Tibetan:དགེ་ལྡན་བཀའ་བརྒྱུད་ཀྱི་བཀའ་སྲོལ་ཕྱག་རྒྱ་ཆེན་པོའི་རྩ་བ་རྒྱས་པར་བཤད་པ་ཡང་གསལ་སྒྲོན་མེ་
(Redirected from དགེ་ལྡན་བཀའ་བརྒྱུད་ཀྱི་བཀའ་སྲོལ་ཕྱག་རྒྱ་ཆེན་པོའི་རྩ་བ་རྒྱས་པར་བཤད་པ་ཡང་གསལ་སྒྲོན་མེ་)
Jump to navigation
Jump to search
དགེ་ལྡན་བཀའ་བརྒྱུད་ཀྱི་བཀའ་སྲོལ་ཕྱག་རྒྱ་ཆེན་པོའི་རྩ་བ་རྒྱས་པར་བཤད་པ་ཡང་གསལ་སྒྲོན་མེ་
dge ldan bka' brgyud kyi bka' srol phyag rgya chen po'i rtsa ba rgyas par bshad pa yang gsal sgron me
Damngak Dzö Volume 4 (ང་) / Pages 499-548 / Folios 1a1 to 25b6
dge ldan bka' brgyud kyi bka' srol phyag rgya chen po'i rtsa ba rgyas par bshad pa yang gsal sgron me
Damngak Dzö Volume 4 (ང་) / Pages 499-548 / Folios 1a1 to 25b6
Tibetan Text
དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་ཞེས་བྱ་བ་བཞུགས་སོ། །
༥༠༠ན་མོ་མ་ཧཱ་མུ་དྲཱ་ཡ། རབ་འབྱམས་སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །ངུར་སྨྲིག་འཛིན་པའི་གར་གྱིས་རྣམ་རོལ་བ། །བཀའ་དྲིན་གསུམ་ལྡན་རྗེ་བཙུན་བླ་མ་ཡི། །ཞབས་ཀྱི་པདྨོར་གུས་པས་ཕྱག་བྱས་ཏེ། །དུས་གསུམ་རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་བཅུད། །མདོ་དང་རྒྱུད་སྡེ་རྒྱ་མཚོའ་སྙིང་པོའ་དོན། །གྲུབ་པའི་དབང་པོ་ཀུན་གྱིས་གཤེགས་པའི་ཤུལ། །ཕྱག་ཆེན་ཡང་གསལ་སྒྲོན་མེ་བཤད་པར་བྱ། །འདིར་མཁས་པ་དང་གྲུབ་པའི་སྐྱེས་བུ་དམ་པ་རྣམས་ཀྱི་བཀའ་སྲོལ་ཕྱག་རྒྱ་ཆེན་པོའ་གདམས་པ་འཆད་པར་བྱེད་པ་ལ་གསུམ། རྩོམ་པ་ལ་འཇུག་པའི་བྱ་བ། བརྩམས་པའི་གདམས་པ་དངོས་བཤད་པ། །བརྩམས་པ་ལས་བྱུང་བའི་དགེ་བ་བསྔོ་བའོ། །དང་པོ་ནི། བདག་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་བསྟན་པ་སོགས་ཀྱི་ཕྱིར་ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ་བ་དང་། རྩོམ་པ་མཐར་ཕྱིན་པར་བྱ་བའི་ཕྱིར། རྩོམ་པ་དམ་བཅའ་སྤྱིར་སྟོན་པ་ལ། ན་མོ་མ་ཧཱ་མུ་དྲཱ་ཡ། ཀུན་ཁྱབ་ཀུན་གྱི་རང་བཞིན་ཕྱག་རྒྱ་ཆེ། །དབྱེར་མེད་བརྗོད་བྲལ་
༥༠༡སེམས་ཀྱི་རྡོ་རྗེའི་དབྱིངས། །རྗེན་པར་སྟོན་མཛད་ཁྱབ་བདག་གྲུབ་པའི་རྗེ། །ཟླ་མེད་བླ་མའི་ཞབས་ལ་གུས་པས་འདུད། །མདོ་རྒྱུད་མན་ངག་རྒྱ་མཚོའ་བཅུད་བསྡུས་ནས། །ལེགས་པར་འདོམས་མཛད་དགེ་ལྡན་བཀའ་བརྒྱུད་པ། །གྲུབ་མཆོག་དྷརྨ་བཛྲ་ཡབ་སྲས་ཀྱི། །བཀའ་སྲོལ་ཕྱག་རྒྱ་ཆེན་པོའ་གདམས་པ་བྲི། །ཞེས་པ་སྟེ། ཤོ་ལོ་ཀ་གཉིས་པོ་འདིའི་དོན་རྟོགས་དཀའ་བ་མིན་པའི་ཕྱིར་ཞིབ་པར་མ་བྲིས་སོ། །གཉིས་པ་ནི། འདི་ལ་སྦྱོར་དངོས་མཇུག་གསུམ་ལས་ཏེ། །བརྩམ་པའི་གདམས་པ་དངོས་བཤད་པ་འདི་ལ་གསུམ། །སྦྱོར་བ་དང་། དངོས་གཞི་དང་། མཇུག་གསུམ་ལས། དང་པོ་ནི། དང་པོ་བསྟན་དང་ཐེག་ཆེན་ལ། །འཇུག་པའི་སྒོ་དང་གཞུང་ཤིང་ཕྱིར། །ཁ་ཙམ་ཚིག་ཙམ་མ་ཡིན་པའི། །སྐྱབས་འགྲོ་སེམས་བསྐྱེད་ནན་ཏན་བྱ། །སེམས་ཀྱི་ཆོས་ཉིད་མཐོང་བ་ཡང་། །ཚོགས་བསགས་སྒྲིབ་སྦྱངས་ལ་བལྟོས་པས། །ཡིག་བརྒྱ་འབུམ་ཙམ་ལྟུང་བཤགས་ནི། །བརྒྱ་ཕྱག་གང་མང་སྔོན་བཏང་ནས། །དུས་གསུམ་སངས་རྒྱས་
༥༠༢ཐམས་ཅད་དང་། །དབྱེར་མེད་རྩ་བའི་བླ་མ་ལ། །སྙིང་ནས་གསོལ་འདེབས་ཡང་ཡང་བྱ། །ཞེས་པ་སྟེ། སློབ་དཔོན་ཆེན་པོ་ཤནྟི་པ། །བླ་མ་གསེར་གླིང་པ། ཇོ་བོ་ཆེན་པོ་ལྷ་ཅིག་སོགས་འཕགས་ཡུལ་གྱི་མཁས་གྲུབ་མང་པོ་ཕྱི་ནང་གི་ཁྱད་པར་ཡང་སྐྱབས་འགྲོ་རྣམ་དག་གི་སྒོ་ནས་འབྱེད་ཅིང་། དེ་དང་མཐུན་པར་རྗེ་བཙུན་ས་པཎ་གྱིས། སྐྱབས་འགྲོ་མེད་ན་ཆོས་པ་མིན། །ཅེས་གསུངས་པ་ལྟར་སྐྱབས་འགྲོ་རྒྱུད་དང་འདྲེས་ངེས་ནན་ཏན་དུ་བྱེད་དགོས་ཏེ། དམ་པས་ཀྱང་བློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་གཏོད། བྱིན་རླབས་ཤུགས་ལས་འབྱུང་ངོ་དིང་རི་བ། །ཅེས་གསུངས་པའི་ཕྱིར། དེ་བཞིན་དུ་མགོན་པོ་ཞི་བ་ལྷས། །བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམས་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་དང་། ཇོ་བོ་ཆེན་པོས་ཀྱང་། ཐེག་ཆེན་ཆོས་སྒོར་འཇུག་འདོད་པས། །མུན་སེལ་གདུང་བ་ཞི་བྱེད་པ། །ཉི་ཟླ་ལྟ་བུའི་བྱང་ཆུབ་སེམས། །བསྐལ་བར་འབད་པས་སྐྱེ་ཡང་རུང་། །ཞེས་ཐེག་པ་ཆེན་པོའ་འཇུག་སྒོ་དང་། །དེར་མ་ཟད། རྣམ་སྣང་མངོན་བྱང་དུ་ཡང་། གསང་བ་པའི་བདག་པོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུད་ལས་བྱུང་བ་ཡིན། ཐབས་ཀྱི་མཐར་ཕྱིན་པ་ཡིན་ནོ། །ཞེས་གསུང་པ་ལྟར་ཐེག་ཆེན་གྱི་གཞུང་ཤིང་ཡིན་པས། སྤྱིར་ན་གངས་རིའི་ཁྲོད་ཀྱི་གྲུབ་མཐའ་སོ་སོའ་འབྱུང་ཁུངས་ཀྱི་དམ་པ་ཐམས་ཅད་ཟབ་ཁྲིད་རྩི་འཆད་དམ་བསྒོམ་པའི་སྔོན་འགྲོར། སྐྱབས་འགྲོ་སེམས་བསྐྱེད་མཎྜལ། རྡོར་སེམས་བླ་མའི་རྣལ་འབྱོར་རྣམས་ལ་འཁྲིད་བཞིའི་ཐ་སྙད་མཛད་ནས་ཕྱག་བཞེས་མི་མཐུན་པ་མེད་ཅིང་། ཁྱད་པར་སྔགས་བླ་མེད་ཀྱི་གདུལ་བྱའི་མཆོག་རྣལ་འབྱོར་གྱི་
༥༠༣དབང་ཕྱུག་མི་ལ་རས་པས་ནི། ཐོག་མར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས། ངེས་འབྱུང་ལས་འབྲས། འཆི་བ་མི་རྟག་པ་བསྒོམ་ཤིང་འདོམས་པར་ཡང་མཛད་དེ། ཇི་སྐད་དུ་མི་ཁོམ་བརྒྱད་ལ་འཇིགས་འཇིགས་ནས། །མི་རྟག་འཁོར་བའི་ཉེས་དམིགས་བསྒོམས། །ལས་རྒྱུ་འབྲས་ཆོས་ལ་ནན་ཏན་བྱས། །སྐྱབས་དཀོན་མཆོག་གསུམ་ལ་བློ་ཕུགས་གཏད། །ཐབས་བྱང་ཆུབ་སེམས་ལ་རྒྱུད་སྦྱངས་པས། །བག་ཆགས་སྒྲིབ་པའི་རྒྱུན་ལམ་བཅད། །སྣང་བ་ཅིར་སྣང་སྒྱུ་མར་རྟོགས། །ད་ངན་སོང་གསུམ་ལ་ཉམས་ང་མེད་ཅེས་དང་། །དགེ་དང་མི་དགེའི་ལས་རྣམས་ལ། །རྒྱུ་འབྲས་དག་པར་མ་བསམས་ན། །ངན་སོང་སྡུག་བསྔལ་མི་བཟོད་པས། །ཕྲ་ཞིང་ཕྲ་བའི་རྣམ་སྨིན་ལ། །བག་ཡོད་དྲན་པས་ཟིན་ཀྱང་འཚལ། །ཅེས་པ་དང་། འདོད་ཡོན་ལ་སྐྱོན་དུ་མ་བལྟས་ཤིང་། །ཞན་པ་ནང་ནས་མ་ལོག་ན། །འཁོར་བའི་བཙོན་ར་མི་སྒྲོལ་བས། །ཐམས་ཅད་སྒྱུ་མར་ཤེས་པའི་བློས། །ཀུན་འབྱུང་གཉེན་པོ་བསྟེན་ཡང་འཚལ། །ཅེས་པ་དང་། འགྲོ་དྲུག་སེམས་ཅན་ཕ་མ་ལ། །བྱས་པ་དྲིན་དུ་མི་གཟོ་ན། །ཐེག་པ་དམན་པར་གོལ་བའི་སྐྱོན། །དེ་ཕྱིར་བརྩེ་བ་ཆེན་པོ་ཡིས། །བྱང་ཆུབ་སེམས་ལ་བསླབ་ཀྱང་འཚལ། །ཅེས་སོགས་ལམ་རིམ་ཇི་ལྟ་བ་བཞིན་དུ་གསུངས་སོ། །རྗེ་བཙུན་གྱི་རྗེས་འཇུག་གི་གཙོ་བོ་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་སྲོལ་འབྱེད་དྭགས་པོ་རིན་པོ་ཆེས་ཀྱང་། དྭགས་པོ་ཆོས་བཞིར་གྲགས་པར། བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་ལོངས་པ། །ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་བཞི་པོའ་རྒྱས་བཤད་བཀའ་གདམས་བློ་སྦྱོང་བཞིན་ཡིན་ནོ། །དེ་བཞིན་དུ་རྡོ་རྗེ་འཛིན་པ་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས། ཞེན་པ་བཞི་བྲལ་དུ། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །འཁོར་བ་ལ་ཞེན་ན་ངེས་འབྱུང་
༥༠༤མིན། །བདག་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན། །ཅེས་རྣམ་བཅད་ལ་ལྡོག་ཕྱོགས་བཞི་དངོས་སུ་བསྟན་ནས་ཡོངས་གཅོད་ལ། ཚེ་འདི་ལ་ཞེན་པའི་གཉེན་པོར། དལ་འབྱོར་མི་རྟག་པ་ངན་འགྲོའི་སྡུག་བསྔལ་བསམ་པ་སོགས་སྐྱེས་བུ་ཆུང་ངུ་དང་། འཁོར་བ་ལ་ཞེན་པའི་གཉེན་པོར། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཅན་དུ་ཤེས་པར་བྱས་ནས། ལམ་བསླབ་པ་གསུམ་ལ་སློབ་དགོས་པ་དང་། རང་གཅིག་པུ་ཞི་བདེ་དོན་གཉེར་གྱི་གཉེན་པོར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ། འཁོར་བའི་རྩ་བ་བདག་འཛིན་གྱི་གཉེན་པོར། གང་ཟག་དང་ཆོས་ཀྱི་བདག་མེད་སྒོམ་དགོས་པར་གསུངས་པ་ཡིན་ནོ། །དེ་ལྟར་ན་མདོ་རྒྱུད་ཚད་ལྡན་གྱི་བསྟན་བཅོས་རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱི་ལམ་དེ་དག་ལ་ཡང་དག་པར་བསྔགས་པས། སྔོན་འགྲོའི་སྐབས་སུ་བཤད་ཀྱང་སྔོན་འགྲོའོ་སྙམ་དུ་མི་སེམས་པར་དངོས་གཞི་དང་ཟུང་འབྲེལ་དུ་ཉམས་སུ་བླང་བར་བྱ་ཞིང་། སྤྱིར་སེམས་ཀྱི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ཚོགས་རྒྱ་ཆེན་པོ་གསོག་པ་དང་། སྡིག་སྒྲིབ་སྦྱོང་བ་ལ་རག་ལས་པས་ཐུན་མཚམས་ཀུན་ཏུ་བསགས་སྦྱང་ལ་འབད། ཁྱད་པར་སྙིང་པོ་རྒྱན་ལས། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་འགྱུར་བས། །འཕེལ་བ་རུ་ནི་མི་འགྱུར་ཅེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཅེས་ཉིན་བཞིན་ཉི་ཤུ་རྩ་རེ་བཟླས་ན་ལྟུང་བའི་འཕེལ་ཁ་འཆད་ཅིང་འབུམ་བཟླས་ན་རྩ་ལྟུང་ཡང་འདག་པར་གསུངས་པས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་བརྩོན་པ་དང་། གཞན་ཡང་ལྟུང་བཤགས་བརྒྱ་ཕྲག་དང་བཅས་པ་སོགས་སྟོབས་བཞི་ཚང་བའི་བཤགས་བསྡམ་
༥༠༥ལ་ནན་ཏན་སྙིང་པོར་བྱའོ། །དེ་ནས་འདི་ཕྱིའི་དགེ་ལེགས་ཐམས་ཅད་ཀྱི་འབྱུང་གནས། རྒྱལ་བ་སྲས་བཅས་གྲུབ་པའི་དབང་པོ་ཐམས་ཅད་ཀྱི་རྣམ་ཐར་བཀའ་དྲིན་གསུམ་ལྡན་གྱི་རང་གི་རྩ་བའི་བླ་མ་དེ་ཉིད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་དམ་དཀོན་མཆོག་གསུམ་འདུས་པའི་བདག་ཉིད་དུ་མོས་ནས་བླ་སྒྲུབ་ཅེས་པའམ། ལམ་ཟབ་བླ་མའི་རྣལ་འབྱོར་བསྒོམས་ཏེ། སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས་པ་ཡང་ནས་ཡང་དུ་རྒྱུན་མ་ཆད་པར་བྱེད་པ་ནི་གནད་ཀྱི་དོན་པོ་སྟེ། ཇོ་བོ་ཆེན་པོ་ལ་ཨ་ཏི་ཤ་གདམས་ངག་ཞུ་ཞེས་སྐད་ཆེན་པོས་ཞུས་པ་ན། ཧེ་ཧེ་ཁོ་བོ་ལ་རྣ་བ་ལྟ་བཟང་པོ་བདོག་སྟེ་གདམས་ངག་བྱ་བ་དད་པ་ཡིན་དད་པ། ཞེས་གསུངས་ཤིང་། ཆོས་རྗེ་ས་པཎ་གྱིས་ཀྱང་། དེས་ན་དབང་བསྐུར་ཐོབ་པའི་མིས། །དཀོན་མཆོག་གསུམ་པོ་བླ་མ་རུ། །འདུས་པར་མཐོང་ནས་བླ་མ་ལ། །གསོལ་བ་བཏབ་ན་བྱིན་རླབས་འཇུག །ཅེས་གསུངས་ཤིང་། དམ་པས་ཀྱང་། བླ་མས་བསྐྱལ་ན་གང་འདོད་གནས་སུ་སླེབ། །རྐང་གླར་མོས་གུས་ཕུལ་ཅིག་དིང་རི་བ། །ཅེས་པ་དང་། རྗེ་བཙུན་མི་ལས་ཀྱང་། སྟོན་པ་ཁྱོད་དབུས་སུ་བཞུད་རྩ་ན། །རེས་འགའ་བླ་མའི་སྣང་བ་འཆར། །བླ་མའི་སྣང་བ་ཤར་ཙ་ན། །འབྲལ་མེད་སྤྱི་བོར་གསོལ་བ་ཐོབ། །བརྗོད་མེད་སྙིང་གི་དཀྱིལ་དུ་སྒོམས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དངོས་གཞི་ཕྱག་རྒྱ་ཆེན་པོ་ལ། །བཞེད་ཚུལ་མང་དུ་འདུག་ན་ཡང་། །མདོ་སྔགས་དབྱེ་བས་གཉིས་སུ་ཡོད། །ཅེས་པ་སྟེ། །དངོས་གཞི་ཕྱག་རྒྱ་ཆེན་པོ་ལ་འཆད་པར་འགྱུར་བ་ལྟར་བཞེད་ཚུལ་མང་སྟེ། རྒྱལ་བ་འབྲི་ཁུང་པ་ནི་འགྲོ་མགོན་རིན་པོ་ཆེའི་དགོངས་པར་མཛད་ནས་ཐེག་པ་གསུམ་དང་འབྲེལ་བའི་ཕྱག་ཆེན་སོགས་ཕྱག་རྒྱ་བཞི་གའི་རྣམ་བཞག་མཛད་དེ། །ཇི་སྐད་དུ།
༥༠༦ཟབ་པའི་ཕྱག་རྒྱ་རྣམ་བཞི་ལས། །བྱང་ཆུབ་རྣམ་གསུམ་ཐོབ་པའི་ཐབས། །ལམ་གྱི་ཕྱག་རྒྱ་རྣམ་བཞི་སྟེ། །འགྲོ་མགོན་གོང་མས་རབ་གསུངས་པ། །སྡོམ་པ་གསུམ་ལ་མཚོན་པ་སྟེ། །ཉན་ཐོས་ལུས་ངག་ཡིད་གསུམ་འདི། །མི་འབྲལ་ལས་ཀྱི་ཕྱག་རྒྱ་ཡིན། །གང་ཟག་བདག་མེད་རྟོག་པ་དེ། །ཆོས་ཀྱི་ཕྱག་རྒྱ་ཡིན་ཅེས་གསུངས། །ཉོན་མོངས་བྲལ་བ་དམ་ཚིག་ཡིན། །ཕུང་པོ་ལྷག་མ་མེད་པ་ཡི། །མྱ་ངན་འདས་པ་ཕྱག་རྒྱ་ཆེ། །བྱང་ཆུབ་སེམས་དཔའི་སྒོ་གསུམ་དེ། །ཕ་རོལ་ཕྱིན་དྲུག་མི་འབྲལ་བ། །ལས་ཀྱི་ཕྱག་རྒྱ་དེ་ཉིད་ཡིན། །སྒྱུ་མ་སྤྲོས་པ་དང་བྲལ་བ། །དེ་ནི་ཆོས་ཀྱི་ཕྱག་རྒྱ་ཡིན། །རང་དོན་དྲི་མས་མ་གོས་པ། །དེ་ནི་དམ་ཚིག་ཕྱག་རྒྱ་ཡིན། །སྟོང་དང་སྙིང་རྗེ་རོ་མཉམ་པ། །ཕྱག་རྒྱ་ཆེན་པོ་ཉིད་ཡིན་ནོ། །གསང་སྔགས་ས་ཡི་ལམ་ལྟར་ན། །ཕོ་ཉ་བསྟེན་པ་ལས་རྒྱ་ལ། །རླུང་སེམས་ཁ་སྦྱོར་མི་འབྲལ་བ། །དེ་ནི་ཆོས་ཀྱི་ཕྱག་རྒྱའོ། །ཉམས་པ་མེད་པ་དམ་ཚིག་ཡིན། །ལྷན་སྐྱེས་ཡེ་ཤེས་མངོན་གྱུར་པ། །དེ་ནི་ཕྱག་རྒྱ་ཆེན་པོའོ། །གྲོལ་ལམ་གཏུམ་མོའ་མན་ངག་དེ། །ལུས་ཀྱི་འཕྲུལ་འཁོར་དམིགས་པ་དང་། །རླུང་གི་ཡན་ལག་ལས་རྒྱ་ཡིན། །བདེ་བའི་ཡེ་ཤེས་སྐྱེས་པ་དེ། །ཆོས་ཀྱི་ཕྱག་རྒྱ་ཞེས་བྱའོ། །ཆགས་པ་མེད་པ་དམ་ཚིག་སྟེ། །ལྷུན་གྲུབ་ཕྱག་རྒྱ་ཆེན་པོ་ཡིན། ཅེས་གསུངས་པ་ལྟར་རོ། །འགོས་ལོ་ཆེན་པོ་གཞོན་ནུ་དཔལ་ནི། སྟོང་ཉིད་ངེས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་ཕྱག་རྒྱ་ཆེན་པོར་བཞེད་དེ། དེས་སྔོན་གྱི་ཕྱག་ཆེན་ལོ་རྒྱུས་ཐོག་མར། ད་ནི་སངས་རྒྱས་ཀྱི་བསྟན་པའི་གཞི་སོ་སོ་ཐར་པ་ནས་དཔལ་གསང་བ་འདུས་པའི་བར་གྱི་སྒྲུབ་པ་དང་ཉམས་ལེན་ཐམས་ཅད་ལ་རྒྱས་འདེབས་པར་བྱེད་པ་ཕྱག་རྒྱ་ཆེན་པོའ་གཏམ་བརྗོད་པར་བྱ་སྟེ། ཞེས་བཤད་པས་སོ། །དེ་ལྟར་བཞེད་ཚུལ་སྣ་ཚོགས་ཀྱང་། མདོར་བསྡུ་ན། །
༥༠༧མདོ་སྔགས་ཀྱི་དབྱེ་བས་གཉིས་སོ། །དེ་ལས་འདིར་དང་པོའ་དབང་དུ་བྱས་ཏེ་ཅུང་ཟད་རྒྱས་པར་འཆད། ཕྱི་མ་ཡི་གེ་ཉུང་བར་སྟོན་པའི་ཕྱིར་ཐོག་མར་བཤད་པ། ཕྱི་མ་རྡོ་རྗེའི་ལུས་ཉིད་ལ། །གནད་དུ་བསྣུན་སོགས་ཐབས་མཁས་ལས། །བྱུང་བའི་བདེ་ཆེན་འོད་གསལ་ཏེ། །ས་ར་ཧ་དང་ཀླུ་སྒྲུབ་ཞབས། །ནཱ་རོ་མེ་ཏྲིའི་ཕྱག་ཆེན་ཏེ། །གྲུབ་སྙིང་སྐོར་ནས་བསྟན་པ་ཡི། །བླ་མེད་རྒྱུད་སྡེའི་ཡང་སྙིང་ཡིན། །ཅེས་སྨྲས་སོ། །དེའང་ཅིའི་ཕྱིར་ཕྱག་རྒྱ་ཆེན་པོ་ཞེས་བྱ་ཞེ་ན། ཕྱག་ཆེན་ཐིག་ལེ་ལས། ཕྱག་ནི་སྟོང་པའི་ཡེ་ཤེས་ཏེ། །རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། །ཆེན་པོ་ཟུང་དུ་འཇུག་པ་སྟེ། །ཕྱག་རྒྱ་ཆེན་པོ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་ཕྱི་མ་སྔགས་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་བཞི་རྣམ་པར་དག་པ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུངས། བསྐྱེད་རིམ་ལ་གོམས་པ་བརྟན་པར་བྱས་ཏེ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་སོགས་ཕྱི་ནང་གི་ཐབས་མཁས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའ་ཡེ་ཤེས་ཀྱིས་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་དཔེའི་འོད་གསལ་དང་། དེ་ལྟ་བུའི་ཡེ་ཤེས་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་དོན་ལ་འོད་གསལ་ཡིན་ཅིང་། འོད་གསལ་དེ་གཉིས་ཀྱི་ངོ་བོར་གྱུར་པའི་སེམས་དེ་ལ་ངེས་དོན་གྱི་ཨ་ཐུང་དང་། མི་བཤིག་པའི་ཐིག་ལེ་དང་། མ་བཅོས་པའི་སེམས་དང་། ཐ་མལ་གྱི་ཤེས་པ་དང་། གཉུག་མའི་སེམས་ཞེས་སོགས་ཀྱི་མིང་གིས་གསུངས་སོ། །དཔལ་མགོན་པོ་བདེ་བ་ཆེན་པོའམ། མཚོ་སྐྱེས་རྡོ་རྗེ་དང་གྲུབ་ཆེན་ས་ར་ཧ་དང་། ཀླུ་སྒྲུབ་ཞབས་དང་། རི་ཁྲོད་དབང་ཕྱུག་དང་། ཏེ་ལོ་ནཱ་རོ་མཻ་ཏྲི་པ་སོགས་འཕགས་ཡུལ་གྱི་གྲུབ་ཆེན་རྣམས་དང་། དེར་མ་ཟད་མར་མི་སྒམ་པོ་པ་ཕག་གྲུ་སོགས་བཀའ་བརྒྱུད་གོང་མ་རྣམས་
༥༠༨ཀྱི་བཞེད་པ་མཐར་ཐུག་པའི་ཕྱག་ཆེན་ཀྱང་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་བདེ་ཆེན་གྱི་འོད་གསལ་ཡིན་ལ། དེ་ནི་གྲུབ་པ་སྡེ་བདུན་དང་། སྙིང་པོ་སྐོར་གསུམ་གྱི་བརྗོད་བྱའི་གཙོ་བོ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་རྒྱ་མཚོ་ལྟ་བུའི་ཡང་སྙིང་པོའ་སྙིང་པོ་ཡིན་ནོ། །གྲུབ་པ་སྡེ་བདུན་ནི། མགོན་པོ་བདེ་བ་ཆེན་པོས་གསང་བ་གྲུབ་པ་མཛད། འདིས་ནི་འདུས་པའི་རྩ་རྒྱུད་ཀྱི་དགོངས་པ་གཙོ་བོར་འགྲེལ་ཏེ། དཔལ་ལྡན་འདུས་ལས་མཆོག་གཞན་མེད། །འཇིག་སྡེ་ཀུན་གྱི་རིན་ཆེན་གཅིག །ཅེས་སོགས་འདུས་པའི་ཆེ་བ་བརྗོད་ནས། འདུས་པའི་བསྐྱེད་རིམ་ཀྱང་ཅུང་ཟད་དང་། ཁྱད་པར་རྩ་རྒྱུད་ཀྱི་ངེས་དོན་རྫོགས་རིམ་མཐོན་པོའ་སྐབས་ཀྱི་བདེ་སྟོང་དབྱེར་མེད་ཀྱི་ལམ་རྩལ་དུ་སྟོན་ནས་འཆད། འདི་ནི་གྲུབ་སྙིང་གཞན་རྣམས་ཀྱི་ཕྱི་མོ་ལྟ་བུར་མཛད་དོ། །དེའི་སློབ་མ་ཡན་ལག་མེད་པའི་རྡོ་རྗེས་ཐབས་ཤེས་གྲུབ་པ་མཛད། དེའི་སློབ་མ་ཨིནྡྲ་བྷུ་ཏིས་ཡེ་ཤེས་གྲུབ་པ། དེའི་ལྕམ་ལཀྵིཾ་ཀ་རས་གཉིས་མེད་གྲུབ་པ། ཌོམྦྷི་ཧེ་རུ་ཀས་ལྷན་ཅིག་སྐྱེས་གྲུབ། དཱ་རི་ཀ་པས་གསང་བ་ཆེན་པོའ་དེ་ཁོ་ན་ཉིད་གྲུབ་པ། རྣལ་འབྱོར་མ་ཅི་ཏོས་དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་གྲུབ་པ་མཛད་ཅིང་། སྙིང་པོ་སྐོར་གསུམ་ནི། དོ་ཧ་གསུམ་ཡིན་ལ། བུ་སྟོན་ཐམས་ཅད་མཁྱེན་པ་སོགས་མཁས་པ་འགའ་ཞིག་ནི་དམངས་དོ་ཧ་རྣམ་དག་དང་། གཞན་གཉིས་ཁ་གཡར་ཡིན་གསུང་ངོ་། །དེས་ན་འགའ་ཞིག་མགོན་པོ་ཀླུ་སྒྲུབ་ཞབས་ཀྱི་རིམ་ལྔ་དང་རྫོགས་རིམ་སྟོན་ཚུལ་ཁྱད་པར་མེད་པ་མི་འདོད་དེ། དོ་ཧ་ལས། བྲམ་ཟེ་སྐུད་པ་འཁལ་བ་བཞིན། །རྣལ་འབྱོར་ཤེས་པ་ཀློད་ལ་ཞོག །འཇུར་བུས་བཅིངས་པའི་སེམས་ཉིད་འདི། །གློད་ན་གྲོལ་བ་ཐེ་ཚོམ་མེད། །ཅེས་དང་། སོ་མ་མ་བཅོས་ལྷུག་པ་ཅེས་དང་། དེ་ཁོ་ན་ཉིད་བཅུ་པ་ལས་ཀྱང་། བླ་མ་དམ་པའི་དཔྱད་པ་མེད། །ཅེས་དང་པོ་ནས་དཔྱད་པ་མི་བྱེད་
༥༠༩པར་ཡིད་བྱེད་བཀག་ནས་བཞག་པས་གྲོལ་བར་འགྱུར་བར་བཤད་པའི་ཕྱིར་ཅེ་ན། འདི་དང་འདི་འདྲ་བའི་གྲུབ་སྙིང་གི་ལུང་རྣམས་ལ་འཁྲུལ་བཞི་འོང་བ་བདེན་ནའང་། རྗེ་ཐམས་ཅད་མཁྱེན་པས་གསལ་སྒྲོན་སོགས་སུ། དོ་ཧ་སོགས་ནས་གསུངས་པ་ནི། སྔགས་ལམ་མཐོན་པོའ་ཉམས་ལེན་ཡིན་གསུངས་པ་བཀའ་གཞན་དུ་མི་འགྱུར་བ་ཡིན་ཏེ། དོ་ཧའི་དོན་དཔེར་ཅུང་ཟད་བཤད་ན། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་པ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་སྙིང་རྗེ་ལྷན་སྐྱེས་ཀྱི་བདེ་ཆེན་དང་། །སྟོང་པ་ཉིད་ཡུལ་ཡུལ་ཅན་སྦྱོར་དགོས་པ་དང་། ཡང་དེ་ཉིད་ལས། རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཀློག་པ་དེ་ཡིན་འཛིན་དང་བསྒོམ་པའང་དེ་ཡིན་ཏེ། །བསྟན་བཅོས་སྙིང་ལ་འཆད་པའང་དེ་ཡིན་ནོ། །དེས་མི་མཚོན་པའི་ལྟ་བ་ཡོད་མིན་ཏེ། །འོན་ཀྱང་ཅིག་ཏུ་བླ་མའི་ཞལ་ལ་བལྟོས་པ་ཡིན། །བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །གཉུག་མའི་རང་བཞིན་བྱིས་པས་མ་མཚོན་པར། །འཁྲུལ་པས་བྱིས་པ་བསླུས་ཞེས་མདའ་བསྣུན་སྨྲ། །ཞེས་རྣལ་འབྱོར་པས་གཉུག་མའི་སེམས་མངོན་སུམ་དུ་ཉམས་སུ་མྱོང་ཞིང་རྟོགས་པར་གྱུར་ན། ཆོས་ཐམས་ཅད་གཉུག་མ་དེ་ཉིད་ཀྱི་རྣམ་འཕྲུལ་ཡིན་ཅིང་། གཉུག་མ་དེའི་རྣམ་འགྱུར་མ་ཡིན་པར་གང་ཟག་གཞན་སུས་ཀྱང་ཤེས་པར་མི་འགྱུར་ལ། གཉུག་སེམས་མངོན་སུམ་དུ་གྱུར་པ་དེ་ཉིད། ཀློག་པ་དང་། འཛིན་པ་དང་། སྒོམ་པ་རྣམས་ཀྱི་སྙིང་པོ་མངོན་དུ་གྱུར་པའང་ཡིན་ཏེ། བསྟན་བཅོས་སྙིང་ལ་འཆད་པའི་དགོས་པའི་གཙོ་བོའང་དེ་ཡིན་ནོ། །སྙིང་པོ་དེས་
༥༡༠མཚོན་པར་བྱས་པའི་ལྟ་བ་ལས་ལྷག་པའི་ལྟ་བ་གཞན་ཡོད་པ་མིན་ཏེ། འོན་ཀྱང་སྙིང་པོ་དེ་བསྒོམ་སྟོབས་ཀྱིས་མངོན་སུམ་དུ་ཉམས་སུ་མྱོང་བར་འགྱུར་བ་ནི། མཐའ་གཅིག་ཏུ་རྡོ་རྗེ་འཆང་ནས་དམ་པ་བར་མ་ཆད་པའི་བླ་མ་དམ་པའི་ཞལ་གྱི་གདམས་ངག་ལ་ལྟོས་པ་ཡིན་ཅིང་། དེ་འདྲ་བའི་གདམས་པ་དང་ཉམས་མྱོང་ཅན་གྱི་བླ་མས་སྨྲས་པ་གང་གི་སྙིང་ལ་ཞུགས་པའི། སྙིང་པོ་སྟོང་པ་ཉིད་ལ་རྩེ་གཅིག་ཏུ་བཞག་སྟེ་བསྒོམས་པས་ནི། སྟོང་ཉིད་ཀྱི་དོན་ལག་པའི་མཐིལ་དུ་གནས་པའི་གཏེར་དང་འདྲ་བར་མངོན་སུམ་དུ་མཐོང་བར་འགྱུར་རོ། །གཉུག་མའི་རང་བཞིན་བྱིས་པ་སོ་སོའ་སྐྱེ་བོ་རྣམས་ཀྱིས་མངོན་སུམ་དུ་མ་མཐོང་བར་བདེན་ཞེན་གྱི་འཁྲུལ་པས་བྱིས་པ་བསླུས་ཞེས་མདའ་བསྣུན་ས་ར་ཧ་སྨྲའོ་ཞེས་པ་དང་། གཞན་ཡང་། གལ་ཏེ་མངོན་དུ་གྱུར་ན་བསམ་གཏན་ཅི། །ཅི་སྟེ་ལྐོག་ཏུ་གྱུར་ན་མུན་པ་འཇལ། །ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཉིད་ནི། །དངོས་དང་དངོས་མེད་པ་ཡང་མ་ཡིན་ནོ། །ཞེས་རང་བཞིན་ལྷན་སྐྱེས་གཉུག་སེམས་དེ་བསྒོམས་སྟོབས་ཀྱིས་མངོན་དུ་གྱུར་ན་དཔྱད་སྒོམ་གྱི་བསམ་གཏན་གྱིས་ཅི་བྱ། འོན་ཏེ་ལྐོག་ཏུ་གྱུར་ན་མ་རིག་པའི་མུན་པ་འཇལ་ལ། སྙིང་པོ་དེ་ནི་དངོས་པོ་བདེན་པ་དང་། །དངོས་མེད་ཆད་པའང་མ་ཡིན་ནོ། །ཞེས་པ་དང་། ཡང་། བསམ་གཏན་བྲལ་བས་ཅི་ཞིག་བསམ་བྱར་ཡོད། བརྗོད་དུ་མེད་གང་ཇི་ལྟར་བཤད་དུ་ཡོད། །སྲིད་པའི་ཕྱག་རྒྱས་འགྲོ་བ་མ་ལུས་བསླུས། །རང་བཞིན་གཉུག་མ་སུས་ཀྱང་བླངས་པ་མེད། །ཅེས་དང་། གཞན་ཡང་དོ་ཧ་ལས། རྒྱུད་མེད་སྔགས་མེད་བསམ་བྱ་བསམ་གཏན་མེད། །དེ་ཀུན་རང་ཡིད་འཁྲུལ་པར་བྱེད་པའི་རྒྱུ། །རང་བཞིན་དག་པའི་སེམས་ལ་བསམ་གཏན་དག་གིས་མི་སླད་དེ། །རང་ཉིད་བདེ་ལ་གནས་ཤིང་གདུང་བར་མ་བྱེད་ཅིག །ཟ་ཞིང་འཐུང་ལ་གཉིས་སྤྲོད་ཀྱིས་དགའ་ཞིང་། །རྟག་ཏུ་ཡང་དང་ཡང་
༥༡༡དུ་འཁོར་ལོ་འགེངས། །ཆོས་འདི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པའི་འཇིག་རྟེན་མགོ་བོར་རྡོག་པས་གནོན་ནས་སོང་། །གང་དུ་རླུང་དང་སེམས་ནི་མི་རྒྱུ་ཞིང་། །ཉི་མ་ཟླ་བ་འཇུག་པ་མེད་གྱུར་པ། །མི་ཤེས་པ་དག་གནས་དེར་སེམས་ནི་དབུགས་ཕྱུང་ཤིང་། །མདའ་བསྣུན་གྱིས་ནི་མན་ངག་ཐམས་ཅད་བསྟན་ནས་སོང་། །ཞེས་པའི་དོན་ཅུང་ཟད་བཤད་ན་རང་བཞིན་གཉུག་མ་ལྷན་ཅིག་སྐྱེས་པ་འོད་གསལ་གྱི་སེམས་གཞིའི་ཆོས་སྐུར་གྲགས་པ་དེ་ཡིན་ལ། དེ་ཉིད་བསྒོམས་སྟོབས་ཀྱིས་མངོན་སུམ་དུ་ཉམས་སུ་མྱོང་བའི་ཚེ་རྟོག་དཔྱོད་དང་། སྨྲ་བརྗོད་བྲལ་བས་རྟོག་དཔྱོད་ཀྱི་བསམ་གཏན་གྱིས་ཅི་ཞིག་བྱ་ཞིང་། བཤད་བྱར་ཡང་ཅི་ཞིག་ཡོད། དེ་ཉིད་བསྒོམས་སྟོབས་ཀྱིས་མ་ངེས་པས་སྲིད་པའི་ཕྱག་རྒྱས་འགྲོ་བ་མ་ལུས་པ་བསླུས་སོ། །བསླུས་ཀྱང་དེ་དག་གི་རང་བཞིན་གཉུག་མའི་སེམས་དེ་གཞན་སུས་ཀྱང་བླང་པའམ་ཕྲོག་པ་མེད་དེ། སྤྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དང་། ཁྱད་པར་མངལ་སྐྱེས་ཁམས་དྲུག་ལྡན་པ་རྣམས་འཆི་བའི་ཚེ་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འཆར་བའི་ཕྱིར་རོ། །དེ་ལྟར་ཤར་ཡང་ཐ་མལ་པས་ལམ་དུ་སྒྱུར་བར་མི་ནུས་ལ། དེར་མ་ཟད་འདོད་ཁམས་པ་ཕལ་ཆེར་དབང་པོ་གཉིས་སྦྱོར་ལ་དགའ་ཞིང་ཡང་དང་ཡང་དུ་དེའི་གཏམ་བརྗོད་ཀྱང་བདེ་བ་ཆེན་པོའ་གནད་ནི་ཤེས་པ་མེད་དེ། དོ་ཧ་ལས། ཁྱིམ་དང་ཁྱིམ་ན་དེ་ཡི་གཏམ་སྨྲ་ཡང་། །བདེ་ཆེན་གནད་ནི་ཡོངས་སུ་ཤེས་པ་མེད། །ཅེས་གསུངས་པ་ལྟར་རོ། །རྣལ་འབྱོར་པས་ནི་བདེ་བ་ཆེན་པོའ་ངོ་བོར་གྱུར་བའི་གཉུག་མའི་སེམས་དེས་སྟོང་པ་ཉིད་ཡུལ་དུ་བྱས་ཏེ་འཇོག་པ་མ་གཏོགས་གཞན་བཟང་ངན་གང་གི་ཡང་སྤྲོས་པ་ཅི་ཡང་མི་བྱེད་པ་ཡིན་ནོ། །དེ་ལྟ་བུའི་ཕྱག་ཆེན་གྱི་རྟོགས་པ་སྐྱེ་བ་ལ་ནི་ཚེ་སྔོན་མའམ་ཚེ་སྟོད་ཡན་ལ་ལམ་སྔ་མ་སྔ་མ་ལ་
༥༡༢སྦྱངས་ནས་རླུང་དབུ་མར་འཇུག་པ་བྱང་བ་ཞིག་ཡིན་ན། སེམས་ཅི་ཡང་མི་རྟོག་པར་འཇོག་པ་ལྟ་བུ་དམིགས་པ་གང་རུང་གཅིག་ལ་དམིགས་ན་ཡང་། འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་བྱེད་པས། གང་ཟག་འདི་ལ་བཀའ་བརྒྱུད་གོང་མ་རྣམས་ཅིག་ཆར་བའི་ཐ་སྙད་མཛད་དེ། ཀཱ་དཔེ་ལས། གང་ཟག་སྦྱངས་པའི་འཕྲོ་ཅན་ལ། །ཅིག་ཅར་བ་ནི་བསྟན་པར་བྱ། །ཞེས་འབྱུང་ཞིང་། རྗེ་ཐམས་ཅད་མཁྱེན་པས་གསལ་སྒྲོན་དུ་ཡང་རླུང་དབུ་མར་ཞུགས་པ་བྱང་བ་ཞིག་གིས་དམིགས་པ་ཅི་ལ་གཏད་ཀྱང་རླུང་དབུ་མར་འདུ་བ་ཞིག་སྣང་ངོ་། །ཞེས་གསུངས་པ་དང་གནད་གཅིག་གོ །དེ་མ་ཡིན་པའི་གདུལ་བྱས་ལམ་འདིའི་ཕྱག་ཆེན་མངོན་དུ་བྱེད་པ་ལ་ནི་གཏུམ་མོ་སོགས་ངེས་པར་བསྒོམ་དགོས་ཏེ། རྗེ་བཙུན་མི་ལས་ཀྱང་སྔོན་དུ་ནཱ་རོ་མར་པའི་བཀའ་སྲོལ་བཞིན་ནཱ་རོ་ཆོས་དྲུག་གཙོ་བོར་བསྒོམ་པས་ཕྱག་རྒྱ་ཆེན་པོ་མངོན་དུ་གྱུར་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ལྟ་བའི་རྫོང་། །ནཱ་རོ་ཆོས་དྲུག་སྒོམ་པའི་རྫོང་། །ཐབས་ལམ་ཟབ་མོ་སྤྱོད་པའི་རྫོང་། །སྐུ་གསུམ་ལྷུན་གྲུབ་འབྲས་བུའི་རྫོང་། །ཞེས་གསུངས་ཤིང་། ངའི་གཏུམ་མོའ་ཨ་ཐུང་ཞེས་བསྔགས་བརྗོད་ཀྱང་ཆེར་མཛད་ལ། དེ་དང་མཐུན་པར་ཆོས་རྗེ་ས་པཎ་གྱིས་ཀྱང་། ནཱ་རོ་ཆོས་དྲུག་ཅེས་བྱའི་ཁྲིད། །མིད་ལ་ཡན་ཆད་དེ་ལས་མེད། །ཅེས་འབྱུང་བ་ལྟར་རོ། །རྗེ་སྒམ་པོ་པས་ཀྱང་ཐོག་མར་གཏུམ་མོར་བསྒོམ་པས་གཉུག་སེམས་མངོན་དུ་གྱུར་པ་སོགས་ཤིན་ཏུ་མང་ངོ་། །དེ་བཞིན་དུ་འདིར་བསྟན་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་ནི། དབང་བཞི་རྣམ་དག་ཐོབ་པ་བསྐྱེད་རྫོགས་དང་ཐུན་མོང་བའི་ལམ་ལ་སྦྱངས་པ་སོགས་ཀྱང་དགོས་ཏེ། ཀཱ་དཔེ་ལས། གང་ཟག་དང་པོའ་ལས་ཅན་ལ། །རིམ་གྱིས་པ་ནི་བསྟན་པར་བྱ། །ཞེས་གསུངས་ཤིང་། གང་ཟག་འདི་ལ་རིམ་གྱིས་པའི་ཐ་སྙད་ཀྱང་མཛད་དོ། །དེས་ན་ལམ་འདིའི་གྲུབ་ཆེན་ཕལ་ཆེར་བླ་མེད་ཀྱི་རྒྱུད་སྡེ་སོ་སོའ་དབང་བརྒྱུད་ལའང་བཞུགས་པ་དང་། ཆོས་རྗེ་ས་པཎ་གྱིས་ཀྱང་། ནཱ་རོ་ཏ་པ་དབང་བསྐུར་དང་། །རིམ་གཉིས་ཆོས་ཀྱི་གཙོ་
༥༡༣བོར་མཛད། །ཅེས་གསུངས་ལ། རྗེ་བཙུན་གྱིས་ཀྱང་། མི་ང་ཟེར་དེ་ཚོ་ཉན་བྱེད་ན། །བུ་ཁྱོད་ལ་ལྷ་ཆོས་ཀྱི་སྐལ་བ་ཡོད། །འཇུག་སྒོ་དབང་དང་བྱིན་བརླབ་བྱ། །ཟབ་མོ་སྙན་བརྒྱུད་ཀྱི་གདམས་ངག་བྱིན། །ཞེས་གསུངས་པའི་ཕྱིར་རོ། །ཚུལ་འདི་ལྟར་སྡོམ་གསུམ་རབ་དབྱེ་ལས་ཀྱང་། །ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་བྱུང་བའི་ཡེ་ཤེས་དང་། །རིམ་པ་གཉིས་ཀྱི་ཏིང་འཛིན་ལས། །བྱུང་བའི་རང་བྱུང་ཡེ་ཤེས་ཡིན། །ཞེས་མཁས་གྲུབ་ཚད་ལྡན་ཐམས་ཅད་དགོངས་པ་མི་མཐུན་པ་མེད་པ་ཡིན་ནོ། ༈ །ད་ནི་མདོ་ལུགས་ཀྱི་ཕྱག་ཆེན་བྱེ་བྲག་ཏུ་སྟོན་པའི་ཕྱིར་སླར་ཡང་དམ་བཅའ་བ། སྔོན་མ་རྒྱས་འབྲིང་བསྡུས་གསུམ་གྱིས་དངོས་བསྟན་སྟོང་ཉིད་སྒོམ་ཚུལ་ཏེ། འདི་ལས་གཞན་པའི་ཐར་པའི་ལམ། །མེད་ཅེས་འཕགས་མཆོག་ཀླུ་སྒྲུབ་གསུང་། །འདིར་ནི་དེ་ཡི་དགོངས་པ་བཞིན། །ཕྱག་རྒྱ་ཆེན་པོའ་ཁྲིད་ཕོག་སྟེ། །སེམས་ཀྱི་ངོ་སྤྲོད་བྱེད་པའི་ཚུལ། །རྒྱུད་ལྡན་བླ་མའི་གསུང་བཞིན་བརྗོད། །ཅེས་པ་སྟེ། ཕྱག་རྒྱ་ཆེན་པོ་སྒོམ་ཚུལ་གཉིས་ལས། སྔོན་མ་མདོ་ལུགས་ཀྱི་སྒོམ་ཚུལ་ནི། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དངོས་བསྟན་སྟོང་ཉིད་རྟོགས་པའི་ཤེས་རབ་སྒོམ་ཚུལ་ཡིན་ཏེ། འདི་ནི་ཐེག་པ་གསུམ་གའི་ལམ་གྱི་སྲོག་དམ་པར་རྒྱལ་བའི་ཡུམ་ལས་བསྔགས་ཤིང་། ཚུལ་འདི་མ་ཡིན་པའི་ཐར་པར་བགྲོད་པའི་ལམ་རིས་མི་མཐུན་པ་གཞན་མེད་ཅེས་འཕགས་མཆོག་ཀླུ་སྒྲུབ་ཀྱིས། སངས་རྒྱས་རང་སངས་རྒྱས་རྣམས་དང་། །ཉན་ཐོས་རྣམས་ཀྱིས་ངེས་བསྟན་པའི། །ཐར་པའི་ལམ་ནི་གཅིག་ཉིད་ཁྱོད། །གཞན་དག་མེད་ཅེས་བྱ་བར་ངེས། །ཞེས་གསུངས་ཤིང་དེར་མ་ཟད། རྡོ་རྗེ་ཐེག་པ་ལ་ཡང་འདི་ལས་གཞན་པ་དང་ལྷག་པའི་ལྟ་བའི་དབྱེ་བ་མེད་དེ། རྗེ་བཙུན་ས་པཎ་གྱིས། ཕ་རོལ་ཕྱིན་དང་
༥༡༤གསང་སྔགས་ལ། །ལྟ་བའི་དབྱེ་བ་བཤད་པ་མེད། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །སྤྲོས་བྲལ་ཡིན་ན་ཁྱད་པར་མེད། །ཅེས་གསུངས་པ་ལྟར་རོ། །དེས་ན་འདིར་ནི་ངེས་དོན་འགྲེལ་བར་རྒྱལ་བས་ལུང་བསྟན་པ་མགོན་པོ་ཀླུ་སྒྲུབ་ཀྱིས་ཤིང་རྟའི་སྲོལ་ཕྱེ་བ། རྗེས་འཇུག་རྣམས་ཀྱི་ནང་ནས། ཇོ་བོ་ཆེན་པོས། སྟོང་ཉིད་གང་གིས་རྟོགས་ཞེ་ན། །དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། །ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་གདམས་པ་ལ། །སངས་རྒྱས་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་པ་ལྟར་འཕགས་པའི་དགོངས་པ་ཟླ་བས་བཀྲལ་བ་བཞིན་དུ་ཕྱག་རྒྱ་ཆེན་པོའ་འཁྲིད་ཕོག་སྟེ། སེམས་ཀྱི་ངོ་སྤྲོད་བྱེད་པའི་ཚུལ་མཁས་གྲུབ་ཀྱི་དམ་པ་བར་མ་ཆད་པའི་བྱིན་རླབས་ཀྱི་བརྒྱུད་པ་དང་ལྡན་པའི་དཔལ་ལྡན་བླ་མ་དམ་པའི་གསུང་ངག་རིན་པོ་ཆེ་ཇི་ལྟ་བ་བཞིན་བརྗོད་པར་བྱའོ། །འོ་ན་ཅིའི་ཕྱིར་འདིར་བསྟན་ཕྱག་རྒྱ་ཆེན་པོ་ཞེས་བྱ་ཞེ་ན། ཏིང་ངེ་འཛིན་རྒྱལ་པོ་ལས། ཆོས་རྣམས་ཀུན་གྱི་རང་བཞིན་ཕྱག་རྒྱ་སྟེ། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ནི་ཕྱག་རྒྱ་དང་། དེ་རྟོགས་ན་རྒུད་པ་ཐམས་ཅད་ལས་གྲོལ་བས་ཆེན་པོའམ་མཆོག་སྟེ། ཆེན་པོ་མཆོག་དང་ཚད་མེད་དང་། །ཞེས་སོགས་གསུངས་པའི་ཕྱིར་རོ། །ད་ནི་ཐུབ་པའི་བསྟན་པ་ལ་སྡེ་པ་བཅོ་བརྒྱད་བྱུང་ཀྱང་རྣམ་པར་གྲོལ་བའི་འབྲས་བུ་འགྲུབ་པར་མཚུངས་པ་ལྟར། ཕྱག་ཆེན་གྱི་བཞེད་ཚུལ་གྲུབ་པའི་མཐའ་གྲངས་མང་ཡང་འབྲས་བུ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཐོབ་བྱེད་དུ་མཚུངས་པར་བསྟན་པ་དང་། སྐྱེས་བུ་དམ་པ་རྣམས་ཀྱི་ལུགས་བཟང་མཐའ་དག་པའི་རྣམ་པར་དབྱེ་བ་ལ་མཁས་པའི་ཕྱིར་བཤད་པ། ལྷན་ཅིག་སྐྱེས་སྦྱོར་གའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་
༥༡༥ཆེན་དང་། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོངས་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་པའོ། །དེ་ཡང་རྗེ་སྒམ་པོ་པ་ནི། ཆོས་དྲུག་ལྔ་ལྡན། ལྷན་ཅིག་སྐྱེས་སྦྱོར་གྱི་སྒོ་ནས་སློབ་མ་སྐྱོང་བར་མཛད་པ་ལས། ལྷན་ཅིག་སྐྱེས་སྦྱོར་རྩ་བ་འདི་ལ་ཡི་གེ་སོ་སོར་འདྲ་མིན་འགའ་ཞིག་འདུག་ནའང་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །རྣམ་རྟོག་ལྷན་ཅིག་སྐྱེས་པ་ཆོས་སྐུའི་རླབས། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས་པའོ། །ཞེས་པའི་དོན་མོས་གུས་དང་ཞེན་ལོག་གཙོ་བོར་བྱས་པའི་ངོས་ནས་སྔོན་འགྲོ་སྦྱོར་བ་བཞི་ལྡན། དངོས་གཞི་ངོ་སྤྲོད་རྣམ་གཉིས། རྗེས་ཉམས་མྱོང་སྣང་ཐོག་ཏུ་སྐྱོང་བ་གསུམ་གྱིས་འཆད་པའི་སྔོན་འགྲོ་ནི་སྤྱི་དང་མཚུངས་ཤིང་། དངོས་གཞི་གཉིས་ནི་ཞི་ལྷག་གཉིས་ལ་ངོ་སྤྲོད་པའོ། །གའུ་མ་ནི་མཁས་གྲུབ་ཁྱུང་པོའ་བཀའ་སྲོལ་ཏེ། འདི་ནི་སྔོན་འགྲོ་རང་བབ་རྣམ་གསུམ། དངོས་གཞི་སྐྱོན་བཞི་རང་གྲོལ། འབྲས་བུ་སྐུ་གསུམ་རང་ཤར་གྱི་སྒོ་ནས་སྟོན་ཅིང་། དངོས་གཞི་ལ་རྐུན་པོའ་ངོ་སྤྲོད་ཅེས་ཀྱང་གསུངས་སོ། །ཤངས་པ་བཀའ་བརྒྱུད་ཀྱི་གདམས་པའི་གཙོ་བོ་ནི། ནི་གུ་ཆོས་དྲུག་ཡིན་ལ། ཆོས་དྲུག་ནི་གཏུམ་མོ་ལམ་གྱི་རྨང་རྡོ། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་སངས། འོད་གསལ་མ་རིག་མུན་སེལ། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ། ཞེས་པ་ཡིན་ཅིང་། གའུ་མའི་གཙོ་བོ་ཡང་ཆོས་དྲུག་གི་འོད་གསལ་སྒོམ་ཚུལ་ཡིན་ནོ། །ལྔ་ལྡན་ནི། དྭགས་བརྒྱུད་ལ་འཕྲིན་ལས་ཆེ་ཞིང་། འཇིག་རྟེན་མགོན་པོས་རྩ་བ་མགུར་དུ་བཞེས་པ་ན། །བྱང་ཆུབ་སེམས་ཀྱི་རྟ་ཕོ་ལ། །གཞན་
༥༡༦ཕན་གྱི་དཀྱུས་ཐོག་མ་བཅད་ན། །ཁྲོམ་ལྷ་མི་འོར་ཆེ་མི་འབྱུང་བས། །སེམས་སྔོན་འགྲོ་འདི་ལ་ནན་ཏན་མཛོད། །རང་ལུས་ལྷ་སྐུའི་རྒྱལ་པོ་ལ། །འགྱུར་མེད་ཀྱི་གཏན་ས་མ་ཟིན་ན། །མཁའ་འགྲོའི་འཁོར་འབངས་མི་འདུ་བས། །ལུས་ཡི་དམ་ལྷ་ལ་ནན་ཏན་བསྐྱེད། །བླ་མ་སྐུ་བཞིའི་གངས་རིའི་ལ། །མོས་གུས་ཀྱི་ཉི་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབྱུང་བས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ། །རྣམ་རྟོག་གི་སྤྲིན་ཚོགས་མ་དྭངས་ན། །མཁྱེན་གཉིས་ཀྱི་གཟའ་སྐར་མི་བཀྲ་བས། །སེམས་མི་རྟོག་འདི་ལ་ནན་ཏན་མཛོད། །ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་ཕྲིན་ལས་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་པའོ། །ཆོས་རྗེ་རྒྱ་རས་ནས་བརྒྱུད་པ་རྣམས་ནི། འཁྲིད་ཆེན་བརྒྱད། རོ་སྙོམས་སྐོར་དྲུག །རི་ཆོས་ཐུགས་ཉམས་སུ་ལེན་ཅིང་འདོམས་པ་ཡིན་ལ། དེ་ཡང་འཁྲིད་ཆེན་བརྒྱད་ནི། །བླ་མ་སྐུ་གསུམ་གྱི་འཁྲིད། བྱམས་སྙིང་རྗེའི་འཁྲིད། རྒྱུ་འབྲས་རྟེན་འབྲེལ་གྱི་འཁྲིད། ལྔ་ལྡན་བདུད་རྩི་ཐིགས་པའི་འཁྲིད། ལྷན་ཅིག་སྐྱེས་སྦྱོར་གྱི་འཁྲིད། ནཱ་རོའ་ཆོས་དྲུག་གི་འཁྲིད། ཆོས་བརྒྱད་མགོ་སྙོམས་ཀྱི་འཁྲིད། གསང་སྤྱོད་ལྡོག་སྒོམ་གྱི་འཁྲིད་རྣམས་སོ། །རོ་སྙོམས་སྐོར་དྲུག་ནི། རྣམ་རྟོག་ལམ་ཁྱེར། ཉོན་མོངས་ལམ་འཁྱེར། ན་ཚ་ལམ་འཁྱེར། ལྷ་འདྲེ་ལམ་འཁྱེར། སྡུག་བསྔལ་ལམ་འཁྱེར། འཆི་བ་ལམ་འཁྱེར་རོ། །རི་ཆོས་ལ་ཟབ་ཆོས་རྒྱན་བཞི། སྐོར་གསུམ་ཞལ་གདམས་ཀྱི་རྒྱན་གཉིས་ལས། དང་པོ་ནི། རི་ཆོས་ཡོན་ཏན་ཀུན་འབྱུང་། གསང་བ་དབང་གི་གྲུབ་བོ་ཆེ། རྡོ་རྗེའི་ལུས་ཀྱི་སྦས་བཤད། བར་དོའ་འཁྲིད་དང་བཞི་ཡིན། གཉིས་པ་ནི། དམར་ཁྲིད་གེགས་སེལ་གྱི་
༥༡༧རྒྱན། མགུར་འབུམ་དཀར་ཆག་གི་རྒྱན། སིལ་བུའི་སྡེ་ཚན་ཕྲན་ཚེགས་ཀྱི་རྒྱན་རྣམས་སོ། །ཡི་གེ་བཞི་པ་ནི། ཡིད་ལ་མི་བྱེད་པའི་སྐད་དོ། །ཨ་མ་ན་སིའི་སྒྲ་ལས་དྲངས་ནས་ཀྱང་འཆེད་ཅིང་། དེའི་དོན་ཚིག་འབྲུ་བཞིའི་སྒོ་ནས་ཀྱང་སྟོན་ཏེ། འདི་ལྟར། དང་པོ་སེམས་ཀྱི་གཞི་རྩ་བཅད་པ། གཉིས་པ་སེམས་ཀྱི་བཞག་ཐབས་བསྟན་པ། གསུམ་པ་སེམས་ཀྱི་གོལ་ས་བཅད་པ། བཞི་པ་སེམས་ཀྱི་ལམ་འཁྱེར་བསྟན་པའོ། །དམ་པ་སངས་རྒྱས་ཀྱི་དམ་ཆོས་སྡུག་བསྔལ་ཞི་བྱེད་ནི་འདི་ལྟར། དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། །གདོན་གནོད་སྦྱིན་ཕོ་མོ་འདུལ་ཙ་ན། །བརྟུལ་ཞུགས་འཕྲུལ་འཁོར་འཆའ་བ་ཡིན། །ལུས་ལན་ཚ་བྱུང་བ་ན། །དབྱིངས་རིག་གཅིག་ཏུ་བསྲེ་བ་ཡིན། །རྣམ་རྟོག་ཕྲ་མོ་སྐྱེས་ཙ་ན། །ཉོན་མོངས་ལ་འབུར་འཇོམས་གཏོང་བ་ཡིན། །གཅིག་པུར་ལྐོག་ཏུ་ཉལ་ཙ་ན། །རིག་པ་རྗེན་པར་འཇོག་པ་ཡིན། །མང་པོའ་གསེབ་ཏུ་སྡོད་ཙ་ན། །གང་ཤར་ངོ་ལ་བལྟ་བ་ཡིན། །བྱིང་ན་ཕཊ་ཀྱིས་སེང་བ་ཡིན། །འཕྲོ་ན་རྩ་བ་གཅོད་པ་ཡིན། །རྒོད་ན་དབྱིངས་སུ་འཇོག་པ་ཡིན། །ཤེས་པ་ཡུལ་ཕྱིར་འབྲང་ཙ་ན། །དེ་ཉིད་དོན་ལ་བལྟ་བ་ཡིན། །དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། །ལྟས་ངན་བྱུང་ན་གཡང་དུ་ལེན། །རྣམ་རྟོག་ཇི་ལྟར་དགེས་དགེས་མཛོད། །ན་ཚ་བྱུང་ན་བོགས་སུ་འདོན། །འབྱུང་བ་ཇི་ལྟར་དགེས་དགེས་མཛོད། །འཆི་བ་བྱུང་ན་ལམ་དུ་སློང་། །འཆི་བདག་ཇི་ལྟར་དགེས་དགེས་མཛོད། །དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། །དུས་གསུམ་རྒྱལ་བའི་དགོངས་པ་ལགས། །ཞེས་དམ་པས་རྗེ་བཙུན་དང་མཇལ་དུས་གསུངས་པ་ལྟར་རོ། །གཅོད་ཡུལ་ནི་དམ་པའི་གདམས་པ་མ་གཅིག་གི་ཟབ་ཆོས་ཏེ་ཡོངས་སུ་གྲགས་པ་ལྟར་དང་། རྫོགས་ཆེན་མན་ངག་ལྟ་བའི་འཕྲེང་བ་སོགས་སློབ་དཔོན་པདྨའི་ཐུགས་ཀྱི་བཅུད་ཕྱུང་བ་རྣམས་དང་། ཟབ་མོ་དབུ་མའི་ལྟ་ཁྲིད་ཅེས་བྱ་བ་ལ་སོགས་པ། གདམས་དོན་ལ་སོ་སོར་འདོགས་བྱེད་ཀྱི་མིང་མི་འདྲ་བ་སྣ་ཚོགས་ལས་བཏགས་ན་ཡང་།
༥༡༨དྲང་ངེས་ཇི་བཞིན་འབྱེད་པའི་ལུང་རིགས་ལ་མཁས་པས་ལེགས་པར་དཔྱད་ན། ཕན་ཚུན་ཚ་གྲང་ལྟར་མི་འགལ་བར་དགོངས་པ་གཅིག་ཏུ་འབབ་སྟེ། དྲི་མེད་འོད་ལས། ཇི་ལྟར་པ་ལ་རིན་ཆེན་མིང་། །དབྱེ་བ་ཐ་དད་ཐ་དད་ནི། །ཡུལ་དང་ཡུལ་གྱི་དབང་གིས་བརྗོད། །རིན་ཆེན་དབྱེ་བ་འགར་ཡང་མེད། །ཅེས་གསུངས་པ་ལྟར་རོ། །འོ་ན་ཕྱག་རྒྱ་ཆེན་པོ་དེ་བསྒོམ་པའི་རིམ་པ་ཇི་ལྟར་ཞེ་ན་སྨྲས་པ། དེས་ན་འདི་ལ་ལྟ་ཐོག་ནས། །བསྒོམ་པ་འཚོལ་དང་སྒོམ་ཐོག་ནས། །ལྟ་བ་འཚོལ་བའི་ལུགས་གཉིས་ལས། །འདི་ནི་ཕྱི་མའི་ལུགས་བཞིན་ཡིན། །ཅེས་པ་སྟེ། ལུགས་གཉིས་པོ་ཇི་ལྟར་བྱས་ཀྱང་ཡོང་མོད། འོན་ཀྱང་མགོན་པོ་ཞི་བ་ལྷས། །ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ། །ཞེས་དང་། དཀོན་བརྩེགས་ལས་ཀྱང་། ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཐོབ་སྟེ། །ཏིང་ངེ་འཛིན་ཐོབ་ནས་ཀྱང་ཤེས་རབ་བསྒོམ་པར་བྱེད། ཅེས་བཀའ་སྩལ་པ་ལྟར་སྒོམ་ཐོག་ནས་ལྟ་བ་འཚོལ་བའི་ལུགས་སོ། །དེ་ལྟར་ཡིན་ན་ཐོག་མར་ཞི་གནས་སྒོམ་ཚུལ་གང་ཞེ་ན། འདི་ལ་སྦྱོར་བ་དང་། དངོས་གཞི་གཉིས་ལས། དང་པོ་ནི། རྗེ་བཙུན་བྱམས་པས། བློ་ལྡན་གང་དུ་བསྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་བ་དང་གྲོགས་བཟང་དང་། །རྣལ་འབྱོར་པ་ཡི་ཡོ་བྱད་ལྡན། །ཞེས་གསུངས་པའི་གནས་སུ་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་བཅས་ཤིང་། འདོད་ཆུང་ཆོག་ཤེས་དང་ལྡན་པས། ཞི་གནས་ཀྱི་ཡན་ལག་གམ་ཚོགས་བརྟེན་པ་སོགས་དང་།
༥༡༩པ་སོགས་དང་། སྦྱོར་བའི་ཆོས་དྲུག་རྣམས་ངེས་པར་བསྒྲུབ་དགོས་སོ་ཞེས་བཤད་པ། བསམ་གཏན་བདེ་བའི་སྟེགས་བུ་ལ། །ལུས་གནད་བདུན་དང་ལྡན་བྱས་ནས། །རླུང་རོ་དགུ་ཕྲུགས་དག་ཏུ་བསལ། །རིག་པ་དྭངས་སྙིགས་ལེགས་པར་ཕྱེད། །རྣམ་དག་དགེ་བའི་སེམས་ལྡན་པས། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་། །ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམ། །ཤུགས་དྲག་གསོལ་འདེབས་བརྒྱ་རྩ་སོགས། །བྱས་ནས་བླ་མ་རང་ལ་བསྟིམ། །ཞེས་པ་སྟེ། རྣམ་དག་དགེ་སེམས་ནི་བྱང་ཆུབ་ཀྱི་སེམས་དང་། ཟབ་ལམ་བླ་མའི་རྣལ་འབྱོར་ནི་ལམ་གྱི་ཆ་ཡོངས་སུ་རྫོགས་པའི་བླ་མའི་རྣལ་འབྱོར་ཏེ་ཟུར་དུ་བཀོད་པ་ལྟ་བུ་ཡིན་ལ་གཞན་ནི་གོ་བར་ཟད་དོ། །དེ་ལྟར་སྦྱོར་བའི་རིམ་པ་སྔོན་དུ་བཏང་ནས་སེམས་གནས་བསྒྲུབ་པའི་ཐབས་བཤད་པ། །སྣང་བ་བན་བུན་ངང་དེ་ལ། །རེ་དོགས་ལ་སོགས་རྣམ་རྟོག་གིས། །བཅས་བཅོས་གང་ཡང་མི་བྱེད་པ། །གཡོ་མེད་ཅུང་ཟད་མཉམ་པར་ཞོག །བརྒྱལ་དང་གཉིད་ལོག་ལྟ་བུ་ཡི། །ཡིད་བྱེད་བཀག་པ་མ་ཡིན་པ། །མ་ཡེངས་དྲན་པའི་རྒྱང་སོ་ཚུགས། །འགྱུ་བ་རིགས་པའི་ཤེས་བཞིན་བསྡོགས། །རིག་ཅིང་གསལ་བའི་ངོ་བོ་ལ། །ཧྲིལ་གྱིས་བསྒྲིམས་ལ་གཅེར་གྱིས་ལྟོས། །རྣམ་རྟོག་གང་དང་གང་སྐྱེས་པ། །དེ་དང་དེ་ཉིད་ངོས་ཟིན་བྱ། །ཡང་ན་རལ་སྐོར་མཁན་བཞིན་དུ། །རྣམ་རྟོག་ཅི་སྐྱེས་རྦད་རྦད་གཅོད། །བཅད་མཐར་གནས་པ་དེ་ཡི་ཚེ། །དྲན་པ་མ་ཤོར་ལྷོད་ཀྱིས་གློད། །ཧྲིལ་གྱིས་བསྒྲིམས་ལ་ལྷོད་ཀྱིས་གློད། །སེམས་ཀྱི་འཇོག་པ་དེ་ན་གདའ། །ཞེས་དང་གཞན་ཡང་ཇི་སྐད་དུ། །འཇུར་བུས་བཅིངས་པའི་སེམས་ཉིད་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་མ་ཡེངས་གློད། །རྣམ་རྟོག་གང་སྐྱེས་ངོ་བོ་ལ། །བལྟས་ཚེ་རང་ཡལ་སྟོང་སོང་འཆར། །དེ་བཞིན་
༥༢༠གནས་ཚེའང་བརྟགས་པ་ན། །མ་བསྒྲིབས་སྟོང་གསལ་ཧྲིག་གེ་བ། །མཐོང་བ་གནས་འགྱུ་འདྲེས་པ་ཞེས། །གྲགས་ཤིང་རྣམ་རྟོག་ཅི་སྐྱེས་ཀྱང་། །མི་འགོག་འགྱུ་བ་ངོས་ཟིན་པར། །བྱས་ཏེ་དེ་ཡི་ངོ་བོ་ལ། །འཇོག་པ་གཟིངས་ཀྱི་བྱ་བརྩོན་ནི། །འཕུར་བའི་དཔེ་དང་མཚུངས་པ་ཡིན། །ཇི་ལྟར་གཟིངས་ནས་འཕུར་བའི་བྱ་རོག་ནི། །ཕྱོགས་རྣམས་བསྐོར་ནས་སླར་ཡང་དེར་འབབ་བཞིན། །ཞེས་པ་ཇི་བཞིན་བསྐྱངས་པ་ལས། །ཞེས་སོ། །དེ་ཡང་འདིར་བསྒྲུབ་པར་བྱ་བའི་ཏིང་ངེ་འཛིན་གྱི་ངོ་བོ་ནི་གསལ་བའི་ངར་དང་ལྡན་པ་དང་། རྩེ་གཅིག་པའི་མི་རྟོག་པ་ཡན་ལག་གཉིས་དང་ལྡན་པའི་ཏིང་ངེ་འཛིན་ཡིན་ནོ། །དེ་ལྟ་བུའི་ཞི་གནས་མཚན་ཉིད་པ་ནི། །མཉམ་པར་མ་བཞག་པའི་ས་པ་འདོད་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལས་བྱུང་བ་ཡིན་ལ། དེ་ནི་མགོན་པོ་བྱམས་པས། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བའོ། །ཞེས་ཉེས་པ་ལྔ་སྤོང་བའི་གཉེན་པོ་འདུ་བྱེད་བརྒྱད་བསྟེན་པ་ལས་བྱུང་བའི་སེམས་གནས་པ་དགུས་འགྲུབ་པར་གསུངས་ལ། སེམས་དགུ་པོ་དེ་ཡང་འཕགས་པ་ཐོགས་མེད་ཀྱིས་ས་སྡེར་སྟོབས་དྲུག་གིས་འགྲུབ་ཅིང་། ཡིད་བྱེད་བཞི་དང་ལྡན་པར་གསུངས་སོ། །འོ་ན་དམིགས་རྟེན་ཅི་འདྲ་ཞིག་ལ་དམིགས་ནས་ཏིང་ངེ་འཛིན་བསྒོམ་ཞེ་ན། སྤྱིར་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་སྐྱོན་མེད་བསྒྲུབ་པའི་དམིགས་རྟེན་ལ། ཁྱབ་པའི་དམིགས་པ། དཔྱད་པ་རྣམ་སྦྱོང་གི་དམིགས་པ། མཁས་པའི་དམིགས་པ། ཉོན་མོངས་རྣམ་སྦྱོང་གི་དམིགས་པ་སོགས་མཐའ་ཡས་པ་གསུངས་ཀྱང་། གདམས་པ་འདིའི་བླ་མ་གོང་མ་ཕལ་ཆེར་སེམས་ལ་དམིགས་ནས་ངོ་སྤྲོད་པར་བཞེད་པ་ལྟར་འདིར་ཡང་ཚུལ་དེ་ཉིད་དོ། །དེ་ཡང་བླ་མ་ལ་མིག་ནས་མཆི་མ་འཁྲུག་ཅིང་ལུས་ཀྱི་བ་སྤུ་གཡོ་བ་དང་། ཡིད་མོས་གུས་དྲག་པོས་སྙིང་ཁོང་
༥༢༡རུས་པའི་གཏིང་ནས་གདུང་ཤུག་དྲག་པོས་གསོལ་བ་རྒྱུན་རིང་དུ་བཏབ་པའི་མཐར་བླ་མ་རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ་ཞིང་སྣང་བ་བན་བུན་དུ་གྱུར་པའི་ངང་དེ་ལ་གནས་སྐབས་དང་མཐར་ཐུག་གི་དོན་འདི་འདྲ་ཞིག་གྲུབ་ན་སྙམས་པའི་རེ་བ་དང་། འཕྲལ་ཕུགས་སུ་མི་འདོད་པ་འདི་ལྟ་བུ་མི་ཡོང་ངོ་སྙམ་དུ་དོགས་པ་ལ་སོགས་པའི་རྣམ་རྟོག་གིས་བཅས་བཅོས་གང་ཡང་མི་བྱེད་པ། སྔར་འདས་ཀྱི་རྗེས་མི་གཅོད། མ་འོངས་པའི་སྔུན་མི་བསུ་བར། ད་ལྟ་འགྱུ་བ་གང་ཡང་མེད་པ་དེའི་ངང་དུ་ཅུང་ཟད་མཉམ་པར་བཞག་གོ །དེ་ལྟར་འཇོག་པའི་ཚེ་བརྒྱལ་བ་དང་། གཉིད་ལོག་པ་ལྟ་བུ་ཡི་ཡིད་ལ་བྱེད་པ་ཐམས་ཅད་བཀག་པ་མ་ཡིན་པ། སེམས་གཡོ་མེད་དུ་གནས་པ་དེ་ཉིད་མ་ཡེངས་པ་སྟེ་ཅུང་ཟད་ཀྱང་བརྗེད་པ་མེད་པའི་དྲན་པའི་རྒྱང་སོ་ཚུགས་པར་བྱེད། །དེ་ལྟར་དམིགས་པ་དྲན་པའི་ཐག་པས་བཅིངས་ཀྱང་། དྲན་པ་ཉམས་ན་སེམས་འགྱུ་བའི་རྣམ་རྟོག་འཕྲོ་ཉན་ཆེ་བས། དྲན་པའི་ཤུགས་ཞན་དུ་སོང་ནས་སེམས་གཞན་དུ་འགྱུ་བའམ་མི་འགྱུ་བ་རིག་པའི་ཤེས་བཞིན་བྱ་ར་བ་ལྟ་བུ་བསྡོགས་ནས་འཇོག་དགོས་ཏེ། དབུ་མ་སྙིང་པོ་ལས། སེམས་ཀྱི་གླང་ཆེན་ལོག་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ཏེ། །ཤེས་བཞིན་ལྕགས་ཀྱུས་རིམ་དབང་བྱ། །ཞེས་འབྱུང་བ་ལྟར་རོ། །མདོར་ན་ཏིང་ངེ་འཛིན་སྐྱོན་མེད་བསྒྲུབ་པ་དྲན་ཤེས་ཀྱི་སྐྱོང་ཚུལ་ལས་མ་འདས་ཤིང་། དེ་ཡང་དྲན་པ་གཙོ་བོ་ཡིན་ཏེ། ད་བྱུང་ན་ཤེས་བཞིན་དྲན་པའི་འབྲས་བུར་གསུངས་པ་ཞར་ལ་འོང་ངོ་། །དེའི་ཚེ་རྣམ་རྟོག་གཞན་འགགས་ནས། སེམས་རིག་ཅིང་གསལ་བ་ངེས་བྱུང་ན་དེ་ཁའི་ངོ་བོ་ལ། དྲན་པ་ཧྲིམ་གྱིས་བསྒྲིམས་ལ་རྩེ་གཅིག་ཏུ་གཅེར་གྱིས་ལྟོས་ཤིག །དེ་ལྟར་བལྟས་ནས་འགྱུ་བའམ་རྣམ་རྟོག་གང་
༥༢༢དང་གང་སྐྱེས་པ། དེ་དང་དེ་ཉིད་ངོས་ཟིན་པར་བྱ་སྟེ། དེ་ལྟར་བྱེད་པ་ནི་ཤེས་བཞིན་ལ་རགས་ལས་སོ། །ཡང་ན་ནི་འདུལ་བ་ལུང་ལས། མདའ་མཁན་དང་རལ་བསྐོར་མཁན་འཐབ་ཚུལ་གསུངས་པ་ལྟར། དྲན་ཤེས་སྟོབས་བསྐྱེད་ནས་ཐོག་བརྫིས་སུ་རྣམ་རྟོག་ཀྱི་སྐྱེས་པ་དེ་འཕྲལ་དུ་རྦད་རྦད་བཅད་འཕྲོ་འཐུད་མི་འཇུག་པའོ། །རྣམ་རྟོག་གི་འཕྲོ་བཅད་པའི་མཐར་འགྱུ་བ་མེད་པར་གནས་པ་དེའི་ཚེ་དྲན་ཤེས་མ་ཤོར་བ་ཁོང་གྲིམས་ལ་འཕྲལ་དུ་ལྷོད་ཆགས་པ་ཞིག་བྱས་ལ་མཉམ་གཞག་གི་ངང་དུ་གློད་དགོས་ཏེ། མ་གཅིག་གིས། ཧྲིམ་གྱིས་བསྒྲིམས་ལ་ལྷོད་ཀྱིས་གློད། །སེམས་ཀྱི་འཇོག་ས་དེ་ན་གདའ། །ཞེས་དང་། གཞན་ཡང་ཇི་སྐད་དུ། བྲམ་ཟེ་ཆེན་པོས་ཀྱང་། འཇུར་བུས་བཅིངས་པའི་སེམས་ཉིད་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་ཁོང་གྲིམས་ལ་ལྷོད་ཆགས་པ་ཞིག་བྱས་ཏེ། ད་འདི་ཙམ་ལས་སྒྲིམས་དྲགས་ན་རྒོད་པ་སྐྱེ་བ་འདུག་སྙམ་པ་ལས་ཅུང་ཟད་གློད། འདི་ཙམ་ལས་གློད་དྲགས་ན་བྱིང་བ་སྐྱེ་བ་འདུག་སྙམ་པ་ལས་ཅུང་ཟད་བསྒྲིམས་ན་རན་པར་འགྱུར་བས། དེ་གཉིས་ཀྱི་མཚམས་སུ་རྣམ་རྟོག་གི་འགྱུ་བ་ལས་སེམས་གླན། གནས་ཆ་བྱུང་རེས་ཀྱི་བྱིང་ཟོན་བྱས་ནས་འཇོག་དགོས་ཏེ། སློབ་དཔོན་ཙནྡྲ་གཽ་མིས། བརྩོན་པ་བསྟེན་ན་རྒོད་པ་འབྱུང་འགྱུར་ཞིང་། །དེ་སྤངས་ན་ནི་ཞུམ་པར་སྐྱེ་བར་འགྱུར། །འདི་ཡི་རིག་པར་མཉམ་འཇུག་རྙེད་དཀའ་ན། །བདག་གི་སེམས་དཀྲུགས་པས་ནི་ཅི་ཞིག་བགྱི། །ཞེས་འབྱུང་བ་བཞིན་ནོ། །དེ་དག་གི་དུས་སུ་རྣམ་རྟོག་ལ་ཐོག་བརྫིས་བྱས་པ་དང་། རྣམ་རྟོག་གང་དང་གང་སྐྱེས་པ་དེའི་ངོ་བོ་ལ་བལྟས་པ་དེ་དང་དེའི་རྣམ་རྟོག་དེ་དག་རང་ཡལ་དུ་སོང་བའི་སྟོང་སང་འཆར་ལ། དེ་བཞིན་དུ་སེམས་གཡོ་མེད་དུ་གནས་པའི་ཚེའང་བརྟགས་པ་ནམ་
༥༢༣མ་སྒྲིབས་སྟོང་སང་གསལ་ཧྲིག་གེ་བ། སྔ་ཕྱི་གཉིས་ཁྱད་པར་མེད་པར་མཐོང་བ་དེ་ལ་གནས་འགྱུ་འདྲེས་པ་ཡིན་ཅེས་སྒོམ་ཆེན་པ་རྣམས་ལ་གྲགས་ཤིང་ཐ་སྙད་མཛད་དོ། །ཡང་ན་སེམས་གནས་པ་སྐྱོང་ཐབས་འདི་ལྟར་བྱ་སྟེ། རྣམ་རྟོག་ཅི་འདྲ་ཞིག་སྐྱེས་ཀྱང་། མི་འགོག་པར་གང་དུ་འགྱུ་གང་ལ་འགྱུ་ངོས་ཟིན་པར་བྱས་ཏེ་རྣམ་རྟོག་དེའི་ངོ་བོ་ལ་བལྟ་ཞིང་འཇོག་ལ། དེ་ལྟར་བཞག་པས་མཐར་འགྱུ་བ་འགགས་ནས་གནས་པ་ནི་རྒྱ་མཚོ་ཆེན་པོ་རྫིངས་ནང་དུ་ཡུན་རིང་པོར་བཟུངས་པའི་བྱ་བ་ཙོན་ནི། རྒྱ་མཚོའ་ནང་དུ་འཕུར་བའི་དཔེ་དང་མཚུངས་པ་ཡིན་པའི་ཕྱིར་ཏེ། དོ་ཧ་ལས། ཇི་ལྟར་གཟིངས་ནས་འཕུར་བའི་བྱ་རོག་ནི། །ཕྱོགས་རྣམས་བསྐོར་ནས་སླར་ཡང་དེར་འབབ་བཞིན། །ཞེས་གསུངས་པ་ཇི་བཞིན་བསྐྱང་བར་བྱ་སྟེ། ཡང་དགོན་པས། བློ་རྣམ་རྟོག་ལ་སྐྱོན་དུ་མི་ལྟ་ཞིང་། །མི་རྟོག་པ་ཆེད་དུ་མི་སྒོམ་པར། །སེམས་རང་ལུགས་སུ་ཞོག་ལ་རྒྱང་སོ་ཚུགས་དང་། སྒོམ་ཞི་གནས་ཀྱི་སྟེང་དུ་ཕེབས་པ་ཅིག་འོང་གི །ཞེས་འབྱུང་བ་ལྟར་རོ། །གཞན་ཡང་དེང་སང་གི་གདུལ་བྱ་རྣམས་ཀྱིས་སེམས་ཀྱི་བཞག་ཐབས་དྲུག་གི་སྒོ་ནས་བསྐྱངས་ན་གདམས་པའི་རྒྱལ་པོར་འགྱུར་རོ། །ཇི་ལྟར་ཞེ་ན། སྤྲིན་དང་བྲལ་བའི་ཉི་བཞིན་བཞག །ཁྱུང་ཆེན་མཁའ་ལ་ལྡིང་བཞིན་བཞག །རྒྱ་མཚོ་ཆེན་པོའ་གཟིངས་བཞིན་བཞག །བུ་ཆུང་ལྷ་ཁང་བལྟ་བཞིན་བཞག །མཁའ་ལ་བྱ་འཕུར་རྗེས་བཞིན་བཞག །རས་བལ་བརྡལ་བ་བཞིན་དུ་བཞག །སེམས་ཀྱི་བཞག་ཐབས་འདི་དག་གིས། །རྣལ་འབྱོར་དོན་དང་ལྡན་པར་འགྱུར། །ཅེས་པ་སྟེ། དང་པོ་ནི། དཔེར་ན་སྤྲིན་དང་བྲལ་བའི་ཉི་མ་དེ་མཆོག་ཏུ་གསལ་ཞིང་དྭངས་པར་གནས་པ་ལྟར་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ལ་མཚན་འཛིན་གྱི་རྣམ་རྟོག་དང་བྱིང་རྒོད་སོགས་ཀྱིས་མ་སྒྲིབ་པར་འཇོག་པའོ། །གཉིས་པ་ནི། དཔེར་ན།
༥༢༤མཁའ་ལྡིང་ནི་ནམ་མཁར་རྒྱུ་བའི་ཚེ་གཤོགས་པ་རྡེབ་པ་སོགས་རྩོལ་བ་ཧ་ཅང་མི་དགོས་པར་རང་ཤུགས་ཀྱིས་རྒྱུ་བ་བཞིན་དུ། སེམས་ཧ་ཅང་གྲིམས་པ་དང་ཧ་ཅང་ལྷོད་དྲགས་པ་མ་ཡིན་པར། ཁོང་གྲིམས་པའི་གསལ་ཆའི་ངང་དང་ལྡན་ཅིང་། འཕྲལ་ལྷོད་ཆགས་པས་དྲན་ཤེས་ཀྱི་རྒྱ་དང་མ་བྲལ་བར་སྐྱོང་བའོ། །གསུམ་པ་ནི། དཔེར་ན་རྒྱ་མཚོ་ཆེན་པོ་རླུང་གིས་བསྐྱོད་ཀྱང་ཁར་རླབས་ཅུང་ཟད་བྱུང་ཡང་གཡོ་བར་མི་ནུས་པ་བཞིན་དུ། སེམས་དམིགས་པ་ལ་འཇོག་པའི་ཚེ། རྣམ་རྟོག་ཕྲ་མོ་འགས་ཅུང་ཟད་གཡོས་ཀྱང་། །རྣམ་རྟོག་རགས་པ་ཅུང་ཟད་ཀྱང་མི་གཡོ་བར་འཇོག་གོ །བཞི་པ་ནི། དཔེར་ན་བུ་ཆུང་ལྷ་ཁང་བལྟ་བའི་ཚེ། རི་མོའ་ཆ་ཤས་ཕྲ་བ་ལ་རྟོག་དཔྱོད་མི་འཇུག་ཅིང་། ཆ་རགས་པར་བཀྲ་བ་ལ་མི་གཡེང་བར་བལྟ་བ་བཞིན་སེམས་དམིགས་པ་ལ་འཇོག་པའི་ཚེ་སྒོ་ལྔའི་དབང་ཤེས་ཀྱི་ཡུལ་ཡིད་དུ་འོང་མི་འོང་ཅི་ཤར་ཡང་རྟོག་དཔྱོད་དང་ཆགས་སྡང་མི་བྱེད་པར་དམིགས་པ་ལ་རྩེ་གཅིག་ཏུ་འཇོག་པའོ། །ལྔ་པ་ནི། དཔེར་ན་བྱ་ནམ་མཁར་འཕུར་བའི་རྗེས་མི་འབྱུང་བ་ལྟར། ཚོར་བ་བདེ་སྡུག་བཏང་སྙོམས་ཅི་འདྲ་ཞིག་བྱུང་ཡང་། ཆགས་སྡང་རྨོངས་གསུམ་གང་གིའང་དབང་དུ་མི་གཏོང་བར་མཉམ་པར་འཇོག་པའོ། །དྲུག་པ་ནི། དཔེར་ན་རས་བལ་བརྡལ་བའི་ཚེ་འཇམ་ཞིང་ཡང་ལྷོད་ལྷོད་པོར་ཡོད་པ་བཞིན་དུ། མཉམ་པར་འཇོག་པའི་སེམས་དུག་གསུམ་མངོན་གྱུར་པ་དང་བྱིང་རྒོད་ཀྱི་རྩུབ་རེག་དང་བྲལ་བར་བྱས་ཏེ་མཉམ་པར་འཇོག་པ་ཡིན་ནོ། ༈ །དེ་ལྟར་བསྐྱངས་པ་ལས་ལག་རྗེས་ཅི་འདྲ་ཞིག་འབྱུང་ཞེ་ན། མཉམ་གཞག་དངོས་གང་གིས་ཀྱང་མ་སྒྲིབས་དྭངས་ཤིང་གསལ་བ་དང་།
༥༢༥གཟུགས་ཅན་གང་དུའང་མ་གྲུབ་པས། །སྟོང་སང་ནམ་མཁའ་ལྟ་བུ་དང་། །ཅི་ཡང་འཆར་བས་ཧྲིག་གེ་བ། །ཞེས་པའོ། །དེ་ལྟར་བསྐྱངས་པས་མཉམ་གཞག་གི་ངོ་བོ་གང་གིས་ཀྱང་མ་བསྒྲིབས་པར་དྭངས་ཤིང་ཤིན་ཏུ་གསལ་བ་དང་། གཟུགས་ཅན་གྱི་དངོས་པོ་གང་དུ་ཡང་མ་གྲུབ་པས་སྟོང་སང་ནམ་མཁའ་ལྟ་བུ་དང་འདྲ་བ་ཡིན་པ་ལ། ཡང་བཟང་ངན་གྱི་ཡུལ་ལྔ་ཅི་བྱུང་ཡང་མེ་ལོང་དྭངས་པ་ལ་གཟུག་བརྙན་ལྟར་གསལ་ཧྲིག་གེ་བར་ཅི་ཡང་འཆར་བ། འདི་ཡིན་འདི་མིན་གྱི་ངོས་བཟུང་དང་བྲལ་བའི་ཉམས་འཆར། འདི་འདྲ་བའི་ཏིང་ངེ་འཛིན་ཇི་ལྟར་བརྟན་ཡང་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བས་མ་ཟིན་ན་འདོད་སེམས་རྩེ་གཅིག་པ་དང་། དེས་ཟིན་པའི་ཏིང་ངེ་འཛིན་ཞི་གནས་སུ་གསུངས་ཤིང་། མངོན་ཤེས་རྫུ་འཕྲུལ་སོགས་ཡོན་ཏན་མང་པོའ་འབྱུང་ཁུངས་ཡིན་པ་དང་། ཁྱད་པར་ཐེག་པ་གསུམ་གའི་འཕགས་ལམ་རྣམ་ཀྱང་འདི་ལ་བརྟེན་ནས་འཐོབ་པ་ཡིན་ནོ། །འོ་ན་ལམ་འདི་ཉིད་རང་གི་ངོ་བོའ་སྒོ་ནས་ཅི་འདྲར་ངོ་སྤྲོད་ཅེ་ན་སྨྲས་པ། དེ་ལྟར་སེམས་ཀྱི་ཆོས་ཉིད་ནི། །མངོན་སུམ་ལྷག་གིས་མཐོང་མོད་ཀྱང་། །འདི་ཞེས་གཟུང་ཞིང་བསྟན་དུ་མེད། །གང་ཤར་འཛིན་མེད་ལྷུག་པར་འཇོག །འདི་ནི་སངས་རྒྱས་སྤར་བཅངས་སུ། །གཏོད་པའི་གདམས་ངག་ཡིན་ནོ་ཞེས། །དེང་སང་གངས་རིའི་སྒོམ་ཆེན་པ། །ཕལ་ཆེར་དགོངས་པ་གཅིག་གིས་སྒྲོགས། །དེ་ལྟ་མོད་ཀྱི་ཚུལ་འདི་ནི། །དང་པོའ་ལས་ཅན་སེམས་གནས་པ། །སྒྲུབ་པའི་རྨད་བྱུང་ཐབས་མཁས་དང་། །སེམས་ཀྱི་ཀུན་རྫོབ་ངོ་སྤྲོད་ཚུལ། །ཡིན་ཞེས་ཆོས་ཀྱི་རྒྱལ་མཚན་སྨྲ། །ཞེས་དེ་སྐད་དུ་བརྗོད་དོ། །ད་ནི་བྱེ་བྲག་ཏུ་སེམས་ཀྱི་ཆོས་ཉིད་ལ་ངོ་སྤྲོད་ཇི་ལྟར་བྱེད་ཚུལ་སྟོན་པར་དམ་བཅའ་བ།
༥༢༦ད་ནི་སེམས་ཀྱི་ཆོས་ཉིད་ལ། །ངོ་སྤྲོད་ཇི་ལྟར་བྱ་བའི་ཚུལ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀུན། །ངུར་སྨྲིག་འཛིན་པའི་ཚུལ་བཟུང་ནས། །བདག་བློ་རྨོངས་པའི་མུན་སེལ་བའི། །རྩ་བའི་བླ་མའི་ཞལ་གདམས་དགོད། །ཅེས་པ་སྟེ། གཞན་རྟོགས་སླ་ཞིང་དམ་འཆའ་ཚུལ་མི་འདྲ་བས་སྔོན་མ་རྣམས་དང་ཟློས་པའི་སྐྱོན་མེད་དོ། །དེས་ན་འདི་ལ་ངོ་སྤྲོད་ཚུལ་གྱི་དབྱེ་བ་སྤྱིར་བསྟན་པ་དང་། དེ་དག་གི་སྙིང་པོ་ལ་དྲིལ་ནས་བསྟན་པའོ། །དང་པོ་ནི། སྟོན་པས་སེམས་རྟོགས་ན་སངས་རྒྱས་ཡིན་པས། སངས་རྒྱས་གཞན་དུ་མི་བཙལ་ཅེས་པ་དང་། ས་ར་ཧས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་ཐམས་ཅད་སྟེར་བྱེད་པ། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་དང་། གླིང་རས་ཀྱིས་ཀྱང་རང་གི་སེམས་ཉིད་རྟོགས་ན་སངས་རྒྱས་ཡིན། །སྒྲོ་འདོགས་ནང་ནས་ཆོད་ན་ཡོངས་ཀྱང་ཡིན། །ཞེས་བཤད་པ་ལྟར། རང་གི་སེམས་ཀྱིས་ཆོས་ཉིད་ཇི་བཞིན་དུ་རྟོགས་པ་དང་། མ་རྟོགས་པ་ལས་འཁོར་འདས་གཉིས་སུ་འགྱུར་བའི་ཁེ་ཉེན་ཤིན་ཏུ་ཆེ་བར་མདོ་རྒྱུད་དམ་པ་ཐམས་ཅད་དགོངས་མཐུན་ལ། སེམས་ཀྱི་གཞི་རྩ་བཅད་ནས་སྒོམ་ཚུལ། ཁ་ཅིག་ནི་མཉམ་གཞག་གི་ངང་ནས་རང་གི་སེམས་ཕྱི་དང་ནང་དང་སྐྱེ་བ་དང་གནས་པ་དང་འགག་པ་གང་དུ་གྲུབ་དཔྱད་པ་ན། །གང་དུ་ཡང་མ་གྲུབ་པར་མཐོང་བའི་ཚེ། །སེམས་ཀྱི་གཞི་རྩ་ཆོད་པ་དང་། །སེམས་ངོ་འཕྲོད་པ་དང་། །ཕྱག་ཆེན་གྱི་དོན་ཐོབ་པ་ཡིན་ཏེ། དོ་ཧ་ལས། སེམས་དང་སྣང་བ་ཐམས་ཅད་ནི། །བཙལ་ན་མི་རྙེད་འཚོལ་མཁན་གང་ནའང་མེད། །མེད་པ་དུས་གསུམ་མ་སྐྱེས་མ་འགགས་པས། །དེ་ཉིད་གཞན་དུ་འགྱུར་བ་
༥༢༧མེད་པ་ནི། །རང་བཞིན་བདེ་བ་ཆེན་པོའ་གནས་ལུགས་ཡིན། །དེ་ཕྱིར་སྣང་བ་ཐམས་ཅད་ཆོས་ཀྱི་སྐུ། །ཞེས་པའི་དོན་དུ་འདོད། ཡང་འགའ་ཞིག་ནི། སེམས་བརྩལ་བས་རང་གི་ལུས་འདིའི་སྤྱི་བོ་ནས་རྐང་མཐིལ་གྱི་བར་གྱི་ཆ་ཤས་གང་དུ་ཡང་མ་གྲུབ་པ་དང་། ཁ་དོག་དང་དབྱིབས་སོགས་གཟུགས་ཅན་གང་དུ་ཡང་མ་གྲུབ་པར་མཐོང་བ་དེ་སེམས་ཀྱི་ཆོས་ཉིད་མཐོང་བ་སོགས་ཡིན་ཏེ། ཞང་རིན་པོ་ཆེས། ཀུན་གྱི་ས་བོན་རང་སེམས་གནས་ལུགས་ནི། །རྒྱལ་བ་སྲས་བཅས་ཀུན་གྱི་ཐུགས་དང་ནི། །ཡེ་ནས་ཁྱད་མེད་ཡེ་ཤེས་ཆོས་སྐུར་སྣང་། །བེམ་པོ་མ་ཡིན་རང་གི་ངང་གིས་གསལ། །དངོས་པོར་མ་གྲུབ་ཁ་དོག་ཚད་ཀྱིས་སྟོང་། །ཞེས་གསུངས་པས་སོ་སྙམ་དུ་དགོངས། ཡང་ལ་ལ་ནི། སྔར་འདས་ཀྱི་ཤེས་པའི་རྗེས་མི་གཅོད། མ་འོངས་པའི་ཤེས་པའི་སྔུན་མི་བསུ། ད་ལྟར་གྱི་ཤེས་པ་སོ་མ་དེའི་ངང་དུ་ལྷན་ནེ་བཞག་པས་སེམས་ཀྱི་ངོ་བོ་རྗེན་ཆེར་གྱི་མངོན་སུམ་དུ་མཐོང་ལ། དེའི་ཚེ་སེམས་ཀྱི་རྩ་བ་ཆོད་ཅིང་སེམས་ངོ་འཕྲོད་པ་ཡིན་ཏེ། ས་ར་ཧས། སོ་མ་མ་བཅོས་ལྷུག་པར་བཞག །ཅེས་སོགས་དང་། གྲུབ་ཆེན་གླིང་གིས། མ་བཅོས་སོ་མར་བཞག་ན་རྟོགས་པ་འཆར། །ཆུ་བོའ་རྒྱུན་བཞིན་བསྐྱངས་ན་ཡོངས་ཀྱང་འཆར། །དམིགས་གཏད་མཚན་མ་ཐམས་ཅད་ཡོངས་སྤོངས་ལ། །རྟག་ཏུ་མཉམ་པར་ཞོག་ཅིག་རྣལ་འབྱོར་པ། །ཞེས་གསུངས་ལྟར་རོ་གསུང་གཞན་དག་ནི། སེམས་ལ་གཟུགས་སྒྲ་སོགས་ཡུལ་གང་དང་གང་གི་རྣམ་པར་ཤར་བ་དང་། དགེ་མི་དགེ་སོགས་བཟང་ངན་གྱི་རྣམ་རྟོག་ཅི་ཤར་ཀྱང་། དགག་བསྒྲུབ་ཅུང་ཟད་ཀྱང་མི་བྱེད་པར། །དེ་ཁའི་ངོ་བོ་ལ་གཅེར་གྱིས་བལྟས་པས་རང་ཡལ་དུ་འགྲོ། དེ་རྗེས་གང་དུའང་ངོས་བཟུང་མེད་པའི་སྟོང་
༥༢༨སང་ཧང་ངེ་བ་དེ་ལ་འཇོག་ཅིང་། དེ་ལྟར་མཐོང་བ་ཆོས་ཉིད་རྟོགས་པ་དང་སེམས་ངོ་འཕྲོད་པ་ཡིན་ཏེ། གངྒ་མ་ལས། བློ་འདས་བྱར་མེད་དོན་དེ་རྟོགས་འདོད་ན། །རང་སེམས་རྩད་ཆོད་རིག་པ་གཅེར་བུ་ཞོག །རྟོག་པ་དྲི་མའི་ཆུ་དེ་དྭངས་སུ་ཆུག །སྣང་བ་དགག་བསྒྲུབ་མི་བྱ་རང་སོར་ཞོག །སྤོང་ལེན་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་འབྱུང་བ་ལྟར་རོ་ཞེས་བཞེད། ཡང་མང་པོ་ཞིག་ནི། །རྣམ་རྟོག་གི་རིས་ཅི་སྐྱེས་ཀྱང་རང་ཡལ་དུ་མི་གཏོང་བར་ཐོག་རྫིས་བྱས། དེ་ཁའི་སྟེང་དུ་ཇེ་རྒྱས་སུ་བཏང་པས་རང་གྲོལ་དུ་འགྲོ་བས། ཤར་གྲོལ་དུས་མཉམ་པ་སྟེ། རྣམ་རྟོག་ཇི་ཙམ་མང་བ་ཙམ་གྱིས་ཆོས་སྐུ་གྲངས་མང་བ་ཡིན་ཏེ། བླ་མ་ཞང་གིས། དེ་ལྟར་བཞག་པའི་ངང་ཉིད་ནས། །རྣམ་རྟོག་།།།གྱིས་བྱུང་གྱུར་ན། །དེ་ཉིད་འོད་གསལ་ཆོས་སྐུ་ལས། །གཞན་ཞིག་སྙམ་དུ་མ་སེམས་ཤིག །དེ་ཕྱིར་རྣམ་རྟོག་འཕྲོ་བ་དེ། །སྟོང་ཉིད་ལས་ནི་སྟོང་ཉིད་འཕྲོ། །ཆོས་སྐུ་ལས་ནི་ཆོས་སྐུ་འཕྲོ། །ཟུང་འཇུག་ལས་ནི་ཟུང་འཇུག་འཕྲོ། །ཞེས་པའི་དོན་དུ་འདོམས་སོ། །གཉིས་པ་ནི། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། །སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་། །རིག་པ་བརྒྱ་དག་གིས་ནི་འཇུག་པར་མཛད། །ཅེས་ཟབ་མོ་སྟོང་པ་ཉིད་བདག་མེད་པའི་ཚུལ་མ་ཤེས་པས། འགྲོ་བ་རྣམས་འཁོར་བར་འཁྱམས་པ་ཡིན་ལ། དེ་དག་འཁོར་བར་འཁྱམས་པ་ལ་ཐུགས་རྗེ་ཆེན་པོ་མངའ་བའི་སྟོན་པས་འཁོར་བ་ལས་བསྒྲལ་བའི་ཕྱིར་དུ་བདག་མེད་རྟོག་པའི་ཐབས་ཚུལ་དང་། བདག་མེད་གཏན་ལ་འབེབས་པའི་རིག་པ་བརྒྱ་ཕྲག་དག་གིས་དངོས་དང་བརྒྱུད་པས་བདག་མེད་རྟོགས་པའི་ལམ་ལ་འཛུད་པར་མཛད་ཅེས་གསུངས་
༥༢༩སོ། །དེ་བཞིན་དུ་མགོན་པོ་ཞི་བ་ལྷས་ཀྱང་། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་དང་། ཇོ་བོ་རྗེས་ཀྱང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གསུངས་པ་ཐམས་ཅད་ཀྱང་། །ཆོས་ཉིད་འདི་ལ་གཞོལ་ཅིང་འབབ། །ཅེས་རྒྱལ་བས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཀྱང་མཐར་གདུལ་བྱས་ཆོས་ཉིད་དམ་བདག་མེད་མངོན་སུམ་དུ་རྟོགས་པ་མཐར་ཕྱིན་པའི་ཐབས་སུ་འབབ་པར་གསུངས་པ་ཡིན་ནོ། །དེ་ཡང་བདག་མེད་མངོན་སུམ་དུ་རྟོགས་པ་ལ་སྔོན་དུ་བདག་མེད་ཐོས་བསམ་གྱིས་གཏན་ལ་ཕབ་ནས་བསྒོམ་དགོས་ཤིང་། སྒོམ་པ་ཡང་ཞི་གནས་ཙམ་གྱིས་མུ་སྟེགས་ཅན་འགའ་ཞིག་ལྟར་ཉོན་མོངས་སྤོང་མི་ནུས་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། འཇིག་རྟེན་པ་དག་ཏིང་ངེ་འཛིན་སྒོམ་བྱེད་ཀྱང་། །དེས་ནི་བདག་ཏུ་འདུ་ཤེས་འཇིག་མི་འགྱུར། །དེས་ནི་ཉོན་མོངས་ཕྱིར་ཞིང་རབ་འཁྲུག་སྟེ། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་བསྒོམ་པ་བཞིན། །ཞེས་གསུངས། །འོ་ན་ཐར་པ་དངོས་སུ་ཐོབ་བྱེད་ཀྱི་ཏིང་ངེ་འཛིན་དེ་ཅི་ཞེ་ན། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོགས། །སོ་སོར་དེ་བརྟགས་གང་ཞིག་སྒོམ་བྱེད་པ། །དེས་ནི་མྱ་ངན་འདས་འཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞི་མི་འགྱུར། །ཞེས་བདག་མེད་ཆོས་ལ་སོ་སོར་བརྟགས་ཏེ། །བརྟགས་དོན་བསྒོམས་པས་འབྲས་བུ་མྱང་འདས་འཐོབ་པར་གསུངས་སོ། །དེ་ལྟ་བུའི་བདག་མེད་པ་ལ་ཡང་ངོ་བོའ་སྒོ་ནས་ཕྲ་རག་མེད་ཀྱང་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་འགྱུར་ཏེ། དཔལ་ལྡན་ཟླ་བས། བདག་མེད་འདི་ནི་འགྲོ་བ་རྣམ་སྒྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་གསུངས་པ་བཞིན་ནོ། །གཉིས་པོ་དེ་ཡང་གསུངས་རབ་དགོངས་འགྲེལ་དང་།
༥༣༠བཅས་པ་ལས། ཐོག་མར་ཆོས་ཀྱི་བདག་མེད་གཏན་ལ་ཕབ་ཀྱང་། སྒོམ་པའི་ཚེ་ཐོག་མར་གང་ཟག་གི་བདག་མེད་བསྒོམ་དགོས་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། །ཆོས་རྣམས་ཐམས་ཅད་དེ་ཡི་ངོ་བོ་ཉིད། །ཡོངས་སུ་དག་པ་ནམ་མཁའ་ལྟ་བུ་ཡིན། །གཅིག་གིས་ཀྱང་ནི་ཐམས་ཅད་ཤེས། །གཅིག་གིས་ཀྱང་ནི་ཐམས་ཅད་མཐོང་། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་གང་ཟག་གི་བདག་མེད་བསྒོམ་པ་ལ། སྔོན་དུ་འགོག་རྒྱུའི་དགག་བྱ་ངོས་འཛིན་དགོས་ཏེ། སྤྱོད་འཇུག་ལས། བརྟགས་པའི་དངོས་ལ་མ་རེག་བར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པ་ལྟར། དགག་བྱ་ངོས་མ་ཟིན་ན་འབེན་མ་མཐོང་པར་མདའ་རྒྱབ་པ་དང་། དགྲ་ངོས་མ་ཟིན་བར་དམག་འདྲེན་པ་དང་འདྲ་བས་སོ། །དགག་བྱ་ངོས་འཛིན་ཀྱང་ཧ་ཅང་ཁྱབ་ཆེས་ན་ནི་ཁྱད་མཐར་ལྟུང་ཞིང་། ཧ་ཅང་ཁྱབ་ཆུང་ན་ནི། དགག་བྱ་ཕྲ་མོ་མི་ཁེགས་པས་རྟག་མཐར་ལྟུང་བས་ཉེན་ཡང་ཤིན་ཏུ་ཆེ་སྟེ། རྩ་ཤེས་ལས། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ཉེས་པར་བསྒྲུབ་པ་བཞིན། །དེ་ཕྱིར་ཞེན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །ཅེས་གསུངས་སོ། །དེ་ཡང་བརྒྱད་སྟོང་པར་ང་དང་ང་ཡིར་འཛིན་པས་སེམས་ཅན་ཐམས་ཅད་འཁོར་བ་ན་འཁོར་བར་གསུངས་པ་བཞིན། ཉེས་པ་ཐམས་ཅད་ཀྱི་རྩ་བ་མཐར་ཐུག་པ་བདག་འཛིན་ལྷན་སྐྱེས་སམ། ངར་འཛིན་ལྷན་སྐྱེས་ཡིན་ལ། སྤྱིར་ངའོ་སྙམ་དུ་འཛིན་པའི་བློ་ལ། ང་བདེན་གྲུབ་ཀྱིས་ཁྱད་པར་དུ་བྱས་པ་དང་། ང་བདེན་མེད་དམ་མིང་ཙམ། རྟོག་པས་
༥༣༡བཏགས་ཙམ་དུ་བྱས་པ་དང་། དེ་གཉིས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་ངའོ་སྙམ་དུ་འཛིན་པའི་ཚུལ་གསུམ་ལས། ཕྱི་མ་ནི་ང་ཙམ་ཞིག་འཇོག་པའི་ཐ་སྙད་པའི་ཚད་མ་དང་། བར་བ་ནི་དབུ་མའི་ལྟ་བ་ལ་ངེས་པ་རྙེད་པ་ཡན་ཆད་ཁོ་ནའི་རྒྱུད་ལ་འབྱུང་གི་གཞན་ལ་མི་འབྱུང་ཞིང་། དང་པོ་གང་ཟག་གི་བདག་འཛིན་ཡིན་ནོ། །གང་ཟག་གཞན་དམིགས་ཡུལ་དུ་བྱས་ནས་བདེན་པར་འཛིན་པ་ནི་གང་ཟག་གི་བདག་འཛིན་ཡིན་ཀྱང་ངར་འཛིན་ལྷན་སྐྱེས་མ་ཡིན་ལ། ངར་འཛིན་ལྷན་སྐྱེས་སམ། འཇིག་ལྟ་ནི། དམིགས་པ་རང་རྒྱུད་ཀྱི་ང་ལ་དམིགས་ནས་རྣམ་པ་རང་བཞིན་གྱིས་གྲུབ་པར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ནོ། །དེ་ནི་རང་རྒྱུ་ཆོས་ཀྱི་བདག་འཛིན་ཕྲ་མོ་ཞིག་གིས་བསྐྱེད་པ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ལ་ཡང་ལས་ཏེ། །ལས་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ཉིད་འཁོར་བའི་རྩ་བ་ཡིན་པས་དེའི་འཛིན་སྟངས་ཀྱི་ཡུལ་ལམ་ཞེན་ཡུལ་དེ་སུན་མ་ཕྱུངས་པར་བདག་འཛིན་སྤང་མི་ནུས་ཏེ། རིག་པའི་དབང་ཕྱུག་གིས། འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤང་བར་ནི་ནུས་མ་ཡིན། །ཞེས་གསུངས་པའི་ཕྱིར། སྐྱེས་བུ་བདེན་པར་འཛིན་པའམ། ང་བདེན་པར་འཛིན་པའམ། གང་ཟག་བདེན་པར་འཛིན་པ་དེ་ཡི་ཞེན་ཡུལ་ནི། སྐྱེས་བུ་བདེན་པར་གྲུབ་པ་དང་། །ང་བདེན་པར་གྲུབ་པ་དང་། གང་ཟག་བདེན་པར་གྲུབ་པ་སོགས་ཡིན་པས་སུན་དབྱུང་དགོས་ལ། དེ་དག་སུན་འབྱིན་པ་ནི། དེ་དག་བདེན་མེད་དུ་ལྟ་བ་ཉིད་ཡིན་ཏེ། གང་ཟག་བདེན་མེད་དུ་ངེས་ནས་གོམ་པར་བྱས་པས། གང་ཟག་བདེན་པར་འཛིན་པ་བཟློག་པར་འགྱུར་བའི་
༥༣༢ཕྱིར་རོ། །རྒྱུ་མཚན་དེ་དག་གིས་ནི་སྔོན་དུ་དགག་བྱའི་སྣང་ཚུལ་དང་། འཛིན་ཚུལ་མན་ངག་མྱོང་འཁྲིད་དུ་བསྟན་པའི་ཕྱིར་བཤད་པ། སྔར་གྱི་མཉམ་གཞག་ངང་ཉིད་ནས། །མ་གཡོས་དྭངས་པའི་ཆུ་ནང་དུ། །ཇི་ལྟར་ཉེའུ་ཆུང་འཁྱུག་པ་ལྟར། །ཕྲ་མོའ་ཤེས་པས་སྒོམ་པ་པོའ། །སྐྱེས་བུའི་རང་བཞིན་མཛངས་པར་བརྟགས། །ཅེས་པའོ། །འདི་ལྟར་སྔར་གྱི་ཞི་གནས་ཀྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པའི་མཉམ་གཞག་གི་ངང་ནས་ཅུང་ཟད་ཀྱང་མ་གཡོས་པར་དཔེར་ན་དྭངས་པའི་ཆུས་གང་བའི་མཚོ་ནང་དུ་ཆུ་མི་གཡོ་བར་ཉེའུ་ཆུང་ཁྱུག་ཁྱུག་འཁྱུག་པ་ལྟར། མཉམ་གཞག་གི་ངང་ནས་ཕྲ་མོའ་ཤེས་པ་ཞིག་གིས་ཏིང་ངེ་འཛིན་སྒོམ་པ་པོའ་སྐྱེས་བུའམ། ངའམ་བདག་ཉིད་ཀྱིས་རང་བཞིན་ཏེ་གནས་ཚུལ་དང་། འཛིན་ཚུལ་ཇི་ལྟར་འདུག་ཕྲ་ཞིང་མཛངས་པ་སྟེ་སོ་སོར་འབྱེད་པ་དང་ཞིབ་པའི་བློས་བརྟག་པར་བྱའོ། །དེ་ལྟར་བརྟགས་པ་ན། གནས་ཚུལ་ནི། སྐྱེས་བུ་དང་། ང་དང་། གང་ཟག་ལ་སོགས་པ་ཆོས་ཐམས་ཅད་མིང་ཙམ་དང་། རྟོག་པས་བཏགས་པ་ཙམ་དང་ཐག་ཁྲ་ལ་སྦྲུལ་ལམ་ཐོ་ཡོར་དང་། ཤིང་ཕུང་ལ་མིར་བཏགས་པ་ཙམ་སྟེ། མདོ་ལས། དྲི་ཟའི་གྲོང་ཁྱེར་ཇི་ལྟར་སྣང་གྱུར་ཀྱང་། །གྲོང་ཁྱེར་དེ་ནི་ཕྱོགས་བཅུ་ཀུན་ན་མེད། །གཞན་དུ་གྲོང་ཁྱེར་དེ་ནི་མིང་ཙམ་སྟེ། །དེ་བཞིན་བདེ་བར་གཤེགས་པས་འགྲོ་འདི་གཟིགས། །ཞེས་དེ་བཞིན་གཤེགས་པས་ཇི་ལྟར་གཟིགས་པ་ལྟར་རོ། །དེས་ན་རང་ཅག་རྣམས་ཀྱང་མ་འཁྲུལ་ན། །ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་དུ་སྣང་དགོས་པ་ལས། དེ་ལྟར་མི་སྣང་བར་མ་རིག་པའི་གདོན་གྱིས་བརླམས་པས། གནས་ཚུལ་དེ་ལོག་པར་སྣང་ཞིང་ཞེན་པས་ལས་བསགས། ལས་དེའི་དབང་གིས་འཁོར་བར་
༥༣༣འཁྱམས་ནས་སྡུག་བསྔལ་སྣ་ཚོགས་མྱོང་བ་ཡིན་པས་ན། ད་སྙིང་པོ་རྒྱན་ཁྱེར་གྱིས་བསྟན་ན། དེ་ལྟ་བུའི་སྣང་ཚུལ་དང་ཞེན་ཚུལ་ལ་དགག་བྱའི་སྣང་ཚུལ་ཞེས་པའམ་བདེན་གྲུབ་ཏུ་སྣང་ཚུལ་དང་བདེན་གྲུབ་ཏུ་འཛིན་ཚུལ་ལམ་ཞེན་ཚུལ་དུ་འདོད་པ་ཡིན་ནོ། །དེས་ན་རང་ཅག་སོ་སྐྱེ་ལ་ད་ལྟའི་སྣང་བ་འཆར་ཚུལ་འདི་ལས་གཞན་པའི་རྟགས་ཀྱི་དགག་བྱའི་སྣང་ཚུལ་གཞན་མེད་དེ། སོ་སྐྱེའི་རྒྱུད་ཀྱི་ཤེས་པ་ཐམས་ཅད་མ་རིག་པས་བསླད་པའི་དབང་གིས་ཡུལ་ཅི་སྣང་ཡང་བདེན་པར་སྣང་བའི་ཕྱིར། དེ་བས་ན། འདི་ལྟར་གང་ཟག་དང་ཆོས་བཏགས་ཡོད་ཙམ་དུ་ངེས་པ་ལ་བརྟེན་ནས། འཁོར་བའི་རྩ་བ་ངར་འཛིན་ལྷན་སྐྱེས་ཀྱི་ངའི་འཛིན་ཚུལ་ཇི་བཞིན་དུ་ངེས་འོང་སྟེ། དེ་ལྟར་རྟོགས་པ་ལ་བརྟེན་ནས་དགག་བྱ་ཕྲ་མོའ་འཛིན་ཚུལ་མ་ལུས་པར་ངེས་ནུས་པའི་ཕྱིར་ཏེ། རྗེ་ཐམས་ཅད་མཁྱེན་པས་ཀྱང་། ཆོས་ཐམས་ཅད་བརྟགས་ཡོད་དུ་བསྟན་པ་དང་། དེ་ལས་ལྡོག་པའི་དགག་བྱ་ངོས་འཛིན་ཚུལ་ལོ། །ཞེས་མང་དུ་གསུངས་སོ། །ཚུལ་འདི་དག་ལ་ནི་མཁས་པའི་དབང་པོར་གྲགས་པ་འགྲོ་བ་མང་པོའ་འདྲེན་པར་རློམ་པ་འགའི་ཡི་གེ་ལའང་ངེས་པ་མ་མཆིས་མོད། འོན་ཀྱང་སྒྲུབ་པ་སྙིང་པོར་མཛད་པའི་དམ་པ་རྣམས་ཁོ་ན་ཐུགས་རྒྱུས་ཆེ་བ་འདུག་སྟེ། མཁས་གྲུབ་ནོར་བཟང་རྒྱ་མཚོས། འོན་ཀྱང་བློ་བཟང་ཉིན་བྱེད་དབང་པོ་ཡིས། །རྗེས་འབྲང་མཁས་རློམ་རྒྱུ་སྐར་དུ་མའི་ཚོགས། །རང་མཚན་རང་བཞིན་གྲུབ་དང་བདེན་དངོས་ཞེས། །ཐ་སྙད་ཚིག་གིས་བཅིངས་པའི་དགག་བྱ་དག །རང་བློས་བཞག་པ་རིག་པས་བཀག་པའི་དོན། །མཐའ་བྲལ་དབུ་མ་ཆེན་པོར་འདོད་པ་མཐོང་། །རྨི་ལམ་གཟུགས་དང་སྒྱུ་མའི་རྟ་གླང་གང་། །རང་སྣང་བློ་ལ་སྣང་ཙམ་མ་གཏོགས་པར། །དེ་ལས་ལོགས་སུ་ཅུང་ཟད་ཡོད་མིན་ལྟར། །སྲིད་པའི་རྩེ་མོ་
༥༣༤ནས་བཟུང་དམྱལ་བའི་བར། །སེམས་ཅན་ཇི་སྙེད་རང་རང་སོ་སོ་ཡི། །རྟོག་པས་བཏགས་པ་ཙམ་ཞིག་མ་གཏོགས་པ། །ཡོད་པའི་དགག་བྱ་ཕྲ་མོ་མ་ཁེགས་ན། །ཇི་ཙམ་དཔྱད་ཀྱང་ཉི་ཚེའི་ལྟ་བ་ལས། །ཅུང་ཟད་འཕགས་པ་མེད་པར་བདག་གིས་ཁུམས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་བརྟགས་པ་ན། སྐྱེས་བུའམ། གང་ཟག་གམ། ངའོ་སྙམ་པའི་བློ་ལ་སྣང་བ་ལྟར་གྱི་སྐྱེས་བུ་སོགས་ཡོད་ན་བདེན་པར་ཡོད་པ་ལས་འོས་མེད་ཡིན་ནའང་། དེ་ལྟར་སྣང་བ་ལྟར་གྱི་སྐྱེས་བུ་ཡོད་པ་མ་ཡིན་ཏེ། སྐྱེས་བུའི་ལུས་སེམས་གཉིས་རེ་རེ་བ་ཡང་སྐྱེས་བུ་མ་ཡིན། ལུས་སེམས་གཉིས་ཚོགས་པ་ཡང་སྐྱེས་བུ་མ་ཡིན། ཁམས་དྲུག་རེ་རེ་བ་ཡང་སྐྱེས་བུ་མ་ཡིན། ཁམས་དྲུག་ཚོགས་པ་ཙམ་ཡང་སྐྱེས་བུ་མ་ཡིན། ཁམས་དྲུག་ལས་གཞན་དུ་ཡང་སྐྱེས་བུ་ཡོད་པ་མ་ཡིན་ཞེས་སྟོན་པ་ལ། སྐྱོབས་པ་བླ་ན་མེད་པ་མགོན་པོ་ཀླུ་སྒྲུབ་ཉིད་ཀྱིས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང་། །ཞེས་གསུངས་ཤིང་། དེ་དང་མཐུན་པར་སྤྱོད་འཇུག་ལས་ཀྱང་། །སོ་དང་སྐྲ་སེན་བདག་མ་ཡིན། །བདག་ནི་རུས་པ་ཁྲག་མ་ཡིན། །སྣབས་མིན་བད་ཀན་མ་ཡིན་ལ། །ཆུ་སེར་དང་ནི་རྣག་ཀྱང་མིན། །བདག་ནི་ཞག་དང་རྡུལ་མིན་ཏེ། །གློ་མཆིན་དག་ཀྱང་བདག་མ་ཡིན། །ནང་ཁྲོར་དག་ཀྱང་བདག་མིན་ཏེ། །བདག་ནི་ཕྱི་ས་གཅིན་མ་ཡིན། །དྲོད་དང་རླུང་ཡང་བདག་མ་ཡིན། །བུ་ག་མ་ཡིན་རྣམ་ཀུན་ཏུ། །རྣམ་ཤེས་དྲུག་ཀྱང་བདག་མ་ཡིན། །ཞེས་སྐྱེས་བུའམ། བདག་གམ། ང་དེ་རང་གི་ལུས་ཀྱི་སའི་ཁམས་རུས་པ་སོགས་སྲ་བའི་ཆ་ཡང་ང་མིན། ཆུའི་ཁམས་ཁྲག་སོགས་གཤེར་བའི་ཆ་ཡང་བདག་མ་ཡིན། སྤྱི་བོ་ནས་རྐང་མཐིལ་གྱི་
༥༣༥བར་གྱི་མེ་ཁམས་དྲོད་ཀྱི་ཆ་ཡང་བདག་མ་ཡིན། ལུས་ཀྱི་རླུང་ཁམས་རྩ་ནང་ནས་རྒྱུ་བའི་ཡང་ཞིང་གཡོ་བ་ཡང་སྐྱེས་བུ་མ་ཡིན། ལུས་ཀྱི་ཁོང་སྟོང་སོགས་བུ་ག་རྣམས་ཀྱང་སྐྱེས་བུ་མ་ཡིན། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་ཤེས་ཐམས་ཅད་ཀྱང་བདག་མ་ཡིན་ཅིང་བདག་ཀྱང་དེ་དག་མ་ཡིན། དེ་དག་ཚོགས་པ་ཡང་མ་ཡིན། ང་ཡང་དེ་དག་ཚོགས་པ་མ་ཡིན། དེ་རྣམས་ལས་གཞན་ན་ཡང་། སྒོམ་པ་པོའ་སྐྱེས་བུའོ་སྙམ་དུ་འཛིན་པའི་བློ་ལ་སྣང་བ་ལྟར་གྱི་སྐྱེས་བུ་མེད་པའི་ཕྱིར། མདོ་ལས་ཀྱང་། གཟུགས་བདག་མ་ཡིན། ཚོར་བ་བདག་མ་ཡིན། འདུ་ཤེས་བདག་མ་ཡིན། འདུ་བྱེད་བདག་མ་ཡིན། རྣམ་པར་ཤེས་པ་བདག་མ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟ་ན་སྒོམ་པ་པོའ་སྐྱེས་བུའི་ཕུང་པོ་ལྔ་དང་། ཁམས་དྲུག་རེ་རེ་བ་དང་། ཚོགས་པ་དང་། ཚོགས་པའི་དབྱིབས་སོགས་གང་ཡང་། སྒོམ་པ་པོའ་སྐྱེས་བུ་མ་ཡིན་ཏེ། གལ་ཏེ་ཡིན་ན། གདགས་གཞི་བཏགས་ཆོས། བླང་བྱ་ལེན་པ་པོ་ཡན་ལག་ཡན་ལག་ཅན་རྣམས་གཅིག་ཏུ་འགྱུར་ཞིང་། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། ཞེས་སོགས་ཀྱི་སྐྱོན་དུའང་འགྱུར་རོ། །ཁྱད་པར་རྣམ་པར་ཤེས་པ་སྐྱེས་བུ་ཡིན་ན། སྐྱེས་བུ་ན་བ་དང་། སྨྲས་པ་དང་། མཐོང་བ་དང་། བུ་བསྐྱེད་པ་སོགས་མི་འཐད་ཅིང་། སྐྱེས་བུ་གཅིག་ཀྱང་རྣམ་ཤེས་དྲུག་ལྟར་སྐྱེས་བུ་དྲུག་ཏུ་འགྱུར་བ་དང་། ཡང་ན་སྐྱེས་བུ་གཅིག་ལྟར་རྣམ་ཤེས་དྲུག་ཆ་མེད་གཅིག་ཏུ་འགྱུར་རོ། །དེ་དག་ཚོགས་པའི་དབྱིབས་སྐྱེས་བུ་ཡིན་ན། གཟུགས་ཅན་དུ་འགྱུར་བས་གཟུགས་མེད་ཁམས་ན་སྐྱེས་བུ་མེད་པར་འགྱུར་རོ། །ཕུང་པོ་ལྔ་ལས་གཞན་དུའང་སྐྱེས་བུ་མེད་དེ། རང་བཞིན་གྱིས་གྲུབ་པའི་འབྲེལ་མེད་
༥༣༦གཞན་ཡིན་པས་ཕུང་པོ་འདུས་བྱས་སུ་མཚོན་པའི་མཚན་ཉིད་དང་མི་ལྡན་པར་འགྱུར་ཏེ། གལ་ཏེ་ཕུང་པོ་ལས་གཞན་ན། ཕུང་པོའ་མཚན་ཉིད་མེད་པར་འགྱུར། །ཞེས་གསུངས་ཤིང་། གླང་པོའ་རྩལ་གྱི་མདོ་ལས་ཀྱང་། །གལ་ཏེ་ཆོས་རྣམས་རང་བཞིན་ཡོད་གྱུར་ན། །རྒྱལ་བ་ཉན་ཐོས་བཅས་པས་དེ་མཁྱེན་འགྱུར། །ཐིར་ཟུགས་ཆོས་རྣམས་མྱ་ངན་འདས་མི་འགྱུར། །མཁས་རྣམས་ནམ་ཡང་སྤྲོས་དང་བྲལ་མི་འགྱུར། །ཞེས་གསུངས་པའི་ཉེས་པར་ཡང་འགྱུར་རོ། །དེ་ལྟར་མཉམ་གཞག་གི་ངང་ནས། ཤེས་པ་ཕྲ་མོ་ཞིག་གིས་དཔྱད་པས། ངེད་རང་ལ་ཇི་ལྟར་སྣང་བའི་མཉམ་པར་འཇོག་མཁན་གྱི་སྐྱེས་བུའམ། བདག་གམ། གང་ཟག་གམ། ད་རྡུལ་ཙམ་ཡང་མེད་པར་སྟོང་ཆམ་གྱིས་འགྲོ་ལ། དེ་ལྟ་བུའི་སྟོང་སོང་ངེའི་དོན་སྤྱི་བློ་ལ་གསལ་བར་བྱས་ནས། གཞན་མ་སྤྲོས་པ་གང་ཡང་ཡིད་ལ་མི་བྱེད་པ་རྩེ་གཅིག་ཏུ་མཉམ་པར་གཞག་མེད་དགག་སྟོང་སང་དེའི་འཛིན་སྟངས་ཅུང་ཟད་ཞན་དུ་སོང་ན་མཉམ་གཞག་གི་རང་ནས་སྔར་ལྟར་དཔྱད་ལ་རྩེ་གཅིག་ཏུ་སྒོམ་པ་ནི་མཉམ་གཞག་ལྟ་བུའི་སྐྱོང་ཚུལ་ཡིན་ནོ། །ཐོག་མར་དེ་ལྟར་ངེས་པ་ན། སྔར་ལྟ་བ་ལ་གོམས་པ་མེད་ན། འཇིགས་པ་སྐྱེ་ཞིང་། གོམ་པ་ཡོད་ན་ཡིད་ལ་དགའ་བ་སྐྱེ་བར་གསུངས་སོ། །རྗེས་ཐོབ་ཀྱི་རྣམ་གཞག་སྟོན་པ་ནི་སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། ཡང་དག་མ་ཡིན། ཞེས་གསུངས་མཉམ་གཞག་དེ་ལས་ལངས་ནས་བརྟགས་པ་ན། བདག་ཉིད་ཀྱི་ཤེས་པ་མ་རིག་པའི་གདོན་གྱིས་བཟུང་བའི་དབང་གིས་ཕྱིན་ཅི་ལོག་ཏུ་སྣང་བའི་སྐྱེས་བུ་ནི་མེད་མོད། འོན་ཀྱང་སྐྱེས་བུའམ། གང་ཟག་གམ། ང་ཙམ་ཞིག་ནི་ངེས་པར་ཡོད་ལ། ཡོད་ཚུལ་ཡང་ཐོ་ཡོར་ལ་མི་དང་། ཐག་ཁྲ་ལ་སྤྲུལ་དུ་བཏགས་པ་ལྟར། སྐྱེས་བུ་ཞེས། རང་གི་ཁམས་དྲུག་གམ་ཕུང་པོ་ལྔ་
༥༣༧ཚོགས་ཙམ་ལ་བཏགས་པའི་མིང་ཙམ། བརྡའ་ཙམ་རྟོག་པས་བརྟགས་ཙམ་དང་། ཡང་དག་ཐ་མ་ཡིན་པ་སྒྱུ་མ་ལྟ་བུའི་སྟོང་པ་རྟེན་འབྲེལ་དུ་ཤར་བ་ཙམ་ལ་ངེས་ཤེས་བསྐྱེད་ནས་བསྒོམ་ཞིང་། མདོ་སྡེ་ཟབ་མོའ་དབྱངས་ཀྱིས་དྲན་པར་བྱ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ནས་དགའ་ཞིང་ཤི་ནས་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དྭངས་ཤིང་རྙོག་པ་མེད་པའི་ཆུ་ནང་སྣང་། །ཆུ་ཟླ་སྟོང་པ་གསོབ་སྟེ་གཟུང་དུ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་ཡིས། །སྨིག་རྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྨིག་རྒྱུ་ལ་ཡང་ཆུ་ནི་ཡོད་མ་ཡིན། །སེམས་ཅན་རྨོངས་པ་དེ་ལ་འཐུང་འདོད་དེ། །མི་བདེན་ཆུ་ནི་བཏུང་བར་ཡོད་མི་ནུས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤེགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེ་ལྟར་རང་རྒྱུད་ཀྱིས་བསྡུས་པའི་གང་ཟག་གི །བདག་མེད་ལ་གོམ་པ་ཉམས་འོག་ཏུ་ཆུད་པ་ན། །སྡུད་པ་ལས། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །ཞེས་གཞན་གང་ཟག་དང་ཆོས་ཀྱི་བདག་མེད་སྒོམ་ཚུལ་བསྟན་
༥༣༨པའི་ཕྱིར། ཇི་ལྟ་བར། དེ་བཞིན་ཁམས་ནི་རེ་རེ་ཡང་། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །གསུངས་པ་ཇི་བཞིན་བཙལ་བ་ན། །མཉམ་གཞག་མཉམ་པར་འཇོག་མཁན་སོགས། །རྡུན་ཕྲན་ཙམ་ཡང་མ་རྙེད་པ། །དེ་ཚེ་གཡེང་མེད་རྩེ་གཅིག་ཏུ། །ནམ་མཁའ་ལྟ་བུའི་མཉམ་གཞག་སྐྱོང་། །ཞེས་བཤད་དོ། །དེ་ཡང་སྐྱེ་འཕགས་ཐམས་ཅད་དང་། །ཕྱི་ནང་གི་སའི་ཁམས་དང་། དེ་བཞིན་དུ་ཆུ་དང་། མེ་དང་། རླུང་དང་། རྣམ་པར་ཤེས་པའི་ཁམས་ནི་རེ་རེ་བ་དང་། ཡང་འདུས་པ་སོགས་འཁོར་འདས་ཀྱི་ཆོས་ཐམས་ཅད། རང་ཅག་རྣམས་ཀྱི་བློ་ལ་སྣང་བ་དེ་ངེས་པར་བྱས་ནས། སྔར་སྐྱེས་བུའི་སྣང་ཚུལ་དང་འཛིན་ཚུལ་བཏགས་ནས་མཉམ་པར་འཇོག་པ་ཇི་ལྟ་བར། གཏན་ལ་ཕབ་སྟེ། བདེན་པར་གྲུབ་པ་རྡུལ་ཙམ་ཡང་མ་རྙེད་པ་དེའི་ཚེ། །མ་རྙེད་པ་ནི་རྙེད་པའི་མཆོག་དང་། མ་མཐོང་བ་མཐོང་བ་དམ་པར་གསུངས་པ་བཞིན་སེམས་ཀྱི་དོན་དམ་པའི་ངོ་བོ་མཐོང་བས་སེམས་ངོ་འཕྲོད་པ་ཡིན་པས་དེ་ཁའི་ངང་ལ་གཡེང་བ་མེད་པར་རྩེ་གཅིག་ཏུ། བདེན་གྲུབ་བཀག་ཙམ་ཆོས་ཉིད་ནམ་མཁའ་ལྟ་བུའི་མཉམ་གཞག་སྐྱོང་ངོ་། །ཡང་ན་བདག་ཏུ་འདོགས་པའི་གཞི་ཕྲ་བ་རླུང་སེམས་ཤིན་ཏུ་ཕྲ་བ་གསུངས་ཤིང་། གདམས་ངག་པ་རྣམས་ཀྱང་སེམས་ཀྱི་གནས་ལུགས་གཏན་ལ་འབེབས་པ་ལ་སེམས་ངོ་སྤྲོད་པར་བཞེད་པ་ལྟར་སྨྲས་པ། ཡང་ན་མཉམ་པར་བཞག་པའི་ངང་། །གཟུགས་སུ་མ་གྲུབ་སྟོང་སང་ངེ་། །སྒྲིབ་མེད་སྣ་ཚོགས་འཆར་ཞིང་འཕྲོ། །འགག་མེད་གསལ་ཞིང་རིག་པའི་རྒྱུན། །ཆད་པ་མེད་པར་འཇུག་པའི་སེམས། །ལྟོས་མེད་སྣང་ཞིང་འཛིན་པ་ཡི། །ཞེན་ཡུལ་མགོན་པོ་ཞི་བ་ལྷས། །རྒྱུན་དང་ཚོགས་ཞེས་བྱ་བ་ནི། །འཕྲེང་བ་དམག་སོགས་བཞིན་དུ་བརྫུན། །ཞེས་གསུངས་ལུང་དང་རིག་པ་ཡི། །སྣང་ཚུལ་
༥༣༩ལྟར་དུ་མ་གྲུབ་པའི། །ངང་དུ་རྩེ་གཅིག་མཉམ་པར་གཞོག །ཅེས་སོ། །ཡང་ན་ཟླ་བའི་ཞབས་ཀྱིས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོང་། །ཅེས་སེམས་སྣོད་བཅུད་ཐམས་ཅད་ཀྱི་རྩ་བར་བསྟན་པས། སེམས་ཀྱི་གཞི་རྩ་ཆོད་ན་འཕྲུལ་གཞན་དང་མི་འདྲ་བས་འདི་ལྟར་བྱ་སྟེ། སྔར་གྱི་རྒྱུན་མཉམ་པར་བཞག་པའི་ངང་ནས་རང་སེམས་ལ་བརྟགས་པ་ན་གཟུགས་གང་དུ་ཡང་མ་གྲུབ་པས་སྟོང་སང་ངེ་བ། ཉི་མ་ལ་སྤྲིན་ལྟ་བུའི་སྒྲིབ་པ་མེད་པ། མི་འགྱུ་དགུ་འགྱུ། མི་དྲན་དགུ་དྲན་སྣ་ཚོགས་འཆར་ཞིང་། ཕྱིར་འཕྲོ་བ། མར་མེ་ཤི་བ་ལྟ་བུའི་འགག་པ་མེད་པ་གསལ་ཞིང་རིག་པའི་རྒྱུན་ཆད་པ་མེད་པར་བྲེང་ཆགས་སུ་འཇུག་པའི་སེམས་དེ། རང་སེམས་འཛིན་པའི་བློ་ལ་གང་ལ་ཡང་ལྟོས་པ་མེད་པར་རང་དབང་དུ་སྣང་ཞིང་། སྣང་བ་ལྟར་འཛིན་པའི་ཞེན་ཡུལ་ལམ་སྣང་བ་ལྟར་གྱི་སེམས་དེ། མགོན་པོ་ཞི་བ་ལྷས་སྤྱོད་འཇུག་ཏུ། རྒྱུན་དང་ཚོགས་ཞེས་བྱ་བ་ནི། །ཕྲེང་བ་དམག་སོགས་བཞིན་དུ་བརྫུན། །ཞེས་འཕྲེང་བའི་ཆ་ཤས་རེ་རེ་ནས་སྲད་བུར་བརྒྱུས་པ་ལ། འཕྲེང་བ་ཞེས་བཏག་ཙམ་དང་། གོ་མཚོན་ཐོགས་པའི་སྐྱེས་བུ་རེ་རེ་ནས་འདུས་པ་ལ་དམག་ཅེས་མིང་རྐྱང་བཏག་ཙམ་མ་གཏོགས་བདེན་པར་མ་གྲུབ་ཅེས་གསུངས་པའི་ལུང་དང་རིགས་པ་ཡིས། སྣང་ཚུལ་ལྟར་དུ་མ་གྲུབ་པར་ངེས་པའི་ངང་དུ་རྩེ་གཅིག་ཏུ་མཉམ་པར་ཞོག་ཅིག །དེ་ལྟར་ཡང་བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་པའོ། །ཞེས་སེམས་ལ་རང་བཞིན་གྱིས་མ་གྲུབ་པའི་སེམས་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བ་སྟོང་པ་ཉིད་དོ། །ཞེས་གསུངས་ཤིང་དཀོན་བརྩེགས་ལས་ཀྱང་། སེམས་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་མ་
༥༤༠གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་གསུངས་སོ། །རྗེ་མར་པས་ཀྱང་སེམས་ཀྱི་ཆོས་ཉིད་ཇི་ལྟ་བ་བཞིན་ངེས་ནས་སྒོམ་པ་ལ་སེམས་སྟོང་པ་ཉིད་ལ་སྤར་ཟིན་གྱི་ཐ་སྙད་མཛད་དོ། །ཇི་སྐད་དུ། ཤར་ཆུ་བོ་གངྒཱའི་འགྲམ་དུ་ཕྱིན། །རྗེ་མཻ་ཏྲི་ཆེན་པོའ་བཀའ་དྲིན་གྱིས། །གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སེམས་སྟོང་པ་ཉིད་ལ་སྦར་ཟིན་བྱས། །དོན་སྤྲོས་བྲལ་གཉུག་མའི་ངོ་བོ་མཐོང་། །སྐུ་གསུམ་མ་དང་མངོན་སུམ་མཇལ། །མི་ཁོ་བོའ་སྤྲས་པ་དེ་ནས་ཆོད། །ཅེས་གསུངས་ཤིང་། འགྲོ་མགོན་ཕག་གྲུས་ཀྱང་། འཁོར་འདས་གཉིས་ཀྱི་རྩ་བ་སེམས། །སེམས་གདོད་ནས་དག་པ་དེ་བཞིན་ཉིད། །གདོད་ནས་ཞི་ཞིང་མ་སྐྱེས་པས། །སེམས་ཡེ་ནས་སྤྲོས་པའི་མཐའ་དང་བྲལ། །ཞེས་གསུངས་ཤིང་། མདོར་ན་བདག་ཅག་གི་དགེ་བའི་བཤེས་གཉེན་ཐམས་ཅད་མཁྱེན་པ་མ་ཡིན་པ་ལ་ཡིན་པར་གྲགས་པ་ལྟ་བུ་མིན་པ། དོན་དང་མཐུན་པའི་ཐམས་ཅད་མཁྱེན་པ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་ཀྱི་ཞལ་གདམས་འགོད་པ། མདོར་ན་བདག་གི་དགེ་བའི་བཤེས། །དོན་དང་མཐུན་པའི་ཐམས་ཅད་མཁྱེན། །སངས་རྒྱས་ཡེ་ཤེས་ཞལ་སྔ་ནས། །གང་ཤར་རྣམ་རྟོག་འཛིན་པར་ཡོངས་རིག་ན། །དོན་དམ་ཆོས་དབྱིངས་གཞན་ལ་ལྟོས་མེད་འཆར། །ཤར་བའི་ངང་དུ་རིག་པ་ཞུགས་པ་ལ། །རྩེ་གཅིག་མཉམ་པར་འཇོག་པ་ཨེ་མ་ཧོ། །ཞེས་གང་ཤར་རྣམ་རྟོག་འཛིན་པ་སྟེ། །གང་ཤར་རྟོག་པས་བརྟགས་པ་ཙམ་དུ་རིག་ན། དོན་དམ་ཆོས་ཉིད་རྐྱེན་གཞན་ལ་མ་ལྟོས་པར་བློ་ཡུལ་དུ་འཆར་ཏེ་འཇུག་པར། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་གསུངས་པ་བཞིན་ནོ། །ཤར་བའི་ངང་
༥༤༡དུ་རིག་པ་ཞུགས་པ་སྟེ། ཆོས་ཉིད་བློ་ཡུལ་དུ་ཤར་བ་དེ་དང་། ཡུལ་ཅན་ཤེས་པ་རྩེ་གཅིག་ཏུ་སྦྱར་ནས་མཉམ་པར་འཇོག་པ་ནི་ངོ་མཚར་བའོ། །ཞེས་གསུངས་པའི་རྐང་པ་ཕྱི་མ་གཉིས་ཀྱི་དོན་དང་མཐུན་པར། དམ་པས་ཀྱང་། སྟོང་པའི་ངང་དུ་རིག་པའི་མདུང་སྐོར་བྱ། །ལྟ་བ་ལ་ཐོགས་ཐུག་མེད་དོ་དིང་རི་བ། །ཞེས་སོགས་གསུངས་པ་དགོངས་པ་གཅིག་ཏུ་གནས་སོ། །གསུམ་པ་རྗེས་ཀྱི་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག་པའི་དགེ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་སྟེ། རྩ་བར། འདི་ལ་སྦྱོར་དངོས་རྗེས་གསུམ་ལས། །ཞེས་དངོས་སུ་བསྟན་པ། མཇུག་གང་དུ་སྦྱོར་ཚུལ་ཁོང་ན་གནས་ཀྱང་མི་གསལ་བ་མཚམས་འདིར་སྦྱོར་རྒྱུ་ཡིན་ཅིང་། སླན་ཆད་པ་མཚམས་མེད་པའི་ཕྱིར་རྩ་བར་འགོང་ནའང་། རྗེས་ནི་ཕྱག་ཆེན་བསྒོམས་པ་ལས། །བྱུང་བའི་རྣམ་དཀར་ཅི་མཆིས་པ། །དུས་གསུམ་དགེ་ཚོགས་རྒྱ་མཚོར་བཅས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །ཞེས་སྦྱར་ཀྱང་རུང་ངོ། །ད་ནི་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག་པའི་མཉམ་གཞག་ལས་ལངས་ནས་རྗེས་ཐོབ་ཏུ་ཉམས་ལེན་ཇི་ལྟར་སྐྱོང་ཚུལ་དང་། སླར་ཡང་མཉམ་པར་འཇོག་པའི་ཚེ་དགག་བྱའི་དོན་སྤྱི་འཕྱུགས་མེད་དུ་ངེས་པར་བྱ་བ་དང་། མཉམ་རྗེས་ཅི་ཡང་རུང་བའི་སྐབས་སུ་མཐའ་གཞན་དུ་དོགས་པའི་དོགས་པ་བསལ་བ་རྣམས་ཕྱོགས་གཅིག་ཏུ་བསྟན་པའི་ཕྱིར་འདི་ལྟར། དེ་ལྟར་གོམས་ནས་ཚོགས་དྲུག་གི །ཡུལ་དུ་སྣང་བ་ཅི་ཤར་ཡང་། །སྣང་ཚུལ་ཞིབ་མོར་རྟོགས་ཤིག་དང་། །གནས་ཚུལ་རྗེན་པར་ལྷང་གིས་འཆར། །གང་ཤར་ངོས་འཛིན་ལྟ་བའི་གནད། །མདོར་ན་རང་སེམས་ལ་སོགས་པ། །གང་གང་སྣང་བའི་དོན་དེར་ནི། །མ་འཛིན་དེ་དེའི་གནས་ཚུལ་དེ། །ངེས་པར་གྱིས་ལ་རྟག་ཏུ་སྐྱོང་། །འདི་ལྟར་ཤེས་ནས་འཁོར་འདས་ཀྱི། །ཆོས་ཀུན་རང་བཞིན་གཅིག་ཏུ་
༥༤༢སྦྱོར། །ཞེས་སྨྲས་སོ། །དེ་ལྟར་མཉམ་གཞག་ཏུ་གོམས་པར་བྱས་ནས་ནས། རྗེས་ཐོབ་ཏུ་མིག་ཤེས་སོགས་ཚོགས་དྲུག་གི་ཡུལ་དུ་གཟུགས་ལ་སོགས་པའི་སྣང་བ་ཅི་ཤར་ཡང་ཇི་ལྟར་སྣང་བའི་ཚུལ་ལ་ཞིབ་མོར་བྱེད་པའི་རྣམ་དཔྱོད་ཀྱིས་ལེགས་པར་རྟོགས་ཤིག་དང་། །དེ་ལྟར་བརྟགས་པས་བདེན་པར་སྣང་ཡང་གསོག་དང་གསོབ་དང་རྨི་ལམ་དང་ཆུ་ནང་གི་ཟླ་གཟུགས་ལྟར་སྣང་ཡང་རང་དབང་གི་སྙིང་པོ་མེད་པའི་རྟེན་འབྱུང་གི་གནས་ཚུལ་རྗེན་ལྷང་གིས་འཆར་ཞིང་། དེ་ལ་བརྟེན་ནས་ཆོས་ཉིད་ལ་ངེས་པ་ཇེ་ཆེར་འགྲོ་སྟེ། །རྗེ་མི་ཏྲས། གང་ཤར་ངོས་འཛིན་ལྟ་བའི་གནད། །ཅེས་གསུངས་པ་ལྟར་རོ། །ད་ནི་མང་དུ་སྨྲ་ཡང་ཅི་ཞིག་དགོས་མདོར་བསྡུ་ན་རང་ཅག་ཚུ་རོལ་མཐོང་བ་རྣམས་ལ་རང་གི་སེམས་ལ་སོགས་པ་ཆོས་ཅན་གང་དང་གང་ཞིག་སྣང་བའི་ཚུལ་དེ་ཉིད་དགག་བྱའི་སྣང་ཚུལ་ཡིན་པས་སྣང་བའི་དོན་དེར་ཞེན་ཅིང་མ་འཛིན་པར། དེ་དང་དེའི་གནས་ཚུལ་སྣང་བ་ལྟར་དུ་གྲུབ་པ་བཀག་ཙམ་ངེས་པར་གྱིས་ལ་མཉམ་གཞག་ནམ་མཁའ་ལྟ་བུ་དང་། དེ་ལས་ལངས་ནས་བཀག་པའི་ཤུལ་ན་ཅི་འདུག་བལྟས་པ་ན་མིང་ཙམ། བཏགས་ཙམ་གྱི་བྱ་བྱེད་རྟེན་འབྲེལ་བསྙོན་མེད་དུ་འཆར་བའི་རྗེས་ཐོབ་ཀྱི་རྣལ་འབྱོར་རེས་འཇོག་གིས་རྟག་ཏུ་སྐྱོང་བ་ཡིན་ནོ། །མཉམ་རྗེས་སྐྱོང་ཚུལ་འདི་ལྟར་ཤེས་པར་བྱས་ནས། འཁོར་འདས་ཀྱི་ཆོས་མ་ལུས་པ་ཀུན་གྱིའང་བདེན་པ་བཀག་ཙམ་གྱི་དོན་དམ་པའི་རང་བཞིན་དབྱེར་མི་ཕྱེད་པ་གཅིག་ཏུ་སྦྱར་ནས་མཉམ་པར་འཇོག་པར་དང་། རྗེས་ཐོབ་ཏུ་ཀུན་རྫོབ་པའི་རང་བཞིན་སྣང་ཙམ་སྒྱུ་མ་ལྟ་བུར་སྦྱར་ནས་གོམས་པར་བྱེད་དགོས་ཏེ། དེ་སྐད་དུ་ཡང་འཕགས་པ་ལྷས། །དངོས་པོ་གཅིག་གི་ལྟ་བོ་གང་། །དེ་ནི་ཀུན་གྱི་ལྟ་སོར་བཤད། །གཅིག་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །ཞེས་གསུངས་སོ། །འོ་ན་ཆོས་ཉིད་ལ་མཉམ་པར་བཞག་པའི་ངོར། །རྟེན་ཅིང་
༥༤༣འབྲེལ་བར་འབྱུང་བའི་ཆོས་རྣམས་མིང་ཀྱང་བཏགས་ཡོད་ཙམ་དུ་སྣང་དམ་ཞེན་སྨྲས་པ། ད་ལྟར་ཆོས་ཉིད་ལ། ཚུལ་བཞིན་མཉམ་པར་བཞག་པའི་ངོར། །ཡོད་མེད་ལ་སོགས་འཁོར་འདས་ཀྱི། །སྤྲོས་པའི་མཐའ་དང་བྲལ་མོད་ཀྱི། །ཞེས་བརྗོད་པར་བྱ་སྟེ། རྗེ་བཙུན་མི་ལས། དོན་དམ་བདེན་པའི་དབང་དུ་ནི། །བགེགས་ལས་སངས་རྒྱས་ཉིད་ཀྱང་མེད། །སྒོམ་པ་པོ་དང་བསྒོམ་བྱ་དང་། །བགྲོད་བྱ་ས་དང་ལམ་རྟགས་མེད། །འབྲས་བུ་སྐུ་དང་ཡེ་ཤེས་མེད། །དེ་དང་མྱ་ངན་འདས་པ་མེད། །མིང་དང་ཚིག་གིས་བཏགས་པ་ཙམ། །ཁམས་གསུམ་བརྟེན་དང་གཡོ་བར་བཅས། །གདོད་ནས་མ་གྲུབ་སྐྱེ་བ་མེད། །གཞི་མེད་ལྷན་ཅིག་སྐྱེས་པ་མེད། །ལས་དང་ལས་ཀྱི་རྣམ་སྨིན་མེད། །དེ་ཕྱིར་འཁོར་བའི་མིང་ཡང་མེད། །མཐར་ཐུག་དོན་ལ་ད་ལྟར་སྣང་། །ཞེས་པ་དང་། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་སོགས་དང་། མཁས་གྲུབ་ཁྱུང་པོས་ཀྱང་། སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །ཞེས་སོགས་གསུངས་ལྟར་རོ། །འོ་ན་དེ་ལྟར་ཡིན་ན་ལས་འབྲས་སོགས་གཏན་མེད་དམ་ཞེ་ན། དོན་དམ་དུ་མེད་པས་མེད་གོ་མི་ཆོད་པས། ལས་འབྲས་སོགས་ཤིན་ཏུ་འོད་ཅེས་བརྗོད་པ། དེ་ལས་ལངས་ནས་བཏགས་པའི་ཚེ། །མིང་རྐྱང་བཏགས་ཡོད་ཙམ་ཞིག་གིས། །བྱ་བྱེད་རྟེན་འབྲེལ་བསྙོན་མེད་པ། །རྨི་ལམ་སྨིག་རྒྱུ་ཆུ་ཟླ་དང་། །སྒྱུ་མ་ལྟ་བུར་ངང་གིས་འཆར། །ཞེས་སྨྲས་པ་ལྟར། རྗེ་མི་ལས་ཀྱང་། ཨེ་མ་སེམས་ཅན་མེད་གྱུར་ན། །དུས་གསུམ་སངས་རྒྱས་ཅི་ལས་བྱུང་། །རྒྱུ་མེད་འབྲས་བུ་མི་སྲིད་པས། །ཀུན་རྫོབ་བདེན་པའི་དབང་དུ་ནི། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །ཡོད་པ་དངོས་པོར་སྣང་བ་དང་། །མེད་པ་སྟོང་པའི་ཆོས་ཉིད་
༥༤༤གཉིས། །ངོ་བོ་དབྱེར་མེད་རོ་གཅིག་པས། །རང་རིག་གཞན་རིག་ཡོད་མིན་ཏེ། །ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །ཞེས་གསུངས་སོ། །ཡོད་ཚུལ་ཡང་མིང་ཙམ་བཏགས་ཙམ་དུ་ཡོད་པས་ཚིམ་པར་བྱས་ནས་འཇོག་པ་ཡིན་ཏེ། འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས། གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །ཞེས་གསུངས་པའི་ཕྱིར། དེས་ན་འཕགས་པ་ཡབ་སྲས་བཞེད་པའི་ལྟ་བ་ཕྱག་རྒྱ་ཆེན་པོའ་གོ་དོན་མཐར་ཐུག་པ་ནི་བཏགས་ཡོད་མིང་རྐྱང་ཞེས་པ་འདི་ཡིན་པས་གསལ་བར་བཤད་ན། དཔེར་ན་ཁང་པ་ཀ་བ་བཞི་པ་ཞིག་གི་ནང་ན་ཀ་བ་ཡོད་པར་ནི་འདོགས་དགོས་ཏེ། དེ་ན་ཀ་བ་བཞི་ཡོད་པའི་ཕྱིར། དེའི་ཀ་བ་དེ་ནི་ཀ་བ་བཞི་པོ་སོ་སོའ་རྗེས་སུ་འགྲོ་བའི་སྤྱི་ཡང་ཡིན་ནོ། །འོན་ཀྱང་རྫས་སྤྱི་དེའི་མཚོན་གཞི་ཅི་ཡིན་ཞེས་བཙལ་ན་བཞི་པོ་དེ་རེ་རེ་ནས་དེའི་མཚན་གཞིར་མི་རུང་། བཞི་པོ་ཚོགས་པའང་དེའི་མཚན་གཞི་མིན། བཞི་པོ་སོ་སོ་བ་དང་། ཚོགས་ཙམ་པ་ལས་དོན་གཞན་དུ་གྱུར་པའི་དེའི་མཚན་གཞི་ཡང་བསྟན་རྒྱུ་མེད་དོ། །དེས་ན་དེའི་ནང་གི་ཀ་བ་རྫས་སྤྱི་དེ་ནི་ཀ་བ་བཞི་པོའ་སྟེང་དུ་ཀ་བ་ཞེས་མིང་གིས་བཏགས་ཙམ་སྟེ་མིང་གི་བཏགས་ཙམ་དེས་ཚིམ་ནས་འཇོག་པ་མ་གཏོགས་བཙལ་ན་མི་རྙེད་པས་བཏགས་ཡོད་མེད་རྐྱང་ཞེས་བྱ་སྟེ་ཆོས་ཐམས་ཅད་ལ་མཚུངས་སོ། །དེ་ནི་གསལ་བྱའི་དོགས་པ་འདི་ཡོད་དེ། ལུགས་འདི་དང་འབྲལ་བའི་སྔ་ཕྱིའི་ཡི་གེ་འགོད་པས་སོགས་འགའ་ཞིག །སོ་སྐྱེའི་ཤེས་པ་ཐམས་ཅད་འཁྲུལ་ཤེས་དང་། །དེའི་རྒྱུ་མཚན་གྱིས་སོ་སྐྱེའི་བློ་ལ་སྣང་བ་གང་ཤར་ཐམས་ཅད་རང་བཞིན་གྱིས་གྲུབ་པར་སྣང་ཞིང་འབར་ཞེས་ཟེར་བཞིན་དུ། ད་ལྟའི་སྣང་ཚུལ་འདི་ལས་གཞན་པའི་དགག་བྱའི་སྣང་ཚུལ་བདེན་གྲུབ་རྭ་རོང་ངེ་བ་ཞིག་འཛིན་པར་འདོད་པ་ནི། རང་ཅག་སོ་སྐྱེའི་བློ་ལ་སྣང་བ། སྣང་བ་ལྟར་མ་གྲུབ་ཟེར་མ་ནུས་པས་ནོངས་པར་འདུག་པ།
༥༤༥དེ་ལྟར་ན་རང་རྒྱུད་པའི་མཁས་པ་རྣམས་ཀྱིས་གཟུགས་སོགས་བློ་གནོད་མེད་ལ་སྣང་བའི་དབང་གིས་ཡོད་པར་ཞལ་གྱིས་བཞེས་པ་ལ། །དཔལ་ལྡན་ཟླ་བས་དགག་པ་ཇི་ལྟར་མཛད་པའི་ཚུལ་ལེགས་པར་སོམས་ཤིག །འོན་ཀྱང་ཚུལ་མཐོང་གི་དབང་ཤེས་ལྔ་ལ་ཡུལ་ལྔ་ཚུགས་ཐུབ་ཏུ་མ་གྲུབ་བཞིན་དུ་ཚུགས་ཐུབ་ཏུ་གྲུབ་པར་སྣང་བས་འཁྲུལ་ཤེས་དང་། ཡུལ་ལྔ་རང་མཚན་དུ་གྲུབ་པར་སྣང་བའི་ཆ་ལ་ཚད་མ་དང་། དེའི་རྒྱུ་མཚན་གྱིས་དེ་དག་ཐ་སྙད་དུ་འཇོག་པའི་ཚད་མར་འཇོག་པ་སོགས་ནི་ཤེས་དགོས་སོ། །ཡང་མང་པོ་ཞིག་གང་ཟག་མི་འགག །གང་ཟག་བདེན་གྲུབ་འགག་པར་གསུངས་སྙམ་དུ། མཉམ་གཞག་ཏུ་གང་ཟག་ལིང་པོ་ཞིག་བཞག་ནས། བློས་བྱས་ཀྱི་གང་ཟག་བདེན་གྲུབ་ཞིག་འགོག་པའི་ངལ་བ་བྱེད་པ་ནི་ཆེས་མི་འཐད་དེ་རྟག་མཐར་འབྱུང་བའི་ཕྱིར་རོ། །གཞན་ཡང་བརྗོད་པར་བྱ་བ་དུ་མ་འདུག་ནའང་མང་བས་འཇིགས་པའི་ཕྱིར་དེ་ཙམ་མོ། །དེ་ལྟར་བསྒོམས་པས་རྟག་ཆད་ཀྱི་མཐའ་དང་བྲལ་བའི་ལམ་བཟང་མངོན་དུ་འགྱུར་ཚུལ་བསྟན་པ། སྣང་བས་སྟོང་པ་མི་སྒྲིབ་ཅིང་། །སྟོང་པས་སྣང་བ་མི་འགོག་པ། །སྟོང་དང་རྟེན་འབྱུང་དོན་གཅིག་པའི། །ལམ་བཟང་དེ་ཚེ་མངོན་སུམ་འགྱུར། །ཞེས་སྨྲས་ཏེ། འདི་དང་མཐུན་པར་རྗེ་ཐམས་ཅད་མཁྱེན་པས། །སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་པ་དང་། འཇུག་པར་ཡང་། དེ་བཞིན་ཆོས་རྣམས་ཐམས་ཅད་སྟོང་ན་ཡང་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར། །དེ་དག་རྟག་པ་མ་ཡིན་ཆད་པའང་མིན། །
༥༤༦ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་། །ཆོས་རྣམས་སྟོང་པ་ཉིད་ཤེས་ནས། །རྒྱུ་དང་འབྲས་བུ་འཐད་པ་གང་། །ངོ་མཚར་ལས་ཀྱང་འདི་ངོ་མཚར། །རྨད་བྱུང་ལས་ཀྱང་འདི་རྨད་བྱུང་། །ཞེས་གསུངས་པ་ལྟར་གོ་སླའོ། །དེ་ལྟར་ཞི་གནས་ཀྱི་རྟ་ལ་བསྐྱོན་ནས་ཕྱག་ཆེན་བསྐྱངས་པས་སྟོང་པ་ཉིད་ལ་དམིགས་པའི་དཔྱད་སྟོབས་ཀྱིས་ལུས་སེམས་ཤིན་ཏུ་སྦྱངས་ཀྱི་བདེ་བས་ཟིན་པའི་ཏིང་ངེ་འཛིན་ནམ་ཐོབ་པ་ན་སྦྱོར་ལམ་དྲོད་ཐོབ་པ་ཡིན་ནོ། །བཀའ་བརྒྱུད་གོང་མ་འགའ་ཞིག་ནི་ཕྱག་ཆེན་གྱི་ལམ་ལ་རྣལ་འབྱོར་བཞིའི་རྣམ་བཞག་མཛད་དེ། སེམས་ལ་རྩེ་གཅིག་ཏུ་དམིགས་པས་རྩེ་གཅིག་དང་། སེམས་སྤྲོས་བྲལ་དུ་རྟོགས་པས་སྤྲོས་བྲལ་དང་། སྣང་སེམས་རོ་གཅིག་ཏུ་རྟོགས་པས་རོ་གཅིག་དང་། མཚན་བཅས་ཀྱིས་སྒོམ་དུ་མེད་པས་སྒོམ་མེད་དེ་བཞི་ཡིན་ལ། ས་མཚམས་རྗེ་རྒོད་ཚང་པ་ནི་དང་པོ་མོས་སྤྱོད། གཉིས་པ་མཐོང་ལམ། གསུམ་པས་གཉིས་པ་ནས་ས་བདུན་པའི་བར། །བཞི་པ་དག་པ་སོགས་ཀྱི་ངོ་བོར་བཞེད། །ཞང་རིན་པོ་ཆེ་ནི། ཕྱག་རྒྱ་ཆེན་པོ་གཅིག་ཆོད་ལ། །རྨོངས་པས་ས་ལམ་རྩི་བ་འཁྲུལ། །འོན་ཀྱང་རྨོངས་པ་དགའ་བའི་ཕྱིར། །མཚན་ཉིད་ཐེག་པའི་ས་ལམ་རྣམས། །འདིར་ཡང་དོད་པོ་རྩི་བར་བྱ། །གསུང་ཞིང་། རྩི་ཚུལ་རྗེ་རྒོད་ཚང་པ་དང་འདྲའོ། །སྤྲོས་བྲལ་པ་དང་པོར་མཛད་པ་ལ། །གཞུང་ལུགས་པ་འགས་དེ་མི་འཐད་དེ། རྗེས་ཐོབ་ཏུ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་མེད་པའི་ཕྱིར། ཞེས་བརྒལ་བ་ལ། ཞང་རིན་པོ་ཆེ་ནི། ཁྱུང་རྩལ་སྒོང་ཤུན་ནང་ནས་རྫོགས། །སྒོང་ཤུན་བྲལ་ན་ནམ་འཕང་སྤྱོད། །སྐུ་གསུམ་ཡོན་ཏན་སེམས་ལ་རྫོགས། །སྒྱུ་ལུས་ཞིག་ན་གཞན་དོན་འཆར། །ཞེས་གསུངས་ལ། འཇིག་རྟེན་མགོན་པོའ་གསུངས་ནས། ཁྱེད་ཀྱི་ཁྱབ་པ་དེ་ངེས་པའི་བསྟན་བཅོས་ཀྱི་ལུང་རྙེད་ན་ཁོ་བོས་རྟ་བཟང་པོ་སྟེར། ས་བཅུའི་མདོ་ལས་གསུངས་པ་ནི་སྐྱེ་བ་ཕྱི་མའི་དབང་དུ་མཛད་པ་ཡིན་གསུང་།
༥༤༧གསུང་དགོས་པ་ཅན་འདི་རིགས་ཀྱིས་ཡིན་པ་འདྲ། རྗེ་བཙུན་ས་པཎ་གྱིས། དགེ་སློང་ནམ་མཁའ་འབུམ་གྱི་དྲི་ལན་དུ། འབྲི་སྟག་དང་ཕྱག་རྒྱ་བའི་ཆོས་ལུགས་འདི་རྒྱུད་དང་སྡེ་སྣོད་གང་དང་ཡང་མི་མཐུན་པ་གདའ། འདི་ཡང་དག་པའི་ལམ་མ་ལགས་སམ་སྙམ་དུ་སེམས་ཚིག་འདི་ཉིད་གཞན་དུ་མ་འཕེལ་བ་ཞིག་མཛོད། །ཅེས་གསུངས་པའང་མཆིས་སོ། །འོན་ཀྱང་འཕགས་པའི་སྐྱེ་བོ་རྣམས་ཀྱི་མཛད་པ་རྣམ་ཐར་སོ་སོ་སྐྱེ་བོ་རྣམས་ཀྱི་ཡུལ་ལས་འདས་ཤིང་ཆོས་དང་། སྐྱེས་བུ་དམ་པ་ལ་བརྟེན་པའི་སྡིག་པ་ཤིན་ཏུ་མི་བཟད་པས་ཕྱོགས་འཛིན་གྱི་སྣང་ཤུགས་དོར་ནས་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད་དུ་གསོལ་ཞེས་ཆོས་ཀྱི་རྒྱལ་མཚན་གྱིས་གསོལ་བ་འདེབས་སོ། །གསུམ་པ་ནི་འདི་ལྟར། དེ་སྐད་སྨྲ་བ་མང་ཐོས་སྤོང་བ་པ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་སྟེ། །དགེ་བས་འགྲོ་ཀུན་ཞི་སྒོ་གཉིས་པ་དང་། །བྲལ་བའི་ལམ་འདིས་མྱུར་ཏུ་རྒྱལ་གྱུར་ཅིག །ཅེས་དམ་བཅའ་མཐར་ཕྱིན་པའི་ཚུལ་དང་། བརྩམས་པའི་དགེ་བ་འགྲོ་བ་རྣམས་སྒྲིབ་གཉིས་ཀྱི་གཡུལ་ལས་རྒྱལ་བའི་ཕྱིར་བསྔོ་བའོ། །སྨྲས་པ། མདོ་རྒྱུད་རྒྱ་མཚོ་བསྲུབས་པའི་སྙིང་པོ་མཆོག །རྒྱ་བོད་མཁས་གྲུབ་ཡོངས་ཀྱི་དགོངས་པའི་གནད། །གྲུབ་མཆོག་དམ་པ་མ་ལུས་གཤེགས་པའི་ལམ། །ཕྱག་ཆེན་བསྟན་པའི་ཉི་མ་དེང་འདིར་དང་། །མ་རིག་འཁྲུལ་པའི་མྱོས་ཆུས་ཡིད་དྲངས་ནས། །འཇིགས་རུང་སྲིད་པའི་བཙོན་ཁང་ར་བར་ཆུད། །སྡུག་བསྔལ་གསུམ་གྱིས་མནར་བའི་ལུས་ཅན་རྣམས། །ངལ་བསོའ་བསྟི་གནས་དགའ་བའི་ཚལ་འདི་ཡིན། །མཐའ་དག་འགྲོ་ལ་ལམ་བཟང་མཚོན་པའི་མིག །སྐྱེས་ཆེན་དམ་པ་རྣམས་ཀྱི་བཞེད་པའི་སྲོལ། །ཕྱག་ཆེན་མ་འདྲེས་གསལ་བ་མཛེས་པའི་གཟུགས། །འཆར་བྱེད་གང་འདི་ནོར་བུའི་མེ་ལོང་ཉིད། །འདི་ནང་ཆོས་བརྒྱད་འཆིང་བའི་སྒྲོག་བཅད་དེ། །དབེན་པའི་གནས་སུ་ཏིང་འཛིན་བདེ་བ་
༥༤༨ལ། །འདོད་དགུར་སྤྱོད་པའི་སྐལ་ལྡན་མང་པོ་ལ། །འཁྲུལ་མེད་ལམ་བཟང་འདོམ་པའི་བླ་མའང་ཡིན། །ཚུལ་འདིར་འབད་ལས་བྱུང་བའི་དགེ་བའི་ཚོགས། །བསིལ་ཟེར་ཐུར་མས་ཕྱེ་བའི་ཀུནྡ་ལྟར། །མཆོག་ཏུ་དཀར་བ་གང་ཞིག་བསགས་པ་དེ། །མ་རྣམས་སྒྲོལ་ཕྱིར་བྱང་ཆུབ་ཆེན་པོར་བསྔོ། །དེ་ཡི་མཐུ་ལས་འགྲོ་བ་མ་ལུས་པ། །ཡིད་ཀྱི་བུམ་བཟང་མདོ་སྔགས་ཟུང་འབྲེལ་གྱི། །ཕྱག་ཆེན་ལེགས་བྲིས་ཨ་མྲི་ཏས་གང་སྟེ། །ཟུང་འཇུག་བདེ་བ་ཆེ་ལ་ལོངས་སྤྱོད་ཤོག །ཅེས་དགེ་ལྡན་བཀའ་རྒྱུད་ཀྱི་བཀའ་སྲོལ་ཕྱག་རྒྱ་ཆེན་པོའ་རྩ་བ་རྒྱས་པར་བཤད་པ་ཡང་གསལ་སྒྲོན་མེ་ཞེས་བྱ་བ་འདི་ཡང་རང་གི་སློབ་མ་ལམ་འདི་ལ་ངེས་པ་རྙེད་ནས་སྒྲུབ་པ་སྙིང་པོར་བྱེད་པ་གནས་བཅུ་རབ་འབྱམས་པ་དགེ་འདུན་རྒྱལ་མཚན་གྱིས་ཆོས་བརྒྱད་ཀྱི་ཤུན་བསམ་གོས་པའི་སྒྲུབ་པའི་མེ་ཏོག་གིས་ཡང་དག་པར་མཆོད་ནས། རྩ་ཚིག་འདི་ལ་རྩོམ་པ་པོ་རང་ཉིད་ཀྱིས་འགྲེལ་པ་རྒྱས་ཤིང་མཐའ་ཆོད་པ། ཉམས་སུ་བླང་བྱའི་དོན་གྱི་སྙིང་པོ་གསལ་ཞིང་འདྲིལ་བ་ལུང་རིག་གི་རྒྱབ་རྟེན་ཚད་མ་དང་འབྲེལ་ཞིང་སྙན་རྒྱུད་ཀྱི་གདམས་པས་བརྒྱན་པ་ཞིག་ཅིས་ཀྱང་ཞུ་ཞེས་ནན་ཚར་བསྐུལ་བ་ལ་བརྟེན་ནས། ཕྱག་རྒྱ་ཆེན་པོ་སོ་སོའ་གྲུབ་པའི་མཐའ་རྒྱ་མཚོའ་ཕ་རོལ་ཏུ་སོན་པའི་སྤོང་བ་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའ་གཙུག་ལག་ཁང་དུ་མགྱོགས་པར་སུག་བྲིས་སུ་བགྱིས་པའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །སརྦ་མངྒ་ལཾ།། །།