Tibetan:པདྨ་བཛྲའི་ཟབ་པའི་ཚུལ་དགུའི་ཁྲིད་ཡིག་བཀྲ་ཤིས་ཡུངས་ཀར་གོང་བུ་

From gDams Ngag mDzod
Revision as of 12:03, 26 October 2010 by Adam (talk | contribs) (→‎Tibetan text)
Jump to navigation Jump to search

Cataloging data for this text

Full Title

Tibetan: ༄༅། པདྨ་བཛྲའི་ཟབ་པའི་ཚུལ་དགུའི་ཁྲིད་ཡིག་བཀྲ་ཤིས་ཡུངས་ཀར་གོང་བུ་བཞུགས། །
Wylie: @#/_pad+ma badz+ra'i zab pa'i tshul dgu'i khrid yig bkra shis yungs kar gong bu bzhugs/_/

Tibetan text

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.



ཤོག་ལྷེ་༡༥༡པདྨ་བཛྲའི་ཟབ་པའི་ཚུལ་དགུའི་ཁྲིད་ཡིག་བཀྲ་ཤིས་ཡུངས་ཀར་གོང་བུ་བཞུགས།།


།ཤོག་ལྷེ་༡༥༢ན་མོ་གུ་རུ་བཛྲ་དྷ་ར་པཱ་དཱ་ཡ། གྲུབ་མཆོག་པདྨ་བཛྲ་དང་། །དབྱེར་མེད་རྗེ་བཙུན་གོང་མ་ལྔ། །གཅིག་བསྡུས་མཁྱེན་བརྩེའི་དབང་པོར་འདུད། །ཟབ་པའི་ཚུལ་དགུའི་ཁྲིད་རིམ་དགོད། །ལམ་སྐོར་ཕྱི་མ་བརྒྱད་ལས། གྲུབ་པའི་དབང་ཕྱུག་ཆེན་པོ་པདྨ་བཛྲས་མཛད་པའི་ཟབ་པའི་ཚུལ་དགུའི་ཁྲིད་རིམ་འཆད་པ་ལ་གཉིས། གང་ལས་བརྒྱུད་པའི་ཁུངས་སྨོས་པ། དེ་ལས་བྱུང་བའི་གདམས་ཁྲིད་དངོས་བཤད་པའོ། །དང་པོ་ནི། གསང་སྔགས་འབྱུང་བའི་གནས་དཔལ་ཨོ་ཌཱི་ཡ་ནའི་ཡུལ་དུ་བྱོན་པའི་སློབ་དཔོན་ཆེན་པོ་ས་རོ་རུ་ཧ་སྟེ་མཚོ་སྐྱེས་ཞབས་སམ་པདྨ་བཛྲ་ཆེན་པོའང་གྲགས་ཤིང་། དོ་ཧའི་ལོ་རྒྱུས་སོགས་ལས་ཡན་ལག་མེད་པའི་རྡོ་རྗེ་དང་སློབ་དཔོན་འདི་མཚན་གྱི་རྣམ་གྲངས་སུ་བཤད་ཀྱང་། བཀའ་སྲོལ་འདིའི་བཞེད་པར་དེ་གཉིས་ཐ་དད་པས་ཡན་ལག་མེད་པའི་རྡོ་རྗེའི་རྗེས་སུ་འབྲང་ནས་སློབ་དཔོན་འདི་ཉིད་ཀྱིས་གཞུང་འདི་རྣམས་མཛད་པར་གསུངས་ཏེ། དེའང་ཀྱེ་རྡོ་རྗེའི་རྩ་རྒྱུད་ལ་བརྟེན་ནས་སྨིན་བྱེད་དབང་གི་ཆོ་ག་ནས་གླིང་མ། བསྐྱེད་རིམ་གྱི་ཆོ་ག་སྒྲུབ་ཐབས་མཚོ་སྐྱེས། རྫོགས་རིམ་

ཤོག་ལྷེ་༡༥༣ཟབ་པའི་ཚུལ་དགུ་དང་མར་མེའི་རྩེ་མོ་ལྟ་བུའི་གཞུང་དང་གདམས་ངག་སོགས་མཛད་པ་ལས། འདིར་ཕྱི་མ་གཉིས་འཆད་པར་བྱ་བ་སྟེ་བརྒྱུད་པའི་རིམ་པ་ནི། རྡོ་རྗེ་འཆང་། བི་ལཱ་སྱ་བཛྲ། ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་སམ་པདྨ་བཛྲ། ཨིནྡྲ་བྷཱུ་ཏི། ལྕམ་ལེགས་སྨིན་ཀར། ནག་པོ་པ། དཔལ་འཛིན། ག་ཡ་དྷ་ར། དེ་ལས་འབྲོག་མི་ལོ་ཙཱས་ཞུས། དེ་ནས་རིམ་བཞིན་སེ་སྟོན་ཀུན་རིག །ཞང་སྟོན་ཆོས་འབར། ས་སྐྱའི་རྗེ་བཙུན་གོང་མ་ལྔ་ནས་བརྒྱུད་སྲོལ་ཟམ་མ་ཆད་པར་བྱོན་ཏེ། རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའ་ཞལ་སྔ་ནས་བཀའ་དྲིན་ཆེན་པོས་སྩལ་བའོ། །གཉིས་པ་གདམས་ངག་དངོས་ལ་གཉིས། མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པའོ། །དེའང་གཞུང་འདི་ཉིད་བཅོམ་ལྡན་འདས་ཀྱེ་རྡོ་རྗེ་སྒྲུབ་པའི་ཐབས་ལ་བརྟེན་ནས་སྐྱེ་གནས་རྣམ་པ་བཞིའི་གཉེན་པོར། བསྐྱེད་ཆོག་ཡན་ལག་རྣམ་པ་བཞི་བསྙེན་སྒྲུབ་ཀྱི་རིམ་པར་དབྲི་བ་དང་བཅས་པ་ཟབ་པའི་ཚུལ་དགུས་ལམ་ཡོངས་སུ་རྫོགས་པའི་མན་ངག་ཅེས་བྱ་ཞིང་། སྤྱིར་བསྐྱེད་

ཤོག་ལྷེ་༡༥༤རྫོགས་ཀྱི་ལམ་གང་བསྒོམ་ཡང་ཐམས་ཅད་ཀྱང་རྣམ་པ་དེ་དང་དེར་སོ་སོར་སྣང་ཡང་ངོ་བོ་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་མ་འདས་པས་ལྟ་བ་འཁོར་འདས་དབྱེར་མེད་ཉིད་ལམ་དུ་བྱེད་པ་ཡིན་ཏེ། དེའི་དོན་ཡང་རྩ་རྒྱུད་བརྟགས་པ་གཉིས་པ་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་ཏུ་ནི། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཅེས་པ་ལ་སོགས་པའི་ལུང་དོན་ལ་བརྟེན་པའི་མན་ངག་ཡིན་པར་གསུངས་ཏེ། རྒྱུ་རང་བཞིན་གྱིས་གནས་པའི་སྐབས་གསལ་བ་སེམས་ཀྱི་རང་བཞིན་འཁོར་བ། སྟོང་པ་སེམས་ཀྱི་རང་བཞིན་མྱང་འདས། དེ་གཉིས་སེམས་ཀྱི་ངོ་བོ་དབྱེར་མེད་ཡིན་པས། སྒྲུབ་པ་པོས་ལམ་ཉམས་སུ་ལེན་པ་ནའང་སྦྱང་གཞི་འཁོར་བ། སྦྱོང་བྱེད་མྱང་འདས། སྦྱོང་གཞི་དེ་སྦྱོང་བྱེད་ཀྱི་ངོ་བོར་དག་པ་དབྱེར་མེད་ལམ་དུ་བྱས་པས་འབྲས་བུ་རྣམ་པར་དག་པ་ལྷུན་གྲུབ་འཁོར་བ། གནས་འགྱུར་མྱང་འདས། མི་འགལ་བར་དབྱེར་མེད་དུ་རྟོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་དེའི་དོན་རྒྱས་པར་བཤད་པ་ལ། ཐོག་མར་ལྟ་བ་འཁོར་འདས་དབྱེར་མེད་དུ་རྟོགས་པ། ལམ་སེམས་གནས་པའི་ཐབས་དགུས་ཞི་གནས་ཀྱི་ལམ་གྱི་ས་མཚམས་དང་བཅས་པ། ཕྱི་རོལ་གྱི་སྤྲོས་པ་ཐམས་ཅད་བཅད་པའི་ཚུལ་དགུས་ངེས་ཤེས་བསྐྱེད་པ་འབྲས་བུ་སྐུ་གསུམ་ལན་ལག་བདུན་ལྡན་དུ་བསྟན་པའོ། །དེ་ལ་ཐོག་མར་ལྟ་བ་སྟོན་དགོས་པའི་རྒྱུ་མཚན་ནི། །སྨིན་བྱེད་ཀྱི་དབང་བསྐུར་བ་ཐོབ་པའི་རྗེས་སུ་ལམ་བསྒོམ་དགོས་ཏེ་ཡེ་ཤེས་དེའི་རྒྱུན་བསྐྱང་བ་དང་། གང་ཟག་གི་བདག་ཏུ་ལོག་པར་རྟོག་པ་དགག་དགོས་པའི་ཕྱིར་ཏེ། རྒྱུད་ལས། །ཕྱི་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་གཟུགས་ཅན་དང་། །འཁོར་བ་རྣམ་པར་རྟོག་པ་ལ། ཁྱད་པར་ཅུང་ཟད་ཡོད་མ་ཡིན། ཅེས་སོ། །དེ་ལ་གསུམ། རྒྱུ། ལམ། འབྲས་བུ་འཁོར་འདས་དབྱེར་མེད་དུ་སྟོན་པའོ། །དང་པོ་རྒྱུ་འཁོར་འདས་དབྱེར་མེད་ནི། རྩ་རྒྱུད་ལས། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་

ཤོག་ལྷེ་༡༥༥འཁོར་བ་དག་པས་ན། །འཁོར་བ་མྱ་ངན་འདས་པར་འགྱུར། །ཅེས་གསུངས་ཏེ། ཁམས་གསུམ་གྱི་རྒྱུ་ཀུན་རྫོབ་བདེན་པས་བསྡུས་པའི་གཟུང་འཛིན་དང་ཆོས་ཅན་གཟུགས་ལ་སོགས་པ། མིག་སོགས་ཕྱི་ནང་གི་སྐྱེ་མཆེད་སོགས་སྣང་བ་སྣ་ཚོགས་པ། ཉོན་མོངས་དུག་གསུམ་སོགས་རྣམ་པར་རྟོག་པ་གློ་བུར་གྱི་སྡུག་བསྔལ་དུ་མ་རྣམས་འཁོར་བ། དེ་དག་བརྟགས་ཤིང་དཔྱད་པའི་བློ་རྨོངས་མེད་ཀྱི་ངོ་བོ་རང་བཞིན་གྱིས་སྐྱེ་བ་མེད་པ་ཆོས་ཉིད་མྱང་འདས་སུ་རྟོགས་པའི་ཚེ་ཆོས་ཉིད་ལས་གཞན་པའི་ཆོས་ཅན་འཁོར་བ་ཞེས་བྱ་བ་གྲུབ་པ་མེད་ཅིང་། འཁོར་བ་ལས་གཞན་པའི་མྱང་འདས་ཀྱང་མ་གྲུབ་པ་ཆུ་ལ་ཆུ་བཞག་པ་ལྟར་རོ་གཅིག་པ་ནི་མྱ་ངན་ལས་འདས་པ་སྟེ་འཁོར་འདས་དབྱེར་མེད་དམ། ཆོས་སྤྱི་སྐད་དུ་བདེན་གཉིས་ཟུང་འཇུག་ཅེས་བྱ་བ་ཡིན་ནོ། །དེས་འོག་མ་རྣམས་ལ་འགྲེས་སུ་ཤེས་པར་བྱ་སྟེ། སྣོད་དུ་སྣང་བ་རྣམས་གཞལ་ཡས་ཁང་ཡིན་ལ། བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དགུའི་ངོ་བོ་ཡིན་ཏེ། དཔེར་ན་གསེར་གཡའ་དང་བཅས་པ་ཡིན་ཀྱང་ངོ་བོ་ཉིད་ཀྱིས་སེར་པོར་སྣང་བ་བཞིན་ཏུ། ལུས་སེམས་རྟོག་བཅས་སུ་སྣང་ཡང་ངོ་བོ་རང་བཞིན་གྱིས་སྤྲོས་པ་དང་བྲལ་བར་ཤེས་པར་བྱའོ། །གཉིས་པ་ལམ་འཁོར་འདས་དབྱེར་མེད་ལ། བསྐྱེད་རིམ་གྱི་ཕྱོགས་སུ། ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་གི་རང་བཞིན་ཡིན་པས་དེར་སྣང་ལ། ནང་བཅུད་རིགས་དྲུག་གི་འགྲོ་བ་ཐམས་ཅད་ལྷ་དགུའི་རང་བཞིན་ཡིན་པས་དེར་སྣང་བའོ། །དེའང་ཆོས་ཅན་སྣོད་བཅུད་དང་ཆོས་ཉིད་ལྷའི་དཀྱིལ་འཁོར་རྟེན་བརྟེན་པར་བཅས་ངོ་བོ་གཅིག་ཡིན་ཏེ། སྣོད་སྤངས་པའི་གཞལ་ཡས་ཁང་གཞན་དུ་མི་རྙེད་ལ། བཅུད་སྤངས་པའི་ལྷ་གུད་ན་མི་རྙེད་པས་འཁོར་འདས་དབྱེར་མེད་ཅེས་བྱའོ། །རྫོགས་རིམ་གྱི་ཕྱོགས་ལ། མ་དག་པ་ཁམས་གསུམ་གྱི་སྣང་བ་དང་དག་པ་དཀྱིལ་འཁོར་གྱི་འཁོར་

ཤོག་ལྷེ་༡༥༦ལོའང་རིམ་གྱིས་ཆོས་ཉིད་སྟོང་པ་ཉིད་ཀྱི་དབྱིངས་སུ་རོ་གཅིག་པར་བསྡུས་ཏེ་སེམས་ཉིད་ཡེ་ཤེས་བདེ་བ་ཆེན་པོར་རྟོགས་པ་ལ་འཁོར་འདས་དབྱེར་མེད་ཅེས་བྱ་སྟེ། རྒྱུད་ལས། དེར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པའང་མེད། །བདག་དང་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་པའི་དོན་ནོ། །གསུམ་པ་འབྲས་བུ་འཁོར་འདས་དབྱེར་མེད་ནི། ལམ་གོམས་པ་མཐར་ཕྱིན་པའི་སྐབས་སུ་འཁོར་བ་རང་བཞིན་གྱིས་མ་གྲུབ་པར་རྟོགས་པས་བ་སྤུའི་ཁུངས་བུ་གཅིག་ཏུའང་ཁམས་གསུམ་འཁོར་བ་ཐམས་ཅད་ཚུད་ལ། དེ་དག་ཀྱང་དག་པའི་ཞིང་ཁམས་མྱ་ངན་ལས་འདས་པར་ཤུགས་འབྱུང་དུ་བསྒྱུར་བ་ནི་གཟུགས་སྐུའི་འཁོར་འདས་དབྱེར་མེད་དོ། །འཁོར་འདས་ཐམས་ཅད་ཀྱང་རང་གི་དབྱིངས་ཟག་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་རྟོགས་པས་བླང་དོར་དུ་བྱ་བ་མེད། སྤང་ཐོབ་ཏུ་འཛིན་པ་མེད་དེ་གནས་གྱུར་པའི་ཡེ་ཤེས་ཞེས་བྱ་སྟེ། རྟེན་གྱི་གང་ཟག་གཅིག་གི་རྒྱུད་ལ་ལྟོས་ནས་སངས་རྒྱས་དང་སེམས་ཅན་རྒྱུད་གཅིག་ཏུ་འདྲེས་པ་ཞེས་བྱ་སྟེ་ཆོས་སྐུའི་འཁོར་འདས་དབྱེར་མེད་དོ། །དེ་ལྟར་རྒྱུ་ལམ་འབྲས་བུའི་གནས་སྐབས་གསུམ་ཀ་འཁོར་འདས་དབྱེར་མེད་དུ་ཤེས་དགོས་པ་ནི་སློབ་དཔོན་འདི་ཉིད་བཞེད་པར་མ་ཟད། འཕགས་པ་ཀླུས་ཀྱང་། འཁོར་བ་མྱ་ངན་འདས་པ་ཞེས། །དེ་ཉིད་མ་མཐོང་བ་རྣམས་སྨྲ། །དེ་ཉིད་གཟིགས་རྣམས་འཁོར་བ་དང་། །མྱ་ངན་འདས་པ་གཉིས་མི་བཞེད། །ཅེས་གསུངས་པ་ཡིན་ནོ། །གཉིས་པ་ཉམས་སུ་བླང་བའི་རིམ་པ་ལའང་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྦྱང་གཞི་གང་ཟག་རིགས་བཞིའི་སྐྱེ་གནས་རྣམ་པ་བཞི་ཡོད་ཅིང་དེའི་ནང་ཚན་དྲོད་གཤེར་ལས་སྐྱེས་པ་གཉིས་སུ་ཕྱེས་ཏེ་ལྔ་ཡོད་པའི་སྦྱོང་བྱེད་བསྐྱེད་པའི་ཆོ་ག་རྣམ་པ་ལྔས་ཕྱི་དབྱིབས་ཀྱི་ལམ་རྫོགས་པར་བསྒོམས་

ཤོག་ལྷེ་༡༥༧པས་ལམ་ཚོགས་སྦྱོར་གཉིས་མཐའ་རུ་ཕྱིན་པར་འགྱུར། དེ་ལས་འདས་པའི་གང་ཟག་རིམ་པ་གསུམ་ཡོད་པའི་དང་པོས། རྩ་ལུས་ཀྱི་དཀྱིལ་འཁོར་བརྟགས་པའི་ལམ་ལ་བརྟེན་ནས་ལུས་ལྷར་ཤར་ཏེ་མཐོང་ལམ་མཐར་ཕྱིན། །གཉིས་པ་བྷ་གའི་དཀྱིལ་འཁོར་ལྷན་སྐྱེས་ཀྱི་བདེ་ཆེན་གྱི་ལམ་ལ་བརྟེན་ཏེ་རྩ་ཡི་གེའི་དཀྱིལ་འཁོར་མཐོང་སྟེ་སྒོམ་ལམ་མཐར་ཕྱིན། གསུམ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཐིག་ལེ་ཁ་དོག་སྣ་ཚོགས་མཐོང་ནས་མཐར་ཕྱིན་པའི་ལམ་མངོན་དུ་བྱེད་པའོ། །དེ་གསུམ་ནི་རྫོགས་པའི་རིམ་པ་གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་གྱིས་ལམ་བགྲོད་པའི་ཚུལ་ལོ། །དེ་རྣམས་ཀྱི་དང་པོ་བསྐྱེད་རིམ་པའི་གང་ཟག །གཉིས་ནི་ལས་དང་པོ་པའི་རྟེན་གྱི་གང་ཟག་དང་། ལུས་དཀྱིལ་པ་ནི་བདེ་བ་ཅུང་ཟད་སྐྱེས་པའི་རྟེན་གྱི་གང་ཟག །བྷ་གའི་དཀྱིལ་འཁོར་པ་ནི་བདེ་སྟོང་གི་ཉམས་སྐྱེས་པའི་རྟེན་གྱི་གང་ཟག །བྱང་སེམས་ནི་ཉམས་ཆེར་སྐྱེས་པའི་གང་ཟག་ཅེས་བྱའོ། །ཡང་དེ་བཞི་ལ་རིམ་བཞིན་ཉོན་མོངས་པའི་བཅིང་བ་མཐའ་དག་དང་ལྡན་པའི་ཐ་མ། ཉོན་མོངས་པ་ལས་ཅུང་ཟད་གྲོལ་བའི་ཐ་མ། །ཕལ་ཆེར་གྲོལ་བའི་འབྲིང་། ཐམས་ཅད་གྲོལ་བའི་རབ་ཅེས་བྱའོ། །ཡང་གང་ཟག་དེ་བཞི་ལ་རིམ་པ་བཞིན་དུ་ལས་དང་པོ་དང་། ཡེ་ཤེས་ཕེབས་པ་དང་། ཡེ་ཤེས་ལ་ཅུང་ཟད་དབང་བ་དང་། ཡང་དག་པའི་ཡེ་ཤེས་ལ་དབང་བ་ཞེས་ཀྱང་བྱ་སྟེ། འདི་བཞིས་ལམ་ཚོགས་སྦྱོར་གཉིས་མཐར་ཕྱིན་པ་ཡིན་ནོ། །དེ་དག་བསྐྱེད་ཆོག་དང་སྦྱར་ན་གང་ཟག་དང་པོས་ལྷ་དྲོད་གཤེར་སྐྱེས་པ་དང་པོའ་བསྐྱེད་ཆོག །གང་ཟག་གཉིས་པས་དྲོད་གཤེར་ལས་སྐྱེས་པ་གཉིས་པའི་བསྐྱེད་ཆོག །གསུམ་པས་སྒོང་ང་ལས་སྐྱེས་པ། བཞི་པས་གཙོ་བོ་བརྫུས་སྐྱེས་དང་། འཁོར་མངལ་སྐྱེས་ཀྱི་མངོན་པར་རྟོགས་པ་བསྒོམ་པར་བྱ་སྟེ་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག་གོ །དེ་ནས་ཡེ་ཤེས་པ་

ཤོག་ལྷེ་༡༥༨གཞུག་པ་ནི་ཉེ་བར་སྒྲུབ་པའི་ཡན་ལག་དབང་བསྐུར་བའི་གནད་ཀྱིས་སྒྲུབ་པ་དང་སྒྲུབ་པ་ཆེན་པོའ་ཡན་ལག་ཀྱང་རྫོགས་པ་སྟེ་སློབ་དཔོན་འདི་ཉིད་ཀྱིས་བཞེད་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། གང་ཟག་བཞིས་ཚོགས་སྦྱོར་གྱི་ལམ་བགྲོད་པའི་ཚུལ། དེ་ལས་འདས་པའི་གང་ཟག་བཞེས་མཐོང་སྒོམ་མཐར་ཕྱིན་གྱི་ལམ་བགྲོད་པའི་ཚུལ་ལོ། །དང་པོ་ལ་གང་ཟག་བཞིའི་ལས་དང་པོ་པའི་ཉམས་ལེན་གྱི་དབང་དུ་བྱས་ན། ཐོག་མར་བརྒྱུད་ལྡན་གྱི་བླ་མ་ལས་དབང་བཞི་རྫོགས་པར་ཞུ། སྒྲུབ་པའི་ལུང་ཡང་ཐོབ་པར་བྱས་ནས་ཐུན་བཞིའི་ངེས་པས་ཉམས་སུ་བླངས་དགོས་ཏེ། དེ་ལས་མཉམ་གཞག་གི་རྣལ་འབྱོར་དང་། རྗེས་སྤྱོད་ཀྱི་རྣལ་འབྱོར་གཉིས་སུ་ཡོད། དང་པོ་ལ་ནི་སྔོན་འགྲོ་དངོས་གཞི་བསྐྱེད་རིམ། སེམས་གནས་པའི་ཐབས་དགུ། རྫོགས་པའི་རིམ་པ་ལ་སེམས་བཟུང་བ་བཅས་རིམ་པར་བསྒོམ་དགོས་པའི་དགའ་དོན་རྣམས་འདི་ཉིད་ཀྱི་མངོན་རྟོགས་ལས་འབྱུང་བ་ལྟར་བྱ་སྟེ། ཐོག་མར་སྔོན་འགྲོ་ལ་སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་བསྒོམ་བཟླས་རྣམས་ཐུན་དང་པོ་ལ་བཏང་། རྗེས་མ་རྣམས་ལ་མ་ལྕོགས་ཀྱང་ཆོག །དེ་ནས་བསོད་ནམས་ཀྱི་ཚོགས་བསགས་པ་ནི། རང་ཀྱཻ་རྡོ་རྗེ་ཡབ་ཡུམ་དུ་གསལ་བའི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་དཔལ་ཀྱཻ་རྡོ་རྗེ་བླ་མ་མི་བསྐྱོད་པའི་རྣམ་པ་ཅན་གྱིས་དབུ་བརྒྱན་པའི་ལྷ་དགུའི་དཀྱིལ་འཁོར་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཆོས་ཀྱི་དབྱིངས་ལས་གཟུགས་སྐུར་བཞེངས་པའི་ཚུལ་གྱིས་སྤྱན་དྲངས་ལ་ཕྱག་བྱ། སྙིང་ག་ནས་སྤྲུལ་པའི་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་ཀྱིས་མཆོད། རྟེན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་བཏང་བའི་སྡིག་པ་བཤགས་པ། དགེ་བ་ལ་ཡི་རང་བ། དོན་དམ་བྱང་ཆུབ་ཀྱི་སེམས་བཟུང་བ། གསུམ་ལ་སྐྱབས་སུ་འགྲོ་བ། སྨོན་པའི་སེམས་བསྐྱེད་པ། འཇུག་པ་སེམས་བསྐྱེད་པ། དགེ་རྩ་

ཤོག་ལྷེ་༡༥༩གཞན་དོན་ཏུ་བསྔོ་བ་བཅས་ཡན་ལག་བདུན་པ་བྱ་བ་ནི་ཡུལ་དག་པ་ལ་བརྟེན་ནས་ཚོགས་བསགས་པའོ། །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། བདེ་བ་དང་མི་འབྲལ་བའི་དགའ་བ། ཉེ་རིང་མེད་པའི་བཏང་སྙོམས་ཏེ་ཚད་མེད་པ་བཞི་རྒྱུད་ལ་འདྲེས་ངེས་པར་བསྒོམ་པ་ནི་ཡུལ་མ་དག་པ་ལ་བརྟེན་ནས་ཚོགས་བསགས་པའོ། །ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། ཆོས་ཀྱི་སྐུ་མངོན་དུ་བྱས་པ་ལས་གཟུགས་སྐུ་སྒྱུ་མ་ལྟ་བུར་བཞེངས་ཏེ་སེམས་ཅན་གྱི་དོན་བྱའོ་སྙམ་པའི་འདུན་པ་སྔོན་དུ་འགྲོ་བས། འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཅིར་ཡང་མི་དམིགས་པའི་གནས་ལུགས་བརྗོད་བྲལ་གྱི་ངང་དུ་མཉམ་པར་བཞག །ཤཱུ་ནྱ་ཏའི་སྔགས་དོན་དྲན་པ་ནི། ཡུལ་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་ལ་ཡུལ་ཅན་ཡེ་ཤེས་དེས་གཉིས་མེད་དུ་རྟོགས་ནས་ཡུལ་དང་ཡུལ་ཅན་གཉིས་ཀའང་རང་བཞིན་གྱིས་རྣམ་པར་དག་པའི་བདག་ཉིད་ངའོ་སྙམ་པའོ། །དངོས་གཞི་བསྐྱེད་པའི་རིམ་པ་ལ། སྟོང་པ་ཉིད་དེའི་ངང་ལས་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་ལྟེ་བར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར། ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་འབར་བས་གང་བའི་སྲུང་འཁོར་ཐུན་མོང་བ་བསྒོམ། དེའི་ནང་དུ་ཆོས་འབྱུང་གྲུ་གསུམ་གྱི་ནང་དུ་ལཾ་བཾ་རཾ་ཡཾ་རྣམས་ལས་བྱུང་བའི་ས་ཆུ་མེ་རླུང་གི་དཀྱིལ་འཁོར་དབྱིབས་དང་ཁ་དོག་སྤྱི་མཐུན་སོ་སོའ་ས་བོན་གྱིས་མཚན་པ་བསྒོམ། དེ་རྣམས་དང་རང་གི་སེམས་ཀྱི་སྣང་བ་གཅིག་ཏུ་འདྲེས་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའ་གཞལ་ཡས་ཁང་གྲུ་བཞི། སྒོ་བཞི། རྟ་བབས་བང་རིམ་བཞི་དང་ལྡན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་དང་བཀོད་པས་མཛེས་པའི་ཕྱི་

ཤོག་ལྷེ་༡༦༠རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ལ། ཤིང་དང་མེ་དང་ཆུ་དང་སྤྲིན་དང་མཆོད་རྟེན་བརྒྱད། དེ་དག་ལ་གནས་པའི་ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་དང་རྣལ་འབྱོར་པ། གཞན་ཡང་དུར་ཁྲོད་ཀྱི་ཆོས་རྣམས་ཀྱིས་འཇིགས་པར་བྱས་པས་བསྐོར་བའི་གཞལ་ཡས་ཁང་གི་དབུས་དང་ཕྱོགས་མཚམས་བརྒྱད་དུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་རེ་རེ། དབུས་ཀྱི་པད་ཉིའི་སྟེང་དུ་བདུད་བཞིའི་ངོ་བོ་ཚངས་པ་ཉེ་དབང་དྲག་པོ་དབང་པོ་རྣམས་མཉམ་པར་བརྩེགས་པ། སྒོ་མཚམས་ཀྱི་པད་ཉིའི་སྟེང་དུ་འཇིག་རྟེན་གྱི་ཆེན་པོ་བརྒྱད་གན་རྐྱལ་དུ་བསྒྱེལ་བ། གདན་དགུ་པོའ་སྟེང་དུ་མཚན་བཟང་པོ་སོ་གཉིས་ཀྱི་ངོ་བོ་ཨཱ་ལི་བཅུ་དྲུག་ཉིས་འགྱུར་སྐར་མའི་ཕྲེང་བ་ལྟ་བུ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་དགུར་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས། དེ་རྣམས་ཀྱི་སྟེང་དུ་དཔེ་བྱད་བརྒྱད་ཅུའི་ངོ་བོ་ཀཱ་ལི་སོ་བཞི་ལ་ཡ་ར་ལ་ཝ་ཌ་ཌྷ་དང་བཅས་པའི་བཞི་བཅུ་ཕྲག་གཉིས་ཉི་མའི་སྣང་བ་ལྟ་བུ་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་བ་མཉམ་པ་ཉིད་ཀྱི་ཡེ་ཤེས། དབུས་ཀྱི་ཉི་ཟླ་ཁ་སྦྱོར་གྱི་བར་དུ་ཧཱུྃ་ལས་ཐོད་པ་དཀར་པོ་དཔྲལ་བར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན་པ། དེའི་གཡོན་ཏུ་ཨཾ་ལས་གྲི་གུག་སྔོ་ནག་གི་ཡུ་བར་ཨཾ་གིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས་དབུས་ཀྱི་ཉི་ཟླ་ས་བོན་ཕྱག་མཚན་བཅས་རོ་གཅིག་ཏུ་འདྲེས་པ་ལས་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ་སྙམ་དུ་སོ་སོར་དྲན་ཙམ་རེ་བྱ། དེའང་ཟླ་བ་ནི་གཤིར། ཉི་མ་ནི་དྲོད། དེ་དག་རྒྱུ་ཡིན་ཅིང་དེའང་ཨཱ་ལི་ཀཱ་ལི་ལས་སྐྱེས་པ་སྟེ་དྲོད་གཤེར་ལས་སྐྱེས་པ་དང་པོ་ཞེས་བྱ་བའི་མིང་ཐོབ་པ་ཡིན་ནོ། །དེའང་བཅོམ་ལྡན་འདས་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཀྱི་རྩ་ཞལ་སྔོན་པོ། གཡས་དཀར་གཡོན་དམར་ལྷག་མ་གཉིས་གཉིས་གནག་ཅིང་སྟེང་ཞལ་དུད་ཀ་།སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་

ཤོག་ལྷེ་༡༦༡ཚོགས་རྡོ་རྗེས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བསྣམས་པའི་གཡས་པ་བརྒྱད་ན་གླང་པོ་ཆེ། རྟ། བོང་བུ། གླང་པོ། རྔ་མོ། མི། ཁྱི། མ་ཧེ་རྣམས་དང་། གཡོན་པ་བརྒྱད་ནས། ཆུ། མེ། རླུང་། ཟླ་བ། ཉི་མའི་ལྷ་རྣམས་དང་། གཤིན་རྗེ། ནོར་འཛིན་རྣམས་བསྣམས་པ། ཐོད་སྐམ་དབུ་བརྒྱན། ཐོད་རློན་དོ་ཤལ། རུས་པའི་རྒྱན་དྲུག་དང་ལྡན་པ། ཞབས་གཡས་གཉིས་བརྐྱངས་པའི་བརླ་ལ་གཡོན་བསྐུམ་པའི་སོར་མོ་རྣམས་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་ཤིང་གར་གྱི་ཉམས་དགུ་དང་ལྡན་པ། ཡུམ་རྡོ་རྗེ་བདག་མེད་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་སྐྲ་སེར་པོ་གྱེན་དུ་བརྫེས་ཤིང་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་སྐམ་པོ་ལྔ་བཅུའི་དོ་ཤལ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་གསལ་གདབ། དེ་ནས་ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པ། ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པར་དམིགས་ཏེ་སོ་སོའ་སྔགས་བརྗོད་པས་བྱིན་གྱིས་བརླབས། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའ་སྒྲས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས། ཞལ་དུ་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་འོད་དུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པས་ཐིག་ལེ་ཆ་བརྒྱད་དུ་གྱུར། དེ་རྣམས་ཡུམ་གྱི་བྷ་ག་ནས་ཕྱིར་ཐོན་ཏེ་ཕྱོགས་མཚམས་བརྒྱད་ཀྱི་ཉི་ཟླའི་བར་དུ་སྤྲོས་པ་ལས། ས་བོན་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་བརྒྱད་དུ་གྱུར། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་ཤར་དུ་གྲི་གུག །ལྷོར་ཌཱ་མ་རུ།

ཤོག་ལྷེ་༡༦༢ནུབ་ཏུ་རུས་སྦལ། བྱང་དུ་སྦྲུལ། བྱང་ཤར་དུ་སེང་གེ་།ཤར་ལྷོར་དགེ་སློང་། ལྷོ་ནུབ་ཏུ་འཁོར་ལོ། ནུབ་བྱང་དུ་རྡོ་རྗེ་ཁྲ་བོ་རྣམས་ཀྱི་ལྟེ་བར་སོ་སོའ་ས་བོན་གྱིས་མཚན་པ་དེ་ལས་སྐུ་ཡོངས་སུ་རྫོགས་པ་ཡེ་ཤེས་ལྔའི་ངོ་བོར་མོས། དེའང་ཤར་དུ་གཽ་རཱི་ནག་མོ་གཡས་གྲི་གུག་གཡོན་ཉ་རོ་ཧི་ཏ་བསྣམས་པ། ལྷོར་ཙཽ་རི་དམར་མོ་གཡས་ཅང་ཏེའུ་གཡོན་ཐོད་པ། ནུབ་ཏུ་བཻ་ཏཱ་ལི་སེར་མོ་གཡས་རུས་སྦལ། གཡོན་ཐོད་པ། བྱང་དུ་་རཱི་ལྗང་གུ་གཡས་སྦྲུལ་གཡོན་ཐོད་པ། བྱང་ཤར་དུ་པུཀྐ་སཱི་སྔོན་མོ་གཡས་སེང་གེ་གཡོན་དགྲ་སྟྭ། ཤར་ལྷོ་ཤ་བ་རཱི་དཀར་མོ་གཡས་དགེ་སློང་གཡོན་གསིལ་བྱེད། ལྷོ་ནུབ་ཏུ་གདོལ་པ་མོ་སྔོན་མོ་གཡས་འཁོར་ལོ་གཡོན་ཐང་གཤོལ། ནུབ་བྱང་དུ་གཡུང་མོ་ཁ་དོག་སྣ་ཚོགས་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། ཐམས་ཅད་ཀྱང་ཆ་ལུགས་གཙོ་མོ་དང་མཚུངས་པར་བསྒོམ། དེ་ལྟར་ལྷ་དགུའི་རྣམ་པར་རྫོགས་པ་བདེ་ཆེན་ལ་ལོངས་སྤྱོད་རྫོགས་པའི་སྐུའོ་སྙམ་དུ་དྲན་པ་ཙམ་བྱ། སླར་ཡང་ཡབ་ཡུམ་སྙོམས་པ་བཞུགས་པས་རྩ་གནས་ཐམས་ཅད་བྱང་ཆུབ་སེམས་ཀྱི་དྭངས་མས་གང་། ཆགས་པའི་མེས་ཐིག་ལེ་རྣམས་ཞུ། ཟག་པ་མེད་པའི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་། རྗེས་ཆགས་བདེ་ཆེན་གྱི་མེས་ཡབ་ཡུམ་གཉིས་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་འོད་དུ་ཞུ་བ་འོད་ཕུང་ཐིག་ལེའི་རྣམ་པར་གྱུར་པར་དམིགས། དོན་ཡབ་ཞུ་བ་ཡེ་ཤེས། ཡུམ་ཞུ་བ་ཐིག་ལེ་སྟེ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཆོས་ཀྱི་སྐུའོ་སྙམ་དུ་མོས། དེ་ནས་ཏིང་ངེ་འཛིན་གྱི་རྒྱུན་མཚམས་ཀྱི་ལྷ་མོ་བཞི་ལ་གཏད་ནས་སེམས་ཅན་གྱི་དོན་མཛད་པ་དང་ཟག་མེད་བདེ་བ་ཆེན་པོའ་དོན་ཏུ་གཙོ་བོ་ཆོས་སྐུ་འོད་ཕུང་ཐིག་ལེ་ལས་བསླང་བར་བྱའོ་སྙམ་དུ་རྗེས་སུ་དྲན་པར་བྱས་ལ། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །ཅེས་སོགས་ཀྱི་རྡོ་རྗེའི་

ཤོག་ལྷེ་༡༦༣གླུས་ཚད་མེད་པ་བཞིའི་རང་བཞིན་ལྷ་མོ་བཞི་བཞིས་རིམ་པར་བསྐུལ་བའི་ཐིག་ལེ་ཆ་གསུམ་དུ་གྱུར་ཏེ་འོག་གི་ཐིག་ལེ་ཨཱ་ལི་ལས་ཟླ་བ། སྟེང་གི་ཐིག་ལེ་ཀཱ་ལི་ལས་ཉི་མ། བར་གྱི་ཐིག་ལེ་ས་བོན་དང་ཕྱག་མཚན། དེ་དག་འདྲེས་པ་ལས་སྐུ་ཡོངས་སུ་རྫོགས་པ་ཡེ་ཤེས་ལྔའི་ངོ་བོ་གོང་གི་རྒྱུ་རྡོར་འཛིན་གྱི་སྐབས་བཞིན་འབྲས་བུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞལ་ཕྱག་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་གདབ། གཙོ་འཁོར་དགུ་སོ་སོའ་ཐུགས་ཀར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་སོ་སོའ་ས་བོན་གྱིས་མཚན་པ་ལས་འོད་ཟེར་འཕྲོས། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ལྷ་དགུའི་དཀྱིལ་འཁོར་དུ་གྱུར། འོད་ཟེར་རྣམས་སླར་འདུས་རང་ལ་ཐིམ་པར་བསྒོམ་པ་ནི་ཡན་ལག་དང་པོ་བསྙེན་པའི་ཡན་ལག་གོ །ཕྱི་ནས་ལམ་ལྔ་ལ་གོམས་ཏེ་ཕྱི་མ་ལ་འཇུག་རིམ་གྱིས་ཆོ་གའི་ཆ་དབྲི་བའི་བསྐྱེད་རིམ་གྱི་རྩ་བ་འདི་ཉིད་ཡིན་ནོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་ནི། གཙོ་བོའ་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཀྱེ་རྡོ་རྗེ་ལྔ་དགུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་མོས་ལ་རྡོ་རྗེ་བསྡུ་བའི་སྔགས་རྒྱ་བྱ། འོད་ཟེར་ཐུགས་ཀའི་ས་བོན་ལ་བསྡུ། སླར་འོད་ཟེར་འཕྲོས་པས་དམ་ཚིག་པ་དང་ཡེ་ཤེས་བའི་དཀྱིལ་འཁོར་ཤིན་ཏུ་གསལ་བར་བྱས་ནས་འོད་ཟེར་སླར་བསྡུ། སླར་ཡང་ཐུགས་ཀའི་ས་བོན་གྱི་འོད་ཟེར་ལས་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་རང་རང་གི་མཆོད་རྫས་ཐོགས་པ་དཔག་ཏུ་མེད་པ་སྤྲོས་པ་རྣམས་ཀྱིས་ཡེ་ཤེས་པ་ལ་མཆོད་ཅིང་བསྟོད་པ་བྱས་པར་དམིགས་ཏེ་རྒྱུད་ཚིག་གིས་མཆོད་བསྟོད་བྱ། ཐུགས་ཀ་ནས་འཕྲོས་པའི་གཽ་རཱི་ལྕགས་ཀྱུ་ཐོགས་པས་ཡེ་ཤེས་པའི་ཐུགས་ཀར་རེག་པས་སྲུང་འཁོར་གྱི་ནང་དུ་སྤྱན་དྲངས། ཙཽ་རཱི་ཞགས་པ་ཐོགས་པས་མགྲིན་པར་རེག་པས་དམ་ཚིག་པ་སོ་སོའ་སྨིན་མཚམས་ནས་ཐིམ། བཻ་ཏཱ་ལི་ལྕགས་སྒྲོག་

ཤོག་ལྷེ་༡༦༤ཐོགས་པས་ཞབས་ལ་རེག་པས་དམ་ཡེ་བསྲེས། གྷས་མ་རཱི་དྲིལ་བུ་ཐོགས་པའི་སྒྲ་ཡིས་དམ་ཚིག་པ་ཡེ་ཤེས་པའི་ངོ་བོར་གྱུར་པར་མོས་ལ་སོ་སོའ་སྔགས་རྒྱ་བྱ་བ་ནི་ཡན་ལག་གཉིས་པ་ཉེ་བར་སྒྲུབ་པའོ། །དེ་ནས་གཙོ་འཁོར་ཐམས་ཅད་ཀྱི་མིག་རྣ་བ་སྣ་ལྕེ་དཔྲལ་བ་སྙིང་ག་དྲུག་དང་གནས་གསུམ་དུ་པད་ཉི་རོ་གདན་རེ་རེ་གསལ་བའི་སྟེང་དུ། མིག་ལ་མཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བར་དྭེཾ་ལས་ཞེ་སྡང་རྡོ་རྗེ་མ་སྔོན་མོ། སྣར་པཾ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེར་རཱཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་བར་ཨཾ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་གུ། སྙིང་གར་ནྭེཾ་ལས་བདག་མེད་རྣལ་འབྱོར་མ་ནག་མོ། སྤྱི་བོར་ༀ་ལས་སྐུ་རྡོ་རྗེ་མཁའ་སྤྱོད་མ་དཀར་མོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་ས་སྤྱོད་མ་དམར་མོ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ་ས་འོག་སྤྱོད་མ་ནག་མོ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་པ་ཁ་ཊའྭཾ་ག་བསྣམས་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མེ་འབར་བའི་དབུས་ན་བཞུགས་པ་གསལ་གདབ་པ་ནི་ཡན་ལག་གསུམ་པ་སྒྲུབ་པའོ། །སླར་ཡང་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་ཡུམ་བཞི་སེམས་དཔའ་བརྒྱད་ལྷ་མོ་དྲུག་ཁྲོ་བོ་བཅུ་དང་བཅས་པ་སྤྱན་དྲངས་ལ་གཽ་རཱི་མ་བརྒྱད་ཀྱིས་མཆོད་ཅིང་བསྟོད། གསོལ་བ་བཏབ་པས་དབང་ལྷ་རྣམས་ཧེ་རུ་ཀའི་གཟུགས་སུ་གྱུར་ནས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོགས་ཏེ་ཚིགས་སུ་བཅད་པའི་སྔགས་གསུང་བཞིན་པས་གཤེགས་པ་ལྔ་ཡིས་དབང་བསྐུར། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་རྫས་ཀྱིས་མཆོད། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་སྤྱི་གཙུག་ནས་སྨིན་མཚམས་ཡན་ཆད་གང་། རྡོ་རྗེ་སློབ་དཔོན་གྱིས་བུམ་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་

ཤོག་ལྷེ་༡༦༥རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་བར་མོས། བསྐྱེད་རིམ་མཐར་ཐུག་ནི་དྲན་ཆ་མཐའ་དག་གསལ་བར་བྱ་བའི་ཕྱིར་གོ་ཆ་བཅིངས་པ་སྟེ་རྒྱན་དྲུག་གི་དག་པ་བསྒོམ་པ་དང་འབྲེལ་བའོ། །མགྲིན་པ་ཡན་ཆད་གང་བས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་བདག་བྱིན་རླབས་པའི་རིམ་པ་བསྒོམ་པ་ལ་དབང་བར་མོས། རང་བྱིན་རླབས་ཀྱི་མཐར་ཐུག་འཁོར་ལོ་བཞི་ལ་བརྟེན་པའི་ཙཎྜ་ལཱི་ཡིན་ལ་འཁོར་ལོ་བཞིའི་རྒྱས་འདེབས་རླུང་སེམས་ཀྱི་རྟེན་ཡིན་པས་སེམས་འཛིན་གྱི་དང་པོར་བསྒོམ་པ་དང་འབྲེལ་ལོ། །སྙིང་ག་ཡན་ཆད་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཕྱག་རྒྱ་བརྟེན་པ་ལ་དབང་བར་མོས། ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱོང་བས། རྣམ་ཤེས་དྲུག་ཡུལ་དྲུག་ལ་ལྷུག་པར་བཞག་པ་དང་། ལུས་ངག་ཡིད་གསུམ་ཞེན་པ་དང་བྲལ་བ་འབྲེལ་བས་དེའི་ཕྱི་རྟགས་སུ་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བསྒོམ་པ་སྟེ། འདི་ཉིད་བཤད་པའི་གོ་རིམ་སྔོན་དུ་འབྱུང་ཡང་བསྒོམ་པའི་གོ་རིམ་ཕྱི་ནས་བྱ་བ་ཡིན་ནོ། །ལྟེ་བ་ནས་གསང་གནས་ཀྱི་བར་དུ་གང་། མཆོག་ཏུ་བདེ་བ་ཆེན་པོ་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་བཅས་དག །ལམ་རྫོགས་པའི་རིམ་པ་བསྒོམ་པ་ལ་དབང་བར་མོས། དབང་དེ་ཐོབ་པས་འཁོར་འདས་ཀྱི་སྣང་བ་གཉིས་སུ་མི་དམིགས་པའི་བདེ་སྟོང་ཟུང་འཇུག་བསྒོམ་པ་དང་འབྲེལ་བའོ། །དེ་ནས་རིགས་བདག་གི་རྒྱས་འདེབས་པ་ནི། ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ཡབ་ཡུམ། གཽ་རཱི་དང་པུཀྐ་སཱི་ལ་མི་བསྐྱོད་པ། ཙཽ་རཱི་དང་ཤ་བ་རཱི་ལ་རྣམ་པར་སྣང་མཛད་བེ་ཏཱ་ལཱི་དང་ཙཎྜ་ལཱི་ལ་རིན་ཆེན་འབྱུང་ལྡན། རཱི་དང་ཌོམྦི་ནཱི་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་མོས། དེ་དག་རྣམས་སྤྲུལ་པའི་སྐུའོ་སྙམ་དུ་མོས་པ་བྱའོ། །འདི་ཁོ་ན་ཉམས་སུ་ལེན་

ཤོག་ལྷེ་༡༦༦པའི་ཚེ་ཡེ་ཤེས་གཞུག་པའི་རྗེས་སུ་དབང་བསྐུར་རྒྱས་གདབ་བྱ། དེ་ནས་བུམ་དབང་གི་ལམ་ཁྱེར་རྒྱན་དྲུག་གི་དག་པ་དྲན་ཅིང་གོ་ཆ་བཅིང་བ་ནི། སྤྱི་བོའ་འཁོར་ལོ་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་པར་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ལ་ནི་དོན་ཡོད་གྲུབ། །ཡན་ལག་ཀུན་ལ་རྡོར་འཛིན་མགོན། །ལྟེ་བ་སྤྲུལ་པའི་འཁོར་ལོ་ཨཾ་ལས་ཀྱི་ཕྱག་རྒྱ། སྙིང་ག་ཆོས་ཀྱི་འཁོར་ལོ་ཧཱུྃ་ཆོས་ཀྱི་ཕྱག་རྒྱ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ༀ་ཕྱག་རྒྱ་ཆེན་པོ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཧཾ་དམ་ཚིག་གི་ཕྱག་རྒྱ། ཞེས་མོས། གསང་དབང་གི་ལམ་ཁྱེར་དུ་གཏུམ་མོ་འཁོར་ལོ་བཞི་ལྡན་མན་ངག་ལྟར་བསྒོམ། ཤེར་དབང་གི་ཕྱི་རྟགས་སུ་གོང་སྨོས་ལྟར་སྐྱེ་མཆེད་དྲུག་དང་གནས་གསུམ་བྱིན་བརླབ། དབང་བཞི་པའི་དོན་གྱི་དག་དྲན་རྒྱས་པའམ་བསྡུ་ན། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །བྱམས་པའི་ཐུགས་ལ་ཡན་ལག་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །གུག་བསྐྱེད་ཀྱིས་ནི་སངས་རྒྱས་ལྔ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །དེ་ཉིད་གསུམ་ནི་སྤྱན་གསུམ་པོ། །ཤ་ནི་པུཀྐ་སཱི་རུ་བརྗོད། །དེ་བཞིན་ཁྲག་ནི་རི་ཁྲོད་མ། །གདོལ་པ་མོ་ནི་ཁུ་བར་བརྗོད། །གཡུང་མོ་རྐང་དང་ཚིལ་བུ་དག །པགས་པ་བྱང་ཆུབ་ཡན་ལག་བདུན། །རུས་པ་བདེན་པ་བཞི་པོ་ཉིད། །ཅེས་པ་ཙམ་བརྗོད་ཅིང་དོན་དྲན་པར་བྱའོ། །འོན་ཀྱང་སྐབས་འདིར་དཀྱུས་སུ་བཀོད་པ་ལྟར་རྒྱས་གདབ་ཡན་སོང་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ལ་སེམས་ཅི་གནས་སུ་བཞག །དེ་ནས་གསལ་མི་ཐེབས་པའམ་མི་བདེ་ན། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁམས་

ཤོག་ལྷེ་༡༦༧གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་བའི་འཁོར་ལོ་ལ་ཐིམ། སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་ལ་ཐིམ། དུར་ཁྲོད་བརྒྱད་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་ལྷ་མོ་བརྒྱད་ལ་ཐིམ། ལྷ་མོ་བརྒྱད་ཞལ་བརྒྱད་ལ་ཐིམ་པར་དམིགས་ལ་འོག་གི་སེམས་གནས་པའི་ཏིང་ངེ་འཛིན་ལ་འཇུག་པར་བྱ་བ་ཡིན་ནོ། །གཉིས་པ་སེམས་གནས་པའི་ཐབས་དགུ་ལ་བརྟེན་ནས་སྔགས་ཀྱི་ཞི་གནས་བསྒྲུབ་པ་ནི། གང་ཟག་ལས་དང་པོ་པའི་མངོན་རྟོགས་ལྷ་དྲོད་གཤེར་ལས་སྐྱེ་བ་འདིའི་སྟེང་དུ་སེམས་གནས་པའི་ཐབས་དགུ་ལ་བརྟེན་སེམས་མ་ཟིན་པ་ཟིན་པ་དང་། ཟིན་པ་བརྟན་པར་བྱེད་པ་ཡིན་ལ་དེའང་ཐོག་མར་རྒྱུད་དོན་གོ་བར་བྱ་དགོས་པ་ནི། བསྐྱེད་རྫོགས་གཉིས་ཀའང་དག་པ་གསུམ་གྱིས་བསྡུས་པ་ཡིན་པས་འདིར་བསྐྱེད་རིམ་གྱི་དབང་དུ་བྱས་ན། ཡེ་ཤེས་ཀྱི་ཚོགས་བསགས་པ་ནི་དེ་བཞིན་ཉིད་ཀྱི་དག་པ། བསྙེན་སྒྲུབ་བཞིའི་ལྷའི་རྣམ་པ་ཡོངས་སུ་རྫོགས་པ་ནི་ལྷ་སོ་སོའ་དག་པ། ཞི་གནས་ཀྱི་ཉམས་མྱོང་རྒྱུད་ལ་སྐྱེས་པ་ནི་རང་རིག་པའི་དག་པ་ཞེས་བྱ་བ་ཡིན་ནོ། །ལྷའི་རྣམ་པ་ནི་སེམས་འཛིན་པའི་གཞི་ཡིན་ཅིང་དེ་ལ་གཙོ་བོ་ཡབ་དང་། ཡུམ་དང་། ལྷ་དགུ་དང་། དཀྱིལ་འཁོར་ཁམས་གསུམ་དང་བཅས་པ་ལ་གསལ་སྣང་རིམ་གྱིས་བསྒྲུབ་པར་བྱ་དགོས་ཤིང་དེ་རེ་རེ་ལའང་འཇུག་པ་དང་། གནས་པ་དང་། ལྡང་བའི་རིམ་པ་གསུམ་གསུམ་གྱིས་ཉམས་སུ་བླང་བར་བྱ་དགོས་སོ། །དེ་ལ་འཇུག་པའི་རིམ་པས་སེམས་འཛིན་གྱི་བཞི་བསྐྱེད་རིམ་སྔོན་དུ་བསྒོམ། གནས་པའི་རིམ་པའི་སེམས་བཟུང་བའི་མན་ངག་སངས་རྒྱས་ཀྱི་མདོ་སྡེ་རྣམས་ལས་གསུངས་པའི་གདམས་ངག་རྒྱལ་ཚབ་བྱམས་པས་མདོ་སྡེ་རྒྱན་དུ་ཚིགས་བཅད་བཞིར་བསྡུས་པ་སློབ་དཔོན་དབྱིག་གཉེན་གྱིས་རྒྱས་པར་བཀྲལ་བའི་ཚུལ་བཞིན་ཉམས་སུ་ལེན་པ་སྟེ། ཁྲིད་ཡིག་རྩ་བ་ལས། འཇོག་དང་

ཤོག་ལྷེ་༡༦༨རྒྱུན་འཇོག་བསླན་ཏེ་འཇོག །ཉེར་འཇོག་དུལ་དང་ཞི་བར་བྱེད། །ཉེར་ཞི་རྒྱུན་གཅིག་མཉམ་འཇོག་པ། །འཛིན་པའི་རིམ་པ་རྣམ་དགུ་ཡིན། །ཅེས་གསུངས་པའི་དང་པོ་སེམས་འཇོག་པ་ནི། ཕྱི་རོལ་གྱི་ཡུལ་སྣ་ཚོགས་ལ་སེམས་འཕྲོ་ཞིང་ཡེངས་ནས་མི་གནས་པ་དེ་ཉིད་ཡང་དག་པར་བསྡུས་ནས་དམིགས་པ་ལ་སེམས་གཏོད་པ་སྟེ། དེ་ལ་དམིགས་པ་གཏད་དེ་སེམས་ཅུང་ཟད་ཙམ་འཇོག །ལས་དང་པོ་པ་ལ་མྱུར་བ་གནད་ཆེ་བས་དངོས་གཞིའི་བསྐྱེད་རིམ་ཉིད་ཡང་ཡང་བསྐྱར་བའམ། མི་ལྕོགས་ན་དམིགས་པ་གསལ་འདེབས་ལ་སེམས་ཅུང་ཟད་འཇོག་པ་ཉིད་ཡེང་བས་བར་མ་ཆོད་པར་བསྒོམ་པའོ། །གཉིས་པ་ཀུན་ཏུའམ་རྒྱུན་ཏུ་འཇོག་པ་ནི། དང་པོར་དམིགས་པ་ལ་གཏད་པ་དེ་ཉིད་གཞན་ཏུ་མི་ཡེངས་པར་དེའི་རྒྱུན་མཐུད་ནས་འཇོག་པ་སྟེ། དཀྱིལ་འཁོར་བསྡུས་ཏེ་གཙོ་བོའ་ང་རྒྱལ་ལ་གནས་པའམ། མ་བསྡུས་ཀྱང་རུང་སྟེ་ཐོག་མར་སྤྱན་དབུས་མ་ལ་སེམས་གཏད། དེའང་གསལ་ན་གསལ་བའི་སྐབས་དེར་འཕྲོ་བཅད་ལ་ཅུང་ཟད་ཡེང་རུ་གཞུག་ནས་སླར་བསྒོམ། མི་གསལ་ན་མི་གསལ་བའི་སྐབས་དེར་འཕྲོ་བཅད་ནས་ཅུང་ཟད་ཡངས་ནས་སླར་བསྒོམ། འདི་མན་ཆད་ཀྱི་དམིགས་པ་རྣམས་གསལ་བ་ཤིན་ཏུ་གལ་ཆེ་ཞིང་འཕྲོ་བཅད་པ་ནི་བསམ་གཏན་གྱི་དུག་དབྱུང་བ་ཡིན་པས་ཚོད་ཤེས་པ་ཐམས་ཅད་དུ་གལ་ཆེའོ། །འཕྲོ་བཅད་པའི་ཚེ་སྔར་གྱི་བསྒོམ་པའི་རྣམ་པ་ཝལ་ཝལ་དུ་བྱུང་ནའང་། བསམ་གཏན་གྱི་དུག་ཡིན་པས་བུམ་པ་སོགས་དངོས་པོ་གཞན་ལ་ཡེང་དུ་བཅུག །དེ་མ་ཐག་སྔར་ལྟར་བསྒོམ་པ་ཡང་ཡང་བསྐྱར་བ་ན་བསྒོམ་པས་གསལ་གདབ་པའོ། །དེ་ལྟར་འབད་པས་དམིགས་པ་གསལ་བ་མ་བྱུང་ན་བརྗོད་པས་གསལ་གདབ་པ་བསྒོམ་སྟེ། དེ་ལའང་གཉིས་ལས་རང་གིས་བརྗོད་པས་གསལ་གདབ་པ་ནི། སྤྱན་དབུས་མ་དཀར་པོ་སྤྱན་འབྲས་གནག་

ཤོག་ལྷེ་༡༦༩ལ་སྤྱན་རྩ་དམར་ཞིང་ཁྲོ་བ། ཞེས་བརྗོད་ལ་བསམ་གཏན་གྱི་དུག་འབྱུང་ཞིང་བསྒོམ། དེས་ཀྱང་མ་གསལ་ན་གཞན་གྱིས་གསལ་གདབ་པ་ནི། གཞན་གཅིག་ལ་སྔར་ལྟར་བརྗོད་དུ་གཅུག་ལ་དུག་དབྱུང་བྱ་བཞིན་པས་བསྒོམ། དེས་ཀྱང་མ་གསལ་ན་ལྟས་པས་གསལ་གདབ་པར་བྱ་སྟེ། སྤྱན་དབུས་མ་ཤིན་ཏུ་མཛེས་པ་ཞིག་བྲིས་པ་ལ་བལྟ་ཞིང་སེམས་བཟུང་ལ་དུག་དབྱུང་། འཕྲོ་བཅད་པའི་ཚེ་རྣམ་པ་ཝལ་ཝལ་བྱུང་ན་བསམ་གཏན་གྱི་དུག་ཡིན་པས་དངོས་པོ་གཞན་ལ་སེམས་གཏད་པ་སོགས་སྔར་ལྟར་བྱ། དེ་ལྟར་ཡང་ཡང་བསྒོམ་པས་གང་གསལ་བར་འདོད་པ་དེ་ཉིད་གསལ་སྣང་ལམ་ལམ་སྐྱེས་ན་ལྷ་སོ་སོའ་དག་པའི་ཐད་སོར་སླེབ། གསལ་འཕྲོ་ལ་མེད་པར་བྱ་འདོད་པས་མེད་པར་བྱ་ནུས་ན་དེ་བཞིན་ཉིད་ཀྱི་དག་པའི་ཐད་སོར་སླེབ། །དེ་ལ་བརྟེན་ནས་ཞི་གནས་ཀྱི་ཉམས་སྐྱེས་ན་རང་རིག་པའི་དག་པའི་ཐད་སོར་སླེབས་པ་ཡིན་ནོ། །མཐར་ལྡང་བའི་རིམ་པ་ནི་ཐུན་ནམ་འཇོག་ཙམ་ན་རྫོགས་རིམ་གྱིས་བསྡུ་བར་བྱ་སྟེ། སྣོད་བཅུད་ཐམས་ཅད་ཕྱི་རོལ་དུ་བསྒོམ་པའི་སྲུང་འཁོར་ལ་བསྡུ་བ་ནས་རིམ་བཞིན་ཐུགས་སྲོག་ཧཱུྃ་ཡིག་འོད་ཕུང་ཐིག་ལེར་ཞུ་བ་བསྒོམ་པ་ནི་རིགས་ལྔ་བསྡུས་པའི་ངོ་བོ་ཡིན་པས་རྫོགས་རིམ་གྱི་ལུགས་ཀྱི་ལྷ་སོ་སོའ་དག་པ། དེའང་མར་མེའི་རྩེ་མོ་ལྟར་དམར་ནག་གི་རྣམ་པར་གྱུར་པ་བསྒོམ་པ་ནི་བདེ་བ་ཆེན་པོའ་ངོ་བོ་ཡིན་པས་རང་རིག་པའི་དག་པ། དེའང་མི་དམིགས་པའི་ངང་དུ་འཛིན་པ་མེད་པར་བཞག་པ་ནི་དེ་བཞིན་ཉིད་ཀྱི་དག་པའོ། །གསུམ་པ་ངེས་པར་འཇོག་པའམ་བསླན་ཏེ་འཇོག་པ་ནི། གལ་ཏེ་བརྗེད་ངས་ཀྱི་དབང་གིས་གཞན་ཏུ་ཡེངས་ན་དེ་ཤེས་པར་བྱས་ནས་སླར་དམིགས་པ་དེ་ཉིད་ལ་སྦྱོར་བ་སྟེ། སྤྱན་ལྟ་བུ་ལ་དམིགས་པ་གཏད་ཀྱང་དེ་ཉིད་བརྗེད་ནས་ཤེས་པ་གཞན་དུ་འཕྲོ་ན་དེ་མ་ཐག་ཡེངས་འདུག་སྙམ་དུ་དྲན་པས་ཟིན་པར་བྱས་ཏེ་སྔར་གྱི་དམིགས་

ཤོག་ལྷེ་༡༧༠པ་ལ་བློ་བཞག་པའོ། །བཞི་པ་ཉེ་བར་འཇོག་པ་ནི། སེམས་འཕྲོ་བའི་ཡུལ་རྒྱ་ཆེ་བར་སོང་ན་ཡང་ཡང་བསྡུས་ཏེ་ཕྲ་བར་བྱས་ནས་འཇོག་པ་སྟེ། སྐབས་འདིར་དམིགས་པ་སྣེ་གཅིག་གིས་སེམས་སྐྱོ་ནས་འཕྲོ་རྒོད་མང་དུ་སོང་ན་དབུའི་གཙུག་ཏོར་རམ། སྣ་ཚོགས་རྡོ་རྗེའམ། ཞལ་གྱི་མཆེ་བ་ལྟ་བུ་ལ་ཐུན་རེ་རེ་ཙམ་སེམས་གཏད་ལ་ཡང་སྔར་གྱི་དེ་བསྒོམ་པས་དབུགས་དབྱུང་བར་འགྱུར་རོ། །ལྔ་པ་དུལ་བར་བྱེད་པ་ནི། ཏིང་ངེ་འཛིན་བསྒོམ་པ་ལ་ཡོན་ཏན་དཔག་ཏུ་མེད་པ་ཡོད་པའི་ཚུལ་བཀའ་དང་བསྟན་བཅོས་རྣམས་ལས་གསུངས་པའི་ཚུལ་དྲན་པར་བྱས་ལ་བློ་སྣ་མི་མང་བར། སྤྱོད་ལམ་རྣམ་བཞི་གང་གི་དུས་སུའང་ལྷའི་རྣམ་པ་གསལ་ན་རབ། མ་གསལ་ནའང་ལྷའི་རྣམ་པ་ཙམ་རྟག་ཏུ་དྲན་པར་བྱས་ལ་སེམས་གདུལ་བའོ། །དྲུག་པ་ཞི་བར་བྱེད་པ་ནི། རྣམ་པར་རྟོག་པ་འཕྲོ་བས་ཡིད་མི་དགའ་བར་གྱུར་བའི་ཚེ་རྣམ་གཡེང་གི་ཉེས་སྐྱོན་བསམ་ནས་མི་དགའ་བའི་སེམས་དེ་ཉིད་མི་དམིགས་པའི་སྟེང་དུ་སེམས་ཀློད་དེ་ཞི་བར་བྱེད་པའོ། །བདུན་པ་རྣམ་པར་ཞི་བར་བྱེད་པ་ནི། ཆགས་སེམས་དང་ཡིད་མི་བདེ་བ་དང་གཉིད་རྨུགས་པ་སོགས་ཏིང་ངེ་འཛིན་ལ་སྐྱོན་ཏུ་བྱུང་ན་སོ་སོའ་གཉེན་པོ་བརྟེན་ནས་བསལ་བའམ་དམིགས་པ་ཉིད་ལ་བརྟེན་ནས་དེ་དག་ཞི་བར་བྱེད་པའོ། །བརྒྱད་པ་རྩེ་གཅིག་ཏུ་བྱེད་པ་ནི། ཏིང་ངེ་འཛིན་དེ་ཉིད་མངོན་པར་འདུ་བྱེད་པ་དང་བཅས་པས་ཕྱིས་ནས་འབད་མེད་རྒྱུན་ཆགས་སུ་འབྱུང་བ་སྒོམ་པར་བྱེད་པ་སྟེ། སེམས་ཕྱིར་མི་འཕྲོ་བར་དམིགས་པ་ལ་གནས་པའི་ཚེ་དེ་ཉིད་ཀྱི་སྟེང་དུ་རྩེ་གཅིག་ཏུ་འཇོག་པའོ། །དགུ་པ་ཤིན་ཏུ་མཉམ་པར་འཇོག་པ་ནི། སྔ་མའི་དམིགས་པ་རྣམས་རིམ་གྱིས་གོམས་ཤིང་བརྟན་པ་ལས་ཆེད་དུ་མ་བསྒྲུབས་པར་ཡང་འབད་མེད་ལྷུན་གྲུབ་ཏུ་ཏིང་ངེ་འཛིན་ལ་རང་གི་ངང་གིས་འཇུག་ཅིང་རང་དབང་ཐོབ་པ་

ཤོག་ལྷེ་༡༧༡ཡིན་ནོ། །དེ་ལྟར་སེམས་གནས་པའི་ཐབས་དགུ་ལ་བརྟེན་ནས་སྐུའི་ཆ་ཤས་གཅིག་ལ་སེམས་བརྟན་པོར་ཟིན་པ་ན། རིམ་པར་སྐུའི་ཆ་ཤས་གཞན་ལ་དམིགས་པ་སྤོ་ནས་སྦྱང་བར་བྱ་སྟེ། དེའང་ཐུན་དང་པོ་ལ། སྤྱན་དབུས་མ་བསྒོམ། ཐུན་གཉིས་པ་ལ་སྤྱན་གསུམ་གསལ་གདབ། གསུམ་པ་ལ་ཁྲོ་གཉེར། བཞི་པ་ལ་ཤངས། དེ་ཙམ་གསལ་བར་མ་ནུས་ན། ཡང་ཐུན་བཞི་ཀ་ལ་སྤྱན་གསལ་གདབ་པའམ། འོག་མ་རྣམས་ལ་ཡང་དེ་བཞིན་དུ་དམིགས་པ་བརྟན་བརྟན་གྱི་བར་དུ་བསྒོམ་པར་བྱའོ། །བློ་མྱུར་ན་ཉི་མ་གཉིས་པའི་ཐུན་དང་པོ་ལ་ཞལ་གྱི་མཆེ་བ་གསལ་གདབ། གཉིས་པ་ལ་སྙན། གསུམ་པ་ལ་རྩ་ཞལ། བཞི་པ་ལ་གཡས་དཀར་བ། ཉི་མ་གསུམ་པའི་ཐུན་དང་པོ་ལ། རྩ་ཞལ་དང་གཡས་དཀར་བ། གཉིས་པ་གཡོན་དམར་བ། གསུམ་པ་ལ་གཡས་པའི་ཞལ་གཉིས་གནག་པ། བཞི་པ་ལ་གཡོན་པའི་ཞལ་གཉིས་གནག་པ་དང་། སྟེང་གི་ཞལ་གསལ་གདབ། ཉི་མ་བཞི་པའི་ཐུན་དང་པོ་ལ་ཞལ་བརྒྱད། ཐུན་གཉིས་པ་ལ་དབུའི་གཙུག་ཏོར་དང་། དབུ་སྐྲ་དམར་སེར་སྣ་ཚོགས་རྡོ་རྗེ་དང་བཅས་པ་དང་། ཐུན་གསུམ་པ་ལ་རུས་པའི་འཁོར་ལོ་དང་རྣ་རྒྱན་ལ་སོགས་པའི་དབུ་རྒྱན་རྣམས། ཐུན་བཞི་པ་ལ་སྐུ་བྱིན་པོ་མགུལ་རྒྱན་ལ་སོགས་པ་དང་བཅས་པ་གསལ་གདབ། ཉི་མ་ལྔ་པའི་ཐུན་དང་པོ་ལ་དབུ་དང་སྐུ་བྱིན་པོ་གསལ་གདབ། གཉིས་པ་ལ་ཕྱག་གཡས་པ་བརྒྱད་ཕྱག་མཚན་དང་བཅས་པ། གསུམ་པ་ལ་གཡོན་ཕྱག་བརྒྱད་ཕྱག་མཚན་དང་བཅས་པ་དང་། མི་མགོ་ལ་སོགས་པ་སྐུའི་རྒྱན་མེ་རི་དང་བཅས་པ་གསལ་གདབ། བཞི་པ་ལ་བདུད་བཞི་མནན་པའི་ཞབས་གསལ་གདབ། ཉི་མ་དྲུག་པའི་ཐུན་དང་པོ་ལ་གཙོ་བོ་དང་། གཽ་རཱི་དང་། གཉིས་པ་ལ་ཙཽ་རཱི། གསུམ་པ་ལ་བཻ་ཏཱ་ལི། བཞི་པ་ལ་་རཱི།

ཤོག་ལྷེ་༡༧༢ཉི་མ་བདུན་པའི་ཐུན་དང་པོ་ལ། གཙོ་འཁོར་ལྔའི་སྟེང་དུ་པུཀྐ་སཱི། གཉིས་པ་ལ་ཤ་བ་རཱི། གསུམ་པ་ལ་ཙཎྜ་ལཱི། བཞི་པ་ལ་གཡུང་མོ་གསལ་གདབ། ཉི་མ་བརྒྱད་པའི་ཐུན་དང་པོ་ལ་ལྷ་དགུ་གཞལ་ཡས་ཁང་དང་བཅས་པ། གཉིས་པ་ལ་དུར་ཁྲོད། གསུམ་པ་ལ་སྲུང་འཁོར། བཞི་པ་ལ་ཁམས་གསུམ་སྣོད་བཅུད་དཀྱིལ་འཁོར་གྱི་འཁོར་ལོར་གསལ་གདབ་པས་ཉི་མ་བརྒྱད་ཀྱི་ཐུན་སུམ་ཅུ་རྩ་གཉིས་ལ་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་གསལ་སྣང་ཐོབ་པར་འགྱུར་རོ། །གསུམ་པ་རྫོགས་པའི་རིམ་པ་ནི། མར་མེ་ལྟ་བུ་ལ་སེམས་བཟུང་བ་སྟེ། ཐུན་རྣམས་འཇོག་པའི་སྐབས་སུ་ཁམས་གསུམ་སྣོད་བཅུད་ཐམས་ཅད་སྲུང་འཁོར། དེ་དཀྱིལ་འཁོར་གྱི་འཁོར་ལོ། དེ་གཞལ་ཡས་ཁང་འཁོར་ལ། འཁོར་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ། དེའང་ཐུགས་ཀའི་ཧཱུྃ་ལ་བསྡུ། དེ་ཉིད་འོད་ཀྱི་ཐིག་ལེར་ཞུ་བ་ལ་སེམས་གཏད། དེ་མར་མེའི་རྩེ་མོ་ལྟ་བུར་གྱུར་པ་ལ་སེམས་བཟུང་། དེའང་ཕྲ་བ་རྟ་རྔ། དེའང་ཇེ་ཆུང་རྟ་རྔ་བརྒྱར་གཤགས་པའི་ཚད་ཙམ་དུ་བསྒོམ། མཐར་མེ་ལོང་ལ་ཧས་བཏབ་པ་ལྟར་ཡལ་ནས་སྟོང་པ་ཉིད་ལ་ཅི་གནས་སུ་མཉམ་པར་བཞག་གོ །གཉིས་པ་རྗེས་སྤྱོད་ནི། དེ་ལས་ལྡང་བའི་ཚེ་སྟོང་པའི་ངང་ལས་གཙོ་བོ་ཞལ་གཅིག་ཕྱག་གཉིས་པའི་ང་རྒྱལ་དང་གསལ་སྣང་བརྟན་པོའ་ངང་དུ་དག་པ་དྲན་པ་བརྗོད་པས་གསལ་གདབ། རྡོ་རྗེའི་གླུ་བླང་། ཐུན་མོང་མ་ཡིན་པའི་སྨོན་ལམ་བཏབ། འགྲོ་འཆག་ཁ་ཟས་ཉལ་བ་ལ་སོགས་པ་སྤྱོད་ལམ་གྱི་རྣལ་འབྱོར་སྤྱི་དང་མཐུན་པར་ལམ་ཁྱེར་དུ་བྱའོ། །གསུམ་པ་རྟགས་ཚད་ནི། བསྐྱེད་རིམ་སྒོམ་པའམ་རྫོགས་རིམ་སྒོམ་པའམ། མཉམ་གཞག་རྗེས་སྤྱོད་གང་གི་སྐབས་སུའང་རུང་སྟེ་ཤེས་ཉམས་ལ་དུ་བ་ལྟ་བུ་དང་། སྨྲིག་རྒྱུ་ལྟ་བུ་དང་། སྲིན་བུ་མེ་ཁྱེར་ལྟ་བུ་འོད་ཙིག་ཙིག་པ་དང་།

ཤོག་ལྷེ་༡༧༣མར་མེ་ལྟ་བུ་འོད་ལམ་ལམ་པ་དང་། ནམ་མཁའ་སྤྲིན་མེད་པ་ལྟ་བུའི་རྟགས་ལྔ་པོ་མཐོང་བར་འགྱུར་བ་ནི་གདམས་ངག་གི་གནད་ཀྱིས་ཟིན་པ་ལས་བྱུང་བས་ངེས་ཤེས་བསྐྱེད། །གདམས་ངག་མེད་པས་ཇི་ཙམ་སྒོམ་ཀྱང་རྟགས་དེ་དག་མཐོང་བར་མི་འགྱུར་རོ། །དེ་ལྟར་བརྩོན་འགྲུས་བསྐྱེད་ནས་བར་མ་ཆད་དུ་བསྒོམ་པས་རྟགས་ལྔ་མཐོང་ཞིང་བརྟན་པོར་གྱུར་ན་ལས་དང་པོ་པའི་གང་ཟག་ཚོགས་ཀྱི་ལམ་མཐར་ཕྱིན་པའོ། །གཉིས་པ་ནི། ཚོགས་ལམ་འབྱངས་པ་ནས་གང་ཟག་གཉིས་པར་ན་འཕོས་པ་ཡིན་ཏེ། འདི་སྐབས་ཀྱི་ཉམས་ལེན་ནི། ཚོགས་ཀྱི་ཞིང་སྤྱན་དྲངས་པ་ནས་བཟུང་སྟེ། གཞལ་ཡས་ཁང་བསྐྱེད་པའི་བར་སྔ་མ་དང་འདྲ་ལ། བསྙེན་པའི་བསྐྱེད་ཆོག་ཆ་དབྲི་བ་ནི་དྲོད་གཤེར་ལས་སྐྱེ་བ་གཉིས་པ་ཞེས་བྱ་བ་ཡིན་ཏེ། རྒྱུ་རྡོ་རྗེ་འཆང་དང་། འཁོར་གྱི་ལྷ་ཐམས་ཅད་དང་། འབྲས་བུ་རྡོ་རྗེ་འཆང་བསྐྱེད་པ་གསུམ་ཀ་ལས་ཟླ་བ་དང་ཉི་མ་ཨཱ་ལི་ཀཱ་ལི་ལ་མ་ལྟོས་པར་སྐད་ཅིག་ཙམ་གྱིས་བསྐྱེད་པ་ཡིན་ནོ། །མངོན་པར་བྱང་ཆུབ་པ་ལྷག་མ་གསུམ་དང་། ཡེ་ཤེས་པ་གཞུག་པ། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པ་རྣམས་མངོན་པར་རྟོགས་པ་སྔ་མ་དང་འདྲ་བ་ཡིན་ནོ། །དེ་ལྟར་གོམས་པའི་སྟོབས་ཀྱིས་སེམས་ཆེར་བརྟན་ཞིང་རླུང་སེམས་ཀྱི་འཕྲོ་འདུ་འཕེལ་བའི་སྟོབས་ཀྱིས། བསོད་ནམས་ཀྱི་ཚོགས་ཀྱི་སྐབས་སུ་ལུས་ལ་བདེ་བ་འབར། ཡེ་ཤེས་ཀྱི་དུས་སུ་སེམས་ལ་བདེ་སྟོང་ཤས་ཆེར་སྐྱེ། བསྐྱེད་རྫོགས་ཀྱི་དངོས་གཞིའི་དུས་སུ་ལུས་སེམས་བདེ་སྟོང་ཟུང་དུ་ཆུད། སྐབས་སྐབས་སུ་ལྷའི་སྣང་བ་སྟོང་ཞིང་འགྲོ། རྨི་ལམ་མངོན་ཤེས་དང་འདྲ་བ་འབྱུང་བ་ཡིན་ཏེ། བདེ་བ་ཅུང་ཟད་ཙམ་ཐོབ་པའི་ཡེ་ཤེས་ལ་ཅུང་ཟད་དབང་བ་ཞེས་སྦྱོར་ལམ་དྲོད་ཀྱི་ཐད་སོར་སླེབ་པ་ཡིན་ནོ། །གསུམ་པ་ནི། དེ་ལས་གོང་དུ་སོན་པ་ན། གང་ཟག་གསུམ་པར་ན་འཕོས་

ཤོག་ལྷེ་༡༧༤པ་སྟེ། འདི་སྐབས་ཀྱི་ཉམས་ལེན་བསྐྱེད་ཆོག་ལ་ཆ་དབྲི་བ་ནི། ཚོགས་ཀྱི་ཞིང་སྤྱན་དྲངས་པ་ནས་གཞལ་ཡས་ཁང་གི་བར་དུ་སྔ་མ་དང་འདྲ་ལ་སྐད་ཅིག་གིས་གཙོ་བོའ་གདན་གྱི་སྟེང་དུ་ༀ་ཧཱུྃ་བསམ། དེ་ལ་ཨཱ་ལི་ཀཱ་ལི་བརྗོད་པས་བསྐུལ་བའམ། མ་བརྗོད་ཀྱང་རུང་སྟེ་ས་བོན་ཞུ་བ་ཙམ་ལས་བསྐྱེད། མཁའ་གསང་བྱིན་གྱིས་བརླབས་ཏེ། ལྷ་མོ་རྣམས་ཀྱང་ས་བོན་སྤྲོས་པ་ལས་སྔ་མའི་ཚུལ་གྱིས་བསྐྱེད། འབྲས་བུ་རྡོ་རྗེ་འཛིན་པ་ཡང་ཐིག་ལེ་ལས་ༀ་ཧཱུྃ་དུ་གྱུར་པ་ལས་བསྐྱེད། སྒྲུབ་པ་ལ་སོགས་པ་ཡན་ལག་གསུམ་ནི་སྔ་མ་དང་འདྲའོ། །དེ་ལྟར་གོམས་པ་ན་ལྷའི་སྣང་བ་ཡང་རྫོགས་རིམ་ཤས་ཆེ། སྐབས་སུ་ལྷའི་རྣམ་པ་མི་གསལ། དགྱེས་པ་རྡོ་རྗེ་བསྒོམས་ཀྱང་འཁོར་ལོ་བདེ་མཆོག་ལ་སོགས་པ་སྣང་བ་དུ་མ་འགྱུར་ཞིང་མཐོང་བ་འབྱུང་། རིགས་དྲུག་གི་གྲོང་ཁྱེར་ལ་སོགས་པ་འཁྲུལ་སྣང་སྣ་ཚོགས་ཀྱང་མཐོང་། དཀྱིལ་འཁོར་གྱི་འཁོར་ལོ་དུ་བ་ལ་སོགས་པ་བན་བུན་དུ་ཡལ་ཞིང་འགྲོ་བ་སྟེ། བདེ་བ་ཐོབ་པའམ་ཡེ་ཤེས་ལ་དབང་བ་ཞེས་སྦྱོར་ལམ་རྩེ་མོའ་ཐད་ཀར་ཕྱིན་པ་ཡིན་ནོ། །བཞི་པ་ནི། དེ་ལས་ཀྱང་གོང་དུ་སོན་པ་ན། གང་ཟག་བཞི་པ་ནར་འཕོས་པ་སྟེ་དེས་བསྒོམ་པར་བྱ་བ་ནི་ཚོགས་གཉིས་བསགས་པའི་ཚུལ་སྔ་མ་དང་འདྲ། སྲུང་བའི་འཁོར་ལོ་གཞལ་ཡས་ཁང་དང་བཅས་པ་སྐད་ཅིག་གིས་བསྒོམ། དེར་གཙོ་བོ་ཡང་སྐད་ཅིག་མས་བསྐྱེད། སྐད་ཅིག་ཙམ་གྱིས་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞགས་པས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ་ཞལ་དུ་ཞུགས། སྙིང་གར་ཞུ་བ་ལས་དབང་གི་གནས་སུ་ལྷ་མོ་བརྒྱད་དུ་བསྐྱེད་ལ་ཕྱོགས་མཚམས་བརྒྱད་དུ་དབྱུང་། ཡན་ལག་ལྷག་མ་གསུམ་ནི་སྔ་མ་དང་འདྲའོ། །འདི་ནི་གཙོ་བོ་རྫུས་སྐྱེས་ལ་འཁོར་མངལ་སྐྱེས་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་

ཤོག་ལྷེ་༡༧༥བསྒོམ་པའི་སྟོབས་ཀྱིས་འཁོར་བ་རིགས་དྲུག་ཀྱང་རང་གི་ཉམས་ཀྱི་སྣང་བ་ལ་མཐོང་དུ་རུང་། མྱ་ངན་འདས་པ་སྤྲུལ་སྐུའི་ཞིང་ཁམས་ཀྱང་མཐོང་དུ་རུང་། དེ་ཙམ་ན་མཉམ་རྗེས་མེད། ལུས་སེམས་ལ་བདེ་སྟོང་བརྟན་པ་ཟུང་དུ་ཆུད། དེ་ཙམ་ན་མཁའ་འགྲོ་མའི་བར་ཆད་ཀྱི་རྩོལ་བ་ནམ་མཁའ་ཐམས་ཅད་མཁའ་འགྲོ་མས་གང་ནས། དངོས་གྲུབ་སྦྱིན་ཅེས་ཟེར་བ་དང་། མཚོན་ཆའི་ཆར་འབེབས་པ་དང་། མེས་བསྲེག་ཏུ་འོང་བ་དང་། རྒྱ་མཚོར་བསྐྱུར་དུ་འོང་བ་ལ་སོགས་པ་བྱུང་ན་བརྡ་བསྟན་ཏེ་བཟློག །བརྡ་ཤེས་ཤིང་རང་གཟུགས་སྟོན་པའི་ཌཱ་ཀི་ནཱི་བྱུང་ན། དེ་དང་སྙོམས་པར་ཞུགས་པས་སྐད་ཅིག་ལ་བདེན་པ་མཐོང་བར་འགྱུར་རོ། །སྙོམས་འཇུག་མ་བྱས་ཀྱང་སྤྲུལ་སྐུ་ལས་དབང་ལེན་ཏེ་སྦྱོར་ལམ་བཟོད་པའི་ཐད་ཀར་སླེབ་པ་ཡིན་ནོ། །ལྔ་པ་ནི། དེ་ལས་ཀྱང་གོང་དུ་སོན་པའི་གང་ཟག་གིས་ཚོགས་གཉིས་བསགས་པ་སྐད་ཅིག་མས་བྱ། སེ་གོལ་གཏོགས་པ་ཙམ་གྱིས་ནི། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། ཞེས་འབྱུང་བས་ན། དམ་ཚིག་གི་འཁོར་ལོ་སྐད་ཅིག་གིས་བསྐྱེད། རང་གི་སེམས་ཉིད་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་དོར། དེ་ལས་འདས་པའི་གང་ཟག་གིས་གོ་ཆ་བཅིངས་པ་ལ་སོགས་པ་དབང་གསུམ་གྱི་རྒྱས་གདབ་དོར། དེ་ལས་འདས་པའི་གང་ཟག་གིས་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་དོར། དེ་དག་ཀྱང་མི་བསྒོམ་པ་ནི་མ་ཡིན་ཏེ། རང་གི་ངང་གིས་ཆོ་ག་མི་དམིགས་པར་འགྱུར་བ་ཡིན། ལམ་བསྐྱེད་རྫོགས་གཉིས་ལས་ཀྱང་། བསྐྱེད་པའི་རིམ་པའི་ཆ་དོར་བ་ཞེས་བྱ་བར་བསྒོམ་རྒྱུ་མེད་པར་འགྲོ་བ་ཡིན། དམ་ཚིག་ཉི་ཤུ་རྩ་གཉིས་ལས་ཀྱང་གྲོལ་ཏེ། དེ་རྣམས་ནི་བདེ་བ་ཆེར་ཐོབ་པའམ་ཡེ་ཤེས་ལ་ཆེར་དབང་བ་ཞེས་སྦྱོར་ལམ་ཆོས་མཆོག་མཐར་ཕྱིན་པ་ཡིན་

ཤོག་ལྷེ་༡༧༦ནོ། །རྩ་བའི་གཉིས་པ་གང་ཟག་བཞིས་མཐོང་སྒོམ་སོགས་ཀྱི་ལམ་བགྲོད་པའི་ཚུལ་ནི། སྦྱོར་ལམ་བཞི་པོ་མཐར་ཕྱིན་པ་དེའི་སྐད་ཅིག་ལ་ལུས་ཀྱི་དཀྱིལ་འཁོར་རྩ་སོགས་མངོན་ཏུ་འགྱུར་ཏེ་རྩ་རྣམས་ཉིད་ལས་ལྷར་མཐོང་བའི་ཕྱིར་ཕྱི་རོལ་ཏུ་ལྷའི་དཀྱིལ་འཁོར་བསྒོམ་མི་དགོས་ཏེ་ལུས་ཉིད་ལྷར་འཆར། ལུས་ཀྱི་དཀྱིལ་འཁོར་ལ་ཡང་ནས་ཡང་དུ་བརྟགས་ཤིང་བསྒོམས་པས་སྔོན་བླ་མས་བསྟན་པའི་དོན་ལུས་ཀྱི་དཀྱིལ་འཁོར་མངོན་ཏུ་གྱུར། དངོས་གྲུབ་ཐོབ་ཅེས་མིང་ཐོབ། དེ་ཙམ་ན་བདེན་པ་མཐོང་བ་ཞེས་བྱ་སྟེ། འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་དོན་རྟོགས། མཐོང་བའི་ལམ་གྱི་ཐད་སོའོ། །དེ་རྟོགས་ནས་སྒོམ་ལམ་གྱི་མགོ་རྩོམ་པ་ཡིན་ཏེ། དེ་ཡང་དེ་ལས་འདས་པའི་གང་ཟག་གིས་བྷ་གའི་དཀྱིལ་འཁོར་མངོན་ཏུ་འགྱུར་ཏེ། ཨཱ་ལི་ཀཱ་ལི་ལ་སོགས་པ་རྩ་ཡི་གེ་ཐམས་ཅད་མངོན་ཏུ་མཐོང་ངོ་། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་མཁའ་འགྲོ་དང་། རིགས་ལྔ་ལ་སོགས་པའི་རྩ་ཡི་གེ་རྣམས། བདག་གི་སྙིང་གའི་བྷྲཱུཾ་ༀ་ལ་སོགས་པ་དང་ཐ་མི་དད་དུ་མཐོང་། ཏིང་ངེ་འཛིན་བརྟན་པར་བྱ་བའི་ཕྱིར་བྷ་གའི་དཀྱིལ་འཁོར་ལོ་ཡང་ནས་ཡང་དུ་བརྟགས་ཤིང་བསྒོམ་མོ། །དེ་ལས་འདས་པའི་གང་ཟག་གིས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མངོན་ཏུ་འགྱུར་ཏེ། བདུད་རྩི་ལྔ་དང་རླུང་ལྔ་སྟེ། ཁམས་བཅུ་འདུས་པས་རང་གང་འདོད་པའི་རྩ་དང་རྩ་ཡིག་རྣམས་སུ་དབབ་པ་དང་བཟློག་པ་ལ་དབང་ཐོབ། རང་གི་ཁམས་བཅུ་དང་ཕྱོགས་བཅུའི་སངས་རྒྱས་ཐ་མི་དད་མངོན་ཏུ་གྱུར། ཐིག་ལེ་གཅིག་ལ་དེ་བཞིན་གཤེགས་པ་དུ་མ་ཉིད་དང་རོ་གཅིག་པར་མི་འགལ། གང་ཟག་དེས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་ཡང་ནས་ཡང་དུ་བརྟག་ཅིང་བསྒོམ་མོ། །བྷ་ག་དང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གཉིས་ནི་སྒོམ་ལམ་གྱི་ཐད་སོ་དང་སྦྱར་རོ། །དེ་

ཤོག་ལྷེ་༡༧༧ལས་འདས་པའི་གང་ཟག་གིས་དཀྱིལ་འཁོར་གསུམ་ཆར་ལ་དབང་ཐོབ་པའི་ཕྱིར། སྤྱོད་པའི་མཐར་སླེབ་པ་ཡིན་པས། ཕྱག་རྒྱ་བསྟེན་ཏེ་སེམས་ཉམས་དང་སྦྱར་ལ། བྲམ་ཟེ་མོ་ལ་སོགས་པ་རིགས་ལྔ་ལ་མཉམ་པར་ལོངས་སྤྱོད་པའམ། སྤྱན་ལ་སོགས་པ་ཕྱག་རྒྱ་བཞི་ལ་ལོངས་སྤྱད་པའམ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིར་ཝ་པ་བཞིན་དུ། པདྨ་ཅན་ལ་བརྟེན་ནས་མཚན་གཅིག་གིས་གྲོལ་བར་བཞེད་དོ། །མཐར་ཕྱིན་གྱི་ལམ་གྱི་ཐད་སོའོ། །དེའི་མཐར་རྒྱུད་གཉིས་དུས་གཅིག་ཏུ་གྲོལ་བའི་ཚེ་འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་འགྲུབ་པར་འགྱུར་བ་ཡིན་ནོ། །སྤྱི་དོན་གསུམ་པ་ཟབ་པའི་ཚུལ་དགུས་ངེས་ཤེས་བསྐྱེད་པ་ནི། དེ་ལྟར་བསྟན་པའི་ལམ་གྱི་མངོན་པར་རྟོགས་པ་དེར་རྒྱུད་སྡེ་བཞི་ལ་སོགས་པའི་ལམ་ཐམས་ཅད་ཀྱང་ཚང་ཞིང་དེ་དག་གུད་དུ་བསླབ་མི་དགོས་པར་འདི་ལ་ཡིད་ཆེས་པར་བྱས་ནས་བསྒོམས་པས་ཐམས་ཅད་ཀྱི་དོན་ཚང་བར་ཤེས་པའི་ཆེད་དུ་ཟབ་པའི་ཚུལ་དགུ་དང་ལྡན་པས་ཟབ་པར་བསྟན་པ་སྟེ། དེ་ལ་དང་པོ་ཐབས་འདི་མང་བ་ཡིན་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གཅིག་ལ། རྒོད་པ་དང་ལྟ་བ་ལ་སོགས་པ་རྒྱུད་སྡེ་བཞིའི་ལམ་འདི་ལ་ཚང་བའི་དབང་དུ་བྱས་ནས་སོ། །གཉིས་པ་ཐབས་འདི་མ་ཚང་བ་མེད་པ་ནི། དབང་བསྐུར་བའི་དུས་ཀྱི་དགའ་བ་བཞི་ལས། དགའ་བས་ཉན་ཐོས་ཀྱི་ལམ་ཆོད། མཆོག་ཏུ་དགའ་བས་རང་རྒྱལ་གྱི་ལམ་ཆོད། དགའ་བྲལ་གྱིས་བྱང་ཆུབ་སེམས་དཔའི་ལམ་ཆོད་དེ་ཐེག་པ་གསུམ་ཀའི་ལམ་ཚང་བའི་དབང་དུ་བྱས་པའོ། །གསུམ་པ་ཐབས་འདི་རྒྱ་ཆེ་བ་ནི། མྱ་ངན་ལས་འདས་པ་ལམ་དུ་འགྱུར་བ་བཞིན། ཉོན་མོངས་པའང་ལམ་དུ་འགྱུར་བའི་དབང་དུ་བྱས་ཏེ་གོང་དུ་བཤད་པའི་འཁོར་འདས་དབྱེར་མེད་ཀྱི་དོན་ལས་ཤེས་པར་བྱའོ། །བཞི་པ་ཐབས་འདི་སླ་བ་ནི། ལམ་བདེ་བ་འདོད་པའི་ཡོན་ཏན་ལྔ་མ་སྤངས་པ་ལ་བརྟེན་ནས་འབྲས་བུ་བདེ་བ་ཆེན་པོ་འགྲུབ་པ་སྟེ། འདི་ནི་བླང་

ཤོག་ལྷེ་༡༧༨བྱའི་ངོས་ནས་བསྟན་པ་ཡིན་ནོ། །ཡང་ན་འཁོར་འདས་ཀྱི་ཆོས་དཀྱིལ་འཁོར་གཅིག་བསྒོམས་པས་བསྒོམས་པར་འགྱུར་བའི་ཕྱིར་སླ་བ་ཡིན་ནོ། །ལྔ་པ་ཐབས་འདི་ཟབ་པ་ནི། བསོད་ནམས་ཀྱི་ཚོགས་བསགས་པ་ནས་བཟུང་སྟེ་བྱ་བ་ཅི་དང་ཅི་བྱེད་པ་ཐམས་ཅད་རང་གི་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་གི་ངོ་བོར་ཤེས་པར་བྱས་ཏེ། ཉམས་སུ་བླངས་པས་སྦྱང་བྱ་དང་སྦྱོང་བྱེད་གུད་དུ་མེད་པར་གྲོལ་ནས་འགྲོ་བ་ཡིན་ནོ། །དྲུག་པ་ཐབས་འདི་དཀའ་བ་མེད་པ་ནི། ཕྱི་རོལ་གྱི་དཀའ་ཐུབ་དང་དཀའ་སྤྱད་ལ་སོགས་སྡུག་བསྔལ་ལམ་དུ་བྱ་བ་མེད་པར། ཁ་ཟས་ཀྱི་རྣལ་འབྱོར་གྱིས་ཟས་ལ་བག་ཡངས་སུ་སྤྱོད། སྤྱོད་ལམ་གྱི་རྣལ་འབྱོར་གྱིས་འདོད་ཡོན་ལྔ་ལ་བག་ཡངས་སུ་སྤྱོད། རྗེས་ཆགས་ཀྱི་རྣལ་འབྱོར་གྱིས་ཕྱག་རྒྱ་བརྟེན་པ་སྟེ་ལམ་བདེ་བ་ལ་བསྟེན་ནས་སྡུག་བསྔལ་སྤོང་བས་ན་འདི་ནི་སྤང་བྱའི་ངོས་ནས་མིང་བཏགས་པ་ཡིན་ནོ། །དེ་ལྟར་དྲུག་ནི་ལམ་གྱི་ཟབ་པ་ཞེས་བྱ་བའི་མིང་ཐོབ་པ་ཡིན་ནོ། །བདུན་པ་ཐབས་འདི་མཆོག་ཏུ་གྱུར་པ་ནི། གནས་ཀྱི་ངེས་པ་སྟན་གཅིག་ཏུ། ཐུན་གྱི་ངེས་པ་ཐུན་གཅིག་ལ་རིམ་པ་གཉིས་རྫོགས་པར་བསྒོམས་ལ། དུས་ཀྱི་ངེས་པ་བརྩོན་འགྲུས་ཅན་གྱིས་ཚེ་གཅིག་ལ་འགྲུབ་ལ། བརྩོན་འགྲུས་དང་བྲལ་བས་ཀྱང་སྐྱེ་བ་བཅུ་དྲུག་ལས་ཐོགས་མི་སྲིད་པའི་ངོས་ནས་བསྟན་པ་ཡིན་ནོ། །བརྒྱད་པ་ཐབས་འདི་ཕུན་སུམ་ཚོགས་པ་ཡིན་པ་ནི། ལམ་གཅིག་ལ་བརྟེན་ནས་འབྲས་བུ་མཆོག་གི་དངོས་གྲུབ་འགྲུབ་པར་མ་ཟད། འབྲིང་གྲུབ་ཆེན་བརྒྱད་དང་། དམན་པ་ཞི་སོགས་ཀྱི་དངོས་གྲུབ་མ་ལུས་པ་ཡང་འབྱུང་བའི་ངོས་ནས་བསྟན་པ་ཡིན་ནོ། །དགུ་པ་ཐབས་བསམ་གྱིས་མི་ཁྱབ་པ་ནི། མཆོག་ཐུན་མོང་གི་འབྲས་བུ་ཐམས་ཅད་ཀྱང་།

ཤོག་ལྷེ་༡༧༩རང་གི་ལུས་ངག་ཡིད་གསུམ་ལ་ངོ་བོ་ཉིད་ཀྱིས་གནས་པ་དཀྱིལ་འཁོར་འཁོར་ལོའ་རྟེན་འབྲེལ་གྱིས་གྲུབ་པ་ལས་མ་གཏོགས་པ། རྫས་ལ་སོགས་པ་རྒྱུ་གཞན་གང་ཡང་མི་དགོས་པའི་ངོས་ནས་བསྟན་པ་ཡིན་ནོ། །ཕྱི་མ་དེ་གསུམ་ནི་འབྲས་བུ་ཟབ་པ་ཞེས་བྱ་བའི་མིང་ཐོབ་སྟེ་བསྡུ་ན་ལམ་གྱི་ཟབ་པ་དང་འབྲས་བུའི་ཟབ་པ་གཉིས་སུ་འདུའོ། །སྤྱི་དོན་བཞི་པ་འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་ཐོབ་པའི་ཚུལ་ནི། དེ་ལྟར་ཟབ་པའི་ཚུལ་དགུ་དང་ལྡན་པའི་ལམ་གྱི་རྣལ་འབྱོར་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་མཐར་ཕྱིན་པ་ལ་བརྟེན་ནས་འབྲས་བུ་ཡན་ལག་བདུན་དང་ལྡན་པའི་གོ་འཕང་མངོན་དུ་འགྱུར་བ་ཡིན་ཏེ། དེ་ལ་སྐུ་གསུམ་ནི། རང་དོན་མཐར་ཕྱིན་པ་ཆོས་ཀྱི་སྐུ། གཞན་དོན་འབད་མེད་དུ་བྱུང་བ་རྒྱ་ཆེ་བ་ལོངས་སྤྱོད་རྫོགས་པའི་སྐུ། རྒྱུན་མི་འཆད་པ་སྤྲུལ་པའི་སྐུ། སྐུ་གསུམ་པོ་དེ་ལ་ཡན་ལག་བདུན་དང་ལྡན་པ་སྟེ་ཆོས་སྐུའི་ཡན་ལག་གསུམ་ནི། ངོ་བོ་ཉིད་ཀྱིས་རང་བཞིན་མེད་པ་སྟེ་དབྱིངས་ཀྱི་ཡན་ལག་གི་ཆ་རང་བཞིན་ལས་འགོགས་པ་མེད་པ་སྟེ་ཡེ་ཤེས་ཀྱི་ཡན་ལག་གི་ཆ་ཐུགས་རྗེ་ལ་རྒྱུན་ཆད་མེད་པ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ཡན་ལག་གི་ཆའོ། །ལོངས་སྐུའི་ཡན་ལག་གསུམ་ནི། རང་འོད་ཀྱི་ཡུམ་དང་འདུ་འབྲལ་མེད་པ་ནི་ཁ་སྦྱོར་གྱི་ཡན་ལག །ཟག་མེད་ཀྱི་བདེ་བ་ཆེན་པོས་རྒྱུད་ཚིམས་པ་ནི་བདེ་ཆེན་གྱི་ཡན་ལག །མཚན་དང་དཔེ་བྱད་ཁྱད་པར་དུ་རྫོགས་པ་ནི་ལོངས་སྤྱོད་རྫོགས་པའི་ཡན་ལག་གོ །སྤྲུལ་སྐུ་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ངེས་པར་གང་བའི་ཡན་ལག་གཅིག་དང་ལྡན་པར་གསུངས་ཏེ། དེ་དག་ཀྱང་སྐལ་པ་དང་བརྩོན་འགྲུས་རབ་འབྲིང་ཐ་མ་གསུམ་གྱི་དབང་གིས་ཚེ་འདིའམ་བར་དོ་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ལ་ངེས་པར་འགྲུབ་པར་གདོན་མི་ཟ་བ་ནི་རྡོ་རྗེ་ཐེག་པའི་ངེས་པའོ། །འདི་ཉིད་ཀྱི་རྫོགས་

ཤོག་ལྷེ་༡༨༠རིམ་མར་མེའི་རྩེ་མོ་ལྟ་བུ་གཅིག་ཚུགས་སུ་བསྒོམ་པའི་གདམས་ངག་ཀྱང་ཡོད་པ་ནི་གཞན་ལས་ཤེས་པར་བྱའོ། །པདྨ་བཛྲའི་གདམས་ངག་གི་།འཕྲུལ་ཐབས་གར་གྱིས་ནང་གི་ལམ། །འབད་མེད་བགྲོད་ནས་རིགས་ཀུན་གྱི། །དབང་ཕྱུག་རྡོ་རྗེ་འཛིན་བརྙེས་ཤོག །རྗེ་བཙུན་སྙིང་རྗེ་ཆེན་པོ་པདྨ་བཛྲའི་བཞེད་གཞུང་ཟབ་པའི་ཚུལ་དགུའི་ཁྲིད་ཡིག་གི་ལེ་ཚན་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།

Notes