Tibetan:བསྟན་སྲུང་གཙོ་མོ་དུད་སོལ་མའི་སྒྲུབ་རྗེས་

From gDams Ngag mDzod
Revision as of 13:47, 3 August 2012 by Bot1 (talk | contribs) (moved Tibetan:བསྟན་སྲུང་གཙོ་མོ་དུད་སོལ་མའི་སྒྲུབ་རྗེས་ to [[Tibetan:བསྟན་སྲུང་གཙོ་མོ་དུད་སོལ་མའི་སྒྲུབ་ར...)
Jump to navigation Jump to search

Cataloging data for this text

Full Title

Tibetan: ༄༅། །བསྟན་སྲུང་གཙོ་མོ་དུད་པའི་སོལ་བ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ༎ ༎
Wylie: @#/_/bstan srung gtso mo dud pa'i sol ba ma'i sgrub thabs rjes gnang dang bcas pa bzhugs so//_//

Tibetan text

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.



ཤོག་ལྷེ་༥༢༥བསྟན་སྲུང་གཙོ་མོ་དུད་པའི་སོལ་བ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།། །།



ཤོག་ལྷེ་༥༢༦ༀ་སྭ་སྟི། ཡུམ་གྱུར་རྡོ་རྗེ་མཁའ་འགྲོ་མ། །མ་མོ་གཙོ་མོའི་ཚུལ་བཟུང་ནས། །རྡོ་རྗེ་འཛིན་པའི་བསྟན་པ་སྐྱོང་། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། དཔལ་ལྡན་དུད་སོལ་མར་གྲགས་པ་འདོད་ཁམས་དབང་ཕྱུག་མའི་སྒྲུབ་ཐབས་བཤད་པར་བྱའོ། །དེ་ལ་སྟེགས་བུ་གྲུ་བཞི་ལ་འབྲུབ་ཁུང་གྲུ་གསུམ། དེའི་དབུས་ཀྱི་ཐོད་པའི་ཟླུམ་སྐོར་ནང་ཟུར་གསུམ་དུ་རྡོ་རྗེ་ཕྱེད་པ་གསུམ་གྱིས་མཚན་པ། དབུས་སུ་ནས་ནག་གི་ཚོམ་བུ་བཀོད། མདུན་དུ་མཉྫིལ། ར་ནག་དང་བྱ་ནག་གི་ཤ་གཙོ་བོར་གྱུར་པའི་ཤ་ཁྲག་སྣ་ཚོགས་པས་སྦགས་པའི་གཏོར་མ་ཆེ་བ་ཞིག་བཤམ། མཆོད་པ་སྣ་ཚོགས་པས་མཐའ་བསྐོར། བདག་བསྐྱེད་བརྒྱུད་པ་འདི་ཉིད་དང་མཚུངས་པའི་དགེས་རྡོར་མཱ་ཡཱ་གདན་བཞི་ལ་སོགས་པའམ། ཁྲོ་བོ་གང་ཡང་རུང་བའི་མངོན་རྟོགས་སྔོན་དུ་འགྲོ་བས་མཆོད་བ་བྱིན་གྱིས་བརླབ། མདུན་དུ་སྐད་ཅིག་གིས་ལྷ་མོ་དུད་སོལ་མ་བཞུགས་པའི་སྙིང་གར། ༀ་དཀར་པོ་ལ་གནས་པའི་ར་ཡིག་དམར་པོ། ར་ལས་མེ་འོད་འཕྲོ་བ། སྐུ་ལུས་སྐད་ཅིག་གིས་བསྲེགས། ༀ་དེའི་སྟེང་དུ་པཾ་ཡོངས་སུ་གྱུར་པཾ་ལས་བུམ་པ་དཀར་པོ་བདུད་རྩིས་གང་བ། དེ་ལས་བདུད་རྩི་ལུད་དེ། ༀ་བཀྲུས་པས་འོད་ཟེར་དཀར་པོ་རབ་ཏུ་འབར་བར་གྱུར། ༀ་ཨཾ་མ་ཧཱ་ཀཱ་ལི། དེ་ཝཱི་ཀ་ར་ལི།

ཤོག་ལྷེ་༥༢༧བི་ཀྲཱནྟ་ཙཎྜ་རུ་པི་ཎི་ཧཱུྃ་ཕཊ། དེ་ཉིད་སྐད་ཅིག་གིས་དཔལ་ལྡན་ལྷ་མོའ་སྐུར་གྱུར་པ་ནི། སྐུ་མདོག་ནག་མོ། ཀེང་རུས་ལྟར་སྐེམ་པའི་ལུས་ཅན། ཞལ་གཅིག་ཕྱག་བཞི་ཞབས་གཉིས་པ་གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་བྷཉྫ་དམར་ཆེན་གྱིས་བསྐྱིལ་བ། གཡོན་གྱི་དང་པོ་ན་ཤཀྟི། །གཉིས་པ་ན་ཏྲི་ཤཱུ་ལ་དར་དཔྱངས་ཅན་འཛིན་པ། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་གཙིགས་པ། སྤྱན་གསུམ་དམར་བ། དབུ་སྐྲ་རལ་པ་དམར་སེར་གྱེན་བརྫེས་ལན་བུ་གཡོན་དུ་འཁྱིལ་བ། སྦྲུལ་དང་ཐོད་ཕྲེང་གིས་བརྒྱན་པ། སྙན་གཡས་ན་དྲིལ་བུའི་མགུལ་རྒྱན་གྱི་སྦྲུལ་དང་། གཡོན་ན་སེང་གེས་བརྒྱན་པ། མེ་ཏོག་དང་དར་ནག་གི་ཅོད་པན་ཅན། ལྷ་མ་ཡིན་གྱི་མགོ་བོས་དོ་ཤལ་བྱས་པ། གླང་པོ་ཆེའི་ཀོ་བས་གཡོགས་ཤིང་། བ་གླང་གི་པགས་པས་རེ་ལྡེ་སེར་པོའི་ཤམ་བུ་ཅན་གྱིས་སྨད་དཀྲིས་པ་ལ། ཀླུའི་རྒྱལ་པོ་གཤིབས་པས་སྐེ་རག་བྱས་པ། ལྕགས་སྒྲོག་གིས་བརྒྱན་པའི་ཞབས་གཉིས་བོང་བུ་ག་བའི་སྟེང་ན་བཙན་བསྐྱིལ་གྱིས་བཞུགས་པ། དུར་ཁྲོད་

ཤོག་ལྷེ་༥༢༨ཀྱི་དབུས་ན་སྒྲ་དྲག་པོ་སྒྲོག་ཅིང་། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེས་བསྐོར་བ། དེའི་ཐུགས་ཀར་ཐུགས་ཀྱི་ཡེ་ཤེས་མར་མེ་ལྟར་འབར་བ་སྒོ་ངའི་དབྱིབས་ཅན་སོར་བཞི་བ། དེའི་དབུས་སུ་ཧཱུྃ། མཐའ་སྐོར་དུ་ༀ་ཧཱུྃ་ཤྲཱི་ཡེ། དེ་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཞེས་པས་བསྐོར་བར་གྱུར། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གཅིག་ཆད་དེ་བྷ་གར་ཐིམ། བཛྲ་ལཱ་སྱ་རཱ་ག་ཡཱ་མི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱིས་གྲུབ་པའི་ལྷ་མོ་དཔལ་ནག་མོ་འབུམ་སྡེ་དང་བཅས་པ་ༀ་བཛྲ་ས་མཱ་ཛ། ཞེས་སྤྱན་དྲངས། ༀ་ཤྲཱི་ཡེ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀ་ལི་ཧཱུྃ་བྷྱོ། དྲྀ་ཤྱ་ཛཿཧཱུྃ་བཾ་ཧོ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཞེས་པས་གཉིས་སུ་མེད་པ་ཐིམ། འཁོར་ནག་མོ་འབུམ་སྡེ་ཐམས་ཅད་ཀྱང་གཅེར་བུ་རལ་པ་ཅན་གཡས་མི་སྙིང་དང་། གཡོན་བྷནྡྷ་སྐྲ་ཅན་ཐོགས་པའོ། །ཐམས་ཅད་ཀྱི་ཐུགས་ཀར་ཡང་བྷྱོ་ཡིག་གིས་མཚན་པ། དུད་པའི་སོལ་བ་མ་ཁྱོད་ཀྱི་སྐུ་མྱུར་དུ་སྟོན་ཅིག །སྐུ་མ་སྟོན་ན་ཡང་ཡིད་ལ་གང་འདོད་པ་དེ་འགྲུབ་པར་གྱིས་ཤིག །ནང་མཆོད་གཏོར་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་ཧ་ན་ཧ་ན་བཛྲ་ས་མ་ཡ་མ་ཏི་ཀྲ་མ་ནཾ་ཧཱུྃ་ཕཊ། ཅེས་དམ་ལ་བཞག །ༀ་ཧཱུྃ་ཤྲི་ཡེ་སོགས་སྙིང་པོའི་མཐར། བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ། དེ་བཞིན་དུ། དྷཱུ་པེ། གནྡྷེ། ནཻ་ཝི་ཏྱ། ཨཱ་ལོ་ཀེ་ཞེས་སྦྱར། གཏོར་མའི་ནང་དུ་ཧ་སེར་པོ་ཧོཿདཀར་པོ་ཧྲཱིཿསྔོན་པོ་དེ་རྣམས་ཀྱི་འོད་ཀྱིས་ཁ་དོག་དྲི་རོ་ངན་པ་བཅོམ་སྟེ། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཧ་ཧོཿཧྲཱིཿསྭཱ་ཧཱ། ལན་གསུམ་བརྗོད། ༀ་ཧཱུྃ་སོགས་ཀྱི། མཐར། ༀ་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི་ཨི་དཾ་བ་ལིཾ་གྲྀ་ཧྞ་གྲྀ་ཧྞ་པཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཕུལ་བས་འཁོར་དང་བཅས་པས་གསོལ་བར་བསམ། བར་འདིར་བསྟོད་པ་ཏིལ་མར་མ་དང་། གཞན་ཡང་བསྟོད་པའི་བྱེ་བྲག་ཅི་ཤེས་ཀྱིས་བསྟོད་པ་ཡིན་ལ། བསྡུ་ན། །དཔལ་ལྡན་ལྷ་མོ་མི་ཕམ་

ཤོག་ལྷེ་༥༢༩སྲིད་གསུམ་བདག །རང་དོན་སྒྲུབ་ཕྱིར་རྣམ་ཐར་ལ་གཞོལ་ཡང་། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་ཏུ་གནས། ཁམས་གསུམ་སྐད་ཅིག་ཙམ་གྱིས་སྐོར་བར་བྱེད། །གཞན་ལ་དབང་བསྐུར་འདོད་ཁམས་ཡ་མཐར་ཕྱིན། །དབང་ཕྱུག་ཆེན་པོའི་སྐུ་ལ་དགྱེས་འཁྲིལ་མ། །ལྷ་དབང་བརྒྱ་བྱིན་ལྷ་མིན་དབང་པོ་དང་། །ཚངས་པའི་རྒྱལ་པོ་ས་འོག་དབང་པོ་དང་། །རྒྱལ་ཆེན་བཞི་ལ་སོགས་པས་ཕྱག་བྱས་མ། །བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུད། །མཚན་མོ་ནག་མོ་ཤིན་ཏུ་གཏུམ་པའི་གཟུགས། །མ་མོ་སྲིན་མོའི་ཚོགས་རྣམས་འདར་ཞིང་དངངས། །ཕྱོགས་བཅུའི་དུག་བསྡུས་ཉི་མ་ཚིམས་པར་མཛད། །ནད་རྣམས་སློང་བྱེད་ནད་བདག་དམ་ལ་འདུ། །བདུད་རྩིའི་བཅུད་བསྡུས་ཟླ་བར་ཚིམ་མཛད་མ། །ནད་ཡམས་གཅོད་མཛད་སྨན་མོ་དམ་ལ་འདུ། །གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས། །ལྷ་མོ་ཁྱོད་ལ་བདག་གིས་རྟག་ཏུ་བསྟོད། རཀྟ་དང་ཆང་གཏོར་མ་ལ་གཏོར་ཞིང་། ༀ་རོ་རུ་རོ་རུ་བི་ཏིཥྛ། བ་ཏོ་སི། ཀཱ་མ་ལ་རཱཀྵ་སི་ཧཱུྃ་བྷྱོ། དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད། སྔགས་དེ་ཉིད་དམ། ༀ་ཧཱུྃ་ཤྲི་སོགས་གང་འགྲུབ་བཟླ། མཆེ་བའི་ཕྱག་རྒྱ་ཁའི་གྲུར་བཅས་ལ། ༀ་བྷྱོཿབརྟ་ལི་བརྟ་ལི་ཚེ། ཁ་ཕྲུས་བཏབ་ལ། ཧཱུྃ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་གྲག་དགའ་མོ། །ཀི་ལིའི་སྒྲ་སྒྲོག་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་ལྷ་མོ་དུད་སོལ་མ། །གསོལ་ཞིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་གྲུབ་པར་གྱིས། །བདག་གི་ལས་ནི་ཅི་བྱེད་ཀྱང་། །དེ་ལ་ཀུན་གྱི་གྲོགས་གྱིས་ཤིག །གྲྀ་ཧྞ་གྲྀ་ཧྞ་སརྦ་དུཥྚཾ་བྷཀྵ་བྷཀྵ།

ཤོག་ལྷེ་༥༣༠ཕྲེཾ་ཕྲུཾ་ཕྲེཾ་ཕྲོཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ་སེ་གོལ་བདབ། ཕྲིན་ལས་བཅོལ་འདོད་དོན་གསལ་བཏབ་གང་འོས་བྱ། དེ་ལྟར་བགྱིའོ། །ཞེས་ཞལ་གྱིས་བཞེས་པར་བསམ། གཏོར་མ་གཙང་སར་བཏང་། དགེ་བ་བསྔོ། འདིའི་རྗེས་གནང་བྱ་བར་འདོད་ན། མཎྜལ་གྲུ་གསུམ་གྱི་སྟེང་དུ། རྟེན་གཏོར་བཅས་ལ། མཐའ་མཆོད་གཏོར་གྱིས་བསྐོར། བདག་བསྐྱེད་མདུན་བསྐྱེད་གོང་དུ་བཤད་པ་ལྟར་བྱས་ལ། གཏོར་འབུལ་ཕྲིན་བཅོལ་ཡན་ཆད་གྲུབ་པ་དང་། སློབ་མ་ལ་ཁྲུས་ཆབ་བཏང་། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་འདི་ཉིད་དོན་དམ་པར་རྒྱལ་བ་སྐྱེད་པའི་ཡུམ་རྣམ་ཐར་གསུམ་ལྡན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་བྱ་བ་ཉིད། རྣམ་བཅས་ལྷ་མོའི་རྣམ་པར་བཞེངས་པ་ན་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་དང་། རྡོ་རྗེ་བདག་མེད་མ་ཞེས་བྱ་བ་སོགས་མཚན་གྱི་རྣམ་གྲངས་དུ་མས་བསྙད་པར་གྱུར་པ་སྟེ། ཇི་སྐད་དུ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་བསྒྲུབ་ཕྱིར་རྣམ་ཐར་ལ་གཞོལ་ཡང་། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡིས། །ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད། ཅེས་གསུངས་པ་བཞིན། །བཅོམ་ལྡན་འདས་མ་རྡོ་རྗེ་བདག་མེད་མ་ཉིད། །མ་མོའི་ཚོགས་ཀྱི་དབང་ཕྱུག་ཏུ་བཞེངས་ཏེ། དེ་ཡང་འཇིགས་བྱེད་ཧེ་རུ་ཀ་ལེགས་ལྡན་ནག་པོ་ཆེན་པོ་རྣམས་དང་དགྱེས་བདེར་སྤྱོད་པའི་རང་སྣང་ཤེས་རབ་ཀྱི་ཡུམ་ལའང་། ངོ་བོ་གཅིག་ལ་ལྡོག་ཆས་བྱ་བའམ། དབྱིངས་ཡུམ། སྦྱོར་ཡུམ། སྒྲོལ་ཡུམ་ཞེས་འགའ་ཞིག་ཏུ་དབྱེ་བར་མཛད་པའི་དབྱིངས་ཡུམ་ཨེ་ཀ་ཛ་ཌི་སྟེ་སྔགས་བདག་རལ་གཅིག་མ་དང་། སྦྱོར་ཡུམ་ཙཎྜེ་ཤྭ་རི། སྒྲོལ་ཡུམ་དུད་སོལ་མ་ཞེས་གྲགས་མོད། །ངེས་དོན་དབྱིངས་སུ་དབྱེ་བ་མེད་ཀྱང་། རྣམ་འགྱུར་གྱི་དབང་དུ་བྱས་པ་དེའི་ཕྱིར་དཔལ་ལྡན་ལྷ་མོ་འདི་ཉིད་རྒྱལ་བའི་སྤྱན་སྔར་ཐུགས་བསྐྱེད་ཅིང་། བསྟན་སྲུང་གཙོ་མོར་དབང་བསྐུར་བ་དང་། གཞན་ཏུ་རྒྱ་མཚོའི་ལྷ་མོ་དབྱངས་ཅན་མའི་ངོ་བོ་ཡིན་པས་དེ་དག་གི་ཚུལ་རྒྱུད་དུ་གསལ་ཞིང་། མདོར་ན་

ཤོག་ལྷེ་༥༣༡དཔལ་ལྡན་ཡེ་ཤེས་ལྷ་མོ་འདི་ཉིད་རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱི་སྲུང་མའི་གཙོ་བོར་མཛད། ཁྱད་པར་རྗེ་ནཱ་རོ་ཏ་པའི་བཀའ་སྲུང་གི་གཙོ་མོར་བསྙེན་ཅིང་། དེས་རྗེ་མར་ལ་ལོ་ཙཱ་བ་ལ། དུད་སོལ་ལྷ་མོ་རྒྱུད་སྲུད་མཆོག །བུ་ཚ་བོ་ཡང་ཚའི་དོན་དུ་ནི། །ལོ་ཙཱ་བ་ཡིས་སྤྱན་དྲངས་ལ། །དུས་གསུམ་བ་ལིཾ་མ་ཆགས་གྱིས། །མཆོག་ཐུན་དངོས་གྲུབ་གདོན་མི་ཟ། །ཆུ་བོ་གངྒཱ་ཕན་ཆད་དུ། །དེ་སྔ་མེད་པའི་ཆོས་སྐྱོང་ཡིན། །དཀའ་བར་མ་དགོངས་ཉམས་སུ་ལོངས། ཞེས་གསུངས་བཞིན་གནང་། མར་པ་ལོ་ཙཱ་བས་རྔོག་སྟོན་ལ་བསྟན་སྲུང་བརྒྱ་དང་རྩ་བརྒྱད་ཀྱི་སྙིང་པོ་ཡིན་ཅེས་གནང་བས་མར་རྔོག་རྗེས་འབྲང་དང་བཅས་པའི་སྲུང་མའི་གཙོ་མོར་བསྟན་པ་ཡིན་ནོ། །འདི་ལ་རྗེས་གནང་གི་བཀའ་སྲོལ་འདྲ་མིན་འགའ་ཞིག་མཆིས་པ་ལས་སྐབས་འདིར་རྔོག་བློ་གྲོས་དཔལ་བཟང་ནས་རྗེ་གྲོལ་མཆོག་ཞབས་ལ་བརྒྱུད་པའི་ལུགས་ལྟར་གྱི་རྗེས་སུ་གནང་བ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱི་མཚམས་སྦྱར་ནས་མཎྜལ་འབུལ་དུ་བཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་མགོན་པོ་བརྩེ་བ་ཅན། །ཡེ་ཤེས་ལྷ་མོ་འཁོར་བཅས་ཀྱི། །རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་སྔོན་དུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་རྟེན་གཏོར་སྐད་ཅིག་གིས་དཔལ་ལྡན་ལྷ་མོའི་སྐུར་གྱུར་པ་ནི། སོགས་ནས། ཞེས་པས་བསྐོར་བར་གསལ་ཐོབ། །མདུན་བསྐྱེད་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་སྤྱན་དྲངས་ཏེ་བསྟིམས་པས། སྡིག་སྒྲིབ་སྦྱངས། ཡང་ལྷ་མོའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་

ཤོག་ལྷེ་༥༣༢རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །རོལ་མོའི་སྒྲ་བྱའོ། སྤོས་བདུག །སྙིང་པོའ་མཐར། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ར་ར། ར་ར། ཙཱ་ལ་ཡ། ཙཱ་ལ་ཡ། ཧཱུྃ་ཨ་ཧ་ཛྷཻཾཿ ཞེས་ལན་བརྒྱ་རྩ་བརྒྱད་བརྗོད། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་ལྷ་མོ་དུད་སོལ་མར་གྱུར་པའི་སྙིང་གར། སོགས་ནས། ཤ་ཟ་འབུམ་སྡེས་བསྐོར་བའི་སྐུ་གྱུར་པར་སྒོམས་ཤིག །དཔྲལ་བར་དྲི་བཟང་གི་ཐིག་ལེ་བྱས་ལ། སྙིང་པོའི་མཐར། ༀ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་མཾ། ཏིཥྛ་བཛྲ་ཧཱུྃ། སྐུའི་བྱིན་རླབས་བརྟན་པར་བྱས་པར་མོས་ཤིག །དེས་དཔལ་ལྷ་མོའི་སྐུའི་རྗེས་གནང་ཐོབ་པ་ཡིན་ནོ། །དེ་ནས་སློབ་དཔོན་ལ་མོས་གུས་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དཔལ་ལྷ་མོའི་ཐུགས་ཀར་ཕོག །དེའི་ཐུགས་ཀར་ཐུགས་ཀྱི་ཡེ་ཤེས་མར་མེ་ལྟར་འབར་བའི་སྒོ་ངའི་དབྱིབས་ཅན་སོར་བཞི་པའི་དབུས་སུ་གནས་པའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་འཕྲོས་ཏེ་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་སྙིང་གར་འོད་ཀྱི་གོང་བུའི་དབུས་སུ་གནས་པའི་ཧཱུྃ་ཡིག་གི་མཐར་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། སྙིང་པོ་ལན་གསུམ། དང་པོས་བྱིན་གྱིས་བརླབ། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་ཏུ་འདིའི་རྗེས་ཟློས་མཛོད། ལྷ་མོ་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཅེས་ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ་ཁྱེད་རང་གི་སྤྱི་བོར་ཕུལ་བའི་མོས་པ་མཛོད་ཅིག །སློབ་དཔོན་གྱི་མེ་ཏོག་གཏོར་ཞིང་། ལྷ་མོ་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མའི་གསུང་རིག་སྔགས་ཀྱི་ནུས་པ་མ་ལུས་པ་ཐོགས་པ་མེད་པ་འཇུག་པར་

ཤོག་ལྷེ་༥༣༣གྱུར་ཅིག །མགྲིན་པར་ཐིག་ལེ་བྱས་ལ། ༀ་ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་མཾ། ཏིཥྛ་བཛྲ་ཧཱུྃ། གསུང་གི་བྱིན་རླབས་བརྟན་པར་བྱས་པར་མོས་ཤིག །དེས་དཔལ་ལྷ་མོའི་གསུང་གི་རྗེས་གནང་ཐོབ་པ་ཡིན་ནོ། །མདུན་གྱི་ལྷ་མོའི་ཐུགས་ཀ་ནས་ཐུགས་ཀྱི་ཡེ་ཤེས་ཕྱག་མཚན་རལ་གྲི། བནྡ། ཤཀྟི། ཏྲི་ཤུ་ལའི་རྣམ་པ་དཔག་ཏུ་མེད་པ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་མོས་ཤིག །རོལ་མོའི་སྒྲ་བྱ། སྙིང་གར་ཐིག་ལེ་བྱས་ལ། ༀ་ཙིརྟ་བཛྲ་ཨ་བྷི་ཥིཉྩ་མཱཾ། ཏིཥྛ་བཛྲ་ཧཱུྃ། ཐུགས་ཀྱི་བྱིན་རླབས་བརྟན་པར་བྱས་པར་མོས་ཤིག །དེས་དཔལ་ལྷ་མོའི་ཐུགས་ཀྱི་རྗེས་གནང་ཐོབ་པ་ཡིན་ནོ། ཧཱུྃ་ལས་བྱུང་བའི་རལ་གྲི་ལ་སོགས་པའི་ཕྱག་མཚན་རབ་ཏུ་འབར་བར་གྱུར། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས། ཡེ་ཤེས་པ་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་བསྟིམས། རལ་གྲི་སློབ་མའི་ལག་ཏུ་གཏད་ལ། དེང་ནས་བྱང་ཆུབ་སྙིང་པོའི་བར། །གདུག་པ་ཅན་ཀུན་ཚར་གཅོད་དང་། །སངས་རྒྱས་བསྟན་པ་རྒྱས་པ་ཡི། །ཕྲིན་ལས་རབ་འབྱམས་སྤྱོད་པར་གྱིས། ༀ་བཛྲ་ཁངྒ་ཨ་བྷི་ཥིཉྩ་ཧཱུྃ། ཐོད་པ་གཏད་ལ། །གདུག་པ་ཅན་ཀུན་ཚར་གཅོད་དང་། ཞེས་པའི་ཚབ་ཏུ། སྐལ་ལྡན་རྗེས་སུ་འཛིན་པ་དང་། ཞེས་དང་། ཁངྒའི་ཚབ་ཏུ། བཛྲ་ཀ་པཱ་ལ་ཞེས་འདོན་པ་སྤྲོས། ཤཀྟི་གཏད་ལ། ནད་དང་བར་ཆད་ཞི་བ་དང་། བཛྲ་ཤཀྟི། རྩེ་གསུམ་གཏད་ལ། འགྲོ་བ་དབང་དུ་སྡུད་པ་དང་། བཛྲ་ཏྲི་ཤཱུ་ལ། ཞེས་འདོན་པ་སྤོ། ལྟེ་བར་ཐིག་ལེ་བྱས་ལ། ༀ་ཀརྨ་བཛྲ་ཨ་བྷི་ཥིཉྩ་མཱཾ། ཏིཥྛ་བཛྲ་ཧཱུྃ། ཕྲིན་ལས་ཀྱི་བྱིན་རླབས་བརྟན་པར་བྱས་པར་མོས་ཤིག །ཁྱེད་རང་རྣམས་སྙིང་གར་ཡི་དམ། དེའི་ཐུགས་ཀར་བྷྱོ་ཡིག་གི་སྟེང་དུ་ཧཱུྃ་གི་མཐའ་སྐོར་ཏུ། ཡི་དམ་གྱི་སྔགས་ཀྱིས་བསྐོར་བ་སྔགས་ཀྱི་འོད་ཟེར་གྱི་དྲྭ་བ་དམ་པོས་བྷྱོ་ཡིག་བཅིངས་པར་སྒོམས་ཤིག །གཏོར་མའི་བཀའ་བསྒོ་ནི། རྟེན་གཏོར་ཐོགས་ལ། གཏོར་མ་སྐད་ཅིག་གིས་དཔལ་ལྡན་དུད་པའི་སོལ་བ་མ་འཁོར་ནག་མོ་འབུམ་སྡེའི་

ཤོག་ལྷེ་༥༣༤ཚོགས་དང་བཅས་པ་མངོན་གསུམ་བཞིན་དུ་གསལ་བ་ལ་བཀའ་བསྒོས་ཤིང་བྱིན་གྱིས་བརླབས་པས་ལས་དང་དངོས་གྲུབ་ཐོགས་པ་མེད་པར་སྒྲུབ་པར་ཞལ་གྱིས་བཞེས་པར་སྒོམས་ཤིག །དཔལ་ཡེ་ཤེས་ཀྱི་ལྷ་མོ་དུད་པའི་སོལ་བ་མ་འཁོར་ནག་མོ་འབུམ་སྡེའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། གྲུབ་ཆེན་ཏཻ་ལོ་པ། པཎ་ཆེན་ནཱ་རོ་པ། རྗེ་མར་པ་ལོ་ཙཱ། རྔོག་ཆོས་སྐུ་རྡོ་རྗེ་ནས་རིམ་པར་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གི་རིམ་པ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། སེམས་ཅན་གྱི་བདེ་སྐྱིད་སྤེལ། བྱེ་བྲག་ཏུ་རིག་པ་འཛིན་པའམ་རྡོ་རྗེའི་སློབ་མ་འདི་ཉིད། དུས་འདི་ནས་བཟུང་སྟེ་ཇི་སྲིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་བར་ཆད་ཐམས་ཅད་ལས་སྲུངས་ཤིག །མི་མཐུན་པའི་ཕྱོགས་ཐམས་ཅད་སོལ་ཅིག །མཐུན་རྐྱེན་ཐམས་ཅད་སྒྲུབས་ཤིག །སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། བྱེ་བྲག་རིག་པ་འཛིན་པ་འདི་ཉིད་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག །མདོར་ན་རིག་པ་འཛིན་པ་འདིའི་ཆོས་ལྡན་བསམ་པ་ཡིད་བཞིན་འགྲུབ་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ། ཅེས་བརྗོད། གཏོར་མ་མགོར་བཞག་ཅིང་ལག་པར་གཏད། མཐར་གཏོར་མ་ལ་ནང་མཆོད་རྡོ་རྗེའི་རྩེ་མོས་གཏོར་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ནས། ཀྲ་མ་ཧཱུྃ། ལྷ་མོ་དམ་ལ་གནས་པར་བསམ། གཏོར་མ་དང་ནང་མཆོད་ནས་ཅུང་ཟད་གཅིག་སློབ་མ་ལ་སྦྱིན་ལ། ༀ་རོ་རུ་རོ་རུ་སོགས་བརྗོད་དེ་དམ་ཚིག་བསྲེ་བའོ། དེང་ཕྱིན་ཆད་དཔལ་ལྡན་ལྷ་མོ་འདི་ཉིད་རྟག་ཏུ་བསྟེན་ཅིང་མཆོད་གཏོར་ལ་བརྩོན་པ་སོགས་སྐྱི་དང་བྱེ་བྲག་གི་དམ་ཚིག་ཚུལ་བཞིན་བསྲུང་དགོས་པས་དེ་ལྟར་

ཤོག་ལྷེ་༥༣༥བགྱི་སྙམ་དུ་འདིའི་རྗེས་བཟློ། གཙོ་བོས་ཇི་ལྟར་སོགས་རྗེས་སྤྱི་ལྟར་བྱ། སླར་ཡང་གཏོར་འབུལ་སྔར་ལྟར་དང་། དཀྱིལ་འཁོར་ལ་མཆོད་བསྟོད། བཟོད་གསོལ། རྟེན་ཡོད་ན་རྟེན་བཞུགས། མེད་ན་གཤེགས་གསོལ། བསྔོ་སྨོན། བཀྲ་ཤིས་བརྗོད་པ་སོགས་སྤྱི་ལྟར་བྱས་པས་གྲུབ་བོ། །མ་མོ་ཀུན་གྱི་གཙོ་གྱུར་པ། །དགའ་ཆེན་ལྷན་ཅིག་སྐྱེས་པའི་དངོས། །བསྟན་སྲུང་བརྒྱ་དང་རྩ་བརྒྱད་ཀྱི། །སྙིང་པོ་ཡིན་ཞེས་མར་པས་བསྔགས། །དཔལ་ལྡན་ལྷ་མོ་དུད་སོལ་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །དར་རྒྱས་འཕེལ། ཅེས་སྒྲུབ་ཐབས་རིན་འབྱུང་ལས་ཁོལ་དུ་ཕྱུངས་ཏེ་རྗེས་གནང་ཁ་གསལ་བཀླག་ཆོག་ཏུ་བཀོད་པའོ།། །།དགེ་ལེགས་འཕེལ། ཤུབྷཾ།།

ཤོག་ལྷེ་༥༣༦

Notes