Tibetan:རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་བསྙེན་ཡིག་ཟབ་དོན་སྙིང་པོ་
(Redirected from རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་བསྙེན་ཡིག་ཟབ་དོན་སྙིང་པོ་)
Jump to navigation
Jump to search
རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་བསྙེན་ཡིག་ཟབ་དོན་སྙིང་པོ་
rgyud sde lnga gtso bsdus kyi bsnyen yig zab don snying po
Damngak Dzö Volume 11 (ད་) / Pages 355-371 / Folios 1a1 to 9a2
rgyud sde lnga gtso bsdus kyi bsnyen yig zab don snying po
Damngak Dzö Volume 11 (ད་) / Pages 355-371 / Folios 1a1 to 9a2
Tibetan Text
༣༥༥
རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་བསྙེན་ཡིག་ཟབ་དོན་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །།
༣༥༦
སངས་རྒྱས་ཀུན་གྱི་ཡེ་ཤེས་ལྔ། །ཧེ་རུ་ཀ་དཔལ་སྐུར་སྣང་བ། །གཅིག་བསྡུས་ཁྱབ་བདག་བླ་མ་ལ། །ཕྱག་བྱས་བསྙེན་པའི་ཡིག་ཆུང་འགོད། །དཔལ་རིན་ཆེན་རྒྱ་མཚོའ་རྒྱུད་ཆེན་པོས་བསྟན་དོན། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱིས་བཀྲལ་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་དཔལ་རྡོ་རྗེ་གདན་པས་མཁས་གྲུབ་ཁྱུང་པོ་ལ་གདམས་པའི་གསེར་ཆོས། ལོ་ཟླ་ཙམ་གྱིས་སངས་རྒྱས་ཀྱི་སར་སྐྱེལ་བའི་གདམས་ངག །རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་དོན་ཟབ་སྙིང་པོར་དྲིལ་བ་འདི་ཉིད་ཉམས་སུ་ལེན་པ་པོ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་དང་། གཙོ་བསྡུས་ཀྱི་བྱིན་རླབས་ཐོབ་ལ་དམ་ཚིག་མ་ཉམས་པས། གནས་དབེན་པར་ཡར་མར་གྱི་ཚེས་བཅུ་སོགས་དུས་དགེ་བར་ཕྱི་ནང་གི་འགྲུལ་སྤངས་ལ་ཡིད་ཆེས་དང་བརྩོན་འགྲུས་དྲག་པོས་རྩེ་གཅིག་པར་ཉམས་ལེན་ལ་འབད་དོ། །འདི་ཉིད་སྤྲོས་མེད་ཀྱི་རྣལ་འབྱོར་ཡིན་པས་སྟ་གོན་མང་དུ་མི་དགོས་ཀྱང་། གཏོར་འབུལ་ཐོད་པ་ལ་
༣༥༧
སོགས་པའི་སྣོད་དུ་དབུས་དང་ལྷོར་ཡི་དམ། མདུན་དུ་བླ་མ། རྒྱབ་ཏུ་མཁའ་འགྲོའི་གཏོར་དབྱིབས་སུ་བཅོས་པ་དང་། གཡོན་ཏུ་གྲུ་གསུམ་ཐོག་མདེའུ་ལྟ་བུ་བཅས་གཙོ་འཁོར་ལྔ་ཐེབ་ཀྱུས་བསྐོར་ཞིང་རྒྱན་གྱིས་སྤྲས་པ་མདུན་ཕྱོགས་སྟེགས་བུམ་ཐོ་བ་ལ་བཤམ་ཤིང་། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་བཀོད། མཆོད་གཏོར་གསོ་བའི་ཆས་ཐེབ་ཀྱུ་འབྲུ་སྣ་དང་། རང་གི་མདུན་ཏུ་ནང་མཆོད་ཌཱ་དྲིལ་སོགས་ཀྱང་འཚོགས་པར་བྱའོ། །བསྙེན་པ་དངོས་ལ་འཇུག་པའི་སྤང་བླང་། ཕྱི་ནང་གི་མཚམས་གཅོད་ཚུལ། སྔོན་རྗེས་བྱ་བ་རྣམས་སྤྱི་ལྟར་བྱ་དགོས་ཤིང་། འདིར་དམིགས་འདོན་གྱི་དོན་ཙམ་བཤད་པ་ལ་གསུམ། སྔོན་འགྲོ་རྒྱུད་སྦྱོང་བའི་རིམ་པ། དངོས་གཞི་བསྐྱེད་བཟླས་རྫོགས་པའི་རྣལ་འབྱོར། །རྗེས་རྣལ་འབྱོར་གྱི་ཡན་ལག་བཤད་པའོ། །དང་པོ་ལ། སྐྱབས་སེམས་སྐབས། མདུན་གྱི་ནམ་མཁར་སྐྱབས་གནས་བླ་མ་དཀོན་མཆོག་སྤྲིན་གཏིབས་པ་ལྟར་བཞུགས་པ་ལ་བདག་སོགས་ནམ་མཁའ་དང་མཉམ་པའི་འགྲོ་བ་ཐམས་ཅད་
༣༥༨
བྱང་ཆུབ་མ་ཐོབ་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་ཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས། །ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའ་གོ་འཕང་ཐོབ་པའི་སླད་དུ་རྒྱུད་སྡེ་ལྔའི་རྣལ་འབྱོར་བསྒོམ་པ་ལ་འཇུག་པར་སེམས་བསྐྱེད། བདུད་རྩི་བྱིན་རླབས་སྐབས་སྔགས་བརྗོད་པས་མ་དག་པའི་དྲི་མ་བསང་། གདོས་བཅས་ཀྱི་དངོས་པོ་སྦྱངས་ནས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་གཞུ་དབྱིབས། དེ་སྟེང་རམ་ལས་མེ་དཀྱིལ་དམར་པོ་གྲུ་གསུམ། དེ་སྟེང་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་མིའི་ཤ་དང་མཆིལ་སྣབ། ཤར་དུ་བ་ལང་གི་ཤ་དང་དྲི་ཆེན། ལྷོར་གླང་པོ་ཆེའི་ཤ་དང་རཀྟ། ནུབ་ཏུ་རྟའི་ཤ་དང་བྱང་སེམས། བྱང་དུ་ཅེ་སྤྱང་གི་ཤ་དང་དྲི་ཆུ་རྣམས་རིམ་བཞིན་ཡེ་ཤེས་ལྔའི་ངོ་བོ་ཡིག་འབྲུ་ལྔས་མཚན་པ། འོག་གི་རླུང་གཡོས་པས་མེ་སྦར། ཐོད་པའི་ནང་གི་ཤ་ལྔ་བདུད་རྩི་ལྔ་ཡི་གེ་ལྔ་དང་བཅས་པ་ཞུ་ཞིང་ཁོལ། མི་གཙང་བ་རྣམས་ཕྱིར་ལུད་པས་ཐ་མལ་གྱི་དངོས་པོ་ངན་པ་དེ་རྣམས་སྦྱངས་ཤིང་དག །རླངས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཐིམ་པས་བདུད་རྩིའི་རང་བཞིན་དངོས་པོ་ཀུན་གྱི་མཆོག་ཏུ་རྟོགས། དམ་ཡེ་གཉིས་མེད་ཀྱི་བདུད་རྩིའི་རྒྱ་མཚོ་དྭངས་མ་མེའི་འོད་ཟེར་ལྟ་བུར་འབར་ཞིང་རྒྱ་ཆེར་འཕེལ་བས་སྦར་བར་མོས་ལ་སྔགས་ལན་གསུམ་གྱིས་བྱིན་བརླབ། ལྕེེར་སྲིན་ལག་གཡོན་པས་མྱང་བས་ངག་དག་པར་མོས། །དེ་ནས་སྲུང་འཁོར་གྱི་སྐབས་སུ་བདག་གཞན་སྣོད་བཅུད་ཀྱི་དངོས་འཛིན་མཐའ་དག་སྟོང་ཉིད་ནམ་མཁའ་ལྟ་བུ་ལ། རང་བཞིན་གྱི་འོད་གསལ་བའི་སེམས་ཉིད་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་མོས་པའི་ང་རྒྱལ་བཟུང་ལ་སྔགས་བརྗོད།
༣༥༩
སྟོང་ཉིད་ཀྱི་ངང་ལས་གདན་པདྨ་དང་ཉི་མའི་སྟེང་དུ་རང་གི་སེམས་ཉིད་ཧཱུྃ་ཡིག་སྔོན་པོ། །དེའང་ཐིག་ལེ་ཆོས་དབྱིངས། ཟླ་ཚེས་མེ་ལོང་། ཧ་ཡིག་མཉམ་ཉིད། འ་ཆུང་སོར་རྟོག །ཞབས་ཀྱུ་བྱ་གྲུབ་སྟེ་ཡེ་ཤེས་ལྔའི་རང་བཞིན་ཏུ་མོས། ཧཱུྃ་ཡིག་ལས་འོད་ཟེར་སྤྲོ་བསྡུས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་གྱུར། དེ་ལས་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་ཁ་དོག་ལྔ་པ་འཕྲོས་པས་སྣོད་བཅུད་ཐམས་ཅད་འོད་དུ་སྦྱངས་ནས་སླར་རྡོ་རྗེ་ཧཱུྃ་ཡིག་དང་བཅས་པ་ལ་ཐིམ་པས་ཐིག་ལེ་སྔོན་པོར་གྱུར། དེ་ཉིད་སྐད་ཅིག་གིས་འཁོར་ལོ་སྡོམ་པ་ལྷན་སྐྱེས་ཡུམ་དང་བཅས་པའི་སྐུར་གྱུར་པའི་ཐུགས་ཀར་ཧཱུྃ་ཡིག་སྔོན་པོས་མཚན་པར་བསྒོམས་ལ་རཀྵའི་སྔགས་ལན་གསུམ་བཟླས་པས་ཧཱུྃ་ཡིག་དེ་སྲུང་འཁོར་སྤྲོ་བའི་ནུས་པ་ཅན་ཏུ་བྱིན་བརླབས་ཤིང་། བདག་དང་གནས་དང་རྣལ་འབྱོར་གྱིས་ཐོག་མཐའ་བར་གསུམ་སྲུང་བའི་མཐུ་དང་ལྡན་པར་མོས། ཧཱུྃ་ལས་རཾ་འོག་ཏུ་སྤྲོས་པ་ལས་ཉི་མའི་དཀྱིལ་འཁོར་དཔག་ཚད་བརྒྱ་པ། དེ་སྟེང་ཧཱུྃ་སྤྲོས་པ་ལས་རྡོ་རྗེ་རྒྱ་གྲམ་ལྟེ་བ་མཐིང་ག །ཤར་གྱི་རྭ་གསུམ་དཀར། ལྷོའི་རྭ་གསུམ་སེར། །ནུབ་ཀྱི་རྭ་གསུམ་དམར། བྱང་གི་རྭ་གསུམ་ལྗང་གུ་ཅན་ལྟེ་བར་ཉི་མ་དང་རྒྱ་ཚད་མཉམ་པའི་ས་གཞི་དང་། རྭ་རྣམས་གྱེན་དུ་ལངས་པའི་བར་མཚམས་ཐམས་ཅད་རྡོ་རྗེ་རྒྱ་གྲམ་ཕྲ་མོ་མང་པོས་བརྡལ་ཞིང་འདྲེས་པས་བར་མཚམས་མེད་པར་གཏམས་པའི་ར་བ་དང་། རྭའི་རྩེ་མོ་སྟེང་ཕྱོགས་སུ་འདུས་པའི་གུར་དུ་གྱུར་པསབའི། སླར་ཡང་། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཁ་དོག་ལྔ་པ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པ་རྣམས་རྡོ་རྗེ་རྩེ་གཅིག་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། རྩེ་མོ་དགུ་པའི་བར་དུ་གྱུར་ནས་ནམ་མཁའི་རྡུལ་འཚུབས་ཀྱིས་ཁེངས་པ་
༣༦༠
ལྟར་སོང་། སྟེང་དུ་སོང་བ་རྣམས་ཀྱིས་གུར་དང་། ཕྱོགས་མཚམས་ལ་སོང་བ་རྣམས་ཀྱིས་ར་བ། །འོག་ཏུ་སོང་བ་རྣམས་ཀྱིས་ས་གཞིའི་བར་མཚམས་ཐམས་ཅད་བཀག །རྡོ་རྗེ་ཆེ་བའི་གསེང་ལ་ཆུང་ངུ་དང་དེ་ལ་ཆེས་ཕྲ་བ་དག་གིས་བཀག །འོག་གཞིའི་ཉི་མ་ལས་མེ་དྲག་ཏུ་འབར་བས་རྭ་གུར་ཕྱི་རོལ་ནས་ཅུང་ཟད་ཞུ་སྟེ་འདྲེས། འཇམ་ཤིང་འོད་འབར་བ་བསྐལ་པའི་རླུང་གིས་ཀྱང་མི་ཐར་བ། ནང་ངོས་རྡོ་རྗེའི་རྣམ་པ་གསལ་བའི་ཕྱི་ནང་ཀུན་ཏུ་མེ་ལྕེ་ཁ་དོག་སྣ་ཚོགས་པས་ཁྱབ་པར་བསྒོམ། དེ་ནས་ཚོགས་བསགས་པ་ལ་གཉིས་ལས་བསོད་ནམས་ཀྱི་ཚོགས་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་མཐའ་ཡས་པ་འཕྲོས་པས་རྩ་བརྒྱུད་ཀྱི་བླ་མ་རྣམས་མདུན་གྱི་ནམ་མཁར་སྟེང་གི་ཆ། རྒྱུད་སྡེ་ལྔ་སོགས་ཡི་དམ་རྣམས་བར་གྱི་ཆ། སངས་རྒྱས་བྱང་སེམས་དེ་དག་གི་མཐའ་བསྐོར། མཁའ་འགྲོ་དམ་ཅན་འོག་གི་ཆ་ལ་ཁྲ་ལམ་གྱིས་སད་པ་སྟེ་གདོད་ནས་རང་བཞིན་གྱིས་བཞུགས་པ་སྔགས་དང་ཕྱག་རྒྱའི་རྐྱེན་གྱིས་མུན་ཁུང་དུ་ཡོད་པའི་ལྟལྷ་སྐུ་ལ་སྒྲོན་མེ་བཏེགས་ནས་མཐོང་བ་བཞིན་ཏུ་མོས་ལ། ཨརྒྷཾ་སོགས་ཕྱི་མཆོད། ཤ་ལྔ་བདུད་རྩི་ལྔ་ནང་མཆོད། རིག་མ་བཅུ་དྲུག་གསང་མཆོད་དེ། དེ་རྣམས་རང་གི་ཐུགས་ཀ་ནས་སྤྲོས་ཏེ་མཆོད་པར་མོས་ལ་དེ་ཁོ་ན་ཉིད་འཁོར་གསུམ་མི་རྟོག་པའི་ངང་དུ་མཉམ་པར་བཞག །རང་ལུས་རྡུལ་སྙེད་དུ་སྤྲུལ་ནས་གུས་པས་ཕྱག་འཚལ་བ། ཐོག་མེད་ནས་བསགས་པའི་སྡིག་པ་གནོང་འགྱོད་དྲག་པོས་བཤགས་ཤིང་དགེ་བ་ཀུན་ལ་རྗེས་སུ་ཡི་རང་བ་དང་། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་དང་། དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་སྟེ་གུར་ནས་འབྱུང་བའི་རྒྱུན་བཤགས་ཀྱི་ཡན་ལག་ལྔ་དང་། སྔ་མའི་ཕྱག་མཆོད་གཉིས་ཏེ་བསྡམས་པས་ཡན་ལག་བདུན་ནི་ཁྱུང་པོའ་གཞུང་ལས་བདུན་རྣམ་དག་བྱ་བར་གསུངས་པའི་དགོངས་པའོ། །དེ་
༣༦༠
ནས་ཚོགས་ཞིང་དེ་དག་ཐུགས་རྗེའི་དབང་གིས་རང་གི་མདུན་ཏུ་བྱོན། འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རང་གི་ཕུང་ཁམས་སྐྱེ་མཆེད་ནད་གདོན་སྡིག་སྒྲིབ་སོགས་མདོར་ན་སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། མེ་ལོང་གསལ་བ་ལ་གཟུགས་བརྙན་ཤར་བ་ལྟར་རང་དང་ཚོགས་ཞིང་གཉིས་སུ་སྣང་ཡང་དོན་ལ་དབྱེར་མེད་པར་མོས་ལ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་འདོད་པའི་བྱམས་པ། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ། བདེ་བ་དང་མི་འབྲལ་བར་སྤྲོ་བའི་དགའ་བ། ཉེ་རིང་མེད་པས་སེམས་སྙོམས་པའི་བཏང་སྙོམས་ཏེ། དེའང་ཕྱོགས་རེར་མ་ཡིན་པར་མཁའ་ཁྱབ་གྱི་སེམས་ཅན་ལ་དམིགས་པའི་ཚད་མེད་པ་བཞི་བསྒོམ། གཉིས་པ་ཡེ་ཤེས་ཀྱི་ཚོགས་ནི། ཐོག་མར་སྭ་བྷཱ་བའི་སྔགས་བརྗོད་པས། རང་གི་སེམས་ལས་འཁྲུལ་པའི་དབང་གིས་གཞན་ཏུ་སྣང་བ་རྣམས་གཟུང་བ་སྟེ་དེ་ནི་རང་གི་སེམས་ལས་གཞན་ཏུ་གྲུབ་པ་མེད་པས་རང་བཞིན་མེད་པའི་བདག་ཉིད་དོ་སྙམ་པའོ། །ཤཱུ་ནྱ་ཏཱ་བརྗོད་པས། གཟུང་བ་དེ་དག་འཛིན་བྱེད་རྣམ་ཤེས་ཚོགས་བརྒྱད་སེམས་དང་སེམས་བྱུང་མཐའ་དག་ཡིན་ལ། དེའང་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་སྣང་བ་ཙམ་ལས་རྣམ་པར་རེག་པའི་རྣམ་པར་ཤར་བ་མ་གཏོགས་གདོད་ནས་རང་བཞིན་གྱིས་མ་དམིགས་པ་སྟེ། མདོར་ན་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པས་དེའི་ངང་དུ་མཉམ་པར་བཞག་གོ །འདི་རྣམས་ནི་གཞུང་རྩ་བ་ལས། སྲུང་འཁོར་ཚོགས་བསགས་ལ་སོགས་པ། །རྒྱས་མིན་བསྡུས་པ་སྔོན་སོང་ནས། །ཞེས་གསུངས་པའི་དོན་ནོ། །གཉིས་པ་ལ་གསུམ། བསྐྱེད་པའི་རྣལ་འབྱོར། བཟླས་པའི་རྣལ་འབྱོར། །
༣༦༢
རྫོགས་པའི་རྣལ་འབྱོར་རོ། །དང་པོ་ལ། ཆོས་ཐམས་ཅད་སྟོང་ཉིད་དུ་གྱུར་བ་དེའི་ངང་ལས་སྔར་བསྒོམས་པའི་སྲུང་འཁོར་ཉིད་སླར་ཡང་གསལ་བར་བསམ་པའི་ནང་། སྣ་ཚོགས་རྡོ་རྗེའི་ལྟེ་བའི་ས་གཞིའི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་ལ་ཉི་མའི་དཀྱིལ་འཁོར་བསྒོམ། ཉི་དཀྱིལ་སྒྲུབ་ཐབས་དཀྱུས་སུ་མི་གསལ་ཡང་རྩ་གཞུང་དུ་འབྱུང་ཞིང་བདེ་མཆོག་ལྷ་ལྔའི་འགྲོས་ཀྱིས་ཀྱང་དགོས་པར་གསལ་ལོ། །ཉི་མའི་སྟེང་གཡོན་ཏུ་འཇིགས་བྱེད་ནག་པོ་ཌཱ་རུ་ཁ་ཾ་ཐོགས་ཤིང་ཁ་སྦུབ་མགོ་བོ་གཡོན་བསྟན། གཡས་སུ་དུས་མཚན་དམར་མོ་གྲི་ཐོད་ཅན་གན་རྐྱལ་མགོ་གཡས་བསྟན་ཏེ་དེ་ལྟར་རྟེན་གཞལ་ཡས་ཁང་བསྒོམ་མི་དགོས་པས་དེའི་དོད་དུ་སྲུང་འཁོར་གདན་བཅས་གསལ་གདབ། དེ་ནས་བརྟེན་པ་ལྷ་བསྐྱེད་པ་ལ་རྒྱུ་མངོན་བྱང་ནི། སྔར་ཆོས་ཉིད་སྟོང་པ་ཉིད་དུ་ཞུགས་པ་དེའི་ཏིང་ངེ་འཛིན་གྱི་རྒྱུན་སྐྱོང་བ་ནི་ཆོས་ཉིད་སྟོང་པ་ཉིད་ལ་བྱང་ཆུབ་པ། གདན་གྱི་སྟེང་དུ་ཨཱ་ལི་ཀཱ་ལིའི་རང་བཞིན་བྱང་སེམས་དཀར་དམར་གཅིག་ཏུ་འདྲེས་པའི་ངོ་བོ་ཟླ་བའི་དཀྱིལ་འཁོར་དམར་སྐྱ་བསྒོམས་པ་ནི་ཟླ་བ་ལ་བྱང་ཆུབ་པ། དེ་སྟེང་རང་སེམས་ཧཱུྃ་ཡིག་སྔོན་པོ་བསྒོམ་པ་ས་བོན་ལ་བྱང་ཆུབ་པ། དེ་ལས་འོད་ཟེར་སྤྲོ་བསྡུས་རྡོ་རྗེ་ཧཱུྃ་ཡིག་གིས་མཚན་པ་ཕྱག་མཚན་ལ་བྱང་ཆུབ་པ། ཡང་འོད་ཟེར་སྤྲོ་བསྡུས་གཅིག་ཏུ་འདྲེས་པ་ལས་གཙོ་བོའ་སྐུར་གསལ་བ་སྐུ་ཡོངས་སུ་རྫོགས་པ་ལ་བྱང་ཆུབ་པའོ། །འབྲས་བུ་ལྷར་རྫོགས་པའི་བསྐྱེད་ཚུལ་གོ་སླ། དག་པ་རྒྱས་པ་བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་རྣམས་སུ་ཤེས་པར་བྱའོ། །ཡབ་གྱི་སྐུ་དར་སྔོན་གྱི་གུངགུར་ཕུབ་བ་ལྟ་བུའི་སྟོང་ར་བསྒོམ་པའི་ནང་དུ་རྩ་གསུམས་འཁོར་ལོ་ལྔ་སྐད་ཅིག་གིས་གསལ་གདབ་སྟེ། དབུམ་སྔོན་པོ་ཡར་རྩེ་ཚངས་བུག་དང་མར་རྩེ་གསང་གནས་སུ་སླེབ་པའི་
༣༦༣
གཡས་སུ་རོ་མ་དམར་པོ་གཡོན་དུ་རྐྱང་མ་དཀར་མོ་གཉིས་ཡར་སྣེ་སྣ་སྒོ་དང་མར་སྣ་ལྟེ་འོག་ཏུ་འབྲེལ་པ། སྤྱི་བོ་བདེ་ཆེན་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་དཀར་པོ་ཁ་འོག་ཏུ་ཕྱོགས་པ། མགྲིན་པ་ལོངས་སྤྱོད་འཁོར་ལོ་རྩ་འདབ་བཅུ་དྲུག་དམར་པོ་ཁ་གྱེན་དུ་ལྟ་བ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་སྔོན་པོ་ཐད་ཀར་བརྒྱངས་པ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་སེར་པོ་ཁ་འོག་ཏུ་ཕྱོགས་པ། གསང་བ་བདེ་སྐྱོང་འཁོར་ལོ་རྩ་འདབ་བཅུ་དྲུག་པ་ལྗང་གུ་གྱེན་བསྟན་གྱི་རྣམ་པ་ཅན། དེ་དག་གདུགས་དང་གདུགས་འདེགས་ཀྱི་རྩིབས་མ་ལྟ་བུ་ཁ་སྦྱོར་གྱི་རྣམ་པ་ཅན། ཐམས་ཅད་ཀྱང་ཕྲུ་མ་ཕུས་བཏབ་པ་ལྟ་བུ་གསལ་ཞིང་དྭངས་པ་སྣང་ལ་རང་བཞིན་མེད་པ། དབུ་མའི་ནང་ཤིན་ཏུ་ཡངས་པར་གསལ། འཁོར་ལོ་ལྔའི་ལྟེ་བར་ཅུང་ཟད་སྤྲོ་ན་ཧཱུྃ་ཡིག་རེ་རེ་གསལ། སོ་སོར་ཧཱུྃ་བརྗོད་པའི་རྐྱེན་གྱིས་ལྷ་ལྔ་གསལ་བཏབ་པ་དང་། བསྡུ་ན་ལྔ་ཀ་སྐད་ཅིག་དྲན་རྫོགས་སུ་གསལ་བཏབ་པའི་ཚུལ་སྒྲུབ་ཐབས་དཀྱུས་བཞིན་ལ། གཙོ་བོ་ལྔ་ཀའང་མཚན་དཔེ་དང་གར་དགུའི་ཉམས་ཀྱིས་བརྒྱན་པ། འོད་ཟེར་གྱི་སྣང་བས་ནམ་མཁའ་གང་བར་ཁྱབ་པར་བསྒོམ། སྤྱི་བོའ་གསང་འདུས་ཀྱི་འཁོར་རྩ་འདབ་རྣམས་སུ་ལྷ་སུམ་ཅུ་རྩ་གཉིས། མགྲིན་པར་ལྷ་མོ་བཞི། སྙིང་གར་གཽ་རཱི་སོགས་བརྒྱད། ལྟེ་བར་འཁོར་ལོ་ལྔའི་ལྷ་དྲུག་ཅུ་རྩ་བཞི། གསང་བར་ཁྲོ་བོ་བཅུའམ་བཞི་རྣམས་ལྷག་མོས་བྱ་བར་གཞུང་ལས་གསུངས་པས་ཡོད་པར་མོས་པ་ཙམ་བྱའོ། །དེ་ནས་རྣལ་འབྱོར་རྫོགས་བྱེད་ཀྱི་ཡན་ལག་རྣམས་ནི། གཙོ་བོ་ལྔ་པོའ་ཐུགས་ཀར་ཉི་མའི་སྟེང་ཧཱུྃ་ཡིག་འོད་འབར་བ་རེ་རེ་གསལ་བཏབ། དེ་རྣམས་ལས་འོད་ཟེར་འཕྲོས་པས་རྒྱུད་སྡེ་ལྔའི་ལྷ་ཚོགས་
༣༦༤
ཡེ་ཤེས་པ་འཁོར་དང་བཅས་པ་སྤྱན་དྲངས། ཛཿཞེས་པས་སྨིན་མཚམས་ཐད་ཀར་བཀུག །ཧཱུྃ་ཞེས་པས་དམ་ཚིག་པ་སོ་སོ་ལ་བསྟིམ། བཾ་ཞེས་པས་དམ་ཡེ་མི་འབྲལ་བར་བཅིངས། ཧོཿཞེས་པས་ཤིན་ཏུ་དགྱེས་བཞིན་བཞུགས་པར་མོས་ལ་དམ་ཡེ་བསྲེ། སོ་སོའ་ཕྱག་རྒྱའང་བཅིང་བ་ནི་ཡེ་ཤེས་པ་གཞུགས་པའོ། །ཕྱི་གཞི་ལུས་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་དཔྲལ་བར་ༀ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །སྙིང་གའི་ཐད་དུ་ཧཱུྃ་སྔོན་པོ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གསལ་བ་ལས་འོད་ཟེར་འཕྲོས། རྒྱལ་བ་ཐམས་ཅད་ཀྱི་གནས་གསུམ་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། འབྲུ་གསུམ་ལ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་མོས་པ་བྱིན་རླབས་ཀྱི་རྣལ་འབྱོར་རོ། །ཡང་ཧཱུྃ་གི་འོད་ཟེར་གྱིས་སངས་རྒྱས་རིགས་ལྔ་དང་བཙུན་མོ་ཡུམ་ལྔ། བྱང་སེམས་རྣམས་དང་བཙུན་མོ་རྡོ་རྗེ་མ་དྲུག །ཁྲོ་བོ་བཅུའམ་བཞི་བཙུན་མོ་ཁྲོ་མོ་རྣམས་བཅས་མདུན་གྱི་ནམ་མཁར་སྤྱན་དྲངས། ཐུགས་ཀ་ནས་སྤྲོས་པའི་མཆོད་པ་ཕྱི་ནང་གསང་བ་ཐམས་ཅད་ཀྱིས་མཆོད། སྔགས་ཀྱིས་གསོལ་བ་བཏབ་པས་རིགས་ཀྱི་ཡུམ་ལྔས་བུམ་པ་བདུད་རྩིས་གང་བས་དབང་བསྐུར་ཞིང་སྔགས་གསུངས་པས་བདུད་རྩིའི་ཆུས་ལུས་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པའི་དྲི་མ་དག་པས་ལྷ་སྐུ་འོད་དུ་འབར། ཆུའི་ལྷག་མ་ཡར་ལུད་པ་ལས་བདེ་མཆོག་གི་དབུ་གཙུག་ཏུ་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པ་ཅན་གྱི་རྒྱས་བཏབ་པར་མོས། གཞུང་དུ་ལུས་དཀྱིལ་ལྔ་ལ་སྤྲུལ་སྐུ་རིགས་ལྔས་རྒྱས་གདབ་པའི་སྤྲོས་ཙམ་འབྱུང་ཡང་རྗེ་བཙུན་གྱིས་འདི་ལྟར་
༣༦༥
བཞེད་པ་དེ་ཉིད་བདུན་པའི་མཐའ་དཔྱད་ཀྱི་ཟུར་ལས་གསལ་བ་མ་ཟད་འདི་ཙམ་གྱིས་དོན་མཐུན་ལ་བསྒོམ་བདེའོ། །དེ་ནི་དབང་བསྐུར་རྒྱས་གདབ་བོ། །དེ་ནས་འཕྲུལ་དགའི་ལོངས་སྤྱོད་བཞིན་ཏུ་རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་རང་ལ་མཆོད་ཅིང་བསྟོད་པར་མོས་ལ་གོང་སྨོས་ལྟར་ཕྱི་ནང་གསང་བའི་མཆོད་པ་རྣམས་ཀྱིས་མཆོད་ཅིང་བསྟོད་པའི་མཐར་མཆོད་ལྷ་རྣམས་རང་གི་དབང་པོ་སོ་སོར་ཐིམ་པར་མོས། །གཞུང་ལས་འདིའི་འཕྲོས་སུ་རྫོགས་རིམ་གསུངས་ཤིང་དོན་གྱི་གོ་རིམ་དེ་ལྟར་ངེས་ཀྱང་། ད་ལྟ་བསྐྱེད་བཟླས་གཙོ་བོར་བྱེད་པ་ལ་འབྲེལ་ཆགས་ཤིང་བྱ་སླ་བའི་དབང་གིས་རྗེ་བཙུན་ཆེན་པོས་གཙོ་བསྡུས་ཀྱི་སྐབས་འདིར་རྫོགས་རིམ་རྗེས་སུ་འཆད་བར་མཛད་དོ། །གཉིས་པ་ལ་བསམ་གཏན་གྱི་བཟླས་པ་ནི། །ཐུགས་ཀའི་དགྱེས་མཛད་རྡོ་རྗེའི་ཐུགས་ཀར་པདྨ་འདབ་བརྒྱད་ཐོད་པའི་དབྱིབས་ཅན་ཏུ་གནས་པའི་ནང་དུ་སྣ་ཚོགས་རྡོ་རྗེའི་ཁ་དོག་གོང་དུ་བཤད་པ་ལྟ་བུའི་ལྟེ་བར་ཧཱུྃ། ཤར་གྱི་རྭ་གསུམ་གྱི་དབུས་སུ་ༀ། གཡས་སུ་དེ། གཡོན་ཏུ་ཝ། ལྷོའི་རྭ་གསུམ་གྱི་དབུས་སུ་པི། གཡས་སུ་ཙུ། །གཡོན་ཏུ་བཛྲ། ནུབ་ཀྱི་རྭ་གསུམ་ལ། ཧཱུྃ་ཧཱུྃ་ཧཱུྃ། བྱང་གི་རྭ་གསུམ་གྱི་དབུས་སུ་ཕཊ། གཡས་སུ་སྭཱ། གཡོན་ཏུ་ཧཱ་རྣམས་ཁ་དོག་སྔོན་པོར་གསལ་བཏབ་པའི་དབུས་ནས་བརྩམ་རིམ་པར་རེས་མོས་ཚུལ་གྱིས་ཡིག་འབྲུ་རྣམས་ལ་སེམས་གནས་ཚད་དུ་བཞག །དེ་བཞིན་ཏུ་འཁོར་ལོ་གཞན་རྣམས་ཀྱི་གཙོ་བོའ་ཐུགས་ཀའི་ཧཱུྃ་ཡིག་དང་། མཐའ་སྐོར་དུ་སྔགས་ཕྲེང་ཡང་གསལ་བཏབ་ནས་སེམས་བཟུང་བ་གོང་དང་འདྲའོ། །དེ་ནས་ཕྲེང་བའི་བཟླས་པ་ནི། ལྷ་ལྔ་པོའ་ཐུགས་ཀར་ཉི་སྟེང་ས་བོན་ཧཱུྃ་ཡིག་སྔོན་པོའ་
༣༦༦
མཐར་རང་རང་གི་སྙིང་པོ་མ་རྒྱུད་གཡོན་ཏུ་བསྐོར་ཞིང་། ཕ་རྒྱུད་རྣམས་གཡས་སུ་བསྐོར་བ་བཤད་པས། གསང་འདུས་དང་འཇིགས་བྱེད་གཉིས་ལ་ཡིག་ངོ་ཕྱིར་བསྟན་དང་། བདེ་དགྱེས་མཱ་ཡཱ་གསུམ་ལ་ངོ་ནང་བསྟན་ཏུ་བཀོད་ནས་གསལ་ཐེབ་པ་དང་། བཟླས་པའི་རྐྱེན་གྱིས་སྔག་ཕྲེང་ཕ་རྒྱུད་གཉིས་ལ་གཡས་དང་། མ་རྒྱུད་གསུམ་ལ་གཡོན་དུ་ཀྱི་ལི་ལི་འཁོར་ཞིང་འོད་འབར་བ་ལ་སེམས་གཏང་ནས་བཟླ། ངག་བཟླས་ཀྱི་དམིགས་པའི་དངོས་གཞི་དེ་ཁོ་ན་ཡིན་ཀྱང་། གཞུང་ལས་བསྐྱེད་རྫོགས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དུ་སྦྱོར་བའི་སྐབས་ཀྱི་སྦས་དོན་ནམ་ཤུགས་བསྟན་ལྟར་ན། སྤྱི་བོའ་ལྷའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྡིག་སྒྲིབ་སྦྱངས། སྐུ་ཡི་རིགས་ཀྱི་སངས་རྒྱས་ཐམས་ཅད་མཆོད་ཅིང་སྐུའི་བྱིན་རླབས་དང་དངོས་གྲུབ་བསྡུས་སྤྱི་བོའ་ལྷ་ལ་ཐིམ་པས་བུམ་དབང་ཐོབ། སྐུ་རྡོ་རྗེ་མེ་ལོང་ལྟ་བུའི་ཡེ་ཤེས་སྤྲུལ་པའི་སྐུ་མངོན་ཏུ་བྱས་པར་མོས། དེས་བགྲེས་ཏེ། མགྲིན་པའི་འོད་ཟེར་དམར་པོས་ངག་གི་སྡིག་སྒྲིབ་སྦྱངས། གསུང་གི་རིགས་ཀྱི་སངས་རྒྱས་མཆོད་ཅིང་དེའི་བྱིན་རླབས་བསྡུས། མགྲིན་པར་ཐིམ་པས་གསང་དབང་ཐོབ། གསུང་རྡོ་རྗེ་སོ་སོར་རྟོགས་པའི་ཡེ་ཤེས་ལོངས་སྐུ་མངོན་ཏུ་བྱས། ཐུགས་ཀའི་འོད་ཟེར་སྔོན་པོས་ཡིད་ཀྱི་སྡིག་སྒྲིབ་སྦྱངས། ཐུགས་ཀྱི་རིགས་ཀྱི་སངས་རྒྱས་མཆོད་ཅིང་དེའི་བྱིན་རླབས་བསྡུས། །སྙིང་གར་ཐིམ་པས་ཤེར་དབང་ཐོབ། ཐུགས་རྡོ་རྗེ་ཆོས་དབྱིངས་ཡེ་ཤེས་ཆོས་སྐུ་མངོན་ཏུ་བྱས། ལྟེ་བའི་འོད་ཟེར་སེར་པོས་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་གཉིས་སྦྱངས། ཡོན་ཏན་རིགས་ཀྱི་སངས་རྒྱས་མཆོད་ཅིང་དེའི་བྱིན་རླབས་བསྡུས། །ལྟེ་བར་ཐིམ་པས་དབང་བཞི་པ་ཐོབ། ཡེ་
༣༦༧
ཤེས་རྡོ་རྗེ་མཉམ་པ་ཉིད་ངོ་བོ་ཉིད་སྐུ་མངོན་ཏུ་བྱས། གསང་བའི་འོད་ཟེར་སེར་པོས་སྙོམས་འཇུག་གི་སྒྲིབ་པ་སྦྱངས། ཕྲིན་ལས་རིགས་ཀྱི་སངས་རྒྱས་མཆོད་ཅིང་དེའི་བྱིན་རླབས་བསྡུས། གསང་བར་ཐིམ་པར་དབང་དོན་བརྟན་པར་བྱས། བྱ་བ་གྲུབ་པའི་ཡེ་ཤེས་དང་རིགས་དྲུག་པ་རྡོ་རྗེ་འཆང་གི་གོ་འཕང་མངོན་ཏུ་གྱུར་པརབར་དམིགས་ཏེ་བཟླས་པ་བྱའོ། །བཟླས་པའི་གྲངས་ནི། རབ་འབྲུ་འབུམ། འབྲིང་བཞི་འབུམ། ཐ་མ་འབུམ་ཕྲག་རེ་རེ་སྟེ་གཙོ་བོ་ལྔ་ཀ་བཟླས་གྲངས་མང་ཉུང་གང་བྱེད་ཀྱང་ཆ་སྙོམས་པར་བཟླ་བ་ལས་མང་ཉུང་མི་བྱེད། ཡུམ་སྔགས་ཀྱང་དེ་ལྟར་འགྲུབ་ན་ཤིན་ཏུ་ལེགས་ཤིང་མི་འགྲུབ་ན་ཅུང་ཟད་ཉུང་ཡང་འགལ་བ་མེད། འདིར་ཡུམ་སྔགས་བདེ་མཆོག་ཡུམ་ཁོ་ན་ཙམ་འབྱུང་བས་དེའི་བཟླས་པའི་སྐབས་ཡུམ་གྱི་ཐུགས་ཀར་ཡང་ཉི་སྟེང་བཾ་ཡིག་དམར་པོ་བཀོད་པའི་མཐར་སྔགས་ཕྲེང་གཡོན་ཏུ་འཁོར་བ་དམིགས་པ་ནི་ལུགས་འདིའི་སྤྱི་འགྲེ་ཡིན་ལ་དོ་ལིའི་བཟླས་བ་སྦྱོར་ཡང་ཆོག་གོ །གསུམ་པ་ནི། སྦྱང་གཞི་དུག་ལྔ་ཕུང་པོ་ལྔ་འཁོར་ལོ་ལྔ་ལ་སོགས་པ་སྦྱོང་བྱེད་ལྷ་ལྔ་ཡིག་འབྲུ་ལྔ་ཐིག་ལེ་ལྔ་སྟེ་དེའང་བདེ་བ་གསལ་བ་མི་རྟོག་པ། སྟོང་པ། དབྱེར་མི་ཕྱེད་པའི་ཟུང་འཇུག་ལྔའི་རང་བཞིན། སྦྱངས་འབྲས་དོན་ཡེ་ཤེས་ལྔ། རྟགས་སྐུ་ལྔའི་ལྟར་ཤར་བ་སྟེ་དེ་ལྟ་བུའི་རྫོགས་རིམ་ཇི་ལྟར་བསྒོམ་ན། སྤྱི་བོའ་གསང་བ་འདུས་པའི་ལྷ་ཚོགས་ཐམས་ཅད་སྙོམས་པར་ཞུགས་ཏེ་གཅིག་ཏུ་འདུས་པ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དཀར་པོ་དྭངས་ཤིང་འོད་ཟེར་འཕྲོ་བ་བལྟར་མི་བཟོད་པ་ཞིག་ཏུ་གྱུར་ནས་བདེ་ཆེན་འཁོར་ལོ་ལྟེ་བ་ལ་གནས་པར་བསམ། དེའི་འོད་ཟེར་གྱིས་སྤྱི་བོའ་འཁོར་ལོ་དང་ལུས་ཀྱི་ནང་དང་སྣང་བ་ཐམས་ཅད་ཁྱབ་པས་ཐམས་ཅད་ཀྱང་འོད་དཀར་
༣༦༨
པོའ་རང་བཞིན་དུ་གྱུར། སླར་འདུས་ཏེ་ཐིག་ལེ་ལ་ཐིམ། དེ་ལྟར་སེམས་དང་ཐིག་ལེ་དབྱེར་མེད་པར་མི་རྟོག་པ། མ་བཅོས་པ། ཡིད་ལ་མི་བྱེད་པ། རང་བཞིན་མེད་པ་སྟེ་ཁྱད་པར་བཞི་ལྷནལྡན་གྱི་ཚུལ་གྱིས་མཉམ་པར་བཞག །དེ་བཞིན་ཏུ་མགྲིན་པའི་ལྷ་ཚོགས་རྣམས་ཞུ་བས་ཐིག་ལེ་དམར་པོ་དང་། སྙིང་གའི་ལྷ་རྣམས་ཞུ་བས་ཐིག་ལེ་སྔོན་པོ་དང་། ལྟེ་བའི་ལྷ་རྣམས་ཞུ་བས་ཐིག་ལེ་སེར་པོ་དང་། གསང་གནས་ཀྱི་ལྷ་ཚོགས་རྣམས་ཞུ་པས་ཐིག་ལེ་ལྗང་གུར་གྱུར། ལྷག་མའི་དམིགས་པ་ལ་སྤྱི་བོའ་ཐིག་ལེ་བཞིན་བསྐྱང་། མཐར་ལྔ་ཆར་ལས་འོད་ཟེར་འཕྲོས། འགྲོ་བ་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཤིང་ཡོངས་སུ་དག་པར་བྱས། ཐམས་ཅད་ཀྱང་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གྱུར། དེ་རྣམས་ཀྱང་འོད་ཟེར་གྱི་རྣམ་པར་ཞུ། རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་ཐིམ། དཀྱིལ་འཁོར་གདན་དང་བཅས་པའང་འོད་ཟེར་རྣམ་པ་ལྔར་ཞུ་སྟེ་བདག་ཉིད་ལ་ཐིམ། བདག་ཉིད་ཐིག་ལེ་བཞི་དང་བཅས་པ་ཡང་སྙིང་གའི་ཐིག་ལེ་ལ་ཐིམ། དེ་ཉིད་ཀྱང་འཇའ་ཚོན་ལྟར་ཡལ་བར་བསམ་ལ་ཅུང་ཟད་མཉམ་པར་བཞག །སླར་ཡང་དེ་ཉིད་ཀྱི་ངང་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྒྱུད་སྡེ་ལྔའི་ལུས་དཀྱིལ་དང་བཅས་པ་སྐད་ཅིག་ཙམ་གྱིས་འགྲུབ་པར་གྱུར་པར་མོས། དེ་ལྟར་མཉམ་བཞག་དང་སྤྱོད་ལམ་ཐམས་ཅད་དུའང་རྣམ་རྟོག་གཞན་སྤངས་ནས་ཐིག་ལེ་ལ་རྩེ་གཅིག་ཏུ་རྒྱུན་ཆད་མེད་པས་སེམས་གནས་ན་ལོ་ཟླ་ཙམ་གྱིས་ལམ་ལྔ་དང་ཕྱག་རྒྱ་བཞིའི་རྟགས་རྫོགས་པར་འབྱུང་བར་གསུངས་སོ། །འདི་ཉིད་བསྙེན་བཟླས་ཀྱི་སྐབས་སུའང་དངོས་གཞི་བསྐྱེད་བཟླས་དང་། ཐུན་མཐར་རྫོགས་རིམ་ཅི་འགྲུབ་སྒོམ་ཞིང་མཐར་བསྡུ་ལྡངས་གོང་བཞིན་བྱ། གལ་ཏེ་བསྐྱེད་བཟླས་ཁ་རྐྱངསྐང་ཙམ་ལས་
༣༦༩
རྫོགས་རིམ་བསྒོམ་པ་མི་ནུས་ན། ཐུན་མཐར་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཟེར་གྱིས་སྣོད་བཅུད་འོད་གསལ་སྟོང་ཉིད་དུ་སྦྱངས། སླར་རང་ཉིད་ཧེ་རུ་ཀ་ཡབ་རྐྱང་དུ་གསལ་བའི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པར་མོས་པས་བསྲུང་བར་བྱ། རྡོ་རྗེ་ཐེག་པའི་གསང་བ་ཟབ་མོའ་བསྔོ་སྨོན་དང་། བཀྲ་ཤིས་བཀའ་རྒྱ་མའམ་གང་འཐད་བརྗོད་དོ། །གསུམ་པ་རྗེས་རྣལ་འབྱོར་གྱི་ཡན་ལག་ལའང་། །ཐུན་མཚམས་རྣམས་སུ་གཏོར་མ་འབུལ་ན་བྱིན་རླབས་དམིགས་པ་གོང་དུ་བདུད་རྩི་བྱིན་རླབས་སྐབས་སྨོས་པ་ལྟར་བྱས་ཏེ། སྙིང་གའི་འོད་ཟེར་གྱིས་རྒྱུད་སྡེ་ལྔ་གཙོ་འཁོར་ཐམས་ཅད་སྤྱན་དྲངས་པ་མདུན་གྱི་ནམ་མཁར་དབུས་སུ་བདེ་མཆོག །ཤར་དུ་གསང་འདུས། ལྷོར་དགྱེས་རྡོར། ནུབ་ཏུ་མཱ་ཡཱ། བྱང་དུ་འཇིགས་བྱེད་རྣམས་བཞུགས་པའི་ལྗགས་འོད་ཟེར་རྡོ་རྗེའི་སྦུ་གུས་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བས་སྐུ་གསུང་ཐུགས་ཟག་པ་མེད་པའི་བདེ་བས་མཉེས་ཤིང་ཚིམས་པར་མོས་ལ་སྔགས་ཀྱིས་འབུལ། མཆོད་བསྟོད་ཕྲིན་ལས་ཞུ། །བཟོད་གསོལ་བྱ། རྟེན་ཡོད་ན་དེ་ལ་བརྟན་བཞུགས་དང་མེད་ན་གཤེགས་སུ་གསོལ་བའི་མཐར། སྨོན་ལམ་བཀྲ་ཤིས་བྱའོ། ཁ་ཟས་བཟའ་བའི་ཚེ་གཏོར་མ་ལྟར་བྱིན་གྱིས་བརླབས་ཏེ། ཕུད་བླ་མ་ཡི་དམ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་རྣམས་ལ་གཏོར་མའི་ཚུལ་དུ་ཕུལ། རང་ཉིད་ཐུན་མཚམས་ཀྱི་ལྷ་ལ་སྙིང་ཁར་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཡོངས་རྫོགས་དང་། ལྟེ་བར་མྱུར་མཛད་མགོན་པོ་དང་། ཕྱོགས་སྐྱོང་བ་རྣམས་དང་མཁའ་འགྲོ་སྡེ་ལྔ་ལ་སོགས་པ་རྣམས། སྟེང་འོག་གི་ལྷ་དེ་དག་ཐམས་ཅད་ཀྱང་ལྟེ་བ་ཐབ་ཁུང་དུ་གྱུར་པབ་ལས་འབར་བའི་མེ་དཔུང་གི་དབུས་ན་
༣༧༠
གནས་པར་བསམ། དེ་རྣམས་མཆོད་པའི་ཚུལ་དུ་བཟའ་པར་བྱའོ། །ལྡང་བའི་རྣལ་འབྱོར་ཀྱང་སྤྱིའི་རིགས་འགྲེས་ཏེ། དུས་ཐམས་ཅད་དུ་ཡིད་གཞན་དུ་མ་གྱུར་པར་དེ་ལྟར་བསྒོམ་པར་བྱའོ། །འདི་དག་གི་སྦྱང་བྱ་སྦྱོང་བྱེད་དང་དག་པ་ལ་སོགས་པ་ནི་ཡི་གེ་མང་བར་དོགས་ནས་མ་བྲིས་པ་གཞན་ལས་ཤེས་པར་བྱའོ། །མཁས་གྲུབ་ཁྱུང་པོའ་ཞལ་ནས། ངས་གསེར་ཕོངས་མེད་ཁྱེར་ནས། རྒྱ་གར་ཤར་ལྷོ་ནུབ་བྱང་ཐམས་ཅད་དུ་ཕྱིན་ཀྱང་གདམས་ངག་འདི་ལ་ཟབ་པ་དང་གནད་ཆེ་བ་གང་ནའང་འདུག་རི་གསུང་ནས་དབུ་སྙུང་ལན་གསུམ་བཞེས་པ་དང་། འདི་ལ་སྒྲུབ་པ་གྱིས་དང་རྟགས་མ་བྱུང་ན་རྡོ་རྗེ་འཆང་དང་ངས་བསླུས་པ་ཡིན་ནོ། །འདི་རྒྱུན་ཆད་མེད་པར་བསྒོམ་ན་ལོ་གསུམ་ནས་དག་པ་མཁའ་སྤྱོད་དུ་མི་འགྲོ་མི་སྲིད་ཅེས་གསུངས་པས་སྐལ་ལྡན་བློ་གྲོས་ཅན་ཡོད་ན་རྒྱ་མཚོའ་འགྲམ་དུ་ཡི་དྭགས་སྐོམས་གྲིར་གདུང་བའི་ཆོས་ཀྱི་མུ་གེ་ལ་མི་རེ་བར་ཟབ་ཆོས་འདི་ལྟ་བུ་ལ་གཡར་དམ་སྙིང་པོར་བཟུང་བར་རིགས་སོ། །རྒྱུད་དང་ཤངས་པའི་མཁས་གྲུབ་ཀྱིས། །བརྒྱུད་མར་བསྔགས་འདིར་འཇུག་པར་སྤོབ། །ཆོས་ཀྱིས་ཕོངས་པའི་བསྐལ་ངན་སེལ། །མཆོག་གི་གོ་འཕང་ལ་སྦྱོར་ཤོག །ཅེས་པ་འདི་ནི་ཛམ་ཐང་ནས་གྲུབ་དབང་བླ་མ་ངག་དབང་ཆོས་འཕེལ་གྱིས་རིང་མོ་ནས་གསུང་གིས་བསྐུལ་ཞིང་ཉེ་ཆར་སྒྲུབ་བརྒྱུད་བསྟན་པའི་སྣང་བྱེད་ཆེན་པོ་དཔོན་སྤྲུལ་རིན་པོ་ཆེ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་ཞབས་ཀྱིས་ཐུགས་དམ་ཉམས་བཞེས་ཆེད་དུ་གསུང་བསྐུལ་གནང་བ་དང་། ཧོར་བླ་མ་པདྨ་ནོར་བུ་སོགས་སྒྲུབ་བླ་སྔ་རྗེས་རྣམས་ཀྱིས་ནན་བསྐྱར་བསྐུར་བའི་ངོར། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་
༣༧༡
མོས་པ་ཡིད་བྱེད་ཙམ་གྱིས་འཛིན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། །།
Notes
Other Information
Information about Unicode Tibetan and the digitization of this text |
---|
As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion. |