བཅས་ཡུམ་ལ་འཁྱུད། །ཕྱག་རྒྱས་བརྒྱན་ཏེ་ཉོན་མོངས་བདུད་ཀྱི་ཁར། །ཞབས་གཡས་དམར་བརྐྱང་གཡོན་པ་དཀར་པོ་བསྐུམ། །ༀ་ཨཱཿཧཱུྃ་ཧོཿཧཀཾ།།།ཧཱུྃ་ཕཊ། བཞི་པ་ནི། སྤྱི་བོར་བླ་མ་བརྒྱུད་པ་ལོངས་སྐུར་བརྩེགས། །རྩེ་གཅིག་འདི་ཕྱི་ཀུན་གྱི་རེ་ལྟོས་གཏད། །ཅི་བྱུང་ཐབས་གཞན་མི་འཚོལ་བླ་མ་འབོད། །

ཤོག་ལྷེ་༣༨༥ཐུགས་རྗེས་གཟིགས་ཤིག་སངས་རྒྱས་མི་གཟུགས་རྣམས། །ཁྱབ་བདག་དང་པོའ་མགོན་པོ་བཅོམ་ལྡན་འདས། །འཇིག་རྟེན་དབང་ཕྱུག་དཔལ་ལྡན་དཔེ་མེད་མཚོ། །དཔལ་འཛིན་དགའ་བ་འོད་མཛད་ལྷ་ཡི་ཞབས། །ཆོས་འབྱུང་ཞི་བ་ཉི་མ་དཔལ་ཡེ་ཤེས། །རིན་ཆེན་བསྲུང་བ་མི་ཡི་དབང་པོའ་བློ། །ཕྱོགས་སུ་གྲོལ་བ་ཤཱཀྱ་རཀྵི་ཏ། །ལེགས་སྐྱེས་སངས་རྒྱས་དབྱངས་དང་རྗེ་བཙུན་ནི། །ནགས་ཀྱི་རིན་པོ་ཆེ་དང་དེ་ཡི་སྲས། །ངག་གི་དབང་པོའ་སྡེ་དང་རིན་རྣམ་པ། །ཆོས་ཀྱི་གྲགས་པ་སྒྱུ་མའི་གར་མཁན་དང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །མཚན་རྣམས་ཡོངས་རྫོགས་བླ་མའི་སྐུ། །སྤྱི་བོར་ལུས་ཀྱི་ཐིག་ལེ་ལ། །བཞུགས་ནས་བུམ་དབང་དགའ་བའི་ཆུས། །སད་པའི་དྲི་མ་སྦྱང་དུ་གསོལ། །ལོངས་སྤྱོད་རྫོགས་པ་ཀུན་གྱི་སྐད། །མགྲིན་པ་དག་གི་ཐིག་ལེ་ལ། །བཞུགས་ནས་གསང་དབང་མཆོག་དགའི་མེས། །རྨི་ལམ་བག་ཆགས་བསྲེག་ཏུ་གསོལ། །དཔལ་ལྡན་བླ་མ་ཆོས་ཀྱི་སྐུ། །སྙིང་གར་སེམས་ཀྱི་ཐིག་ལེ་ལ། །བཞུགས་ནས་ཤེས་རབ་ཡེ་ཤེས་གཉིས། །གཉིད་འཐུག་མུན་པ་བསལ་དུ་གསོལ། །མགོན་པོ་ལྷན་ཅིག་སྐྱེས་པའི་སྐུ། །ལྟེ་བར་ཡེ་ཤེས་ཐིག་ལེ་ལ། །བཞུགས་ནས་བཞི་པའི་དབང་བསྐུར་བས། །འཕོ་མེད་ཐོབ་པར་བྱིན་གྱིས་རློབས། །དེ་ལྟར་བདག་དང་འགྲོ་རྣམས་ཀྱིས། །ལུས་ངག་ཡིད་དང་ཡེ་ཤེས་ཚོགས། །རྡོ་རྗེ་བཞི་དང་མཉམ་སྦྱོར་བས། །སྐུ་བཞིའི་དབང་ཕྱུག་ཐོབ་པར་ཤོག །ལྔ་པ་ནི། རང་གི་རྣམ་ཤེས་སྣ་ཚོགས་ཡུམ་དུ་འཐོན། །གྲི་གུག་གིས་བཅད་ཐོད་པ་སྟོང་གསུམ་ཙམ། །དེ་ནང་ལུས་གཏུབས་ༀ་ཨཱཿཧཱུྃ་ཧོཿཡིས། །སྦྱངས་རྟོགས་སྦར་བཞུ་ཕེཾ་སྒྲས་མགྲོན་བཞི་བཀུག །ཐམས་ཅད་ཚིམ་པར་བཞེས་ལ་དངོས་གྲུབ་སྩོལ། །མཐའ་མ་འཁོར་གསུམ་དག་པའི་ངང་ལ་གཞག །ལྟེ་བར་དབྱུག་གུ་ཉི་མའི་དབུགས། །སྒྲ་གཅན་གཡུང་མོས་རབ་ཟོས་ནས། །རྡོ་རྗེ་ཟླ་བའི་ཆ་ཤས་

ཤོག་ལྷེ་༣༨༦ནི། །བཅུ་དྲུག་རབ་ཏུ་རྫོགས་གྱུར་ཅིག །ཟག་བཅས་བདེ་བའི་སྨིག་རྒྱུ་ལ། །སྲིད་པའི་རི་དྭགས་ཀུན་རྒྱུ་བ། །རྡོ་རྗེ་མིག་རབ་དག་པའི་མཐུས། །གདུང་བ་ཉེ་བར་ཞི་གྱུར་ཅིག །སེམས་ཀྱི་རྒྱལ་པོའ་མགོན་སྤངས་ནས། །རྡོ་རྗེ་བླ་མ་ཕྱིར་འཚོལ་བ། །དེ་དག་ཚེ་འདིར་མཆོག་ཐོབ་ནས། །ཀུན་གྱི་འདྲེན་པར་བདག་གྱུར་ཅིག །ཅེས་བསྔོ་བ་བྱའོ། །གཉིས་པ། རྡོ་རྗེའི་རྣལ་འབྱོར་དངོས་བཤད་པ་ལ། སོར་སྡུད། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་དང་དྲུག །དང་པོ་ལ། མཚན་མོའ་རྣལ་འབྱོར་དང་། །ཉིན་མོའ་རྣལ་འབྱོར་གཉིས། དང་པོ་ལ། ལུས་ཀྱི་བྱེད་བཅིངས། མིག་གི་ལྟ་སྟངས། སེམས་ཀྱི་གཞག་ཐབས་གསུམ། དང་པོ་ནི། བླ་མ་དང་གདམས་པ་དང་། རང་ལ་ཡིད་ཆེས་པའི་གང་ཟག་གིས། །དུས་ཀྱི་འཁོར་ལོའ་ཀོར་ཆེན་གྱི་དབང་ལེགས་པར་ཞུས་པའམ། མིན་ན་འཁོར་ལོ་སྡོམ་པ་སོགས་གང་རུང་ཞིག་གི་དབང་བཞི་ལེགས་པར་ཐོབ་པ་ཕྱག་རྒྱ་ཆེན་པོའ་དངོས་གྲུབ་བསྒྲུབ་པ་ལ་ཡིད་གཅིག་པར་བྱས། གཉིད་འགྱོད་ལེ་ལོ་སོགས་པ་བསམ་གཏན་གྱི་སྒྲིབ་པ། མི་དགེ་བ་སོགས་ལམ་གྱི་ཆོམ་རྐུན་སྤངས་ནས། ས་རླངས་མེད་པའི་ཁང་བུ་ནང་འདོམ་གང་གྲུ་བཞི་ལས་མི་ཆུང་བ། སྒོ་འཁྱོག་རིམ་པ་གསུམ་གཅིག་གི་མདངས་གཅིག་ལ་མི་ཕོག་པ་དེ་མ་གྲུབ་ཀྱང་ནང་མུན་པ་ནག་པོ་ལེགས་པར་གྲུབ་ན་འདྲའོ། །དེར་བདེ་བའི་གདན་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་གཡོན་འོག་གཡས་སྟེང་དུ་འཐོན་པ་དང་། ལག་པ་མཐེ་བོང་གིས་སྲིན་ལག་མནན་པའི་ཁུ་ཚུར་བརླ་ཁུགས་སུ་བཙུགས་ལག་ངར་དང་སྒལ་ཚིགས་བསྲང་ཐལ་གོང་དགྱེད། ཨོག་སྐོས་ལྐོག་མདུད་ནོན་ཙམ་བྱ། ལྕེ་ཡང་རྐན་ལ་སྦྱར། སོ་མཆུ་ལ་བར་ཡིད་ཙམ་ཡོད་པ་ནི་རྒྱུད་རང་ནས་བཤད་པའི་ལུས་གནད་དངོས་མ་ཡིན་པས་འདི་ལ་ནན་ཏན་དུ་བྱའོ། །རྟགས་བརྟན་ནས་ལགས་པ་བསྒྱུར་ཏེ་མཉམ་གཞག་བྱ་བ་དང་། ལུས་གྱོང་པོ་ལ་དེ་ལྟ་བུ་ཟུག་རྔུའི་རྒྱུར་འགྱུར་པས། ལག་པ་གཉིས་

ཤོག་ལྷེ་༣༨༧ཕྱོགས་སོ་སོར་ཁ་སྦུབ་པའི་སོར་ཚིགས་དྲུག་མདོའ་འོག་ཏུ་འོང་བར་བྱས་པའོ། །གེགས་སེལ་བོགས་འདོན་གྱི་ཚུལ་དུ་རེས་འགའ་རྡོ་རྗེའུ་ཚུར་སྙིང་གར་བསྣོལ་བ་སྟེ་གཞན་ནི་སྔ་མ་བཞིན་བྱའོ། །འདིར་གསང་སྐྱིལ་བཤད་པ་ནི་ལྕེ་རྩེ་རྐན་སྦྱར་གྱི་ཡིན་པས་དེ་གར་སྟོན་འོས་སོ། །གཉིས་པ་ལྟ་སྟངས་ནི། རྡོ་རྗེ་གཙུག་ཏོར་གྱི་ལྟ་སྟངས་ཏེ། མིག་བསྒྲད་ནས་མིག་འབྲས་གྱེན་དུ་སློག་པའོ། །འདི་རྟགས་མྱུར། རྟགས་བརྟན་པོ་རེད་ནས་མིག་ཐད་ཀ་འབུར་ཚུགས་སུ་བལྟ་བ་སྟེ། ཕྱེད་བཙུམ་པ་ནི་མ་ཡིན་པས། མིག་ནི་མི་འཛུམ་ཞེས་དང་། རྣལ་འབྱོར་པ་ཡི་བསྒྲད་པའི་མིག་གིས་བལྟ་བྱ་ཞིང་། ཞེས་འབྱུང་བས་སོ། །གསུམ་པ་སེམས་ཀྱི་གཞག་ཐབས་ལ། །བསམ་མེད་ཀྱི་རྣལ་འབྱོར་ནམ་མཁའི་རྣལ་འབྱོར། རྩོལ་མེད་ཀྱི་རྣལ་འབྱོར། སྐྱེ་མེད་ཀྱི་རྣལ་འབྱོར། རྩ་བྲལ་གྱི་རྣལ་འབྱོར་ལྔ། དང་པོ་ནི། འདས་པའི་རྗེས་མི་དཔྱོད། མ་འོངས་པའི་མདུན་མི་བསུ། །ད་ལྟ་བ་ལ་བཟོ་མི་བྱེད། མདོར་ན་བསམ་བྱ་བསམ་བྱེད་བྲལ་བའི་ངང་ལ་འཇོག་པ་ཡིན་ཏེ། རྩ་རྒྱུད་ལས། བསམ་པ་ཐམས་ཅད་ཡོངས་སྒངས་ནས། ཞེས་དང་། ས་ར་ཧས། བསམ་དང་བསམ་བྱ་ཐམས་ཅད་ཡོངས་སུ་དོར་ནས་སུ། །ཞེས་གསུངས་པས་སོ། །དེ་ཡང་མུན་པའི་ནམ་མཁའ་ལ་མིག་དང་སེམས་རྩེ་གཅིག་ཏུ་བཀོད་ནས་གཞན་ཏུ་གཡོ་མི་འཇུག་པ་སྟེ། ཉི་མ་གཅིག་ནི་ཡོངས་སུ་བརྟག །དང་། ཇི་ལྟར་བུ་ཆུང་ལྷུག་པར་གནས་པ་བཞིན། །བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་པར་ཐེ་ཚོམ་མེད། །ཅེས་གསུངས་པའོ། །དེ་ཡང་དཔེར་བགྱིས་ན། ལྟད་མོ་ཆེན་པོ་ལ་བལྟ་བའི་མིག་དང་ཤེས་པ་ལྟ་བུའོ། །དེའི་ཕྱིར་ཞེན་པ་ཞེས་གསུངས་ཏེ། ནམ་མཁར་ཀུན་ནས་ཞེན་པ་ཞི་སེམས་དང་། །ཞེས་འབྱུང་བས་སོ། །དེ་བས་ན་འདིར་རྗེས་སུ་དཔགས་པའི་བསམ་པ་བག་ཆག་མངོན་སུམ་གྱི་ཞེན་ཡུལ་བསྒྲུབས་

ཤོག་ལྷེ་༣༨༨པར་སོང་བས། བསམ་དུ་མེད་པ་བྱས་ཙ་ན་ཆད་པར་སོང་སྙམ་པ་ནི་རང་སྒོམ་ལ་མ་འདྲིས་སོ་ཞེས་སྟོན་པའི་ཚིག་ཉིད་དུ་རྟོགས་པར་ནུས་སོ། །དེས་ན་ས་ར་ཧས། །དྲན་པ་ཉམས་པས་བློ་ཉམས་ཞེས། །བློ་ངན་རྗེས་སུ་རྟོག་བྱེད་དེ། །དེ་ཉིད་ཀྱི་ནི་བློ་བཟང་ལ། །ནམ་མཁའ་ལས་ལྷག་ཅི་ཡང་འཆར། །ཞེས་གསུངས་པ་དང་རྒྱུད་རང་ལས། དེ་ལ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ཡིན། །ཞེས་གསུངས་པའོ། །ལས་ཉོན་རགས་པའི་སྣང་བ་ནི་འཁྲུལ་སྣང་ཡིན་པས་དེ་བཙན་ཐབས་སུ་དགག་པའི་ཕྱིར་མུན་པ་བསྟེན་པ་ཡིན་ལ། དེ་འདིར་བསྒྲུབས་པའི་མངོན་སུམ་ནི་ཤའི་མིག་ལ་སོགས་པ་དབང་པོར་བྱས་ནས། དུ་བ་སོགས་སྟོང་པ་གཟུགས་སུ་བྱས། དེ་གཉིས་ལ་བརྟེན་ནས་སྐྱེས་པའམ་འཁྲུལ་པའི་ཤེས་པ་འཁྲུལ་པ་ཐམས་ཅད་བཟློག་པ་ལ་དཔའ་བ་ཞིག་གོ །དེས་ན་སོ་སོར་སྡུད་པའི་སྒྲ་བཤད་ལ། སྡུད་པ་དང་ཟ་བ་གཉིས་འོང་བ་དེས་ཡིན་ཏེ་ཟ་བ་ཅེས་པ་ལོངལོངས་སྤྱོད་པའི་དོན་ཡིན་ནོ། །དེས་ན་རྣལ་འབྱོར་དང་པོ་འདི་ཁས་དབང་པོ་མཆོག་ལ་དོན་ཐམས་ཅད་འགྲུབ་པས་དེ་བསྟན་ལ་ལྷག་མ་ནི་གདུལ་བྱའི་རིམ་པ་ལ་བལྟོས་པས་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་བླ་ཐབས་སུ་བསྣན་པ་སྟེ་སྔ་མ་འདི་ཀ་བསྒྲུབ་པའི་ཕྱིར་དུའོ། །དེ་ཕྱིར་རྫོགས་པའི་རིམ་པ་ནི་དངོས་སུ་ཡེ་ཤེས་བསྐྱེད་པ་ལ་བྱེད་པར་ནཱ་རོ་པ་ཡབ་སྲས་གསུངས་ལས། འདིར་ཡང་ཉི་མ་གཅིག་གིས་རྟགས་མཐོང་བ་འདི་ལྟ་བུས་ཤིན་དུ་གསལ་བ་ཡིན་ནོ། །གཉིས་པ་ནི། དབྱིངས་རིག་བསྲེས་ནས་མཉམ་པར་འཇོག་པ་སྟེ་དབྱིངས་ནི་དུ་སོགས་ཀྱི་རྟགས། རིག་པ་ནི་ངོ་མཐོང་བའི་རྣམ་ཤེས། བསྲེ་བ་ནི་རྟགས་དེ་ཁ་ལ་རྣམ་ཤེས་གཞན་དུ་འཇུག་པ་སྟེ། རྩེ་གཅིག་ཏུ་དེ་ཁ་ལ་བལྟ་བའོ། །དེ་ཡང་སེམས་ནི་ནམ་མཁའ་འདྲ་བར་གཟུང་བྱ་སྟེ། །ནམ་མཁའི་རང་བཞིན་ཉིད་དུ་སེམས་གཟུང་བྱ། །ཡིད་དེ་ཡིད་མ་ཡིན་པར་བྱས་གྱུར་ན། །མཆོག་གི་དངོས་གྲུབ་ཐོབ་པར་ཐེ་མཚོམ་མེད། ཅེས་གསུངས་ཏེ།

ཤོག་ལྷེ་༣༨༩འདིས་དུ་སྣང་རང་གྲོལ་དུ་སོང་ནས་སྨིག་རྒྱུ་ལེགས་པར་འཆར་ཞིང་། དེ་ལའང་དེ་ལྟར་བྱས་པས་ཕྱི་མ་ཕྱི་མ་འཆར་ཏེ། རྟགས་སྔ་མ་སྦྱངས་ནས་ཕྱི་མར་འཇུག་པའི་མྱུར་བའི་ཐབས་ནི་འདི་ཁོ་ནའོ། །གསུམ་པ་ནི། གཉུག་མ་བསམ་བརྗོད་དང་བྲལ་བའི་ངང་དུ་མཉམ་པར་གཞག་ལ། དེ་ལ་མི་སྡོད་པར་འཕྲོ་བའི་ཚེ་སྣར་ཐོག་དེར་མ་ཡེངས་ཙམ་དུ་གློད་ནས་འཇོག་པ་ཡིན་ཏེ། དེ་ཡང་། མ་སྐྱེས་པ་ལ་རྟོག་པ་བློགློ་བུར་བརྟོག་པ་དེ་ཉིད་དབྱིངས་ཀྱི་ཆོ་འཕྲུལ་ལོ། །ཞེས་རྟོག་པ་དོན་ལ་མེད་པས་དེ་ཉིད་དུ་མཐོང་ན་འཇིག་སྟེ་རྫུན་ལ་རྫུན་དུ་ཤེས་པ་བཞིན་ནོ། །དེ་ཡང་། བསམ་མེད་ཀྱི་རྣལ་འབྱོར་རང་ལ་གནས་ན་རྟགས་དེ་དག་མི་གཡོ་ལ། མ་གནས་ན་གཡོ་བས། དེའི་ཕྱིར་རྟགས་སྣང་ལ་དོག་པ་མི་བྱེད་པར་དེ་ལ་རྟེན་ཙམ་བྱས་ཏེ་མ་ཡེངས་པར་འཇོག་པའོ། །དེས་རྟགས་ཡལ་ཡོལ་མི་བྱེད་པར་གཟེར་བཏབ་པ་ལྟ་བུར་འགྱུར་རོ། །དེ་ཡང་། བཅིངས་བར་གྱུར་ན་ཕྱོགས་བཅུར་འགྲོ་བར་རྩོམ། །ཐོངས་པར་གྱུར་ན་མི་གཡོ་བརྟན་པར་གནས། གོ་བཟློག་རྔ་མོ་ལྟ་བུར་བདག་གིས་རྟོགས། །ཞེས་སོ། །བཞི་པ་ནི། དུ་བ། སྨིག་རྒྱུ། མེ་ཁྱེར། མར་མེ་ལྟ་བུའི་རྟགས་རྫོགས་ནས་བསླབ་པར་བྱ་བ་སྟེ། སེམས་འདི་གང་ནས་སྐྱེས་བལྟས་པས་གང་ནས་ཀྱང་མ་སྐྱེས་ཏེ། སྐྱེ་མེད་དུ་ཐག་བཅད། སྐྱེ་མེད་ཀྱང་གློ་བུར་བ་མ་ཡིན་པར་ཡེ་གདོད་མ་ནས་མ་སྐྱེས་པར་ཐག་བཅད། དེའི་ངང་དུ་མཉམ་པར་བཞག་པ་སྟེ། དངོས་པོར་སྐྱེ་བ་མཁའ་ལྟར་རབ་ཞི་ནས། །དངསདངོས་པོ་རྣམརྣམས་སྤངས་ཕྱི་ནས་ཅི་ཞིག་སྐྱེ། །གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེ་རིང་བླ་མ་མགོན་པོས་བསྟན་པས་རྟོགས། །ཞེས་པས་སོ། །འདིར་སེམས་ནི་རིག་བྱ་རིག་བྱེད་གཉིས་ཀ་རིག་བྱའི་ཡུལ་དངོས་པོ་བ་ཞིག་ཏུ་གྲུབ་ན་རིག་བྱེད་དེ་ཡང་ཚད་མར་རུང་བ་ལ། རིག་བྱའི་སྟེང་དུ་རིག་བྱར་རུང་བ་ཞིག་མ་རྙེད་པ་བཞིན་དུ་རིག་བྱེད་ཀྱང་རིག་བྱེད་དུ་རུང་བས་བཏང་། དེས་ན་རང་རང་ངོ་བོས་སྟོང་པའི་སྟོང་ཉིད་ངོ་མ་མཐོང་། ཚུལ་འདི་ལ་

ཤོག་ལྷེ་༣༩༠སྣང་པའི་སྟེང་དུ་སྟོང་པའི་རང་ཞལ་མཐོང་བས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་གསུངས་སོ། །དོན་སྟོང་གཟུགས་སྒྱུ་མར་ཤེས་པའོ། །ཆོས་སུ་འཛིན་པ་བཟློག་པ་ལ་སྒྱུ་མ་དཔེར་གསུངས་པས། སྒྱུ་མར་མཐོང་བ་ཁོ་ན་བདེན་འཛིན་འཇིག་པའི་ཐབས་ཀྱི་མཆོག་ཏུ་སོང་སྟེ། སྣང་བ་ཕྱིན་ཅི་ལོག་ཁོ་ནའི་སེམས་སྣང་ཡིན་པས་མེད་བཞིན་སྣང་། ཕྱིན་ཅི་མ་ལོག་པ་མཐོང་ན་ཕྱིན་ཅི་ལོག་འཇིག་པས། དེའི་ཚེ་འཁྲུལ་སྣང་འཇིག་རིམ་གྱིས་མ་འཁྲུལ་པའི་སྣང་བ་དེ་ཤེས་ཇེ་ཆེར་འགྱུར་རོ། །དེས་ཉམས་གོང་འཕེལ་དུ་སོང་བས་མཚན་དུས་དེ་ཁར་རྩལ་ཆེ་ན་ཉིན་རྟགས་དྲུག །དེ་ལྟ་བུའི་རྟགས་ཅན་འོད་གསལ་ལས་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་དང་སྒྲ་བརྙན་འཆར་བ་ཡིན་ནོ། །རྒྱལ་དབང་རྗེས་དེ་ལྟ་བུའི་སྟོང་གཟུགས་ཀྱང་སྐབས་མིན་པར་ཆོས་སྐུའོ་ཞེས་སྒྲོ་མི་འདོགས། །འཁྲུལ་སྣང་ངོ་ཞེས་སྐུར་པ་མི་འདེབས། ཉམས་སྣང་ངོ་ཞེས་ཐད་ཀར་བཞག་ན་ལེགས་ཏེ། ཚུལ་འདི་ནི་རྣལ་འབྱོར་གྱི་དབང་ཕྱུག་བི་རཱུ་པྲའི་གསུང་ངག་གི་རྡོ་རྗེའི་ཚིག་རྐང་ལས་སྣང་བ་གསུམ་གྱིས་བསྟན་པའི་ལམ་གྱི་ས་མཚམས་རྣམ་པར་དབྱེ་བ་མཛད་པ་དང་ཡང་ཚུལ་གཅིག་གོ །ཉམས་སྣང་གི་མཚན་ཉིད་ཀྱང་སེམས་ཅན་གྱི་བློ་ལས་ནི་འདས། སངས་རྒྱས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་མངོན་དུ་མ་གྱུར་པའི་གནས་སྐབས། རྣལ་འབྱོར་པའི་ལམ་བསྒོམ་པ་ལས་བྱུང་བའི་རང་བཞིན་འོད་གསལ་གྱི་རྣམ་པ་ཉམས་སུ་མྱོང་བ་ཁོ་ན་ལ་བྱ་སྟེ། ཞེས་པས་སོ། །ལྔ་པ་ནི། འཁོར་བ་ཞེས་བྱ་བ་ལོགས་སུ་མ་ཆད། མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་ལོགས་སུ་མ་ཆད། དེས་འཁོར་འདས་མ་ཉམས་པ་ཉིད་དོན་མཉམ་ཆེན་པོའ་ངང་དུ་མཉམ་པར་བཞག །སྲིད་པ་དང་ཞི་བའི་མཉམ་པ་ཉིད་དེ་ཡང་། འཁོར་བ་ཞིག་དང་མྱང་འདས་ཞིག་བསྲེ་རྒྱུ་ཡོད་པ་གར་ཡིན། འོན་ཀྱང་སྟོང་གཟུགས་ཀྱིས་སྣང་བ་ཕལ་པ་འདི་སྦྱངས་ཟིན་ཀྱང་སྟོང་གཟུགས་རང་དུ་སྣང་རྒྱུ་ཞིག་བྱུང་བས་དེ་འཁོར་བར་གཞག །དེའི་རང་བཞིན་མྱང་འདས་སུ་བྱས་ནས་སྔར་བཞིན་སྟོང་གཟུགས་ལ་ཞེན་མི་འཇུག་པར་སེམས་མ་

ཤོག་ལྷེ་༣༩༡བཅོས་པ་ལ་གཞག་པ་སྟེ། དེས་སྟོང་གཟུགས་སྒྱུ་མ་དེ་རྣམ་མེད་འོད་གསལ་ལམ་འགྱུར་མེད་བདེ་ཆེན་དུ་འདོག་པ་ཡིན་ནོ། །དེས་ན་ས་ར་ཧས། ཆོས་དང་ཆོས་མིན་མཉེས་ནས་ཟོས་པ་ཡིན། །འདི་ལ་ཉེས་པ་རྡུལ་ཙམ་ཡོད་མ་ཡིན། །ཞེས་དང་། གཉུག་མའི་རང་བཞིན་སུས་ཀྱང་མཚོན་དུ་མེད། །ཅེས་སོ། །དེས་ན་མཚན་མའི་རྣལ་འབྱོར་ལོ་མང་པོ་བསྐྱང་བའམ། རབ་ཀྱི་ས་དང་པོ་ཁོ་ནས་སོ་ཞེས་པའི་དབང་དུ་མཛད་ནས་འདི་གསུངས་ལ། ལམ་ཁྱེར་ཕྱི་མ་འདི་མེད་པར་སྟོང་གཟུགས་འགྱུར་མེད་ཀྱི་བདེ་ཆེན་དུ་འདོག་མི་སྲིད་དེ། རླུང་སེམས་དབུ་མར་ཐིམ་པར་བྱེད་པའི་གནད་འདི་ཁོ་ནར་ངེས་པ་སྟེ། དེ་ཁོ་ན་ཉིད་གཅིག་ཡིན་པས་དེ་མཐོང་བའི་ཡེ་ཤེས་གཅིག་ལས་མེད་པས་སོ། །དེའི་ཕྱིར་རྒྱུད་ལས་ཀྱང་། ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི། །རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པའི་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེ་དགུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། །ཞེས་དང་། རྡོ་རྗེའི་ལམ་དུ་ཞུགས་པ་ཡི། །ཞེས་པའི་རྡོ་རྗེའི་ལམ་ནི་དབུ་མ་ཡིན་ལ་དེར་རླུང་སེམས་ཐིམ་པ་སྟེ། ས་དང་མེ་དང་དབང་ཆེན་འགགས་པ་ན། །བདུད་རྩི་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག །ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། །བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཞེས་སོ། །འདུས་པ་ལས། བྱེད་པ་བཅིང་བའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ས་གསུམ་ནི་སྐུ་གསུང་ཐུགས་གསུམ་མོ། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས་ཞེས་པས་ཀྱང་ངོ་། །གཉིས་པ་ཉིན་མོའ་རྣལ་འབྱོར་ནི། མཚན་རྟགས་བཞི་ཙམ་རྫོགས་གཞན་འཆར་དཀའ་ན། དེ་ལ་ཉིན་མོའ་རྣལ་འབྱོར་སྟོན་ཏེ། ལུས་གནད་ལྟ་སྟངས་སེམས་ཀྱི་བཞག་ཐབས་དང་པོ་དང་འདྲ། འོན་ཀྱང་བལྟས་སྔ་དྲོ་ཁ་ནུབ། ཕྱི་དྲོ་ཤར། གུང་ལ་བྱང་གི་སྤྲིན་མེད་པའི་ནམ་མཁའ་སྔོ་བསངས་པ་དེ་ལ་མིག་དང་སེམས་རྩེ་གཅིག་ཏུ་འཇོག་པ་ཁྱད་པར་རོ། །འདིར་

ཤོག་ལྷེ་༣༩༢རྟགས་དུ་སོགས་འཆར་བའང་ཡོད་མོད་ཀྱང་། གཙོ་བོར་ཐིག་ལེ་སེར་པོ་འབར་བ། དཀར་པོ་ཟླ་བ། དམར་པོ་ཉི་མ། སྔོན་པོ་སྒྲ་གཅན། གློག་གི་ཐིག་ལེ་ཆེན་པོ། འདིར་ཡང་། འབར་བ་མཐོང་ནས་ནམ་མཁའི་རྣལ་འབྱོར་གྱིས་ཕྱིས་ཕྱི་མ་འཆར་བའི་རྐྱེན་བྱེད་པས། དེ་ལ་སོགས་པའི་བཞག་ཐབས་བཞི་ལ་རིམ་པ་བཞིན་བསླབ་བོ། །དུས་ཐིག་ལེའི་ནང་དུ་རེ་ཁཱ་ནག་པོ་མཐོང་བར་འགྱུར་གྱི་བར་དུ་ཡིན་ལ། སོར་སྡུད་ཉིད་ཀྱིས་གྲོལ་མི་ནུས་པ་ལ། མཚན་རྟགས་ནི་ཐ་མལ་གྱི་སྣང་བ་རགས་པ་ཐིམ་པ་དང་ཉིན་རྟགས་ནི་ཐ་མལ་གྱི་སྣང་བ་ཕྲ་བ་ཐིམ་པའི་ཁྱད་པར་རོ། །བོགས་འབྱིན་དུ་རིན་པོ་ཆེའི་སྣོད་དུ་ཆུ་གཙང་ལ་རང་གི་བཞིན་འཆར་དུ་བཅུག་མིག་འབུར་ཚུགས་ཡུན་རིང་དུ་བལྟས་ལ་སེམས་གཟུང་། དེ་ནས་རྣལ་འབྱོར་ལ་ཞུགས་པས་རྟགས་རྣམས་འཆར་བར་འགྱུར་རོ། །དེ་ཡང་། གཟུང་འཛིན་གྱི་ཤེས་པས་ལས་གསོག་པ་ནི་ཐ་མལ་གྱི་སྣང་བ་རགས་པའོ། །དེ་ལ་ལས་ཀྱི་སྣང་བཞེས་འདུས་པ་ལས་བཤད། དབང་ཡུལ་ཕྲད་ནས་གཟུང་འཛིན་བསྐྱེད་པ་ནི་ཐ་མལ་གྱི་སྣང་བ་ཕྲ་བ། འདི་ལ་རང་བཞིན་གྱི་སྣང་བ་ཟེར། དེས་ན་ཕྱི་མ་འདིས་སྔ་མ་བསྐྱེད་པས་ཕྲ་རགས་ཀྱི་ཐ་སྙད་བཞག །མཚན་མོའ་རྣལ་འབྱོར་གྱིས་སྣང་བ་མ་འགགས་ཀྱང་ཞེན་པ་འགག་པའི་འགོ་ཟུག །སྣང་བས་མི་འཆིང་ཞེན་པས་འཆིང་བ་ཡིན། དཔེར་ན། བྱིས་པ་ཆུང་ངུ་ལ་སྐྱེས་བུ་ལྷས་བྱིན་ཤར་ཡང་དགྲ་གཉེན་གང་དུ་ཡང་མི་སྣང་བས་ཉོན་མོངས་མི་བསྐྱེད། གཞན་གྱིས་དེ་དགྲ་གཉེན་གང་རུང་ཞིག་ཏུ་གཟུང་བས། སྡང་བའམ་ཆགས་པ་སྐྱེས་པས་ཉོན་མོངས་པ་ལྟ་བུའོ། །དེས་ན་རགས་ཕྲ་གཉིས་ཀར་ཐིམ་རིམ་ས་ཆུ། ཆུ་མེ། མེ་རླུང་། རླུང་ནམ་མཁའ། ནམ་མཁའ་རྣམ་ཤེས་ལ། རྣམ་ཤེས་ཀྱང་རྟོག་བཅས་རྟོག་མེད་གཉིས་ཡོད་པའི་ཕྱི་མ་ལ་ཐིམ་པ་ན་བསམ་གཏན་གྱི་འགོ་ཟུག་རྟོག་བཅས་ནི་ཏིང་ངེ་འཛིན་བརྟན་པོར་མ་གྱུར་བའི་སྐབས་དང་། ཕྱི་མ་ནི་བརྟན་པོར་གྱུར་པའོ། །འདི་ལ་ཀུན་ཏུ་སྣང་བ་ཟེར། དེའི་ཕྱིར་ཉིན་

ཤོག་ལྷེ་༣༩༣རྟགས་དྲུག་པ་ཤར་ནས་བསམ་གཏན་ལ་རེག་པས་དེའི་རྣལ་འབྱོར་སྟོན་ནོ། །དེས་ན་མཚན་དུས་རླུང་སོ་སོར་དབང་སོགས་ཀྱི་སྒོར་འཆིང་ལ། ཉིན་མོས་ནི་འབྱུང་བ་ལྔ་རང་ལམ་དུ་འཆིང་བ་དང་། བསམ་གཏན་གྱི་དུས་སྲོག་རྩོལ་གྱིས་དབུ་མར་འབབ་པ་དེ་ཡོང་སྟེ་སྣང་གསུམ་གྱི་བཞོན་པ་འཆིངས་པས་སོ། །སྔ་མ་གཉིས་ལ་འབས་འབུན་འདེད་ཀྱིས་ཅུང་ཟད་ཅུང་ཟད་དབུ་མར་འཇུག་པ་ནི་ཡོད་ཀྱིས་རྡོ་རྗེའི་ལམ་དུ་ཞུགས་པ་ཞེས་གསུངས་པ་ནི་དང་པོ་ཁོ་ནས་གྲོལ་བ་དེའི་དབང་དུ་མཛད་པས་བླ་མའི་མན་ངག་གི་ཤན་ཕྱེད་པར་བྱའོ། །སོར་སྡུད་དུ་ཚིག་གི་མཆོག་འགྲུབ་པའི་གནད་ཡང་དེ་ཡིན་ཚིག་གི་མཆོག་ཟེར་བ་ཡང་དྲང་སྲོང་གིས་དམོད་པ་འགྲུབ་པ་ལྟ་བུའོ། །གཉིས་པ། བསམ་གཏན་ལ། རྒྱུ་བསམ་གཏན་དངོས་དང་། འབྲས་བུ་མངོན་པར་ཤེས་པ་བསྐྱེད་པའི་ཚུལ་གཉིས། དང་པོ་ནི། བསམ་གཏན་ནི་ཡན་ལག་ལྔ་དང་ལྡན་པ་སྟེ། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་བ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་པའོ། །ཞེས་པས་རྩེ་གཅིག་པའི་སེམས་ཡན་ལག་ཐམས་ཅད་ཀྱི་སྤྱིའི་ཆོས་ཡིན། ཡན་ལག་རང་། ཤེས་རབ། རྟོག །དཔྱོད། དགའ། བདེའོ། །དེ་ཡང་། སྔར་གྱི་གཟུགས་བརྙན་སྣང་བ་རྣམས་སེམས་ཉིད་ལས་གཞན་མ་ཡིན་པར་ལྟ་བ་དང་། དེ་ནས་ཕྱི་ནང་གི་དངོས་པོར་བརྟག་ཅིང་གཞིག་པ་དང་། གཞིག་རྗེས་སུ་གཞན་མ་ཡིན་པའི་དོན་ལ་ངེས་པ་ཐོབ་པ་དང་། དེ་ལ་ཞེན་པ་དང་བྲལ་བའི་དགའ་བ་ཐོབ་པ་དང་། གཟུགས་སེམས་རོ་གཅིག་པར་རྟོགས་པས་ལུས་ཤིན་ཏུ་སྦྱངས་པའི་བདེ་བ་གཡོ་མེད་དུ་ཐོབ་པ་སྟེ་ཚུལ་ལྔ་པོ་འདིས་ལྟ་བ་སྐྱོང་དགོས་པ་ཡིན་ནོ། །ཡན་ལག་འདི་དག་དོན་ཏིང་ངེ་འཛིན་ལས་སུ་རུང་ན་རང་འབྱུང་བས་ཡན་ལག་རེ་རེ་བསྐྱེད་པ་ལ་ཆེད་གཉེར་འབད་དགོས་པ་མ་ཡིན་འོན་ཀྱང་རྒྱུད་ལ་སྐྱེས་ནས་དེ་འབའ་ཞིག་པར་བྱ་བ་ལ་ནན་ཏན་ནི་དགོས་ཏེ་ཆུ་བོའ་རྒྱུན་བཞིན་བརྐྱང་པས་སོ། །གཉིས་པ་ནི།

ཤོག་ལྷེ་༣༩༤རྒྱུ་བསམ་གཏན་དེ་ཐོབ་ན་འབྲས་བུ་མངོན་ཤེས་སོགས་འབྱུང་མོད། འོན་ཀྱང་མྱུར་དུ་བསྐྱེད་པར་འདོད་ན། ལྗོན་ཤིང་གི་གྲིབ་མའམ་ལུས་ཀྱི་གྲིབ་མ་ལ་མིག་གཏད་དེ། དེ་བསམ་གཏན་གྱི་ཡན་ལག་གིས་བསྐྱངས་ན་ལྷའི་མིག་གི་མངོན་ཤེས་སུ་འགྱུར་ཏེ་ས་འོག་གི་གཏེར་དང་ཞིང་ཁམས་མང་པོ་མཐོང་བ་འབྱུང་ངོ་། །ཆུ་ཀླུང་ཆེན་པོའ་སྒྲ་ལ་རྣ་བ་གཏད་དེ་སྔར་བཞིན་བསྒོམས་པའི་ལྷའི་རྣ་བ་ཐོབ་སྟེ་ཐག་རིང་བའི་སྒྲ་ཐོས་པ་སོགས་སོ། །ཕ་རོལ་གྱི་སྙིང་གའི་རྩ་སྦུབས་ཆུ་ཤིང་གི་མེ་ཏོག་ལྟ་བུ་ཁ་ཐུར་དུ་བསྟན་པ་དམིགས་ཏེ་བསྒོམས་པས་གཞན་གྱི་སེམས་ཤེས་པའི་མངོན་ཤེས། རང་གི་སྙིང་གའི་རྩ་སྦུབས་ལ་དམིགས་ཏེ་བསྒོམས་པས་སྔོན་གྱི་གནས་རྗེས་སུ་དྲན་པ་དང་རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་ཤེས་ཐོབ་བོ། །དེ་ལྟར་བསམ་གཏན་གྱིས་སྟེང་གི་ལམ་འགགས་པས་འོག་གི་ལམ་འགག་དེས་འོག་གི་དུང་ཅན་ཁ་བྱེ་དེར་རླུང་སེམས་འཇུག་པས་རྩ་ཐམས་ཅད་ཀྱི་མདུད་པ་བཤིག་ནས་དབུ་མར་འབྱོངས་ཏེ། རྩ་རྒྱུད་ལས། དུ་བ་ལ་སོགས་བསྒོམས་ནས་ནི། །སེམས་ནི་གཡོ་བ་མེད་བྱ་སྡེ། །དབུ་མ་སྦྱང་བ་བྱས་ནས་ནི། །མཆོག་ཏུ་མི་འགྱུར་བསྒྲུབ་པར་བྱ། །ཞེས་སོ། །དེ་ནས་སྲོག་རྩོལ་ལ་ཞུགས་ཆོག་པ་ཡིན་ནོ། །གསུམ་པ་སྲོག་རྩོལ་ལ། ལུས་ཀྱི་བྱེད་འཆིངས། མིག་གི་ལྟ་སྟངས། སྲོག་རྩོལ་དངོས་དང་གསུམ་ལས། དང་པོ་ནི། རྐང་པ་གཡས་པའི་རྟིང་པས་རྡོ་རྗེའི་སྲད་བུ་མནན། གཡོན་པའི་རྟིང་པས་དེའི་རྐང་སོར་བརྟེན་པ་ལག་པ་གཉིས་བསྣོལ་བས་མཆན་ཁུང་བསྡམས་པའམ་བུས་མགོ་བཀབ་པའི་ཐབ་འགལ་གྱི་ཕྱག་རྒྱ་ལུས་བསྲང་ཨོག་སྐོས་ཨོལ་མདུད་མནན་པ་ལྕེ་སྐན་ལ་སྦྱར་སོ་མཆུ་ལ་བར་ཡོད་ཙམ་བྱའོ། །གཉིས་པ་ལྟ་སྟངས་ནི། མཛོད་སྦུ་ཉེར་བ་བསྒྲུབ་པ་ཞེས་པ་བདུད་རྩི་འཁྱིལ་པའི་ལྟ་སྟངས། མིག་གཉིས་གཅིག་ཏུ་སྦྱོར་བ་ལྟ་བུའི་ཚུལ་གྱིས་སྨིན་མའི་དབུས་སུ་གྱེན་དུ་བཟློག་སྟེ་གཞག་པའོ། །གསུམ་པ་སྲོག་རྩོལ་དངོས་ལ། འབྱིན་པ་དང་། འཇུག་པ་དང་། སྡུད་པ་དང་། བཟླས་པ་དང་།

ཤོག་ལྷེ་༣༩༥ལམ་གྱི་ཆ་ལག་བསྟན་པ་དང་ལྔ། དང་པོ་ནི། བྱེད་བཅིངས་ལྟ་སྟངས་དེ་ཉིད་ཀྱི་ངང་ནས་འབྱིན་མྱུར་བུ་ལ་རན་པ་ཉི་ཤུ་རྩ་གཅིག་སྡངས་ཐབས་སུ་བྱའོ། །དམིགས་པ་ལས་རླུང་ཐམས་ཅད་སྟོང་སྟོང་སོང་བར་བསམ་དེས་ལུས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ནང་གི་རླུང་རོ་ཐམས་ཅད་བསངས། རྣམ་པར་རྟོག་པ་བསྐྱེད་པའི་རླུང་ཐམས་ཅད་ནམ་མཁར་དེངས་པ་ཡིན་ནོ། །ཡང་རྟ་འཚེར་བ་ལྟ་བུ་བྱས་པས་ཀྱང་རླུང་ཐམས་ཅད་ཕྱིར་དེངས་པར་བསམ་མོ། །གཉིས་པ་ནི། སྟེང་རླུང་དལ་བུས་སོར་བཅུ་དྲུག་ཙམ་ནས་བརྔུབས་ནང་དུ་གནོན་པ་དང་། འོག་ཏུ་རླུང་ཅུང་ཟད་བསྐུམ་སྟེ་ཁ་སྦྱར་དུ་ཙམ་ཐུབ་འཛིན་པའོ། །འདི་ནི་བུམ་པ་ཅན་ནོ། །གསུམ་པ་ནི། ལུས་ཀྱི་པདྨོར་དབུ་མ་རྡོ་རྗེ་ནག་པོ་གཅིག་ཏུ་དམིགས་ནས་རྩ་ཕྲན་ཐམས་ཅད་ཀྱི་ཁ་དེ་ལ་ཕྱོགས་པར་བསམ། སྣ་རྩེ་པུས་མོ་གཡོན་ཕྱོགས་སུ་ཅུང་ཟད་ཕྱོགས་པས་རླུང་བརྔུབས། ལྟེ་བའི་ཐད་ཀར་གཞུག་དུ་ཙམ་ཐུབ་གཞག །འོག་གི་རླུང་དང་སེམས་ཡང་དེར་ཟིན་མི་ཐུབ་ལ་ཁད་བྱུང་ན་དབྱུང་། ཡང་སྣ་རྩེ་བུས་མོ་གཡོན་ཕྱོགས་སུ་ཅུང་ཟད་ཕྱོགས་པས་རླུང་བརྔུབས་ལྟེ་བའི་ཐད་ཀར་གཞུག །གཞན་འདྲ། མདུན་དུ་སྣ་རྩེ་ཅུང་ཟད་ཕྱོགས་པས་རླུང་བརྔུབས་ལྟེ་བའི་ཐད་ཀར་གཞུག །གཞན་འདྲའོ། །ལུས་ཀྱི་རླུང་དང་ཐིག་ལེ་ཐམས་ཅད་ཨ་ཝ་དྷཱུ་ཏིའི་ནང་དུ་འདུས་པར་བསམ། མཐར་འཁུན་བུ་དང་བཅས་པའི་སྐད་ཀྱིས་རྣམ་པའི་སྦྱོར་བས་རླུང་ཡར་དྲངས་ཏེ་དཔྲལ་བའི་ཐད་དུ་ཐིག་ལེར་ཐིམ་པར་བསམ། དེར་དམིགས་པ་གཏད་དོ། །དེ་ནས་ཕྱིར་གཏོང་བཞི་པ་ལ། དམིགས་བཅས་ཀྱི་བཟླས་པ་དང་། དམིགས་མེད་ཀྱི་བཟླས་པ་གཉིས། དང་པོ་ནི། ལྟེ་འཁོར་གྱི་དབུས་སུ་ཨ་ཝ་དྷཱུ་ཏིའི་ནང་དུ་གཏུམ་མོ་སྐྲ་རྩེ་ལྟར་ཕྲ་བ་སྲིད་དུ་སོར་བཞི་ཙམ་ལ་དམིགས་པ་གཏད་དེ། རླུང་དབྱུང་བའི་ཚེ་ཨཱཿཡིག་འགྲོ་བ་ལྟ་བུའི་ཚུལ་གྱིས་དབུ་མ་ལ་གཡས་སྐོར་དུ་ཕྱིར་དབྱུང་། ནང་དུ་བརྔུབ་པ་ན་ༀ་ཡིག་སྡུད་པའི་ཚུལ་གྱིས་དབུ་མ་ལ་གཡོན་སྐོར་གྱིས་ནང་དུ་འོང་། ཁ་སྦྱོར་དུ་བཅིང་

ཤོག་ལྷེ་༣༩༦པའི་ཚེ་ཧཱུྃ་ཡིག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་པ་གནས་བྱུང་ཐམས་ཅད་དང་བྲལ་བ། རིག་པ་བེམ་པོའ་བདག་ཉིད་ཅན་དུ་སེམས་གཟུང་ངོ་། །རླུང་གི་ཁ་དོག་མཐོང་མཐོང་གི་བར་དུ་བཟླའོ། །གཉིས་པ་དམིགས་མེད་ཀྱི་བཟླས་པ་ནི། རླུང་སེམས་གཉིས་སུ་མེད་པའི་ངང་ལ་འཇིག་པ་སྟེ། དེ་ཡང་། ཐོག་མར་བུམ་པ་ཅན་བཟུང་། དེ་དང་སེམས་བསྲེས་ཏེ་དམིགས་པ་མེད་པ་ལ་མཉམ་པར་འཇོག་པའོ། །ལྔ་པ་ལམ་གྱི་ཆ་ལག་བསྟན་པ་ལ། ལས་རབ་འབྱམས་བསྒྲུབ་པའི་ཆེད་དུ་འབྱུང་བཞིའི་དཀྱིལ་འཁོར་ལ་གནད་དུ་བསྣུན་པ་དང་། འཆི་མེད་བསྒྲུབ་པའི་ཆེད་དུ་ལྕེའུ་ཆུང་གི་བདུད་རྩི་མྱང་བ་དང་། མཁའ་སྤྱོད་བསྒྲུབ་པའི་ཆེད་དུ་མཛོད་སྤུའི་བདུད་རྩི་སྤྲོ་བ་དང་། མཆོག་སྦྱོར་བའི་སླད་དུ་མགྲིན་པའི་རྡོ་རྗེ་རྦ་རླབས་ལྟེམ་པ་བཞི་ལས། དང་པོ་ནི། ལུས་གནད་ལྟ་སྟངས་སྔར་བཞིན་ནོ། །དམིགས་པ་ལུས་འོད་སྣང་སྒྱུ་མ་ཙམ་རྩ་གསུམ་ལྟེ་བའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་དང་བཅས་པ་གསལ་བཏབ། ལྟེ་འཁོར་གྱི་དབུས་སུ་ནམ་མཁའི་དཀྱིལ་འཁོར་གྲུ་གསུམ་ཨེས་མཚན་པ་སྣོད་བཅུད་ཐམས་ཅད་ནམ་མཁའ་ལྟར་ཐོགས་པའི་རེག་བྱ་དང་བྲལ་བའི་སྣང་བ་མ་བྱུང་གི་བར་དུ་བསྒོམ། དེ་བྱུང་ནས་དེའི་དབུས་སུ་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ་བསྒོམ། འདར་ཧེད་ཧེད་སྣོད་བཅུད་ཐམས་ཅད་ཡང་ཞིང་གཡོ་བ་རླུང་གི་སྣང་བ་མ་བྱུང་བར་དུ་བསྒོམ། དེ་བྱུང་ནས་དེའི་དབུས་སུ་མེའི་དཀྱིལ་འཁོར་གྲུ་གསུམ་རིན་པོ་ཆེ་ཆ་དགུ་པས་མཚན་པ། ལུས་རྡུལརྔུལ་བ་དང་ཚ་ཞིང་སྲེག་པ་མེའི་སྣང་བ་མ་བྱུང་བར་དུ་བསྒོམ། དེ་བྱུང་ནས་ཆུའི་དཀྱིལ་འཁོར་ཟླུམ་པོ་པདྨས་མཚན་པ་ལ་དམིགས་པ་གཏད་དེ་གྲང་བ་དང་བརླན་ཞིང་གཤེར་བ་ཆུའི་སྣང་བ་མ་བྱུང་བར་དུ་བསྒོམ། དེ་བྱུང་བ་དང་དེའི་དབུས་སུ་སའི་དཀྱིལ་འཁོར་སེར་པོ་ལ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་ལ་དམིགས་པ་གཏད་དེ། ལྕི་ཞིང་སྲབ་བརྟན་པའི་སྣང་བ་མ་བྱུང་བར་དུ་བསྒོམ། དེ་བསྐྱེད་རིམ། སྡུད་རིམ་དང་རྗེས་སུ་མཐུན་པའི་དམིགས་པ། ས་ཆུས་བཤལ།

ཤོག་ལྷེ་༣༩༧ཆུ་མེས་བསྐམས། མེ་རླུང་གིས་གཏོར། རླུང་ནམ་མཁའ་དབྱིངས་སུ་ཞི་བ་ལ་དམིགས་པ་གཏད་དོ། །གཉིས་པ་ནི། ཐོ་རངས་ཀར་དང་ཕོ་རིལ་ཅུང་ཟད་བ་དམར་མོའ་འོ་མ་ལ་སྦྱར་བ་ཐུན་ཅིག་ཙམ་ཁར་བསྲུབ་ཅིང་ཁ་ནང་དུ་ཡུན་རིང་དུ་མྱང་བཞིན་པའི་སྒོ་ནས་བསྐྱིལ། མཐར་རིམ་གྱིས་སོང་བ་མ་ཚོར་བར་ཁོང་དུ་ཐིགས་སུ་འཇུག །དམིགས་པ་དཔྲལ་བའི་དཀྱིལ་འཁོར་ལ་ཟླ་བ་དེའི་སྟེང་དུ་དབྱངས་བཅུ་དྲུག་ལས་བདུད་རྩི་འཛག་པ། དེ་དང་འབྲེལ་བའི་བུ་ག་ལྕེ་ཆུང་སུཾ་དཀར་པོ་མགོ་ཐུར་བསྟན་གྱི་ནང་བརྒྱུད་ལྕེ་ཆུང་ནས་བབས། ལུས་ཐམས་ཅད་བདུད་རྩིས་ཞོ་རྐྱལ་ཞོས་གང་བ་ལྟ་བུ་བསམ། ལྕེས་ལྕེའུ་ཆུང་བསྒུལ་ཞིང་བསྲུབ། མཐར་རླུང་ཁ་ནས་བརྔུབ་པ་དང་ལྕེ་ཆུང་ནས་འཛག་པའི་མཆིལ་མ་མཉམ་པོར་མིད། དེ་ལྟ་བུས་ཁོག་པ་འགེང་ངོ་། །དེས་སྐྲ་དཀར་སོགས་རྒས་པ་དང་འཆི་བ་སྐྱེངས་སུ་འཇུག་སྟེ་འཆི་མེད་འགྲུབ་པའི་ཕྱིར་རོ། །གསུམ་པ་ནི། སྤྱི་བོར་ༀ་ཡིག་གིས་མཚོན་པའི་ས་ནས་རླུང་ནང་དུ་བརྔུབ་པ་དང་བསྟུན། རླུང་གི་ཡོན་ཏན་ཡང་བ། མེའི་ཡོན་ཏན་དྲོ་བ། ཆུས་སྣུམ་པ། སས་སྲ་མཁྲེགས། ནམ་མཁས་གསལ་ཞིང་དྭངས་པ་ཁ་ནས་ཐམས་ཅད་རང་རང་གི་ཁ་དོག་གི་རྣམ་པར་ཞུགས། ཟླ་བའི་དབྱིངས་ལས་བབས་པའི་ལྕེའུ་ཆུང་གི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་འོག་རླུང་འཐེན། ལྟེ་འཁོར་གྱི་དབུས་ན་གཏུམ་མོ་གློག་གི་དབྱུག་པ་ལྟ་བུ་སྲིད་དུ་སོར་བརྒྱད་ཡོད་པ་དམིགས་པ་ཁ་སྦྱར་དེ་ལ་ཕོག་པས་ཚེག་སྒྲ་དང་བཅས་པས་འབར་བར་བསམ་ཏེ་མར་མེ་ལ་ཏིལ་གྱིས་མར་ཁུ་ཕོག་པ་བཞིན་ནོ། །མཐར་སྟོང་ཉིད་ལ་མཉམ་པར་གཞག་པའོ། །བཞི་པ་ནི། རྣལ་འབྱོར་གཉིས་པོ་སྔོན་དུ་འགྲོ་བས། ལུས་ཀྱི་དབུས་དྲང་པོར་དུས་ཀྱི་རྩ་ཨ་བ་དྷཱུ་ཏི་ལྗང་བུ་མདའ་སྨྱུག་ཙམ་འཁྱག་འཁྱོག་མེད་པ་དྲང་ཐ་ལེ་བ། གཡས་སུ་རོ་མ་དམར་པོ་དང་། གཡོན་དུ་རྐྱང་མ་དཀར་པོ་གཉིས་བཅར་བའི་ཚུལ་གྱིས་མཐེབ་སྲིན་གྱིས་རྩ་བོ་ཆེ་གཉིས་ཀྱི་ནང་ནས་ནང་དུ་ཕྱོགས་པ་གསང་བའི་རྩ་མཱ་མ་ཀཱི་ལྟེམ། དུས་ཀྱི་རྩའི་ནང་དུ་

ཤོག་ལྷེ་༣༩༨དམིགས་ཏེ་མ་ཡེངས་པར་བྱ། རྦ་རླབས་དྲག་ཏུ་མནན་དེ། འདི་དུས་སྣང་གསུམ་ནས་འོད་གསལ་དུ་འཇུག་རིམ་མ་ནོར་བར་ངོས་ཟིན་ན་བར་དོ་ངེས་པར་ཆོད་པ་ཡིན་ནོ། །སྲོག་རྩོལ་ཡང་། རྩ་རྒྱུད་ལས། པདྨར་རྡོ་རྗེ་རབ་བཀོད་ནས། སྲོག་ནི་ཐིག་ལེར་གཞུག་པར་བྱ། ཞེས་པས་བསྟན་ཏེ། པདྨ་ནི་ལུས། རྡོ་རྗེ་ནི་དབུ་མར། སྲོག་ཐམས་ཅད་དེའི་མི་ཤིགས་པའི་ཐིག་ལེ་ལ་འཇུག་པ་སྟེ། སྲོག་གི་རྩོལ་བ་ཡང་ནི་ལམ་ནི་གཉིས་པོ་བསྐྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་དག་ཏུ་འགྱུར། འདིར་སྲོག་ཐུར་ལ་འདྲེས་པའི་ཕྱིར་རླུང་ཐམས་ཅད་དབུ་མར་འཇུག་སྟེ་སྟོང་གསུམ་ཁྱབ་པའི་རླུང་བ་སྤུའི་ཁུངས་ནས་འབྱིན་འཇུག་ནུས་པར་བཤད་པའི་སྐབས་ཡིན་པས་སོ། །དེས་ན་ཡོན་པོ་འགགས་པ་འདིའི་འབྲས་བུར་བྱེད་པ་ནི་རྒྱུད་མ་གོ་བར་ཟད་དེ་དབུ་མར་ཞུགས་པ་ཉིད་འདིའི་འབྲས་བུ་ཡིན་ཅིང་། དེར་ཐམས་ཅད་འཆིང་མ་ནུས་པས་མཉམ་རྒྱུར་འོང་བ་ནི་སྐྱོན་ཏེ་འཛིན་པའི་སྦྱང་གཞི་ཡིན་པས་སོ། །དེས་ན་སྲོག་རྩོལ་གྱི་འབྲས་བུ་འཛིན་པ་ཡིན་པས་དེ་ཙམ་ནས་དེ་ལ་འཇུག་གོ །བཞི་པ་འཛིན་པ་ནི། སྲོག་རྩོལ་གྱི་རླུང་སེམས་དབུ་མར་བཅུག་པ་དེ་ཉིད་འཁོར་ལོའ་སྲོག་ཤིང་དབུ་མར་བརྟན་པར་བྱེད་པ་ཏེ། དེ་ཡང་། ལྟེ་འཁོར་གྱི་ལྟོ་བར་བུམ་ཅན་བཟུང་། དེ་བརྟན་པར་གྱུར་བ་ནས་ས་ཆུ་ལ་ཐིམ་པའི་ཚུལ་གྱིས་སྙིང་ག་དང་། ཆུ་མེ་ལ་ཐིམ་པའི་ཚུལ་གྱིས་མགྲིན་པ་དང་། མེ་རླུང་ལ་ཐིམ་པའི་ཚུལ་གྱིས་དཔྲལ་བའི་ཐིག་ལེར་འཇུག་པ་སྟེ་ཕྱི་རོལ་ཏུ་འགྲོ་བ་མེད་པའོ། །དེ་བས་རྣལ་འབྱོར་འདིར་སྲོག་ཞག་ལྔ། བཅོ་ལྔ། ཟླ་བ། ཟླ་བ་དྲུག །ལོའ་བར་དུ་བགག་པ་གསུངས་ཤིང་། འདོད་ན་བསྐལ་བར་ཡང་ནུས་པ་ཡིན་ལ། སྲོག་དབུ་མར་ཞུགས་གནས་ཐིམ་གསུམ་བཤད་པའི་ཞུགས་པའི་འགོ་སོར་སྡུད་ནས་བརྩམ། ཐམས་ཅད་ཞུགས་པ་སྲོག་རྩོལ་ནས་བྱུང་། དེའི་དབང་གིས་སྲོག་རྩོལ་གྱི་སྒྲ་བཤད་ལ་སྲོག་འགག་པ་དང་སྲོག་མཆེད་པ་གཉིས་གསུངས་པའི་གནད་དེར་གདའ་

ཤོག་ལྷེ་༣༩༩འཛིན་པས་དབུ་མར་གནས་པར་བྱེད་ཅིང་། འདིར་རླུང་སེམས་དབྱེར་མེད་ཀྱི་གནད་ཤེས་ན། འབྲིང་གི་སྲོག་རྩོལ་ལ་སོགས་པས། ཞེས་པས་འབྲིང་སྲོག་རྩོལ་གྱི་སྒོ་ནས་གྲོལ་པ་དེ་འབྱུང་། ཐིམ་མ་ཐུབ་ན་རྗེས་ཏིང་གི་རྣལ་འབྱོར་ལ་སློབ་དགོས་པས། དེ་ནས་རྗེས་དྲན་ལ་འཇུག །དེ་བས་ན་འདིར། བགག་པ་གོམ་པས་འཆིངས་པ་ཡིན་ལ། །ཏིང་ངེ་འཛིན་དུ་རླུང་ཟད་པ་ལ་འཆིངས་པའི་ཐ་སྙད་བྱས་སོ། །རླུང་སེམས་དབྱེར་མེད་ཞེས་པའང་རླུང་དང་སེམས་གཉིས་ཡོད་ནས་དབྱེར་མེད་བྱས་པ་མ་ཡིན། རླུང་རང་བྱང་ཆུབ་ཀྱི་སེམས་མཚན་ཉིད་པར་བཞག་པ་དེ་མཐོང་བ་ཡིན་ལ། དེས་ན་འགོག་པར་བྱས་མཉམ་ལ་རྣལ་མ་དེར་མ་བཅོས་པར་འཇུག་ནུས་མ་ནུས་ཁོ་ནའོ། །འདིར་སྲོག་གཟུགས་གྲུབ་པ་ཙམ་ནི་འཛིན་པ་ནས་རྗེས་དྲན་ལ་འཇུག་འོས་པ་དེ་ཡང་ཡིན་ཏེ་དོན་དག་པ་སྒྱུ་མར་སོང་བས་འཇའ་ལུས་པ་ཞེས་བྱའོ། །འདི་དང་འོག་མིན་གྱི་དངོས་གྲུབ་གནད་གཅིག་ཏུ་འབབ་ཀྱང་། འདིར་ནི་དེ་ཞོར་ལས་འོངས་པ་ཡིན་ལ་བསྐྱེད་རིམ་པས་དེ་འདོད་པ་མཐར་ཐུག་ཏུ་བྱེད་པའི་ཁྱད་ཡོད་དོ། །རྩ་རྒྱུད་ལས། འཁོར་ལོ་ཐིག་ལེ་ཐིག་ལེ་ཡི། །གཡོ་བ་རྡོ་རྗེར་བགག་པར་བྱ། །རྟག་ཏུ་རྟག་རེངས་རྣལ་འབྱོར་པ། །ཞེས་གསུངས། ལྔ་པ་རྗེས་དྲན་ལ། ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་མོ་ལ་བརྟེན་པ་གསུམ་ཡིན་ལ། དང་པོ་ནི། ལེགས་པར་ལོངས་པའི་མཆོག་འདོད་པ་མོ། རྒྱུད་ནས་གསུངས་པའི་ཡོན་ཏན་དང་ལྡན་པ། རྗེས་སུ་ཆགས་པ་མོའ་ཀཀྐོ་ལར་བོལླི་ཆོ་ག་བཞིན་དུ་བཅུག་ལ། མི་འདར་བ་ཉིད་ཀྱིས་ངལ་བསོགསོ་སྟེ། དེའི་ཟེའུ་འབྲུའི་ཁར་རྡོ་རྗེ་ནོར་བུ་བཙིར་ནས་ཤིན་ཏུ་དགའ་བའི་རོས་སྐད་ཅིག་ཙམ་མི་བསྒུལ་བར་བྱའོ། །དེ་ནས་འགྱུར་བའི་གནས་སྐབས་བྱུང་ན་ཧཱུྃ་གི་རྣམ་པ་བརྗོད་པ་སྔོན་དུ་འགྲོ་བ་དང་། བླ་མ་དམ་པའི་དྲེན་གྱིས་ཐོབ་པ་མངོན་དུ་བྱ་ཞིང་བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བ་ལེ་

ཤོག་ལྷེ་༤༠༠ཤེས་བྱང་ཆུབ་སེམས་ཀྱི་ཐིག་ལེ་འགོག་པའོ། །དེ་ནས་མི་འགྱུར་བ་ཐོབ་བོ། །དེ་ཡང་། བྷ་གར་ལིངྒ་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་སྤྲོ་བར་བྱ། །ཞེས་སོ། །འདི་ལ་ཞུ་བདེའི་ཁམས་སྟོང་ཉིད་དུ་སྦྱོར་ཞིང་སྟོང་ཉིད་བདེ་ཆེན་དུ་སྦྱོར་བ་ཞིག་བྱུང་ན་དེ་ཀའི་མོད་ལ་ཏིང་ངེ་འཛིན་འགྲུབ་བོ། །ཞུ་བའི་བདེ་ཆེན་རྣམ་པ་མཐའ་ཡས་པའི་སངས་རྒྱས་ཀྱི་གཟུགས་སུ་སྤྲོ་ནུས་པ་ན་དང་པོ་ཡིན་ལ་དེས་སོ་སོ་རང་རིག་པའི་ནུས་པ་སད་པས་རྣམ་པ་ཐམས་ཅད་དུ་དམིགས་པ་ཉེ་བར་ཞི་བ་དེ་ཉིད་ཕྱི་མ་སྟེ། དེ་དབང་བཞི་བ་མཚན་ཉིད་པ་ཡིན་པས་ཕྱག་རྒྱ་ཆེན་པོ། དེ་ཡང་། དབང་པོ་གཉིས་སྦྱོར་བ་ལས་མ་བྱུང་སྟེ་བར་དུ་སྟོང་པ་ཉིད་ཀྱི་གཟུགས་སམ་ཕྱག་རྒྱ་ཆེན་མོ་དེས་བཅད་པ་ཡིན་ནོ། །དེ་ལྟ་བུའི་གནད་གཉིས་ཀྱང་དང་པོ་ལུས་ཀྱི་དགའ་བའི་རླུང་འཆིངས་པས་ཡིན་ལ། གཉིས་པ་ལྷན་ཅིག་སྐྱེས་པའི་རླུང་འཆིངས་བ་སྟེ། དོན་དབུ་མར་གནས་པ་ཙམ་དང་ཐིམ་པའི་ཁྱད་པར་རོ། །ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང་། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །ལྷན་སྐྱེས་གཞན་དང་འགྲོགས་པ་མེད། །ཞེས་སོ། །གཉིས་པ་ནི། དེ་ལྟ་བུ་མི་ནུས་ན་ཕྱག་རྒྱལ་སྦྱར་བའི་བདེ་བ་ཇི་ལྟ་བུ་ཞིག་ཅེས་བརྟགས་ཏེ་སྲོག་འཛིན་གྱི་རླུང་བཅུ་ལྟེ་བར་ཕྲད་པའི་སྒོ་ནས་དབུ་མར་བརྟན་པས་གཏུམ་མོའ་མེ་འབར་རྗེས་སུ་དྲན་པའི་རྣལ་འབྱོར་གྱིས་ཐིག་ལེ་ཞུ་བའི་འགྲོ་ལྡོག་ལ་བསླབ་པའི་མཐར་སྔར་བཞིན་རྡོ་རྗེ་ནོར་བུའི་རྩེར་བྱང་ཆུབ་སེམས་འགོག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །གསུམ་པ་ནི། དེ་བས་ན་ཕྱག་རྒྱ་དང་གོང་མ་གཉིས་པོ་གཉིས་ཀ་སྔོན་དུ་གཏགས་ཡང་འགྱུར་མེད་ཐོབ་ཀར་ཕྱག་རྒྱ་ཆེན་མོ་ངེས་པར་དགོས་པས་ཕྱག་རྒྱ་གཉིས་འཕྲུགས་སམ་གསུམ་ཕྲུགས་སུ་སོང་སྟེ། ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་། །ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་། །ཕྱག་རྒྱ་ཆེན་མོ་གཅིག་

ཤོག་ལྷེ་༤༠༡སྦྱོར་བས། །མི་འགྱུར་བ་དེ་འཕེལ་པར་འགྱུར། ཞེས་དང་། འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོའ་སྒྲུབ་ཐབས་རྣམ་གསུམ་དུ་འགྱུར་རོ། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་མཆོག་རྣམས་སོ། །ཞེས་སོ། །རྟག་ཏུ་སྟེང་དུ་ཁུར་བར་འགྱུར། །ཕྱག་རྒྱ་ཆེ་དང་འགྲོགས་པ་ཡིས། །རྡོ་རྗེ་འབེབས་པས་བྱིན་གྱིས་བརླབས། །ཞེས་གསུངས་ཏེ། འཛིན་པར་རླུང་སེམས་དཔྲལ་བར་བཅུག་ནས་སླར་གསང་གནས་སུ་འབེབས་པའི་གནད་འདིའོ། །དྲུག་པ་ཏིང་ངེ་འཛིན་གྱི་ཡན་ལག་ལ་རྣམ་པ་གཉིས་ཏེ། ཅིག་ཅར་བའི་འགྲོས་བཞི་ཐིམ་པ་དང་། རིམ་གྱིས་པའོ། །དང་པོ་ནི། གྲུབ་པའི་དངུལ་ཆུ་ཐིགས་པ་གཅིག་ལྕགས་ཁལ་སྟོང་དྲག་པོའ་མེས་གདུངས་པའི་ཕྱོགས་གཅིག་ལ་རེག་པས་ཐམས་ཅད་ཅིག་ཅར་གསེར་དུ་འགྱུར་བ་ལྟར་རམ། དུག་སྦྲུལ་གྱི་མཆེ་བའི་དུག་ལོངས་པ་ན་ཅིག་ཅར་ལུས་ཐམས་ཅད་ཁྱབ་པ་བཞིན། རྩ་རླུང་སེམས་འཛག་པ་ཐམས་ཅད་ཅིག་ཅར་དུ་ཐིམ་པའི་མོད་ལས་སྐུ་བཞིའི་བདག་ཉིད་དུ་གྱུར་པ་ནི། །ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། །བདེ་ཆེན་མཆོག་དེ་ནམ་མཁའི་ཁམས་སུ་མི་ཤོད་དོ། །ཞེས་དང་། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། ཞེས་སོ། །དེ་ཡང་ཐམས་ཅད་གཤིས་སུ་གཅིག་པས་གཅིག་པོ་དེ་མཐོང་ན་ཐམས་ཅད་མཐོང་། དེའི་དབང་གིས་ཆོས་གཅིག་གི་མདོ་དང་རྒྱས་པ་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་སོ། །ཞེས་གསུངས་པས་གཅིག་ཤེས་ཀུན་གྲོལ་མཚན་ཉིད་པ་དེའོ། །གཉིས་པ་ནི། སྐད་ཅིག་མ་དང་པོ་དེ་ནས་མི་འགྱུར་བའི་བདེ་བ་སྟོང་བརྒྱད་བརྒྱ་པ་དང་པོར་བཞག་སྟེ། སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའི་བར་ནི་ནོར་བུ་ནས་གཙུག་ཏོར་གྱི་བར་དུ་བརྟན་པར་བྱེད་པའི་རིམ་པ་སྟེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་པའམ་དུས་སྦྱོར་བཅུ་གཉིས་དག་པ་བྲལ་

ཤོག་ལྷེ་༤༠༢བའི་ཆ་ནས་བདེན་དོན་རྣམ་པ་བཅུ་གཉིས་ཀྱིས་དགའ་བ་བཅུ་དྲུག་གི་བདེ་བའི་དབྱེ་བས་དེ་ཉིད་བཅུ་དྲུག་གི་སའོ། །བདེ་བ་དེ་དག་རིམ་པ་བཞིན་ཡེ་ཤེས་ཀྱི་གཟུགས་སུ་སྤྲོ་བར་བྱེད་པ་དེ་དག་གི་ཉམས་ལེན་ཡིན་ལ། དེ་ཡང་། ཕྱག་རྒྱ་མ་ལ་བརྟེན་ཡར་རུང་མ་བརྟེན་ཡང་རུང་སྟེ། བརྟེན་ན་མྱུར་བར་བླ་མ་གསུང་། མཆོག་ཏུ་མི་འགྱུར་བའི་སྐད་ཅིག་མཐའ་མ་ནི་གཙུག་ཏོར་དུ་བརྟན་ན། སངས་རྒྱས་ཉིད་དང་རྡོ་རྗེ་འཆང་ཆེན་པོ་རིགས་བརྒྱའི་ཁྱབ་བདག་ཏུ་འགྱུར་ལ། དེའི་སྐུ་ནི་ཕུང་ཁམས་སྐྱེ་མཆེད་ལས་དབང་དེའི་བྱ་བ་དང་བཅས་པ་ཐམས་ཅད་ཀྱིས་དག་པ། གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོ་སྟེ། སྐུ་རྣམ་པ་ཐམས་ཅད་པ་དང་། གསུང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད། ཐུགས་ཡེ་ཤེས་ལྷ་ལ་སོགས་པ་སྟེ་སྐུ་གསུམ་མི་ཕྱེད་པ་ཉིད་དོན་ལ་གནས་པ་དག་པའི་སྐུའམ་ལྷན་ཅིག་སྐྱེས་པའི་སྐུ། དེ་ཐབས་ཤེས་ཤས་ཆེ་ཆུང་མེད་པར་མཉམ་པས་མ་ནིང་གི་གོ་འཕང་ངོ་། །དེ་ཡང་། འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན་ཞེས་དང་། རྩ་རྒྱུད་ལས། མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །དྲུག་བརྒྱ་རྫོགས་པས་རྒྱལ་པོ་ཀྱེ། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །ཞེས་གསུངས། རིམ་སྐྱེས་པ་ལ་བརྩོན་པ་མི་འདོར་ན་ཏིང་ངེ་འཛིན་ཐོབ་ནས་མཐར་ཐུག་རྫོགས་པའི་སངས་རྒྱས་པར་ལ་ལོ་གསུམ་ཕྱོགས་གསུམ་གྱིས་གྲུབ་པར་བཤད་ཀྱི། ཐམས་ཅད་དུ་མ་ཡིན་ནོ། །དེ་ཡང་བྱང་ཆུབ་སེམས་ཀྱི་དངསདྭངས་མས་གསང་གནས་ཀྱི་ཕྱེད་གང་། ས་དང་པོ། ཞེས་པ་ལྟ་བུའི་ཕྱེད་ནི་སྦུབས་གཅིག་གི་ཆ་ཤས་མ་ཡིན། འོ་ན་གང་ཞེ་ན། གསང་གནས་ཀྱི་རྩ་བཅུ་དྲུག་ཐབས་དང་བཅུ་དྲུག་ཤེས་རབ་ཀྱི་རྩར་བཞག་པ་ལྟ་བུ་གནས་དང་ཉེ་གནས་ཀྱི་མིང་ཅན་རྣམས་སོ། །དེ་ལས་ཐོག་མར་རྐྱང་མའི་ཆ་གང་ནས། དེ་ནས་རོ་མའི་ཆ་རྣམས་གང་བ་སྟེ། གཟས་འཛིན་ལ་ཐོག་མར་ཟླ་བ་དང་། ཕྱིས་ཉི་མ་འཛིན། དེ་བཞིན་འདི་ནང་གི་གཟའ་འཛིན་ཡིན་པའོ། །དེ་ལྟར་ཡང་། ཏོག་རྩི་

ཤོག་ལྷེ་༤༠༣ཞབས་ཀྱིས་ཉི་ཟླ་གཟའ་ཡིས་འཛིན་པ་ན། །ཤེས་རབ་རྡོ་རྗེའི་སྦྱོར་བ་ཡིས། །ཞུ་བ་གཉིས་མེད་ཡེ་ཤེས་འགྱུར། །ཞེས་བཤད་པའི་ཕྱིར་རོ། །ཞེས། ལ་སྟོད་བྱང་ནས་རྗེ་བཙུན་ཀུན་དགའ་ཆོས་ཀྱི་སྒྲོན་མས་གསོལ་བ་བཏབ་པའི་ངོར། དུས་ཀྱི་འཁོར་ལོ་པ་པདྨ་དཀར་པོས་རྗེ་བཙུན་གོང་མའི་རྡོ་རྗེའི་ཚིག་རྣམ་པར་འབྱེད་པའི་ཡིག་གེ་པ་ནི་རིན་ཆེན་བསྟན་པ་རྒྱལ་མཚན་ཞེས་པ་ཟབ་ལམ་མང་དུ་ཐོས་པ་དེས་བགྱིས་ཏེ་བྱམས་པ་ཆེན་པོའ་ཆོས་ཀྱི་གླིང་དུ་སྦྱར་བ་རྫོགས་སོ།། །།དཔལ་ལྡན་རྒྱུད་དོན་ནམ་མཁའི་མཐའ་བལྟ་ལ། །ཕྱོགས་རེའི་བསྟན་བཅོས་ཆུ་བུར་མིག་གིས་ཅི། །ལུགས་ཤེས་བླ་མའི་མན་ངག་ཡེ་ཤེས་སྤྱན། །ཐམས་ཅད་གཟིགས་མོར་བྱེད་འདི་དོང་དུ་ལོངས། །སརྦ་མངྒ་ལཾ།། །།

ཤོག་ལྷེ་༤༠༤

Notes