Volume 1

From gDams Ngag mDzod
Revision as of 20:22, 8 September 2010 by Eric (talk | contribs)
Jump to navigation Jump to search

༄༅། །བོད་ཡུལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བྱུང་བ་བརྗོད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བོད་ཡུལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད། །རྙིང་མ་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་པ། ། ཤངས་པ་ཞི་བྱེད་སྦྱོར་དྲུག་བསྙེན་སྒྲུབ་བོ། ། བོད་ཀྱི་ཡུལ་འདིར་སྒྲུབ་བརྒྱུད་ཀྱི་རིང་ལུགས་འདྲེན་པ་ཆེ་ཕྲ་དུ་མ་བྱུང་ཡང་གཙོ་བོའི་རིགས་སུ་བསྡུ་ན་ཤིང་རྟ་ཆེན་པོ་བརྒྱད་དེ། སྔ་འགྱུར་རྙིང་མ། བཀའ་གདམས་པ། ལམ་འབྲས་པ། མར་པའི་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། ཞི་བྱེད་ཡན་ལག་དང་བཅས་པ། སྦྱོར་དྲུག་པ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་པའི་ལུགས་རྣམས་སོ། ། གཉིས་པ་ལ་གཉིས། ཤིང་རྟ་བརྒྱད། ཞར་བྱུང་ཕྲན་ཚེགས་བཤད་པའོ། །དང་པོ་ལ་བརྒྱད་རིམ་པར་བཤད་པའི། དང་པོ་གསང་སྔགས་རྙིང་མ་ལ་གཉིས། བསྟན་པ་ངོས་འཛིན་པ། དེའི་བཀའ་བབས་སོ་སོར་བྱུང་ཚུལ་ལོ། །དང་པོ་ནི། སྔ་འགྱུར་གཞུང་ཤིང་མདོ་སྒྱུ་སེམས་གསུམ་སྟེ། །སྒྲུབ་སྡེ་ཟུར་རྒྱན་གསང་སྐོར་སྲོག་གི་ཐིག ། གསང་སྔགས་རྙིང་མ་ཞེས་གྲགས་པའི་བསྟན་པའམ་ཆོས་ཀྱི་མཚན་གཞི་ནི་བཀའ་མ་རྣམས་ཡིན་ཏེ་སྔ་འགྱུར་གྱི་སྐབས་སུ་བྱུང་བའི་ཆོས་དངོས་དེ་ཡིན་པའི་ཕྱིར་རོ། །དེས་ན་བསྟན་པའི་གཞུང་ཤིང་ནི་བཀའ་མ་འདུས་པ་མདོ། སྒྱུ་འཕྲུལ། སེམས་སྡེ་ལུགས་གཉིས་རྣམས་ཡིན་ལ། འཇམ་དཔལ་སྐུ། པདྨ་གསུང་སོགས་སྒྲུབ་སྡེ་བརྒྱད་ཡན་ལག་དང་བཅས་པའི་ཟབ་ཆོས་རྣམས་ནི་ཟུར་རྒྱན། རྫོགས་པ་ཆེན་པོ་ཐིག་ལེ་གསང་སྐོར་ཏེ་ད་ལྟ་སྙིང་ཏིག་ཡ་བཞིར་གྲགས་པ་སློབ་དཔོན་རྣམ་གཉིས་ཀྱི་དགོངས་བཅུད་རྣམས་ནི་སྲོག་ཐིག་དྭངས་མའི་ཚུལ་དུ་གནས་པ་ཡིན་ནོ། ། གཉིས་པ་ལ་དྲུག །པདྨ། བཻ་རོ། བི་མ། གནུབས་ཆེན། རྨ་གཉགས་སོགས་དང་། ཕྱིས་ཀྱི་གཏེར་བྱོན་ནོ། །དང་པོ་ནི།
གངས་ཅན་བསྟན་པའི་ཤིང་རྟ་ཁྲི་སྲོང་རྗེའི། །ཐུགས་བསྐྱེད་གཞལ་དུ་མེད་པའི་བཀའ་དྲིན་ལས། །
སངས་རྒྱས་གཉིས་པ་པདྨ་ཀ་ར་ཡིས། །ཐུན་མོང་སྣང་ངོར་ལྟ་ཕྲེང་ཙམ་ཞིག་གསུངས། །
སྐལ་ལྡན་རྣམས་ལ་སྒྲུབ་པ་སྡེ་བརྒྱད་སོགས། །སྨིན་གྲོལ་གདམས་སྐོར་བསམ་མི་ཁྱབ་པ་སྩལ། །
མ་འོངས་འགྲོ་ལ་དགོངས་ཏེ་གཏེར་མང་སྦས། །སྒོམ་གྲྭ་གསུམ་སོགས་གྲུབ་ཐོབ་བགྲང་ཡས་བྱུང་། །
གངས་ཅན་མུན་པའི་གླིང་དུ་རྒྱལ་བསྟན་ཉིན་བྱེད་གསར་དུ་འདྲེན་པའི་ཤིང་རྟ་ཆེན་པོ་འཇམ་པའི་དབྱངས་ཁྲི་སྲོང་ལྡེའུ་བཙན་གྱིས་ཐུགས་བསྐྱེད་རྨད་དུ་བྱུང་ཞིང་གཞལ་དུ་མེད་པའི་བཀའ་དྲིན་ལ་བརྟེན་ནས། གྲུབ་པའི་སློབ་དཔོན་ཀུན་གྱི་གཙུག་རྒྱན། མགོན་པོ་འོད་དཔག་མེད་རྡོ་རྗེ་སློབ་དཔོན་གྱི་སྐུར་བཞེངས་པ་སངས་རྒྱས་གཉིས་པ་པདྨ་ཀ་ར་སོགས་སྐུ་གཅིག་ལ་མཚན་བརྒྱད་དུ་གྲགས་པ་དེ་བོད་ལ་དངོས་སུ་བྱོན་ནས་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྣང་ངོར་བསམ་ཡས་སུ་མན་ངག་ལྟ་བའི་ཕྲེང་བ་ཙམ་ཞིག་གསུངས། ཐུན་མོང་མ་ཡིན་པའི་སྐལ་བ་དང་ལྡན་པ་རྗེ་འབངས་གྲོགས་ལྔ་ལ་སོགས་པ་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒྲུབ་གནས་ཆེན་པོ་ལྔ་གཙོ་བོར་གྱུར་པའི་གནས་རྣམས་སུ་སྒྲུབ་པ་སྡེ་བརྒྱད་ཞི་བ་དང་ཁྲོ་བོའི་སྒྲུབ་ཐབས་ལས་ཁ་ཚར་དང་བཅས་པ་བསམ་གྱིས་མི་ཁྱབ་པ་རྣམས་དང་། འོད་གསལ་རྫོགས་པ་ཆེན་པོ་དམ་ཆོས་ཀུན་གྱི་ཡང་སྙིང་བཅུད་དུ་དྲིལ་བ་བླ་མ་ཞི་དྲག་གི་གདམས་སྐོར་ལ་སོགས་པ་སྨིན་གྲོལ་གྱི་གདམས་པ་བསམ་གྱིས་མི་ཁྱབ་པ་སྩལ། གདམས་ངག་ཕལ་མོ་ཆེ་དུས་སྐབས་དེར་སྤེལ་བའི་གནས་དང་དགོས་པ་མེད་པར་གཟིགས་ནས་མ་འོངས་པའི་འགྲོ་བ་མཐའ་ཡས་པ་ལ་དགོངས་ཏེ་ཕྱོགས་བཞི་དབུས་ལྔའི་གཏེར་ཁ་ཆེན་པོ་ལྔ་ཡིས་མཚོན་མིང་ཅན་བྱེ་བ། མིང་མེད་གྲངས་ལས་འདས་པ་སྦས་ཤིང་རྒྱ་རིམ་པ་བདུན་གྱིས་བཏབ། མཆིམས་ཕུ། ཡེར་པ། ཆུ་བོ་རི་སྟེ་སྒོམ་གྲྭ་ཆེན་པོ་གསུམ་བཙུགས། གཞན་ཡང་རྫུ་འཕྲུལ་གྱི་རོལ་པས་དབུས་གཙང་ཁམས་གསུམ་གྱིས་མཚོན་བོད་ཀྱི་ས་གནས་རྟ་རྨིགས་ཙམ་ཡང་མ་ལུས་པར་ཞབས་ཀྱིས་གཅགས་ཤིང་རི་བྲག་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། སྐལ་ལྡན་རྣམས་ལ་གདམས་པ་སྩལ་བས་མཆིམས་ཕུའི་གྲུབ་ཆེན་ཉེར་ལྔ། ཡང་རྫོང་གི་རྟོགས་ལྡན་ང་ལྔ། ཡེར་པ་དང་ཆུ་བོ་རིའི་འོད་ལུས་གྲུབ་པ་བརྒྱ་བརྒྱད་རེ། ཤེལ་བྲག་གི་སྔགས་པ་སུམ་བཅུ། འོད་སྐུར་གཤེགས་པའི་མཁའ་འགྲོ་ཉེར་ལྔ་སོགས་གྲུབ་པ་ཐོབ་པ་བགྲང་བ་ལས་འདས་པ་བྱུང་ངོ་། །
གཉིས་པ་ནི། དཔལ་སེང་ཐུགས་བཅུད་བཻ་རོས་དཀའ་བས་བཞེས། །རིམ་པ་ལྔ་དང་སྤང་སྟོན་ལས་མཆེད་དེ། ། སེམས་ཀློང་གདམས་པས་ཀུན་བཟང་རྒྱལ་སྲིད་བསྐྲུན། །
བོད་ཀྱི་སྐད་གཉིས་སྨྲ་བའི་ཐོག་མ་ལོ་ཆེན་བཻ་རོ་ཙ་ན་ཆོས་རྒྱལ་ཆེན་པོ་ཁྲི་སྲོང་གིས་རྒྱ་གར་ཡུལ་དུ་བརྫངས། དྷ་ན་ཀོ་ཤའི་ཙནྡན་བསིལ་བྱེད་ཀྱི་ནགས་ཀེའུ་ཚང་དགུ་བརྩེགས་ཀྱི་གནས་སུ་རིག་འཛིན་ཆེན་པོ་ཤྲཱི་སིཾ་ཧ་སྟེ་དཔལ་གྱི་སེང་གེ་དང་མཇལ། རྩོལ་མེད་ཀྱི་ཐེག་པ་ཞུས་པས་ཐུགས་ཀྱི་བཅུད་ཕྱུངས་ཏེ་རྫོགས་པ་ཆེན་པོ་སེམས་སྡེ་བཅོ་བརྒྱད། རྒྱུད་སྡེ་དྲུག་ཅུའི་དབང་མན་ངག་ཐམས་ཅད། ཀློང་སྡེ་དཀར་ནག་ཁྲ་གསུམ་སོགས་གནང་། དེའང་ཤིན་ཏུ་མ་གསང་ན་རྒྱལ་པོའི་ཆད་པ་འོངས་ཀྱི་དོགས་པས་ཉིན་མོ་མཚན་ཉིད་ཀྱི་ཆོས་ལ་སྦྱངས། མཚན་མོ་ཐབས་དང་རྟེན་འབྲེལ་ལ་བརྟེན་ནས་ཞུས། ལམ་བར་དུའང་སྲོག་ལ་ཐུག་པའི་དཀའ་བ་ལྔ་བཅུ་སྤྱད་པ་སོགས་དཀའ་བ་ཆེན་པོ་དང་དུ་བཞེས། གཞན་ཡང་མཁས་པ་ཉི་ཤུ་རྩ་གཅིག་དང་། དུ་བའི་གནས་ཀྱི་དུར་ཁྲོད་ཆེན་པོར་དགའ་རབ་རྡོ་རྗེ་དང་ཡང་མཇལ་ཏེ་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དོན་བརྒྱུད་ཐོབ་པས་དེ་ཉིད་དུ་རྟོགས་གྲོལ་དུས་མཉམ་གྱི་དངོས་གྲུབ་བརྙེས། རྐང་མགྱོགས་ཀྱི་གྲུབ་པ་ལ་བརྟེན་བོད་དུ་བྱོན་ནས་བཙད་པོ་ལ་ལྐོག་ཆོས་སུ་གསུངས་ཤིང་སེམས་སྡེ་སྔ་འགྱུར་ལྔ་བསྒྱུར། ཕྲ་མ་ལ་བརྟེན་རྒྱལ་མོ་ཚ་བ་རོང་དུ་ཕེབ་ནས་རྒྱལ་རོང་བྲག་ལ་མགོན་པོའི་དགོན་པར་གཡུ་སྒྲ་སྙིང་པོ། ཚ་རོང་སྟག་རྩེ་མཁར་དུ་གསང་སྟོན་ཡེ་ཤེས་བླ་མ། སྟོང་ཁུང་རོང་གི་བྲག་དམར་དགོན་རྫོང་དུ་སྤང་རྒན་སངས་རྒྱས་མགོན་པོ། དབུས་སུ་གཉགས་ཛྙྱཱ་ན་དང་། ལི་བཟའ་ཤེས་རབ་སྒྲོན་མ་ལ་རྫོགས་པ་ཆེན་པོའི་ཆོས་གསུངས་པ་རྣམས་ལ་རིམ་པ་ལྔར་གྲགས་ཤིང་། དེ་དག་དང་ཁྱད་པར་སྤང་རྒན་མི་ཕམ་མགོན་པོ་ལས་བརྒྱུད་ཅིང་རིམ་པར་མཆེད་དེ་སེམས་ཀློང་གི་གདམས་པས་ཀུན་ཏུ་བཟང་པོའི་རྒྱལ་སྲིད་མཐའ་ཡས་པ་བསྐྲུན་པར་མཛད་དོ། །དེ་ལས་ད་ལྟ་སེམས་སྡེ་ཉང་ལུགས་དང་། ཨ་རོ་ལུགས་སུ་གྲགས་པ་གཉིས་ཀྱི་རྒྱུད་བཞུགས་པའི་སྔ་མ་ནི་བཻ་རོས་གཉགས། དེ་ནས་རིམ་པར་བརྒྱུད་དེ་ཉང་ཡེ་འབྱུང་དང་ཟུར་པ་མེས་དབོན་སོགས་ལ་བཀའ་བབ་པའི་ཆོས་ཡིན་ལ། ཕྱི་མ་ནི་མདོ་ཁམས་སུ་སྤྲུལ་པའི་སྐུ་ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བ་རྒྱ་གར་དང་རྒྱ་ནག་གི་སློབ་དཔོན་བདུན་བརྒྱུད་ཀྱི་ཟབ་ཆོས་མངའ་བ་དེ་ཉིད་ཀྱིས་སྤེལ་བའི་གདམས་པ་ཡིན་ནོ། །སྤང་སྟོན་ལས་བརྒྱུད་པ་མང་པོའི་བར་དུ་འོད་ལུས་གྲུབ་པ་ཤ་སྟག་བྱུང་བའི་གདམས་པ་ནི་ཀློང་སྡེ་རྡོ་རྗེ་ཟམ་པའོ། །
གསུམ་པ་ནི། བི་མ་ཉང་གི་མན་ངག་འོད་སྐུའི་བཙས། །དེ་བསྟན་ཀློང་ཆེན་དགའ་རབ་གཉིས་པས་བརྡལ། ། པཎ་ཆེན་ལྔ་བརྒྱའི་གཙུག་རྒྱན་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་སློབ་དཔོན་བི་མ་ལ་མི་ཏྲ་བོད་དུ་བྱོན་ཏེ་ཉང་བན་ཤའི་སྤྱན་ཅན་ཏིང་འཛིན་བཟང་པོ་ལ་རྫོགས་པ་ཆེན་པོ་མན་ངག་སྡེའི་གདམས་པ་སྩལ་བས་ཉང་བན་ཀྱང་འོད་དུ་དེངས། གཡུ་སྒྲས་ལོ་ཙཱ་བྱས་སེམས་སྡེ་ཕྱི་འགྱུར་བཅུ་གསུམ་བསྒྱུར། ཉང་གིས་བཀའ་བརྒྱུད་སྦས་བློ་གྲོས་དབང་ཕྱུག་ལ་བཞག །དཔེ་བརྒྱུད་གཏེར་དུ་གདམས་པ་ལྡང་མ་ལྷུན་རྒྱལ་གྱིས་བཏོན་ཅིང་བཀའ་བརྒྱུད་ཀྱང་གསན་ནས་ལྕེ་བཙུན་ལ་དེ་དག་གི་མན་ངག་གནང་བས་ལྕེ་བཙུན་ཀྱང་འོད་སྐུར་གྲོལ། དེ་ནས་རྒྱལ་བ་ཞང་སྟོན་སོགས་རིམ་པར་བརྒྱུད་པ་ལ་བི་མ་སྙིང་ཏིག་ཏུ་གྲགས་པ་དང་། པདྨ་ལས་འབྲེལ་གྱིས་པདྨའི་གདམས་ངག་མཁའ་འགྲོ་སྙིང་ཏིག་གཏེར་ནས་བཞེས་ཏེ་སྤྲུལ་སྐུ་རང་བྱུང་རྡོ་རྗེ་དང་ཤོའི་རྒྱལ་སྲས་ལེགས་པ་ལ་གནང་། སྔ་མ་ནི། ཐལ་འགྱུར་ལས། ས་ལ་གནས་པའི་བྱང་སེམས་ཀྱིས། །རྒྱ་མཚོའི་བར་དུ་སྤེལ་བར་བྱེད། །ཅེས་ལུང་བསྟན་པ་ལྟར། ཛམ་གླིང་ཁྱབ་པར་སྤེལ་བའི་འཕྲིན་ལས་མཛད་ཅིང་ཀརྨ་སྙིང་ཏིག་ཅེས་གྲགས་པའི་ཟབ་ཆོས་དགོངས་པའི་ཀློང་ནས་ཕྱུངས། ཕྱི་མས་ཀུན་མཁྱེན་དྲི་མེད་འོད་ཟེར་ལ་གདམས། དེ་ཉིད་ཀྱིས་ཀུན་བཟང་དགོངས་པའི་ཀློང་ནས་བརྡོལ་བའི་བསྟན་བཅོས་བླ་མ་ཡང་ཏིག །ཟབ་མོ་ཡང་ཏིག །མཁའ་འགྲོ་ཡང་ཏིག །མཛོད་ཆེན་བདུན། ངལ་གསོ་སྐོར་གསུམ་རྩ་འགྲེལ་དང་བཅས་པ་སོགས་མཛད་ཅིང་བརྒྱུད་འཛིན་གྱི་སློབ་མ་ཁྱད་པར་ཅན་དུ་མ་བསྐྲུན་ཏེ་མདོར་ན་གདོས་བཅས་ཀྱི་ཕུང་པོ་འོད་སྐུར་སྐྲུན་པའི་བཙས་གསང་བ་སྙིང་ཏིག་གི་བསྟན་པ་ནི་ཀློང་ཆེན་རབ་འབྱམས་བཟང་པོ་ཞེས་དགའ་རབ་རྡོ་རྗེ་གཉིས་པར་བྱོན་པ་དེས་ཁྱབ་ཅིང་བརྡལ་བར་མཛད་དོ། །
བཞི་པ་ནི། འདུས་པ་གཤེད་སྐོར་ལ་སོགས་གནུབས་ཆེན་པོས། །རྒྱ་བལ་བྲུ་ཤའི་སློབ་དཔོན་བཞི་ལས་བླངས། ། མདོ་དགོངས་པ་འདུས་པ་སོགས་ཨ་ནུ་ལུང་གི་མདོ་བཞི་དང་དེའི་ལམ་རིམ་འདུས་པ་མདོའི་དབང་བཤད་མན་ངག་དང་བཅས་པ། གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གྱིས་གནོན་པ་གཙོ་བོར་གྱུར་པའི་གཤེད་སྐོར་ལ་སོགས་གདམས་ངག་མཐའ་ཡས་པ་ནི་འོད་བྱེད་ཀྱི་ས་ལ་གནས་པ་གྲུབ་པའི་སློབ་དཔོན་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་རྒྱ་གར་ཁྲག་འཐུང་ནག་པོ་དང་ཆོས་རྒྱལ་སྐྱོང་། བལ་པོ་བ་སུ་བྷཱ་ཤ །བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་སོགས་ལས་བླངས་ཏེ་སྤེལ་བ་ལས་སོ་ཡེ་ཤེས་དབང་ཕྱུག་སོགས་ཐུགས་ཟིན་གྱི་སྲས་བཞི། ཁྱད་པར་སྐུའི་སྲས་ཡོན་ཏན་རྒྱ་མཚོ་ལས་བརྒྱུད་ཅིང་འཕེལ། དྲག་སྔགས་ཕལ་མོ་ཆེ་ནི་གཏེར་དུ་སྦ་བར་མཛད་དོ། །
ལྔ་པ་ནི། སྒྱུ་འཕྲུལ་ཡང་ཕུར་གཙོ་བོར་གྱུར་པའི་བཀའ། །རྨ་གཉགས་གནུབས་གསུམ་ནམ་སྙིང་སོ་དང་ཉང་། ། འཁོན་སྟོན་ལྷག་གཟིགས་རླངས་དང་འོ་བྲན་རྒྱུས། །རོང་ཟུར་མྱོས་དཔྱལ་མཆིམས་སྐྱོ་གཡུང་ལ་སོགས། ། བཟང་ལ་བར་མ་ཆད་པའི་གྲུབ་པས་བསྐྱངས། ། སྒྱུ་འཕྲུལ་དང་ཡང་དག་ཕུར་པ་གཙོ་བོར་གྱུར་པའི་རྒྱུད་སྡེ་དང་སྒྲུབ་སྡེའི་བཀའ་ཕལ་མོ་ཆེ་ནི་ཐོག་མར་རྨ་ཐོག་རིན་ཆེན་གྱིས་གསང་སྙིང་རྒྱུད་བསྒྱུར་བཤད་མཛད་པས་མཚོན་མཁས་ཤིང་གྲུབ་པའི་སློབ་དཔོན་དུ་མས་ཉན་བཤད་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ་ཅིང་བསྟན་པ་བསྐྱངས་པ་ཡིན་ཏེ། དེའང་རྡོ་རྗེ་ཐེག་པའི་བསྟན་པ་ཐོག་མར་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མ་ཟུར་ལ་བབས་ཞེས་གཏམ་དུ་གྲགས་པ་སྟེ་གཉག་ཛྙྱཱ་ན་ཀུ་མཱ་ར་ལ་སློབ་དཔོན་པོ་པདྨ། བི་མ་ལ། བཻ་རོ། གཡུ་སྒྲ་སྙིང་པོ་སྟེ་བཀའི་ཆུ་བོ་བཞི་འདུས། དེའང་དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊཱིཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། བྱིན་རླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པའོ། །དེ་ལ་སློབ་མའི་གཙོ་བོ་དཔལ་མཚན་བརྒྱད་དུ་གྲགས་པ་ལས་སོག་པོ་དཔལ་གྱི་ཡེ་ཤེས་ཀྱིས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་གདམས་པ་མཐའ་དག་སྩལ། ཡང་གནུབས་ནམ་མཁའི་སྙིང་པོ་རྒྱ་གར་དུ་བྱོན། གྲུབ་པའི་སློབ་དཔོན་ཧཱུྃ་ཀ་ར་ལས་ཡང་དག་གི་ཆོས་སྐོར་རྫོགས་པར་ཞུས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གྲུབ། དེ་ལས་བརྒྱུད་དེ་ཡང་དག་སོ་ལུགས་ཀྱི་གདམས་པ་རྣམས་ཀྱང་ད་ལྟའི་བར་དུ་བྱུང་བ་དང་། སོ་ཡེ་འབྱུང་གི་སློབ་མ་ཉང་ཤེས་རབ་མཆོག །དེའི་སློབ་མ་ཉང་ཡེ་ཤེས་འབྱུང་གནས། དེ་ལས་ལྷ་རྗེ་ཟུར་པོ་ཆེ་བྱོན་པ་དང་། གཞན་ཡང་མཁོན་ཀླུའི་དབང་པོ་ལ་སློབ་དཔོན་ཆེན་པོས་སྩལ་བའི་གདམས་པ་རྣམས་ལས་ཡང་ཕུར་གཉིས་དཔལ་ལྡན་ས་སྐྱ་པ་ལས་ད་ལྟའི་བར་དུ་བརྒྱུད་པར་སྣང་བ་དང་། གཞན་ཡང་ལྷ་གཟིགས་རླངས་ཀྱི་གདུང་རིགས་ལས་བྱོན་པ་ཁམས་པ་གོ་ཆ་དང་དཔལ་གྱི་སེང་གེ་ཕྱི་མ། འོ་བྲན་དཔལ་གྱི་དབང་ཕྱུག །མཁར་ཆེན་དཔལ་གྱི་དབང་ཕྱུག །འབྲོག་མི་དཔལ་གྱི་ཡེ་ཤེས། གཉན་དཔལ་དབྱངས། སྣ་ནམ་རྡོ་རྗེ་བདུད་འཇོམས་སོགས་དུ་མ་སློབ་དཔོན་ཆེན་པོ་དེ་དག་གིས་རྗེས་སུ་བཟུང་ཞིང་། རྙིང་མའི་གྲུབ་ཐོབ་རིག་འཛིན་བརྒྱུད་མར་བྱོན་པའི་གདུང་རབས་ལས་གསར་མའི་ལོ་ཙཱ་སྐྱེས་མཆོག་ཕལ་མོ་ཆེ་བྱོན་པ་དང་། གཞན་ཡང་དེ་དག་གི་ཕྱིས་སུ་ཕྱུས་དཔལ་གྱི་གཞོན་ནུ། རོང་ཟོམ་ཆོས་ཀྱི་བཟང་པོ། ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས། གསང་བདག་སྒྲོ་ཕུག་པ་སྟེ་ཟུར་པ་མེས་དབོན་གསུམ་ཞེས་འཇིག་རྟེན་ན་སྙན་པར་གྲགས་པའི་གདུང་བརྒྱུད་སློབ་བརྒྱུད་མཐའ་ཡས་པ། མྱོས་རིགས་ཀྱི་གདུང་ལས་ཕྱིས་སུའང་གཏེར་ཆེན་པདྨ་གླིང་པ་ནས་ཆོས་རྒྱལ་གཏེར་བདག་གླིང་པའི་གདུང་རིགས་དྲི་མ་མེད་པ་ད་ལྟའི་བར་དུ་བྱོན་པ་དང་། དཔྱལ་འཕགས་པ་དཔལ་དང་། ཀུན་མཁྱེན་ཆེན་པོ་སྨན་ལུང་གི་བླ་མ་དཔྱལ་བ་རིམ་བྱོན་དང་། རོག་ཤཱཀྱ་འོད་སོགས་རོག་གི་གདུང་བརྒྱུད་རྣམས་དང་། མཆིམས་ཤཱཀྱ་པྲ་བྷ་བ་བྱོན་པའི་གདུང་རིགས་ཀྱི་སྐྱེས་བུ་རྣམས་དང་། སྐྱོ་འོད་འབྱུང་། གཡུང་སྟོན་རྡོ་རྗེ་དཔལ་བྱོན་པའི་གདུང་རིགས་སོགས་ཡོན་ཏན་བཟང་པོ་ཕུལ་དུ་བྱུང་བས་སྤྲས་ཤིང་བར་མ་ཆད་པའི་གྲུབ་པ་དུ་མ་བྱོན་ནས་བསྟན་པ་བསྐྱངས་སོ། །
དྲུག་པ་ནི། མཆོག་གཉིས་གླིང་བརྒྱད་ནུས་ལྡན་རྣམས་ལ་སོགས། །དུས་མཐུན་རིམ་བྱོན་སློབ་མར་བཅས་པ་ཡིས། ། དུས་མཐར་སྔགས་བསྟན་མི་ནུབ་རྒྱས་པར་མཛད། ། དེའང་འཕགས་པ་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་གཏེར་རི་དང་། རི་སུལ་དང་། ཤིང་དག་གི་ནང་དུ་བཅུག་པ་དག་ཡོད་དེ། གཟུངས་དང་། ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོངས་པར་འགྱུར་རོ། །ཞེས་དང་། ཆུ་ཀླུང་རོལ་པའི་མདོ་ལས་ཀྱང་། ང་ཡི་བསྟན་པའི་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦོས། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །དེས་དོན་དཀྲུག་པར་གྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟར། ཨོ་རྒྱན་ཆེན་པོས་སྐུ་ཚབ་ལས་ཅན་གྱི་སྐྱེས་བུ་འབྱུང་བར་ལུང་བསྟན། གསུང་ཚབ་བླ་གཏེར་ཐུགས་གཏེར་གྱིས་མཚོན་པའི་གཏེར་ཁའི་རིགས་བཅོ་བརྒྱད་སྦས། ཐུགས་ཀྱི་དགོངས་པ་རྗེ་འབངས་གྲོགས་གསུམ་སོགས་ལས་ཅན་གྱི་བུ་ལ་གཏད་དེ་སྨོན་ལམ་གཏད་རྒྱ་མཛད་པས། ཕྱི་རབས་དུས་སུ་བབས་པ་ན་དེ་དག་གི་རྣམ་པར་འཕྲུལ་པ་རིག་འཛིན་སྤྲུལ་པའི་སྐྱེས་མཆོག་ཉང་རལ་ཉི་མ་འོད་ཟེར། གུ་རུ་ཆོས་ཀྱི་དབང་ཕྱུག་སྟེ་གཏེར་སྟོན་མཆོག་གཉིས་སམ་གཏེར་ཁ་གོང་འོག་ཏུ་གྲགས་པ་དང་། སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་རཏྣ་ཀུན་སྐྱོང་མདོ་སྔགས་བསྟན་གཉིས་གླིང་པ་བརྒྱད་པོ་གཙོ་བོར་གྱུར་པའི་གླིང་པའི་མཚན་ཅན་དུ་མ་རྣམས་དང་། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་སོགས་བྱང་གཏེར་ལ་ལོངས་སྤྱོད་པ་རྣམས་དང་། བདུད་འདུལ་ནུས་ལྡན་རྡོ་རྗེ་གཙོར་གྱུར་ནུས་ལྡན་ཉེར་གཅིག་ཏུ་གྲགས་པ་རྣམས་དང་། སྙིགས་མའི་མཐར་ཐུག་པའི་སྐབས་འདིར་ཨུ་དུམྦ་ར་ལྟར་ངོ་མཚར་རྨད་དུ་བྱུང་བ་དཔལ་ལྷའི་སྲས་པོ་དམ་འཛིན་ཆོས་ཀྱི་བློ་གྲོས་ཀྱི་རྣམ་པར་འཕྲུལ་པ་སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་སོགས་རིམ་པར་བྱོན་ཏེ་ཟབ་མོའི་ཆོས་མཛོད་ཆེན་པོ་དང་། མྱང་གྲོལ་དམ་རྫས་ལ་སོགས་པའི་སྒོ་འཕར་འབྱེད་ཅིང་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་རྨད་དུ་བྱུང་བ་སྤེལ། དེ་དག་གི་ཆོས་བདག་སློབ་མ་བརྒྱུད་འཛིན་དང་བཅས་པས་དུས་ངན་གྱི་ཐ་མར་དམ་པའི་ཆོས་འཛིན་ཅིང་འདུལ་མདོའི་བསྟན་པ་མི་བཞུགས་པའི་གནས་སུའང་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ཁོལ་བུ་ཁོལ་བུར་མི་ནུབ་དར་ཞིང་རྒྱས་ཏེ་འགྲོ་བ་འདུལ་དཀའ་བ་མཐའ་དག་སྒྲོལ་བའི་ཕྲིན་ལས་རྒྱ་ཆེ་ཞིང་རྒྱུན་ཆགས་པ་ཉིད་དོ། །རོང་ཟོམ་པཎྜྻི་ཏས་གསང་སྔགས་ཀྱི་བཀའ་བབས་བདུན་དུ་བཤད་དེ་སློབ་དཔོན་པདྨ། ནམ་མཁའི་སྙིང་པོ། ཤཱནྟིཾ་གརྦྷ། འདིས་བསམ་ཡས་རབ་གནས་མཛད་པར་གྲགས་ཤིང་གཤེད་སྐོར་ཡང་ཕལ་ཆེར་འདི་ལས་བྱུང་། བཻ་རོ་ཙ་ན། བི་མ་ལ་ལན་གཉིས། གནུབས་ཆེན་པོ་རྣམས་རིམ་པར་བྱུང་གསུངས་སོ། །

ཤེས་བྱ་ཀུན་ཁྱབ་ལས་སོ།།