Tibetan:བསྟན་སྲུང་མགོན་པོ་གྲི་གུག་གི་སྒྲུབ་ཐབས་རྗེས་གནང་གདུག་པ་ཀུན་འཇོམས་
Jump to navigation
Jump to search
བསྟན་སྲུང་མགོན་པོ་གྲི་གུག་གི་སྒྲུབ་ཐབས་རྗེས་གནང་གདུག་པ་ཀུན་འཇོམས་
bstan srung mgon po gri gug gi sgrub thabs rjes gnang gdug pa kun 'joms
Damngak Dzö Volume 4 (ང་) / Pages 627-638 / Folios 1a1 to 6b7
bstan srung mgon po gri gug gi sgrub thabs rjes gnang gdug pa kun 'joms
Damngak Dzö Volume 4 (ང་) / Pages 627-638 / Folios 1a1 to 6b7
Tibetan Text
༦༢༧དཔལ་ལྡན་མར་མེ་མཛད་ཀྱི་བསྟན་སྲུང་ཁྱད་པར་དུ་འཕགས་པ་མགོན་པོ་གྲི་གུག་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གདུག་པ་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ།། །།
༦༢༨ཐུགས་མཆོག་རྡོ་རྗེའི་རིགས་ལས་བྱུང་། །ཆོས་ཉིད་མི་འགྱུར་མུན་པའི་མདོག །བརྟེན་ན་དངོས་གྲུབ་ཀུན་སྩོལ་བ། །གང་དེར་འདུད་དོ་རྗེས་བརྩེར་མཛོད། །ཇོ་བོ་བཀའ་གདམས་པའི་བསྟན་སྲུང་ཟབ་ཅིང་མྱུར་ལ་མཐུ་སྟོབས་ཆེ་བ་མགོན་པོ་གྲི་གུག་མ་སྒྲུབ་ཅིང་རྗེས་སུ་གནང་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི་རྟེན་གྱི་སྤྱན་སྔར་སྟེགས་བུ་ཁེབས་ལྡན་གྱི་སྟེང་མཎྜལ་ལ་འབྲུའི་ཚོམ་བུ་དབུས་སུ་གཅིག་དེའི་གཡོན་དུ་གཅིག །མདུན་དུའང་གཉིས་ཕྲེང་བསྒྲིགས་སུ་བཀོད། རྒྱབ་ཏུ་མཉྫིའི་སྟེང་དུ་གཏོར་མ་ནོར་གཟུགས་མ་ཁ་ཟས་བཟང་དགུས་བརྒྱན་པ། མཎྜལ་གྱི་གཡས་སུ་སྐུ་རྟེན། གཡོན་དུ་སྔགས་བྱང་དང་ཐོད་པ་དམ་རྫས་དང་བཅས་པ། མདུན་དུ་གྲི་གུག་རྣམས་བཀོད་ལ། །དེ་དག་གི་མདུན་དུ་མཆོད་པ་ཕྲེང་ཚར་དུ་བསྒྲིག །དེའི་མདུན་དུ་འབུལ་གཏོར་དང་ནང་མཆོད་བཤམ་མོ། གཉིས་པར་དང་པོ་སྒྲུབ་མཆོད་ནི། སྐྱབས་སེམས་སྔོན་དུ་འགྲོ་བས་ཕྱག་ན་རྡོ་རྗེ་དང་མི་གཡོ་བ་གང་རུང་གི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། མཆོད་པ་རྣམས། ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་
༦༢༩མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། །མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། ༀ་བཛྲ་ཨཱརྒྷཾ་སྭཱ་ཧཱ། པཱ་དྱཾ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡའི་བར་བརྗོད། ༀ་བཛྲ་གཎྜེར་ཎི་ཏ་སོགས་ཀྱིས་བྱིན་དབབ། གཏོར་མ་ཨ་མྲྀ་ཏས་བསང་། ༀ་སྟོང་པར་གྱུར། ཨཱཿཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར། ཧཱུྃ་ཤ་ལྔ་བདུད་རྩི་ལྔས་གང་བར་གྱུར། ཧོཿཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་བརྗོད། རང་གི་མདུན་དུ་འཇིགས་རུང་དུར་ཁྲོད་ཆེན་པོའ་དབུས་སུ། པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཎྀ་ལས་དགྲ་བགེགས་བསྒྲལ་བའི་བམ་ཆེན་བརྩེགས་པའི་གདན་ལ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། མ་ཧཱ་ཀ་ལ་སྐུ་མདོག་དུས་མཐའི་སྤྲིན་དང་མཚུངས་པ། ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་ཕྱར་ཞིང་། གཡོན་ཐོད་
༦༣༠པ་སྙིང་བཅས་ཐུགས་ཀར་འཛིན་པ། ཞལ་གྱི་གྲྭ་ནས་ཁྲག་འཛག་པ། སྤྱན་གསུམ། མཆེ་བ་གཙིགས་ཤིང་ལྗགས་བསྐྱོད་པ། སྨ་ར། སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྦོམ་ཐུང་ཡན་ལག་ཧྲགས་ཤིང་གསུས་ཁྱིམ་ཆེ་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཐོད་སྐམ་ལྔས་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་པད་ཉི་མི་རོའ་གདན་ལ། མེ་ཆེན་དྲག་པོ་འབར་བའི་ཀློང་ན་བཞེངས་པའོ། །ཡང་ན་སྟག་ལྤགས་ཀྱི་ཤམ་ཐབས་མི་མཛད་པར་དར་ནག་གི་འཇོལ་བེར་གསེར་གྱི་སྐེ་རགས་ཅན་དང་། ཞབས་ལ་མ་ག་ཏིའི་ལྷ་མ་ཡུ་རིང་གསོལ་བར་བྱས་ཀྱང་རུང་། གཙོ་བོའ་གཡོན་དུ་རླུང་གི་དཀྱིལ་འཁོར་ལ། བྷྱོཿལས་འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྔོན་མོ་རལ་གྲི་དང་ཐོད་ཁྲག་འཛིན་པ། སྲིན་མོ་བོང་བུ་གྭ་དམར་གྱི་སྟེང་ན་བཙན་སྐྱིལ་གྱིས་བཞུགས་པ། རཀྟའི་རྒྱ་མཚོར་རྒྱུག་པའོ། །གཙོ་བོའ་མདུན་གྱི་འོག་ཕྱོགས་སུ། པད་ཉི་དང་བམ་ཆེན་བསྣོལ་བའི་གདན་ལ། ཕཊ་ལས་ལས་ཀྱི་མགོན་པོ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་སྨྱན་གསུམ་པ། གཡས་ཙནྡན་གྱི་བིང་ཆེན་དང་། གཡོན་ལྕགས་པར་བདུད་རྩིས་གང་བ་འཛིན་པ། བིང་སྟོང་ནས་མེ་འབར་བ། བེང་སྨད་ནས་ཆུ་འཁྲུགས་པ། བིང་གི་ནང་ནས་ལྷ་དང་ལྷ་མ་ཡིན་གྱི་དམག་ཚོགས་འགྱེད་པ། དར་ནག་གི་འཇོལ་བེར་གསེར་གྱི་སྐ་རགས་ཅན་གསོལ་པ། གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པའོ། །དེའི་གཡོན་དུ་མཾ་ལས་མ་གཅིག་ཨེ་ཀ་ཛཱ་ཊཱི་སྐུ་མདོག་སྨུག་ནག་རལ་གྲི་སྡིག་པའི་ཡུ་བ་ཅན་དང་ཐོད་ཁྲག་འཛིན་པ། དྲེའུ་རྟ་རྐང་གསུམ་ལ་བཅིབས་པ། ཕྱི་རོལ་དུ་ཕྱོགས་སྐྱོང་ཞིང་སྐྱོང་སྡེ་བརྒྱད་འབྱུང་པོའ་ཚོགས་ཀྱིས་བསྐོར་བའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ༀ།
༦༣༡མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་གནས་འོད་ཟེར་འཕྲོས། དུར་ཁྲོད་ཆེན་པོ་བརྒྱད་དང་། རང་བཞིན་གྱི་གནས་ནས། མགོན་པོ་ལྕམ་དྲལ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལ་གཤེགས། །འཇིགས་བྱེད་བསྟན་སྲུང་ཡོངས་ཀྱི་གཙོ། །ཟག་མེད་དབྱིངས་ནས་གཤེགས་སུ་གསོལ། །ༀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ༀ་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ་པདྨ་ཀ་མ་ལཱ་ཡ་སྟྭཾ། ༀ་མ་ཧཱ་ཀཱ་ལ་ཡ་གྲྀཧྞེ་དཾ། ཨཱརྒྷཾ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ལ། ༀ་ཤྲཱི་མ་ཧཱ་ཀཱ་ལ་ས་མ་ཡ་སྨ་ར། ས་མ་ཡ་མ་ཏི་ཀྲ་མ་ཐ། ས་མ་ཡ་རཀྵནྟ། ཞེས་དམ་ལ་བཞག །ༀ་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་ཨ་མྲྀ་ཏ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས། ཡེ་ཤེས་མགོན་པོ་དང་འཁོར་རྣམས་སོ་སོའ་སྙིང་པོའ་མཐར། བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་དང་། ཤཱ་ས་ནས་ཀྱང་འབུལ། སྤྱི་ཁྱབ་ཏུ་ཨ་ཀཱ་རོ་ལན་གསུམ་གྱིས་བསྟབ། འབྲུ་གསུམ་གྱིས་ནང་མཆོད་འབུལ། བསྟོད་པ་བསྡུས་པ་ནི། ཧཱུྃ། མ་ལུས་འཇོམས་མཛད་དགྲ་བགེགས་ཐལ་བར་རློག །མཐར་བྱེད་གཞོན་ནུ་འཇིགས་བྱེད་གད་རྒྱངས་ཅན། །མཉམ་ཉིད་ཐུགས་མངའ་གཏུམ་ཆེན་མེ་ལྟར་འབར། །བདེ་གཤེགས་བཀའ་ཡི་སྲུང་མ་ཁྱོད་ལ་བསྟོད། །ཅེས་པའོ། །ཐུགས་ཀར་སྔགས་ཕྲེང་གསལ་བཏབ་ལ། ༀ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲེ་ཎ་ཧཱུྃ་ཕཊ། ཅེས་པ་ནི་སྙིང་པོའོ། །ༀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཧཱུྃ་ཕཊ། ཅེས་པ་ནི་ལས་ཀྱི་སྔགས་སོ། །ༀ་ཤྲཱི་དི་ཝཱི་ཧཱུྃ་ཕཊ། འདོད་ཁམས་མའི་མཚན་སྔགས་སོ། །ༀ་མ་ཧཱ་ཀཱ་ལ་རཀྵ་དུ་བེང་ཎི་ཛཿཛཿ ལས་མགོན་གྱི་སྔགས་སོ། །ༀ་རོ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛ་ཛཿ ཨེ་ཀ་ཛཱ་ཊིའི་སྔགས་ཏེ་གཙོ་འཁོར་གྱི་འགྲོས་དང་སྦྱར་ནས་ཅི་ནུས་བཟླ། གཏོར་ཆོག་རྐྱང་པ་ལ་འདི་ནས་མཆོད་བསྟོད་སོགས་
༦༣༢རྗེས་རིམ་རྣམ་བྱ། རྗེས་གནང་སྐབས་བཟླས་པ་གྲུབ་པའི་མཚམས་སུ་རྗེས་གནང་གི་རིམ་པ་རྣམས་བདག་འཇུག་གི་ཚུལ་དུ་དམིགས་པས་ལེན། སློབ་མ་རྣམས་ཁྲུས་བྱས། གྲལ་ལ་འཁོད། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཅི་རིགས་པ་དང་ཁྱད་པར། དེའང་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའ་སྤྱན་སྔར་དམ་པའི་ཆོས་དང་འཁོར་རྣམ་བཞི་སྐྱོང་བར་ཞལ་གྱིས་བཞེས་པའི་དམ་ཚིག་ཅན་གྱི་སྲུང་མ་ཇི་སྙེད་ཅིག་མཆིས་པའི་ནང་ནས་ཁྱད་པར་དུ་འཕགས་པ་ནི་དཔལ་ཧེ་རུ་ཀའི་མི་ཟད་རྒྱན་གྱི་འཁོར་ལོ་ལས་སྤྲུལ་པའི་ཡེ་ཤེས་ཀྱི་མ་མགོན་ལྕམ་དྲལ་རྣམས་ཡིན་ལ། །དེ་ལའང་རིགས་དང་སྡེ་ཚན་གྱི་དབྱེ་བས་ཕྱེ་བ་དང་། རྒྱུད་དང་མན་ངག་གི་བཀའ་སྲོལ་འཕགས་བོད་གཉིས་སུ་མཐའ་ཡས་པ་བྱོན་པའི་ནང་ནས། འདིར་སྐབས་སུ་བབ་པ། ས་གསུམ་དུ་སྙན་པར་གྲགས་པའི་པཎྜི་ཏ་ཆེན་པོ་བྱང་ཆུབ་སེམས་ཀྱི་མངའ་བདག་ཇོ་བོ་རྗེ་མར་མེ་མཛད་དཔལ་ཡེ་ཤེས་ནས་བརྩམས་ཏེ་ལྷ་ཆོས་བདུན་ལྡན་བཀའ་གདམས་རིན་པོ་ཆེའི་བསྟན་པའི་སྲུང་མར་མངའ་གསོལ་བ། ལེགས་ལྡན་མགོན་པོ་སྡེ་ལྔའི་ནང་ནས་ཐུགས་མགོན་གྲི་གུག་གི་རིགས་ཆོས་སྐྱོང་བཞི་སྦྲགས་སུ་གྲགས་པའི་རྗེས་སུ་གནང་བསྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། ཅེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་ལ་ནག་པོ་ཆེན་པོའ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་མ་ལུས་པ་བསྩལ་དུ་གསོལ། ཞེས་ལན་གསུམ། དེ་ནས་སངས་རྒྱས་པའི་ཐེག་པ་མཐའ་དག་གི་འཇུག་སྒོ་སྐྱབས་སུ་འགྲོ་བ་དང་ཐེག་ཆེན་ཐུན་མོང་མ་ཡིན་པའི་གཞི་རྟེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཚུལ་བཞིན་གསལ་
༦༣༣ཐོབ་ལ་འདིའི་རྗེས་ཟློས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་ལན་གསུམ། བླ་མ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་དང་དམ་ཚིག་སྡོམ་པ་མཐའ་དག་ཚུལ་བཞིན་དུ་འཛིན་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ནས་རྗེས་གནང་དངོས་ལ་གསུམ་དུ་ཡོད་པ་ལས་དང་པོ་སྐུའི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་ཉིད་བདག་བསྐྱེད་ཁྲོ་བོ་གང་བསྒོམ་པ་དེའི་མངོན་རྟོགས་ལྟར་གསལ་འདེབས། མདུན་དུ་འཇིགས་རུང་དུར་ཁྲོད་ཆེན་པོའ་དབུས་སུ། པདྨ་ཉི་མ་དགྲ་བགེགས་བསྒྲལ་བའི་བམ་ཆེན་རྣམས་བརྩེགས་པའི་གདན་ལ་མ་ཧཱ་ཀཱ་ལ་སྐུ་མདོག་དུས་མཐའི་སྤྲིན་དང་མཚུངས་པ་སོགས་མངོན་རྟོགས་ལྟར་ལ། འཁོར་རྣམས་ས་བོན་ལས་བསྐྱེད་པའི་ཚིག་དོར། འབྱུང་པོའ་ཚོགས་ཀྱིས་བསྐོར་བ་གསལ་ཐོབ་ཅིག །སློབ་དཔོན་ལ་མོས་གུས་དུང་བྱས་པས། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་མགོན་པོའ་ཐུགས་ཀར་ཕོག་པས། ཐུགས་རྒྱུད་བསྐུལ། མགོན་པོའ་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀ་ནས། ནག་པོ་ཆེན་པོའ་སྐུ་ཆེ་བ་རི་རབ་ཙམ། ཆུང་ལ་རྡུལ་ཕྲན་ཙམ་དཔག་ཏུ་མེད་པ་སྤྱན་དྲངས་ལུས་ལ་ཐིམ་པར་མོས་ཤིག །ཅེས་བརྗོད་ལ་རོལ་མོའ་སྒྲ་སྣ་ཚོགས་བྱའོ། །མཎྜལ་གྱི་གཡས་ཀྱི་སྐུ་རྟེན་སྤྱི་བོར་བཞག་ལ། མི་འབྲལ་སྐུ་ཡིས་བྱིན་བརླབས་པས། །བསྟན་དང་འཁོར་བཞི་སྐྱོང་བ་དང་། །གདུག་པ་ཅན་རྣམས་ཚར་གཅོད་ཕྱིར། །ནག་པོ་ཆེན་པོའ་སྐུ་འདི་བཟུང་། །ༀ་མ་ཧཱ་ཀཱ་ལཱ་ཡ། ཀཱ་ཡ་ས་མ་ཡ་དྷཱ་ར་ཧཱུྃ། དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་སྡིག་
༦༣༤སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་ཞི། རྡོ་རྗེ་ནག་པོ་ཆེན་པོའ་སྐུ་བསྒོམ་པ་ལ་དབང་བ་ཡིན་ནོ། །གཉིས་པ་གསུང་གི་རྗེས་སུ་གནང་བའི་སླད་དུ། སློབ་དཔོན་ལ་མོས་གུས་དུང་པ་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བའི་ཚོགས་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་ཞེས་བརྗོད། མགོན་པོའ་སྔགས་བྱང་དང་། ཐོད་པ་ལག་པ་གཡོན་དུ་གཏད། མི་འབྲལ་གསུང་གིས་བྱིན་བརླབས་པས། །སྣ་ཚོགས་ཕྲིན་ལས་སྒྲུབ་པ་དང་། །ནག་པོ་ཆེན་པོ་མཉེས་བྱེད་པ། །གསུང་གི་རིག་སྔགས་བཟུང་བར་བྱ། །ༀ་མ་ཧཱ་ཀཱ་ལཱ་ཡ། ཝཱ་ཀ་ས་མ་ཡ་དྷཱ་ར་ཧཱུྃ། དེ་ནས་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་མོས་གུས་བྱས་པས། ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་འཐོན་ཏེ་ཁྱེད་རང་རྣམས་ཀྱི་ཁར་ཞུགས། སྙིང་གར་ཉི་སྟེང་ཧཱུྃ་ཡིག་གི་མཐར་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས། སྙིང་པོ་ངང་ལས་སྔགས་ལན་གསུམ་རེ་བཟླར་གཞུག །སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་རེ་ཕུལ་བར་མོས་ལ་འདིའི་རྗེས་ཟློས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས་སྤྱི་བོར་བཅིངས་པར་མོས་ཤིག །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །རྡོ་རྗེ་ནག་པོ་ཆེན་པོའ་གསུང་རིག་སྔགས་ཀྱི་ནུས་པ་མཐའ་དག་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་འཇུག་ཅིང་བརྟན་པར་གྱུར་ཅིག །དེས་གསུང་
༦༣༥གི་རྗེས་སུ་གནང་བ་ཐོབ། ངག་གི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་ཞི། རྡོ་རྗེ་ནག་པོ་ཆེན་པོའ་གསང་སྔགས་བཟླ་བ་ལ་དབང་བ་ཡིན་ནོ། །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ། སློབ་དཔོན་ལ་མོས་གུས་དུང་བྱས་པས། །སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས། མདུན་བསྐྱེད་མགོན་པོ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་གྲི་གུག་ཐོད་པ་ལ་སོགས་པ་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཕྲིན་ལས་རྣམ་བཞིས་སེམས་ཅན་གྱི་དོན་བྱས། སྙིང་གར་ཐིམ་ཞེས་བརྗོད་ལ་རོལ་མོ་བྱ། གྲི་གུག་ལག་པ་གཡས་སུ་གཏད་དེ། མི་འབྲལ་ཐུགས་ཀྱིས་བྱིན་བརླབས་པས། །སློབ་དཔོན་རྒྱལ་བའི་བཀའ་བཞིན་དུ། །བརྩེ་ལྡན་དྲག་པོའ་ཕྲིན་ལས་ཀྱིས། །མ་རུང་སེམས་ཅན་བསྒྲལ་བར་བྱ། །ༀ་མ་ཧཱ་ཀཱ་ལཱ་ཡ། ཙིཏྟ་ས་མ་ཡ་དྷཱ་ར་ཧཱུྃ། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་ཞི། །རྡོ་རྗེ་ནག་པོ་ཆེན་པོའ་ཐུགས་འོད་གསལ་བསྒོམ་པ་ལ་དབང་བ་ཡིན་ནོ། །མཐའ་རྟེན་གཏོར་མའི་བཀའ་བསྒོ་བ་ལ། གཏོར་མ་འདི་ཉིད་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་དངོས་སུ་གསལ་བ། སློབ་དཔོན་གྱིས་བླ་མ་བརྒྱུད་པའི་མཚན་ནས་སྨོས་ཤིང་དམ་ཚིག་གི་བཀའ་བསྒོས་པ་ཙམ་གྱིས་ཇི་ལྟར་བསྒོ་བའི་ཕྲིན་ལས་རྣམས་ཐོགས་མེད་དུ་བསྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །གཏོར་མ་མགོར་བཞག་ལ། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། བྲམ་ཟེ་མཆོག་སྲེད། རཱ་ཧུ་ལ། ཇོ་བོ་རྗེ་ཨ་ཏི་ཤ །འབྲོམ་སྟོན་རྒྱལ་བའི་འབྱུང་གནས། སྤྱན་སྔ་ཚུལ་ཁྲིམས་འབར། བྱ་ཡུལ་བ། མུས་སྨན་པ། གྲོ་སྟོན་བདུད་རྩི་གྲགས། ཞིང་སྟོན་ཆོས་འབྱུང་། སངས་རྒྱས་སྒོམ་པ་ནས་རིམ་པར་བྱོན་པའི་རྩ་
༦༣༦བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། དམ་ཚིག་སྲུངས་ལ་བསྟན་པ་སྐྱོངས། དཀོན་མཆོག་དབུ་འཕང་བསྟོད། ཁྱད་པར་དུ་ཡང་སློབ་མ་འདི་ཞེས་བྱ་བའི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ། ལུས་ངག་ཡིད་གསུམ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་མཛད་དུ་གསོལ། ཞེས་སོགས་བཀའ་བསྒོ་རྒྱས་བསྡུས་སྤྱི་དང་མཐུན་པར་བྱ། གཏོར་མའི་མཐེབ་ཀྱུ་ནས་རྡོ་རྗེའི་རྩེ་མོས་ཅུང་ཟད་བླངས་།།།བདུད་རྩི་དང་སྦྲགས་ཏེ། སློབ་མ་ལ་ཅུང་ཟད་སྦྱིན། གཏོར་མ་ལའང་བདུད་རྩི་ཅུང་ཟད་བྲན་སྟེ། ནག་པོ་ཆེན་པོ་ཁྱོད་ཀྱིས་སློབ་མ་འདིའི་ཆོས་སྐྱོང་གྱིས་ལ་བྱིན་པའི་ཟས་ཟོས། བཅོལ་བའི་ལས་གྱིས། ཞེས་བརྗོད། དེས་དཔལ་ལྡན་མར་མེ་མཛད་ལས་བརྒྱུད་པའི་བཀའ་གདམས་བསྟན་པའི་སྲུང་མ་ཁྱད་པར་ཅན་མགོན་པོ་གྲི་གུག་བཞི་སྦྲགས་ཀྱི་རྗེས་སུ་གནང་བ་གྲུབ་པ་ཡིན་པས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་ནག་པོ་ཆེན་པོ་ལྕམ་དྲལ་གྱི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར། སོགས། གཏོང་རག་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱ། གསུམ་པ་ཆོ་གའི་རྗེས་ཀྱི་རིམ་པ་ནི། མཆོད་པ་རྣམས་ཁ་གསོས་ལ་སྔར་བཞིན་གྱིས་བརླབས། སྔགས་ཀྱིས་ཕྱི་མཆོད་དང་འབྲུ་གསུམ་གྱིས་ནང་མཆོད་འབུལ། མཆོད་ཕྲེང་ནི། ཧཱུྃ། ནག་པོ་ཆེན་པོ་འཁོར་བཅས་ལ། །བདག་གིས་མཆོད་པ་འབུལ་བ་ནི། །དགྲ་བགེགས་མ་ལུས་བསྒྲལ་བ་ཡི། །དམར་ཆེན་ཁྲག་གི་ཨཱརྒྷཾ་དང་། །དབང་པོ་ལྔ་ཡི་མེ་ཏོག་དང་། །རུས་པ་རྐང་ཀླད་བསྲེས་པའི་སྤོས། །ཞུན་ཆེན་གསལ་བའི་སྒྲོན་མེ་དང་། །རྡོ་རྗེ་རང་བྱུང་དྲི་ཆབ་དང་། །ཤ་ཆེན་སྣ་ལྔའི་ཞལ་ཟས་དང་། །རྐང་གླིང་ཐོད་རྔ་སྙན་པའི་སྒྲ། །དངོས་འབྱོར་ཡིད་སྤྲུལ་མཁའ་བཀང་ནས། །མགོན་པོ་འཁོར་དང་བཅས་ལ་
༦༣༧འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །འབྲུ་བཅུད་སྟོང་སྦྱར་ཛ་གད་དང་། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན། །དགྲ་བགེགས་རྣམ་གཉིས་བསྒྲལ་བ་ཡི། །དོན་སྙིང་ཤ་རུས་གཏོར་ཆེན་བཤམ། །དེ་བཞིན་ཚེ་འཛིན་ཁྲག་གི་རྒྱུན། །བནྡྷ་ལྕང་ལོ་ཁྲག་གིས་བཀང་། །བླ་ན་མེད་པའི་མཆོད་པ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །མཐུན་པའི་རྫས་སུ་བཞེས་པར་མཛོད། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཞིང་ཆེན་བླ་བྲེ་འཕན་གདུགས་དང་། །རྒྱུ་རློན་ལྡ་ལྡི་སྙིང་ཕྲེང་དཔྱངས། །ཀེང་རུས་སྣ་ཚོགས་རི་ལྟར་སྤུངས། །ཤ་ཁྲག་དྲི་བསུར་རྒྱུན་མི་འཆད། །སྣ་ཚོགས་རྒྱན་གྱི་མཆོད་པ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །དམ་ཚིག་དབང་གིས་བཞེས་ནས་ཀྱང་། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །བསྟོད་པ་ནི། ཧཱུྃ། སྲིན་པོའ་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་གསུམ་བརྩེགས་འཇིག་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པ་གདུག་པའི་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ཅེས་དང་། ཇོ་བོས་མཛད་པར་གྲགས་པའི་བསྟོད་པ་ཆེ་ཆུང་རྣམས་ཀྱང་ཤེས་ན་འདོན། གང་གི་སྐུ་གསུང་ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་སྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་
༦༣༨འདུད། །དྲག་མོ་མི་སྡུག་གཏུམ་པའི་སྐུ། །ལྷ་ཡི་དམག་དཔོན་ཆེན་པོ་སྟེ། །ལྷ་མིན་གཡུལ་དུ་ཕམ་མཛད་པའི། །རྡོ་རྗེ་བེང་ཁྱོད་ཕྱག་འཚལ་བསྟོད། །དགའ་ཚལ་མཛེས་པའི་ལྷ་མོ་ནི། །གདུག་པ་འདུལ་ཕྱིར་སྲིན་པོའ་སྐུ། །དགྲ་བགེགས་ཤ་དང་ཁྲག་ལ་རྔམ། །རྫོང་མོ་ཁྱོད་ལ་བསྟོད་པ་འབུལ། །དཔལ་ལྡན་མགོན་པོ་འཁོར་བཅས་རྣམས། །ཕྱི་ནང་གསང་བའི་མཆོད་སྤྲིན་དང་། །ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་རྒྱས་པ་དང་། །དཀོན་མཆོག་དབུ་འཕང་ཆེར་མཐོ་ཞིང་། །བསྟན་འཛིན་སྐུ་ཚེ་ལེགས་བརྟན་ནས། །རྣམ་དཀར་ཕྲིན་ལས་རྒྱས་པར་མཛོད། །ཁྱད་པར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་དགྲ་བགེགས་ཞི་བ་དང་། །ཚེ་དང་བསོད་ནམས་རབ་རྒྱས་ནས། །ཐོས་བསམ་སྒྲུབ་པ་འཕེལ་བར་མཛོད། །ཅེས་ཕྲིན་ལས་བཅོལ། ཡིག་བརྒྱ་བརྗོད། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་བྱ། མེད་པའམ་གཏོར་མགྲོན་གཤེགས་སུ་གསོལ། སྨོན་ལམ་དང་བཀྲ་ཤིས་སྤྱི་དང་མཐུན་པར་བྱའོ། །རྒྱལ་བསྟན་ཕུལ་བྱུང་བཀའ་གདམས་པའི། །བསྟན་འཚེའི་བདུད་རིགས་ཚར་གཅོད་ཅིང་། །བསྟན་པའི་སྲོག་ཟུང་ནུབ་མེད་དུ། །རབ་བརྟན་རྩ་ལག་ཉིད་གྱུར་ཅིག །།ཅེས་གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཁྲིད་སྲོལ་གཅེས་དགུ་སྙིང་པོ་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ལས་བཀའ་གདམས་ཆོས་སྲུང་ཁྱད་པར་འཕགས་པའི་སྒྲུབ་ཐབས་རྗེས་གནང་བཀླགས་པས་ཆོག་པ་འདིའང་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་རྗེ་བཙུན་རིན་པོ་ཆེའི་གསུང་རབས་ལས་ཁོལ་དུ་ཕྱུངས་ཏེ་བཀོད་པ་དགེ་ལེགས་འཕེལ།། །།
Notes