Tibetan:མར་པ་བཀའ་བརྒྱུད་པོད་གཉིས་པ་

From gDams Ngag mDzod
Jump to navigation Jump to search

༄༅། །བདེ་མཆོག་སྙན་བརྒྱུད་ཀྱི་འོག་སྒོ་བདེ་བ་ཆེན་པོ་གཞན་ལུས་ཕྱག་རྒྱ་མ་བསྟེན་པའི་གདམས་པ་ཡེ་ཤེས་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

བདེ་མཆོག་སྙན་བརྒྱུད་ཀྱི་འོག་སྒོ་བདེ་བ་ཆེན་པོ་གཞན་ལུས་ཕྱག་རྒྱ་མ་བསྟེན་པའི་གདམས་པ་ཡེ་ཤེས་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །
ན་མོ་རཏྣ་གུ་རུ། ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བ་མཁའ་འགྲོ་གསང་སྒྲོགས་འོག་སྒོ་བདེ་བ་ཆེན་པོའ་གདམས་པ་འདི་ལ་ལྔ་སྟེ། རྟེན་གྱི་གང་ཟག་གང་གིས་ཉམས་སུ་བླང་བ་དང་། ཡུལ་གང་ལ་བརྟེན་ནས་ཉམས་སུ་བླང་བ་དང་། དུས་ནམ་གྱི་ཚེ་ཉམས་སུ་བླང་བ་དང་། ཉམས་སུ་བླངས་པའི་དགོས་པ་དང་། ཐབས་གང་གིས་ཉམས་སུ་བླང་བ་དང་ལྔའོ། །དེ་ལ་རྟེན་གྱི་གང་ཟག་ནི། དང་པོ་གྲོལ་ལམ་པས་ཉམས་སུ་བླངས་པས་སངས་རྒྱས་པ་ཀླུ་སྒྲུབ་ལྟ་བུ་སྡོམ་པ་གསུམ་ལྡན། མ་བསྒོམ་པ་སངས་རྒྱས་པ་ཆགས་ལམ་པ་ཉོན་མོངས་པ་ལམ་དུ་བྱེད་པ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལྟ་བུ་དང་། སྤེལ་མ་བས་གཉིས་ཀ་ལམ་དུ་བྱེད་པ་ཟུང་འཇུག་གོ །ཡུལ་ནི་གསུམ་ལས། གྲོལ་ལམ་བས་འོད་ཀྱི་རིག་མ་ལ། ཆགས་ལམ་པས་ལས་ཀྱི་ཕྱག་རྒྱ་ལ། སྤེལ་མ་བས་གཉིས་ཀ་ལ་བརྟེན་ནས་ཉམས་སུ་བླང་ངོ་། །དུས་ལ་གསུམ། ཟླ་བ་ཆུ་འཛིན་ཞེས་བྱ་སྟེ། བྱང་སེམས་དུས་ནམ་དུ་མི་གཏོང་བའོ། །རི་བོང་རྒྱུ་བའི་དུས་ཞེས་བྱ་བ་ནི་གཉིས་ལས། ཉི་མ་བརྒྱལ་བའི་དུས་ཞེས་པ་རྣལ་
འབྱོར་པ་ཏིང་ངེ་འཛིན་གྱི་རོས་བརྒྱལ་ནས་བྱིང་ན་གཏོང་། ཟླ་བའི་འོད་དང་མི་ལྡན་པའི་དུས་ན་ཞེས་པ་ཤེས་རབ་མ་ཤེད་མེད་ནས་སྐམ་ན་གཏོང་ངོ་། །གསུམ་པ་ཆ་མཉམ་པའི་དུས་ཞེས་བྱ་སྟེ། དབང་གི་ངོ་སྤྲོད་པའི་དུས་སུ་གཏོང་བའོ། །ཉམས་སུ་བླངས་པའི་དགོས་པ་ནི་བདག་གཞན་གྱི་ཡེ་ཤེས་འཕེལ་བའི་དུས་ཤེས་པས་རང་གི་ཟག་པ་མི་འཆོར་ཞིང་གཞན་གྱི་བདེ་བ་ལ་ལོངས་སྤྱོད་པའི་དགོས་པའོ། །ཐབས་གང་གིས་ཉམས་སུ་བླང་བ་ལ་དོན་དྲུག་སྟེ། བསྒོམ་བྱའི་ལམ་གཅིག་པ་དང་། འདྲེན་བྱེད་ཀྱི་ཐབས་མི་གཅིག་པ་དང་། འབྲས་བུ་ཉམས་མྱོང་གི་སྐྱེད་ཚུལ་དང་། དཔེ་དོན་གྱི་འཆར་ཚུལ་དང་། དགའ་བཞིའི་འབྱུང་ཚུལ་དང་། ས་ལམ་གྱི་བགྲོད་ཚུལ་ལོ། །བསྒོམ་བྱའི་ལམ་གཅིག་པ་གཞི་དངོས་པོའ་གནས་ལུགས་ལ་བརྟེན་ཏེ་ཚད་ལྡན་དུ་སྦྱང་བ་ལ་གསུམ། སྦྱོང་བར་བྱེད་པའི་གནད་དང་། ངེས་ཤེས་སྐྱེ་བར་བྱེད་པའི་གནད་དང་། བལྟ་བར་བྱ་བའི་གནད་དོ། །སྦྱོང་བར་བྱ་བའི་གནད་ནི། ལུས་འཇའ་ཚོན་གསལ་སྟོང་དཀར་དམར་དཀྱིལ་འཁོར་བཅའ་བ་ཞེས་པ་ལུས་ཙོག་པུའམ་སྐྱིལ་
ཀྲུང་དུ་བསྡད་ལ། ལག་གཡས་པའི་སྲིན་ལག་གིས། སྒྲོ་བའི་འོག་ལྒང་ཕུག་གི་སྟེང་གི་རུས་པའི་ཟམ་པའི་ཁའི་རྩ་མནན་པ་ནི་འོག་འཁོར་བ་རྒྱུ་བའི་སྒོ་བཅད་པ་ཡིན། སྟེང་བྱང་ཆུབ་ཀྱི་སོ་པ་བཞག་པ་ཞེས་པ་རང་གི་ལག་པ་གཡོན་པའི་མཛུབ་མོའམ་མཐེའུ་ཆུང་གིས་རྩ་གཉིད་ལོག་མནན་པས་པྲིག་པྲིག་པ་འོང་། ལུས་རྗེ་བཙུན་མའི་སྐུ་འཇའ་ཚོན་ལྟ་བུར་བསྒོམས་ལ། སྤྱི་བོར་བླ་མ། སྙིང་གར་རྗེ་བཙུན་མ། དེའི་སྟེང་དུ་འཁོར་ལོ་སྡོམ་པ། བ་སྤུའི་བུ་ག་ཐམས་ཅད་དུ་རྡོ་རྗེའི་སྤུན་རྣམས་བསམས་ལ། ཐམས་ཅད་རང་བཞིན་མེད་པར་དངུལ་ཆུ་ལྟ་བུར་བསྒོམ་མོ། །ངག་ཟག་མེད་ཟླ་བའི་ཟེར་དྲངས་ཞེས་པ་སྟེ། རླུང་གནས་རྡོ་རྗེ་ནོར་བུར་ཉུག་ཉུག་བྱུང་བ་དང་། འོག་རླུང་འཐེན་ལ་ཧཱུྃ་བརྗོད་ཅིང་རླུང་དང་ཤེས་པ་དྷཱུ་ཏི་ནས་ཡར་དཀར་ནར་གྱིས་སྤྱི་བོར་དྲངས། འདི་ལ་ཧཱུྃ། ཀ་ཧྲཱི་ཀར་གསུམ་གསུམ་ཡོད་པ་ལས་རྗེ་བཙུན་པས་ཧཱུྃ་ལ་མཛད་དོ། །སེམས་སྟོང་ཉིད་ཉི་མའི་འོད་བཟུང་བ་ཞེས་པ་སྟེ། ཅི་བྱུང་སྤྱི་བོར་སྟོང་ཉིད་ལ་བློ་འཇོག་པའོ། །སྒོ་གསུམ་གཉིས་མེད་རིག་སྟོང་ཆོས་ཉིད་ནམ་མཁའི་དོན་བལྟ་བ་ཞེས་པ་སྟེ། སྒོ་གསུམ་གྱི་སྣང་བ་འཆར་བ་ན། ཕྱོགས་མཐའ་དག་སྐྱེ་མེད་དུ་ལམ་ལམ་བལྟའོ། །ངེས་ཤེས་སྐྱེད་པའི་གནད་ནི། ས་སྟེང་གི་སེང་གེ་ཐུར་དུ་གཞུག་པ་ཞེས་བྱ་སྟེ། བྱང་སེམས་དྲི་ཆེན་དྲི་ཆུ་ལ་སོགས་པ་ཐམས་ཅད་མི་འཛག་པའོ། །ས་འོག་གི་རུ་སྦལ་ལམ་ལ་དྲང་བ་ཞེས་བྱ་སྟེ། བེམ་པོ་ལ་དྲང་བ་འོ་མ་དང་ཆུ་ལ་སོགས་པ་དྲང་བ་དང་། རིག་མ་ལ་དྲང་བ་ལས་ཀྱི་ཕྱག་རྒྱའི་སིཧླ་དྲང་བའོ། །ས་བླའི་སྟག་མོ་ནགས་ལ་འགྲིམ་པ་ཞེས་བྱ་སྟེ། སྟོད་བྱང་ཆུབ་ཀྱི་སོ་པ་ལ་གཞག་པ་དང་། སྨད་འཁོར་བའི་འགྲུལ་བཅད་པས་སྐྱོན་ཐམས་ཅད་མི་འོང་ངོ་། །བལྟ་བར་བྱ་བའི་གནད་ནི། དམུས་ལོང་གི་མཐོང་སྟང་བྱ་བ་བལྟར་མེད་ཀྱི་ངང་དུ་བལྟ་བ་དང་། སེམས་ཀྱི་བྱ་ནམ་མཁའ་ལ་འཕུར་བ་ནི། བྱ་་
འཕུར་བས་འགྲོ་ས་མ་རྙེད་ནས་ལོག་པ་བཞིན་དུ་སེམས་ཀྱང་བཏང་བས་སྟོང་པ་ལས་འགྲོ་ས་མེད་ནས་ལྡོག་པའོ། །གཉིས་པ་འདྲེན་བྱེད་ཀྱི་ཐབས་མི་གཅིག་པ་ལམ་གྱི་རང་བཞིན་ལ་གཉིས་ཏེ། དྲང་བ་ཡུལ་གྱི་མཚན་ཉིད་ལ་གཉིས། ཡིད་འོང་དང་། མཚན་ལྡན་ནོ། །ཡིད་འོང་ལ་བཞི། མཛེས་ཤིང་ཡིད་དུ་འོང་བ་དང་། དབང་བཞི་རིམ་གྱིས་བསྐུར་བ་དང་། བསླབ་པ་ཉན་པ་དང་། གསང་ཐུབ་པ་རྣམ་པ་བཞིའོ། །མཚན་ལྡན་ལའང་བཞི་སྟེ། སྔགས་སྐྱེས་མ་ནི་བསྒོམས་པའི་སྟོབས་ཀྱིས་གྲུབ་པ་བརྙེས་པ། དཔེར་ན་ཇོ་མོ་གྲུབ་པའི་རྒྱལ་མོའམ། མ་སྐལ་པ་བཟང་མོ་ལྟ་བུའོ། །ལས་ལས་སྐྱེས་པ་ནི། ལས་ཀྱི་མཁའ་འགྲོ་མ་སྟེ་བུད་མེད་བདུན་བདུན་གྱི་ནང་དུ་མཁའ་འགྲོ་མ་རེ་རེ་ཡོད་གསུངས། ཞིང་སྐྱེས་མ་ནི། ཡུལ་ཉི་ཤུ་རྩ་བཞི་བགྲོད་པའི་སྟོབས་ཀྱིས་མཁའ་འགྲོར་སོང་བ་གཅིག་ཡོད་དེ། ལྷན་ཅིག་སྐྱེས་མ་ནི། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྟ་བུ་སྟེ་མཐོང་བ་དང་ཐོས་པ་ཙམ་གྱིས་ཉོན་མོངས་ཡེ་ཤེས་སུ་སྐྱེད་པ་གཅིག་ཡིན་ནོ། །འདྲེན་བྱེད་ཐབས་ཀྱི་གནས་ལུགས་ལ་གསུམ་སྟེ། ཆགས་ལམ་པས་ལས་ཀྱི་མུ་དྲ་ལ་དྲང་བ་དང་། གྲོལ་ལམ་བས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་དྲང་བ་དང་། སྤེལ་མས་གཉིས་ཀ་ལ་བརྟེན་ནས་དྲང་བའོ། །དེ་ལ་དང་པོ་ཆགས་ལམ་པས་མཚན་ལྡན་ལས་ཀྱི་ཕྱག་རྒྱའི་བདེ་བའི་ལམ་སྦྱང་བ་ནི། རང་ཉིད་སྐད་ཅིག་གིས་བདེ་མཆོག་ཏུ་བསམ། ཕྱག་རྒྱ་རྗེ་བཙུན་མར་བསམ་ལ་རང་ཉིད་ཀྱི་གསང་གནས་སྟོང་པའི་ངང་ལས་ཧཱུྃ་དུ་བསམ། ཧཱུྃ་ལས་རྡོ་རྗེ་ནོར་བུའི་རྩེ་མོའ་བུ་གར་ཕཊ་སེར་པོས་བཀག་པར་བསམ། ལས་རྒྱའི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བསམ། ཆོས་འབྱུང་སྟོང་པའི་ངང་ལས་པདྨ་འདབ་མ་བཞི་བར་བསམ་ལ་ཟེའུ་འབྲུ་ལ་ཨ་དམར་པོ་རེ་རེ་ཡོད་པར་བསམ། ལྟེ་བ་ལ་བྷྱོཾ་སེར་པོ་ཅིག་
ཡོད་པར་བསམས་ལ་སྲུང་བའི་སྦྱོར་བ་བྱེད་པའོ། །དེའི་རྗེས་ལ་རླུང་སེམས་གཉིས་མེད་དུ་བསྲེ་བའི་བརྩོན་འགྲུས་ཀྱིས་ཡེ་ཤེས་ངོས་གཟུང་བ་དང་། ཉམས་རྟོགས་བདེ་ཆེན་གྱིས་སྟོང་ཉིད་དུ་ངོ་སྤྲོད་པ་དང་། སྤྱོད་ལམ་གྱི་སོ་པས་སྣང་བ་ཆོས་སྐུའི་བར་དོར་བལྟ་བ་ཞེས་པ་ཐམས་ཅད་སྐྱེ་མེད་དུ་ལམ་ལམ་གྱིས་བསྒོམ་པའོ། །གྲོལ་ལམ་པས་འོད་ཀྱི་རིག་མ་ལ་དྲང་བ་ལ། འོད་རིག་ཡེ་ཤེས་ཀྱི་སྤྱན་པས་བདེ་བའི་ལམ་སྦྱང་བ་ནི། རང་བདེ་མཆོག་ཏུ་བསྒོམ་པ་དང་། རྗེ་བཙུན་མ་མདུན་དུ་བསམ་པ་དང་། རྡོ་རྗེ་པདྨ་བྱིན་གྱིས་བརླབ། འོད་རིག་ལ་སྙོམས་འཇུག་བྱས་པར་བསམ་མོ། །རླུང་སེམས་གཉིས་མེད་ཀྱི་བརྩོན་འགྲུས་ཀྱི་ཡེ་ཤེས་ངོས་གཟུང་བ་དང་། ཉམས་རྟོགས་བདེ་ཆེན་གྱིས་སྟོང་ཉིད་དུ་ངོ་སྤྲད་པ་དང་། སྤྱོད་ལམ་གྱི་སོ་པས་སྣང་བ་ཆོས་སྐུའི་བར་དོར་སྐྱེ་མེད་བསྒོམ་པ་སྔར་དང་འདྲའོ། །སྤེལ་མས་གཉིས་ཀ་ལ་བརྟེན་ནས་དྲང་བ་ནི། གང་དུ་བཤད་པའི་ལས་ཀྱི་ཕྱག་རྒྱ་དང་། འོད་ཀྱི་རིག་མ་གཉིས་ཀ་ལ་བརྟེན་པའོ། །གསུམ་པ་འབྲས་བུ་ཉམས་མྱོང་གི་སྐྱེ་ཚུལ་ལ་གསུམ། དང་པོ་བྱའི་འཚོ་བ་ལྟ་བུ་བསྒོམས་པའི་སྟོབས་ཀྱིས་ངོ་སྤྲོད་ནས་འདིར་སངས་རྒྱའོ། །འབྲིང་འགྲོན་པོའ་བརྒྱག་ལྟ་བུ་ཉམས་མྱོང་གིས་བརྒྱག་བྱས་ནས་བར་དོར་སངས་རྒྱའོ། །ཐ་མ་བྱི་བས་བསྐུངས་པ་ལྟར་བྱི་བས་བསགས་པ་དེ་ཟ་སྲིད་དམ་མི་ཟ་སྲིད་དང་འདྲ་བར། བར་དོ་སྒོམ་སྲིད་དམ། མི་སྒོམ་སྲིད་པས་ཐོབ་མི་ཐོབ་ཆ་མེད་དོ། །བཞི་པ་དཔེ་དོན་གྱི་འཆར་ཚུལ་ནི། ཕྱག་རྒྱ་དཔེའི་ཡེ་ཤེས། བདེ་བ་དོན་གྱི་ཡེ་ཤེས། ཉམས་དཔེའི་ཡེ་ཤེས། རྟོགས་པ་དོན་གྱི་ཡེ་ཤེས་སོ། །ལྔ་པ་དགའ་བཞིའི་འབྱུང་ཚུལ་ལ་གཉིས། ལུགས་འབྱུང་ནི། སྤྱི་བོར་དགའ་བ། མགྲིན་པར་མཆོག་དགའ། སྙིང་གར་དགའ་བྲལ་གྱི་དགའ་བ། གསང་གནས་སུ་ལྷན་ཅིག་སྐྱེས་པའི་དགའ་བ་དང་བཞི་འབྱུང་ངོ་། །ལུགས་ལྡོག་ལ། །
གསང་གནས་སུ་དགའ་བ་དང་། ལྟེ་བའམ་སྙིང་གར་མཆོག་དགའ། མགྲིན་པར་དགའ་བྲལ་གྱི་དགའ་བ། སྤྱི་བོར་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང་ངོ་། །འདི་རྗེ་བཙུན་པས་ལུགས་ལྡོག་ཏུ་བཞེད་དོ། །དྲུག་པས་ལམ་གྱི་བགྲོད་ཚུལ་ནི། དང་པོར་རིག་མ་དང་འཚོགས་པས་ཚོགས་ལམ། ལྷན་ཅིག་སྦྱོར་བས་སྦྱོར་ལམ། དེ་གཉིས་ཀའི་དབང་དུ་བྱས་ན་འཇིག་རྟེན་པའི་སའམ་ལམ་མོ། །བསྲུབས་པས་བདེ་བ་མཐོང་ལམ། སའི་དབང་དུ་བྱས་ན་རབ་ཏུ་དགའ་བ། དེ་འབྱོངས་ནས་བསྒོམས་པས་སྒོམ་ལམ། སའི་དབང་དུ་བྱས་ན་གཉིས་པ་དྲི་མ་མེད་པ་ལ་སོགས་པ་ནས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ལ་གནས་པར་འགྱུར་རོ། །ཉམས་དེར་རང་བཞིན་མེད་པར་རྟོགས་པ་དེ་མི་སློབ་པའི་ལམ་མོ། །ས་བཅུ་གཅིག་ཀུན་ཏུ་འོད་ཀྱིས་ཐོབ་བོ། །བདེ་བ་ཆེན་པོའ་གདམས་པ་ཡེ་ཤེས་གསལ་བའི་སྒྲོན་མེ་ཞེས་བྱའོ། ། །།།། མངྒ་ལཾ་བྷ་ཝནྟུ།། །།

༄༅། །བདེ་མཆོག་སྙན་བརྒྱུད་ཀྱི་འོད་རིག་བདེ་ཆེན་གྱི་གདམས་པ་བཞུགས་སོ། །

བདེ་མཆོག་སྙན་བརྒྱུད་ཀྱི་འོད་རིག་བདེ་ཆེན་གྱི་གདམས་པ་བཞུགས་སོ། །
༡༠ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི། ཤེས་རབ་ཡེ་ཤེས་དང་འབྲེལ་པ་མཁའ་འགྲོའི་གསང་སྒྲོགས་པ་བདེ་བ་ཆེན་པོ་ལ། ཆགས་ལམ་ལས་རྒྱ་ལ་བརྟེན་པ་དང་། གྲོལ་ལམ་འོད་རིག་ལ་བརྟེན་པ་གཉིས་ཏེ། ལས་རྒྱ་གསང་སྔགས་གསར་རྙིང་གཉིས་ནས་བཤད་ཀྱང་ཉམས་སུ་ལོངས་པ་ཉུང་སྟེ། སྔགས་པ་ཕ་ལ་བུ་མང་གི་འདམ་དུ་ཚུད་པའོ། །དཔེར་ན་སྐྱེས་བུ་རྟ་ལ་མ་བྱང་པ་གཅིག་རྟ་རྨུ་རྒོད་སྲབ་མདའ་ཆད་པ་ལ་ཞོན་ན་ཆེ་རུ་སྲོག་དང་བྲལ། ཆུང་ངུ་ཡན་ལག་འཆག །རྟས་དབང་མེད་དུ་ཁྱེར་ནས་གཅོང་རོང་གཡང་སའམ་གད་སྐྱིབས་སུ་ཤོར་ན་མི་རྟ་གཉིས་ཀ་འཆི། བར་སྐབས་སུ་སྣད་ཡར་འོང་བར་ཤེས་ཏེ། འབབ་པར་འདོད་ཀྱང་རང་དབང་མི་འབྱུང་། མིས་འཕྱ། རང་འགྱོད་གཉིས་ཀ་འབྱུང་། དེ་ལྟ་བུའི་རྟ་ཞོན་པ་བརྒྱ་བརྒྱ་ཙམ་ལ་བསྣད་ཡར་མེད་ཅིང་ཁྲོམ་ཐོག་ཆོད་པ་རེ་རེ་ཙམ་སྲིད་པའོ། །དེ་བཞིན་ཆགས་ལམ་ལས་རྒྱ་ལ་བརྟེན་པའི་གང་ཟག །སྙིང་རུས་ཀྱི་སྟོབས་ཞན་པ། རྩ་རླུང་ཐིག་ལེ་ལ་དབང་མ་ཐོབ་པ། རྟ་རྨུ་རྒོད་སྲབ་མདའ་ཆད་པ་ལ་ཞོན་པ་ལྟར། ཕྱག་རྒྱ་མ་བརྟེན་པས་ཆེར་དགེ་སྦྱོར་གྱི་སྐྱེད་འཕེལ་ཆད།
༡༡ཚེའི་བར་ཆད་བྱེད། འབྲིང་བསོད་ནམས་ཆུ་ཆད་པ་ལྟར་འགྲོ། ཐ་མ་སྐུར་པ་ངན་པ་འབྱུང་། ཇི་ཞིག་ནས་འགྱོད་ནས་སྤང་བར་འདོད་ཀྱང་། བུ་ཚས་འབྲེལ་ནས་རང་དབང་མི་འབྱུང་། བརྟག་པ་མཐའ་བཟུང་གི་རིགས་པས་དཔྱད་ན། སོ་སོ་སྐྱེ་བོ་རྣམས་མི་དད། དམ་པ་རྣམས་ཀྱི་ཐུགས་ཀྱིས་ཁྲེལ། དད་པ་ཅན་སུན་འབྱིན། རྩ་ལྟུང་བཅུ་གཉིས་པ་ཕོག །དྭངས་མ་འཛག་བདེར་ཤོར། རྩ་ལྟུང་ལྔ་པ་ཕོག །འགྲོ་དོན་མི་ནུས། ཁྱིམ་པ་དང་ཁྱད་མེད་གྱུར་པའི་ཉེན་ཡོད། དགོས་པའི་བྱང་སེམས་ཉམས། མི་དགོས་པའི་ཉོན་མོངས་པ་ཆེར་འཕེལ། ལྷ་དང་མཁའ་འགྲོ་གྱེས། རང་རྒྱུད་གཟུང་འཛིན་དང་ལས་རྒྱའི་དབང་དུ་སོང་། མཐར་ཤི་ནས་ངན་སོང་དུ་སྐྱེ་བའི་ཉེན་ཡོད་དེ། རྡོ་རྗེའི་ཚིག་རྐང་ནས། བག་མེད་འདོད་སྲེད་གཞན་དབང་ཆང་གིས་མྱོས། དོན་ལས་ཉམས་ཤིང་སླར་ཡང་ངན་སོང་ལྟུང་། །ཞེས་གསུངས་པས་ནཱ་རོ་པཎ་ཆེན་གྱིས་ལོ་གཅིག་ཤེས་རབ་མ་བརྟེན་ནས་ཏཻ་ལོའ་དྲུང་དུ་ཕྱིན་པས་ནཱ་རོ་པས། བདག་ཟེར་བ་བཞིན་ཤེས་རབ་མ་མ་ཉན་ཤེས་རབ་མས་ཟེར་བ་བཞིན་བདག་མ་ཉན། བསམ་པ་ལྟ་སྤྱོད་མ་མཐུན་པས། །དོན་མེད་སྡུག་
༡༢བསྔལ་སྣ་ཚོགས་མྱོང་། །འདོད་ཡོན་སྲེད་པའི་བདེ་བ་ཡིས། །གཉིས་སྣང་གཟུགས་འཛིན་དབང་དུ་ཤོར། །གསུང་། དེ་རྗེས་ཤེས་རབ་མ་ཏེ་ལོ་པ་ལ་ཕུལ་ནས། ལྟོས་མེད་བླ་མ་སངས་རྒྱས་ལ། །ཤེས་རབ་ཡོན་ཕུལ་རྣལ་འབྱོར་བདེ། །གསུངས། གྲུབ་ཐོབ་ཆེན་པོ་དེ་ལྟ་བུ་ཡང་དེ་སྐད་གསུང་ན། གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། རྗེ་རས་ཆུང་པ་ལྟ་བུ་རླུང་སེམས་ལ་དབང་ཐོབ་ཀྱང་། ལྷ་གཅིག་ལྡེམ་བུ་ཕྱག་རྒྱར་བཞེས་པ་ལ། །ཤིན་ཏུ་སྡུག་ཅིང་ཉམས་ཐག་ཏེ། །ཡུན་རིང་པོར་སྤང་དབང་མ་བྱུང་བར། །བླ་མ་ཡི་དམ་མཁའ་འགྲོ་རྣམས། །མཐོང་ཐོས་དྲན་ནམ་རས་ཆུང་པ། །བསམ་ཀྱིན་ཡི་མུག་མཆི་མ་དཀུ། །ཞེས་པ་ལ་སོགས་པ་གསུང་ངོ་། །མདོར་ན་ཆགས་ལམ་ནམ་མཁའི་སྐར་མ་ཙམ་ཡོད་ཀྱང་། བར་ཆད་ཀྱིས་མཁྱེར་བ་ལམ་དུ་སློངས་པ་ཉི་ཟླ་ཙམ་ལས་མ་བྱུང་བའོ། །དེའི་ཕྱིར་ལས་རྒྱ་མི་བརྟེན་ཅིང་། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཉམས་ལེན་འོད་ཀྱི་རིག་མ་བརྟེན་པའོ། །འདི་ནི་ཐབས་ཁྱད་པར་འཕགས་པའི་ལམ་ཡིན་ཏེ། སོ་སོ་ཐར་པའི་སྡོམ་པ་བསྲུང་བའི་རྩ་བའི་ཐིག་ལེ་མི་ཉམས་པའི་གནད་ཀྱང་འདིའོ། །བྱང་ཆུབ་སེམས་དཔའི་དོན་དམ་དང་ཀུན་རྫོབ་བྱང་ཆུབ་སེམས་སོགས་པ་འཕེལ་བའི་གནད་ཀྱང་འདིའོ། །གསང་སྔགས་དཀའ་བ་མེད་པར་ཐབས་ལ་མཁས་པས་ལམ་བགྲོད་པར་མྱུར་བའི་ཐབས་ཀྱང་འདིའོ། །གྲུབ་ཐོབ་རྣམས་ཀྱི་རྫུ་འཕྲུལ་སྟོན་པའི་གནད་ཀྱང་འདིའོ། །འདོད་ཆགས་ཅན་འདོད་ཆགས་ཟག་མེད་དུ་བསྲེ་བ་ཡང་འདིའོ། །རྩ་དཔའ་མོ། །ཐིག་ལེ་དཔའ་བོ། །རླུང་སྙོམས་འཇུག་ཏུ་གནས་པ་ལ། རྩ་རླུང་འཁོར་ལོ་བསྐོར་བས། དཔའ་བོ་མཁའ་འགྲོ་དངོས་སུ་འཁུལ་བའི་གནད་འདིའོ། །དེ་ལྟ་བུའི་མཁའ་འགྲོའི་གསང་སྒྲོགས་པ་བདེ་བ་ཆེན་པོ་དངོས་ལ་ལྔ་ཏེ། ཉམས་སུ་ལེན་པའི་དུས་བསྟན་པ། འོད་ཀྱི་རིག་མའི་སྒོམ་ཐབས། ཐིག་ལེའི་ལས་ལྔ་ལ་མཁས་པ། སྣང་བ་ཆོས་སྐུའི་དོན་གཏན་ལ་དབབ་པ། འཇག་སྲུང་
༡༣རྡོ་རྗེའི་སྲོག་ཆིངས་བསྟན་པའོ། །དང་པོ་ལ་གསུམ། རི་བོང་རྒྱུག་པའི་དུས་དང་། ཟླ་བ་ཆུས་འཛིན་པའི་དུས་དང་། ཉི་མ་རྒྱལ་བའི་དུས་སོ། །དང་པོ་ཚེས་བརྒྱད། གཉིས་པ་བཅོ་ལྔ། གསུམ་པ་གནམ་གང་ངོ་། །དུས་དེ་གསུམ་ལ་ཆགས་སྣང་ཆེ་ཞིང་ཐིག་ལེ་འཛག་པས་ཉམས་ལེན་བརྩོན་པར་བྱ། །དེ་ཡང་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱི་ཁམས་དྭངས་མ་དཀར་པོ་དང་ཟླ་བ་ངོ་བོ་གཅིག །དམར་པོ་དང་ཉི་མ་ངོ་བོ་གཅིག །ཟླ་བ་རྒྱས་པ་བཞིན་དུ་དྭངས་མ་འཕེལ། ཟླ་བ་ཚེས་བཅོ་ལྔ་ནས་འགྲིབ་པ་བཞིན་འགྲིབ། གནམ་གང་གི་ཉིན་ཟླ་བ་ཟད་པ་དང་ཐིག་ལེ་ཡང་འཛད་པ་ཙམ་དུ་འགྱུར་ཡང་། ཉི་ཟླ་སྦྱོར་བ་བྱེད་པའི་དུས་ཡིན་པས་ཆགས་པ་སྐྱེའོ། །སངས་རྒྱས་པས་དུས་དེ་གསུམ་ལ་རྩིས་སུ་འཛིན། བསྙེན་གནས་འབོགས་པའང་། ཚེས་བརྒྱད་བཅོ་ལྔ་ཐིག་ལེ་འཕེལ་དུས་མ་ཟག་ན། སེམས་ཅན་བདེ་སྐྱིད་ཀྱི་རྟེན་འབྲེལ་མང་དུ་འགྲིག་པ་ལ་དགོངས། གནམ་གང་གི་ཉིན་ནུས་པ་ཟད་པ་ཅོམ་དུ་གྱུར་པ་ལ་སྲེད་པ་སྦྱང་བས། ཐིག་ལེའི་ཤུལ་དུ་ཆུ་སེར་འཇུག །ནད་སྐྱེ་ཚེ་ཐུང་། ཉོན་མོངས་པ་མི་དགེ་བ་དུ་མ་འཕེལ། ལོངས་སྤྱོད་དབུལ་བ་ལ་དགོངས། དུས་འདི་གསུམ་དང་། བདེ་བ་ཤས་ཆེ་དུས་དང་། ཞག་རེ་ལ་ལན་རེ་ཉམས་སུ་ལེན་པའོ། །ནམ་ཕྱེད་དང་ཉིན་ཕྱེད་ལ་ཉམས་སུ་མི་ལེན་ནོ། །འོད་ཀྱི་རིག་མའི་སྒོམ་ཐབས་བསྟན་པ་ནི། ལུས་གནད་གཏུམ་མོ་དང་མཐུན། སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར། རྗེ་བཙུན་མར་བསྒོམས་ཏེ་མཆོད་པ་དབུལ། བདེ་སྟོང་དགའ་བཞིའི་ཉམས་མྱོང་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་གསོལ་བ་དྲག་ཏུ་གདབ། སྤྱི་བོར་བླ་མ་འཁོར་ལོས་སྒྱུར་བའི་ཆ་བྱད། ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ལ་རིག་པ་གཏད། དེ་ནས་ལུས་བདེ་ཕྲོལ་བྱུང་བ་དང་། བླ་མ་ཡབ་ཡུམ་འོད་དུ་ཞུ། སྤྱི་བོར་ཐིམ། རྗེས་གནས་ལུགས་ཀྱི་ངང་དུ་བཞག་
༡༤བསྔོ་བ་བྱ། དམིགས་སྐོར་གཅིག་གོ། དེ་རྗེས་གོང་བཞིན་དུ་གསོལ་འདེབས་བྱ། མངོན་རྟོག་རྒྱས་འབྲིང་ཅི་རིགས་པར་བསྒོམ། སྐུ་གསུང་ཐུགས་མཁའ་གསང་བྱིན་གྱིས་བརླབ། བདེ་མཆོག་ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ལ་རིག་པ་གཏད། ཨ་ལོང་འབྱེད་འཛུམ་བྱ། སྐབས་སུ་སྤྱི་བོའ་བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས། ཐིག་ལེ་བབས། ཚངས་བུག་ན་མར་འོང་། རང་ལྷར་གསལ་བའི་ལུས་ཀྱི་ནང་ཐིག་ལེས་གང་། བདེ་ཕྲིལ་བ་བསྒོམ། དེ་ནས་བདེ་བ་ཆེར་སྐྱེས་པ་དང་། དགའ་བ་བཞི་ངོས་བཟུང་། ཐིག་ལེ་གསང་གནས་སུ་བྱོན། བདེ་བ་མི་བཟོད་པ་ཙམ་བྱུང་བ་དང་། ལྡོག་པར་བྱ། རྗེས་གནས་ལུག་ངང་ལ་ཇི་སྲིད་གནས་པ་དེ་སྲིད་དུ་བཞག །དམིགས་སྐོར་གཅིག །དེ་ལ་ཐིག་ལེ་བརྟན་པ་དང་། གཏུམ་མོའ་རླུང་སྦྱོར་ལ་ནན་ཏན་བྱས་པས། རླུང་ལ་དབང་ཐོབ་ཅིང་བདེ་བ་ཆེར་སྐྱེའོ། །དེ་ནས་གོང་བཞིན་དུ་གསོལ་འདེབས་ལ་སོགས་བྱ། སྲུང་འཁོར་བསྒོམ། དེ་ནས་རང་བདེ་མཆོག་ཏུ་བསྒོམ། སྤྱི་བོར་བཀའ་བརྒྱུད་ལ་སོགས་བསམ། སྙིང་གར་འཁོར་ལོ་སྡོམ་པ། ཡན་ལག་ལ་མཁའ་འགྲོ་ཆོས་སྐྱོང་། བ་སྤུའི་བུ་གར་རྡོ་རྗེ་སྤུན་དྲན་པར་བྱས་ལ། བདེ་བའི་པཱུ་ཛ་དབུལ་སྙམ་དུ་བསམ། མདུན་དུ་འོད་ཀྱི་རིག་མ་བཀུག་ལ། རྗེ་བཙུན་མར་བསྒོམ། ཡབ་ཡུམ་གཉིས་ཀའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་དཀར་དམར་མཐིང་གསུམ་དུ་བསྒོམ། ཡབ་ཀྱི་ཐུགས་ཀར་ཡུམ་གྱི་སྙིང་པོ། ཡུམ་གྱི་ཐུགས་ཀར་ཡབ་ཀྱི་སྙིང་པོ་བཀོད། ཡབ་ཀྱི་ནོར་བུའི་རྩ་བར་ཧཱུྃ་སྔོན་པོ་མགོ་ནང་དུ་བསྟན་པ། ཚངས་བུག་གི་ཧྃ་དང་གཉིས་བ་ཐག་ལྟ་བུས་སྦྲེལ་བརྩེ་མོར་ཕཊ་སེར་པོ་མགོ་ཕྱིར་བསྟན་པ་བསམ། ཡུམ་གྱི་པདྨའི་ཟེའུ་འབྲུ་ལ་ཏྱཱ་ཡིག་དམར་པོ། ཡན་ལག་ཐམས་ཅད་ལ་ཧྃ་ལྗང་གུ་རེ་བསམ། དེ་ནས་སྟེང་ནས་བྱང་ཆུབ་སེམས་ཀྱི་སོ་གཟུག་སྟེ་གུང་མོས་སྣ་
༡༥རྩེ་སྟེམ། འོག་འཁོར་བའི་རྒྱུན་ལམ་བཅད་དེ་སྒྲོ་བཤམ་གྱི་བར་སྲིན་མཛུབ་ལ་གུང་མོ་གཙེར་ལ་སྟེམ། དེ་ནས་དལ་བུས་བསྲུབ་སྦྱོར་བརྒྱད་བྱ། སྦྱོར་བ་བྱེད་པར་བསམ་ཏེ། རྡོ་རྗེའི་ཚིག་རྐང་ནས། སྐལ་ལྡན་སྐྱེས་བུ་ཧེ་རུ་ཀ་རུ་བལྟ། །ཕྱག་རྒྱ་མཚན་ལྡན་རྡོ་རྗེ་རྣལ་འབྱོར་མ། །གཉིས་མེད་འཁྲིལ་སྦྱོར་ཟག་བཅས་ཟག་མེད་རོལ། །ཅེས་པའོ། །ལུས་ངལ་བའི་དུས་སུ་སྣའི་རྩེ་མོར་བལྟ། །སྒོ་གསུམ་དབྱེར་མེད་རིག་སྟོང་ཆོས་ཉིད་ནམ་མཁའི་དོན་ལ་བཞག །ཉོན་མོངས་པ་རང་ག་མར་མི་བཏང་། འཛག་བདེར་མི་བཏང་། ལུས་འཁོར་ལོ་ལྟར་སྐོར། ཐིག་ལེ་ལྕགས་ཀྱུ་ལྟར་བཟུང་། རླུང་སེམས་ལི་རི་ལྟར་སྒྲིམ། ཆགས་པ་སྤྱོད་དགུ་ཅོག་ལ་ལུགས་འབྱུང་གི་དགའ་བཞི་ཡོད་དེ་ངོས་མི་ཟིན། འདིར་ངོས་བཟུང་བ་ནི། རླུང་གི་རྩེ་མོ་དང་རྩའི་རྩེ་མོ་སྲིན་མཛུབ་ལ་ཡོད་པས་དེས་བསྒུལ་ནས་འཁྲིག་ཏུ་འོང་། དེ་ནས་སྣ་རྩེ་སྨིན་མཚམས་སུ་བདེ་བ་བསྐྱེད། དང་པོ་ཁྲག་ཁུ་བ་སྤྱི་བོར་འདུས་པས། ལུས་ཁོལ་བུར་བདེ། སྤྱི་བོ་ནས་མགྲིན་པར་བབས་པས་དགའ་བ། དེ་ནས་སྙིང་གར་བབས་པས་ལུས་ཕལ་ཆེར་རྒྱས་ཞིང་མཆོག་དགའ། དེ་ནས་ལྟེ་བར་བབས་པས་ལུས་ཀུན་ཏུ་བདེ་ཕྲིལ་ཙེར་ཁྱབ་པས་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་གསང་གནས་སུ་བབས་པས་སྣང་སྲིད་ཀྱི་དངོས་པོ་ཐམས་ཅད་བདེ་ཞིང་ལྷན་ཅིག་སྐྱེས་པའི་དགའ་བའོ། །ཐིག་ལེའི་ལས་ལྔ་ལ་མཁས་པར་བྱ་བ་ནི། ནོར་བུའི་རྩེ་མོར་བབས་ནས་འཁྲུལ་འཁོར་གྱིས་ལྡོག་པ་སྙམ་བྱེད་ཀྱང་། ཕྱིས་ཆུ་དང་སྡོངས་ན་འཛག །འཁོར་ལོ་ལ་མ་ཁྲེམ་ན་ནད་དུ་འགྲོ་བའི་ཉེན་ཡོད་དོ། །དེ་བས་གསང་གནས་སུ་བབས་པ་ན། ལྡོག་པ་གནད་ཆེའོ། །དེ་ལ་དང་པོ་དབབ་པ་ལ་མཁས་པ་ནི། དུས་ལ་མི་བབ་པར་བསྲུབ་སྦྱོར་བརྒྱད་དལ་བུས་བྱའོ། །གཟུང་བ་ལ་མཁས་པ་ནི། བར་
༡༦དེར་རླུང་བབ་བུད་སྲིན་པོ་བསྐུམ་བྱ། ལུགས་འབྱུང་ངོས་འཛིན་པའོ། །ལྡོག་པ་ལ་མཁས་པ་ནི། དམིགས་པ་ཞལ་ལས་ཤེས། རྣ་བ་ལ་སེན་མོ་གདབ། གླིང་བཞི་བསྡུ། ཐུར་སེར་བཅུད། ཉི་ཟླ་གྱེན་ལ་ལྡོག །དར་ཆེན་འཕྱར། རྒྱ་མཚོ་བྲག་ལ་བརྡེབ། ཞི་དྲག་ངག་གི་འདྲེན་ནི། སེང་གེ་རྩེ་བ་ལ་ཎི་ཎི་དགུ་དྲང་། གླང་ཆེན་འགྱིང་བ་ལ་ཧིབ་ཧིབ་ཅེས་གསུམ། སྟག་མོའ་སྐྱུགས་ལ་ཧབ་ཧབ་ཅེས་གསུམ། རྨ་བྱ་འཕུར་ལ་ཧཱུྃ་ཧཱུྃ་ཅེས་པ་གསུམ་གྱིས། རུས་སྦལ་བསྐུམ་ལ་ཧྲིག་གསུམ་མོ། །དགྲམ་པ་མཁས་པ་ནི། བྱ་རྒོད་ཁྲུས་དང་སེང་གེའི་སྤྲུགས་བྱའོ། །གནས་པ་ལ་མཁས་པ་ནི། ཕྱག་རྒྱ་ཆེན་པོའ་དོན་ལ་འཇོག་པའོ། །དེ་ཡང་རྡོ་རྗེའི་ཚིག་རྐང་ནས། ཐིག་ལེ་དབབ་བཟུང་ཟློག་དགྲོམ་གནས་སུ་སྤེལ། །ཅེས་གསུངས་སོ། །སྣང་བ་ཆོས་སྐུའི་དོན་གཏན་ལ་དབབ་པ་ནི། ལུགས་འབྱུང་དགའ་བཞིའི་དོན། ལྷན་ཅིག་སྐྱེས་པའི་ཡེ་ཤེས། ཤེས་བྱ་སྤྲིན་བར་ཉི་མ་ལྟ་བུ་ཡུད་ཙམ་བྱུང་བ་དེ་ངོས་ཟིན་པར་བྱའོ། །ལུག་ལྡོག་གི་དགའ་བ་བཞི་ནི། གསང་གནས་ནས་ལྟེ་བར་ལྡོག་པས་དགའ་བ་དང་། ལྟེ་བ་ནས་སྙིང་གར་ལྡོག་པས་མཆོག་དགའ་དང་། སྙིང་ག་ནས་མགྲིན་པར་ལྡོག་པས་ཁྱད་པར་གྱི་དགའ་བ། མགྲིན་པ་ནས་སྤྱི་བོར་ལྡོག་པས་ལྷན་ཅིག་སྐྱེས་དགའ་འོ། །དགའ་བ་གསུམ་དཔེའི་ཡེ་ཤེས་ལ། །ལྷན་ཅིག་སྐྱེས་པ་དོན་གྱི་ཡེ་ཤེས་ཡིན་པར་རིག་པར་བྱའོ། །དེའི་དུས་སུ་དགའ་བ་གསུམ་དང་བྲལ། རླུང་དབུ་མར་ཚུད་པས་སྲོག་རྩོལ་ཆ་མཉམ་རྒྱུ། རྣམ་པར་ཤེས་པ་ཡུལ་ལ་འཕྲོ་བ་ཆད། ཉམས་རྟོགས་ཀྱི་འཆར་ཚུལ་རྣམ་པ་གསལ་ལ་སྒྲིབ་པ་མེད་པ། ངོ་བོ་སྟོང་པ་ཉམས་བདེ་ལ་ཟག་པ་མེད་པ་འཆར། དབང་བཞི་པའི་དོན་རྗེན་ནེ་ལྷང་ངེ་བ་དེ་ཉིད་ཇི་སྲིད་དུ་བཞག །དེ་ལྟར་ཡང་ཡང་སྦྱངས་པས་རྩ་ཕྲ་བའི་མདུད་པ་དྲལ་བས་དགའ་བ། རགས་པ་དྲལ་བས་མཆོག་དགའ།
༡༧དྷཱུ་ཏིའི་སྣ་རྩེར་རླུང་སེམས་འདུས་པའི་དུས་སུ་ཁྱད་པར་གྱི་དགའ་བ། དྷཱུ་ཏིའི་མདུད་པ་དྲལ་དུས་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ལྟར་ལུགས་འབྱུང་གི་དགའ་བ་བཞི། ལུགས་ལྡོག་གི་དགའ་བ་བཞི། རྩ་མདུད་གྲོལ་བའི་དགའ་བ་བཞི། དགའ་བ་བཅུ་གཉིས་ཉམས་སུ་མྱོང་བ་ནི། དབང་གསུམ་པའི་ཉམས་ལེན་ལ་བརྟེན་ནས་བཞི་པ་དོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡང་དག་མངོན་དུ་གྱུར་པ་ཅེས་བྱ་བ་སྟེ། རྡོ་རྗེའི་ཚིག་རྐང་ནས། དགའ་བ་བཞི་གསུམ་བཅུ་གཉིས་དོན་ལ་བལྟ། །ལྷན་སྐྱེས་ཡེ་ཤེས་རང་བཞིན་དབྱེར་མེད་སྟོན། །སྣང་སྲིད་ཐམས་ཅད་ཟག་མེད་བདེ་བར་འཆར། །གསུངས་པའོ། །དེ་ལྟར་གོམས་པས་ཟླ་བ་དྲུག་ནས་སྟེང་གི་སེང་གེ་དཀར་མོ་ཐུར་དུ་ཚུད་པས་སྐྱོན་བརྒྱད་ལས་གྲོལ། ས་འོག་གི་རུས་སྦལ་ལམ་ནས་དྲོངས། ས་བླའི་སྟག་མོ་ནགས་ལ་ཁྲེམས། ཁྲག་འོ་མར་འགྱུར། གསང་གནས་སུ་ཉི་ཟླ་ལྟར་འཁོར། རྣམ་སྣང་མི་སྐྱོད་དབྱིངས་སུ་གཤེགས། རླུང་བཅུ་གནས་སུ་ཟིན། རྫུ་འཕྲུལ་ལ་མངའ་བརྙེས། གཞན་གྱི་སེམས་ཤེས་པའི་མངོན་ཤེས་འབྱུང་། རྩ་མི་མངོན། སྐྲ་དཀར་གཉེར་མ་མི་འབྱུང་། མཁའ་འགྲོ་མི་བཞིན་དངོས་སུ་འདུ་བ་འབྱུང་། ཕྱག་རྒྱའི་ལུང་བསྟན་ཐོབ། ཐིག་ལེའི་ལུས་སུ་གྱུར་ནས་ཆོས་སྐུར་སངས་རྒྱ་བ་སྟེ་རྡོ་རྗེའི་ཚིག་རྐང་ནས། དེས་ན་རྡོ་རྗེའི་ལུས་ལ་གནད་དུ་བསྣུན། །ཚེ་འདིར་སངས་རྒྱས་སྟེར་བར་ཐེ་ཚོམ་མེད། །ཅེས་གསུངས་སོ། །འཇག་སྲུང་རྡོ་རྗེའི་སྲོག་ཆིངས་བསྟན་པ་ནི་གཉིས་ཏེ། རྟེན་འབྲེལ་གྱི་ཆིངས་བསྟེན་པ་དང་། སྐྱོན་གྱི་སེལ་ཐབས་བསྟེན་པའོ། །དང་པོ་ནི་ཐིག་ལེ་འཛག་བདེར་ཤོར་ན། ལྟུང་བ་ཕོག །ཡོན་ཏན་མི་འབྱུང་བས་བསྲུང་སེམས་བརྟན་པ་གནད་དོ། །སྙོམས་འཇུག་དུས་སུ་ལོང་མེད་འཛག་པ་དང་། །ཡུལ་རྐྱེན་གྱིས་འཛག་པ་ལ།
༡༨མགྲོན་བུ་མ་ཉམས་གཅིག་གི་ནང་དུ་ཟངས་ལྕགས་བཅུག་ནས་ཁ་སྤྲ་ཚིལ་གྱིས་བཅད་དེ་ལྕེ་འོག་ཏུ་བཅུག་ན་ཡུན་རིང་པོར་མི་འཛག །རྗེས་འཁྲུལ་འཁོར་བྱས་པས་ཁྲེམས་སོ། །ལྕེ་འོག་ཡུན་རིང་ན་ལྕེ་རྡོར་པོར་འགྲོ་བས་ཁུག་ཆུང་དུ་སྦ། ཡང་ན་ཟངས་སྣོད་དུ་ཆུ་བླུག་ཟུར་དུ་མེ་ལོང་གཟུག །མེ་ལོང་དཀྱིལ་དུ་་གདོང་དྲུག་པའམ་གསུང་པ་བཏགས། ཆུ་ནང་དུ་མགྲོན་བུ་བསྐྱུར་བས་མགྲོན་བུ་དང་་འབྱར་ན་མོ་ཡིན་པས། དེ་སྙོམ་འཇུག་དུས་ལྕེ་འོག་བཅུག་པས་ཐིག་ལེ་འཛིན་པའོ། །་ལ་མི་འབྱར་ན་མགྲོན་བུ་ཕོ་ཡིན་པས་དོན་མེད་དོ། །ཡང་ཙནྡན་དཀར་དམར་དུང་དང་མན་ཤེལ། ཁྱིའི་མིག་གི་འབྲས་བུ་དྲི་ཆུ་དང་སྦྱར་ཏེ། མིའམ་ཁྱི་གང་རུང་གི་སྲོག་པ་རྩའི་ནང་དུ་མཚོན་སྐུད་སྣ་ལྔ་པ་གཞུག །རྩའི་ཡར་སྣ་མར་སྣ་རྒྱུས་པས་བསྡམས་ཏེ་སྐེད་པ་ལ་བཅིངས་ན། དྭངས་མ་མུ་དྲ་བསྟེན་ཡང་འཆོར་མི་སྲིད་དོ། །གཉིས་པ་སྐྱོན་གྱིས་འཛག་པ་སེལ་ཐབས་ནི། གདམས་པ་སྤྱིའི་གེགས་སེལ་དུ་ཤེས་པར་བྱས་པས་ཐིག་ལེའི་སྐྱོན་བརྒྱད་ལས་གྲོལ་ལོ། །ཐིག་ལེའི་ལས་ལྔ་ལ་ཡང་ཡང་སྦྱངས་པས་འོག་རླུང་ལ་དབང་ཐོབ་པའི་རྟགས། རྡོ་རྗེས་འོ་མ་འདྲེན་པར་ནུས་པས། ཀ་ར་དང་རའི་འོ་མ་བསྲེས་ཏེ། བ་གླང་གི་མིད་པའམ་རྒྱུ་མའི་ནང་དུ་བླུག །རྒྱུ་མ་ཚད་དུ་མཛུབ་གང་རྡོ་རྗེ་ལ་བཀོན་ལ། ཐེ་གུས་དམ་ལྷོད་རན་པར་བཅིངས་ཏེ། ཧཱུྃ་རིང་ཧཱུྃ་ཐུང་འཁྲུལ་འཁོར་གྱིས་དྲངས་པས་འོ་མ་ཕུག་རོན་གྱི་སྒོང་ཕྱེད་ཕྱེད་ཙམ་དུ་ཚུད་དོ། །དེ་དུས་ལུས་ལ་བདེ་བས་ཁྱབ། དྭངས་མ་འཆིང་བའི་རྟགས། མིག་གི་བཀྲག་ཆེ། བཞིན་མདོག་ཡིད་དུ་འོང་། བདེ་བ་བསྒོམ་དུས་བདག་གཞན་ངོ་མི་ཤེས། གསེར་དང་བོང་བ་མཉམ། བདེ་བས་བརྒྱལ་བ་ལ་སོགས་པ་འབྱུང་། རྒྱུན་དུ་ཚོགས་འཁོར་བརྟེན་པར་བྱ། མུ་དྲའི་ལུང་བསྟན་ཐོབ་ཀྱང་མཁའ་ལ་ཤུ་ཏྲ་མི་དབབ་སྟེ། གཞན་ལུས་པས་རང་ལུས་བདེ་བ་བཅུ་དྲུག་འགྱུར་གྱིས་ཆེ་བའོ། །
༡༩རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པས་མཁའ་འགྲོའི་གསང་སྒྲོགས་པ་བདེ་བ་ཆེན་པོའ་ཡིག་ཆ་མཛད་པ་འདི་ལ་ལས་རྒྱ་དང་འོད་རིག་གཉིས་ལས། ཁྱུང་ཚང་པ་ཡེ་ཤེས་བླ་མས་མཁའ་འགྲོ་ལ་གསོལ་བ་བཏབ་ནས། ཚངས་སྤྱོད་འཛིན་པའི་སྣོད་ལྡན་འགའ་ལ་ཕན་པའི་ཕྱིར། འོད་རིག་བདེ་ཆེན་གྱི་གདམས་པ་འདི། ལེགས་པར་ཕྱེ་ཞིང་ཟུར་དུ་བཀོལ་བའོ། །དཔེ་འདི་ལ་ཤིན་ཏུ་དམ་པར་བྱ། གསང་བར་བྱ། སྦ་བར་བྱའོ། །མཁའ་འགྲོའི་གསང་བ་སྒྲོགས་པ་བདེ་བ་ཆེན་པོའོ། །ཤུབྷཾ།། །།

༄༅། །བདེ་མཆོག་སྙན་བརྒྱུད་ཀྱི་ལམ་བློ་ནས་གཅོད་པ་བར་དོ་ངོ་སྤྲོད་ཀྱི་གདམས་ངག་ཟབ་མོ་བཞུགས་སོ༎

༢༡བདེ་མཆོག་སྙན་བརྒྱུད་ཀྱི་ལམ་བློ་ནས་གཅོད་པ་བར་དོ་ངོ་སྤྲོད་ཀྱི་གདམས་ངག་ཟབ་མོ་བཞུགས་སོ། །
༢༢ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི། ལམ་བློ་ནས་གཅོད་པ་བར་དོ་ངོ་སྤྲོད་ཀྱི་གདམས་པ་ལ་གསུམ་སྟེ། ལུས་ལྡན་གཞིའི་བར་དོ་དང་། ངེས་ཤེས་རྟགས་ཀྱི་བར་དོ་དང་། །ངོ་སྤྲོད་འབྲས་བུའི་བར་དོའོ། །དང་པོ་ལ་གསུམ་སྟེ། སྣང་བ་སྐྱེ་ཤིའི་བར་དོར་རྣམ་སྨིན་ཤ་ཁྲག་གི་ལུས་དང་ལྡན། སྐྱེས་ནས་མ་ཤིའི་བར་དུ་ཚེ་རིང་ན་བསྐལ་པ། །ཐུང་ན་སྐྱེས་མ་ཐག་ཤི་ཡང་སྐྱེ་ཤིའི་བར་དོ་ཞེས་བྱའོ། །དེའི་དུས་སུ་ལམ་བསྐྱེད་རྫོགས་ཟུང་འཇུག་སྦྱང་། གཉིས་པ་བག་ཆགས་རྨི་ལམ་གྱི་བར་དོར་རྨི་ལམ་བག་ཆགས་ཀྱི་ལུས་དང་ལྡན། གཉིད་དུ་སོང་ནས་མ་སད་ཀྱི་བར་ལ་ཡུན་རིང་ན་བསྐལ་པ། ཐུང་ན་དེ་མ་ཐག་སད་ཀྱང་རྨི་ལམ་གྱི་བར་དོ་ཞེས་བྱའོ། །དེའི་དུས་རྨི་ལམ་དང་འོད་གསལ་ལ་སྦྱང་། གསུམ་པ་མུན་སྣང་སྲིད་པའི་བར་དོར་ཡིད་ཀྱི་ལུས་དང་ལྡན། རང་ཤི་ནས་སྐྱེ་བ་མ་བླངས་ཀྱི་བར་དུ་ཡུན་རིང་ན་བསྐལ་པ། ཐུང་ན་དེ་མ་ཐག་ལུས་བླངས་ཀྱང་སྲིད་པའི་བར་དོ་ཞེས་བྱ། སྒྱུ་ལུས་དང་འོད་གསལ་ཟུང་འཇུག་ཏུ་བསྲེ་ལ་སྦྱང་། །གཉིས་པ་ངེས་ཤེས་རྟགས་ཀྱི་བར་དོ་ལ་གསུམ་ལས། དང་པོ་ནི། དབང་པོ་ཐ་མ་དམ་ཚིག་གིས་རྒྱུད་སྦྱངས་ནས་བར་དོའ་
༢༣གདམས་པ་བསྒོམས་པས་བར་དོར་སངས་རྒྱས་པའི་རྟགས་ཚེ་འདིར་རྨི་ལམ་སྤེལ་སྦྱང་ནུས། ཕྱི་རྟགས་སྣང་བ་རྨི་ལམ་སྒྱུ་མར་འཆར་རོ། །གཉིས་པ་དབང་པོ་འབྲིང་པོས་བསྒོམས་པས་རྒྱུད་སྦྱངས་པས་འཆི་ཁར་སངས་རྒྱས་པའི་རྟགས་རྨི་ལམ་དུ་བསྐྱེད་རྫོགས་འབྱོངས། གཉིད་འོད་གསལ་ཟིན། ནང་རྟགས་རྩ་རླུང་ཐིག་ལེ་ལ་དབང་ཐོབ། གསུམ་པ་དབང་པོ་རབ་ཀྱིས་དོན་ཁོང་དུ་ཆུད་པས་གྲོལ་བ་ཚེ་འདིར་སངས་རྒྱས་པའི་རྟགས་འཁོར་འདས་དབྱེར་མེད་དུ་རྟོགས། བདེན་གཉིས་ཟུང་དུ་ཆུད། གསང་རྟགས་ཉོན་མོངས་པ་ཡེ་ཤེས་སུ་འཆར་བའོ། །དེ་ཡང་ཆོས་སྐུ་རང་བཞིན་གྱིས་འོད་གསལ་བ་སྤྲོས་པ་ཐམས་ཅད་ཞི་བས་མ་རིག་པའི་སྒྲིབ་གཡོགས་ཟད་བྱེད་དུ་འཆར། ཐུགས་རྗེ་གོམས་པས་ལོངས་སྐུ་མཚན་དཔེས་སྤྲས་པས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཆོས་སྟོན་པ་འཆར། སྨོན་ལམ་དག་པས་སྤྲུལ་སྐུ་དང་། མ་དག་པས་རིགས་དྲུག་གི་སྣང་བ་འཆར་བའོ། །གསུམ་པ་ངོ་སྤྲོད་འབྲས་བུའི་བར་དོ་ལ་གསུམ་སྟེ། དབང་པོ་གསུམ་གྱི་བར་དོ་དང་། དུས་གསུམ་རིགས་གསུམ་གྱི་བར་དོ་དང་། བསྲེ་བ་ལམ་
༢༤གྱི་བར་དོའོ། །དབང་པོ་རབ་སྐྱེ་ཤིའི་བར་དོ། འབྲིང་སྐྱེལ་བསུའི་བར་དོ། །ཐ་མ་མཚམས་སྦྱོར་གྱི་བར་དོའོ། །དང་པོ་ལ་གསུམ་སྟེ། སྐྱེ་ཤི་ཤེས་པ་སྔ་ཕྱིའི་བར་དོ། །རྨི་ལམ་དྲན་པ་སྔ་ཕྱིའི་བར་དོ། །སྲིད་པ་འཆིལ་མའི་བར་དོའོ། །དང་པོ་ལ་གཉིས་ཏེ། ངོ་སྤྲོད་བྱེད་པ་དཔེའི་བར་དོ་དང་། ངོ་སྤྲོད་བྱ་བ་དོན་གྱི་བར་དོའོ། །དང་པོ་ངོ་སྤྲོད་བྱེད་པ་དཔེའི་བར་དོ་ངོས་བཟུང་བ་ནི། དཔེ་ནམ་མཁས་མཚོན་ནས། དོན་ཆོས་ཉིད་ཀྱི་བར་དོ་སྟོན་པ་ལས། ནམ་མཁའ་ལ་ལྔ་སྟེ། སྣང་བ་ནམ་མཁའ་སྤྲིན་དེངས་པའི་སྔོན་པོ་དང་སྤྲིན་གྱིས་བསྒྱུར་བའི་ནམ་མཁའ་ཁ་དོག་སྣ་ཚོགས་སྣང་ཡང་ཆོས་ཉིད་ཀྱི་ནམ་མཁའ་མ་ཡིན། དབྱིབས་ནམ་མཁའ་བྲག་ཕུག་དང་སྐར་ཁུང་ལ་སོགས་པར་དེ་ལྟ་བུ་ཞིག་བྱུང་བ་དང་། མིང་ནམ་མཁའ་ཕོ་མོ་ལ་བཏགས་པ་དང་། །རྒྱན་ནམ་མཁའ་བན་བོན་གྱི་སྐུད་པས་བྲེས་པ་དེ་རྣམས་ཆོས་ཉིད་ཀྱི་ནམ་མཁའ་མ་ཡིན། འོ་ན་གང་གིས་མཚོན་ན་དགུན་ཟླ་འབྲིང་པོའ་ཉའི་སྔ་དྲོའི་ཉི་མ་རི་རྩེ་ལ་ཤར་ནས་དྲོས་པའི་བར་དུ། བར་སྣང་གི་ཁམས་འདིར་གསལ་ལ་དྭངས་སང་ངེ་བ་ཅིག་འོང་། དུས་དེར་རིགས་དྲུག་ཐམས་ཅད་ལ་ཆོས་ཉིད་རང་བཞིན་གྱིས་གནས་པ་དུས་གསུམ་གྱི་རྟེན་འབྲེལ་གྱིས། དབང་པོ་རབ་ལ་ཆུ་ཚོད་གསུམ། འབྲིང་ལ་གཉིས། ཐ་མ་གཅིག་གི་བར་ལ་འཆར། གདམས་པ་འདི་མེད་པས་ངོས་མི་ཟིན། གཞན་ཡང་དབྱར་གྱི་ཆར་གྱིས་རྡུལ་མནན། སྤྲིན་དང་ན་བུན་དྭངས་དགུན་གྱི་འཚུབ་མ་མ་ལངས་པའི་དུས་སུ་རང་བཞིན་གྱིས་དག་པའི་ནམ་མཁའ་འབྱུང་སྟེ། དེའི་དུས་སུ་སྣང་བ་མ་ཡིན་མི་སྣང་བ་མ་ཡིན་པ་རྟེན་གང་ལའང་མ་བཅས་པ། མདོག་དབྱིབས་དང་ཚད་མ་གྲུབ་པ་དཔེས་མཚོན་པ་ཆོས་ཉིད་ཀྱི་བར་དོའོ། །དཔེ་ནམ་མཁས་དོན་ཆོས་ཉིད་ཉམས་སུ་ལེན་པ་ཞལ་ཤེས་སོ། །གཉིས་པ་ངོ་སྤྲོད་དོན་གྱི་བར་དོ་ནི། མདོ་རྒྱུད་ཀུན་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་
༢༥ཀྱང་། རང་བཞིན་གྱིས་གབ་པས་ངོ་བོ་འདི་ཡིན་མ་བྱུང་། གྲུབ་ཐོབ་རྣམས་ཀྱིས་ཀྱང་། སེམས་ནི་ནམ་མཁའ་ལྟ་བུར་གཟུང་བྱ་སྟེ་ཞེས་དང་། ཆོས་ཐམས་ཅད་ནམ་མཁའི་དབྱིངས་ལྟ་བུ་ཞེས་པ་ལས། སངས་རྒྱས་འདི་ཡིན་བྱ་བའི་ངེས་པ་ཅན་མ་བྱུང་། དེས་ན་སངས་རྒྱས་ཀྱི་དགོངས་པ་ཆོས་ཉིད་ཀྱི་བར་དོ་ཙིར་གྱིས་ཟིན་པ་འདི་མིན་པ་མེད། ཆོས་ཉིད་བར་དོ་འདི་སངས་རྒྱས་འདི་ན་ཡོད་ཅེས་མཛུག་གུ་འཛུག་པ་ལྟ་བུའོ། །དེ་ལྟ་བུ་དེ་གང་ན་ཡོད་ན་ཤེས་པ་ས་ཕྱི་གཉིས་ཀྱི་བར་ན་ཡོད་དེ། ཤེས་པ་སྔ་མ་འགགས་ཏེ་འདས་པའི་རྗེས་མ་བཅད། ཤེས་པ་ཕྱི་མ་མ་སྐྱེས་པས་མ་འོངས་པའི་མདུན་མི་བསུ། ཤེས་པ་སྔ་ཕྱི་གཉིས་ཀྱི་བར་ན་ད་ལྟར་གྱི་ཤེས་པ་གང་ལའང་མ་བརྟེན་པར། བློས་བསམ་དུ་མེད་པ། ཚིག་གིས་བརྗོད་དུ་མེད་པ། དཔེས་མཚོན་དུ་མེད་པ་ཆོས་སྐུ་སྐྱེ་མེད་དུ་ངོས་ལྷན་སྤྲད། དེ་ཀའི་ངང་དུ་བཞག །འཇོག་པ་དང་མི་འཇོག་པའི་བློ་དང་བྲལ་བ་དེ་ལས་མ་ཡེངས་པ་ཙམ་དུ་བྱ། རྣམ་རྟོག་སྔ་ཕྱི་དང་བྲལ་བའི་བར་ན་ཤེས་པ་ངོ་བོ་དེ་ལ་རྣམ་རྟོག་རྐུན་བུ་སྒོམ་པའི་བདུད་མ་ལངས་པར་ཐུན་ཐུང་ལ་གྲངས་མང་དུ་བསྒོམ་པར་བྱའོ། །དེ་སྔ་མ་དང་ཕྱི་མ་ལ་མ་རེག་པས་ན་བར་དོ། །རྟེན་དང་བྲལ་བས་ན་བར་དོ། །གང་ལའང་མ་གཏད་པས་ན་བར་དོ། །རྣམ་རྟོག་གི་བློ་དང་བྲལ་བས་ན་བར་དོ་ཞེས་བྱའོ། །དེ་ལྟར་ཤེས་པའི་བར་དོ་དེ་ལ། དམིགས་པ་ཡེངས་མེད། བློ་འཛིན་མེད། ཤེས་པ་བྱ་བྲལ་དུ་གཞག་པར་བྱའོ། །དེ་ལྟར་བཞག་པ་དང་མི་བཞག་པའི་བློ་ཙམ་དང་བྲལ་བའི་ཆོས་ཉིད་ཀྱི་བར་དོ་དེ། བེམས་པོ་མ་ཡིན་ཏེ་རང་རིག །དངོས་པོ་མ་ཡིན་ཏེ་མདོག་དབྱིབས་མ་གྲུབ། དངོས་མེད་མ་ཡིན་ཏེ་ཅིར་ཡང་སྣང་། རྟག་པ་མ་ཡིན་ཏེ་ངོ་བོས་སྟོང་། ཆད་པ་མ་ཡིན་ཏེ་རང་གསལ། བདག་ཏུ་མ་གྲུབ་སྟེ་བརྟགས་ན་མེད། བདག་མེད་མ་ཡིན་
༢༦ཏེ་སྤྲོས་བྲལ་གྱི་བདག་ཉིད་ཅན། མཐའ་མ་གྲུབ་སྟེ་འཛིན་པ་དང་བྲལ། དབུས་མ་གྲུབ་སྟེ་ལྟོས་པས་དབེན། མཚོན་དུ་མེད་པས་དཔེ་མེད། དཔེ་མེད་པ་མ་ཡིན་ཏེ་ནམ་མཁའ་ལྟ་བུ། ཚིག་ཏུ་བརྗོད་དུ་མེད་དེ་ཐ་སྙད་དང་བྲལ། ཚིག་དང་བྲལ་བ་མ་ཡིན་ཏེ་བརྗོད་པ་ཐམས་ཅད་ཀྱི་རྒྱུ། ནམ་མཁའ་རིག་མེད་སྟོང་པ། སེམས་ཉིད་རིག་བཅས་ཀྱི་སྟོང་པ། ངོ་བོ་སྟོང་པ་མཚན་ཉིད་སྣ་ཚོགས་སུ་གནས་པ། དེ་ལ་རྒྱུན་ཆད་མེད་པར་གཞག་གོ་།དེ་ལ་གཞག་ཐབས་དྲུག་སྟེ། །རྟེན་མེད་པར་བར་སྣང་ལྟ་བུར་གཞག །རྒྱུན་ཆད་མེད་པར་ཆུ་བོ་ལྟ་བུར་གཞག །དམིགས་བྱའི་ཡུལ་མེད་པ་ནམ་མཁའི་མེ་ཏོག་ལྟ་བུར་གཞག །གསལ་བ་ཉི་མའི་སྙིང་པོ་ལྟ་བུར་གཞག །ཉེས་པས་མ་གོས་པ་པདྨ་ལྟ་བུར་བཞག །རྟོག་པ་ཆོས་ཉིད་དུ་ཡལ་བ་ན་བུན་ལྟ་བུར་གཞག་གོ། །དེ་ལྟ་བུ་དེ་ལ་རྟོག་པ་སྣ་ཚོགས་སུ་འཕྲོའནག་རིག་པའི་རྩལ་སྣང་དུ་ཤེས་པར་བྱ་སྟེ། འོད་གསལ་གྱི་ཀློང་ངོ་། །སེམས་ཀྱི་རང་བཞིན་ལ་མཚན་མའི་མུན་པ་མེད་པས་འོད་གསལ། རིག་སྟོང་གཉིས་སུ་མེད་པས་ཟུང་འཇུག །བྱ་ལམ་ལྟར་སྔ་ཕྱིའི་བློ་དང་བྲལ་བས་བར་དོ། །ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་རང་རིག །ལུས་མེད་པར་མངོན་དུ་གྱུར་པས་ཆོས་སྐུ། དགོས་འདོད་ཐམས་ཅད་མངོན་དུ་འབྱུང་བས་ནོར་བུ་རིན་པོ་ཆེའོ། །དེ་ལྟར་ཤེས་པའི་བར་དོ་དེ་ལ་རིག་པའི་རྦད་ཁམས་བསྐྱེད་ལ་ཉམས་སུ་མྱོང་བའི་ཕྲ་དང་མ་བྲལ་བར་བྱ། ཉམས་མྱོང་གི་ཕྲ་དང་བྲལ་ན་རྟོགས་པ་མཐོ་བ་ལྟར་སྣང་ཡང་སེམས་ལ་རང་དབང་མི་ཐོབ་པས་ཆོས་ཉིད་བར་དོ་ངོ་ཤེས་པ་དང་མི་འབྲལ་བར་བྱའོ། །གཉིས་པ་རྨི་ལམ་དྲན་པ་སྔ་ཕྱིའི་བར་དོ་ལ་གསུམ་སྟེ། འདས་པའི་དྲན་པ་མར་མེ་མཛད་ལྟ་བུའི་འགག་ཚུལ་དང་། མ་འོངས་པའི་དྲན་པ་བྱམས་པ་ལྟ་བུའི་འཆར་ཚུལ་དང་། ད་ལྟར་གྱི་དྲན་པ་་ཐུབ་པ་ལྟ་བུའི་འཆར་ཚུལ་ལས། །
༢༧དྲན་པ་སྔ་ཕྱིའི་བློ་དང་བྲལ་ལ། གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་སྟེ་ཉལ་བ་ལ་མཚན་མོ་རྨི་ལམ་གྱི་བར་དོ་དང་། ཉིན་བར་གྱི་བར་དོ་རོ་གཅིག་པར་འགྱུར་ཏེ་འོད་གསལ་བའི་ཏིང་ངེ་འཛིན་གྱིས་མ་རིག་པ་ཐམས་ཅད་བཅོམ་པས་གཉིད་ཀྱི་རྟོག་པ་འགགས། དེས་ཆོས་སྐུ་འགྱུར་བ་མེད་པར་ཐོབ་སྟེ་ལུས་འདི་ཉིད་ལ་མཆོག་ཐོབ། བྱ་བ་བྱས། ཁུར་བོར་བ་ཞེས་བྱའོ། །དེས་འཆི་ཁ་དང་སྲིད་པའི་བར་དོ་མི་མཐོང་བས་འོད་གསལ་རྣལ་མའི་དོན་ལ་ལྷུན་གྱིས་གྲུབ་པ་བདེ་བ་ཆེན་པོའ་ཏིང་ངེ་འཛིན་ཏོ། །གསུམ་པ་སྲིད་པ་འཆི་ཁ་མའི་བར་དོ་ལ་གསུམ་སྟེ་རབ་འོད་གསལ་གྱི་བར་དོ། །འབྲིང་སྐྱེལ་བསུའི་བར་དོ། །ཐ་མ་མཚམས་སྦྱོར་གྱི་བར་དོའོ། །དང་པོ་ལ་གཉིས་ཏེ། ལམ་སྣང་བའི་འགགས་ཚུལ་དང་། །འོད་གསལ་ཉམས་ཀྱི་འཆར་ཚུལ་ལོ། །དང་པོ་ལ་གཉིས་ཏེ། རགས་པ་ཐིམ་པ་དང་། ཕྲ་བ་ཐིམ་པའོ། །དང་པོ་ནི། ས་ཆུ་ལ་ཐིམ་པས་ལུས་ཀྱིས་ཟུང་མི་ཐུབ། སུག་བཞི་ས་ལ་ལྟུང་། སོ་དྲེགས་ཆགས། ཁ་ཆུ་སྣ་ཆུ་ལ་སོགས་པ་འབྱུང་བའོ། །ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ། ཡན་ལག་སྡུད་མི་ཤེས། སྔར་བས་དྲོད་སྐྱེས་ཏེ་ཚ་བ་དང་རྡུལ་འབྱུང་བའོ། །མེ་རླུང་ལ་ཐིམ་པས་ཤའི་མདངས་ཤོར། སྣའི་བྱ་གཤོག་འཆགས། ལུས་ཀྱི་དྲོད་བསྡུས་ཏེ་མཐོ་རིས་སུ་འགྲོ་ན་ཡར་ལ་དང་། ངན་སོང་དུ་འགྲོ་ན་མར་ལ་སྡུད། མི་ངོ་མི་ཤེས་པ་འབྱུང་བའོ། །རླུང་རྣམ་པར་ཤེས་པ་ལ་ཐིམ་པས་སྒྲ་ངར་ངར་པོ་འབྱིན། དབུགས་བརྩེགས། མིག་སྟེང་དུ་འབྲེས། ལག་པ་གཡབ་བོ། །དེའི་དུས་སུ་སེམས་ཉིད་ནང་ནས་གསལ་བ་འབྱུང་། མིག་གྱེན་ལ་བཟློག་ནས་སྐྱིགས་བུ་འབྱིན་པར་བྱེད་དོ། །དེ་ལྟར་འབྱུང་བཞི་ཐིམ་པ་དང་དུས་མཚུངས་པར་ཡུལ་གཟུགས་སྒྲ་ལ་སོགས་པའང་སྡུད་པར་བྱེད་དོ། །ཕྲ་བ་ཐིམ་པ་ནི། རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པས་ནང་རྟགས་སུ་དུ་བ་ལྟ་བུ་ལ་ཕྱི་རྟགས་སུ་ཟླ་བ་
༢༨ཤར་བ་ལྟ་བུ་འབྱུང་། །འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགགས། ཡིད་འོང་ལྷའི་བུ་མོ་རྩར་བྱུང་ཡང་འདོད་ཆགས་མི་སྐྱེ། སེམས་རེས་གསལ་རེས་མི་གསལ་བའི་དུས་སོ། །སྣང་བ་མཆེད་པ་ལ་ཐིམ་པས་ནང་རྟགས་མེ་ཁྱེར་ལྟ་བུ་ལ། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ་འབྱུང་། ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་རྩ་གསུམ་འགག །དགྲ་མི་ཤ་བོ་རྩར་བྱུང་ཡང་ཞེ་སྡང་མི་སྐྱེ། ཤེས་པ་སྔར་བས་གསལ་བ་འབྱུང་ངོ་། །མཆེད་པ་ཐོབ་པ་ལ་ཐིམ་པས་ནང་རྟགས་མར་མེ་ལྟ་བུ་ལ། །ཕྱི་རྟགས་མུན་པ་ལྟ་བུ་འབྱུང་། གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས། མུན་པའི་ཁྲོད་དུ་བཞག་ཀྱང་གཏི་མུག་མི་སྐྱེ། ཤེས་པ་སྔར་བས་ཤིན་ཏུ་གསལ་བ་འབྱུང་བའི་དུས་ཡིན་ནོ། །སྔར་མ་བསྒོམས་ན་སྟོང་ཉིད་ལ་འཇིགས་པ་དང་སྐྲག་པ་འབྱུང་བའི་དུས་ཡིན་ནོ། །ཐོབ་པ་འོད་གསལ་ལ་ཐིམ་པས་ཕྱི་རྟགས་སྐྱ་རེངས་ཤར་བའམ། ནམ་ལངས་པ་ལྟ་བུ་དང་། ནང་རྟགས་སུ་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ཉམས་འབྱུང་བའོ། །ཉོན་མོངས་པ་བག་ལ་ཉལ་ཕྲ་བ་ཐམས་ཅད་འགགས། ཤེས་པ་གསལ་སྟོང་མཐའ་དབུས་མེད་པའི་དུས་སོ། །གཉིས་པ་འོད་གསལ་འཆར་ཚུལ་ནི། དུས་དེར་ཆོས་སྐུ་མངོན་དུ་བྱེད་པའི་གནད་ཀ་ཡང་སྤྱི་བོ་ནས་ཕའི་ཐིག་ལེ་ཧྃ་གི་གཟུགས་སུ་གནས་པ་དེ་མར་འོང་། ལྟེ་འོག་སོར་བཞི་ནས་མའི་ཐིག་ལེ་རྩ་བྱ་རོག་གི་གདོང་ཅན་ན་གཏུམ་མོ་མེའི་ས་བོན་ཨ་ཐུང་ཤད་ལྟ་བུའི་གཟུགས་སུ་གནས་པ་དེ་ཡར་འོང་ནས་སྒྲིབ་གཡོགས་དང་བྲལ་བའི་རྣམ་པར་ཤེས་པ་བདེ་སྟོང་གི་ངོ་བོར་གནས་པ་དེ་དང་གསུམ་སྙིང་གར་ཨ་ཝ་དྷཱུ་ཏིའི་ཆུ་སྐྱེས་སྟོང་པའི་ནང་དུ་ལྷན་ཅིག་ཚོགས་པ་ལས་སྐྱེ་མེད་གཉུག་མའི་དོན་མ་བསྒྲིབས་པར་མཐོང་བ་ལ་ཆོས་སྐུ་རང་བཞིན་གྱིས་སྤྲོས་པ་དང་བྲལ་བ་རྒྱུད་ལ་སྐྱེ་བ་དེ། །སྔར་བསྒོམས་པའི་གནད་ཀྱིས་ཆོས་སྐུ་དེ་ལ་ཆོས་སྐུར་ངོ་ཤེས་པ་དཔེ་བུ་
༢༩ཆུང་མ་དང་འཕྲད་པ་ལ་མི་གཞན་གྱིས་འདི་ཁྱོད་ཀྱི་མ་མ་ཡིན་བྱས་ནས་བསྙོན་དུ་མེད་པ་ལྟ་བུའོ། །དེ་ལྟར་ཤེས་པའི་རྣལ་འབྱོར་པ་དེ་ལ། རིག་པ་རྟེན་དང་བྲལ་བ་སྐད་ཅིག་མ་དེ་ལ་རྣམ་པར་ཤེས་པ་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་དེ། སྤྱི་བོ་ནས་ལམ་བྱུང་སྟེ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ངམ། དག་པ་ལོངས་སྐུའི་ཞིང་ཁམས་སུ་འགྲོ་བར་འགྱུར་རོ། །དེའི་ཕྱིར་དེ་ལྟ་བུ་ལ་འཆི་ཁའི་འོད་གསལ་དང་། རང་བཞིན་གྱི་འོད་གསལ་དང་། འབྲས་བུའི་འོད་གསལ་དང་། མཐར་ཐུག་ཆོས་སྐུ་ཞེས་བྱའོ། །གཉིས་པ་འབྲིང་སྐྱེལ་བསུའི་བར་དོ་ནི། དེ་ལྟ་བུའི་འོད་གསལ་དེ་ལ་གོམས་པར་མ་བྱུང་ན་བླ་མའི་རྣལ་འབྱོར་ལ་སོགས་པར་གོམས་པས་འཆི་ཁར་སྐྱེལ་བསུ་འབྱུང་བས་དེ་ལ་དྲུག་སྟེ། །བྱིན་གྱིས་རློབ་བྱེད་བླ་མའི་སྐྱེལ་བསུ་དང་། དངོས་གྲུབ་སྟེར་བྱེད་ཡི་དམ་གྱི་དང་། བར་ཆད་སེལ་བ་མཁའ་འགྲོའི་དང་། མཐུན་རྐྱེན་སྒྲུབ་པ་སྤུན་གྲོགས་ཀྱི་དང་། ཉམས་ངོ་སྤྲོད་པ་སྙན་བརྒྱུད་ཀྱི་དང་། ཡིད་བཞིན་ནོར་བུ་་ཆོས་སྐྱོང་མཆན། གཞན་གྱི་སྐྱེལ་བསུ་འབྱུང་བར་འགྱུར་རོ། །དེ་ལ་དང་པོ་བླ་མའི་ནི། དེ་ཡང་བླ་མའི་རྣལ་འབྱོར་ལ་འབད་དེ་བསྒོམས་པས་བྱིན་གྱིས་རློབ་བྱེད་བསམ་གཏན་གྱི་བླ་མས་སྐྱེལ་མ་བྱེད། མ་འོངས་པ་ན་འཆར་བ་དང་རང་བཞིན་གྱིས་བླ་མས་སུན་མ་བྱས། སྐྱེལ་བསུ་གཉིས་ཀྱི་བར་དུ་རིགས་དྲུག་གི་བག་ཆགས་དང་བྲལ་ནས་ཆོས་ཉིད་ཀྱི་བར་དོར་སེམས་ཆོས་སྐུ་སྤྲོས་བྲལ་དུ་ངོ་འཕྲོད་ནས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །དེ་བཞིན་དུ་ཡི་དམ། མཁའ་འགྲོ། ཆོས་སྐྱོང་། རྡོ་རྗེ་སྤུན། སྙན་བརྒྱུད་ཡིད་བཞིན་ནོར་བུ་ཀུན་ལ་སྦྱར་རོ། །གསུམ་པ་ཐ་མ་མཚམས་སྦྱོར་གྱི་བར་དོ་ལ་གསུམ་སྟེ། བླ་མའི་རྣལ་འབྱོར་ལ་སོགས་པ་གོམས་པ་ཅུང་ཟད་ཆུང་བས་གནས་པར་མ་ནུས་ན། འོད་གསལ་བའི་ཏིང་ངེ་འཛིན་ལ་འཇིགས་སྐྲག་གི་བློ་བྱུང་བ་སྟེ། རླུང་
༣༠གསུམ་གྱི་རྩ་བ་མ་རིག་པས་གཅིངས་ནས་བར་དོར་འཁྱམས་པར་འགྱུར་བས། དེ་ལ་གདམས་ངག་གིས་མཚམས་སྦྱར་བར་བྱ་སྟེ། དེ་ཡང་འཆི་ཁའི་སྣང་བ་ཟླ་བ་ཤར་བ་ལྟ་བུ་དེ་ཚུར་འདུས་པས་སྲོག་འཛིན་པའི་རླུང་། མཆེད་པ་ཉི་མ་ཤར་བ་ལྟ་བུ་དེ་འདུས་པས་མེ་དང་མཉམ་པར་གནས་པའི་རླུང་རྒྱུ། ཐོབ་པ་སྐྱ་རེངས་ཤར་བ་ལྟ་བུ་དེ་ཚུར་འདུས་པས་དྭངས་སྙིགས་འབྱེད་པའི་རླུང་། འོད་གསལ་ཚུལ་འདུས་པས་མ་རིག་པར་འགྱུར། དེ་ལྟར་རླུང་གསུམ་གྱི་རྩ་བ་མ་རིག་པས་བཅིངས་ནས་ལས་ཀྱི་རླུང་ལ་ཞོན་ནས་སྒོ་དགུ་གང་ཡང་རུང་བ་ནས་ཐོན་པའི་དུས་སུ། སྔར་མ་བསྒོམས་ན་རླུང་གཙོ་ཆེ་བས་རྣམ་ཤེས་རང་དབང་མེད་པར་ཁྱེར་ནས་བར་དོ་ལ་སོགས་པར་འཁྱམས་པར་བྱེད་ལ། སྔར་བསྒོམས་པས་ཉིང་མཚམས་སྦྱར་ཏེ། རྣམ་ཤེས་དབང་ཆེ་བས་མཐོ་རིས་ལ་སོགས་པར་གང་གོམས་པའི་སར་འགྲོ་བར་བྱེད་དོ། །གཉིས་པ་དུས་གསུམ་རིགས་གསུམ་གྱི་བར་དོ་ལ་གསུམ་སྟེ། ཡོན་ཏན་རྫོགས་ཀྱི་བར་དོ་བར་དོ་དང་པོ་ལ་སངས་རྒྱས་པར་བསྟན་པ་དང་། འཁོར་བ་ལུགས་ཀྱི་བར་དོ་བར་དོ་གཉིས་པ་ལ་སངས་རྒྱས་པར་བསྟན་པ། རིགས་མཐུན་མངལ་གྱི་བར་དོ་སྐྱེ་བ་ཕྱི་མ་ལ་སངས་རྒྱས་པར་བསྟན་པའོ། །དང་པོ་ནི། ཤི་ནས་ཞག་ཕྱེད་དང་བཞི་ཡན་ཆད་ཆང་གིས་གཟི་བའམ། རིམས་ཀྱིས་བཏབ་པ་ལྟར་འགྱུར། དེའི་རྗེས་སུ་དྲན་པ་སད་དེ། གཉེན་འདུན་ལ་སོགས་པ་ལ་བལྟས་པས་ཤི་བར་ཤེས་ནས། ད་བར་དོར་འཁྱམས་པ་ཡིན་པར་འདུག་སྙམ་པའི་ཤེས་པ་འབྱུང་ལ། ཉམས་མི་དགའ་ཞིང་རིག་པ་རྟེན་མེད་པས་སྡོད་མི་ཚུགས། གར་ཕྱིན་ཡང་ངོ་ཤེས་པ་མེད་དེ། སྣང་མུན་གྱི་རང་འོད་སྐྱ་རེངས་ཤར་བ་ལྟ་བུ་ཅིག་འབྱུང་ངོ་། །དུས་དེར་ལས་ཀྱི་དབང་གིས་གླིང་བཞི་ལ་སོགས་པ་རིགས་དྲུག་གི་གནས་གཞན་ཐམས་ཅད་དུ་འགྲོ་བས་ཤིན་ཏུ་ངལ་ཞིང་དུབ་པ་དང་། སྐྱོ་ཞིང་སྐོམ་པ་ལ་སོགས་པའི་སྡུག་
༣༡བསྔལ་འབྱུང་། ལས་ཀྱི་གཤིན་རྗེ་ལ་སོགས་པའི་གཤེད་པོས། གར་སོང་གར་མི་གཏོང་བར་གནོད་ཅིང་འཚེ་བར་བྱེད་པའི་དུས་སུ་སྡུག་སྟེ་སྐྱབས་བཙལ་བས་སྔར་བསྒོམས་པའི་ཡི་དམ་དྲན་ཏེ་བག་ཆགས་གོམས་པའི་ལས་སད་ནས་ཆུ་ལས་ཉ་ལྡང་བ་ལྟ་བུར་ལོངས་སྐུའི་རྣམ་པར་འགྱུར་བས་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་ཡང་ལོངས་སྐུ་མ་ཡིན་པ་ལ་ཡིན་པར་རློམས་པ་མ་ཡིན་ཏེ། བར་དོའ་ལུས་དེ་ལ་ལོངས་སྐུའི་ཡོན་ཏན་བདུན་ཚང་སྟེ། སྒྲིབ་གཡོགས་མེད་པས་ཡིད་ཀྱི་ལུས་སྣང་ལ་ངོས་བཟུང་མེད་པ་དང་། ན་ཚོད་ཀྱི་མེ་ཏོག་མདངས་དང་ལྡན་པ་དང་། མངོན་པར་ཤེས་པ་ལྔས་རང་གཞན་གྱི་རྒྱུད་ཀྱི་ཁམས་དང་བག་ལ་ཉལ་བ་ཐམས་ཅད་ཡོངས་སུ་ཤེས་པ་དང་། རྡོ་རྗེ་གདན་དང་། རྟེན་རབ་གནས་ཅན་དང་། མའི་མངལ་གསུམ་མ་གཏོགས་ལ་རྫུ་འཕྲུལ་གྱི་ཤུགས་ཡ་མ་ཟུང་དང་ལྡན་པས་གང་ལ་ཡང་ཐོགས་པ་མེད་པར་འགྲོད་པ་དང་། འོད་ཟེར་བྱེ་བ་ཕྲག་བརྒྱ་འགྱེད་པས་ཕྱོགས་ཐམས་ཅད་དུ་སྣང་བའི་གོ་སྐབས་འབྱེད་པ་དང་། མི་བརྗེད་པའི་གཟུངས་དང་ལྡན་པས་སྐྱེ་བ་སྔ་ཕྱི་ལ་སོགས་པ་དྲན་པ་དང་། ལུས་མཚན་དང་དཔེ་བྱད་ལ་སོགས་པས་སྤྲས་ཤིང་འོད་འདོམ་གང་བ་དང་བཅས་པའོ། །དེ་ཡང་བར་དོའ་ལོངས་སྐུ་དེ་ལ་གོམས་པ་ཆེ་ཆུང་གིས་དག་མ་དག་འབྱུང་གི་།བར་དོའ་སེམས་ཅན་ཐམས་ཅད་ལ་ཡང་ཁ་ཡར་བ་མེད་པ་མེད་དོ། །དེ་ལྟ་བུ་ལོངས་སྐུའི་ངང་དུ་འགྲོ་བ་དེ་ཡང་ཚེ་འདི་ལ་བསྐྱེད་རིམ་གྱི་ཏིང་ངེ་འཛིན་སྣང་ལ་རང་བཞིན་མེད་པ་བསྒོམས་པས་བར་དོའ་དུས་སུ། དཔེ་མའི་པང་ན་བུ་འགྲོ་བ་ལྟ་བུ་གྲོགས་ཡི་དམ་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་ལོངས་སྐུའི་རྣམ་པའམ། མཁའ་ལ་སྤྱོད་པའི་རིག་འཛིན་གྱི་སར་འགྲོ་བར་འགྱུར་རོ། །གཉིས་པ་འཁོར་བ་ལུགས་ཀྱི་བར་དོ་སྲིད་པ་ཞག་
༣༢བདུན་ཕྲག་བདུན་པ་ལ་སངས་རྒྱས་པར་བསྟན་པ་ནི། དེ་ལྟར་བསྐྱེད་པའི་རིམ་པ་ལ་བརྟན་པར་མ་ནུས་ན། རིག་པ་རྟེན་མེད་ཕྱོད་ཀྱིས་སོང་བ་དེ་ལ་མ་བདེ་ནས་ལུས་ལ་མངོན་པར་ཞེན་པའི་སྟོབས་ཀྱིས་རླུང་གསུམ་གྱི་རྩ་བ་མ་རིག་པས་བཅིངས་ནས། བག་ལ་ཉལ་དུ་འདུག་པ་ལས་ཡིད་ཀྱི་ལུས་ལེན་ཏེ། མ་རིག་པ་ལས་ཐོབ་པའི་ཆ་སྐྱེས་ཏེ། གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ལྡང་། ཐོབ་པ་ལས་མཆེད་པ་སྐྱེས་པས་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་རྩ་གསུམ་ལྡང་། མཆེད་པ་ལས་སྣང་བའི་ཆ་སྐྱེས་པས་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་ལྡང་། དེར་རྩ་བ་དུག་གསུམ་ལས་གྱུར་པའི་རྟོག་པ་བརྒྱད་ཅུ་མགོ་སྙོམས་སུ་སྐྱེས་པས་ཡིད་ཀྱི་ལུས་དེ་ལ་སྒྲིབ་པ་ལྔའི་འཆིང་བ་དང་བཅས་པའི་འཁྲུལ་པ་སེམས་ཀྱི་སྣང་ཚུལ་སྔ་མའི་སོར་དུ་ཆུད་པར་འགྱུར་རོ། །དེའི་དུས་སུ་བསྒོམ་པའི་བག་ཆགས་ཡོད་ལ། །བར་དོའ་གདམས་ངག་ཡོད་པ་གཅིག་གིས་མངལ་གྱི་གྲོང་ཁྱེར་དགག་པའི་སྦྱོར་བ་བྱ། །དུས་དེར་དུག་གསུམ་ལས་གྱུར་པའི་རྟོག་པ་ཡོད་པས་ཆགས་སྡང་གི་རྣམ་པ་ཕ་མའི་མཐུན་སྦྱོར་འབྱུང་སྟེ། །ཤེས་པ་ལས་ཀྱི་རླུང་གིས་བདས་ཏེ་མངལ་དུ་འཇུག་པར་འགྱུར་བའི་དུས་སུ་ཆུ་ལ་ཉ་འཕར་བ་ལྟར་བསྐྱེད་རིམ་སྒྱུ་མ་ཙམ་ཅིག་བསྒོམ། རྗེས་སུ་གཞིག་པའི་རིམ་པས་འོད་གསལ་བསྒོམས་པས་ལེགས་པར་ཁེགས་པར་འགྱུར་རོ། །མ་ཁེགས་པར་གྱུར་ན་ཡུལ་བླ་མ་ཡབ་ཡུམ་དུ་བསམ་ལ་དངོས་གྲུབ་ཞུའོ། །དེས་ཀྱང་ཁེགས་ན་ཆགས་སྡང་བཟློག་པ་སྟེ། །སྔར་ཡང་འདི་ལྟར་བྱས་པས་འཁོར་བར་འཁྱམས་ད་ཡང་བྱེད་ན་འཁྱམས་པར་འགྱུར་བས་མི་བྱ་སྙམ་དུ་བསམ་པ་ཙམ་གྱིས་ཁེགས་པ་ཡིན་ནོ། །དེ་ཡང་ཡིད་ཀྱི་ལུས་ཐ་མལ་དེ་ལྷ་སྐུ་རུ་བསྒོམ། ལྷ་སྐུ་སྒྱུ་ལུས་སུ་དང་། སྒྱུ་ལུས་འོད་གསལ་དུ་དང་། འོད་གསལ་ཟུང་འཇུག་ཏུ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པས་ཞག་བཞི་བཅུ་རྩ་དགུ་ནས་མངལ་ལས་གྲོལ་བ་སྟེ། བདུན་ཕྲག་དང་པོ་ཁེགས་ནས་གཞན་སྔ་མ་ལྟར་བསྒོམས་པས་ཚེགས་མེད་པར་འགྱུར་རོ། །དེ་ལྟར་སྦྱང་དུ་ཡོད་པ་སློབ་པའི་
༣༣ཟུང་འཇུག་དང་། སྦྱང་དུ་མེད་པར་གྱུར་ན་མི་སློབ་པའི་ཟུང་འཇུག་གོ། །དེ་ལྟར་སྲིད་པ་འགེགས་པ་དེ་ཡང་ཚེ་འདི་ལ་ཕོ་ཉ་ལམ་དུ་སློང་བའམ། ཆགས་པ་ལ་སྐྱོན་དུ་བལྟས་པས་བར་དོའ་དུས་སུ། དཔེ་སྐྱེས་བུ་འཇིགས་མེད་དོན་དུ་གཉེར་བ་ལྟ་བུ། གྲོགས་གནས་གསུམ་གྱི་མཁའ་འགྲོས་བྱས་ནས་ཞིང་ཁམས་མཁའ་འགྲོ་བདེ་བའི་གནས་སམ། སྨོན་ལམ་དག་པའི་ཞིང་ཁམས་སུ་འགྲོ་བར་འགྱུར་རོ། །གསུམ་པ་རིགས་མཐུན་མངལ་གྱི་བར་དོ་སྐྱེ་བ་ཕྱི་མ་ལ་སངས་རྒྱས་པར་བསྟན་པ་ནི། དེ་ལྟར་གོམས་པ་ཆུང་བས་མངལ་དུ་འཇུག་པར་འགྱུར་བ་ནི། ཚེ་འདི་ལ་སྲེད་པའི་འདོད་ཆགས་མངོན་དུ་བྱེད་པའི་བག་ཆགས་ངན་པ་ཀུན་གཞིའི་རྒྱུད་ལ་བཞག་པས་རིགས་དྲུག་གང་དུ་སྐྱེ་བ་ལེན་པའི་ཕ་མས་སྦྱོར་བ་བྱེད་པའི་སྣང་བ་འབྱུང་སྟེ། དེ་ལ་ཆགས་སྡང་སྐྱེས་པའི་སྐད་ཅིག་མ་ལ་ལས་ཀྱིས་སྣང་བ་འཁྲུལ་ཏེ་མངལ་དུ་འཇུག་པར་འགྱུར་བའོ། །ཚེ་འདིར་སེམས་ཟག་མེད་མ་རྟོགས་པས་ལུས་ཟག་བཅས་ལེན་པའི་སེམས་རྟོག་བཅས་འབྱུང་བ་ཆོས་ཉིད་དོ། །སྤྱིར་མངལ་སྒོ་ས་ཆེན་པོ་འདི་ཁྱབ་པའི་རྩི་ཐོག་བརྔས་པའི་སྦུ་གུ་ཙམ། བར་དོའ་སེམས་ཅན་ཉི་ཟེར་གྱི་རྡུལ་ཙམ་ལུས་བླངས་པས་མི་ཐོབ་ནས་སྦྱངས་པ་ཡོད། ཕོར་སྐྱེས་ན་མ་ལ་ཆགས་ཤིང་ཕ་ལ་སྡང་། མོར་སྐྱེས་ན་ཕ་ལ་ཆགས་ཤིང་མ་ལ་སྡང་། སྐྱེ་གནས་གཉིས་ཀ་ལ་ཆགས་སྡང་གཉིས་ཀྱིས་མཚམས་སྦྱོར་རོ། །དེ་ལ་སྐྱེ་གནས་གདམས་པར་བྱ་སྟེ། གདམས་ཤེས་པ་དང་མི་ཤེས་པ་སྟེ་ཤེས་པ་ནི་བར་དོའ་གདམས་ངག་ཡོད་པ་དང་། མངོན་ཤེས་ཡོད་པ་དང་། སྨོན་ལམ་གྱི་སྟོབས་ཀྱིས་སོ། །དེ་ཡང་དགེ་བའི་བཤེས་གཉེན་ནམ། རྒྱལ་རིགས་བྲམ་ཟེ་ལ་སོགས་པའི་རིགས་ཕུན་སུམ་ཚོགས་པ། ཆོས་ལྡན་འབྱོར་པ་ཅན་གྱི་མངལ་གདམས་མོ། །དེ་ཡང་མཐོ་རིས་སུ་སྐྱེ་ན་རིན་པོ་
༣༤ཆེའི་འབབ་སྟེགས་ཅན་གྱི་ལྗོངས་རིའམ། ལྷའི་ཁང་བཟང་ངམ། མེ་ཏོག་ལྗོན་པས་བརྒྱན་པའི་ཚལ་ལ་སོགས་པར་ཕྱིན་སྙམས་བྱེད་པ་འབྱུང་། ངན་འགྲོར་སྐྱེ་ན་གཅེར་བུ་རླུང་གིས་བདས་པ་ལ་སོགས་པས་འཇིགས་ཏེ་བྲོས་པས། བྲག་སྐྱིབས། གད་སྐྱིབས། རྩྭ་སྐྱིལ། སྦར་སྦུར། ཚང་ཚིང་། ཁང་རྒོག །རེ་རུལ་ལ་སོགས་པར་ཕྱིན་པ་སྙམ་བྱེད་པ་ན་མངལ་དུ་འཇུག་པར་འགྱུར་ཏེ། དེ་ལ་རིགས་ཆོས་ལྡན་དང་། ཆོས་སྙན་བརྒྱུད་དང་འཕྲད་པར་ཤོག་ཅེས་པ་ལ་སོགས་པ་སྨོན་ལམ་རྣམ་དག་རྒྱ་ཆེན་འདེབས་པ་གནད་ཆེའོ། །འདུན་པའང་མངལ་བཟང་པོར་གཞལ་ཡས་ཁང་གི་ནང་དུ་པདྨ་ཉི་ཟླའི་སྟེང་དུ་ལྷར་བསྒོམས་ལ་མིར་སྐྱེ་བར་བྱ་སྙམ་དུ་བསམ་མོ། །དེ་ཡང་རྣམ་ཤེས་ཕའི་ཁ་ནས་ཞུགས་ཏེ་རྡོ་རྗེའི་ལམ་ནས་མར་ལྷུང་སྟེ། ལས་ཀྱི་དབང་གིས་དགའ་བ་སྙམ་བྱེད། ཕ་ཡི་ཐིག་ལེ་འབྲུ་གསུམ། མ་ཡི་དྭངས་མའི་ཐིགས་པ་གསུམ། རྣམ་ཤེས་དང་གསུམ་ཚོགས་པ་ལས་འབྱུང་བ་བཞིས་བདག་རྐྱེན་བྱས་ཏེ་ཆགས་པར་བྱེད་དོ། །དེ་ཡང་གཞི་མ་རླུང་ཡིན་པས་བྱེད་ལས་ནི་དབུགས་འབྱུང་རྔུབ་དང་། ཁུ་ཁྲག་ཆེར་སྐྱེད་པར་བྱེད་དོ། །དེ་ནས་མེའི་ལས་ནི་ཁུ་ཁྲག་རུལ་དུ་མི་སྟོར། སྟོང་ས་དང་དྲོད་སྐྱེད་པར་བྱེད་དོ། །དེ་ནས་ཆུའི་ལས་ནི་ཁུ་ཁྲག་མི་འཐོར་བར་སྡུད་པ་དང་། ལུས་ཆ་སྙོམས་པར་བྱེད་དོ། །དེ་ནས་སའི་ལས་སུ་ཤ་རུས་ཆེན་པོ་ལ་སོགས་བསྐྱེད་ཅིང་མཁྲེགས་པར་བྱེད་དོ། །ལུས་ཀྱི་སྐྱེ་མཆེད་འབུར་དུ་གཏོད་དེ་རྒྱས་པར་བྱེད་དོ། །དེ་ནས་ཁུ་ཁྲག་གོང་བུའི་རྣམ་པར་གྲུབ་སྟེ། བདུན་ཕྲག་དང་པོ་ལ་མེར་མེར་པོ་དང་། གཉིས་པ་ལ་ནུར་ནུར་པོ་དང་། གསུམ་པ་ལ་གོར་གོར་པོ་དང་། བཞི་པ་ལ་མཁྲང་འགྱུར་དང་། ལྔ་པ་ལ་ལྟར་ལྟར་པོ་དང་། བདུན་ཕྲག་དྲུག་པ་ལ་ཁྱབ་འཇུག་ཉིའི་རྣམ་པ་ཅན་དང་། སྲིད་པ་དང་པོ་ལྟ་བ་ནས་ཆགས་སྟེ་
༣༥གཏུམ་མོའ་ས་བོན་ཨ་ཕྱེད་མའི་གཟུགས་སུ་གནས་སོ། །བདུན་ཕྲག་བདུན་པ་ལ་ཡན་ལག་དང་ཉིང་ལག་འབུར་དུ་དོད་དེ་འབྱུང་ངོ་། །དེ་ནས་མངལ་དུ་ཟླ་བ་དགུ་ངོ་བཅུ་ནི་ས་བཅུའི་ཚུལ་ལོ། །ཟླ་བ་ལྔ་ནས་ཕོ་ཡིན་ན་རྡོ་རྗེའི་དབྱིབས་སུ་ཆགས་ཏེ། ཕ་ལ་སྡང་ལ་མ་ལ་ཆགས་པས་མའི་གཡས་ལ་བལྟ་སྟེ་རྒྱབ་ཏུ་ཁ་བལྟ། མོ་ཡིན་ན་དྲིལ་བུའི་དབྱིབས་སུ་ཆགས་ཏེ། མ་ལ་སྡང་ཞིང་ཕ་ལ་ཆགས་པས་གཡོན་ལ་བརྟེན་ཏེ་ཁ་མདུན་དུ་བལྟའོ། །དེའི་དུས་སུ་རླུང་སེམས་དྷཱུ་ཏིར་གནས་པས་ཟས་མི་དགོས། མངོན་ཤེས་དང་ལྡན། ལུས་སུ་གྲུབ་པས་ཚ་གྲོང་ལ་སོགས་པས་གནོད་པའོ། །ཟླ་བ་བཅུ་ནས་སྐྱོད་བྱེད་ཀྱི་རླུང་མའི་སྣ་བུག་གཡས་ནས་ཞུགས་ཏེ་བུ་ཚའི་སྣ་བུག་གཡོན་དུ་ཞུགས་པས་ཕའི་ཐིག་ལེ་ཧྃ་གི་རྣམ་པ་སྤྱི་བོར་བསྐྱལ། མའི་དྭངས་མ་ཨ་ཤད་ཀྱི་རྣམ་པ་ལྟེ་འོག་སོར་བཞིར་བསྐྱལ། །འཕུལ་བྱེད་ཀྱི་རླུང་གིས་མགོ་མཇུག་ལྡོག་ནས་ཨ་ཧྃ་གི་སྒྲ་དང་བཅས་པས་མངལ་སྒོར་བྱོན་པ་སྤྲུལ་པའི་སྐུ། ཕྲུ་མའི་ཆོས་གོས་གོན། །སྤྱི་བོར་ཐལ་མོ་སྦྱར། འགྲོ་བ་གཞན་དོན་བྱེད་པའི་ཚུལ་ཁྲིམས་དང་བཅས་པ་སྤྲུལ་སྐུའི་རང་བཞིན་ནོ། །དེ་ལྟར་ཡིན་ཀྱང་མ་རིག་པའི་ལིང་རྟོགས་གིས་བསྒྲིབས་ནས་ངོ་མ་ཤེས་པས་སྙན་བརྒྱུད་སྟོན་པའི་དགེ་བའི་བཤེས་གཉེན་གཅིག་དང་མཇལ་ནས་གདམས་ངག་ཐོབ་པས་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་སངས་རྒྱ་བ་ཡིན་ནོ། །གསུམ་པ་བསྲེ་བ་ལམ་གྱི་བར་དོ་ལ་གསུམ་སྟེ། འདོད་ཆགས་ཅན་སྐྱེ་ཤིའི་བར་དོར་འདོད་ཆག་ཟག་མེད་དུ་བསྲེ་བ་དང་། གཏི་མུག་ཅན་རྨི་ལམ་གྱི་བར་དོར་གཏི་མུག་འོད་གསལ་དུ་བསྲེ་བ་དང་། ཞེ་སྡང་ཅན་སྲིད་པའི་བར་དོར། ཞེ་སྡང་སྒྱུ་ལུས་སུ་བསྲེ་བའོ། །དང་པོ་ལ་བཞི་སྟེ། དམ་ཚིག་གི་ཕྱག་རྒྱས་སྒྱུ་ལུས་ཞེན་མེད་དུ་བསྲེ་བ་དང་། ཆོས་ཀྱི་ཕྱག་རྒྱས་འོད་གསལ་དུ་བསྲེ་བ་དང་།
༣༦ལས་ཀྱི་ཕྱག་རྒྱས་བདེ་ཆེན་ཟག་མེད་དུ་བསྲེ་བ་དང་། ཕྱག་རྒྱ་ཆེན་པོས་ཟུང་འཇུག་གཉིས་མེད་དུ་བསྲེས་ཏེ་སངས་རྒྱས་ཐོབ་འདོད་ཀྱི་འདོད་ཆགས་སེམས་ཅན་དང་བསྲེ་བའོ། །ལས་ཀྱི་ཕྱག་རྒྱས་ཟག་མེད་དུ་བསྲེ་བ་ལ་གསུམ་སྟེ། གྲོལ་ལམ་པས་སྟེང་སྒོ་རྣམ་པར་གྲོལ་བའི་སྒོ་ནས་གཡོ་བ་རླུང་གི་གདམས་ངག་ལ་བརྟེན་ཏེ་མི་རྟོག་པ་འོད་རིག་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ཏེ་ཉམས་སུ་བླང་བ་དང་། ཆགས་ལམ་པས་འོག་སྒོ་བདེ་བ་ཆེན་པོའ་སྒོ་ནས་བཀོད་པ་བྱང་ཆུབ་སེམས་ཀྱི་གདམས་ངག་ལ་བསྟེན་ཏེ་བདེ་བ་མཚན་ལྡན་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཉམས་སུ་བླང་བ་དང་སྤེལ་མའི་གང་ཟག་གིས་སྟེང་འོག་གཉིས་མེད་ཟུང་འཇུག་གི་སྒོ་ནས་གནས་པ་རྩའི་གདམས་ངག་ལ་བརྟེན་ནས་བསྲེ་བ་དང་། ཕྱག་རྒྱ་གཉིས་ཀ་ལ་བརྟེན་ཏེ་ཉམས་སུ་ལེན་པའོ། །གཏི་མུག་ཅན་གྱིས་རྨི་ལམ་གྱི་བར་དོར་གཏི་མུག་འོད་གསལ་དུ་བསྲེ་བ་ལ་བཞི་སྟེ། །ཐ་མལ་ལྷ་སྐུ་བསྲེ་ཞིང་སྒྱུ་མར་རོ་སྙོམས་པ་དང་། །སྒྱུ་མ་རྨི་ལམ་དུ་བསྲེ་ཞིང་དེ་ཁོ་ན་ཉིད་དུ་རོ་སྙོམས་པ་དང་། གཉིད་བསམ་གཏན་དུ་བསྲེ་ཞིང་རང་བཞིན་གྱིས་འོད་གསལ་དུ་བསྲེ་བ་དང་། བསྒྲུབ་བྱར་འདོད་པའི་མྱ་ངན་འདས་འཁོར་བ་དང་བསྲེ་ཞིང་རོ་སྙོམས་པའོ། །ཞེ་སྡང་ཅན་སྲིད་པའི་བར་དོར་ཞེ་སྡང་སྒྱུ་ལུས་སུ་བསྲེ་བ་ལ་བཞི་སྟེ། །ཆགས་སྡང་སྐྱེ་བའི་ཡུལ་ཕ་མ་བླ་མ་དང་བསྲེ་ཞིང་རོ་སྙོམས། ཆགས་སྡང་གི་རྟོག་པ་དབང་གི་ཉམས་མྱོང་ཟག་མེད་དུ་བསྲེ་ཞིང་རོ་སྙོམས། ཡིད་ཀྱི་ལུས་ཆགས་སྡང་གི་སེམས་སྒྱུ་མ་ལྟ་བུ་དང་བསྲེ་ཞིང་རོ་སྙོམས། བླང་བྱར་འདོད་པའི་དགེ་བར་སྡིག་པ་དང་བསྲེ་ཞིང་རོ་སྙོམས་པའོ། །ངོ་སྤྲོད་བར་དོའ་གདམས་པ་འདི་ཚིག་དང་ཐ་སྙད་མ་བརྗེད་པ་ཙམ་གྱིས་འོད་གསལ་མངོན་དུ་བྱེད་དོ། །ངོ་སྤྲོད་བར་དོའ་གདམས་ངག་རྫོགས་སོ། །ཨེ་མ་ཧོ། །བྱིན་རླབས་བརྒྱུད་པའི་རྩལ་དང་ལྡན། །ཉམས་མྱོང་བརྒྱུད་པའི་སྣོད་དང་ལྡན། །མོས་གུས་
༣༧རྟོགས་པ་མཆོག་དང་ལྡན། །བུ་གཅིག་རས་ཆུང་རྡོ་རྗེ་གྲགས། །ང་ཡི་གདམས་ངག་ཁྱད་འཕགས་འདི། །མཁའ་འགྲོའི་ལུང་བསྟན་བྱུང་བ་དང་། །དད་གུས་སྣོད་དང་ལྡན་པའི་ཕྱིར། །རིན་ཆེན་གསེར་གྱི་གྭའུ་རུ། །ནོར་བུས་བཀང་བ་འདྲ་བ་འདི། །རས་ཆུང་ལག་ཏུ་གཏད་པ་ཡིན། །ཡིད་ཆེས་གྱིས་ལ་སེམས་ལ་ཆོངས། །ཀུན་གྱིས་ཐུན་མོང་མ་ཡིན་པས། །དཀོན་མོད་རྒྱལ་ཁམས་མི་ལ་དྲིས། །བདེན་རྫུན་ཉམས་སུ་ལོངས་ལ་ལྟོས། །འབྲས་བུ་ཕྱི་དུས་འགྱང་གྱུར་ན། །རྣལ་འབྱོར་ང་ཡིས་བསླུས་པ་ཡིན། །ཡིད་ཆེས་གྱིས་ལ་སེམས་ལ་ཆོངས། །སེམས་བསྐྱེད་ཆུང་བ་མ་ཡིན་ཏེ། །མཁའ་འགྲོའི་ཚོགས་རྣམས་ཀོ་ལོང་དམ། །བླ་མ་བརྒྱུད་པའི་བཀའ་རྒྱ་ཡོད། །ང་ཡི་ཚེ་ལ་ཁར་མ་འདོན། །ཉམས་ཀྱི་དྲོད་ཚད་སྤེལ་བ་དང་། །ཕྱི་དུས་འགྲོ་དོན་དར་བའི་ཕྱིར། །གཅིག་བརྒྱུད་གནད་དུ་ཤེས་པར་བྱ། །དྲིན་དང་ལྡན་པའི་སློབ་དཔོན་དང་། །བརྩེ་གདུང་ཅན་གྱི་མཆེད་ལྕམ་དང་། །ཟས་ནོར་ཅན་གྱི་འཕེན་པོ་དང་། །ཁེ་གྲགས་ཅན་གྱི་བཙན་པོ་དང་། །བྱས་ཡུས་ཅན་ལའང་མི་སྦྱིན་ན། །གཞན་མ་རྣམས་ལ་སྨོས་ཅི་དགོས། །མཁའ་འགྲོའི་ལུང་བསྟན་བྱུང་བའམ། །རང་ལ་དད་ཅིང་གུས་པ་ཡི། །སྣོད་ལྡན་སྤྲང་པོ་ཡིན་ཀྱང་སྦྱིན། །ཀྱེ་ཧོ་རས་ཆུང་རྡོ་རྗེ་གྲགས། །དཔེར་ན་ནོར་བུ་རིན་ཆེན་དེ། །ཚོགས་མ་བསགས་དང་འཕྲད་པ་མིན། །བསོད་ནམ་ལྡན་པའི་སྤྱོད་ཡུལ་ཡིན། །དེས་ན་སྙན་བརྒྱུད་གདམས་པ་འདི། །གདུལ་བྱ་བསགས་པ་དམན་པའི་ཕྱིར། །སྐལ་མེད་རྣམས་དང་འཕྲད་པ་དཀའ། །ལས་ཅན་འགའ་ཡི་སྤྱོད་ཡུལ་ཡིན། །དད་མེད་སྐྱེ་བོ་རུ་ཤིང་རགས། །སྐལ་མེད་རྒྱུད་ངན་ལོག་ལྟ་སྐྱེ། །གོ་མེད་ཆོས་པས་གཤེ་སྐུར་འདེབས། །དེ་ཕྱིར་ཀུན་ལ་ཤིན་ཏུ་གསང་། །དབང་ཁྲིད་གདམས་པ་བཞི་པོ་འདི། །ཁྲིད་དུ་རྫོགས་པ་
༣༨མ་ཐོབ་བར། །དཔེ་ཐོབ་ལུང་ཐོབ་བྱེད་པ་ཡིས། །བླ་མ་ལྟས་ངན་མཐོང་བཞིན་གསང་། །ཆོས་འདི་མཐོང་ན་གཞོག་ངོམ་བྱེད། །ཉམས་ལེན་མི་བྱེད་བཤད་སེམས་ཅན། །དམ་ཉམས་སློབ་མ་བྱུང་སྲིད་ན། །མ་ཧཱ་ཀཱ་ལས་ཆད་པ་ཆོད། །ཟ་བྱེད་མཁའ་འགྲོས་བཀའ་ཆད་ཕོབ། །ལས་ཅན་དད་གུས་སློབ་མ་ཡིས། །ཆོས་འདི་གཙོ་བོར་འདོན་གྱུར་ན། །ལུས་དང་གྲིབ་བཞིན་སྟོང་གྲོགས་མཛོད། །མཆོག་དང་ཐུན་མོང་མྱུར་དུ་སྩོལ། །བླ་མ་བདེ་མཆོག་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །མི་ལ་རས་པ་མི་བརྫུན་པས། །འཁོར་བ་ཇི་སྲིད་མ་སྟོང་བར། །ཆོས་འདི་དར་ཞིང་རྒྱས་པར་ཤོག །དེ་སོགས་དགེ་བའི་རྩ་བ་ཡིས། །སངས་རྒྱས་བསྟན་པ་དར་བར་ཤོག །ནག་པོའ་ཕྱོགས་རྣམས་ཕམ་པར་ཤོག །བླ་མ་མཁའ་འགྲོའི་གསུང་བཞིན་དུ། །སྙེ་ནམ་གྲོད་ཕུག་དགོན་པ་རུ། །རྡོ་རྗེ་རྒྱལ་མཚན་བརྩེ་བས་བྲིས། །ཕྱོགས་དུས་བདེ་ལེགས་བདེ་ལྡན་གྱུར་ཅིག །རྗེ་མི་ལ་རས་པས་རས་ཆུང་རྡོ་རྗེ་གྲགས་པ་ལ་གཏད་པ་རྫོགས་སོ།། །།

༄༅། །ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ་བཞུགས་སོ༎

༣༩ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ་བཞུགས་སོ། །
༤༠བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའ་གདམས་པ་ཞལ་ནས་སྙན་དུ་བརྒྱུད་པ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་འདི་ལ་དོན་གཉིས་ཏེ། བླ་མ་དམ་པའི་བརྒྱུད་རིམ་བཤད་པ་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་སོ། །དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་བཀའ་སྡུད་པ་པོ་ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ་གསུངས། དེས་ཏཻ་ལོ་ཤེས་རབ་བཟང་པོ་ལ། དེས་མཁས་གྲུབ་ནཱ་རོ་པཎ་ཆེན་ལ། དེས་སྒྲ་སྒྱུར་མར་པ་ལོཙྪ་ལ། དེས་དབང་ཕྱུག་མི་ལ་རས་པ་ལ། དེས་དྭགས་པོ་ཟླ་འོད་གཞོན་ནུ་ལ། དེས་བདེ་གཤེགས་ཕག་མོ་གྲུབ་ལ། དེས་གྲུབ་ཐོབ་གླིང་རྗེ་རས་པ་ལ། དེས་འགྲོ་མགོན་གཙང་པ་རྒྱ་རས་ལ། དེས་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལ། དེས་ཡང་དགོན་ཆོས་ཀྱི་རྒྱལ་པོ་ལ། དེས་ཐུགས་སྲས་སྤྱན་སྔ་རིན་ལྡན་ལ། དེས་ཀུན་ཆེན་ཟུར་ཕུག་ཆོས་རྗེ་ལ། དེས་བྱ་བཏང་རི་ཁྲོད་རས་ཆེན་ལ། དེས་སྨན་སྒོམ་འོད་ཟེར་སེང་གེ་ལ། དེས་ལ་ཕྱི་བ་ནམ་མཁའ་རྒྱལ་མཚན་ལ། དེས་འདུལ་འཛིན་ངག་གི་དབང་པོ་ལ། དེས་སྟག་ལུང་ཐང་པ་ངག་
༤༡དབང་གྲགས་པ་ལ། དེས་མཉམ་མེད་ཤར་རབ་འབྱམས་པ་སངས་རྒྱས་སེང་གེ་ལ། དེས་རྗེ་བཙུན་རུས་པའི་རྒྱན་ཅན་ལ། དེས་མཉམ་མེད་རྒོད་ཚང་རས་པ་ལ། དེས་བདག་ལའོ་ཁྲིད་བྱེད་པའི་དུས་སུ་སྔོན་དུ་བླ་མའི་རྣལ་འབྱོར་སྒོམ་པ་གལ་ཆེའོ། །གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་ཟེར་ཀྱང་དོན་ལ་ཚིག་བཞི་སྟེ། དང་པོ་སེམས་ཀྱི་གཞི་རྩ་བཅད་པ། གཉིས་པ་སེམས་ཀྱི་བཞག་ཐབས་བསྟན་པ། གསུམ་པ་སེམས་ཀྱི་གོལ་ས་བཅད་པ། བཞི་པ་སེམས་ཀྱི་ལམ་ཁྱེར་བསྟན་པའོ། །དང་པོ་སེམས་ཀྱི་གཞི་རྩ་བཅད་པ་ནི། སེམས་ཉིད་འདི་དང་པོ་གང་ནས་བྱུང་། བར་དུ་གར་གནས། ཐ་མ་གར་འགྲོ་བརྟགས་པས། དང་པོ་བྱུང་ས་མེད་དེ་རྒྱུ་དང་རྐྱེན་ལས་མ་བྱུང་བས་ཡེ་ནས་རྩ་བྲལ་དུ་འདུག །བར་དུ་གནས་ས་མེད་དེ་དབྱིབས་དང་ཁ་དོག་ཏུ་མ་གྲུབ་པས་འགྱུ་བ་སྟོང་འགྱུ་དང་སྣང་བ་སྟོང་སྣང་དུ་འདུག །ཐ་མ་འགྲོ་ས་མེད་དེ་འདིར་སོང་གི་ཡུལ་དང་རྗེས་མེད་པས་འགྱུ་བ་རང་གྲོལ་དང་སྣང་བ་རང་སངས་སུ་འདུག །དེས་ན་སེམས་ཉིད་འདི་དང་པོ་རྒྱུ་ཡིས་མ་བསྐྱེད་པས་ཐ་མར་རྐྱེན་གྱིས་མི་འཇིག །དུས་གློ་བུར་
༤༢དུ་མ་བྱུང་བས་གང་སྟོངས་དང་འཕེལ་འགྲིབ་མེད། སྣང་སྲིད་ཀུན་ལ་ཁྱབ་པས་ཕྱོགས་དང་རིས་སུ་མ་ཆད། དངོས་པོ་དང་མཚན་མར་མ་གྲུབ་པས་འདི་ཞེས་མཚོན་དུ་མེད། གང་དུའང་མ་གྲུབ་ལ་ཅིར་ཡང་འཆར་བས། ཡོད་མེད་རྟག་ཆད་གཉིས་ཀྱི་མཐའ་ལས་འདས། དུས་གསུམ་འཕོ་འགྱུར་མེད་ཅིང་རང་བཞིན་ཡེ་ནས་དག་པས་འཁོར་བའི་སྐྱོན་གྱིས་མ་གོས་ཏེ་སེམས་ཉིད་འདི་ཡེ་ནས་སངས་རྒྱས་ཡིན་གསུངས་སོ། །གཉིས་པ་སེམས་ཀྱི་བཞག་ཐབས་བསྟན་པ་ནི། དེ་ལྟར་རྟོགས་པའི་སྟེང་དུ་སེམས་མི་གནས་པ་གནས་པར་བྱེད་པའི་ཐབས་ལ་དྲུག་སྟེ། ལུས་རྣམ་སྣང་གི་ཆོས་བདུན་བྱས་ལ། སེམས་ཁྱུང་ཆེན་ནམ་མཁའ་ལ་ལྡིང་བ་བཞིན་དུ་མ་བཅོས་གཉུག་མའི་ངང་དུ་སེམས་རྩོལ་སྒྲུབ་མེད་པར་མཉམ་པར་བཞག །རྒྱ་མཚོ་རླབས་དང་བྲལ་བ་བཞིན་དུ་སེམས་ཉིད་གཡོ་འགུལ་མེད་པར་མཉམ་པར་བཞག །ཉི་ཟླ་སྤྲིན་དང་བྲལ་བ་བཞིན་དུ་ཀུན་གསལ་མདངས་དང་ལྡན་པར་མཉམ་པར་བཞག །བུ་ཆུང་ལྷ་ཁང་བལྟ་བ་བཞིན་དུ་གསལ་ཆ་མ་འགགས་ལ་འཛིན་ཆ་མེད་པར་མཉམ་པར་བཞག་ཆུའི་རྦ་རླབས་བཞིན་དུ་བྱུང་ཚོར་ཐམས་ཅད་སེམས་སུ་ཤེས་པར་བྱས་ལ་མཉམ་པར་བཞག །ནམ་མཁའ་ལ་བྱ་འཕུར་བ་བཞིན་དུ་རིག་པ་རྗེས་མེད་མཉམ་པར་བཞག་གོ །གསུམ་པ་སེམས་ཀྱི་གོལ་ས་བཅད་པ་ལ་ལྔ་སྟེ། ཡར་སངས་རྒྱས་ལ་རེ་ན་གོལ་བས་རང་སེམས་རང་གིས་རིག་པ་ལས་གུད་ན་བཟང་བཟང་པོའ་སངས་རྒྱས་ཤིག་མེད་པར་ཁོ་ཐག་བཅད། མར་འཁོར་བ་ལ་དོགས་ན་གོལ་བས་རང་སེམས་རང་གིས་མ་རིག་པ་ལས་གུད་ན་ངན་ངན་པོའ་འཁོར་བ་ཞིག་མེད་པར་ཁོ་ཐག་བཅད། བར་གྱི་སྣང་བ་ལ་ཞེན་ན་གོལ་བས་ཅིར་སྣང་རྨི་ལམ་སྒྱུ་མར་ཁོ་ཐག་བཅད། ནང་གི་ཉམས་མྱོང་ལ་ཞེན་ན་གོལ་བས་ཕྱག་རྒྱ་ཆེན་པོ་ཡིད་ལ་བྱར་མེད་པར་ཁོ་ཐག་བཅད། ལས་རྒྱུ་འབྲས་ཁྱད་དུ་གསོད་ན་གོལ་བས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་ལས་རྒྱུ་འབྲས་ཀྱིས་མི་བསླུ་བར་ཁོ་ཐག་བཅད་ལ། སྡིག་པ་ཕྲ་མོ་ནས་
༤༣སྤང་ཞིང་དགེ་བ་ཕྲ་མོ་བསྒྲུབ་པར་བྱའོ། །བཞི་པ་སེམས་ཀྱི་ལམ་ཁྱེར་བསྟན་པ་ལ། སྤྱོད་པ་རྒྱུན་ཁྱེར་གྱི་རྣལ་འབྱོར་དྲུག་བྱ་སྟེ། ཉིན་མོ་སྣང་བ་རྒྱས་བཏབ་པའི་རྣལ་འབྱོར། ནང་ནུབ་འདོད་ཡོན་གྲོགས་སུ་ཁྱེར་བའི་རྣལ་འབྱོར། སྲོད་ལ་དབང་པོ་གཞི་ལ་བསྡུ་བའི་རྣལ་འབྱོར། ནམ་གུང་ཤེས་པ་བུམ་པར་གཞུག་པའི་རྣལ་འབྱོར། ཐོ་རངས་རིག་པ་གསལ་གདབ་པའི་རྣལ་འབྱོར། འཆི་ཁར་ཡེ་ཤེས་ཟང་ཐལ་དུ་བཏང་བའི་རྣལ་འབྱོར་རོ། །ཉིན་མོ་སྣང་བ་རྒྱས་བཏབ་པའི་རྣལ་འབྱོར་ནི། འདི་ལྟར་སྣང་བ་རང་སེམས་འཁྲུལ་པར་རྒྱས་བཏབ། སེམས་འཁྲུལ་པ་ངོས་བཟུང་མེད་པས་རྨི་ལམ་སྒྱུ་མར་རྒྱས་བཏབ། སྒྱུ་མ་ལ་རང་བཞིན་མེད་པས་ཆོས་ཐམས་ཅད་སྐྱེ་མེད་དུ་རྒྱས་བཏབ་བོ། །ནང་ནུབ་འདོད་ཡོན་གྲོགས་སུ་འཁྱེར་བའི་རྣལ་འབྱོར་ནི། བར་འདོད་ཡོན་ཐམས་ཅད་སྟོང་པ་ལ་སྟོང་པར་རོལ། ཆོས་ཉིད་ལ་ཆོས་ཉིད་ཐིམ་པའི་ཚུལ་གྱིས་ལོངས་སྤྱད། འབྲིང་སྒྱུ་མ་ལ་སྒྱུ་མར་རོལ་ཡེ་ཤེས་ལ་ཡེ་ཤེས་ཐིམ་པའི་ཚུལ་གྱིས་ལོངས་སྤྱད། ཐ་མ་བླ་མ་ཡི་དམ་ལ་ཚོགས་མཆོད་འབུལ་བའི་ཚུལ་གྱིས་ལོངས་སྤྱད། སྲོད་ལ་དབང་པོ་གཞི་ལ་བསྡུ་བའི་རྣལ་འབྱོར་ནི། རྣམ་རྟོག་འཁྲུལ་པ་དྲན་པ་གང་ཤར་གྱི་ངོ་བོ་ལ་གཅེར་བལྟས་ལ། རྟོག་པ་ཐམས་ཅད་གཞི་ཆོས་ཉིད་ངང་དུ་བསྡུ་བའོ། །ནམ་གུང་ཤེས་པ་བུམ་པར་གཞུག་པའི་རྣལ་འབྱོར་ནི། ནུབ་མོ་སྙིང་གི་དཀྱིལ་དུ་བླ་མ་དམ་པ་བསྒོམ་པ་དེ་ལ་ཤེས་པ་གཏད་དེ་གཉིད་ལོག་པས་གཉིད་འོད་གསལ་དུ་འཆར་རོ། །ཐོ་རངས་རིག་པ་གསལ་གདབ་པའི་རྣལ་འབྱོར་ནི། དུས་གནད་ཤེས་རབ་ཀྱི་རྒྱས་བཀྲལ་ལ། ཆོས་སྤྱི་དང་རང་གི་མཚན་ཉིད་ལ་གཞིག་འབྲེལ་བཏང་ཞིང་བླ་མ་དམ་པའི་གདམས་ངག་ཟབ་མོ་རྣམས་རིམ་བཞིན་གསལ་བཏབ་བོ། །འཆི་ཁར་ཡེ་ཤེས་ཟང་ཐལ་དུ་བཏང་བའི་རྣལ་འབྱོར་ནི། རྣལ་འབྱོར་པ་ནམ་འཆི་བའི་ཚེ་ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་ཆགས་ཞེན་རྩ་བ་ནས་བཅད་ལ། དོན་དམ་པར་སེམས་སྐྱེ་འཆི་མེད་པས་ཕྱག་རྒྱ་ཆེན་པོ་
༤༤ཡིད་ལ་བྱར་མེད་པར་ཁོ་ཐག་བཅད་ལ། སྒོམ་མེད་ཀྱི་ངང་དུ་མ་ཡེངས་པར་བཞག་པས་བར་དོ་མེད་པར་ཟང་ཐལ་དུ་སངས་རྒྱའོ། །གཞི་རྩ་བཅད་པ་ལྟ་བ་ཡིན། །བཞག་ཐབས་བསྟན་པ་སྒོམ་པ་ཡིན། །ལམ་ཁྱེར་བསྟན་པ་སྤྱོད་པ་ཡིན། །གོལ་ས་བཅད་པ་འབྲས་བུ་ཡིན། །གོ་སླ་ལ་ཁྱེར་བདེ་བ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ་རྫོགས་སོ།། །།སརྦ་དཱ་མངྒ་ལཾ།། །།

༄༅། །ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གདམས་པ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ཀྱི་གནད་འགག་གལ་ཆེ་བའི་འབྲུ་འབྲེལ་གསལ་བྱེད་ཉིན་མོའི་མགོན་པོ་བཞུགས་སོ། །

༤༥ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའ་གདམས་པ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ཀྱི་གནད་འགག་གལ་ཆེ་བའི་འབྲུ་འབྲེལ་གསལ་བྱེད་ཉིན་མོའ་མགོན་པོ་བཞུགས་སོ། །
༤༦ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི། སངས་རྒྱས་སྐུ་གསུམ་གྱི་བསྟན་པ་རབ་འབྱམས་མདོ་རྒྱུད་བསྟན་བཅོས། དྲང་དོན། ལྡེམ་དགོངས། ངེས་དོན་རྣམས་ཀྱི་སྙིང་པོར་གྱུར་པ། ཕྱག་རྒྱ་ཆེན་པོ་ལ་མིང་དང་བཀའ་སྲོལ་མི་འདྲ་བ་བསམ་གྱིས་མི་ཁྱབ་པའི་ནང་ནས། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་ལ། སྔར་དུ་རྩ་བའི་གཞུང་། དེ་དག་གི་ཁྲིད་ཀྱི་སྡོམ་ཚིག །དེ་ཡི་གསལ་བྱེད་དུ་ཟིན་བྲིས། དེའི་རྒྱབ་ཆོས་རྗེ་ཡང་དགོན་པས་མཛད་པའི་རྣལ་འབྱོར་བཞིའི་ཞལ་གདམས་ཤིན་ཏུ་ཞིབ་པ། རྗེ་རྒོད་ཚང་པས་ས་ལམ་བགྲོད་ཚུལ་གཙོ་ཆེ་བའི་རྣལ་འབྱོར་བཞིའི་ཞལ་གདམས་རྣམས་ཁུང་བཙུན་ཞིང་བྱིན་རླབས་ཆེ་བ་དང་། དེ་དག་ལ་མ་འཐུས་ཤིང་མ་ཚང་བ་མེད་པས། སོ་སོ་སྐྱེ་བོའ་ཡིག་འཇོག་མང་པོ་དགོས་པ་ཆུང་ཞིང་། རྩོད་པའི་དུས་འདིར་ཚད་མར་འཛིན་པའང་དཀའ་མོད། འོན་ཀྱང་སྐྱེས་བུ་དམ་པས་ནན་ཆེར་བསྐུལ་བ་ལ་ངོ་མི་བཟློག་ཕྱིར། རང་གི་སྤྱོད་ཡུལ་གྱི་གོ་ཚོད་ཅུང་ཟད་བརྗོད་པར་བྱའོ། །སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་ཀྱི་མཆོག །བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམ། །ཀུན་འདུས་
༤༧ཡིད་བཞིན་ནོར་བུ་ལྟ་བུ་ཡི། །དགོས་འབྱུང་རིགས་བདག་རྩ་བའི་བླ་མར་འདུད། །དོན་བརྒྱུད་སྙན་བརྒྱུད་བརྡ་བརྒྱུད་ཚིག་གི་བརྒྱུད། །ཕྱག་ཁྲིད་ཇི་བཞིན་མ་ནོར་འདིར་འགོད་བྱ། །བརྩེ་བས་རྗེས་གནང་བྱིན་གྱིས་བརླབ་ཏུ་གསོལ། །ཕྱག་རྒྱ་ཆེན་པོའ་ཁྲིད་ཀྱི་སྟོན་ལུགས་རྣམ་པ་བརྒྱད་དེ། ཟོག་པོའ་འུར་ཁྲིད་ཅེས་པ་དོན་དང་མ་འབྲེལ་བ་དང་། འདོད་པོ་ཆེའི་དཔུང་ཁྲིད་ཅེས་པ་ཚིག་དོན་གང་ཡང་རྒྱུད་དང་མ་འདྲེས་པའི་ལུགས་དང་། ཤེས་ཆུང་གི་དཔེ་ཁྲིད་ཅེས་པ་རང་ལ་གོ་བ་ཉམས་མྱོང་རྟོགས་པ་གང་གི་ཡང་གདིང་མེད་པར་དཔེ་ཐོག་ནས་ཁྲིད་འདེབས་པ་མུ་ཐུག་དང་གསུམ་ནི་སྐྱོན་ཅན་སྤང་བྱ། པཎྜི་ཏའི་ཚིག་ཁྲིད་ཅེས་པ་ཚིག་མ་ལུས་པ་བློ་ལ་ཚུད་ཅིང་དོན་མ་ནོར་བར་གོ་ངེས་ཤེས་པ་དང་། སྒོམ་ཆེན་གྱི་དམར་ཁྲིད་ཅེས་པ་ལུས་གནད་སེམས་གནད་དམིགས་པའི་གནད་བསྟན་ཏེ། རང་སའི་མྱོང་བ་རྒྱུད་ལ་སྐྱེ་ངེས་སུ་སྒོམ་པ་དང་། རྣལ་འབྱོར་པའི་མྱོང་ཁྲིད་ཅེས་པ། གང་ཟག་དབང་པོ་མཐོ་དམན་འབྲིང་གསུམ་གྱི་རྒྱུད་ལ་སྐྱེ་ཚུལ་དང་། རང་གིས་གོ་མྱོང་རྟོགས་གསུམ་བསྟུན་ཏེ་མ་ངེས་པར་ཁྲིད་པ་དང་། རྟོགས་ལྡན་གྱི་
༤༨དགོངས་ཁྲིད་ཅེས་པ་སློབ་མའི་རྒྱུད་ཚོད་རིག་པས་ཐོད་རྒལ་གཅིག་ཅར་དུ་ཁྲིད་གདབ་པ་དང་། རྒན་མོའ་མཛུབ་ཁྲིད་ཅེས་པ་ཉམས་མྱོང་རྟོགས་པ་གསུམ་རང་གི་རྒྱུད་ལ་གང་སྐྱེས་པ་དེ་མཛུབ་ཚུགས་སུ་སྐུ་གསུམ་ཡེ་ཤེས་ལྔར་ངོ་སྤྲོད་པའོ། །དེ་ལྔ་ནི། སྐྱོན་མེད་དོན་ལྡན་གྱི་ཁྲིད་དོ། །དེ་དག་དང་མ་འབྲེལ་བའི་བཤད་ལོ་ཞུས་ལོ། །ཐོབ་ལོའ་རྣམ་གཡེང་འདུ་འཛིན་ལོངས་སྤྱོད་དང་བསྲེས་པའི། །སྦོམ་སྦོམ་སབ་སབ་དོན་ལ་མ་བསྙེགས་པ་ལ་སྐུ་ཆེན་གྱི་སྦོམ་ཁྲིད་ཅེས་བྱ་སྟེ། ལག་ལེན་འཁྲུལ་པའོ། །དེ་ལྟར་མ་ཡིན་པའི་ངེས་དོན་དམར་ཁྲིད་འདེབས་པ་སྟེ། དེ་ལ་སྔོན་འགྲོ། དངོས་གཞི་རྗེས་དང་གསུམ་ལས། ཐུན་མོང་གི་སྔོན་འགྲོ་བརྒྱད་ནི། གང་ཟག་སྔོན་སྦྱངས་ལས་འཕྲོ་སད་པ་ལ་ངེས་བཅས་མི་དགོས་ཏེ་གསལ་འདེབས་པ་ཙམ། རྗེ་བཙུན་ཆེན་པོ་མི་ལས་ཉ་མ་དཔལ་དར་འབུམ་ལ་ཁྲིད་བཏབ་པ་ལྟ་བུའོ། །དབང་པོ་ཡང་རབ་སྔོན་སྦྱོངས་དང་། ཚེ་འདིར་ཡང་སྦྱངས་པ་སོང་ཞིང་རྒྱུད་ལ། སྐྱེས་པ་ལ་དོན་ངོ་སྤྲད་པས་ཆོག་སྟེ། དཔལ་ལྡན་སྒོམ་པོ་པ་དང་། རྗེ་ཕག་མོ་གྲུབ་པའི་རྣམ་ཐར་ལྟ་བུའོ། །དེ་ལས་གཞན་པ་རྣམ་ལ་གོ་ངེས་ཤིང་རྒྱུད་ལ་རང་སའི་མྱོང་བ་མ་སྐྱེས་པར་ཁྲིད་འདེབས་པ་གལ་ཆེ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་དྲུག་ནི། སྔར་བཤད་མ་ཐག་པ་ལྟར་སྐྱེས་སྦྱངས་ཀྱིས་རིགས་སད་པ་ལ་མ་ངེས། དེ་ལས་གཞན་པ་རྣམས་ལ་རང་སའི་མྱོང་རྟགས་མ་ཐོན་བར་བསྒོམ་དགོས་ཏེ། དེ་རྣམས་ཀྱིས་མྱོང་རྟགས་གསུང་རབས་སྤྱི་དང་མཐུན། རྡོ་རྗེ་སེམས་དཔའ་རང་ལ་ཐིམ་རྗེས། རང་གང་མོས་ཀྱིས་ལྷར་གསལ་བཏབ་སྟེ། ཐ་མལ་གྱི་ལུས་སུ་ནམ་ཡང་མི་གནས་པ་ཡིན། འདི་ཟུར་དུ་དྲངས་ན། སྔོན་འགྲོ་བདུན་དུ་འགྱུར་རོ། །དངོས་གཞིའི་བླ་ཞེས་པ་ནི། མཆོག་གི་དངོས་གྲུབ་འདོད་པའི་གང་ཟག་ལ་མེད་ཐབས་མེད་པའི་བླ་མའམ་སྲོག་ལྟར་འབྲལ་མེད་ཅེས་པ་དང་། དངོས་གྲུབ་དང་ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཡིན་པས་ནམ། མི་བསླུ་ངེས་
༤༩པས་དམ་པ། གཞི་ལམ་འབྲས་གསུམ་གནས་སྐབས་མཐར་ཐུག་ཀུན་ཏུ་སྒོ་གསུམ་གུས་པས་འདུད་ཕྱིར་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོའ་ཕྱག་ནི་སྟོང་ཉིད་བློ་བྲལ། རྒྱ་ནི་འཁོར་འདས་ཐམས་ཅད་དེ་ལས་མ་འདས་པ། ཆེན་པོ་ནི་དེ་ལས་མཆོག་གྱུར་གོང་ན་གཞན་མེད་པའོ། །ཡི་གེ་ནི་ཡིག་འབྲུའམ་ཚིག་འབྲུ་ཡིག་སྣ་བཞིའམ། ལྟ་སྒོམ་སྤྱོད་པ་འབྲས་བུའི་ཡིག་སྣ་བཞིའོ། །དོན་གཉིས་ནི་ཡིད་ཆེས་ཕྱིར་བརྒྱུད་པ་སྟེ། བརྒྱུད་ཚུལ་སྤྱི་དང་བྱེ་བྲག་སོ་སོའ་རྣམ་ཐར་རྒྱས་བསྡུས་སྐབས་དང་སྦྱར་བའི་རིགས་པས་དཔྱད་ཏེ་བཤད་ལ་ངེས་ཤེས་བསྐྱེད། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ་བཞི་ལས། གཞི་ཡིན་ལུགས་གདོད་མའི་སངས་རྒྱས་ཀྱི་རྩ་བརྡར་བཅད་པ་ལ་གསུམ་ལས། དང་པོ་ཉམས་མྱོང་ལྟར་བཅད་པ་ནི། ལུས་གནད་སེམས་གནད་དམིགས་པའི་གནད་གསུམ་གྱིས་སློབ་མའི་རྒྱུད་ལ་གོ་མྱོང་རྟོགས་གསུམ་ཚད་དུ་མ་ཁེལ་གྱི་བར་དུ་བླ་མའི་ཉམ་མྱོང་གིས་སློབ་མའི་རིག་པ་དམར་ཐག་བཅད། ཁྲིད་ལོང་ཡོད་རྒྱས་པ་ལ་སེམས་ཀྱི་བཞག་ཐབས། ནམ་མཁའ་སྤྲིན་ཆུ་ལྷ་སྐུར་རོ། །ལྷུན་པོ་ཆུ་ཆད་རང་ཐག་ལྟར། །ཞེས་པ་དང་། ལོང་མེད་བསྡུས་པ་ལ་དེ་བཞག་ལ། །ཁྱུང་ཆེན་རྒྱ་མཚོའ་ཉི་ཟླ་དང་། །བུ་ཆུང་རྦ་རླབས་བྱ་རྗེས་སོ། །ཞེས་པ་གཞི་རྩ་བཅད་པ་དང་། །བཞག་ཐབས་བསྟན་པ་གཉིས་ཀའི་གོ་ཆོད། དེས་སོ་སོའ་སྐལ་པ་དང་མཐུན་པའི་ཡེ་ཤེས་རང་ཐོག་ཏུ་ཁེལ་ཚེ། རིག་པ་གཅེར་མཐོང་བཟོ་གྱད་གར་གྱི་བརྡ་ཐབས་ཀྱི་ཕྱག་ལེན་བཞིན་ཡིན་ལུགས་ཡིན་ཐོག་ཏུ་རྒན་མོའ་མཛུབ་བཙུགས་སུ་སྐུ་གསུམ་ཡེ་ཤེས་ལྔར་ངོ་སྤྲོད་དོ། །དེ་ནས་གཉིས་པ་འགྲེལ་པ་ལྟར་འཆད་པ་ལ་སྦྲུལ་གསེར་རང་བུ་ཆོམས་པོར་བྱུང་བའི་རྟོགས་བརྗོད་ཀྱི་དཔེ་དོན་ལུང་རིག་གིས། རིམ་གྱིས་ཐོད་རྒལ་ཅིག་ཅར་བ་རྣམས་ཀྱིས་ངོ་འཕྲོད་ཚུལ་གྱིས། གཞི་ལམ་འབྲས་བུ་སྤང་གཉེན་རྣམས་སྒྲོ་
༥༠འདོགས་ཆོད་ངེས་སུ་རྒྱས་པར་གཏན་ལ་དབབ་པའོ། །གསུམ་པ་གཞུང་ལུགས་ལྟར་འཆད་པ་ནི། སེམས་ཉིད་དང་པོ་གང་ནས་བྱུང་ཞེས་པ་ནས། འགྱུ་བ་རང་གྲོལ་དུ་འདུག་ཅེས་པའི་བར་གྱིས། སྣང་སྲིད་འཁོར་འདས་ཀྱི་ཆོས་སྐྱེ་འགག་གནས་གསུམ་གྱི་བྱེད་པ་ཐམས་ཅད་སེམས་ཀྱི་རྣམ་པ་དང་། དེའི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བར་བསྟན། དེས་ན་སེམས་ཉིད་འདི་ཞེས་པ་ནས། འཁོར་བའི་སྐྱོན་གྱིས་མ་གོས་ཏེ། །ཞེས་པའི་བར་གྱིས་སེམས་རྒྱུ་རྐྱེན་དུས་སྔ་ཕྱི་གང་སྟོངས་འཕེལ་འགྲིབ། ཕྱོགས་རིས་རྟགས་ཆད་ཡོད་མེད་སྐྱེ་འགག་འཁྲུལ་གྲོལ་འཁོར་འདས་སྤང་གཉེན་དགག་སྒྲུབ་སོགས་མདོར་ན། ཚིག་ཏུ་བརྗོད་པ་ཡིད་དང་བློ་ཡི་བསམ་རྟོག་ཐམས་ཅད་དེ་ཡིན་ལ། དེ་ཉིད་དེ་ཐམས་ཅད་ཀྱིས་མ་གོས་པས་སྣང་དུས་ན་སྣང་མེད། བརྗོད་དུས་ན་བརྗོད་མེད། བསམ་དུས་ན་བསམ་མེད། བློ་ཡི་དུས་ན་བློ་བྲལ་ཏེ། ཡེ་གདོད་མ་ནས་འཁྲུལ་པ་ཀ་ནས་དག་པས་འཁོར་བ་ཞེས་པ་སེམས་མ་རྟོགས་པའི་དྲི་མ་ལ་ཀུན་རྫོབ་ཐ་སྙད་དུ་བཏགས་པ་ཙམ་ལས། ངེས་པའི་དོན་ལ་འཁྲུལ་གྲོལ་ཡོད་མ་མྱོང་བས་སེམས་ཡེ་གཞི་དང་པོའ་སངས་རྒྱས་སུ་ངོ་སྤྲད་པའོ། །དེ་ཡང་སེམས་ཅིར་ཡང་འཆར་བས་ཀུན་གཞི། །དེ་སྟོང་ཉིད་ཆོས་སྐུར་མ་རིག་པས་འཁྲུལ་གཞི། རིག་པས་གྲོལ་གཞི། འཁྲུལ་གྲོལ་གདོད་ནས་འདུས་མ་བྱས་ཤིང་བློ་ལས་འདས་པས་ཡེ་གཞི། དེའི་ཕྱིར། དཔལ་བརྟག་པ་གཉིས་པ་ལས། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་དང་། དགོངས་པ་ཟང་ཐལ་གྱི་རྒྱུད་ལས། ཧོ། །སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །གཞི་གཅིག་ལམ་གཉིས་འབྲས་བུ་གཉིས། །རིག་དང་མ་རིག་ཆོ་འཕྲུལ་ཏེ། །ཀུན་གྱི་གཞི་ནི་འདུས་མ་བྱས། །རང་བྱུང་ཀློང་ཡངས་བརྗོད་དུ་མེད། །
༥༡ཅེས་དང་། འཇམ་དཔལ་མཚན་བརྗོད་ལས། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའ་སངས་རྒྱས་རྒྱུ་མེད་པ། །ཞེས་དང་། བདེ་མཆོག་ར་ལི་ལས། སེམས་ཅན་སེམས་ཉིད་འོད་གསལ་བ། །ཐོག་མ་མེད་པའི་སྔོན་རོལ་ནས། །དང་པོ་མཆོག་གི་སངས་རྒྱས་དེ། །རྒྱུ་མེད་རྐྱེན་གྱིས་མ་བསླད་པའོ། །ཞེས་དང་། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། །གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །འཕོ་འགྱུར་མེད་པ་ནམ་མཁའི་ཀློང་ཡངས་སུ། །སྐྱེ་འཆི་མེད་པ་ཆོས་སྐུའི་ལུས་ཐོབ་འགྱུར། །ཞེས་གསུངས་པ་སྟེ། ཡེ་གཞིའི་རྩ་བ་ཆོད་དེ། ངེས་པར་རྟོགས་ན། དང་པོའ་སངས་རྒྱས་ཡིན་གོ་ཆོད་ཅིང་། མངོན་དུ་གྱུར་བས་རིག་པ་སྐད་ཅིག་མའི་སངས་རྒྱས། དེ་མཉམ་རྗེས་མེད་པར་བརྟན་ན་རྟོགས་པ་མངོན་གྱུར་གྱིས་སངས་རྒྱས། དེ་ལུས་སྣང་སེམས་གསུམ་གཅིག་ཏུ་འདྲེས་ཏེ་ས་ལམ་ཚེ་འདིར་ཆོད་ནས། མངོན་ཤེས་དང་རྫུ་འཕྲུལ་སོགས་སྒྲུབ་པའི་རྟགས་མངོན་སུམ་དུ་སྟོན་པར་ནུས་ན། གྲུབ་པ་ཐོབ་པའམ་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་ཞེས་བྱའོ། །གཉིས་པ་བཞག་ཐབས་བསྟན་པ་སྒོམ་པའི་ཡི་གེ་ནི། དེ་ལྟར་རྟོགས་ཤིང་ཐག་ཆོད་པའི་ལྟ་བ་དེ་ཉིད། མཉམ་བཞག་དུ་ལུས་གཡོ་མེད་རི་བོ་ལྟ་བུ། ངག་སྨྲ་མེད་པི་ཝཾ་གསང་ཐག་ཆད་པ་ལྟ་བུ། སེམས་རྟོག་མེད་དབུག་བྲལ་ལྟ་བུར་བཞག་ཐབས་དྲུག་གིས་ཆུ་བོའ་རྒྱུན་ལྟར་གོང་བཞིན་རྗེས་ཐོབ་གང་སྣང་ཅི་ཤར་ཐམས་ཅད་དེའི་དོན་ལས་མ་གཡོས་པར་བསྐྱངས་ཏེ། རབ་མཉམ་རྗེས་མེད་པ། འབྲིང་རྗེས་ཐོབ་མཚན་ཉིད་པ། ཐ་མ་རྗེས་ཐོབ་སྒྱུ་མར་རྩོལ་མེད་དུ་འཆར་བ་མ་བྱུང་བར་དུ་བསྒོམ་པར་བྱའོ། །བཞི་པ་ཐོབ་བྱའི་སྒོ་ནས་འབྲས་བུ་ཡིན་ཡང་། ལྟ་སྒོམ་གོལ་སར་ཤོར་ན་སྤྱོད་པ་རྣམ་དག་མི་འབྱུང་བས་འབྲས་བུ་ཡང་མི་ཐོབ་ཕྱིར། མན་ངག་གི་ཆོས་ཚན་
༥༢གསུམ་པ་འདིར་བླངས་པ་ཡིན་པས། དོན་ལ་བཞི་པ་འབྲས་བུའི་ཡི་གེ་སྟེ། རྟོགས་པའི་ཡེ་ཤེས་དེ་ཉིད་བསྒོམས་པས་ཡེངས་མེད་དུ་བསྐྱངས་པས། སྤྱོད་པ་ཆོས་ཉིད་ཀྱི་ལམ་དུ་སློང་བ་སྟེ། དེ་ལ་ཆོས་ཚན་ལྔ་སྟེ། ཞེས་པ་ནི་མ་རིག་པ་ཉིད་རང་རིག་ཏུ་རྟོགས་པས་མུན་པ་ལ་མར་མེ་བཏེགས་ཚེ། མུན་པ་མ་སྤང་ཞིང་སྣང་བར་འགྱུར་བ་ལྟར་ངན་པའི་འཁོར་བ་ལ་དོགས་པ་མེད། བཟང་པོའ་མྱང་འདས་ལ་རེག་པ་མེད། རྨི་ལམ་རྨི་ལམ་དུ་ཤེས་པ་ལྟར། ཕྱིའི་སྣང་བ་ལ་ཞེན་པ་མེད། ནམ་མཁའི་དབྱིངས་སུ་བལྟས་པ་ལྟར། མྱོང་བྱ་མྱོང་བྱེད་ཀྱི་མཁན་པོ་བློ་ལས་འདས་པས། ནང་གི་ཉམས་མྱོང་ལ་ཞེན་པ་མེད། ཆུ་ནང་ན་གཟའ་སྐར་ཡོད་མ་མྱོང་ཡང་། རྟེན་འབྲེལ་ཚོགས་པས་ཆུ་དྭངས་པའི་ངོས་ལ་མ་འདྲེས་གསལ་བར་འཆར་བ་ལྟར། སེམས་སྟོང་པ་ཇི་ལྟ་བ་རྟོགས་པའི་གསལ་མདངས། རྒྱུ་འབྲས་རྟེན་འབྲེལ་མ་འདྲེས་སོ་སོ་ཇི་སྙེད་པ་ཉིད་དུ་འཆར་བས། མིག་ཅན་གཡང་ལ་མི་མཆོང་བ་ལྟར། ལས་རྒྱུ་འབྲས་ཁྱད་དུ་མི་གསོད་པའོ། །ལྟ་སྒོམ་དང་འབྲས་བུ་ལ་ལྟོས་པའི་གསུམ་པ། ལྟ་སྒོམ་གོལ་གཅོད་ཀྱི་རིམ་པ་ལ་ལྟོས་པའི་བཞི་པ་ལ་ཆོས་ཚན་དྲུག་གིས། དང་པོས་ཡེངས་མེད་དུ་འཁྲུལ་ཕྱིར་མི་འབྲང་བར་ཆོས་ཉིད་ཡེ་ཤེས་ཀྱི་རྒྱས་བཏབ། གཉིས་པས་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་ཉམས་ལེན་གྱིས་འདོད་ཡོན་ལམ་དུ་འཁྱེར། གསུམ་པས་ཉིན་མོའ་འཁྲུལ་པ་མཉམ་བཞག་ཡེ་ཤེས་དང་བསྲེ། བཞི་པས་རྟོགས་པའི་འོད་གསལ་ཅི་ཟིན་བྱེད། ལྔ་པས་ཞག་རེ་ལ་རང་གིས་རང་ལ་ཁྲིད་ཚར་རེ་གསལ་འདེབས། དྲུག་པས་ཆ་གཅིག་ལུས་གཅིག་ལ་འབྲས་བུ་མ་ཐོབ་ན། འཆི་ཁར་བར་དོ་དང་པོར་ཆོས་སྐུར་སངས་རྒྱ་བའི་མཚམས་སྦྱོར་བ་སྟེ། ཡི་གེ་བཞི་པའི་དོན་མངོན་དུ་འགྱུར་བའོ། །གསུམ་པ་རྗེས་ནི་ཡི་གེ་བཞི་པའི་དོན་ཆུ་བོའ་གཞུང་བཞིན་རྒྱུན་ཆད་མེད་པར་བསྐྱངས་པས། གཅིག་ཅར་རྟོགས་གྲོལ་དུས་ཅིག་ཏུ་
༥༣འབྱུང་ཞིང་། ཐོད་རྒལ་བ་ནི། མཐོ་དམན་ཤིན་ཏུ་ཆེ་བས་གོ་རིམ་རང་ལ་ངེས་བསྟན་ཆེར་མི་ཡོང་ལ། དེའི་ཕྱིར་རྣལ་འབྱོར་བཞིའི་རིམ་པ་ངེས་བཅས་ནི་གཙོ་བོ་རིམ་སྐྱེས་པ་ཁོ་ན་ལ་དགོངས་བཞིན་བསྟན། ས་ལམ་བགྲོད་ཚུལ་སོགས་ནི་སྤྱི་མཐུན་དུ་དགོངས་པ་ཡིན་འདུག །གོལ་ས་གསུམ་ལས་རྟོགས་པས་བསྡུས་པའི་བདེ་གསལ་མི་རྟོག་པ་གསུམ་ནི། གོལ་ས་མེད་ཅིང་སྐུ་གསུམ་གྱི་རང་བཞིན་ཡིན་ལ། ཉམས་ཀྱིས་བསྡུས་པའི་བདེ་བ་ལ་ཞེན་འཛིན་བྱུང་ན་འདོད་ཁམས་སུ་གོལ། གསལ་བ་ལ་འཛིན་ཞེན་ཞུགས་ན་གཟུགས་ཁམས་སུ་གོལ། མི་རྟོག་པ་ལ་བློས་བྱས་སུ་སོང་ན་གཟུགས་མེད་ཁམས་སུ་གོལ་བའོ། །ཤོར་ས་བཞིའི་ཡེ་ཤོར་ནི། དང་པོར་ཡིན་ལུགས་ཇི་བཞིན་ངོ་མ་འཕྲོད་པ་ཡིན་ལ། འཕྲལ་ཤོར་ནི། དང་པོར་ཡིན་ལུགས་གཏན་ལ་ཕེབས་ཀྱང་ཕྱིས་སུ་ཉམས་ལེན་གྱི་གནད་འཁྲུལ་བའོ། །དེ་ལ་སྟོང་ཉིད་ཤེས་བྱའི་གཤིས་སུ་ཤོར་བ་ནི། འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཉིད་སྐྱེ་མེད་དོན་དམ་འདུས་མ་བྱས་ཡིན་པ་དེ་གོ་།དེ་ག་འགག་མེད་དུ་ཤར་བའི་བྱེད་ལས་རྟེན་འབྲེལ་གྱི་མཚང་མ་རིག་པར་ཐམས་ཅད་སྟོང་པ་ཡིན་སྙམ་རྒྱུ་འབྲས་ཁྱད་དུ་གསོད་པའོ། །སྟོང་ཉིད་ལམ་དུ་ཤོར་བ་ནི། སེམས་ཡེ་སྟོང་ཆོས་སྐུ་རང་ངོ་ཤེས་པ་ལ་བརྟན་པ་ཐོབ་པ་ལས་འབྲས་བུ་ལོགས་ན་མེད་པའི་དོན་མ་རིག་པར། ད་ལྟ་སྟོང་ཉིད་བསྒོམས་པས། འབྲས་བུ་ཆོས་སྐུ་བཟང་བཟང་པོ་ཞིག་ལོགས་ནས་ཐོབ་པར་འདོད་པའོ། །སྟོང་ཉིད་གཉེན་པོར་ཤོར་བ་ནི། སྤང་བྱ་འཁྲུལ་པའི་ཉོན་མོངས་པ་རང་གི་ངོ་བོ་ངོ་ཤེས་མ་ཡེ་ཤེས་ཡིན་པའི་དོན་མ་རྟོགས་པར་སྤང་གཉེན་ཐ་དད་དུ་འཛིན་པའོ། །སྟོང་ཉིད་རྒྱས་འདེབས་སུ་ཤོར་བའི་བློ་ཆུང་རྒྱས་འདེབས་ནི། གང་སྣང་ཅི་ཤར་གྱི་སྣང་བ་འདི་ཁ་སྟོང་པ་ཁོ་རང་གིས་རྩལ་དང་མདངས་ཡིན་ཞིང་། འདི་གའི་ངོ་བོ་སྟོང་ཉིད་བློ་བྲལ་ཡིན་པ་བློར་མི་ཤོང་
༥༤བར་སྟོང་པ་ཡིན་སྙམ་ཡིད་ཀྱིས་རྒྱས་འདེབས་པའོ། །དྲེད་པོ་རྒྱས་འདེབས་ནི། དང་པོ་སྣང་སྟོང་དབྱེར་མེད་ངོ་འཕྲོད་པས། སྣང་བས་སྟོང་གོ་ཆོས་དུ་སྟོང་ཉིད་ལ་སྣང་བ་དགག་མི་དགོས་པའི་ཉམས་མྱོང་རྒྱུད་ལ་སྐྱེས་ཀྱང་། ཕྱིས་སྒོམ་པ་གཡེལ་བས་ཉམས་མྱོང་དྲོད་དེ་བློས་བཅོས་ཏེ་སྒོམ་དགོས་པའོ། །རྣལ་འབྱོར་བཞིའི་རྩེ་གཅིག་ནི། གནས་པ་གསུམ་གྱིས་རིམ་པས། ཡིན་ལུགས་ཀྱི་ངང་ལ་མཉམ་པར་ནམ་བཞག་གནས་པ་སྟེ། རེས་མ་བསྒོམས་ཀྱང་ཡོང་། རེས་བསྒོམས་ཀྱང་མི་ཡོང་བ་ནི། བཟོ་གཟོབ་ཏུ་མི་གཏུབས་པ་དང་འདྲ་སྟེ་རྩེ་གཅིག་ཆུང་ངུས་བདེ་གསལ་གྱི་ངོ་བོ་མཐོང་། ནམ་སྒོམ་སྒོམ་ཡོང་བ་ནི། རྩེ་གཅིག་འབྲིང་པོ་ཏིང་ངེ་འཛིན་ལ་རང་དབང་ཐོབ། ཉམས་མྱོང་དེ་འཁོར་ཡུག་ཏུ་རྒྱུན་བརྟན་ཞིང་རྩོལ་བ་ཆེར་མི་དགོས་པར་གཉིད་གྱང་ཕལ་ཆེར་ཉམས་དང་འདྲེས་པས་སྒོམ་མེད་ཆེན་པོ་ཡིན་སྙམ་པའི་རློམ་པ་བྱུང་བ་ནི། རྩེ་གཅིག་ཆེན་པོ་ཉམས་ཀྱི་འཁོར་ཡུག་མའོ། །འདིའི་མཉམ་རྗེས་གནས་པ་མཉམ་བཞག །མི་གནས་པ་རྗེས་ཐོབ་ཨ་འཐས་སུ་འཆར་བས་རྗེས་ཐོབ་བཏགས་པ་བ་ཡིན། ཉམས་མྱོང་དེ་ཡུལ་མེད་དུ་རང་ངོ་ཤེས་པའི་ངེས་ཤེས་སྐྱེས་ན་ངོ་བོ་མཐོང་ཞིང་ཞི་ལྷག་ཟུང་འཇུག་སྟེ་རྣལ་འབྱོར་གྱི་མིང་ཐོབ། ངེས་ཤེས་མ་སྐྱེས་ན་ཞི་གནས་རྐྱང་པ་དང་གནས་པ་རྐྱང་པ་དེས་ལྷག་མཐོང་དང་རྣལ་འབྱོར་གྱི་མིང་ཐོབ། ཞེན་མེད་ཀྱི་སྙིང་རྗེ་སྐྱེས་ན་གཟུགས་སྐུའི་ས་བོན་ཐེབས་པ་སྟེ་རང་སའི་འགྲོ་དོན་འབྱུང་། གང་ཤར་ཉམས་དེའི་ངང་དུ་འགྲོ་ན་རྣམ་རྟོག་སྒོམ་དུ་ཤར། ཏིང་ངེ་འཛིན་དེའི་དྭངས་ཆ་ལ་རྒྱུ་འབྲས་རྟེན་འབྲེལ་ལ་ངེས་ཤེས་འདྲོད་ན་ཀུན་རྫོབ་ལ་རང་བྱན་ཚུད། མངོན་ཤེས་དང་རྫུ་འཕྲུལ་ཕྲ་མོ་དང་། སངས་རྒྱས་བྱང་སེམས་ཀྱི་ཞལ་མཐོང་ལུང་སྟོན་པ་སོགས་ལམ་གྱི་རྟགས་ཤར་ན་ཡོན་ཏན་སྐྱེས། དེ་དག་མི་ལྡན་ན་རྩེ་གཅིག་རྒྱུད་ལ་སྐྱེས་ཀྱང་ཡོན་ཏན་རྒྱུད་ལ་མ་སྐྱེས་རྩལ་མ་རྫོགས། ཀུན་རྫོབ་ལ་རང་བྱན་མ་ཚུད། གཟུགས་
༥༥སྐུའི་ས་བོན་མ་ཐེབས། རྣམ་རྟོག་སྒོམ་དུ་མ་ཤར། ངོ་བོ་མ་མཐོང་བས་རྩེ་གཅིག་མུན་པའི་དཀྱིལ་ན་འབྱམས་ཞེས་པའི་གོལ་ས་དང་། གོལ་ས་དེ་ཆོད་ནས་སྔ་མའི་ཡོན་ཏན་དྲུག་པོ་བརྟན་ན། རྩེ་གཅིག་ཆུང་ངུས་དྲོད་ཆུང་ངུ་དང་། དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ་ཚོགས་ལམ་བཞི་གསུམ་བཅུ་གཉིས་སོ། །རྩེ་གཅིག་འབྲིང་པོ་དྲོད་འབྲིང་པོ། སྦྱོར་ལམ་དྲོད་དང་རྩེ་མོ་སྟེ་དབང་པོ་ལྔ་དང་ལྡན་པའོ། །རྩེ་གཅིག་ཆེན་པོས་དྲོད་ཆེན་པོ་སྟེ། བཟོད་པ་ཆོས་མཆོག་སྟེ་སྟོབས་ལྔ་དང་ལྡན་པའོ། །སྤྲོས་བྲལ་ཆུང་ངུས་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བར་རྟོགས། ལམ་ལྔ་ལས་མཐོང་ལམ་སྟེ་སྡུག་བསྔལ་ཀུན་འབྱུང་ལམ་འགོག་སྟེ་བདེན་པ་བཞི་དང་དེ་ངོ་བོའམ་རྫས་གཅིག་ལ་བཟློག་པའམ་རྣམ་པ་བྱེད་ལས་ཐ་དད་དུ་དབྱེ་བས་ཤེས་བཟོད་ཡེ་ཤེས་སྐད་ཅིག་མ་བཞི་སྟེ་སྐད་ཅིག་བཅུ་དྲུག་དང་བྱང་ཆུབ་ཡན་ལག་བདུན་ཏེ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོ། །སྤྲོས་བྲལ་འབྲིང་པོས་སེམས་རྩ་བ་དང་བྲལ་བར་རྟོགས། ཆེན་པོས་ཕྱི་ནང་གིས་སྒྲོ་འདོགས་རྦད་ཀྱིས་ཆོད། དེ་ལ་སེམས་སྟོང་པར་རྟོགས་ཀྱང་སྟོང་པ་རྒྱུ་འབྲས་སུ་འཆར་བའི་གནད་མ་རིག་ན། སྤྲོས་བྲལ་མེད་པའི་སྐོར་རྫིས་ཁྱེར། ཞེས་པའི་གོལ་ས་དང་། ངོ་བོ་མ་མཐོང་རྩལ་མ་རྫོགས་པས་ཀུན་རྫོབ་ལ་རང་བྱན་མ་ཚུད། ཆོས་ལ་དམིགས་པའི་སྙིང་རྗེ་མ་སྐྱེས་ན་གཟུགས་སྐུའི་ས་བོན་མ་ཐེབས། ས་རབ་དགའ་དྲི་མེད་འོད་བྱེད་འོད་འཕྲོ་བ་སྦྱང་དཀའ་བ་མངོན་དུ་གྱུར་པ་སྟེ། དྲུག་པ་མན་གྱི་ཡོན་ཏན་མེད་ན་ཡོན་ཏན་མ་སྐྱེས་རྩལ་མ་རྫོགས་པའོ། །རོ་གཅིག་ཆུང་ངུས་འཁོར་འདས་གཅིག་ཏུ་འདྲེས། འབྲིང་པོས་གཟུང་འཛིན་གྱི་རྩ་བ་ཆོད། ཆེན་པོས་ཆོས་ཀུན་མཉམ་ཉིད་དུ་རྟོགས་པའོ། །རོ་གཅིག་ཤར་ཡང་ཆེན་པོར་མ་སླེབས་ན་རྩལ་མ་རྫོགས་དམིགས་མེད་སྙིང་རྗེ་མ་ཤར་ན་གཟུགས་
༥༦སྐུའི་ས་བོན་མ་ཐེབས། དུ་མ་རོ་གཅིག་ཇི་ལྟ་བ་རྟོགས་ཀྱང་། ཇི་སྙེད་མཁྱེན་པའི་རྟེན་འབྲེལ་མ་ཤར་ན། རོ་གཅིག་འདྲེས་པའི་རྦ་ལ་གཡེངས་ཤེས་པའི་གོལ་ས་དང་། ངོ་བོ་མ་མཐོང་ཀུན་རྫོབ་ལ་རང་བྱན་མ་ཚུད་པ་དང་། རིང་དུ་སོང་བ་མི་གཡོ་བ་ལེགས་པའི་བློ་གྲོས་རྣམས་ཀྱི་མཉམ་རྗེས་ཀྱི་རྟགས་མ་རྫོགས་ན་ཡོན་ཏན་མ་སྐྱེས་པའོ། །སྒོམ་མེད་ཆུང་ངུས་བསྒོམ་བྱ་སྒོམ་བྱེད་དང་བྲལ་བར་རྟོགས། འབྲིང་པོས་ལྷུན་གྲུབ་ཀྱི་རང་ས་ཟིན། ཆེན་པོས་འོད་གསལ་མ་བུ་གཅིག་ཏུ་འདྲེས་པའོ། །ས་དང་པོ་མཐོང་ལམ་རྒྱུད་ལ་སྐྱེས་པ་ནས། སྒོམ་མེད་འབྲིང་ནམ་སྒོམ་ལམ་ས་བཅུ་སྟེ་ཆོས་ཀྱི་སྤྲིན་དང་། མཉམ་བཞག་ཟག་མེད་ཀྱི་ཡེ་ཤེས་ཆེན་པོ་གཅིག་ལས་རྗེས་ཐོབ་ཟག་བཅས་འཕགས་ལམ་ཡན་ལག་བརྒྱད་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་བཅུ་འགྱུར་དུ་རིམ་པས་འབྱུང་ལ་ཀུན་ཏུ་འོད་པདྨ་ཅན་རྡོ་རྗེ་འཛིན་པ་བདེ་བ་ཆེན་པོའ་ས་དང་ལམ་ལས་མི་སློབ་པའི་ལམ་སྟེ། དེ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་བྱའི་དྲི་མ་ཕྲ་མོ་མ་དག་ན་སྒོམ་མེད་ཉི་མ་སྤྲིན་གྱིས་བཀབ་ཅེས་པའི་གོལ་ས་དང་། ངོ་བོ་མ་མཐོང་རྩལ་མ་རྫོགས། ས་བཅུ་པ་ནས་བཅུ་བཞི་བདེ་བ་ཆེན་པོའ་བར་གྱི་སྤང་རྟོགས་ཀྱི་ཆེ་བ་མངོན་དུ་མ་གྱུར་ན་གཟུགས་སྐུའི་ས་བོན་མ་ཐེབས་ཡོན་ཏན་མ་སྐྱེས་ལ་སྐྱོན་དེ་དག་དང་བྲལ་ན་མི་སློབ་ལམ་སྟེ། ཡོན་ཏན་ཐམས་ཅད་རྫོགས་པས་འབྲས་བུ་མ་ནོར་བར་སངས་རྒྱས་ཀྱིས་མངོན་དུ་གྱུར་པའོ། །དེ་ལ་རྩེ་གཅིག་རྒྱུད་ལ་སྐྱེ་དུས་ཆོས་བརྒྱད་ཚེ་འདིའི་སྣང་བ་ཟིལ་གྱིས་གནོན་ནུས་པས་སེང་གེ་རྣམ་པར་འགྱིང་བའི་ཏིང་ངེ་འཛིན་དང་། གཉེན་པོའ་བཟུང་དྲན་གསང་སྤྱོད་ཀྱི་དུས་སྤྲོས་བྲལ་རྒྱུད་ལ་སྐྱེས་ནས་སྣང་བ་ཐམས་ཅད་བདེན་མེད་དུ་འཆར་བས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། ཡང་དག་ཤེས་དྲན་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་དུས་རོ་གཅིག་རྒྱུད་ལ་སྐྱེས་ནས་སྟོང་ཉིད་སྙིང་རྗེ་ཟུང་དུ་ཚུད་པས་ཉན་རང་གི་ས་ལས་འདས་ཏེ།
༥༧ཐེག་པ་ཆེན་པོར་ཡང་དག་པར་ཆུད་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་འོང་དྲན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྤྱོད་པའི་དུས། སྒོམ་མེད་མངོན་དུ་གྱུར་ཚེ། ས་ལམ་མཐར་ཕྱིན་ཏེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། ལྷུན་གྲུབ་མཁྱེན་དྲན་ཕྱོགས་ཀུན་ལས་རྣམ་པར་རྒྱལ་ཏེ་འབྲས་བུ་སྐུ་གསུམ་མངོན་དུ་གྱུར་པའི་དུས་སོ། །དེ་ལ་རྗེས་ཐོབ་མཚན་ཉིད་པ་མཉམ་བཞག་གི་ནུས་པས་རྗེས་སྣང་བ་སྒོམ་དེའི་ཤུགས་སུ་འཆར་བ་དང་། རྗེས་ཐོབ་རྒྱ་ཡན་པ་ཐ་མལ་དུ་འཆར་བའོ། །རྗེས་ཤེས་སོ་སོའ་མཉམ་བཞག་དེའི་བྱིན་རླབས་ཀྱིས་ཤེས་པ་སྔར་གྱི་ཐ་མལ་པ་དང་མི་འདྲ་བ་དང་། སྣང་བ་ཡང་སྔར་དང་ཅུང་མི་འདྲ་བས་རྗེས་སྣང་ཞེས་བྱ། རྗེས་ཐོབ་རྗེས་ཤེས། རྗེས་སྣང་རྣམས་སྔར་ལུགས་སུ་འཆར་ན་མཉམ་བཞག་རྩལ་ཆུང་བས། རྗེས་བྱིན་གྱིས་བརླབ་མ་ནུས་པ་སྟེ། ཐ་མལ་བླུན་སྐད་ལའང་། མཉམ་པར་ཨེ་བཞག་རྗེས་ལ་ལྟོས། ཤེས་པ་ལྟ་བུའོ། །དེ་ལ་རྩེ་གཅིག་ལ་རང་སའི་མཉམ་རྗེས་ལས་མཉམ་རྗེས་མཚན་ཉིད་པ་མེད། རྗེས་ཐོབ་ཨ་འཐས་སུ་འཆར། ས་མཚམས་གནས་མི་གནས་ཀྱིས་འབྱེད། དཔེ་མིས་ཕྱིན་ཤུལ་ཁྱི་རྗེས་བྱུང་དང་འདྲ། སྤྲོས་བྲལ་མཉམ་རྗེས་གཉིས་སུ་འབྱེད། རྗེས་ཐོབ་སྒྱུ་མར་འཆར། ས་མཚམས་དྲན་མ་དྲན་གྱིས་འབྱེད། རོ་གཅིག་མཉམ་རྗེས་གཅིག་ཏུ་འདྲེས། རྗེས་ཐོབ་སྟོད་པར་འཆར། ས་མཚམས་སྟོང་ཞེན་དག་མ་དག་གིས་འབྱེད། སྒོམ་མེད་རྟོག་པ་འབའ་ཞིག་ཡིན་པས་མཉམ་རྗེས་མེད། ཆེ་འབྲིང་ཆུང་གསུམ་རྟོགས་པ་བརྟན་མི་བརྟན་གྱི་གནས་འབྱེད། མཉམ་བཞག་ཕུང་པོ་ལྔ་བྲལ་དང་རྗེས་ཐོབ་ཚོགས་བརྒྱད་འདག་ཚུལ་ནི། རྩེ་གཅིག་གི་དུས་སུ་གཟུགས་ཀྱི་ཕུང་པོ་དང་བྲལ། སྒོ་ལྔའི་རྣམ་པར་ཤེས་པ་འདག །སྤྲོས་བྲལ་དུས་སུ་ཚོར་བ་འདུ་ཤེས་ཀྱིས་ཕུང་པོ་དང་བྲལ་ཡིད་ཀྱི་རྣམ་ཤེས་འདག །
༥༨རོ་གཅིག་གི་དུས་སུ་འདུ་བྱེད་ཀྱི་ཕུང་པོ་དང་བྲལ་ཉོན་མོངས་པ་ཅན་གྱི་ཡིད་འདག །སྒོམ་མེད་ཀྱི་དུས་སུ་རྣམ་ཤེས་ཀྱི་ཕུང་པོ་བྲལ་ཀུན་གཞིའི་རྣམ་པར་ཤེས་པ་འདག །དེ་ལ་འདག་ཅེས་པ་མེད་པར་སོང་བ་ནི་མིན། གཟུང་འཛིན་གྱི་དྲི་མ་འདག་པའོ། །རྩེ་གཅིག་གི་དུས་རྒྱུ་འབྲས་ཨ་འཐས་སུ་འཆར། སྤྲོས་བྲལ་དུས་སྒྱུ་མ། རོ་གཅིག་དུས་ནམ་མཁའ་ལྟ་བུ། སྒོམ་མེད་དུས་གཞི་མེད་རྟེན་ཅིང་འབྲེལ་འབྱུང་དུ་མཁྱེན་པའོ། །རྩེ་གཅིག་དུས་སེམས་ཀྱི་ངོ་བོ་རྟོགས། སྤྲོས་བྲལ་དུས་རང་བཞིན་རྟོགས། རོ་གཅིག་དུས་མཚན་ཉིད་རྟོགས། སྒོམ་མེད་རྟོགས་པ་འཁོར་ཡུག་མའོ། །དེ་དག་མདོ་རྒྱུད་བསྟན་བཅོས་མན་ངག་ཚད་མའི་དགོངས་པ་ཡིན་ཀྱང་། དྭགས་པོ་རིན་པོ་ཆེས་གསལ་བར་མཛད་པས་རྟོགས་པའི་ཆོས་སུ་བྱེད། རྗེ་དྭགས་པོ་སྒོམ་ཚུལ་གྱིས་ཞིབ་ཏུ་ཞུས་པའི་ལན་ཞལ་གདམས་མ་ཞེས་གྲགས། དཔལ་ཕག་མོ་གྲུབ་བཞི་གསུམ་བཅུ་གཉིས་སུ་དབྱེ་བ་མཛད། འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཀྱིས། ངོ་བོ་མཐོང་མ་མཐོང་། རྣམ་རྟོག་སྒོམ་དུ་ཤར་མ་ཤར། རྩལ་རྫོགས་མ་རྫོགས། གཟུགས་སྐུའི་ས་བོན་ཐེབ་མ་ཐེབ། ཀུན་རྫོབ་ལ་རང་བྱན་ཚུད་མ་ཚུད། ཡོན་ཏན་སྐྱེས་མ་སྐྱེས་དྲུག་གིས་ཕྲ་ཞིབ་འབྱེད་པ་དང་། ལྕགས་ཀྱུ་འཇའ་ཚོན་བདག་མེད་པ་སྟེ་རྩེ་གཅིག་དུས་ཀྱི་སྒོམ་གསུམ་དང་། ཕྱོགས་རེ་རེས་འཇོག་མ་དེ་སྤྲོས་བྲལ་དུས་ཀྱི་སྒོམ་གཉིས་དང་། འཁོར་ཡུག་མ་རོ་གཅིག་ཆེན་པོའ་དུས་ཤེས་བཞེད། རྒྱལ་བ་འབྲི་གུང་པ་སྤྲོས་བྲལ་ཆེན་པོས་དྲུག་སྟེ། ཉན་རང་དང་མངོན་རྟོགས་མཐུན་པར་བཞེད། རོ་གཅིག་ཆུང་ངུས་ས་བདུན། འབྲིང་པོས་ས་བརྒྱད། ཆེན་པོས་ས་དགུར་བཞེད། སྒོམ་མེད་ཆེ་འབྲིང་ཆུང་གསུམ་གྱི་ས་བཅུ་པ་དང་བཅུ་གཅིག་པ་སྟེ་གཙོ་བོར་མདོ་དང་དགོངས་པ་བསྟུན་ཏེ་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་བཞེད་པ་དང་། བཅུ་པ་སྒོམ་ལམ་དུ་བྱས། བཅུ་གཅིག་བཅུ་གཉིས་བཅུ་གསུམ་བཅུ་བཞི་རྣམས་
༥༩མི་སློབ་ལམ་སངས་རྒྱས་སྐུ་གསུམ་གྱི་སར་གསང་སྔགས་རྡོ་རྗེ་ཐེག་པ་དང་སྒོ་བསྟུན་ཏེ་སྐྱེས་མཆོག་འབའ་ར་བའི་བཞེད་པ་ཡིན། འབྲས་བུ་ནི་དམ་པ་སྐུ་གཉིས། མཆོག་གི་དང་པོ་སྐུ་གསུམ་དང་། དེ་ལས་དབྱེ་བས་སྐུ་བཞི། སྐུ་ལྔ་སྐུ་དྲུག་སོགས་རྣམ་དབྱེ་མང་དུ་གསུང་མོད། དེ་ལ་སྤྲུལ་སྐུའི་ཡེ་ཤེས་མཁྱེན་པ་གཉིས་ལྡན། ལོངས་སྐུའི་ཡེ་ཤེས་ལྔ་ལྡན། ཆོས་སྐུ་ཡེ་ཤེས་གསུམ་ལྡན་ཟེར་ཡང་། སངས་རྒྱས་ཕྱིན་སྐུ་གསུམ་དབྱེར་མེད་ངོ་བོ་གཅིག་པས་དྲང་དོན་དུ་དབྱེ་བ་བསྟན་པ་ཙམ་མོ། །དེ་ལ་ཡོན་ཏན་སྟོབས་བཅུ་མི་འཇིགས་པ་བཞི། མ་འདྲེས་བཅོ་བརྒྱད་སོགས་ཆོས་སྐུ་གཙོ་ཆེ་བའི་ཡོན་ཏན་དང་། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ། གསུང་དབྱངས་ཡན་ལག་དྲུག་ཅུ་སྟེ། གཟུགས་སྐུ་གཙོ་ཆེ་བའི་ཡོན་ཏན། ཐུན་མོང་དུ་ཁ་སྦྱོར་གྱི་ཡོན་ཏན་ཡན་ལག་བདུན། བྱང་ཆུབ་ཀྱི་ཡོན་ཏན་བརྒྱད། མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམ་པ་ལྔ། མདོར་ན་སངས་རྒྱས་བྱང་ཆུབ་བཅོམ་ལྡན་འདས་ཏེ་བརྗོད་ཀྱིས་མི་ལོང་ཞིང་ཚད་བཟུང་མེད་པའི་ཡོན་ཏན་རྫོགས་པ་སྟེ། མཆོག་གི་དངོས་གྲུབ་འབྲས་བུ་ཕྱག་རྒྱ་ཆེན་པོ་དཔལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་གྱུར་པའོ། །སྤྱན་ལྔ་མི་ལྡན་མངོན་ཤེས་དྲུག་མ་ཐོབ། །གནས་ལྔ་མ་རིག་སྤང་རྟོགས་རྩལ་མ་རྫོགས། །སྒྲུབ་པའི་རྟགས་མེད་ཡིད་སྨོན་གོ་ཡུལ་མཁན། །རྒོད་ཚང་རས་སོགས་སྣ་ཚོགས་མིང་ལྡན་པ། །མལ་པའི་རྣལ་འབྱོར་ཁོ་བོ་བདག་འདྲ་ཡིས། །འཆད་རྩོད་རྩོམ་སོགས་མཁས་པའི་བྱ་བ་ལ། །འཇུག་པའི་འོས་མིན་ནུས་པ་མ་མཆིས་ཀྱང་། །སྔོན་སྦྱང་སྐྱེ་དྲན་སྐྱེས་སྦྱངས་བློ་གྲོས་ལྡན། །དམ་པའི་རིགས་ངེས་ཙཱ་རི་སྐུ་སྐྱེ་ཞེས། །སྐྱེས་བུ་མཆོག་གིས་ནན་ཆེར་བསྐུལ་བའི་ངོར། །རང་གིས་གོ་ཡུལ་མདོ་ཙམ་ཡི་གེར་བཀོད། །ནོར་འཁྲུལ་མཆིས་ན་མཁས་གྲུབ་རྣམས་ལ་
༦༠བཤགས། །དེ་ལས་བྱུང་བའི་དགེ་ཚོགས་དཔག་མེད་ཀྱིས། །མཁའ་མཉམ་འགྲོ་ཀུན་རྡོ་རྗེ་འཆང་ཐོབ་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་ཅིག །སླར་ཡང་། དཔལ་ཀུན་ཏུ་བཟང་པོའ་ནགས་ཁྲོད་དུ་ཞིབ་པར་བརྟགས་ཤིང་དཔྱད་དེ་སྡེབ་སྐྱོན་ཕྲ་མོའང་བསལ་ཡོད་པས་ཤིན་ཏུ་དག་པ་ཡོད། སུས་ཟེར་ན་ཁོ་བོ་དྲུང་ཡིག་རས་པས་དགེ་སྦྱོར་སྐྱོང་མ་ནུས་པའི་སྐབས་སུའོ། །

༄༅། །བདེ་མཆོག་མཁའ་འགྲོ་སྙན་གྱི་བརྒྱུད་པ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་པ་བྱིན་རླབས་དཔལ་སྟེར་ཅེས་བྱ་བ་བཞུགས་སོ༎

༦༡བདེ་མཆོག་མཁའ་འགྲོ་སྙན་གྱི་བརྒྱུད་པ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་པ་བྱིན་རླབས་དཔལ་སྟེར་ཅེས་བྱ་བ་བཞུགས་སོ། །
༦༢རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ཏཻ་ལོ་པ་དང་ནཱ་རོ་པ། །མར་པ་ལོ་ཙཱ་མི་ལ་རས་ཆེན་ཞབས། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འཇའ་ལུས་མངོན་གྱུར་རྗེ་བཙུན་རས་ཆུང་པ། །ཡེ་ཤེས་བླ་མ་སྦས་པའི་གྲུབ་ཐོབ་གསུམ། །ཞང་སྟོན་ལོ་ཙཱ་དྷ་ར་ཤྲཱི་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བྱང་སེམས་ཆེན་པོ་ཀུན་ལྡན་རས་པ་དང་། །གཟི་བརྗིད་རྒྱལ་མཚན་དབང་ཕྱུག་ཤེས་རབ་ཞབས། །གཞོན་ནུ་རྒྱལ་མཚན་རས་ཆེན་གདན་གཅིག་པར། །སྙིང་ནས་གསོལ་བ་འདེབས། ནམ་མཁའ་རྒྱལ་མཚན་འདུལ་འཛིན་ངག་གི་དབང་། །རབ་འབྱམས་སྨྲ་བ་སངས་རྒྱས་སེང་གེ་དང་། །ཕྱོགས་ལས་རྣམ་རྒྱལ་གཙང་སྨྱོན་ཧེ་རུ་ཀར། །སྙིང་ནས་གསོལ་བ །བརྒྱུད་སྲོལ་ཀུན་འདུས་རྒོད་ཚང་རས་ཆེན་ཞབས། །རབ་འབྱམས་རྣམ་གསུམ་ཀུན་མཁྱེན་གྲུབ་མཆོག་དབང་། །ཕྲིན་ལས་རྒྱ་མཚོ་བཀའ་བརྒྱུད་སྒྲོན་མེ་ལ། །སྙིང་ནས་གསོལ་བ །ཡོན་ཏན་རྒྱ་མཚོ་འཛམ་གླིང་རྡོ་རྗེའི་ཞབས། །ངག་གི་དབང་པོ་ཡེ་ཤེས་སྐལ་བཟང་དང་། །དཔལ་
༦༣ལྡན་རྒྱ་མཚོ་ངེས་དོན་བསྟན་འཛིན་ལ། །སྙིང་ནས་གསོལ་བ་ །མཐུ་སྟོབས་རྒྱ་མཚོ་རིན་ཆེན་འོད་ཟེར་དང་། །རིགས་ཀུན་ཁྱབ་བདག་འཁོར་ལོ་སྡོམ་པའི་དངོས། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་ས་ཨོ །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་དང་། །མོས་གུས་བླ་མའི་རྣལ་འབྱོར་མཐར་ཕྱིན་པའི། །སྔོན་འགྲོའི་རྣལ་འབྱོར་འབྱོངས་པར་བྱིན་གྱིས་རློབས། །སྨིན་བྱེད་དབང་ཐོབ་དམ་ཚིག་སྡོམ་ལ་གནས། །ཟབ་གསལ་དབྱེར་མེད་བསྐྱེད་རིམ་ཕ་རོལ་སོན། །སྣོད་བཅུད་སྣང་གྲགས་རིག་པའི་རྣམ་རོལ་ཀུན། །ལྷ་སྔགས་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །རླུང་དང་གཏུམ་མོས་འབར་འཛག་དབུ་མར་ཐིམ། །ཅིར་སྣང་སྒྱུ་མས་ཆགས་སྡང་དབྱིངས་སུ་གྲོལ། །ཉིང་འཁྲུལ་རང་དག་ཉམས་དང་རྟོགས་པ་ཡི། །འོད་གསལ་མངོན་དུ་འགྱུར་བར་ །སྐུ་གསུམ་འཕོ་བས་ཐར་འི་གྲོང་འཇུག་ཅིང་། །བར་དོའ་སྣང་ཆ་ཟུང་འཇུག་ལོངས་སྐུར་ཤར། །དངོས་དང་ཡིད་ཀྱི་ཕྱག་རྒྱ་ལ་བརྟེན་ནས། །བདེ་སྟོང་དགའ་བཞི་འཆར་བར
༦༤ཁྱད་པར་ལྷན་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །བླ་མའི་དྲིན་གྱིས་མངོན་སུམ་རྟོགས་པའི་མཐུས། །ཡིད་ལ་མི་བྱེད་འོད་གསལ་གཉུག་མའི་ངང་། །མཆོག་གི་དངོས་གྲུབ་བརྙེས་པར་བྱིན་གྱིས་རློབས། །གཞན་ཡང་གནས་སྐབས་ནད་གདོན་ཉེར་འཚེ་སོགས། །ལམ་བཟང་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པ་ཡིས། །དོན་གཉིས་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཅེས་པའང་ལམ་འདི་ལ་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ་བཀའ་བརྒྱུད་ཕྲིན་ལས་དབང་ཕྱུག་དཔལ་བཟང་པོའ་ཞལ་སྔ་ནས་ཀྱིས་སྙན་བརྒྱུད་ཡིད་བཞིན་ནོར་བུའི་སྨིན་གྲོལ་གྱི་གདམས་པས་རྗེས་སུ་བཟུང་བའི་སྐབས། །རིས་མེད་པའི་བསྟན་པ་ལ་མཆོག་ཏུ་གུས་པའི་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་དཔལ་རས་ཆུང་ཕུག་གི་གཙུག་ལག་ཁང་ཆེན་པོའ་ཡང་རྩེར་གྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་རསྟུ།

༄༅། །བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་ལམ་མདོར་བསྡུས་པ་ཡིད་བཞིན་ནོར་བུའི་སྙིང་པོ་།

༦༤ ༈ བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་ལམ་རིམ་མདོར་བསྡུས་པ་ཡིད་བཞིན་ནོར་བུའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །དཔལ་ལྡན་འཁོར་ལོ་བདེ་མཆོག་དང་། །དབྱེར་མེད་བླ་མ་ལ་བཏུད་ནས། །སྙན་བརྒྱུད་ཡིད་བཞིན་ནོར་བུ་ཡི། །ཉམས་ལེན་སྙིང་པོ་ཅུང་ཟད་དབྱེ། །དེ་ལ་རྟེན་གྱི་གང་ཟག་བརྒྱུད་པ་ཡིད་བཞིན་ནོར་བུ་འདི་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པ། །སྨིན་ལམ་ཡིད་བཞིན་ནོར་བུས་རྒྱུད་སྨིན་ཅིང་དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་རྣམ་པར་དག་པ་ལ་གནས་པས། གྲོལ་ལམ་ཡིད་བཞིན་ནོར་བུ་ཉམས་ཁྲིད་དུ་ཐོབ་ནས་རྒྱུན་དུ་མདོར་བསྡུས་པའི་ཚུལ་གྱིས་ཉམས་སུ་བླང་པ་ལ་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ནི། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་ཞིང་ཡིད་དང་མཐུན་པར་སྟན་བདེ་བ་ལ་འདུག་ནས་འདི་ལྟར་ངེས་པར་བྱ་སྟེ། ད་ལན་རྙེད་དཀའ་ཞིང་ཕན་འདོགས་ཆེ་བའི་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་འདི་ལྟ་བུ་ཞིག་
༦༥ཐོབ་ཀྱང་དོ་ནུབ་ཙམ་ཡང་མི་འཆི་བའི་གདིང་ནི་མེད་ཅིང་། ཤི་བའི་འོག་ཏུ་ལས་དཀར་ནག་འབའ་ཞིག་གི་རྗེས་སུ་འབྲངས་ཏེ་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ཁོ་ན་ལས་མ་འདས་པས། སྡུག་བསྔལ་ཅན་གྱི་འཁོར་བ་དེ་ལས་རང་གཞན་སེམས་ཅན་ཐམས་ཅད་བསྒྲལ་བའི་སླད་དུ་བླ་མ་དང་དཀོན་མཆོག་ལ་སྐྱབས་དང་ར་མདར་ཞུ་བའི་འདུན་པས། གནས་ཡུལ་དག་པའི་ཞིང་དུ་གྱུར་པའི་མདུན་གྱི་ནམ་མཁར་སེང་ཁྲི་པད་ཉི་ཟླ་བའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་ལ་བརྒྱུད་པའི་བླ་མས་བསྐོར་བ། །དེའི་མདུན་དུ་པད་ཉི་རོའ་གདན་ལ་དཔལ་འཁོར་ལོ་བདེ་མཆོག་གཙོ་བོར་གྱུར་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། གཡས་སུ་སེང་ཁྲི་པད་ཟླའི་གདན་ལ་སྟོན་པ་་རྒྱལ་པོ་ལ་དུས་གསུམ་སངས་རྒྱས་སྤྲུལ་སྐུའི་རྣམ་པ་ཅན་རྣམ་གྱིས་བསྐོར་བ། རྒྱབ་ཏུ་རིན་པོ་ཆེའི་ཁྲིའི་སྟེང་དུ་ཆོས་དཀོན་མཆོག་གླེགས་བམ་བྲག་རི་བརྩེགས་པའི་རྣམ་པ་ཅན། གཡོན་དུ་པད་ཟླའི་གདན་ལ་ཉེ་སྲས་བརྒྱད་དང་མཆོག་ཟུང་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན། བར་མཚམས་དང་འོག་གི་ཆར་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་མངོན་སུམ་ལྟ་བུར་གསལ་བའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་དམིགས་ཏེ། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ། རྫོགས་པའི་སངས་རྒྱས་རྣམས་ལ་་དམ་པའི་ཆོས་རྣམས་འཕགས་པའི་དགེ་འདུན་
༦༦རྣམས་ལ་།མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་དང་། སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། དེའི་མཐུ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། མཐར་སྐྱབས་ཡུལ་རྣམས་གཅིག་ཅར་དུ་འོད་དུ་ཞུ་ནས་རང་གཞན་ཐམས་ཅད་ལ་ཐིམ་པས་རྒྱུད་བྱིན་གྱིས་རླབས་པར་བསམ། རྡོར་སེམས་སྒོམ་བཟླས་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་པས་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། ཞབས་གཉིས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་མཚན་དཔེའི་གཟི་འོད་འབར་བའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉིས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་སྦྱོར་མཚམས་དང་སྐུ་ལས་བདུད་རྩིའི་རྒྱུན་བབས། །རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་གྱུར། ཧེ་རུ་ཀའི་ཡི་གེ་བརྒྱ་བ་དང་། ༀ་བཛྲ་ས་ཏྭ་ཧཱུྃ། ཅི་ནུས་བཟླ། བཤགས་སྡོམ་སྤྱི་ལྟར་མཐར། རྡོ་རྗེ་སེམས་དཔའི་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། །བླ་མའི་རྣལ་འབྱོར་ནི། རང་སྐད་ཅིག་གིས་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་
༦༧མདུན་གྱི་ནམ་མཁར་སེང་ཁྲི་པད་ཉི་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། །དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་དང་འཁྲིལ་བ། །དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། །ཞི་འཛུམ་མཚན་དཔེའི་ཉམས་འགྱུར་ཡོངས་སུ་རྫོགས་པར་གསལ་བའི་སྤྱི་བོར་ༀ། །མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་མཆོད་འོས་ཐམས་ཅད་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། །སྐྱབས་གནས་ཀུན་འདུས་བླ་མ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་བཞིན་བཞུགས་གསོལ་འདེབས། །དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །མཎྜལ་རྒྱས་བསྡུས་གང་ཤེས་ཕུལ། །སྡོམ་བཟུང་རྒྱས་པའམ། བསྡུ་ན། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །བདག་གིས་དེང་ནས་བྱང་ཆུབ་བར། །ཐུན་མོང་མཆོག་གི་སྡོམ་པ་རྣམས། །བསམ་སྦྱོར་བརྟན་པོས་བཟུང་ཞིང་བསྲུང་། །སྤྲོ་ན་བརྒྱུད་འདེབས་དང་། གང་ལྟར་ཡང་། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཆོས་རྗེ་སངས་རྒྱས་བཀའ་དྲིན་ཅན་ལ། །བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ། བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ། ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་མཐར། །དཔལ་ལྡན་བླ་མ་རིན་པོ་ཆེས། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །དབང་བཞི་བསྐུར་བར་མཛད་དུ་གསོལ། །སྨིན་ཅིང་གྲོལ་བར་བྱིན་གྱི་རློབས། །ཞེས་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ། །རང་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མེད་
༦༨དུ་གྱུར། །དབང་བཞི་ཐོབ། སྒྲིབ་བཞི་དག །སྐུ་བཞིའི་གོ་འཕང་འགྲུབ་པའི་སྐལ་པ་ཅན་དུ་བྱས་པར་བསམ་ལ་སེམས་འཛིན་མེད་དུ་བཞག །གཉིས་པ་དངོས་གཞི་ལ་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་བཞི་ལས། །དང་པོ་གཙོ་བོར་བུམ་དབང་གི་ལམ་ལ་ཡབ་བཀའ་དང་། །ཡུམ་བཀའ་གཉིས། དང་པོ་ལ་མཉམ་བཞག་དང་། རྗེས་ཐོབ་གཉིས་ཀྱི། །དང་པོ་ལའང་དབང་པོའ་རིམ་པ་དང་མཐུན་པར་རྒྱས་འབྲིང་བསྡུས་གསུམ་གང་མོས་ཉམས་སུ་ལེན་པར་གསུངས་པས། །འདིར་རེ་ཞིག་བསྡུས་པ་ལྷན་སྐྱེས་ཡབ་ཡུམ་གྱི་རྣལ་འབྱོར་ལྟར་ཉམས་སུ་བླང་བ་ལ་གསུམ་ལས། །དང་པོ་སྤྲུལ་སྐུ་བསྐྱེད་རིམ་གྱི་རྣལ་འབྱོར་ནི། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་་ཀོ྅ཧཾ། སྐད་ཅིག་གིས་སྟོང་པའི་ངང་ལས། །ནམ་མཁའི་ཁམས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་ཕྱི་དཀར་ལ་ནང་དམར་བ་ཁ་སྦྱོར་གྱི་ནང་དུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་ལྔ་པ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་ལྟེ་བ་མཐིང་ནག་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། །འོག་རྡོ་རྗེའི་ས་གཞི། །སྟེང་རྡོ་རྗེའི་གུར་དང་བླ་བྲེ། །ཕྱོགས་མཚམས་རྡོ་རྗེའི་རྭ་བ་དང་དྲཱ་བ་ལས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བར་བསམས་ལ། ༀ་བཛྲ་རྐྵ་རྐྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ་གྱིས་བྱིན་གྱིས་བརླབ་ཏེ་སྲུང་འཁོར་བསྒོམ། །དེའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་དུ། །པཾ་ལས་པདྨ། རཾ་ལས་ཉི་མ། འཇིགས་བྱེད་དང་དུས་མཚན་གན་རྐྱལ་དུ་འགྱེལ་བའི་གདན་གྱི་སྟེང་དུ་རང་གི་རྣམ་ཤེས་ཧཱུྃ་སྔོན་པོ་སྐད་ཅིག་གིས་ཡོངས་སུ་གྱུར་པ་ལས། །བདག་ཉིད་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། །ཞབས་
༦༩གཉིས་གཡས་བརྐྱང་ཞིང་གཡོན་ཅུང་ཟད་བསྐུམ་པའི་རོལ་སྟབས་ཀྱིས་འཇིགས་བྱེད་དུས་མཚན་གྱི་གདན་ལ་བཞུགས་པ། ཁྲོ་གཉེར་གསོ་བའི་ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་རལ་བའི་ཅོད་པན་གྱི་རྩེར་སྣ་ཚོགས་རྡོ་རྗེ་དང་ནོར་བུའི་ཕྲེང་བ་ཟླ་ཚེས་རྡོ་རྗེས་མཚན་པ། ཐོད་སྐམ་གྱི་རྩེར་རིན་ཆེན་འབར་བས་སྤྲས་པ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་འཆང་བ། གཅེར་བུ་ཁྲག་ཞག་ཐལ་ཆེན་བྱུགས་པའི་སྐུ་ལ་སྦྲུལ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་ལྤགས་རློན་པའི་ཤམ་ཐབས་གསོལ་བ། སྒེག་པ་ལ་སོགས་གར་དགུའི་ཉམས་དང་ལྡན་པའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་སྤྱན་གསུམ་ཕྱག་གཉིས་གཡས་གྲི་གུག་སྡིགས་མཛུབ་དང་། གཡོན་ཐོད་ཁྲག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། དབུ་སྐྲ་སིལ་བུའི་སྟོད་ཆ་གྱེན་དུ་བརྫེས་པའི་རྩེར་འཁོར་ལོ་དང་མེ་ཏོག་གི་ཕྲེང་བས་མཛེས་ཤིང་ལྷག་མ་ཐུར་དུ་གྲོལ་བས་སྐེད་པ་ནོན་པ་མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན་གཅེར་བུ་རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་། ཞབས་གཉིས་གཡོན་བརྐྱང་ཞིང་གཡས་བསྐུམ་པས་ཡབ་ཀྱི་སྐུ་ལ་འཁྲིལ་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྐུ་དང་ཕྱག་མཚན་ཡིག་འབྲུ་ཐིག་ལེའི་རྣམ་པ་དཔག་ཏུ་མེད་པ་ཁྱམས་དང་དུར་ཁྲོད་དུ་འཕྲོས་པས་འཁོར་གྱི་ལྷར་གྱུར་པ་ནི། ཁྱམས་ཀྱི་བར་སྣང་སྟེང་འོག་རྣམས་སུ་འཇའ་འོད་སྤྲིན་གྱི་གུར་ཁང་གི་ངོས་ལ། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་། འདོད་ཡོན་རྣམ་ལྔའི་མཆོད་པ་བཀོད་ལེགས་དུ་མ་ཐོགས་ནས་མཆོད་པ་ལ་བརྩོན་པའི་ལྷ་ཡི་བུ་དང་བུ་མོས་གང་བ། དུར་ཁྲོད་རྣམས་སུ་ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་ལ་སོགས་པ་སྟེ་གཟུགས་བརྙན་དང་ཆ་ལུགས་
༧༠སྣ་ཚོགས་འཆང་ཞིང་སྟོན་པའི་དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པས་གང་བར་བསམ་པ་ནི་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག་གོ་།བཅོམ་ལྡན་འདས་ལ་སོགས་པའི་ཡབ་ཐམས་ཅད་ཀྱི་ཐུགས་ཀར་ༀ་ཧ་ལས་རྡོ་རྗེ་སེམས་དཔའ་དཀར་པོ། །དཔྲལ་བར་ན་མ་ཧི་ལས་རྣམ་པར་སྣང་མཛད་དཀར་པོ། སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ་ལས་པདྨ་གར་དབང་དམར་པོ། ཕྲག་པར་བཽ་ཥཊ་ཧེ་ལས་མི་བསྐྱོད་པ་སྔོན་པོ། །མིག་ཏུ་ཧཱུྃ་ཧཱུྃ་ཧོ་ལས་རྡོ་རྗེ་ཉི་མ་སེར་པོ། ལྷུ་ཚིགས་ཐམས་ཅད་་ལ་རྒྱུད་ལས་་ཕཊ་ཕཊ་ལས་རྟ་མཆོག་ལྗང་ཁུ་རྣམས་གཡས་རྡོ་རྗེ་འཕྱར་ཐབས་སུ་འཛིན་ཅིང་གཡོན་དྲིལ་བུ་སྡིགས་མཛུབ་དང་བཅས་པས་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཾ་ག་འཆང་བ། ཕཊ་ཧཾ་ཞེས་གསུངས་ཀྱང་དཔེ་སྔ་མ་ལ་འདི་ལྟར་སྣང་། གཅེར་བུ་དཔའ་བོའ་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ། ཞབས་གཡས་བརྐྱང་ཞིང་གཡོན་ཅུང་ཟད་བསྐུམ་པའི་རོལ་སྟབས་ཀྱིས་པད་ཉི་རོའ་གདན་ལ་བཞུགས་པའོ། །རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་ཐམས་ཅད་ཀྱི་ལྟེ་བར་ༀ་བཾ་ལས་ཕག་མོ་དམར་མོ། །སྙིང་གར་ཧཾ་ཡཾ་ལས་གཤིན་རྗེ་མ་སྔོན་མོ། །མགྲིན་པར་ཧྲཱིཾ་མཾ་ལས་རྨོངས་བྱེད་མ་དཀར་མོ། །དཔྲལ་བར་ཧྲཱིཾ་ཧྲཱིཾ་ལས་སྐྱོད་བྱེད་མ་སེར་མོ། །སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལས་སྐྲག་བྱེད་མ་ལྗང་གུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ལས་གཏུམ་མོ་དུད་ཁ་སྟེ་ཐམས་ཅད་གཡས་གྲི་གུག་འཕྱར་ཐབས་སུ་འཛིན་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པའི་གྲུ་མོ་ན་ཁ་ཾ་ག་འཆང་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གར་སྟབས་ཀྱིས་པད་ཉི་རོའ་གདན་ལ་བཞུགས་པ། དཔའ་བོ་དང་དཔའ་མོ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་བསམ། དེ་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་
༧༡སྔོན་པོས་མཚན་པར་བསམ་པ་ནི་གོ་ཆ་བགོ་ཞིང་སྒོ་གསུམ་བྱིན་གྱིས་བརླབས་པ་སྟེ་ཉེ་བར་བསྙེན་པའི་ཡན་ལག་གོ། །དེ་དག་ལས་འོད་འཕྲོས། །ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ལ་ཕོག་པས་གཞལ་ཡས་ཁང་དུ་གྱུར། །ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་པས། ཕོ་ཐམས་ཅད་འཁོར་ལོ་སྡོམ་པ། མོ་ཐམས་ཅད་རྡོ་རྗེ་ཕག་མོར་གྱུར། དེ་ཐམས་ཅད་དང་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་བདེ་མཆོག་ཡབ་ཡུམ་གྱི་རྣམ་པར་ཚུར་འདུས་ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། །དེའི་རྐྱེན་གྱིས་སྤྱི་བོར་བཀའ་བརྒྱུད་བླ་མ། །སྙིང་གར་འཁོར་ལོ་སྡོམ་པ། །ཡན་ལག་ཚིགས་བཞི་དང་རྩ་དང་བ་སྤུའི་བུ་ག་ཐམས་ཅད་ལ་དཔའ་བོ་དང་རྣལ་འབྱོར་མ་ཆོས་སྐྱོང་སྲུང་མའི་ཚོགས་ཏེ། མདོར་ན་ལུས་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ཐམས་ཅད་གསལ་ཞིང་རྫོགས་པར་གྱུར་བར་བསམ་པ་ནི་སྣོད་བཅུད་སྦྱང་སྒྱུར་དང་ཡེ་ཤེས་པ་གཞུག་པ་སྒྲུབ་པའི་ཡན་ལག་གོ། ཕཻཾ་ཕཻཾ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ༀ་པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་ཨཱརྒྷཾ་སོགས་ཀྱིས་མཆོད། བཅོམ་ལྡན་འདས་རིགས་ལྔ་འཁོར་དང་བཅས་པས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རྡོ་རྗེ་འཆང་ཡབ་ཡུམ་གྱིས་དབུར་བརྒྱན་པར་བསམ་པ་ནི་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་འདེབས་པ་སྒྲུབ་པ་ཆེན་པོའ་ཡན་ལག་གོ་།དེ་ལྟར་ཡན་ལག་བཞིའི་ཚུལ་གྱིས་ལྷ་ཡི་སྐུ་གསལ་བཏབ་ནས་སེམས་འཛིན་པའི་ཚུལ་ལ་གསུམ་ལས། དང་པོ་རྣམ་པ་གསལ་བ་ནི། །ཐོག་མར་སྤྱན་དབུས་མ་ལྟ་བུ་ལ་མཚོན་ན་དཀར་ནག་
༧༢སོ་སོར་མ་འདྲེས་ཤིང་སྐབས་ཕྱེད་པ། སྤྱན་རྩ་དམར་ཞིང་སྡང་མིག་ཏུ་གཟིགས་པ། གསལ་ཞིང་དོད་ལ་ངོས་གཟུང་མེད་པ་ལ་ཡིད་གཏད་དེ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པ་རྩེ་གཅིག་ཏུ་བསྒོམ། མི་གསལ་ན་ངག་ཏུ་བརྗོད་པའི་མ་བྲིས་པའི་སྤྱན་དབུས་མ་ལ་བལྟ་ཞིང་ཡིད་ཡུལ་དུ་འཆར་བ་ན་སེམས་བཟུང་། ཚུལ་དེ་བཞིན་གྱིས་སྤྱན་གསུམ་སྨིན་མ་དང་བཅས་པ་དང་། །ཞལ་ཡོངས་རྫོགས་སོགས་ནས་མཐར་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གསལ་རྫོགས་མ་འདྲེས་པར་སེམས་བཟུང་བ་དང་། དེ་ལས་ཀྱང་དུ་མར་སྤྲོ་ཞིང་གཅིག་ཏུ་བསྡུ་བ་དང་། སྐུ་ཆེ་ཆུང་མ་ངེས་པར་བསྒོམ་པ་སོགས་ཀྱིས་རྩལ་སྦྱངས་ཤིང་གསལ་བརྟན་ཐོབ་པར་བྱའོ། །གཉིས་པ་རྣམ་དག་དྲན་པ་ནི་དོན་དམ་པར་སྣོད་བཅུད་ཐམས་ཅད་གཟོད་མ་ནས་ལྷ་དང་ཡེ་ཤེས་ཀྱི་ངོ་བོར་རྣམ་པར་དག་ཅིང་། ཀུན་རྫོབ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའང་། ས་བཅུ། ལམ་ལྔ། སྐུ་དང་ཡེ་ཤེས་སོགས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའ་ངོ་བོར་དྲན་པས་ཐ་མལ་གྱི་སྣང་ཞན་སྦྱང་ངོ་། །གསུམ་པ་ང་རྒྱལ་བརྟན་པ་ནི། རྣམ་པ་གསལ་རུང་མི་གསལ་རུང་། སེམས་ཀྱི་གཤིས་ཅི་ཡང་མ་ཡིན་པའི་རང་རྩལ་སྐུ་དང་ཡེ་ཤེས་མཁའ་ཁྱབ་ཏུ་འཆར་བའི་ཕྱིར། འབྲས་དུས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པའི་དཔལ་འཁོར་ལོ་སྡོམ་པ་དེ་ཉིད་གང་ཡིན་ནོ་སྙམ་པའི་ང་རྒྱལ་བརྟན་པོ་བཟུང་བར་བྱའོ། །དོན་གཉིས་པ་ལོངས་སྐུ་ཟུང་འཇུག་གི་རྣལ་འབྱོར་ལ་གསུམ་ལས། དང་པོ་མཆོད་བསྟོད་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གཟུགས་དང་ལང་ཚོའ་ཉམས་འགྱུར་ཕུན་སུམ་ཚོགས་པའི་རྡོ་རྗེ་ལྷ་མོར་གྱུར་པས་རང་ལ་མཆོད་ཅིང་བསྟོད་པར་བསམ་པས། ༀ་ཤྲཱི་ཧེ་རུ་ཀ་ཙཀྲ་སམྤ་ར་བཱི་ར་ཡོ་གི་ནཱི་ས་པ་རི་ཝཱ་ར་མ་ཧཱ་ཨཱརྒྷཾ་དང་། པུཥྤེ་སོགས་ཀྱི་ཉེར་སྤྱོད་དང་། ༀ་ཨཱཿརཱུ་པ་བཛྲཱི་ཧཱུྃ། སོགས་ཀྱིས་འདོད་ཡོན་ཏེ།
༧༣ཕྱི་མཆོད་དང་། །ༀ་ཨཱཿཧཱུྃ་གིས་ནང་མཆོད། །ལྷ་མོ་རྣམས་ཀྱིས་སྐུ་ལ་འཁྱུད་པས་སྙོམས་འཇུག་གི་བདེ་བ་སྐྱོད་པ་གསང་མཆོད། །དེ་ཁོ་ན་ཉིད་ལ་བློ་བཞག་པ་བླ་ན་མེད་པའི་མཆོད་པ་རྣམས་ཀྱིས་མཆོད། །ཡབ་ཡུམ་གྱི་རྐང་བརྒྱད་དམ། ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱིས་ཁྲོ་བོའ་སྐུར་སྟོན་གདུག་པ་འདྲལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཅེས་དང་། དཔའ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་རྡོ་རྗེའི་གླུས་བསྟོད་ནས་ལྷ་མོ་རྣམས་ལ་ཐིམ་པར་བསམ། གཉིས་པ་བཟླས་པ་ནི། བྱིན་གྱིས་བརླབས་པའི་ཕྲེང་བ་བཟུང་སྟེ། རང་གི་སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ་ཨ་བ་་ཏིའི་རང་བཞིན་གྱི་པདྨ་སྔོན་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་གནས་པའི་ཁམས་དཀར་ཆ་ཟླ་བ་དང་། དམར་ཆ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རླུང་སེམས་གཉིས་མེད་ཀྱི་ངོ་བོ་ཧཱུྃ་སྔོན་པོའ་འོད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་འགེང་ནུས་པ་དེའི་མཐར་ཐིག་ལེ་དཀར་དམར་འདྲེས་པ་ལས། ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། །ཅེས་ཉེ་སྙིང་དང་། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛྲ་ལ་སམྦ་རཾ་སྭཱ་ཧཱ། ཞེས་སྙིང་པོའ་སྔགས་ཕྲེང་གཡས་བསྐོར་དུ་འཁོར་བ། ཡུམ་གྱི་ཐུགས་ཀར་པད་ཟླ་ཉི་མའི་སྟེང་དུ་བཾ་དམར་པོའ་མཐར། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ། ཞེས་ཉེ་སྙིང་དང་། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ། ཞེས་སྙིང་པོའ་སྔགས་གཡོན་བསྐོར་དུ་འཁོར་བ་ལ་སེམས་གཏད་དེ་བཟླ་བ་ངག་བཟླས་དང་། དེའི་ཚེ་སྔགས་ཕྲེང་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་འགྲུབ་པར་བསམ་ལ་བཟླ་བ་ནི་སྤྲོ་བསྡུའི་བཟླས་པའོ། །མཐར་དབྱངས་གསལ་དང་
༧༤རྟེན་སྙིང་ཚར་གསུམ་རེས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་བྱིན་རླབས་བརྟན་པར་བྱས་ནས། སྔར་བཞིན་མཆོད་ཅིང་བསྟོད་ལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཅེས་གསོལ་བ་བཏབ། གསུམ་པ་ཟུང་འཇུག་གི་རྣལ་འབྱོར་དངོས་ནི་འོག་ཏུ་བཤད་པའི་དབང་གཉིས་པ་དང་གསུམ་པའི་ལམ་སྟེ་འདིར་ཡང་ཇི་ལྟར་རིགས་པར་བསྒོམ་མོ། །དོན་གསུམ་པ་ཆོས་སྐུ་འོད་གསལ་གྱི་རྣལ་འབྱོར་ནི། ཐུན་བསྡུ་བའམ། ནུབ་མོ་ཉལ་བའི་ཚེ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་བའི་འཁོར་ལོ་ལ་ཐིམ། སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་ལ་ཐིམ། དུར་ཁྲོད་བརྒྱད་སྤྲུལ་པའི་འཁོར་དང་བཅས་པ་རང་ལ་ཐིམ། རང་ཐུགས་ཀའི་ས་བོན་ལ་ཐིམ། དེ་ཡང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམ་ལ་དབྱིངས་རིག་བསྲེས་ཏེ་དབང་བཞི་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོའ་ངང་དུ་མཉམ་པར་བཞག །སྤྱོད་ལམ་ལ་འཇུག་པ་ན། སླར་ཡང་རང་སྐད་ཅིག་གིས་བདེ་མཆོག་ལྷན་ཅིག་སྐྱེས་པ་གོ་ཆའི་ལྷ་དང་བཅས་པར་གསལ་བའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་མོས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག །བདེ་མཆོག་འཁོར་ལོ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་གྱིས་རྒྱས་བཏབ་བོ། །དེ་རྣམས་ཀྱང་ཅུང་ཟད་རྒྱས་པའི་དབང་དུ་བྱས་པ་ཡིན་གྱི། ཤིན་ཏུ་བསྡུས་པ་ལྷན་སྐྱེས་ཀྱི་རྣལ་འབྱོར་དངོས་ནི། སྐྱབས་སེམས་ཚད་མེད་བཞི་བསྒོམ་པས་བསོད་ནམས་ཀྱི་ཚོགས་དང་། ཤཱུ་ནྱ་ཏཱས་ཉམས་ལེན་སྟོང་ཉིད་ལ་བློ་འཇོག་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། སྟོང་པའི་ངང་ལས་སྣོད་བཅུད་ཐམས་ཅད་ཆོས་འབྱུང་ཁ་སྦྱོར་དང་རྡོ་རྗེ་སྲུང་བའི་གུར་ཁང་ཆེན་པོའ་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་
༧༥སོགས་ཡན་ལག་བཞི་རྫོགས་སམ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར། ཞེས་པའི་བར་གྱིས་དམ་ཡེ་དབྱེར་མེད་དུ་གསལ་བཏབ་པའི་ཐུགས་ཀར་སྔགས་ཕྲེང་བཀོད་ལ་བཟླས་པ་ལ་འཇུག་པས་ཀྱང་རུང་ངོ། །གཉིས་པ་རྗེས་ཐོབ་ཐུན་མཚམས་ཀྱི་རྣལ་འབྱོར་ནི། སྤྱོད་ལམ་སོགས་ལ་འཇུག་པའི་ཚེ་ནའང་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་། ནང་རང་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་ལྷ་ཡི་ང་རྒྱལ་དང་མ་བྲལ་བའི་ངང་ནས་བཟའ་བཏུང་དང་། །གོས་རྒྱན་སོགས་འདོད་ཡོན་རྣམས་ལྷ་ལ་ལྷས་མཆོད་པ་དང་། ཡེ་ཤེས་ལ་ཡེ་ཤེས་ཐིམ་པའི་ཚུལ་གྱིས་ཞེན་པ་མེད་པར་ལོངས་སྤྱོད། རང་གི་སྒོ་གསུམ་གྱི་བྱ་བ་འགུལ་བསྐྱོད་ཕྱག་དང་བསྐོར་བ། སྨྲ་བརྗོད་གསང་སྔགས་ཀྱི་རང་སྒྲ། དྲན་རྟོག་འོད་གསལ་གཉུག་མའི་ངོ་བོར་ལམ་དུ་འཁྱེར། མཆོད་སྦྱིན་གཏོར་མའི་རྣལ་འབྱོར་ནི། ཅི་འབྱོར་པའི་གཏོར་མ་ཆང་ཆུ་ནང་མཆོད་ཀྱིས་བྲན་ལ་ནང་མཆོད་ལྟར་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ་དཔའ་བོ་དང་རྣལ་འབྱོར་མ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་སོགས་གཏོར་མའི་མགྲོན་དུ་གྱུར་པ་ཐམས་ཅད་ༀ་བཛྲ་ས་མཱ་ཛཿཔདྨ་ཀ་མ་ལཱ་ཡ་སྟཱཾ། ༀ་གུ་རུ་མཎྜལ་དེ་ཝ་ཌཱ་ཀི་ནཱི་་པཱ་ལ་བཛྲ་ཡོ་ག་ཡོ་གི་ནཱི་ས་པ་རི་ཝཱ་ར་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་ཕུལ། གོང་གི་སྔགས་མཐར། ཨཱརྒྷཾ་སོགས་བཏགས་པས་ཕྱི་མཆོད་དང་། ༀ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། །བསྟོད་པར་འོས་པ་ཐམས་ཅད་ལ། སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་ཕྲིན་ལས་བཅོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན། བཛྲ་མུཿས་གཤེགས་སུ་གསོལ། ནུབ་མོ་ཉལ་བའི་ཚེ་ཆོས་སྐུའི་རྣལ་འབྱོར་གྱིས་གཉིད་ཀྱི་འོད་གསལ་ལ་འཇུག །ནངས་པར་ཡུལ་ཉེར་བཞིའི་དཔའ་
༧༦བོ་དང་རྣལ་འབྱོར་མས་ཌཱ་མ་རུ་སྔགས་ཀྱི་གདངས་སུ་བསྒྲགས་པས་སད་པར་བསམ་ཞིང་སྐད་ཅིག་གིས་ལྷའི་སྐུར་ལྡང་། རྣལ་འབྱོར་གྱི་གྲོགས་སུ་འགྲོ་ན་དབང་གི་ལྷས་ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར་བའི་མོས་པས་ཁྲུས་བྱ། །སླར་ཡང་སྔོན་འགྲོ་ནས་བརྩམས་ཏེ་ཇི་སྐད་བཤད་པའི་རིམ་པ་རྣམས་ཐུན་བཞི་སོགས་སུ་འབད་པ་དྲག་པོས་ཉམས་སུ་བླང་བར་བྱའོ། །གཉིས་པ་ཡུམ་བཀའ་བསྡུས་པ་ལྷན་ཅིག་སྐྱེས་མའི་རྣལ་འབྱོར་གྱི་ཁྱད་པར་ནི། །སྲུང་འཁོར་སྔར་བཞིན་གསལ་བཏབ་ལ། དེའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་སོགས་ནས། གདན་གྱི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཡི་གེ་བཾ་དམར་པོ། དེ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་གཅེར་བུ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་ཐུར་དུ་བཟུང་ནས་གདུག་པ་ཅན་རྣམས་ལ་བསྡིག་ཅིང་། གཡོན་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་གཏོད་དེ་འཛིན་པའི་གྲུ་མོ་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཾ་ག་འཆང་བ་ལ་དམར་ལ་འཁྱུག་ཅིང་མཛེས་ལ་ཡངས་པའི་སྤྱན་གསུམ་ཟུར་གྱིས་གཟིགས་ཤིང་ཁྲོ་ལ་འཛུམ་པའི་ཞལ་མཆེ་བ་ཅུང་ཟད་གཙིགས་པ། དྲི་ཞིམ་ལི་བའི་དབུ་སྐྲ་སིལ་བུའི་སྟོད་ཆ་གྱེན་དུ་བརྫེས་པའི་རྩེར་འཁོར་ལོ་དང་མེ་ཏོག་གི་ཕྲེང་བས་མཚན་ཅིང་སྨད་ཆ་ཐུར་དུ་གྲོལ་བས་སྐུ་སྐེད་ནོན་པ། ཞབས་གཡས་བརྐྱང་བས་འཇིགས་བྱེད་ནག་པོའ་སྙིང་ག་མནན་ཞིང་། གཡོན་ཅུང་ཟད་བསྐུམ་པས་དུས་མཚན་དམར་མོའ་ནུ་ཕྲག་མནན་པའི་རོལ་སྟབས་ཀྱིས་བཞུགས་པའི་སྐུ་ལ་མི་མགོ་སྐམ་པོ་ལྔའི་དབུ་བརྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་ཕྱག་རྒྱ་ལྔས་མཛེས་པ། གཟུགས་དང་ལང་ཚོ་དར་ལ་བབས་ཅིང་། བྷ་ག་དང་ནུ་མ་རབ་ཏུ་
༧༧རྒྱས་ལ་སྐེད་པ་ཕྲ་བ། བདེ་བ་ཆེན་པོས་རྣམ་པར་མྱོས་པའི་ཆ་བྱེད་ཅན་སྣང་ལ་རང་བཞིན་མེད་པའི་སྐུའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་འགེང་ནུས་པ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་སུ་བྱོན་ཅིང་སྐྱེ་འགྲོ་ཀུན་གྱི་ཡིད་འཕྲོག་པའི་བདག་ཉིད་མ། བ་སྤུའི་བུ་ག་ཐམས་ཅད་ནས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར། རང་གི་ཐུགས་ཀའི་བཾ་ལས་འོད་ཟེར་སྐུ་དང་སོགས་ནས། དཔག་ཏུ་མེད་པས་གང་བར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་ལྟེ་བར་ༀ་བཾ་ལས་ཕག་མོ་དམར་སོགས་ནས་བཞུགས་པ། དེ་ཐམས་ཅད་ཀྱང་མེ་ལོང་ནང་གི་སོགས་ནས། སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་ཚུར་འདུས་ཛཿཧཱུྃ་བཾ་ཧོ༔་རང་ལ་གཉིས་སུ་མེད་པར་ཐིམ། དེའི་རྐྱེན་གྱིས་སོགས་ནས། སྤྱི་བོར་འཁྱིལ་བ་ལས་རྣམ་པར་སྣང་མཛད་ཡབ་ཡུམ་གྱིས་དབུར་བརྒྱན། ༀ་བྷ་ག་ཝཱ་ཏཱི་བཛྲ་ཝཱ་ར་ཧཱི་ས་པ་རི་ཝཱ་ར་ཨཱརྒྷཾ་སོགས་ཕྱི་མཆོད་དང་། ༀ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། སོགས་ཀྱིས་བསྟོད། རང་གི་སྙིང་གར་དྷཱུ་ཏིའི་རང་བཞིན་གྱི་པདྨ་སྔོན་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུར་བྱང་སེམས་དཀར་དམར་ཉི་ཟླའི་གདན་གྱི་སྟེང་དུ་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་བཾ་དམར་པོའ་མཐར་ཐིག་ལེ་དཀར་དམར་འདྲེས་པ་ལས། ༀ་སརྦ་བུ་དྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞྞ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ། ཞེས་ཉེ་སྙིང་དང་། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ། ཞེས་སྙིང་པོའ་སྔགས་ཕྲེང་། གཡོན་བསྐོར་དུ་འཁོར་བ་ལ་སེམས་གཏད་དེ། ངག་བཟླས་དང་། སྤྲོ་བསྡུའི་བཟླས་པ་བྱ། ཐུན་མཐར་མཆོད་བསྟོད་གསོས་གདབ་རྫོགས་རིམ། །ཐུན་མཚམས་ཀྱི་རྣལ་འབྱོར་སོགས་སྔར་བཤད་པ་བཞིན་ལ་དམིགས་བསལ་གྱི་ཁྱད་པར་ཅུང་ཟད་དང་བཅས་ཏེ་ཉམས་སུ་བླང་ངོ་།
༧༨ཡང་ཤིན་ཏུ་བསྡུས་པ་ལ་མོས་ནའང་། སྐྱབས་སེམས་ཚད་མེད་ཀྱི་རྗེས། སྐད་ཅིག་དྲན་རྫོགས་སུ་བསྐྱེད་ཚུལ་སོགས་ཡབ་བཀའི་འགྲོས་ལྟར་སྦྱར་བ་ཉིད་དོ། །ཞར་ལ་བསྙེན་པ་བྱེད་ཚུལ་གྱི་ལག་ལེན་ཅུང་ཟད་བཤད་ན། མར་ངོའ་ཚེས་བཅུ་སོགས་དུས་ཚེས་ཤིས་པའི་ཉིན་གནས་དབེན་པར་བདེ་མཆོག་ཡབ་ཡུམ་གྱི་བྲིས་སྐུ་དང་། དེའི་མདུན་དུ་གཏོར་མ་དང་མཆོད་པའི་བྱེ་བྲག་ཇི་ལྟར་འབྱོར་པ་བཤམ། གཞན་ཡང་དགོས་པའི་ཡོ་བྱད་རྣམས་ཚགས་སུ་ཚུད་པར་བྱ། དེ་ནས་སྔོན་གཏོར་བཏང་། སྒོ་དྲུང་དུ་ཐོ་བརྟན་པོར་བཙུག །ནང་དུ་ལོག་ལ་སྲུང་འཁོར་ནན་ཏན་གྱིས་གསལ་བཏབ་རྗེས། སྲོད་ཐུན་ནས་མགོ་བརྩམས་ཏེ་བརྒྱུད་འདེབས་དང་། གནས་ཡོ་བྱིན་རླབས་སྐྱབས་སེམས་ནས་བཟུང་བདག་བསྐྱེད་བཟླས་པའི་བར་དང་། བཟླས་པ་འོས་མཚམས་ཀྱི་མཐར་མཆོད་བསྟོད་གསོལ་བ་གདབ། གཏོར་མ་འབུལ། རྫོགས་རིམ་གྱི་རྣལ་འབྱོར་གྱིས་གཉིད་ཀྱི་འོད་གསོལ་ལ་འཇུག །ནངས་པར་ལྡང་བའི་རྣལ་འབྱོར་གྱིས་ལྡང་། སྔོན་འགྲོ་རྒྱས་པ་སྔར་བཏང་གྲུབ་ན་འདིར་མི་དགོས་ཤིང་། མ་གྲུབ་ན་སྐྱབས་འགྲོ། ཡིག་བརྒྱ། མཎྜལ། གསོལ་འདེབས་རྣམས་རབ་རྟགས་མཐོང་། འབྲིང་འབུམ་ཐེར། ཐ་མའང་ཁྲི་རེ་ལས་མི་ཉུང་བར་རིམ་པར་བསགས་པའི་ཐུན་མཚམས་རྣམས་སུ་ལྟུང་བ་བཤགས་པ་དང་སྦྲགས་ཏེ། ཕྱག་འབུམ་ཐེར་ཀྱང་འགྲོ་བར་བྱ། དེ་ནས་དངོས་གཞི་ལ་ཐུན་བཞིའི་རིམ་པས་བདག་བསྐྱེད་གཏོང་ཞིང་། བཟླས་དམིགས་ངག་བཟླས་དང་། སྤྲོ་བསྡུའི་བཟླས་པ་གཉིས་ལ་གཙོ་བོར་བྱ། གཞན་རླུང་འགྲོ་འོང་གནས་གསུམ་སྔགས་སུ་ཤེས་པའི་སྒོ་ནས་དམིགས་པ་དང་བཅས་ཏེ་བགྲང་པ་རགས་པ་རྡོ་རྗེའི་བཟླས་པ། ཡབ་ཡུམ་སྙོམས་པར་འཇུག་པའི་མཁའ་གསང་ལས་སྔགས་ཐམས་ཅད་འཁོར་བར་བསམས་ཏེ་བཟླས་པ་དོ་ལིའི་བཟླས་པ། །
༧༩དམིག་པ་དེ་དང་བཅས་ཏེ་རླུང་བུམ་ཅན་བཟུང་ནས་སྔགས་བཟླ་བ་སྤྲོས་མེད་འགོག་པའི་བཟླས་པ། ཡིད་ཀྱི་ཏིང་ངེ་འཛིན་ཁོ་ན་ལས་མཆུ་སོར་རླུང་སྦྱོར་གཉིས་ཀ་སྤངས་ཏེ་བཟླ་བ་ཤིན་ཏུ་སྤྲོས་མེད་ཡིད་ཀྱི་བཟླས་པ། ངལ་གསོ་ཚེ་གནས་ལུགས་ཀྱི་ངང་ལ་འཇོག་པ་དོན་དམ་སྐྱེ་མེད་རྡོ་རྗེའི་བཟླས་པ་རྣམས་ཀྱང་ཇི་ལྟར་རིགས་པ་ཉམས་སུ་བླང་། གྲངས་ཡབ་བཀའ་ལ་རབ་ཉེ་སྙིང་དང་། སྙིང་པོ་གཉིས་ཀ་འབྲུ་འབུམ། འབྲིང་ཉེ་སྙིང་འབྲུ་འབུམ་དང་། སྙིང་པོ་བཞི་འབུམ། ཐ་མ་ཉེ་སྙིང་བཞི་འབུམ་དང་། སྙིང་པོ་ཉིས་འབུམ་རྣམས་ཁ་སྐོང་དང་བཅས་པ་བཟླ་ཞིང་ཡུམ་གྱི་ཉེ་སྙིང་ཡང་སུམ་འབུམ་བཞི་ཁྲི་བཟླའོ། །ཡུམ་རྐྱང་ལ་བསྙེན་པ་བྱེད་ན་ཉེ་སྙིང་སུམ་འབུམ་བཞི་ཁྲི་དང་། སྙིང་པོ་བཞི་ཁྲིའོ། །ཐོར་ཐུན་མ་གཏོགས་པའི་ཐུན་གསུམ་ཀའི་རྗེས་སམ། མ་བྱུང་ཡང་ཕྱི་ཐུན་གྱི་མགོར་གནས་ཡོ་བྱིན་རླབས་དང་། འཇུག་ཏུ་གཏོར་མ་བསྔོ། ཚེས་བཅུ་རྣམ་གཉིས་སོགས་དུས་ཁྱད་པར་ཅན་གྱི་ཚེ་ཚོགས་ཀྱི་མཆོད་པའང་བྱ། ཐུན་མཚམས་ཀྱི་རྣལ་འབྱོར་སོགས་སྔར་སྨོས་པ་ལྟར་ལ། བཟླས་པའི་གྲངས་ཐེམས་ནས་ལྷག་ཆད་ཁ་སྐོང་ཞི་བའི་སྦྱིན་སྲེག་སྔགས་ཀྱི་བཅུ་ཆ་བྱ་བའམ། མ་གྲུབ་ན་ཡི་གེ་བརྒྱ་པ་དེ་སྙེད་བཟླ། གཏོང་རག་གི་ཚུལ་དུ་སྒྲུབ་ཅིང་མཆོད་པ་དང་། དབང་བླང་བ་དང་། ཆོས་སྲུང་གི་སྐོང་བཤགས་དང་། ཚོགས་ཀྱི་མཆོད་པ་སོགས་རྒྱས་པར་བསྟར་ནས་ཡར་ངོའ་དུས་དགེ་བའི་སྔ་དྲོའི་ཆར་ནང་མཚམས་ལས་གྲོལ་ལ། རིམ་གྱིས་གྲོགས་དམ་ཚིག་དང་ལྡན་པ་སོགས་དང་འཕྲད། གཞན་ཡང་སྤང་བླང་གི་རིམ་པ་དང་། དམིགས་པའི་བསྟེན་གོམས་པ་རྣམས་བསྙེན་ཡིག་སྤྱི་འགྲོ་ལྟར་ཤེས་པར་བྱའོ། །གཉིས་པ་གཙོ་བོར་གསང་དབང་གི་ལམ་སྟེང་སྒོ་རྣམ་པར་གྲོལ་བ་ཆོས་དྲུག་གི་རྣལ་འབྱོར་ལ་དྲུག་ལས། དང་པོ་གཏུམ་མོ་བདེ་དྲོད་རང་འབར་
༨༠གྱིས་ལམ་གྱི་གཞུང་བསྲང་བ་ལ། ཐོག་མར་ཡབ་ཡུམ་གཉིས་ཀའམ། ཡུམ་བཀའ་ལྷན་ཅིག་སྐྱེས་མའི་བསྐྱེད་བཟླས་མཐར་ཕྱིན་པ་སྔོན་དུ་འགྲོ་བས། རྣལ་འབྱོར་དངོས་ལ། ཕྱི། ནང་། གསང་བ། དེ་ཁོ་ན་ཉིད་ཀྱི་གཏུམ་མོ་སྟེ་བཞི་ལས། དང་པོ་ལའང་གཉིས་ཀྱི། དང་པོ་བཅའ་པ་ལུས་ཀྱི་གནད་ནི། ནམ་ཕྱེད་ནས་ནམ་ལངས་ཀྱི་བར་སོགས་ཁམས་སྙོམས་པའི་སྐབས་སུ། རླུང་སྣ་བུག་གཡོན་ནས་རྒྱུ་བའི་ཚེ་ཐོག་མར་མགོ་བརྩམས་ཏེ། དེ་ཡང་བདེ་བའི་སྟན་ལ་ལུས་གནད་རྣམ་སྣང་ཆོས་བདུན་སྤྱི་ལྟར་བཅའ། ལུས་སེམས་གཉིས་ཀ་དམ་ལྷོད་དུ་མ་སོང་བར་ཆ་ཆ་ནས་བསྒྲིམ། གཉིས་པ་དམིགས་པ་སེམས་ཀྱི་ལྟ་སྟངས་ལ་གསུམ་ལས། དང་པོ་སྒྱུ་མ་ལྷ་ཡི་སྟོང་ར་ནི། དེའི་ངང་ལས་སྐྱབས་སེམས་ནས་བླ་མའི་རྣལ་འབྱོར་གྱི་བར་བློ་རྒྱུད་དང་འདྲེས་ངེས་སུ་བྱས་པའི་མཐར། རང་ཡི་དམ་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལུས་ཀྱི་ནང་ནས་སོར་མོའ་རྩེ་མོ་ཚུན་ཆད་ཕྲུ་མ་ཕུས་བཏབ་པ་ལྟར་སྟོང་གསལ་འོད་ཀྱི་རང་བཞིན་ཅན་དུ་གསལ་བཏབ་ལ། རླུང་རྒྱུ་བ་གཡས་གཡོན་གང་བདེའི་ཕྱོགས་ཀྱི་ལག་པ་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོས་རང་ཕྱོགས་ཀྱི་སྣ་བུག་བཀག །མི་བདེ་བའི་ཕྱོགས་ཀྱི་སྣ་ནས་དབུས་ཅུང་རགས་ལ་ཐོག་མཐའ་གཉིས་ཕྲ་བ་ནས་ཀྱི་དབྱིབས་ལྟ་བུ་དལ་བ་རིང་བ་ཁོང་འདིར་མ་ཐོན་གྱི་བར་དུ་རླུང་ཞབས་མ་ལུས་པར་ལན་གསུམ་དུ་ཕུད་ལ་ཅུང་ཟད་ཕྱིར་བཞག །དེ་བཞིན་གཞན་ཕྱོགས་ལའང་བྱ་ཞིང་ཕྱིར་འབུད་དུས་སྟོང་འདྲེན་དུ་སོང་ན་ཚོ་ལ་གཟན་པས་རྒྱུ་ཞབས་ནན་ཙམ་བྱ། རྗེས་སུ་ལག་པའི་མཐེ་བོང་གཉིས་ཀྱིས་སྲིན་ལག་གི་འདྲེ་རྩ་མནན་པའི་རྡོ་རྗེ་ཁུ་ཚུར་བརླ་སྟེང་དུ་ཁ་སྦུབས་ནས་བཞག་སྟེ་སྣ་བུག་གཉིས་ཀ་ནས་ལན་གསུམ་སྟེ་རླུང་རོ་དགུ་ཕྲུགས་སུ་འབུད། དེའི་ཚེ་ཕྱིར་བསལ་བ་ན་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྤྱི་བོ་ནས་དུད་པའི་རྣམ་པས་
༨༡བུན་བུན་ཐོན། ནང་དུ་རྔུབས་པ་ན་སྲིད་ཞིའི་ཡོན་ཏན་ཐམས་ཅད་འོད་ཟེར་གྱི་རྣམ་པས་ཞུགས་པར་བསམ་ལ་ཤེས་པ་རྣལ་དུ་དབབ། དེ་ནས་རླུང་འབྱུང་འཇུག་སྔར་བཞིན་ལ། ནང་དུ་གནས་པའི་ཚེ་འོག་རླུང་ཅུང་ཟད་འཐེན་ཏེ་ཁ་སྦྱོར་དུ་ཐུབ་ཚད་བཟུང་བའི་འཇམ་རླུང་ཐུན་བཞི་བཞིའི་བར་ཡང་ལ་མི་བསོ་བར་མུ་མཐུད་དེ་བསྒོམས་པ་ལ་རླུང་བཞི་སྦྱོར་ཞེས་བྱ་སྟེ་འབྱོངས་ངེས་སུ་བསྐྱང་ངོ་། །གཉིས་པ་དག་པ་རྩ་ཡི་སྟོང་ར་ནི། ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཁ་དོག་དམར་སེར་གྲོ་སོག་ཕྲ་མོ་ཙམ་པ། མར་སྣ་གསང་གནས་སུ་ཟུག་པ་དང་། ཡར་སྣ་སྤྱི་བོར་ཟང་ཐལ་ལེ་ཟུག་པའི་སྟེང་དུ་བླ་མའི་རྣལ་འབྱོར་དཀྱུས་ལྟར་བསྒོམ། ལུས་གནད་གཞན་འདྲ་བ་ལ། ལག་པ་གཉིས་བསྡོམས་པའི་མཉམ་བཞག་སྐྱིལ་ཀྲུང་གི་སྟེང་དུ་བཞག་སྟེ་རླུང་སྔར་ལས་ཤུགས་དྲག་པས་སངས་ཀྱིས་བུས་ལ་ཕྱིར་ཐུབ་ཚད་བཞག །རྒྱུ་ཞབས་ནན་ཙམ་བྱ། མི་ཐུབ་པ་དང་དྲག་པོའ་ཚུལ་གྱིས་རྫོགས་པར་རྔུབ་རྗེས་ཁ་ན་གང་ཡོད་ཀྱི་མཆིལ་མ་ཁ་ཆང་གི་ཚུལ་དུ་རྔུབས་པ་བཅས་སྟེང་རླུང་ལྟེ་འོག་ཏུ་མནན་ནས་བཅུད་ལ་བོར་ཞིང་། འོག་རླུང་ཡང་དྲག་ཏུ་འཐེན། བར་རླུང་ཐད་ཀར་བརྒྱད་ལ་དགང་བའི་སྦྱོར་བ་བྱ། དགང་བའི་རླུང་ཐོག་ཏུ་བསྐྱར་ཞིང་རྔུབས་ཏེ་འོག་རླུང་བསྒྲིལ་ནས་ཡང་ཡང་མཆིལ་མ་མིད་ཅིང་འཕོང་རྡེབ་པ་དང་བཅས་གཡས་གཡོན་དབུས་གསུམ་དུ་ཐུབ་ཐད་དུ་བསྡིག་ཅིང་། མི་ཐུབ་པ་དང་ཐོག་མར་ནང་དུ་ཅི་ཐུབ་གཅིག་རྔུབ། དེ་ནས་ཀོང་ཀོ་བཏེགས་ཙམ་བྱས་ལ་ལྷག་མ་མ་ལུས་པར་ཕྱིར་འབུད་པ་ནི་དྲག་རླུང་སྦྱོར་བ་བཞི་ལྡན་ཏེ། དེའི་ཚེ་ཕྱིར་འབུད་པ་ན་སྤྱི་བོའ་བླ་མ་ཁྲུ་གང་ཙམ་གྱི་ནམ་མཁར་ཡེར་གྱིས་བྱོན་ཏེ་ནད་གདོན་སོགས་ཐོན་པ་དང་། ནང་དུ་རྔུབ་པའི་ཚེ་སྲིད་ཞིའི་ཡོན་ཏན་བསྡུས་པའི་ཚེས་བླ་མ་སྔར་བཞིན་དུ་བཞུགས་པར་བསམ། དེ་ལྟར་བསྒོམས་པས་རླུང་ཐུན་རེ་བཞིན་དབུ་མ་གྲོ་སོག་སྦོམ་པ་ཙམ་དང་། ནས་སོག་
༨༢ཕྲ་སྦོམ་སོགས་ཀྱི་ཚད་ལྟར་ཇེ་སྦོམ་དུ་སོང་བའི་མཐར་ལྷ་སྐུའི་ནང་གི་སོར་མོའ་རྩེ་མོ་ཚུན་ཆད་རྩ་ཡི་སྟོང་རས་གང་སྟེ། ཕྱི་ནས་བལྟས་ན་ལྷ་སྐུ་དང་། །ནང་ནས་བལྟས་ན་རྩའི་སྟོང་རའི་རྣམ་པར་གྱུར་པར་བསྒོམ་མོ། །གསུམ་པ་བྱིན་རླབས་བླ་མའི་གཏུམ་མོ་ནི། སྤྱི་བོར་བླ་མའི་རྣལ་འབྱོར་སྔར་བཞིན་གསལ་བཏབ་ལ། དབུ་མ་སྦ་ལྕག་ཙམ་པའི་ལྟེ་འོག་སོར་བཞི་ལས་ཅུང་དམའ་བའི་ཐད་ནས་སྐྱེས་པའི་ཚུལ་གྱིས་གཡས་སུ་རོ་མ་དམར་ལ་དཀར་བའི་མདངས་ཅན། གཡོན་དུ་རྐྱང་མ་དཀར་ལ་སྔོ་བའི་མདངས་ཅན། གཉིས་ཀ་དབུ་མ་ལས་སུམ་འགྱུར་གྱིས་ཕྲ་བ། མར་སྣ་ཅུང་ཟད་འཁྱིལ་བའི་རྣམ་པ་ཅན་ཡི་གེ་ཆའི་འཕང་ལྟ་བུ། བར་དབུ་མ་ལྟར་དྲང་ཐལ་ལེ་བ། ཡར་སྣ་སྤྱི་བོའ་ཐོད་པ་ལ་སོར་གཉིས་མ་རེག་ཙམ་ནས་ཐུར་དུ་གུག་སྟེ་སྣ་བུག་གཉིས་སུ་ཟུག་པ་ཞིག་གསལ་བཏབ། དབུ་མའི་ནང་གི་ལྟེ་འོག་སོར་བཞིའི་ཐད་ཀྱི་ནང་ཐམས་ཅད་ཁེངས་ནུས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྩ་བའི་བླ་མ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན་ཚོན་གང་བ། གཡས་རྡོ་རྗེ་ནམ་མཁར་སྡིག་ཅིང་། གཡོན་ཐོད་པ་བདུད་རྩིས་གང་བ་བསྣོམས་པ། ཞབས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། མེའི་རང་བཞིན་ཅན་མེའི་འོད་ཕྲམ་ཕྲམ་འཕྲོ་བར་བསམ། དེ་ནས་བླ་མའི་སྐུ་ལས་བྱུང་བའི་འོད་ཟེར་དབུ་མའི་ལམ་ནས་ཐོན། འཕགས་པར་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་བླ་མ་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མོས་ལ། གསོལ་འདེབས་སྤྱི་དང་། ཁྱད་པར། བླ་མ་རིན་པོ་ཆེས་བདག་ལ་གཏུམ་མོ་བདེ་དྲོད་ཀྱི་མེ་སྦར་དུ་གསོལ། ཡེ་ཤེས་ཀྱི་གཏུམ་མོའ་ཞུ་བདེ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་རང་ངོ་འཕྲོད་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ནས་རླུང་ནང་དུ་རྔུབ་པས་རོ་རྐྱང་གི་ལམ་བརྒྱུད། ཉི་གདན་དང་བླ་མའི་སྐུ་ལ་ཕོག་པས་དེ་ལས་འབར་
༨༣བའི་མེས་དབུ་མ་དང་རོ་རྐྱང་གི་ནང་ཐམས་ཅད་ཁེངས། མཐར་རྩ་གསུམ་ཡང་མེར་འབར་བས་ལུས་ཀྱི་ནང་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེག །དེ་ནས་རིམ་པར་གནས་ཁང་། ལུང་པ། ཡུལ་གྲུ་སོགས་ནས་མར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་མེ་ལྕེ་གཅིག་ཏུ་འབར་བར་བསམ་ལ་རླུང་སྦྱོར་དང་སྦྲག །ཐུན་འཇོག་པ་ན་བླ་མ་གདན་དང་བཅས་པ་འོད་དུ་ཞུ་ནས་རྩ་གསུམ་དང་ལུས་ཐམས་ཅད་ལ་ཁྱབ་མཉམ་དུ་ཐིམ་པར་བསམ་ཞིང་སེམས་འཛིན་མེད་དུ་འཇོག །ཐུན་མཚམས་རྣམས་སུའང་། ཟས་གོས་གནས་ཁང་སོགས་ཅིར་སྣང་ཐམས་ཅད་བླ་མའི་ངོ་བོ་མེའི་རྣམ་པར་ལམ་ལམ་གྱིས་གསལ་བཏབ་ལ་ལོངས་སྤྱོད་དོ། །འདི་ཡན་གྱི་ལམ་འདི་རྣམས་རེ་རེ་ནས་ཤིན་ཏུ་འབྱོངས་པ་བྱུང་ན། འོག་གི་དམིགས་པ་རྣམས་གནད་དུ་འགྲོ་ཞིང་གེགས་མི་འབྱུང་བ་ཡིན་པས་གལ་ཆེའོ་གསུངས། གཉིས་པ་ནང་གི་གཏུམ་མོ་ལ་གསུམ་ལས། དང་པོ་རྩ་ཡི་གཙོ་མོ་གཅིག་ལ་བརྟན་པ་ནི་ལས་དང་པོ་པ་ལ་གེགས་ཅུང་ཟད་ཆེ་བས་འདིར་ཕྱག་ལེན་ལ་མི་མཛད། གཉིས་པ་རྩ་གསུམ་ལ་བརྟེན་པ་ནི། རྩ་གསུམ་སྔར་བཞིན་གསལ་བའི་ལྟེ་འོག་གི་དབུ་མའི་ནང་དུ་ཁམས་དམར་པོའ་དྭངས་མ་ཨ་ཤད་དམར་པོ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཚངས་བུག་གི་ནང་དུ་ཁམས་དཀར་པོའ་དྭངས་མ་ཧཾ་དཀར་པོ་མགོ་བོ་ཐུར་བསྟན་ཞིག་གསལ་ལ། སྤྱི་བོའ་བླ་མ་ལ་གསོལ་བ་བཏབ་ཅིང་རླུང་རྔུབས་པས་རོ་རྐྱང་གི་ལམ་བརྒྱུད། ཨ་ཤད་ལ་ཕོག་པས་མེ་འབར་ལ་ཁད་པ་དང་། མེ་འབར་བས་ལྟེ་བ་མན་གང་བ་དང་། དེ་ལས་མེ་ལྕེ་ཕྲ་མོ་རྟ་རྔ་ཙམ་པ་ཞིག་ཆད། དེ་སྤྱི་བོའ་ཧཾ་ལ་རེག །བྱང་སེམས་སྐྱ་ཆིལ་གྱིས་བབས། སྙིང་ག་ནས་སོར་བཞི་ཡན་གྱི་དབུ་མའི་ནང་ཐམས་ཅད་གང་བ་དང་། དེ་ལས་ཀྱང་ཐིག་ལེའི་དྭངས་མ་བ་ཐག་ཙམ་པ་བྱུང་། ཨ་ཤད་ལ་རེག་
༨༤པས་མེ་ཆེར་འབར་བས་སྙིང་ག་ནས་སོར་བཞི་མན་ལ་ཁམས་འབབ་ཏུ་མི་སྟེར་ཞིང་། དེ་ཡན་བྱང་སེམས་སྟོབས་རྒྱས་པས་མེ་འབར་མི་སྟེར་བར་བསམ་ལ་སོ་སོར་རླུང་སྦྱོར་དང་བཅས་ཏེ་བསྒོམ། མཐར་ལྟེ་སྙིང་གི་འབར་འཛག་ལ་སེམས་གཏད་དེ་ཁ་སྦྱོར་དུ་བཟུང་། ཐུན་འཇོག་པ་ན། ལག་གཉིས་པུས་སྟེང་དུ་བཞག་ཁ་གཡས་སུ་གཅུ་བ་དང་རྐང་གཡས་གདན་ཁར་ཕབ་པས། གཏུམ་མོའ་མེ་ཧཾ་ལ་ཐུག་གི་བར་སོང་ནས་ལྟེ་སྙིང་གི་བར་དཀར་དམར་འདྲེས་པར་བསམ། །འཁྲུལ་འཁོར་དེ་ལས་ལྡོག་པས་བྱང་སེམས་ཨ་ཤད་ལ་ཐུག་གི་བར་སོང་བས་དཀར་དམར་འདྲེས་པར་བསམ་ལ། རླུང་དཀྲུགས་དང་བཅས་ལུས་ཐམས་ཅད་དཀར་དམར་འདྲེས་པས་གང་བས་བདེ་དྲོད་བསམ་གྱིས་མི་ཁྱབ་པ་སྐྱེས་པར་མོས་ཏེ་ཐུན་མཚམས་རྣམས་སུའང་དེ་ཉིད་ཀྱི་ང་རྒྱལ་དང་མ་བྲལ་བར་བྱའོ། །གསུམ་པ་རྩ་གསུམ་འཁོར་ལོ་བཞི་ལ་བརྟེན་པ་ལའང་བཞི་ལས། །དང་པོ་ཐིག་ལེ་ལ་བརྟེན་པ་ནི། རྩ་གསུམ་སྔར་བཞིན་ལ། སྙིང་ག་ནས་དབུ་མ་ལས་གྱེས་པའི་རྩ་འདབ་བཞི། དེ་ལས་རྩེ་མོ་གཉིས་སུ་གྱེས་པའི་བརྒྱད། །ཚུལ་དེ་བཞིན་གྱིས་མགྲིན་པར་བཅུ་དྲུག །སྤྱི་བོར་སོ་གཉིས། ལྟེ་བར་དྲུག་ཅུ་རྩ་བཞི་དང་བཅས་པ་ཕྱི་དབྱིབས་ཀྱི་ལྷ་སྐུའི་པགས་པའི་བར་དུ་ཟུག་པའི་རྩེ་མོར་ཐིག་ལེ་དཀར་པོ་དངུལ་ཆུའི་རྡོག་མ་ལྟ་བུ་ཕྱེད་རྩ་ཡི་ཕྱི་དང་། ཕྱེད་ནང་དུ་ནུབ་པ། སྟེང་འོག་ཏུ་ཨ་ཧཾ་དང་། སྙིང་ཁའི་འདུས་སོ་ལས་ཅུང་དམའ་བར་ཧཱུྃ་སྔོན་པོ་མགོ་ཐུར་བསྟན་དང་། མགྲིན་པར་ༀ་དམར་པོ་གྱེན་དུ་བལྟ་བ་རྣམས་གསལ་ལ་རླུང་སྦྱོར་དང་བཅས་ཨ་ཤད་ཀྱི་མེ་སྦར་བས་ལྟེ་བའི་རྩ་འཁོར་ནས་རིམ་པར་ཞུགས། ཐིག་ལེ་ལ་མ་རེག་ཙམ་ནས་ཐིག་ལེ་ལས་བདུད་རྩིའི་རྒྱུན་བབས་པས་མེ་མར་
༨༥ལྡོག །རྩ་འདབ་རྣམས་ཀྱི་ཕྱེད་ཡན་ཐིག་ལེ་དང་། མན་མེས་གང་བར་བསམ་ལ་རླུང་བཟུང་། དེ་བཞིན་དུ་སྙིང་གར་སོན་པས་ཧཱུྃ་ཡང་མེའི་ཐིག་ལེ་ཟླུམ་པོར་གྱུར་པ་དང་། མགྲིན་པ་ནས་ༀ་ཡང་དེ་བཞིན་གྱུར་ནས་ལྷན་ཅིག་འབར་བར་བསམ། སྤྱི་བོར་ཡང་འབར་འཛག་གོང་བཞིན་ལ། མཐར་ཧཾ་ལ་རེག་པས་བདུད་རྩིའི་རྒྱུན་གྱིས་མེ་མར་ལྡོག །མགྲིན་པ་དང་སྙིང་གའི་ཡི་གེ་སྔར་བཞིན་གསོས་བཏབ་སྟེ། ལྟེ་སྙིང་གི་འབར་འཛག་དང་རླུང་འདིས་ཚེ་ལ་ཅུང་གཟན་པས། དེའི་གཉེན་པོར་རང་རྣལ་འབྱོར་མའི་ཞབས་གཉིས་དབང་ཆེན་གསེར་གྱི་ས་གཞིའི་བར་བརྐྱང་བར་བསམ་པ་ནི་སྐུ་བསྲིང་བའི་དམིགས་པ་ཞེས་བྱའོ་གསུངས། སེམས་དབྱེར་མེད་དུ་འཇོག །མཐར་རླུང་དཀྲུགས་སོགས་གོང་བཞིན་ནོ། །གཉིས་པ་ཡིག་འབྲུ་ལ་བརྟེན་པ་ནི། གཞན་འདྲ་བ་ལ་ཁམས་རྣམས་ཀྱི་ཕྱེད་ཧཱུྃ་དཀར་པོ་དང་། ཕྱེད་ༀ་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་སྦྱོར་དུ་བསྒོམས་ལ་འབར་འཛག་དང་རླུང་སྦྱོར་བྱ། དེ་བཞིན་དུ་གསུམ་པ་ཕྱག་མཚན་ལ་བརྟེན་པ་ནི། ༀ་རྣམས་ཐོད་པ་བདུད་རྩིས་གང་བ་དང་། ཧཱུྃ་རྣམས་དེའི་ནང་དུ་རྡོ་རྗེ་དཀར་པོར་བསྒོམས་ལ་ཐོད་པའི་ཚངས་བུག་ནས་བདུད་རྩི་འཛག་པར་བསམ། བཞི་པ་ལྷ་སྐུ་ལ་བརྟེན་པ་ནི། རྡོ་རྗེ་ཧེ་རུ་ཀ་དཀར་པོ་རྡོར་དྲིལ་དང་། ཐོད་པ་རྣལ་འབྱོར་མ་དམར་མོ་གྲི་ཐོད་འཛིན་པར་གསལ་བཏབ་ལ་སྙོམས་འཇུག་གི་བདུད་རྩི་བསྐུལ་ལོ། །གསུམ་པ་གསང་བའི་གཏུམ་མོ་ནི། སྟེང་རླུང་མནན་པས་ཧཾ་ལས་བྱང་སེམས་འཛག་པ་དང་། འོག་རླུང་བསྐུམ་པས་ཨ་ཤད་ལས་མེ་འབར་བ་དང་། སྟེང་འོག་གི་རླུང་ལྟེ་འོག་དང་། །འབར་འཛག་ལྟེ་སྙིང་གི་བར་དུ་ཁ་སྦྱར་བས་བདེ་བྲོད་དབྱེར་མེད་པ་སྟེ། མདོར་ན་རླུང་དང་གཏུམ་མོ་ཟུང་འཇུག་ཏུ་ཉམས་སུ་བླང་བའི་ཚུལ་ཡིན་ལ་ཁྱད་པར་རྡོ་རྗེའི་བཟླས་པ་དང་། སྲོག་ཤིང་འཁོར་ལོའ་མན་ངག་ཞལ་ལས་ཤེས་སོ། །བཞི་པ་དེ་ཁོ་ན་
༨༦ཉིད་ཀྱི་གཏུམ་མོ་ནི། ཇི་སྐད་བཤད་པའི་རིམ་པ་སྔ་མ་གསུམ་གྱིས་དྲོད་དང་བདེ་བ་དང་མི་རྟོག་པའི་ཉམས་མྱོང་དང་། དེ་ལ་བརྟེན་ནས་ཐུན་མོང་དང་ཁྱད་པར་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་སྐྱེས་པ་ཉིད། འདིར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ངོ་འཕྲོད་ཅིང་གོམས་པས་ཟུང་འཇུག་གི་གོ་འཕང་མངོན་དུ་འགྱུར་བའོ། །དེ་ཡང་སྤྱིར་གཏུམ་མོ་ནི་ཆོས་དྲུག་གཞན་ཐམས་ཅད་ཀྱི་ཡོན་ཏན་མཐའ་དག་སྐྱེད་པའི་རྩ་བ་ཡིན་ཅིང་། ལྷག་པར་ལས་དང་པོ་པས་ལུས་གནད་དང་སྟོང་ར་ལེགས་པར་འབྱོངས་ནས། བྱིན་རླབས་བླ་མའི་གཏུམ་མོ་དང་འཇམ་རླུང་བུམ་པ་ཅན་སྒྲགས་ཏེ། ཕྱག་ཆེན་གྱི་ཉམས་ལེན་དང་ཟུང་འབྲེལ་དུ་བསྐྱང་བ་ཁོ་ན་གལ་ཆེའོ་གསུངས། གཉིས་པ་སྒྱུ་ལུས་ཆོས་བརྒྱད་རང་གྲོལ་གྱིས་ལམ་གྱི་བོགས་དབྱུང་བ་ལ་གསུམ་ལས། དང་པོ་འཁོར་བ་སྒྱུ་མར་སྦྱང་བ་ནི། རང་རྣལ་འབྱོར་མར་གསལ་བའི་ཐུགས་ཀ་ནས་རང་འདྲ་བའི་ཡེ་ཤེས་ཀྱི་སྐུ་དཔག་ཏུ་མེད་པ་སྤྲོས་ཏེ། ཐོག་མར་དམྱལ་བའི་གནས་ཐམས་ཅད་ཁྱབ། དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་བསལ་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་བཀོད་པས་རང་ལ་ཤིན་ཏུ་དགའ་ཞིང་གུས་པས་མཆོད་ཅིང་བསྟོད་པར་བསམས་ལ་སེམས་བཟུང་། སེམས་ཟིན་པ་ན་དེ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་སྒྱུ་མ་དང་རྨི་ལམ་ལྟ་བུར་ཐག་བཅད། ངེས་ཤེས་བསྐྱེད། འཛིན་མེད་དུ་བཞག །ཡང་དེ་རྣམས་ཀྱིས་མཆོད་བསྟོད་སོགས་མི་བྱེད་པའི་སྟེང་དུ། རང་ལ་རྣམ་པ་དུ་མས་སྨད་ཅིང་བརྡུང་བརྡེག་སོགས་བྱེད་པར་བསམ་ལ་སེམས་གཟུང་། སེམས་ཟིན་པ་ན་སྔར་བཞིན་སྒྱུ་མ་དང་རྨི་ལམ་ལྟ་བུར་ཐག་བཅད། དེ་བཞིན་དུ་རིགས་དྲུག་བར་དོ་དང་བཅས་པ་ལ་རིམ་གྱིས་བློ་སྦྱང་བར་བྱའོ། །གཉིས་པ་མྱང་འདས་སྒྱུ་མར་སྦྱང་བ་ནི། ཐོག་མར་སྣོད་བཅུད་ཐམས་ཅད་མངོན་པར་དགའ་བའི་
༨༧ཞིང་ཁམས་སུ་གསལ་བའི་དབུས་སུ་རྩ་བའི་བླ་མ་མི་བསྐྱོད་པ་ལ་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བའི་སྤྱན་སྔར་རང་གིས་བྱང་དྲངས་ཏེ་ཡན་ལག་བདུན་པ་འབུལ་བར་བསམ་ཞིང་ཡན་ལག་བདུན་པ་བྱ། །དམིགས་པ་གསལ་པ་ན་སྔར་བཞིན་སྒྱུ་མ་དང་རྨི་ལམ་དུ་ཐག་བཅད། ཚུལ་དེ་ལྟ་བུས་ཞིང་ཁམས་གཞན་ལའང་དམིགས་པའི་རྩལ་སྦྱང་ངོ་། །གསུམ་པ་ཆོས་ཐམས་ཅད་སྒྱུ་མར་སྦྱང་བ་ནི། ཚོགས་དྲུག་ལ་བཟང་ངན་བར་མའི་སྣང་བ་གང་ཤར་ཡང་། ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་སྤངས་ལ་སྔར་བཞིན་སྒྱུ་མ་དང་རྨི་ལམ་དུ་བསྲེ་བས་མཚམས་སྦྱར་ནས། མཐར་སྦྱང་བྱ་དང་སྦྱོང་བྱེད་གཉིས་ཀ་གཞི་མེད་རྩ་བྲལ་དུ་ཤེས་པས་ཉམས་ལེན་ཕྱག་ཆེན་གྱི་ངང་དུ་མཉམ་པར་བཞག་པ་སྟེ། འདི་ཁོ་ན་ལ་ལམ་གྱི་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་ངོ་གསུངས། གསུམ་པ་རྨི་ལམ་འཁྲུལ་པ་རང་སངས་ཀྱིས་ལམ་གྱི་ཚད་བཟུང་བ་ལ། ཐོག་མར་སྔོན་འགྲོ་མོས་གུས་ཅན་བླ་མ། དག་སྣང་ཅན་ཡི་དམ། རྟོག་པ་ཅན་སྣང་བ་དྲན་པའི་ལྕགས་ཀྱུས་བཟུང་བ་སྟེ་གསུམ་ལས། འདིར་ཕྱག་བཞེས་ལ་དང་པོ་ཉིད་གཙོ་བོར་མཛད་པས། དེ་ཇི་ལྟར་ཉམས་སུ་བླངས་པའི་ཚུལ་ནི། ཉིན་བར་སྣང་གྲགས་རིག་གསུམ་གྱི་རྟོག་ཚོགས་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་སུ་བལྟ་ཞིང་འོད་གསལ་ཕྱག་ཆེན་གྱི་ངང་དུ་བློ་བཞག །ནུབ་མོ་ཉལ་བའི་ཚེ་སྤྱི་བོའ་བླ་མ་ལ་རྨི་ལམ་ཟིན་པར་གསོལ་བ་གདབ་རྗེས། རབ་ཙོག་པུ། དེ་མིན་སེང་གེ་ཉལ་སྟབས་ཀྱིས་འཁོད་ལ། རང་རྣལ་འབྱོར་མར་གསལ་བའི་མགྲིན་པའི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བའི་བླ་མ་ཡི་དམ་ཐམས་ཅད་འདུས་པའི་ངོ་བོ་ༀ་དམར་པོ་འོད་འབར་བ་རང་སྒྲ་དང་བཅས་པ་ལ་ཤེས་པ་གཏད་དེ། ཚོགས་དྲུག་གི་སྣང་བ་གང་ཤར་ཐམས་ཅད་རྨི་ལམ་གྱི་སྣང་བར་་
༨༨བལྟས་ནས་གཉིད་ལོག་པས་རྨི་ལམ་དུ་ངོ་ཤེས་པ་འབྱུང་ཞིང་། དེ་ལ་བརྟེན་ནས་དངོས་གཞི་སྦྱང་བ། སྤེལ་བ། བསྒྱུར་བ། སྤྲུལ་པ། གེགས་སེལ། བོགས་འདོན་ལམ་ཁྱེར་སོགས་ལའང་རིམ་གྱིས་བསླབ། མདོར་ན་རྨི་ལམ་ལ་འདུན་པ་གཙོ་ཆེ་བས་ཉིན་སྣང་ཐམས་ཅད་སྒྱུ་མ་དང་རྨི་ལམ་གྱི་དྲན་འདུན་རྒྱུན་ཆགས་སུ་བསྟེན་པ་གལ་ཆེའོ་གསུངས། བཞི་པ་འོད་གསལ་མ་རིག་མུན་བྲལ་གྱིས་ལམ་གྱི་གོལ་ས་བཅད་པ་ལ་བཞི་ལས། དང་པོ་ཐིག་ལེའི་རྣལ་འབྱོར་ནི། སྐྱབས་འགྲོ་ནས་རྡོར་སེམས་རང་ལ་ཐིམ་པའི་བར་སྔོན་འགྲོའི་དཀྱུས་ལྟར་ལ། དེའི་ངང་ནས་རང་རྣལ་འབྱོར་མར་གསལ་བའི་ལུས་དབུས་དྲང་པོར་རྩ་དབུ་མ་མར་སྣ་གསང་གནས་སུ་པདྨའི་ཡུ་བ་ལྟར་ཟུག་ཅིང་། ཡར་སྣ་སྙིང་གར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཚུལ་དུ་ཁ་བྱེ་བའི་སྟེང་དུ་ཉི་ཟླའི་གདན་ལ། རང་སེམས་བླ་མ་ཡི་དམ་དབྱེར་མེད་པའི་ངོ་བོ་ཐིག་ལེ་ལྔ་ཚོམ་སྲན་མ་ཙམ་པ། དབུས་སྔོན་པོ། ཕྱོགས་བཞིར་ཕྱོགས་མདོག་རང་འོད་དང་བཅས་པ། རང་གི་སྨིན་མཚམས་ཀྱི་སྤྱན་དབུས་མའི་ཚབ་ཏུ་ཐིག་ལེ་དངུལ་ཆུའི་མདོག་ཅན། ཕྱེད་ནང་དུ་ནུབ་ཅིང་། ཕྱེད་ཕྱིར་འབུར་ཐབས་སུ་ཡོད་པ། དེའི་ཐད་ནས་གྲུ་གང་དང་། གྱེན་དུ་མཐོ་གང་ཙམ་གཞལ་པའི་ནམ་མཁར་པདྨ་སྔོན་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་ཟླའི་གདན་ལ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ། ཤར་གྱི་རྭ་དཀར་པོ་གདན་ལ་ཟུག་པའི་ལངས་ཐབས་ཅན། དེའི་སྟེང་གི་ནམ་མཁར་བླ་མའི་རྣལ་འབྱོར་དཀྱུས་བཞིན་གསལ་བཏབ་ལ་འོད་གསལ་ཟིན་པར་གསོལ་བ་གདབ། དབང་བཞི་བླངས་པའི་རྗེས་བླ་མ་ཡབ་ཡུམ་འོད་དུ་ཞུ་ནས་རང་གི་སྨིན་མཚམས་བརྒྱུད་དེ། སྙིང་གའི་ཐིག་ལེ་རྣམས་ལ་སིབ་སིབ་ཐིམ་པས། དེ་རྣམས་ལས་རང་རང་གི་ཁ་དོག་དང་མཐུན་པའི་འོད་ཟེར་འཇའ་ཚོན་ལྟ་བུ་བུན་གྱིས་འཕྲོས། སྨིན་མཚམས་ཀྱི་ཐིག་ལེ་ལ་
༨༩ཕོག་པས་མེ་ཤེལ་ཉི་མས་ཕོག་པ་ལྟར་གསལ་ལམ་སྟེ་གྱུར་པ་ལས་འཕྲོས་པའི་འོད་ཀྱིས་སྣ་ཚོགས་རྡོ་རྗེ་ལ་ཕོག །དེའི་ལྟེ་བ་དང་རྭ་རྣམས་ལས་རང་རང་གི་ཁ་དོག་དང་མཐུན་པའི་འོད་ཟེར་བྱུང་། སྨིན་མཚམས་དང་སྙིང་གའི་ཐིག་ལེ་སྔར་ལས་གསལ་བར་བྱས། དེ་ལྟ་བུའི་འོད་ཟེར་གྱི་འཕྲོ་འདུས་རང་གི་ལུས་ཀྱི་ཕྱི་ནང་དང་། གནས་ཁང་སོགས་ནས་བརྩམ། མཐར་སྟོང་གསུམ་གྱི་འཇིག་རྟེན་ཐམས་ཅད་གསལ་ལམ་མེ་རེ་གྱུར་པ་ལ་ཡིད་གཏད་དེ་མིག་མི་འཛུམ་པར་གཉིད་ལོག །འཕྲལ་དུ་གཉིད་མ་བྱུང་ན་སྙིང་གའི་ཤར་གྱི་ཐིག་ལེ་ནས་བརྩམས་ཏེ། གཡས་བསྐོར་གྱིས་སེམས་འཛིན་ཅིང་། མཐར་དབུས་ཀྱི་ཐིག་ལེ་སྔོན་པོ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་ཉལ། གཉིད་སང་རེས་ཀྱིས་ཡང་ཡང་གསལ་བཏབ་པས་ཉམས་དང་རྟོགས་པའི་འོད་གསལ་རིམ་གྱིས་ཟིན་པར་འགྱུར་རོ། །གཉིས་པ་ཡིག་འབྲུའི་རྣལ་འབྱོར་ནི། ཐིག་ལེ་ལྔ་པོའ་ཚབ་ཏུ། དབུས་སུ་ཧཱུྃ་སྔོན་པོ། ཤར་ནས་གཡས་བསྐོར་གྱིས་ཨ་ནུ་ཏ་ར་བཞི་ཕྱོགས་མདོག་དང་། གསུམ་པ་ཕྱག་མཚན་གྱི་རྣལ་འབྱོར་ནི། དབུས་སུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་དང་། ཤར་ནས་འཁོར་ལོ་རིན་ཆེན་པདྨ་རལ་གྲི་རྣམས་ཕྱོགས་མདོག །བཞི་པ་ལྷ་སྐུའི་རྣལ་འབྱོར་ནི། དབུས་སུ་མི་བསྐྱོད་པ་ཡབ་ཡུམ་སོགས་རིགས་ལྔ་བསྒོམ་པ་སྟེ། གཞན་དམིགས་པའི་བྱེ་བྲག་རྣམས་ཐིག་ལེའི་སྐབས་ཇི་ལྟ་བ་བཞིན་ཉམས་སུ་བླང་ངོ། །དེ་ཡང་འདི་ཉིད་ཁོ་ན་དམིགས་བསལ་དུ་སྦྱོང་བའི་སྐབས། གནས་དབེན་པར་མཚམས་ཤིན་ཏུ་དམ་པར་བཅད། ཟས་གོས་གནས་མལ་གྲིབ་ཅན་སོགས་སྤང་། གཙང་སྦྲ་ཆེ་བར་བྱ། དྲི་ཆུ་བར་པ་དང་། ཆང་དང་། བདུད་རྩིས་ལུས་ཐམས་ཅད་བཀྲུ་ཞིང་ཚིལ་ཚན་སོགས་ཀྱི་བཀུ་མཉེ་བསྟེན། ཟས་བཅུད་ཅན་བཟའ། ཉིན་བར་རླུང་སྦྱོར་དང་འཁྲུལ་འཁོར་ཙམ་
༩༠མ་གཏོགས་ལུས་ཀྱི་བྱ་བ་གཞན་སྤང་ཞིང་སྒོ་གསུམ་གཡོ་མེད་དུ་བཞག །སྐབས་སྐབས་སུ་དམིགས་པའི་བསྟེན་གོམས་ལ་བསླབ། ལྷག་པར་འོད་གསལ་བྱིན་རླབས་ཀྱི་གནད་བྱ་བ་ཡིན་པས་བླ་མ་ལ་མོས་གུས་དྲག་པོས་གསོལ་བ་བཏབ་ཅིང་སེམས་འཛིན་མེད་དུ་འཇོག་པ་གལ་ཆེའོ་གསུངས། ལྔ་པ་འཕོ་བ་མ་བསྒོམ་སངས་རྒྱས་གསེར་འགྱུར་གྱི་རྩིས་ལམ་གྱི་མཚམས་སྦྱར་བ་ལ་སྦྱང་བ་དང་། ལས་ལ་སྦྱར་བ་གཉིས། དང་པོ་ལའང་སྐུ་གསུམ་གྱི་འཕོ་བ་གསུམ་ལས། འདིར་ལོངས་སྐུའི་འཕོ་བ་ཁྱད་པར་བ་ཉིད་ཕྱག་ལེན་དུ་མཛད་པས། སྐྱབས་སེམས་ཀྱི་རྗེས། རང་རྣལ་འབྱོར་མར་གསལ་བའི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་མར་སྣ་ལྟེ་འོག་སོར་བཞིའི་ཐད་ཙམ་དུ་ཟུགས་པ་ཕུག་རྡུག་གི་རྣམ་པ་ཅན། ཡར་སྣ་ཚངས་བུག་ནས་མཐོ་གང་ཙམ་ཕྱིར་འཐོན་པ་ཟང་ཐལ་ལེ་བ་ཀྵ་ཡིག་ནག་པོས་བཀག་པ། སྙིང་གར་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་ཧཱུྃ་སྔོན་པོ་ཤིན་ཏུ་ཕྲ་བ་དྭངས་གསལ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། སྤྱི་བོར་རྩ་བའི་བླ་མ་དང་དབྱེར་མེད་པའི་ཡི་དམ་རྡོ་རྗེ་རྣལ་འབྱོར་མ་ཕྱག་གཉིས་གྲི་ཐོད་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུ་དབུས་དྲང་པོར་རྩ་དབུ་མ་ཡར་སྣ་གཙུག་ཏོར་དུ་ཁ་ཟུམ་ཞིང་། མར་སྣ་གསང་གནས་སུ་ཐུག་པའི་ནང་དུ་རང་གི་དབུ་མ་ཚུད་པས་དེའི་སྲུབས་ལ་རླུང་ཡང་རྒྱུ་མི་ཐུབ་པ། ཐུགས་ཀར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་བཾ་ཡིག་དམར་པོ་འོད་འཚེར་བ་རྣམས་གསལ་བཏབ་ནས། བཀའ་བརྒྱུད་བླ་མ་ལ་གསོལ་བ་འདེབས། ཆོས་སྐུ་མཁའ་ཁྱབ་ཏུ་འཕོ་བར་བྱིན་གྱི་རློབས། ཡི་དམ་ལྷ་ཚོགས་ལ་།མཁའ་སྤྱོད་འཕྱུགས་མེད་དུ་།རྩ་བའི་བླ་མ་ལ་།གནས་ལུགས་རང་གྲོལ་དུ་།རང་སེམས་སྐྱེ་མེད་ལ་།རིག་པ་རང་གྲོལ་དུ་འཕོ་བར་བྱིན་གྱིས་རློབས། །ཞེས་
༩༡གསོལ་བ་ཕུར་ཚུགས་སུ་བཏབ། རླུང་ཕྱིར་འགྲོ་བ་ན་སྤྱི་བོའ་ཀྵ་ཡིག་བསལ། ནང་དུ་རྔུབ་པ་ན་བླ་མའི་ཐུགས་ཀ་ནས་འོད་ཟེར་བྱུང་། རང་གི་སྙིང་གའི་ཧཱུྃ་ལ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ། སླར་ཡང་རང་ཡིད་ཀྱིས་ཧིཀ་བརྗོད་ཅིང་རླུང་ཕྱིར་འཕུལ། ལྟོ་བ་སྒལ་པ་ལ་སྦྱར་བས་ཧཱུྃ་ཡིག་སྐར་མདའ་འཕང་བ་བཞིན་སོང་ནས་རྣལ་འབྱོར་མའི་ཐུགས་ཀའི་བཾ་ཡིག་ལ་རེག་པར་བསམ། ཡིད་ཀྱིས་ཀ་བརྗོད་པ་དང་། རླུང་ནང་དུ་རྔུབ་ཅིང་ལྟོ་བ་ཕྱིར་འཕུལ་བས་མར་བབས་སྙིང་གར་གནས་པར་བསམ། དེ་ལྟ་བུའི་དམིགས་པ་ཡང་ཡང་བསྐྱར། ཐུན་འཇོག་པ་ན། རྣལ་འབྱོར་མ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་འོད་དུ་ཞུ་ནས་དབུ་མ་དང་ལུས་ཐམས་ཅད་གང་། ཚངས་བུག་ཡན་གྱི་དབུ་མའང་འོད་དུ་ཞུ་ནས་ཀྵ་ཡིག་སྲ་ཞིང་འཐས་པ་བཅས་པས་བཀག་པར་བསམས་ལ། སྙིང་གའི་ཧཱུྃ་གཡོ་མེད་དུ་གནས་པ་ལ་སེམས་བཟུང་ནས་རླུང་བུམ་ཅན་འཛིན། འབྱོངས་རྟགས་སྤྱི་བོར་ཆུ་སེར་འབྱུང་བ། སྐྲངས་པ། འཕར་བ། ཟ་བ་སོགས་བྱུང་ན་སྐབས་སྐབས་སུ་མ་བརྗེད་ཙམ་སྦྱང་བས་ཆོག་གསུངས། གཉིས་པ་ལས་ལ་སྦྱར་བ་ནི། ངེས་པའི་འཆི་ལྟས་ཤར་ཞིང་མ་བསླུས་པའི་ཚེ། དག་པའི་ཞིང་ཁམས་ལ་དགའ་ཞིང་སྤྲོ་བའི་འདུན་པས། ཚེ་འདིའི་ལུས་ལོངས་སྤྱོད་སོགས་ལ་ཆགས་ཤིང་ཞེན་པ་བཏང་། ཡོ་བྱད་ཐམས་ཅད་རྣམ་དཀར་གྱི་ཕྱོགས་སུ་བསྐོ་ཞིང་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ། ས་ཆུ་ལ་ཐིམ་པའི་དུས་ནས་དམིགས་པའི་མགོ་བརྩམ། ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་སྐབས་སུ་འཕོ་བའི་དུས་དངོས་ཡིན་པས་དེ་ལྟར་ཤེས་པར་བྱས་ནས་དམིགས་པ་སྔར་ལྟར་ལ། ཧཱུྃ་ཡིག་རྣལ་འབྱོར་མའི་ཐུགས་ཀའི་བཾ་དང་དབྱེར་མེད་དུ་འདྲེས་པར་བསམ་ནས་འཛིན་མེད་དུ་མཉམ་པར་བཞག་གོ །
༩༢དྲུག་པ་འབྱུང་ངེས་ཀྱི་ཆོས་ངོས་ཟིན་པས་སངས་རྒྱ་བ་བར་དོ་ཡང་དག་ཟབ་དོན་གྱིས་ལམ་གྱི་འབྲས་བུ་ངོ་སྤྲོད་པ་ལ། སྤྱིར་བར་དོ་ལ་རང་ཉིད་མའི་མངལ་དུ་ཉིང་མཚམས་སྦྱར་ནས་འཆི་ཁའི་འོད་གསལ་མ་ཤར་གྱི་བར་ལ་སྐྱེ་ཤིའི་བར་དོ། །གཉིད་ཀྱི་འོད་གསལ་ཤར་ནས་བཟུང་མ་སད་པའི་བར་རྨི་ལམ་གྱི་བར་དོ། །འཆི་དུས་ཀྱི་འོད་གསལ་ལས་ཡིད་ལུས་སུ་ཤར་བ་ནས་སྐྱེ་བ་ཕྱི་མར་ཉིང་མཚམས་མ་སྦྱར་གྱི་བར་ལ་སྲིད་པ་བར་དོ་ཞེས་རྣམ་པ་གསུམ་དུ་ཡོད་པ་ལས། སྔ་མ་གཉིས་ཀྱི་སྦྱོང་བྱེད་ནི་བསྐྱེད་རིམ། གཏུམ་མོ། སྒྱུ་ལུས། འོད་གསལ། རྨི་ལམ་རྣམས་གནས་ལུགས་ཕྱག་ཆེན་དང་ཟུང་འབྲེལ་དུ་བསྐྱངས་པས་དབང་པོ་ཡང་རབ་ཚེ་འདིར་ཟུང་འཇུག་གི་སྐུ་འགྲུབ་ཅིང་རབ་འཆི་བ་འོད་གསལ་ཆོས་ཀྱི་སྐུར་གྲོལ་བ་ཡིན་ལ་དེ་དག་ལ་བརྟན་པ་མ་ཐོབ་ན་འབྲིང་གིས་སྲིད་པ་བར་དོ་ལམ་དུ་འཁྱེར་དགོས་པས། ད་ལྟ་ནས་གང་ཤར་གྱི་སྣང་ཆ་ཐམས་ཅད་བར་དོའ་སྣང་བར་ཤེས་པར་བྱས་ཏེ། ཐུན་མོང་སྣང་གྲགས་རིག་གསུམ་སྒྱུ་མ་ལྟ་བུའི་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་རྒྱས་བཏབ། ཁྱད་པར་འདོད་ཆགས་གཏུམ་མོ་དང་བསྲེ་བ། ཞེ་སྡང་སྒྱུ་ལུས་དང་བསྲེ་བ། གཏི་མུག་འོད་གསལ་དང་བསྲེ་བ། ང་རྒྱལ་བསྐྱེད་རིམ་དང་བསྲེ་བ། ཕྲག་དོག་དག་སྣང་ངང་བསྲེ་བ་རྣམས་སྐབས་སུ་གང་བབས་པར་ཉམས་སུ་བླང་། མདོར་ན་རྣམ་པ་ཀུན་ཏུ་ཐ་མལ་འཁྲུལ་སྣང་གི་གཞན་དབང་དུ་མ་སོང་བར་གང་ཤར་ལྷ་དང་ཡེ་ཤེས་སུ་འཆར་བ་ཞིག་བྱུང་ན་བར་དོའ་ཉམས་ལེན་ཐམས་ཅད་ཀྱང་དེ་ཀ་ལ་ཚང་བ་ཡིན་ནོ་གསུངས། དེ་ཡང་སྙན་བརྒྱུད་རང་གཞུང་ལྟར་ན། འཕོ་བ་དང་གྲོང་འཇུག་ཐ་དད་དུ་བགྲངས་ནས་ཆོས་དྲུག་ཏུ་བྱས། བར་དོ་འོག་ཏུ་འཆད་པ་སོགས་དབྱེ་བསྡུ་མི་འདྲ་བ་མང་ཡང་། འདིར་ནི་ཡོངས་གྲགས་དང་སྒོ་བསྟུན་ནས། ཉིན་པར་མཉམ་
༩༣བཞག་གི་ཉམས་ལེན་དུ་གཏུམ་མོ། །རྗེས་ཐོབ་ཏུ་སྒྱུ་ལུས། མཚན་མོ་མཉམ་བཞག་ཏུ་འོད་གསལ། རྗེས་ཐོབ་ཏུ་རྨི་ལམ། འཆི་ཁར་འཚང་རྒྱ་བ་འཕོ་བ། སྲིད་པ་བར་དོར་འཚང་རྒྱ་བ་བར་དོའ་རྣལ་འབྱོར་སྐྱེ་ཤི་བར་དོ་གསུམ་སྦྱོང་བྱེད་ཀྱི་ལམ་ཚང་ལ་མ་ནོར་བར་ཡོངས་སུ་རྫོགས་པར་བསྟན་པ་ཡིན་ཅིང་། གྲོང་འཇུག་གི་གདམས་པ་ནི་དེང་སང་ཕྱག་ལེན་ལ་འདེབས་པ་ཉུང་བས་འདིར་མ་བྲིས་སོ། །གསུམ་པ་གཙོ་བོར་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལམ་འོག་སྒོ་བདེ་བ་ཆེན་པོའ་སྐོར་ནི། གཞུང་འགྲེལ་དང་མན་ངག་གི་ལུང་ཙམ་མ་གཏོགས་དམིགས་བསལ་ཉམས་འཁྲིད་ཀྱི་རྒྱུན་མི་བཞུགས་ཀྱང་གཏུམ་མོའ་འབར་འཛག་གི་དམིགས་པ་ལ་གོམས་པ་བརྟན་པས་རང་ལུས་ཐབས་ལྡན་ནམ་སྤྱི་ལྟར་ཉམས་སུ་བླང་དུ་རུང་ཞིང་། འདིར་ཞར་བྱུང་དེའི་ཡན་ལག་ཏུ་གཏོགས་པ་དཔལ་ནཱ་རོ་ཆེན་པོའ་གསང་སྤྱོད་ཀྱི་དམིགས་རིམ་རྒྱུན་དུ་ཉམས་སུ་བླང་བའི་ཚུལ་མདོ་ཙམ་འབྲི་ན། རང་གང་དུ་གནས་པའི་ས་ཕྱོགས་དེ་ཉིད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཕོ་བྲང་། སྟེང་རྣམས་གཞལ་ཡས་ཁང་། འོག་དུར་ཁྲོད་ཀྱི་རྣམ་པ་འཇིགས་ཤིང་སྐྱི་གཡའ་བ་དེ་ན་གནས་པའི་གཞི་བདག་འཁོར་དང་བཅས་པ་རྣམས་མི་སྡུག་པའི་ཆ་བྱེད་ཅན་དུ་བསམ་ལ། རང་གི་ལུས་འདི་དེ་རྣམས་ལ་སྦྱིན་བྱ་དང་། དཀོན་མཆོག་མཆོད་པའི་རྒྱུར་བསམ། སེམས་འདི་དེ་དག་སྦྱིན་པ་པོ་དང་། ཡིད་ལུས་བྱང་ཆུབ་སེམས་དཔར་བསམ་པས་སྐད་གཟེངས་མཐོན་པོས། སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་འབྱུང་པོ་མི་མ་ཡིན་པ་གནས་བདག་གཞི་བདག་གནོད་བྱེད་གདོན་བགེགས་རིགས་དྲུག་གི་སེམས་ཅན་དང་བཅས་པ་ཐམས་ཅད་འདིར་འདུས་ཤིག །ཅེས་བརྗོད་པས། ལྷ་སྲིན་སྡེ་བརྒྱད་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་འུར་ཐིབས་
༩༤སེ་འདུས་པར་བསམས་ལ། དེ་དག་ལ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་སྐྱབས་ཡུལ་གསལ་བཏབ་ཏེ་སྐྱབས་སེམས། ཚད་མེད། བླ་མའི་རྣལ་འབྱོར་རྣམས་དཀྱུས་ལྟར་ལ། རྩ་བའི་བླ་མའི་དབུ་གཙུག་ནས་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པར་གསལ་བཏབ་སྟེ་ཡན་ལག་བདུན་པ། སྡོམ་བཟུང་། གསང་སྤྱོད་བརྒྱུད་པའི་གསོལ་འདེབས་ཀྱི་མཐར། བདག་གཞན་ཐམས་ཅད་ཀྱིས་དབང་བླང་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་བཞག །དེ་ནས། ཕཊ། ཅེས་དྲག་ཏུ་བརྗོད་པས། རང་སེམས་རྡོ་རྗེ་རྣལ་འབྱོར་མའི་རྣམ་པས་སྤྱི་བོ་ནས་ཐོན་རང་ལུས་ཆེ་བ། ཚོ་བ། སྣུམ་བཅུད་དང་ལྡན་པར་བསམ། ཕཊ། བརྗོད་པས། རྣལ་འབྱོར་མའི་ཕྱག་གཡས་ཀྱི་གྲི་གུག་གིས་ཕུང་པོའ་ཐོད་པ་རྦད་ཀྱིས་བཅད་པས་སྟོང་གསུམ་གྱི་ཚད་དང་མཉམ་པའི་ཐོད་པ་ཕྱི་དཀར་ལ་ནང་དམར་བར་གྱུར་པ་དེ་ཉིད་མི་མགོ་སྐམ་པོའ་སྒྱེད་བུ་ཆེན་པོ་གསུམ་གྱི་སྟེང་དུ་དཔལ་བ་རང་ལ་བསྟན་ནས་བཞག་པའི་ནང་ལུས་དུམ་བུར་བཅད་དེ་བླུགས་པས་མ་ཤོང་བའི་ལྷག་མ་ཕྱི་རོལ་ཏུ་ཤ་ཡི་རི་བོ། །ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་བསམ་གྱིས་མི་ཁྱབ་པར་གྱུར། ཕཊ། ཐོད་པའི་ནང་གི་ཤ་རུས་བདུད་རྩི་དཀར་ལ་དམར་བའི་མདངས་ཆག་པར་གྱུར་པ་དང་། ཕྱི་རོལ་གྱི་ཤ་ཁྲག་རུས་པ་རྣམས་ལས་འོད་ཟེར་འཕྲོས། ཚོགས་ཞིང་རྣམས་ཀྱི་ཐུགས་ཀར་ཕོག །དེ་དག་གི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་ལས་ཡེ་ཤེས་ཀྱི་བདུད་རྩི་འོད་ཀྱི་རང་བཞིན་ཅན་བབས་ཏེ་ཐོད་པའི་ཕྱི་ནང་གི་རྫས་རྣམས་ལ་ཐིམ་པས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ཤ་ཁྲག་རུས་པ་སོགས་འདོད་དགུ་འབྱུང་བའི་ཕུང་པོར་བསམས་ལ། ༀ་ཨཱཿཧཱུྃ། མང་དུ་བརྗོད་ཅིང་། རང་སེམས་རྣལ་འབྱོར་མར་གསལ་བའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ།
༩༥མཆོད་སྦྱིན་གྱི་མགྲོན་རྣམས་ལ་བདུད་རྩིའི་དགའ་སྟོན་དཔག་ཏུ་མེད་པ་ཕུལ་བས་སོ་སོས་ལོངས་སྤྱོད་པས་ཟག་མེད་ཀྱི་བདེ་བས་ཚིམ་པར་མོས་ཏེ། ༀ་ཨཱཿཧཱུྃ། དྲིན་ཆེན་རྩ་བརྒྱུད་བླ་མ་ལ། ཕུང་པོའ་ཚོགས་མཆོད་བདུད་རྩིར་འབུལ། བརྩེ་བས་དགེས་བཞིན་བཞེས་ནས་ཀྱང་། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དོན་གཉིས་འགྲུབ་པར་བྱིན་གྱི་རློབས། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ། །ཕུང་པོའ་ཚོགས་མཆོད་སོགས། དེ་བཞིན་དུ། ཆོས་བདག་དཔའ་བོ་མཁའ་འགྲོ་ལ། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ། །མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་ལ། །ཞེས་སོ་སོར་སྦྱར། ཡུལ་འདིའི་གནས་བདག་གཞི་བདག་ལ། །ཕུང་པོའ་ཚོགས་མཆོད་སྦྱིན་པར་བཏང་། །དགའ་སྤྲོ་ལྡན་ཞིང་རོལ་ནས་ཀྱང་། །ཟག་མེད་བདེ་བས་ཚིམས་པ་དང་། །བུ་ལོན་འབྲེལ་ཆགས་བྱང་གྱུར་ཅིག །ལན་ཆགས་ཤ་འཁོན་དག་གྱུར་ཅིག །ཉེས་ལྟུང་དྲི་མ་བྲལ་གྱུར་ཅིག །ཚོགས་རྫོགས་སྒྲིབ་པ་བྱང་གྱུར་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །དེ་བཞིན་དུ། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ལ། །ཕུང་པོའ་ཚོགས་མཆོད་སྦྱིན་པར་བཏང་། སོགས་དང་། རིགས་དྲུག་སེམས་ཅན་ཐམས་ཅད་ལ། །ཕུང་པོའ་ཚོགས་མཆོད་སོགས་སྦྱར་བས་བསྔོས། སླར་ཡང་རང་གི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པའི་རྩེ་ལས་འདོད་པའི་ཡོན་ཏན་རྒྱ་མཚོའ་སྤྲིན་ཆེན་པོ་ཆར་བཞིན་དུ་བབས་ཏེ་མཆོད་སྦྱིན་གྱི་མགྲོན་རྣམས་མཉེས་ཤིང་ཚིམས་པར་བསམས་ལ། རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །སོགས་བརྗོད། དེ་ནས་རང་བསྟན་པའི་གཙོ་བོ་་ཐུབ་པར་གསལ་བས་སྦྱིན་ཡུལ་རྣམས་ལ་ཆོས་ཀྱི་སྦྱིན་པས་དབུགས་
༩༦དབྱུང་བར་མོས་ཏེ། ཆོས་རྣམས་གང་དག་སོགས་ཆོས་སྦྱིན་བྱ། སླར་ཡང་རྡོ་རྗེ་རྣལ་འབྱོར་མར་གྱུར་པའི་གནས་གསུམ་ཡི་གེ་གསུམ་ལས་འོད་ཟེར་དཀར་མར་མཐིང་གསུམ་རིམ་དང་གཅིག་ཅར་དུ་འཕྲོས། སྦྱིན་ཡུལ་ཐམས་ཅད་ལ་ཕོག་པས་དབང་བཞི་ཐོབ། སྒྲིབ་བཞི་དག །སྐུ་བཞིའི་ས་བོན་རྒྱུད་ལ་བཞག །དེ་ནས་རང་ཉིད་ཐུགས་རྗེ་ཆེན་པོ་ཁ་ས་ཎིར་གསལ་བའི་ཕྱག་གཡས་མཆོག་སྦྱིན་གྱི་རྩེ་ལས་བདུད་རྩིའི་རྒྱུན་བབས་པ་སྦྱིན་ཡུལ་རྣམས་ཀྱིས་ལོངས་སྤྱད་པས་སྡིག་སྒྲིབ་དག་ཅིང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ནས་རང་གཞན་ཐམས་ཅད་མགྲིན་གཅིག་ཏུ་དགེ་བ་བསྔོ་བར་བསམས་ལ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་བསྔོ་སྨོན་ཇི་ལྟར་རིགས་པར་བྱས་རྗེས། གཞི་བདག་ལ་སོགས་པའི་མགྲོན་རྣམས་རང་རང་གི་གནས་སུ་སོང་། གདུག་སེམས་མ་ཞི་བ་རྣམས་ཀྱང་རང་ལ་འདུས། ཚོགས་ཞིང་རྣམས་ཀྱང་རང་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་ༀ་ཨཱཿཧཱུྃ་གསུམ་བརྩེགས་མར་གྱུར་དེ་ཡང་ཡས་རིམ་གྱིས་ཐིམ་ནས་མཐར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པར་བསམས་ལ་གནས་ལུགས་མ་བཅོས་པའི་ངང་དུ་བློ་ལྷོད་ཀྱིས་གློད་ལ་བཞག །རྟོག་པ་གང་ཤར་ཡང་། ཕཊ། ཅེས་བརྗོད་ལ་ཐད་ཀར་བཅད། ཁྱད་པར་འཇིགས་སྐྲག་གི་རྟོག་པ་བྱུང་ན། ལུས་ནི་མཆོད་སྦྱིན་དུ་བྱིན་ཚར་ནས་མེད། སེམས་ནི་ནམ་མཁའ་སྟོང་པ་དང་དབྱེར་མེད་པའི་ཕྱིར་ཇི་ལྟར་འཇིགས་སྙམ་དུ་རྟོགས་པའི་གདེང་བསྐྱེད། དེས་ཀྱང་མ་ཞི་ན། འཇིགས་པའི་ཚེ་འཇིགས་མཁན་གྱི་སེམས་གང་ན་འདུག །འཇིགས་མཁན་གྱི་ཚེ་འཇིགས་པ་གང་ན་འདུག་བལྟས་ལ་སེམས་ཀྱི་རྩ་བ་བདར་ཤ་བཅད་དེ་ཕཊ། ཅེས་བརྗོད་ལ་རང་བཞིན་གྱིས་མ་གྲུབ་པའི་ངང་དུ་མཉམ་པར་བཞག་གོ་།དེ་ལྟར་ཐོག་མར་མལ་
༩༧གཅོད་ལ་འབད་ཅིང་། ཅུང་ཟད་གོམས་པ་ན་གཉན་ཁྲོད་འཇམ་ཞིང་བཀྲ་ཤིས་པ་དང་། རིམ་གྱིས་འཇིགས་ཤིང་ཟིལ་ཆེ་བ་རྣམས་སུ་གསང་སྤྱོད་ལ་བརྩོན་པས་དང་པོར་མི་འདོད་པའི་སློང་། བར་དུ་བཏང་སྙོམས། ཐ་མར་མཆོག་དངོས་གྲུབ་པའི་རྟགས་མངོན་སུམ་དུ་མཐོང་བར་འགྱུར་རོ་གསུངས། བཞི་པ་གཙོ་བོར་དབང་བཞི་པའི་ལམ་ཕྱག་རྒྱ་ཆེན་པོའ་འཁྲིད་ཚུལ་གྱི་རིམ་པ་ཅུང་ཟད་མི་འདྲ་བ་མང་ཡང་། འདིར་ཟབ་ལམ་ཡི་གེ་བཞི་པ་ལྟར་ན། །དང་པོ་སེམས་ཀྱི་གཞི་རྩ་བཅད་པ་ནི། གནས་དབེན་པར་ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པར་བྱས། ངག་གནད་རླུང་རང་སོར་འཇོག །སེམས་ཀྱི་གནད་སྐྱབས་སེམས་ནས་བླ་མའི་རྣལ་འབྱོར་གྱི་བར་ཉམས་སུ་བླང་ལ་གསོལ་བ་ཤུགས་དྲག་ཏུ་གདབ། དེ་ནས་དབང་བཞི་བླངས་ཤིང་ཐུགས་ཡིད་བསྲེས་པའི་ངང་། ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་རང་སེམས་ཀྱི་རྣམ་འཕྲུལ་ཙམ་དུ་ཐག་བཅད་ལ་དེ་ལས་གཞན་དུ་འདས་པའི་རྣམ་རྟོག་གི་རྗེས་མི་བཅད། མ་འོངས་པའི་སྔུན་མི་བསུ། ད་ལྟའི་ཤེས་པ་རྩིས་གདབ་མི་བྱ་བར་རང་བབས་སུ་བཞག་པས་དེ་ལ་མི་གནས་པར་རྣམ་རྟོག་ཞིག་ཐོལ་གྱིས་འཕྲོ་བའི་ཚེ། རྟོག་པ་དེ་དང་པོ་གང་ནས་སྐྱེས། བར་དུ་གང་དུ་གནས། ཐ་མ་གང་དུ་འགགས་བརྟགས་པས་རང་སེམས་ལས་ཤར་ཞིང་རང་སེམས་སུ་ཐིམ་པར་མཐོང་ན། སེམས་དེ་ཉིད་ཀྱང་སྐྱེ་འགག་གནས་གསུམ། དབྱིབས་ཁ་དོག་གཅིག་དང་དུ་མ་སོགས་ལེགས་པར་བརྟགས་ཤིང་དཔྱད་པས། གང་དུའང་མ་གྲུབ་ཅིང་ཅིར་ཡང་འཆར་བ། ཉམས་སུ་མྱོང་ཡང་བསམ་བརྗོད་ལས་འདས་པར་རྟོགས་པའི་ཚེ། གཉིས་པ་སེམས་ཀྱི་བཞག་ཐབས་བསྟན་པ་ནི། དེ་ལྟར་རྟོགས་པའི་སྟེང་དུ་སེམས་མི་གནས་པ་གནས་པར་བྱེད་པའི་ཐབས་དྲུག་སྟེ། ཁྱུང་ཆེན་ནམ་མཁའ་ལ་ལྡིང་བ་བཞིན་དུ་མ་བཅོས་
༩༨གཉུག་མའི་ངང་དུ་རྩོལ་སྒྲུབ་མེད་པར་བཞག་རྒྱ་མཚོ་རླབས་དང་བྲལ་བ་བཞིན་དུ་རྟོགས་ཚོགས་ཀྱིས་གཡོ་འགུལ་མེད་པར་བཞག །ཉི་ཟླ་སྤྲིན་དང་བྲལ་བ་བཞིན་དུ་སེམས་ཉིད་འོད་གསལ་བའི་ངང་མདངས་མ་བྲལ་བར་བཞག །བུ་ཆུང་ལྷ་ཁང་ལ་ལྟ་བ་བཞིན་དུ་གསལ་ལ་དེར་འཛིན་མེད་པར་བཞག །ཆུ་དང་རླབས་བཞིན་དུ་བྱུང་ཚོར་ཐམས་ཅད་རང་གྲོལ་གྱི་ངང་དུ་བཞག །ནམ་མཁའ་ལ་བྱ་འཕུར་བ་བཞིན་དུ་རིག་པ་རྗེས་མེད་ཀྱི་ངང་དུ་མཉམ་པར་བཞག་པ་སྟེ། མདོར་ན་རང་སེམས་བརྗོད་བྲལ་དུ་ཉམས་སུ་མྱོང་བ་ལྷག་མཐོང་དེའི་ངང་དུ་སྤང་བླང་བཟོ་བཅོས་མེད་པར་བཞག་པ་ཞི་གནས། དེ་གཉིས་དབྱེར་མེད་པ་ཟུང་འཇུག་སྟེ་མཉམ་རྗེས་ཐམས་ཅད་དུ་ལམ་ཁྱེར་འདི་དང་མ་བྲལ་བར་བྱའོ། །གསུམ་པ་སེམས་ཀྱི་གོལ་ས་བཅད་པ་ནི། ཡར་སངས་རྒྱས་ལ་རེ་བ། མར་འཁོར་བ་ལ་དོག་པ། བར་སྣང་བ་ལ་བདེན་འཛིན། ནང་ཉམས་མྱོང་ལ་ཞེན་པ། ལས་རྒྱུ་འབྲས་ལ་ཁྱད་དུ་གསོད་པ་སོགས་བདེན་ཞེན་ཐམས་ཅད་གོལ་ས་ཡིན་པས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཀྱིས་ཕར་བཏགས་པ་ཙམ་མ་གཏོགས་དོན་ལོགས་སུ་གྲུབ་པ་མེད་ཅིང་སེམས་དེའང་གཤིས་ཅི་ཡང་མ་ཡིན་ལ། གདངས་ཅིར་ཡང་མ་འགགས་པའི་སྟོང་པ་དང་རྟེན་འབྱུང་དབྱེར་མེད་པའི་དོན་ལ་ངེས་ཤེས་བསྐྱེད་དེ། དོན་དམ་པར་གང་ལའང་མ་ཞེན་ཅིང་། ཀུན་རྫོབ་ཏུ་ལས་རྒྱུ་འབྲས་ཕྲ་མོ་ལའང་བླང་དོར་ཚུལ་བཞིན་དུ་བྱའོ། །བཞི་པ་སེམས་ཀྱི་ལམ་ཁྱེར་བསྟན་པ་ལ་དྲུག་ལས། ཉིན་མོ་སྣང་བ་རྒྱས་བཏབ་པའི་རྣལ་འབྱོར་ནི། འདི་ལྟར་སྣང་བ་ཐམས་ཅད་རང་སེམས་འཁྲུལ་པར་རྒྱས་བཏབ། སེམས་འཁྲུལ་པ་ངོས་བཟུང་མེད་པ་སྒྱུ་མ་དང་རྨི་ལམ་ལྟ་བུར་རྒྱས་བཏབ། སྒྱུ་མའང་རང་བཞིན་མེད་པ་ཆོས་ཉིད་སྐྱེ་མེད་དུ་རྒྱས་བཏབ་བོ། །ནང་ནུབ་འདོད་ཡོན་གྲོགས་སུ་ཁྱེར་བའི་རྣལ་འབྱོར་ནི། རང་འདོད་ཡོན་ཐམས་ཅད་སྟོང་པ་ལ་སྟོང་པས་རོལ། ཆོས་ཉིད་ལ་ཆོས་ཉིད་ཐིམ་པའི་ཚུལ་གྱིས་ལོངས་སྤྱད། འབྲིང་སྒྱུ་མ་ལ་སྒྱུ་མས་རོལ། །ཡེ་ཤེས་
༩༩ལ་ཡེ་ཤེས་ཐིམ་པའི་ཚུལ་ཀྱིས་ལོངས་སྤྱད། ཐ་མ་བླ་མ་ཡི་དམ་ལ་ཚོགས་མཆོད་འབུལ་བའི་ཚུལ་ཀྱིས་ལོངས་སྤྱོད་དོ། །སྲོད་ལ་དབང་པོ་བཞི་ལ་བསྡུ་བའི་རྣལ་འབྱོར་ནི། འཁྲུལ་པའི་རྟོགས་ཚོགས་གང་ཤར་གྱི་རང་ངོ་ལ་ཅེར་གྱིས་བལྟས་ནས། བརྟག་དཔྱད་བསམ་ཞིག་གི་སྤྲོས་པ་རང་སར་གྲོལ་བའི་ངང་དུ་བློ་འཇོག་གོ །ནམ་གུང་ཤེས་པ་བུམ་པར་གཞུག་པའི་རྣལ་འབྱོར་ནི། ནུབ་མོ་སྙིང་དཀྱིལ་དུ་པདྨ་ཉི་ཟླའི་གདན་ལ་བླ་མ་རྡོ་རྗེ་འཆང་སྐུ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོ་བར་གསལ་བའི་འོད་ཀྱིས་སྣང་བ་ཐམས་ཅད་གསལ་ལམ་མེར་གྱུར་པ་ལ་སེམས་གཏད་དེ་ཉལ་བས་གཉིད་འོད་གསལ་དུ་འཆར་རོ། །ཐོ་རངས་རིག་པ་གསལ་གདབ་པའི་རྣལ་འབྱོར་ནི། རླུང་རིག་དྭངས་པའི་སྐབས་དེར་ཆོས་སྤྱི་དང་རང་གི་མཚན་ཉིད་དང་། ཁྱད་པར་བླ་མའི་མན་ངག་རྣམས་བསམ་མནོས་ཞུན་ཐར་བཅད་དེ་བློ་ལ་ཡང་ཡང་གསལ་གདབ་བོ། །འཆི་ཁར་ཡེ་ཤེས་ཟང་ཐལ་གྱི་རྣལ་འབྱོར་ནི། ནམ་འཆི་བའི་ཚེ་ཕྱི་ནང་གི་དངོས་པོ་ལ་ཆགས་སྡང་གི་རྟོག་པ་སྤང་། ཀུན་རྫོབ་ཏུ་ཡོ་བྱད་རྣམས་ཚོགས་སུ་བཏང་། ཉེས་ལྟུང་བཤགས། སྡོམ་པ་བླང་། ངེས་འབྱུང་དང་། སྙིང་རྗེ་དང་། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཏེ། དོན་དམ་པར་རང་སེམས་སྐྱེ་འཆི་མེད་པས་ཕྱག་རྒྱ་ཆེན་པོ་ཡིད་ལ་བྱར་མེད་པར་ཁོ་ཐག་བཅད་དེ། །བསྒོམ་མེད་ཀྱི་ངང་དུ་ཡེངས་མེད་དུ་བཞག་པས་བར་དོ་མེད་པར་ཟང་ཐལ་དུ་སངས་རྒྱའོ། །གཞན་ཡང་གེགས་སེལ་བོགས་འདོན་དང་ཉམས་རྟོགས་ཀྱི་སྐྱེ་ཚུལ་སོགས་ནི་བླ་མ་ཉམས་མྱོང་ཅན་གྱི་ཞལ་ལས་རིམ་པ་ཤེས་པར་བྱ་བ་ཁོ་ནའོ་གསུངས། གསུམ་པ་རྗེས་ནི། ཇི་སྐད་བཤད་པའི་ལམ་དེ་རྣམས་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བའི་ཚེ། སྤྱིར་བསྐྱེད་རིམ་ལྟ་བུ་རེ་རེ་ལའང་ལམ་ཐམས་ཅད་དོན་གྱིས་ཚང་བ་ཡིན་ཏེ། རྣམ་པ་ལྷར་གསལ་བ་བསྐྱེད་རིམ་
༡༠༠གསལ་བཞིན་དུ་སྟོང་པ་རྫོགས་རིམ། དེ་གཉིས་དབྱེར་མེད་པ་ཟུང་འཇུག །དེ་ཐམས་ཅད་རང་སེམས་སྐད་ཅིག་མའི་ངང་དུ་རྫོགས་པ་ཕྱག་རྒྱ་ཆེན་པོའ་ཉམས་ལེན་ནོ། །འོན་ཀྱང་མདོར་བསྡུས་པའི་ཚུལ་གྱིས་སོ་སོར་ཉམས་སུ་ལེན་ན། སྐྱབས་སེམས་ནས་བླ་མའི་རྣལ་འབྱོར་བར་དཀྱུས་བཞིན་གྱི་མཐར། བསྐྱེད་ཆོག་རྒྱས་བསྡུས་ཇི་ལྟར་རིགས་པས་ཡབ་ཡུམ་གང་རུང་གི་བསྐྱེད་རིམ་གསལ་ལ་བཟླས་པ་བྱ། དེ་ནས་ཐུགས་ཀའི་སྔགས་འཁོར་སོགས་མི་དམིགས་པའི་ངང་སྟོང་ར་གསལ་བཏབ་ནས་བྱིན་རླབས་བླ་མའི་གཏུམ་མོ་དང་། རླུང་སྦྱོར་བ་བཞི་ལྡན་བསྒོམ་ཞིང་རྫོགས་རིམ་དུ་བསྡུ། ཐུན་མཚམས་རྣམ་སུ་ཅིར་སྣང་སྒྱུ་མའི་དྲན་འདུན་དྲག་ཏུ་བྱ། ཉལ་བའི་ཚེ་རྨི་ལམ་དང་འོད་གསལ་གྱི་རྣལ་འབྱོར་གང་རུང་ལ་འཇུག །སྐབས་ཅི་རིགས་པར་འཕོ་བ་དང་། གསང་སྤྱོད་ཀྱི་དམིགས་རིམ་ཀྱང་ཉམས་སུ་བླང་། ཁྱད་པར་དུས་ཐམས་ཅད་དུ་གནས་ལུགས་ཕྱག་རྒྱ་ཆེན་པོའ་ཉམས་ལེན་དང་མ་བྲལ་བར་བྱ་ཞིང་། གཞན་ཡང་ལམ་གྱི་ཡན་ལག་ཏུ་ཚེ་སྒྲུབ་གོང་ཁུག་མིའི་བསྐྱེད་རྫོགས་ཀྱང་ལོགས་སུ་གསལ་བ་བཞིན་འབད་པས་མྱུར་དུ་ཟུང་འཇུག་འཆི་མེད་ཡེ་ཤེས་ཀྱི་སྐུ་དཔལ་འཁོར་ལོ་སྡོམ་པའི་གོ་འཕང་ཐོབ་པར་འགྱུར་བ་ནི་ངེས་པའོ། །དེ་ལྟར་འཁོར་ལོ་བདེ་མཆོག་གི་།སྙན་བརྒྱུད་ཡིད་བཞིན་ནོར་བུ་ཡི། །ལམ་རིམ་ཅུང་ཟད་བཤད་པའི་དགེས། །འགྲོ་ཀུན་ཟུང་འཇུག་མྱུར་ཐོབ་ཤོག །ཅེས་རྗེ་བཙུན་འཇའ་ཚོན་གྱི་སྐུ་ཅན་རས་ཆུང་ཞབས་ནས་གཙོ་བོར་བརྒྱུད་པའི་དཔལ་འཁོར་ལོ་བདེ་མཆོག་གི་སྙན་བརྒྱུད་ཡིད་བཞིན་ནོར་བུའི་ལམ་རིམ་སྙིང་པོར་དྲིལ་བ་འདི་ཡང་། རང་ཉིད་ཀྱི་དྲན་པ་གསོ་བ་དང་། ལས་དང་པོ་པ་གཞན་དག་ལ་ཅུང་ཟད་ཕན་པའི་བསམ་པས། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པའི་རྡོ་རྗེ་དང་། གཙང་སྨྱོན་ཧེ་རུ་ཀ་ཡབ་སྲས་སོགས་
༡༠༡ཀྱི་གསུང་ལ་གཞི་བྱས། ལམ་འདི་ལ་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ་བཀའ་རྒྱུད་ཕྲིན་ལས་དབང་ཕྱུག་གི་གསུང་གི་བདུད་རྩིས་ཟུར་བརྒྱན་ཏེ། རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ། འཇམ་དབྱངས་མཁྱེན་བརྩེའི་དབང་པོས། གྲུབ་པའི་བསྟི་གནས་རས་ཆུང་ཕུག་ཏུ་མགོ་བརྩམས། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་གྲུབ་པར་བགྱིས་པ་འདིས་ཀྱང་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པ་ཕྱོགས་དང་དུས་ཐམས་ཅད་དུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། འདི་རྣམས་ཀྱི་གོ་དོན་རྒྱས་པར་རྗེ་བཙུན་མི་ལ་རས་པས་རས་ཆུང་པ་ལ་ཆིག་བརྒྱུད་དུ་གདམས་པའི་བུམ་དབང་ཡིད་བཞིན་ནོར་བུ། སྟེང་སྒོ་རྣམ་གྲོལ་ཆོས་དྲུག །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད། ལམ་བློ་ནས་གཅོད་པ་བར་དོ་ངོ་སྤྲོད་ཀྱི་ཁྲིད་ཡིག་རྣམས་གཞིར་བཟུང་། གྲུབ་ཆེན་གཙང་སྨྱོན་ཡབ་སྲས་ཀྱིས་མཛད་པའི་རྡོ་རྗེའི་ཚིག་རྐང་གི་གཞུང་འགྲེལ་ཁྲིད་ཡིག་ཞལ་ཤེས་དང་བཅས་པ་དང་། ཀུན་མཁྱེན་གྲུབ་མཆོག་དབང་པོས་མཛད་པའི་ཁྲིད་ཡིག་ཆེན་མོ་རྣམས་ཀྱིས་གསལ་བར་བྱ་ཕྱིར་བླ་མའི་ཞལ་ལུང་བཞིན་ཤེས་པར་བྱ་བ་ཁོ་ནའོ།། །།

༄༅། །དཔལ་འཁོར་ལོ་བདེ་མཆོག་ངམ་རྫོང་སྙན་བརྒྱུད་ཀྱི་མན་ངག་རྩ་བ་ཚེ་རིང་སྐོར་གསུམ་གྱི་གཞུང་བཞུགས་སོ༎ ༎

༡༠༣དཔལ་འཁོར་ལོ་བདེ་མཆོག་ངམ་རྫོང་སྙན་བརྒྱུད་ཀྱི་མན་ངག་རྩ་བ་ཚེ་རིང་སྐོར་གསུམ་གྱི་གཞུང་བཞུགས་སོ།། །།
༡༠༤ན་མོ་གུ་རུ་ཝེ། གངས་ཁྲོད་གྲུབ་རིགས་རྒྱ་མཚོའ་གཙུག་རྒྱན་རྗེ་བཙུན་ཆེན་པོ་མི་ལ་རས་པ་དེ་ཉིད་འབྲོག་ལ་ཕྱི་གངས་ཀྱི་ར་བ་སྨན་ལུང་ཆུ་བར་གྱི་དབེན་གནས་སུ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་བཞུགས་པའི་ཚེ། ཆུ་ཕོ་འབྲུག་གི་ལོའ་དབྱར་ཟླ་ར་བའི་ཡར་ངོའ་ཚེས་བརྒྱད་ཀྱི་ནམ་གུང་ཡོལ་ཙ་ན། ཤ་ཟའི་ཌཱ་ཀི་ནཱི་མཆེད་ལྔས་གཙོར་བྱས་པའི་སྣང་སྲིད་ཀྱི་ལྷ་འདྲེའི་ཆོ་འཕྲུལ་སྟོན་པའི་སྐབས་མི་འཇིགས་པ་ཁོང་དུ་ཆུད་ཅིང་རྟོགས་པ་གདིང་དུ་གྱུར་པའི་མགུར། ཡང་ཡུལ་ལ་མཚན་གསོལ་དིང་མ་བྲིན། །ཁེ་ཚོལ་འདུ་བའི་ཚོང་འདུས་ཏེ། །མི་རྒྱ་བོད་གཉིས་ཀྱི་འགྲིམ་ས་ཡིན། །གངས་མཐོ་ལ་གཉན་པའི་ཚེ་རིང་མ། །རི་བཀྲ་ཤིས་ཤེལ་གྱི་ཟུར་ཕུད་ཅན། །ལྷ་སྨན་རྒྱལ་མོའ་ཐུ་བ་ལ། །འབྲོག་དབྱར་ས་སྨན་ལུང་མི་ཟེར་རམ། །ས་ཁོལ་དུ་བྲེས་པའི་ཆུ་བར་དུ། །ཁྱེད་སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་ཚོགས། །ལྷ་གནས་གཞན་འཕྲུལ་མན་ཆད་ནས། །ས་འོག་ལྟོ་འཕྱེ་ཡན་ཆོད་ལ། །ལྐུགས་པའི་ཀླུ་དང་ནམ་མཁའ་ལྡིང་། །དྲི་ཟ་སྲུལ་པོ་མིའམ་ཅི། །ལྟོ་འཕྱེ་གྲུལ་བུམ་སྲིན་པོའ་གདོན། །རོ་ལངས་
༡༠༥གནོད་སྦྱིན་འབྱུང་པོ་རྣམས། །རེ་རེའི་མིང་ནས་བརྗོད་མི་ལང་། །བསམ་གྱིས་མི་ཁྱབ་མང་པོའ་ཚོགས། །ཁྱད་པར་འཇིགས་པའི་སྲིན་མོ་ལྔ། །མི་ངལ་མི་སྙན་ངག་ཏུ་སྨྲ། །ཚེ་འདི་ནས་ཕ་རོལ་འགྲོ་དགོས་ཟེར། །ང་འཆི་བ་ཁོ་ནས་འཇིགས་འཇིགས་ནས། །སེམས་འཆི་མེད་གཉུག་མའི་ངང་དུ་སྦྱངས། །འཁོར་བ་རང་གྲོལ་གཞི་ཡི་གནད། །སྙིང་པོའ་དོན་ལ་ངོ་སྤྲོད་བགྱིས། །ནང་རིག་བརྟེན་མེད་གཅེར་བུ་འདི། །འགྱུར་བ་དྭངས་སངས་ལྟ་བའི་གདེངས། །འོད་གསལ་སྟོང་པར་བློ་ཐག་ཆོད། །ང་སྐྱེ་འཆི་གཉིས་ལ་ཉམ་ང་མེད། །ང་མི་ཁོམས་བརྒྱད་ལ་འཇིགས་འཇིགས་ནས། །མི་རྟག་འཁོར་བའི་ཉེས་དམིགས་བསྒོམས། །སྐྱབས་དཀོན་མཆོག་གསུམ་ལ་བློ་ཕུག་གཏད། །ལས་རྒྱུ་འབྲས་ཆོས་ལ་ནན་ཏན་བསྐྱེད། །ཐབས་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་པས། །བག་ཆགས་སྒྲིབ་པའི་རྒྱུན་ལམ་བཅད། །སྣང་བ་ཅི་སྣང་སྒྱུ་མར་རྟོགས། །ངན་སོང་གསུམ་ལ་ཉམ་ང་མེད། །ང་གློ་བུར་ཚེ་ལ་འཇིགས་འཇིགས་ནས། །ལམ་རྩ་དང་རླུང་ལ་རྟེན་འབྲེལ་བསྒྲིགས། །གནད་
༡༠༦བསེ་བ་གསུམ་ལ་སྦྱངས་པ་ཡིས། །ཚོགས་དྲུག་གི་སྣང་བ་འགགས་པའི་ཚེ། །ཆོས་སྐུ་ངོ་སྤྲོད་ཀྱི་གདིང་ཡོད་དེ། །ཤེས་རྒྱུད་ཚངས་པའི་ལམ་ནས་ཐོན། །སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་འཕོ། །ངས་ད་ལྟ་ཤི་ཡང་ཉམ་ང་མེད། །ལར་ཁྱེད་ཅག་འཇིག་རྟེན་ལྷ་མ་སྲིན། །སྐྱེ་འགྲོའི་ཚེ་སྲོག་ཉུལ་བ་རྣམས། །ང་སྒྱུ་མ་གཟུགས་ཀྱི་ཕུང་པོ་འདི། །མི་རྟག་འཇིག་པའི་ཆོས་ཅན་ཏེ། །ལར་ཅིས་ཀྱང་མི་སྟོངས་འདོར་བ་ལ། །འདྲེ་ཁྱོད་ལ་དགོས་ན་སུ་དགའ་ཁྱེར། །སྤྱིར་འགྲོ་བ་ཡོངས་ཀྱི་གླུད་དུ་གཏོག །དགོས་དྲིན་ཅན་ཕ་མའི་དོན་དུ་བསྔོ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱེད་དགའ་མགུ་རངས་ཤིང་ཚིམ་གྱུར་ནས། །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །བུ་ལོན་འབྲེལ་ཐག་ཆོད་པར་གྱིས། །ལན་ཆགས་ཤ་འཁོན་བྲལ་བར་མཛོད། །སེམས་འགྱུ་བ་དངོས་མེད་སྟོང་པ་དེ། །འདྲེ་ཁྱོད་བས་ངས་ཀྱང་མཐོང་བ་མེད། །དམྱལ་ཁམས་བཅོ་བརྒྱད་དགྲར་ལངས་ཀྱང་། །འཇིགས་སོ་སྙམ་ན་ང་ལ་སྡིག །ང་སྟོང་ཉིད་ནམ་མཁའི་རྣལ་འབྱོར་པ། །འཁྲུལ་པའི་དེ་ཉིད་ཤེས་པའི་ཕྱིར། །འདྲེ་ཁྱོད་ལ་ཉམ་ངའི་འཇིགས་པ་མེད། །ལར་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ། །ཨེ་མ་ཁམས་གསུམ་འཁོར་བའི་ཆོས། །མེད་བཞིན་སྣང་བ་ངོ་མཚར་ཆེ། །ཞེས་བཞེངས་པ་ན་དེར་ཚོགས་པའི་ལྷ་འདྲེ་ཐམས་ཅད་མོས་ཤིང་འདུན་པར་གྱུར་ཏེ། སླར་ཡང་མཁའ་འགྲོ་ཆེན་མོ་ལྔས་སྙིང་གཏམ་སྲོས་སུ་བསྙད་པའི་གླུ་དབྱངས་ཕུལ་བ་ན། རྗེ་བཙུན་རིན་པོ་ཆེས་ལན་གསུངས་པ། སྤྱིར་ཕྱི་རོལ་བདུད་ཀྱི་རིགས་ལྷ་འདྲེའི་བར་དུ་གཅོད་པ་ཐམས་ཅད་ནང་རྣམ་པར་རྟོག་པ་སེམས་ཀྱི་ཉེར་ལེན་ལས་བྱུང་བ་ཁྱེད་ཅག་ཟེར་བ་ལྟར་བདེན་ན་ངེད་རྣལ་འབྱོར་པའི་ལུགས་ཀྱིས་བར་ཆད་ལ་སྐྱོན་དུ་མི་བལྟ་སྟེ། ལྟས་དང་ཆོ་འཕྲུལ་གྱི་རྣམ་པ་ཅི་བྱུང་ཡང་། དེ་ཉིད་བཀའ་དྲིན་ཅན་ནམ་འདོད་
༡༠༧ཐོག་ཏུ་འཁྱེར་ཏེ་ལས་དང་པོ་པའི་གང་ཟག་ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་ཀྱི་ལྕག་འདེབས། གཉེན་པོ་གློ་བུར་དུ་སྐྱེ་ཞིང་རིག་པའི་ངར་འདོན། འདི་ཉིད་ཀྱིས་ལུས་ངག་དགེ་སྦྱོར་ལ་བསྐུལ་ནས་བསམ་གཏན་མྱུར་དུ་རྒྱུད་ལ་སྐྱེ་བའི་རྒྱུ་བྱེད་ལ། ལམ་གོམས་ཤིང་བརྟན་པ་ཐོབ་པ་རྣམས་ལ་ནི་དྲན་པ་ཡེ་ཤེས་ཀྱི་གསོས་འདེབས། རིག་པ་འོད་གསལ་གྱི་མདངས་འདོན་ཞིང་ནང་ཏིང་ངེ་འཛིན་གྱི་རྩལ་སྦྱོང་། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཞིང་ལམ་གྱི་བོགས་གོང་ནས་གོང་དུ་འབྱིན་པར་བྱེད་དོ། །དུས་དེའི་གནས་སྐབས་ན་བདུད་རིགས་ཆོས་སྐྱོང་དུ་ཞལ་འགྱུར་ཞིང་ཆོས་སྐྱོང་སྤྲུལ་སྐུར་མཐོང་བས་རྐྱེན་ངན་དངོས་གྲུབ་ཏུ་འབབས། བར་ཆད་ལམ་དུ་བསླངས། རྣམ་རྟོག་ཆོས་སྐུར་འཆར། །སྐྱོན་ཡོན་ཏན་ཏན་དུ་གྲོལ་ཏེ་ཐུན་མོང་ལམ་གྱི་མཐུན་རྐྱེན་ཐམས་ཅད་ཁྱེད་ཅག་གིས་སྒྲུབ་པར་བྱེད་དོ། །མཐར་ཐུག་ཤེས་བྱའི་གཤིས་ལ་ལྷ་དང་འདྲེ་གཉིས་ཀ་མ་གྲུབ་སྟེ། རེ་དོགས་སྤོང་ལེན་གྱི་མཚན་མ་རང་སར་གྲོལ་བས། འཁྲུལ་པ་གཞི་མེད་དུ་རྟོགས་ཤིང་འཁོར་བ་ཕྱག་རྒྱ་ཆེན་པོར་ཤར་ལ་དེ་ལ་གློ་བུར་གྱི་རྣམ་པར་རྟོག་པ་དབྱིངས་སུ་ཐིམ་པའི་ཚེ་ཆོས་སྐུ་འདུ་འབྲལ་མེད་པ་ཞེས་མིང་དུ་བཏགས་སོ་གསུངས་ནས། དེ་དག་གི་དོན་ཚིགས་སུ་བཅད་དེ་གསུངས་པ། རྒྱལ་བའི་ཞིང་ཁམས་འཛམ་གླིང་འདིར། །སངས་རྒྱས་གཉིས་པ་ལྟར་གྲགས་ཤིང་། །མི་ནུབ་བསྟན་པའི་རྒྱལ་མཚན་གྱི། །ཅོད་པན་གཙུག་གི་ནོར་བུ་ལྟར། །ཀུན་གྱིས་བཀུར་ཞིང་མཆོད་པའི་གནས། །སྙན་པའི་བ་དན་སྒྲ་དབྱངས་ཀྱིས། །ཕྱོགས་རྣམས་ཀུན་ཏུ་ཁྱབ་པ་དེ། །རྗེ་མངའ་བདག་མཻ་ཏྲི་མ་ལགས་སམ། །དེ་ཉིད་ཞབས་ཀྱི་པདྨོ་ལ། །གུས་པས་བརྟེན་ཅིང་བཅུད་འཐུངས་པས། །ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ། །མཐའ་བྲལ་གཉུག་མའི་དོན་རྟོགས་ཤིང་། །ཡོན་ཏན་ཐམས་ཅད་རབ་རྫོགས་ཏེ། །སྐྱོན་རྣམས་ཀུན་གྱི་མ་གོས་པ། །
༡༠༨བདེ་གཤེགས་སྤྲུལ་པ་མི་གཟུགས་ཅན། །སྐྱེས་མཆོག་མར་པ་འདི་སྐད་གསུང་། །ཕྱི་སྣང་བ་ཇི་ལྟར་སྣང་ལགས་ཀྱང་། །མ་རྟོགས་དུས་ན་འཁྲུལ་སྣང་སྟེ། །ཡུལ་གྱི་ཞེན་པས་འཆིང་བར་བྱེད། །རྟོགས་པ་རྣམས་ལ་སྒྱུ་མར་སྣང་། །ཡུལ་སྣང་སེམས་ཀྱི་གྲོགས་སུ་འཆར། །མཐར་ཐུག་དོན་ལ་སྣང་མ་མྱོང་། །སྐྱེ་མེད་ཆོས་སྐུར་དག་གོ་གསུང་། །ནང་འགྱུ་བ་ཡིད་ཀྱི་རྣམ་ཤེས་འདི། །མ་རྟོགས་དུས་ན་མ་རིག་པ། །ལས་ཉོན་མོངས་ཀུན་གྱི་གཞི་རྩ་ཡིན། །རྟོགས་ན་རང་རིག་ཡེ་ཤེས་ཏེ། །དཀར་པོའ་ཡོན་ཏན་རྫོགས་པར་འབྱུང་། །མཐར་ཐུག་དོན་ལ་ཡེ་ཤེས་མེད། །ཆོས་རྣམས་ཟད་སར་སྐྱོལ་ལོ་གསུང་། །ཉེར་ལེན་གཟུགས་ཀྱི་ཕུང་པོ་འདི། །མ་རྟོགས་དུས་ན་འབྱུང་བཞིའི་ལུས། །ན་ཚ་སྡུག་བསྔལ་དེ་ལས་འབྱུང་། །རྟོགས་ན་ལྷ་སྐུ་ཟུང་འཇུག་སྟེ། །ཐ་མལ་ཞེན་པ་ཟློག་པར་བྱེད། །མཐར་ཐུག་དོན་ལ་ལུས་མེད་དེ། །སྤྲིན་བྲལ་མཁའ་ལྟར་དག་གོ་གསུང་། །གདོན་གནོད་སྦྱིན་ཕོ་མོའ་སྣང་བ་འདི། །མ་རྟོགས་དུས་ན་བདུད་ཡིན་ཏེ། །ཐོ་འཚམ་བར་དུ་གཅོད་པར་བྱེད། །རྟོགས་ན་བགེགས་རྣམས་ཆོས་སྐྱོང་སྟེ། །སྣ་ཚོགས་དངོས་གྲུབ་ཁྱེད་ལས་འབྱུང་། །མཐར་ཐུག་དོན་ལ་ལྷ་འདྲེ་མེད། །རྣམ་རྟོག་ཟད་སར་སྐྱོལ་ལོ་གསུང་། །སྤྱིར་ཐེག་པའི་མཐར་ཐུག་གསང་སྔགས་ཀྱི། །རྣལ་འབྱོར་བླ་མེད་རྒྱུད་ནས་ཀྱང་། །ཁམས་འདུས་པ་རྩ་ཡི་རྟེན་འབྲེལ་གྱིས། །ཕྱི་རོལ་འདྲེ་གཟུགས་མཐོང་བར་གསུངས། །དེ་རང་སྣང་རྫུན་དུ་མ་ཤེས་ཤིང་། །བདེན་ནོ་སྙམ་ན་ཤིན་ཏུ་རྨོངས། །ང་སྔོན་ཆད་རྨོངས་པས་མགོ་བོ་འཁོར། །མ་རིག་འཁྲུལ་པའི་ཚང་དུ་ཞུགས། །ཕན་གནོད་ཀྱི་ལྷ་འདྲེ་བདེན་པར་བཟུང་། །ད་གྲུབ་ཐོབ་རྗེ་ཡི་བཀའ་དྲིན་གྱིས། །འཁོར་འདས་དགག་སྒྲུབ་མེད་པར་གོ་།ཅིར་སྣང་ཕྱག་རྒྱ་ཆེན་པོར་ཤར། །འཁྲུལ་པ་གཞི་མེད་དུ་རྟོགས་པ་དེས། །རིག་པའི་ཆུ་ཟླ་རྙོགས་པ་དྭངས། །
༡༠༩འོད་གསལ་གྱི་ཉི་མ་སྤྲིན་དང་བྲལ། །མ་རིག་མུན་པ་མཐའ་ནས་སངས། །རྨོངས་པའི་མགོ་འཁོར་ཡལ་ནས་ཐལ། །ཡིན་ལུགས་ཞིག་ནང་ནས་འཆར་གྱིན་གདའ། །ལར་འདྲེར་འཛིན་གྱི་རྣམ་རྟོག་རིན་པོ་ཆེ། །གཞི་སྐྱེ་མེད་ཀྱི་གསལ་འདེབས་ངོ་མཚར་ཆེ། །ཞེས་བླ་མའི་གསུང་ཚད་མར་འཛིན་ཅིང་། གདམས་ངག་ལ་ངེས་ཤེས་སྐྱེས་པའི་མགུར་དེ་རྣམས་རྗེ་བཙུན་གྱིས་བཞེངས་པ་ལས། དེར་ཚོགས་པ་ཐམས་ཅད་ཤིན་ཏུ་གུས་པས་ཅི་གསུང་བཀའ་བཞིན་དུ་བསྒྲུབ་པར་གཡར་དམ་བླངས་ཏེ་སོ་སོ་རང་རང་གི་གནས་སུ་གྱེས་སོ། །འདི་ནི་ལམ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་ཕྱག་རྒྱ་ཆེན་པོ་དང་། ནཱ་རོ་གསང་སྤྱོད་ཀྱི་དགོངས་པ་རྣམས་གཅིག་ཏུ་དྲིལ་བའི་རྡོ་རྗེའི་གླུ་སྟེ། དོན་རྒྱས་པར་སྔ་ཕྱིར་འབྱུང་བའི་ཕྱག་རྒྱ་ཆེན་པོ་དང་། རས་ཆུང་སྙན་བརྒྱུད་དང་འབྲེལ་བའི་དཔལ་ནཱ་རོ་པའི་གསང་སྤྱོད་ཀྱི་ཁྲིད་ཡིག་རྣམས་ལས་ཤེས་པར་བྱའོ། །ཞུས་ལན་གྱི་སྐོར་དང་པོའོ། ༈ །གཉིས་པ་ནི། ལོ་དེའི་ཕྱི་མ་ཆུ་མོ་སྦྲུལ་གྱི་ལོའ་དབྱར་ར་བའི་ཚེས་བཅུ་གཅིག་གི་ནུབ་མོ། །སླར་ཡང་ཞིང་སྐྱོང་ཌཱ་ཀིའི་དབང་མོ་མཆེད་ལྔ་སྤྱན་སྔར་ལྷགས་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གསོལ་བ་ན། སྣོད་བརྟག་པ་ལས་བརྩམས་ཏེ་ཐུན་མོང་གི་ལམ་རིམ་རྡོ་རྗེའི་མགུར་དུ་བཞེངས་པ། དཔལ་དོ་ནུབ་སྲོད་ཀྱི་གུང་ཐུན་ལ། །ཕྱོགས་ཤར་ནས་འོད་ཅིག་མདངས་གསལ་བས། །སྨག་ཁྲི་མུན་མཐའ་ནས་སངས་པ་དེ། །ཆུ་ཤེལ་ཟླ་བ་མ་ལགས་སམ། །ཟླ་ཟེར་མདངས་ཀྱི་རྟ་ཞོན་ནས། །ལུས་འོད་དུ་འཁྱིལ་ཞིང་འོང་བ་དེ། །ཁྱེད་འཇིག་རྟེན་ཌཱ་ཀི་མ་ལགས་སམ། །ཆུ་བོ་ལོ་ཏ་ཧན་གྱི་ཀླུང་འགྲམ་ན། །རང་བྱུང་གི་དབེན་གནས་ཉམས་དགའ་བ། །ཆུ་དབར་དཔལ་གྱི་ཕོ་བྲང་ན། །བརྟུལ་ཞུགས་སྤྱོད་པའི་སྨྱོན་པ་ཞིག །
༡༡༠འབྱུང་བའི་ལུས་ལ་ཚ་གྲང་མེད། །ངོ་ཚ་མི་ཤེས་གཅེར་ཉལ་མཁན། །ཡིད་ལ་མི་བྱེད་སྙིང་པོའ་དོན། །སྐད་ཅིག་མ་ཡེངས་སྒོམ་དུ་མེད། །ནམ་མཁའི་མཚན་ཉིད་ལྟ་བ་དེ། །མི་ལ་སྒོམ་ཆེན་མ་ལགས་སམ། །ང་སྤྱོད་པའི་རྣལ་འབྱོར་རས་པ་དང་། །ཁྱེད་རྫུ་འཕྲུལ་ཅན་གྱི་བུད་མེད་ལྔ། །གླུ་ཕར་ཅིག་ཚུར་གཅིག་ལེན་པ་དེ། །སྔོན་ཆད་སྨོན་ལམ་བཏབ་པར་ངེས། །ཁྱོད་ད་ཅི་ཕན་ཆད་ངོ་མ་ཤེས། །ད་ནི་ངོ་ཤེས་གློ་བ་དགའ། །ན་ནིང་སོས་ཀྱི་ད་ཙམ་ན། །སྲིད་པའི་བུད་མེད་དབང་མོ་ཆེ། །གཙོ་མོ་ཁྱེད་ཀྱིས་གཡོ་གཡོ་ནས། །འཇིག་རྟེན་སྲིད་པའི་ལྷ་འདྲེ་ཚོགས། །དཔུང་བཞི་དམག་གི་རུ་དར་ཕྱར། །འཐབ་རྩོད་གཡུལ་ངོ་བཤམས་ནས་ཀྱང་། །གདུག་རྩུབ་མཚོན་གྱི་ཆར་འབེབས་ཤིང་། །མི་ང་ལ་བར་གཅོད་ཅི་མ་བྱས། །ང་སྣང་བ་སེམས་སུ་ཐག་ཆོད་ཅིང་། །སེམས་ཉིད་སྟོང་པར་ཤེས་པའི་ཕྱིར། །འཁྲུལ་སྣང་བགེགས་ཀྱི་ཆོ་འཕྲུལ་ལ། །ཡ་ང་བག་ཚ་བྱེད་མ་མྱོང་། །སྤྱིར་ཡང་ཁྱེད་ཅག་མཐོང་ཙམ་གྱིས། །ཁོ་བོ་ཤིན་ཏུ་མི་བཟོད་པས། །རང་དབང་མེད་པའི་སྙིང་རྗེ་སྐྱེས། །དཀར་པོའ་ཆོས་ཀྱི་འཇམ་ཆར་ཕབ། །ཁྱེད་སླར་ཡང་མོས་ཤིང་གུས་པར་འགྱུར། །ངོ་གཅིག་ལོ་ཡི་དིང་སང་ན། །མཚར་སྡུག་ལྡན་པའི་བུད་མེད་ལྔ། །བསྐོར་ཞིང་བསྐོར་ཞིང་ཕྱག་འཚལ་ནས། །ཡ་མཚན་ཆེ་བའི་སྤྱན་གཟིགས་དྲངས། །རྩེ་གཅིག་གུས་པའི་ཐལ་སྦྱར་ནས། །ངག་སྙན་པའི་ཚིག་གིས་ཞུ་འབུལ་བ། །བྱང་ཆུབ་སེམས་ཀྱི་སྤྲིན་ཕུང་ལས། །བདུད་རྩིའི་ཆོས་ཆར་ཕོབ་ཅིག་སྐད། །ཁྱེད་དེ་ཙམ་གུས་པའི་སེམས་ཡོད་ན། །མི་ང་ཡི་ཅོད་པན་ནོར་བུ་ལ། །རྩ་གསུམ་པདྨའི་གདན་སྟེང་ན། །རྗེ་འགྲན་གྱི་དོ་མེད་བཀའ་དྲིན་ཅན། །སྒྲ་སྒྱུར་མར་པ་ལོ་ཙཱ་དེ། །དག་པ་ལོངས་སྐུའི་ཚུལ་དུ་བཞུགས། །ཁོང་ཐུགས་རྗེ་སྤྲིན་
༡༡༡བྲལ་ཟླ་བ་ལས། །དྲི་མེད་དཀར་པོའ་འོད་འཕྲོས་པས། །གདུལ་བྱའི་སྙིང་གི་ཀུ་མུ་ད། །མཛེས་པའི་མེ་ཏོག་ཁ་ཕྱེ་ནས། །རྟོགས་པའི་ཟེའུ་འབྲུ་གཡོ་བར་བྱེད། །དེ་མཐོང་ངམ་འཇིག་རྟེན་མིག་སྒྱུར་མ། །མ་མཐོང་སྒྲིབ་པ་ཆེ་བའི་ཕྱིར། །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །ཁ་ན་མ་ཐོ་ལྕི་བ་རྣམས། །མཐོལ་ཞིང་བཤགས་པ་མ་བྱས་ན། །ཟབ་མོ་བཤད་པའི་སྣོད་མི་རུང་། །ཁྱེད་སྔོན་ཆད་མི་བསྲུན་ཐོད་རྒལ་ཆེ། །ངན་སྤྱོད་གཡོ་སྒྱུ་གོམས་པའི་ཕྱིར། །ཕྱིན་ཆག་གཙིགས་ལ་དབབ་པ་ཡོད། །ཁས་བླངས་དམ་བཅའ་ལེན་སྤྱོད་ན། །བསྟན་པ་དོན་གཞན་མ་ལགས་ཏེ། །དགེ་དང་མི་དགེའི་ལས་རྣམས་ལ། །རྒྱུ་འབྲས་དག་པར་མ་བསམས་ན། །ངན་སོང་སྡུག་བསྔལ་མི་བཟོད་པས། །ཕྲ་ཞིང་ཕྲ་བའི་རྣམ་སྨིན་ལ། །བག་ཡོད་དྲན་པས་ཟིན་ཀྱང་འཚལ། །འདོད་ཡོན་སྐྱོན་དུ་མ་བལྟས་ཤིང་། །ཞེན་པ་ནང་ནས་མ་ལོག་ན། །འཁོར་བའི་བཙོན་ར་མི་སྒྲོལ་བས། །ཐམས་ཅད་སྒྱུ་མར་ཤེས་པའི་བློས། །ཀུན་འབྱུང་གཉེན་པོ་བསྟེན་ཡང་འཚལ། །འགྲོ་དྲུག་དྲིན་ཅན་ཕ་མ་ལ། །བྱས་པ་དྲིན་དུ་མི་བཟོ་ན། །ཐེག་པ་དམན་པར་གོལ་བའི་སྐྱོན། །དེ་ཕྱིར་བརྩེ་བ་ཆེན་པོ་ཡིས། །བྱང་ཆུབ་སེམས་ལ་བསླབ་ཀྱང་འཚལ། །ལེགས་བཤད་དེ་ཆོ་ཉན་སྤྱོད་ན། །ཐེག་ཆེན་ལམ་གྱི་རྣལ་འབྱོར་མ། །འོ་སྐོལ་མིང་སྲིང་ལྟ་སྦྱོང་མཐུན། །གནས་སྐབས་བགྲོད་པའི་ལམ་ཡང་གཅིག །ཡོན་ཏན་ཕྲིན་ལས་མཐར་ཕྱིན་པའི། །དག་པ་མངོན་དགའི་ཞིང་ཁམས་དེར། །འོ་སྐོལ་འཛོམ་པར་གདོན་མི་ཟ། །ཞེས་གདམས་སོ།། །།དེ་ལྟར་བཀའ་སྩལ་བ་ན་སླར་ཡང་ནན་དུ་གསོལ་བ་བཏབ་པའི་ངོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་སྩལ་ཏེ་རང་གི་གནས་སུ་སོང་བར་གྱུར་ཏོ། །འདི་ནི་སྐྱེས་བུ་གསུམ་གྱི་ལམ་རིམ་སྙིང་པོར་དྲིལ་བ་སྟེ་དོན་རྒྱས་པར་དྭགས་པོ་རིན་པོ་ཆེས་མཛད་པའི་ལམ་རིམ་ཐར་
༡༡༢རྒྱན་སོགས་ལས་ཤེས་པར་བྱའོ། །ཡང་ཟླ་བ་དེའི་ཕྱི་མའི་མཚམས། བཅུ་གཅིག་གི་ནུབ་མོར་འཇིག་རྟེན་མིག་སྒྱུར་གྱི་ཌཱ་ཀི་ནཱི་མཆེད་ལྔ་འཁོར་དང་བཅས་པ་སྤྱན་སྔར་ལྷགས་ཏེ། མཆོད་པའི་རྣམ་གྲངས་དུ་མས་མཆོད་པ་དང་ཆབ་ཅིག །རྗེ་བཙུན་ཁྱེད་རང་གི་ཐུགས་ལས་བྱོན་པའི་རྟོགས་ཚད། དུས་གསུམ་སངས་རྒྱས་རྣམས་ཀྱི་དགོངས་པ་མཐར་ཐུག་ལམ་གྱི་བསྐྱོལ་ས་འདི་ལས་མེད་ཅེས་པ། ངེས་དོན་གྱི་ཆོས་ཞིག་དོན་འདིར་ཚོགས་པའི་ལྷ་མ་སྲིན་རྣམས་ལ་གསུང་བར་ཞུ་འཚལ་ཞུས་པས། དེའི་དུས་སུ་རྗེ་བཙུན་གྱིས་རྟོགས་ཚད་ལྟ་བའི་མགུར། གནས་ལུགས་ངེས་དོན་འབའ་ཞིག་ཏུ་གདམས་པ་འདི་རྣམས་ཡིན་གསུང་ནས་མགུར་བཞེངས་པ། ཡང་བལ་བོད་གཉིས་ཀྱི་སོ་མཚམས་ན། །ཡུལ་ཡ་མཚན་ཆེ་བའི་དིང་མ་བྲིན། །ཟོང་འདོད་དགུ་འབྱུང་བའི་ཚོང་འདུས་ན། །ལ་སྨན་བཙུན་མི་ལ་དཔལ་མགོན་པ། །སྦ་བརྗིད་གངས་ཀྱི་རྒྱལ་མོ་ལ། །ཚེ་གཡུང་དྲུང་བརྟན་པའི་ཟུར་ཕུད་ཅན། །དེ་མཚན་སྙན་བཀྲ་ཤིས་ཚེ་རིང་མ། །རི་ན་བུན་འཐིབས་ཀྱི་གཡོན་ཟུར་ན། །འབྲོག་སྨན་གཡང་གངས་ཀྱིས་བསྐོར་བ་དེ། །སྨན་ལུང་ཆུ་དབར་མ་ལགས་སམ། །གནས་དེ་ན་རྩེ་གཅིག་ཉམས་ལེན་པ། །ང་མི་ལ་རྣལ་འབྱོར་མི་ཟེར་རམ། །མི་ང་ལ་སྔོན་ཆད་མཐོ་འཚམ་ཞིང་། །ཅོ་འདྲི་བཞད་གད་བྱེད་པ་དེ། །ཁྱེད་ཅག་འཇིག་རྟེན་ལྷ་མ་སྲིན། །ཤིན་ཏུ་དྲེགས་ཤིང་མི་བསྲུན་པ། །རྣལ་འབྱོར་ཡོངས་ཀྱི་དྲོད་ཉུལ་བ། །དེ་རིང་འདིར་ཚོགས་མ་ལགས་སམ། །འདང་སང་དགུན་ཟླ་སྔ་མ་ལ། །ཡིད་འཕྲོག་བུ་མོ་མཛེས་མ་ལྔ། །བླ་མེད་མཆོག་ཏུ་སེམས་བསྐྱེད་དེ། །ཅི་འདོད་དངོས་གྲུབ་ཁས་བླངས་ནས། །མི་སྣང་མཁའ་ལ་འཕུར་ནས་ཐལ། །དེ་ཡང་ངོ་མཚར་ཁྱེད་ཅག་ལྔ། །དགུང་དོ་ནུབ་དཀར་གསལ་ཟླ་མདངས་ལ། །སྤྲུལ་པའི་བུད་མེད་བཞིན་བཟང་མ། །གར་སྒྱུར་སྒེག་མོའ་ཆ་བྱད་ཅན། །ལྷབ་ལྷུབ་
༡༡༣དར་གྱི་ན་བཟའ་དང་། །དོ་ཤལ་རྒྱན་གྱིས་མཛེས་པ་ཡི། །གཙོ་མོ་ཁྱོད་ཀྱིས་མདོངས་གསོལ་ནས། །སྡེ་བརྒྱད་དྲེགས་པའི་ལྷ་མ་སྲིན། །སྡེ་དང་དཔུང་དང་དམག་མི་དང་། །རིགས་མཐུན་འཁོར་གྱི་ཚོགས་བཅས་རྣམས། །ནམ་མཁའ་ཁེངས་པའི་མཆོད་སྤྲིན་དང་། །རོ་བརྒྱ་ལྡན་པའི་ཁ་ཟས་དང་། །སྣ་ཚོགས་རོལ་མོ་ཕུལ་ནས་ཀྱང་། །ངེས་དོན་དགོངས་པ་ཞུ་བ་དེ། །ཁྱེད་སྣང་སྲིད་ལྷ་འདྲེ་མ་ལགས་སམ། །ཚིག་དེ་སྐད་ཟློ་ན་རྣ་བར་སྙན། །ངག་བདེན་པས་བཀྲོལ་ན་ཀུན་ཀྱང་ཉོན། །ད་ཅ་ཅོ་མ་ཟེར་གླུ་འདི་ཉོན། །སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་ལ། །འདོད་པའི་བྱེ་བྲག་སྣ་ཚོགས་ཡོད། །ངར་འཛིན་ལྟ་བ་ཐ་དད་ཡོད། །དེ་དག་སྤྱོད་ཚུལ་སྣ་ཚོགས་ཡོད། །གཞི་བདག་ཏུ་ལྟ་བ་ཤིན་ཏུ་མང་། །ཁྱེད་བློ་དམན་རྣམས་ཀྱིས་བསམ་པ་དང་། །བསྟུན་ནས་ཀུན་མཁྱེན་སངས་རྒྱས་ཀྱིས། །ཐམས་ཅད་ཡོད་ཅེས་གསུངས་པ་ཡིན། །དོན་དམ་བདེན་པའི་དབང་དུ་ནི། །བགེགས་པས་སངས་རྒྱས་ཉིད་ཀྱང་མེད། །སྒོམ་པ་པོ་མེད་བསྒོམ་བྱ་མེད། །བགྲོད་བྱས་དང་ལམ་རྟགས་མེད། །འབྲས་བུ་སྐུ་དང་ཡེ་ཤེས་མེད། །དེ་ཕྱིར་མྱ་ངན་འདས་པ་མེད། །མིང་དང་ཚིག་གིས་བཏགས་པ་ཙམ། །ཁམས་གསུམ་བརྟན་དང་གཡོ་བར་བཅས། །གདོད་ནས་མ་གྲུབ་སྐྱེ་བ་མེད། །གཞི་མེད་ལྷན་ཅིག་སྐྱེས་པ་མེད། །ལས་དང་ལས་ཀྱི་རྣམ་སྨིན་མེད། །དེ་ཕྱིར་འཁོར་བའི་མིང་ཡང་མེད། །མཐར་ཐུག་དོན་ལ་དེ་ལྟར་གདའ། །ཨེ་མ་སེམས་ཅན་མེད་གྱུར་ན། །དུས་གསུམ་སངས་རྒྱས་ཅི་ལས་བྱུང་། །རྒྱུ་མེད་འབྲས་བུ་མི་སྲིད་པས། །ཀུན་རྫོབ་བདེན་པའི་དབང་དུ་ནི། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །ཡོད་པ་དངོས་པོར་སྣང་བ་དང་། །མེད་པ་སྟོང་པའི་ཆོས་ཉིད་གཉིས། །ངོ་བོ་དབྱེར་མེད་རོ་གཅིག་པས། །རང་རིག་གཞན་རིག་ཡོད་མིན་ཏེ། །ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །དེ་ལྟར་རྟོགས་པའི་མཁས་པ་ཡིས། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །སེམས་ཅན་མ་མཐོང་སངས་རྒྱས་མཐོང་། །ཆོས་ཅན་མ་མཐོང་ཆོས་ཉིད་མཐོང་། །དེ་ལས་སྙིང་རྗེ་ཤུགས་འབྱུང་སྟེ། །སྟོབས་དང་མི་འཇིགས་གཟུངས་
༡༡༤ལ་སོགས། །སངས་རྒྱས་ཡོན་ཏན་གང་ཡིན་པ། །ནོར་བུ་རིན་ཆེན་ཚུལ་དུ་འབྱུང་། །དེ་རྣལ་འབྱོར་ང་ཡི་རྟོགས་ཚད་ཡིན། །ཁྱེད་འདིར་ཚོགས་ལྷ་འདྲེའི་རྣ་ལམ་དུ། །ཆོས་ཟབ་མོ་བས་ཀྱང་བོན་སྒྲ་སྙན། །ཨ་བྷི་ར་ཡི་རྒྱལ་ཁམས་སུ། །མཁས་པ་བས་ཀྱང་སྨྱོན་པ་བྲིན། །དུར་ཁྲོད་ཉུལ་བའི་ཝ་སྤྱང་རྣམས། །སེང་གེའི་ང་རོས་འཇིགས་ཤིང་སྐྲག །འགའ་ཞིག་སྐལ་ལྡན་ཡོད་སྲིད་ན། །འདི་དོན་ཐོས་པས་གྲོལ་བར་འགྱུར། །ལར་མི་ང་ལ་དགའ་བའི་ཉམས་ཞིག་སྐྱེས། །བསོ་དགའ་ཡོ་སྐྱེད་དོ་ཐེ་ལེ་རྒྱལ། །ཞེས་པའི་མགུར་དེ་སྐད་གསུངས་ནས་དེ་དག་གི་དོན་བཤད་པ། སྤྱིར་སྟོན་པ་སངས་རྒྱས་ཀྱི་ཞལ་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཇི་སྙེད་ཅིག་གསུངས་པ་དེ་དག་ཐམས་ཅད་གདུལ་བྱ་གང་ཟག་གི་བློ་ངོ་དང་བསྟུན་ནས་ཐེག་པ་སྣ་ཚོགས་སུ་བསྟན་པ་ཡིན་གྱིས། མཐར་ཐུག་བསྐྱལ་ས་གཅིག་ལས་མེད། གཅིག་པོ་དེ་གཞི་ཆོས་ཉིད་མ་བཅོས་པ་ཡིན། དེ་ཡིན་ལུགས་ཤེས་པས་མི་གྲོལ་ཏེ། ལམ་སྦྱངས་པ་མངོན་དུ་འགྱུར་དགོས། དེ་ལ་ལམ་གྱི་ངོ་བོ་སྟོང་པ་སྙིང་རྗེ་ཟུང་འཇུག་ཡིན། ལམ་གྱི་བགྲོད་ཚུལ་བསམ་གྱིས་མི་ཁྱབ་པ་ཇི་སྙེད་ཅིག་ཡོད་ཀྱང་མདོར་ཧྲིལ་གྱིས་དྲིལ་ན་ཐབས་ཤེས་ཟུང་འཇུག་གམ། བདེན་གཉིས་དབྱེར་མེད་དུ་ཁྱེར་འཚལ་ལོ། །ཅེས་གསུངས་པས། ཌཱ་ཀི་མ་ལྔས་མངོན་པར་བསྟོད་ཅིང་སྨོན་ལམ་གྱི་གླུ་ཕུལ། རྗེ་བཙུན་ཆེན་པོས་ཀྱང་རྡོ་རྗེ་ཐེག་པའི་སྒོར་བཅུག་པར་མཛད་དོ། །ཚུལ་འདི་ནི་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་ཆེན་པོའ་དགོངས་དོན་གསལ་བར་སྟོན་པའི་རྡོ་རྗེའི་གླུ་སྟེ། རྒྱས་པར་ཐམས་ཅད་མཁྱེན་པ་པདྨ་དཀར་པས་མཛད་པའི་གཞུང་འདིའི་འགྲེལ་པ་ངེས་དོན་གྲུབ་པའི་ཤིང་རྟ་སོགས་ལས་རྟོགས་པར་བྱའོ། །ཞུས་ལེན་གྱི་སྐོར་གཉིས་པའོ། ༈ །གསུམ་པ་ནི། སླར་ཡང་ཟླ་བ་དེའི་ཕྱི་མ་སྟོན་ཟླ་འབྲིང་པོའ་ཚེས་བཅུ་གཅིག་གི་དགོངས་མོ་རྗེ་བཙུན་རིན་པོ་ཆེ་སྨན་བཙུན་ཆེན་མོ་རང་གི་བསྟི་གནས་སུ་གདན་དྲངས་ཤིང་།
༡༡༥ཡུལ་དེར་དམར་ཐབས་ཆེན་པོ་ཤོར་བའི་རྐྱེན་གྱིས་གཙོ་མོ་བཀྲ་ཤིས་ཚེ་རིང་མ་བྲོ་འཚལ་བ་ལ་རྗེས་སུ་འཛིན་པར་མཛད་པས་དབུགས་དབྱུང་ཞིང་རང་གནས་སུ་ཕེབས། སླར་ཟླ་བ་དེའི་ཉི་ཤུ་དགུ་ལ་བཀྲ་ཤིས་ཚེའི་དབང་ཕྱུག་མཆེད་ལྔ་སྤྱན་སྔར་ལྷགས་ཏེ། ནན་ཏན་ཆེན་པོས་གསོལ་བ་བཏབ་པ་ལས། ཡུམ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་ལུགས་སུ་དབང་བསྐུར་ཞིང་བྱིན་རླབས་མཛད་དེ། དེའི་དུས་སུ་བར་དོ་གནད་ཀྱི་འཕྲང་སྒྲོལ་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པས་དག་པ་བདེ་ཆེན་གྱི་ཞིང་དུ་བགྲོད་ལུགས་འདི་རྣམས་མགུར་དུ་བཞེངས་པ། འཛམ་གླིང་སྙིང་པོ་རྒྱ་གར་ཡུལ། །གཙུག་ལག་ཁང་ཆེན་བི་ཀྲ་མ། །རིག་པའི་འབྱུང་གནས་དེ་ཉིད་ཀྱི། །བྱང་སྒོ་སྲུང་བའི་པཎྜི་ཏ། །མི་ཡི་སེང་གེ་འགྲན་ཟླ་མེད། །རྒོལ་བ་ངན་པའི་གླད་འགེམས་ཕྱིར། །གྱད་སྟོབས་པོ་ཆེ་ཡི་དཔེ་དང་མཚུངས། །བཀའ་རྒྱུད་སྡེ་བཞི་ལམ་རྨོངས་ཤིང་། །མཆོག་ཐུན་མོང་དངོས་གྲུབ་བརྙེས་པ་དེ། །རྗེ་ནཱ་རོ་པཎ་ཆེན་མ་ལགས་སམ། །དེ་ཉིད་སྲས་ཀྱི་མཆོག་གྱུར་པ། །ཕ་དཀའ་བ་སྤྱད་པའི་ཐུགས་རུས་ཅན། །ལྷོ་བྲག་མར་པ་ལོ་ཙཱ་ཞེས། །མཚན་ཡོངས་སུ་གྲགས་སོ་འབྲུག་སྒྲ་ལྟར། །རྗེ་བཀའ་དྲིན་ཅན་གྱི་ཞལ་སྔ་ནས། །ཤཱཀ་ཐུབ་བསྟན་པའི་སྙིགས་མ་ལ། །མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ། །བདུད་རིགས་བར་ཆོད་མང་བའི་ཕྱིར། །དུས་ཡུན་རིང་སྡོད་པའི་ལོང་མེད་ཅིང་། །ཤེས་བྱའི་མཐའ་ལ་ཆོད་དུས་མེད། །རྒྱུད་སྡེའི་མཁྱེན་རྒྱ་མི་འཚལ་བས། །བུ་སྒྲུབ་པ་སྙིང་པོར་ལོངས་ཤིག་གསུངས། །མི་ངས་ཀྱང་ལེ་ལོ་མ་བགྱིས་ཏེ། །རྗེ་གསུངས་པའི་བཀའ་བཞིན་རྗེས་སུ་མཉན། །གནས་རི་ཁྲོད་བས་མཐའ་བསྙེགས་ནས་ཀྱང་། །ལུས་དཀའ་ཐུབ་སྤྱད་དེ་བསྒོམས་པ་ལས། །ཉམས་ཅུང་ཟད་རྒྱུད་ལ་སྐྱེས་པ་ཡོད། །སེམས་ལྷན་ནེ་གཏོད་ཅིག་སྐལ་བཟང་མ། །སྤྱིར་འོ་སྐོལ་འགྲོ་དྲུག་སེམས་
༡༡༦ཅན་ལ། །གཞི་བར་དོའ་ཆོས་དྲུག་ཤེས་ཀྱང་འཚལ། །ལམ་སྲིད་པ་གསུམ་གྱི་འབྱུང་འཇུག་གིས། །གནས་ཁམས་གསུམ་འཁོར་བར་ཡང་ཡང་འཁྱམས། །འཕྲང་འཇུར་མེད་གསུམ་གྱི་སོ་མཚམས་སུ། །ཤུལ་རིང་མགྲོན་པོ་མི་གསུམ་ལ། །མཛའ་བཤེས་གཉེན་གྱི་བྱ་ར་བས། །དགའ་བྲོད་གདོང་ནས་བསུ་བ་ཡོང་། །བསུ་མ་དེ་དང་མ་མཇལ་ན། །དགྲ་སྡང་གཤེད་མའི་ཕྱག་བརྙན་པས། །བྱ་སྤྱོད་བལྟ་མྱུལ་འོང་སྟེ་མཆི། །དཔུང་དེད་དཔོན་གསུམ་དང་མ་འགྲོགས་ན། །རྒྱུས་མེད་འཇིགས་བཅས་ཚོང་པ་རྣམས། །མ་མཐོང་འཇིགས་པའི་སྐུང་ས་ནས། །ལུང་སྟོན་བདུད་ཀྱི་ཕོ་ཉ་གསུམ། །ཐར་མེད་ཇག་པས་ལམ་ན་བསྒུགས། །འདྲ་མིན་སྤྲུལ་པའི་གཟུགས་འཛིན་ཅིང་། །སླུ་བའི་ཚིག་གིས་ཡིད་བསྒྱུར་ཏེ། །ལམ་གོལ་ལོག་པར་ཁྲིད་ནས་ཀྱང་། །བདུན་ཕྲག་བདུན་པ་ཡན་ཆད་དུ། །སྣང་མུན་སྲིད་པའི་བར་དོ་རུ། །ཚ་གྲང་སྡུག་བསྔལ་ཉམས་སུ་མྱོང་། །དེ་ནས་ལས་ཀྱི་རྗེས་འབྲངས་ཏེ། །སླར་ཡང་འཁོར་བའི་བཙོན་རར་འཇུག །ད་བཙོན་ར་དེ་ལས་ཐར་འདོད་ན། །ད་རེས་འཁོར་འདས་བར་དོ་རུ། །གནས་ལུགས་ངོ་སྤྲོད་ཕྱག་རྒྱ་ཆེ། །གཞི་ལྟ་བ་གཏན་ལ་འབེབས་ཀྱང་འཚལ། །སྣང་བ་སྐྱེ་ཤིའི་བར་དོ་རུ། །རིག་པ་སེམས་ཀྱི་རྩལ་སྦྱང་ཕྱིར། །ལམ་བསྐྱེད་རྫོགས་གཉིས་ལ་འབད་ཀྱང་འཚལ། །རང་བཞིན་ལམ་གྱི་བར་དོ་རུ། །གཉུག་མ་ཡེ་ཤེས་ངོས་གཟུང་ཕྱིར། །སྙན་བརྒྱུད་ཀྱི་གདམས་ངག་བསྒོམ་ཡང་འཚལ། །རྨི་ལམ་གཉིད་ཀྱི་བར་དོ་རུ། །བག་ཆགས་ལམ་དུ་བསྒྱུར་བའི་ཕྱིར། །འོད་གསལ་སྒྱུ་ལུས་སྦྱང་ཡང་འཚལ། །ཐ་མ་སྲིད་པའི་བར་དོ་རུ། །སྐུ་གསུམ་མངོན་དུ་གྱུར་ནས་ཀྱང་། །ཞིང་ཁམས་གསུམ་དུ་བགྲོད་ཀྱང་འཚལ། །གལ་ཏེ་མངོན་དུ་མ་གྱུར་ན། །སྐྱེ་གནས་བརྒྱུད་པའི་བར་དོ་རུ། །སྨོན་ལམ་དག་པས་མཚམས་སྦྱར་ནས། །རྒྱུ་འབྲས་མི་བསླུའི་རྟེན་འབྲེལ་གྱིས། །དལ་
༡༡༧འབྱོར་འཛོམ་པའི་ལུས་ཐོབ་ཅིང་། །སྔ་མའི་ལས་འཕྲོ་སད་ནས་ཀྱང་། །ལམ་གྱི་རྟོགས་པ་མཐར་ཕྱུང་སྟེ། །རིང་པོར་མི་ཐོགས་དེ་ཉིད་དུ། །གྲོལ་བར་འགྱུར་བ་ཐེ་ཚོམ་མེད། །ཁྱེད་ཡ་མཚན་ཆེ་བའི་བུད་མེད་ལྔ། །རྩེ་གཅིག་གུས་པས་བཀའ་ཉན་ཞིང་། །དོན་ཆེད་དུ་བསྐྱར་ཏེ་ཞུ་བ་ལ། །མི་ཁོ་བོས་བར་དོའ་གདམས་ངག་བཤད། །རྗེ་ལྷོ་བྲག་མར་པའི་ཐུགས་ཕྱུང་ཡང་། །གནད་དེ་ལས་ཟབ་པ་ཡོད་རེ་སྐན། །ཞེས་མགུར་དུ་བཞེངས་ཤིང་། །དེའི་དོན་ལྷུག་པར་གསུངས་པ་བཞིན་བཟང་མ་རྣམས་གཞི་གསུམ་དུ་མི་ཁོམ་པ་བརྒྱད་ཀྱི་འདུ་བྱེད་ཀྱིས་ཐང་ཆད་ཅིང་ལམ་སྲིད་པ་གསུམ་ནས་ཡུན་རིང་བཤར་བས་ལུས་ངལ་དུབ་ཏུ་གྱུར་པ་ཤུལ་རིང་གི་མགྲོན་པོ་གསུམ་ཡོད་དེ། །གདམས་ངག་ཀྱང་ཡོད་ལ་ཉམས་སུ་ཡང་བླངས་པའི་གང་ཟག་དང་། །གདམས་ངག་ཡོད་ལ་ཉམས་སུ་མ་བླངས་པའི་གང་ཟག་དང་། གདམས་ངག་ཀྱང་མེད་ལ་ཉམས་སུ་ཡང་མ་བླངས་པའི་གང་ཟག་གོ། །སྔ་མ་དེ་ནི་སྲིད་པའི་ལམ་དང་། འཇིགས་པའི་འཕྲང་དང་། བདུད་ཀྱི་སྐུངས་ལ་སོགས་པ་ཡ་ང་བ་གང་ཡང་མེད་དེ། བསྒོམས་པའི་གནད་ཀྱིས་གྲོལ་བའི་ཕྱིར་རོ། །ཕྱི་མ་ནི་སྐྱེ་བོ་ཐ་མལ་པ་དང་མཚུངས་ཏེ། ཡ་ང་བ་དང་བཅས་པའི་འཕྲང་དེ་རྣམས་སུ་ཞུགས་ནས་རང་བཞིན་གྱི་བདུད་ཀྱིས་ཁྲིད་དེ། ཁམས་གསུམ་འཁོར་བའི་གནས་སུ་སྐྱེ་འཆི་བར་མ་ཆད་པར་ཟོ་ཆུན་ཁྱུད་མོ་ལྟ་བུར་ལོངས་སྤྱོད་པའོ། །བར་མ་དེ་ལ་སྔར་བསྟན་པའི་ཡ་ང་བ་དང་བཅས་པའི་ལམ་འཕྲང་གི་དོགས་པ་དེ་དག་བསལ་ཞིང་བར་ཆོད་བདུད་ཀྱི་ཕྱག་བརྙན་བརྟགས་པའི་གདམས་ངག་ཡོད་དེ་ཁྱེད་ལ་མི་འགྱུར་བའི་དད་པ་དང་། ཟབ་མོ་ལ་མོས་པའི་ཤེས་རབ་དང་། ཕྱིར་མི་ལྡོག་པའི་བརྩོན་འགྲུས་ཀྱི་གོ་ཆ་ཡོད་ན། ཁམས་དང་དབང་པོའ་དུས་ཚོད་དང་སྦྱར་ལ་ཁད་ཀྱིས་བསྙད་པར་བྱ། ད་རེས་སྐུ་གསུམ་མངོན་འགྱུར་གྱི་སོ་མཚམས་ལག་ལེན་དུ་བསྟན་ན་ལམ་འཆི་བའི་
༡༡༨སྲིད་པ་ལ་འགྱུ་བ། གནད་གཅོད་ཀྱི་འཕྲང་ཕྱི་ནང་འབྱུང་བའི་སྐྱེ་མཆེད་རིམ་གྱིས་ཐིམ་པའི་རྗེས་ལ། ཉོན་མོངས་པའི་འཆིང་བ་མཐའ་དག་ལས་རྣམ་པར་གྲོལ་བའི་ནམ་མཁའ་སྤྲིན་མེད་པ་ལ་ཉི་ཟླ་ཤར་བ་ལྟ་བུ་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ངོ་བོ་སྟོང་པ་ཉིད་ཀྱི་གནས་ལུགས་མ་བཅོས་པ་ཇི་ལྟ་བ་དུས་དེར་འཆར་བས་དེ་ཀ་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ཡིན་ཏེ་དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ། ད་ལྟ་བླ་མ་དམ་པས་ངོ་སྤྲོད་པའི་གནས་ལུགས་ལྟ་བའི་དོན་གོ་བ་དང་། མཚོན་བྱེད་ལམ་གྱི་འོད་གསལ་སྦྱང་འཚལ། ལམ་སྲིད་པ་བར་མདོ་ལ་སྔོན་བྱུང་ཡིད་ཀྱི་གཟུགས་ཅན་ལས་ཀྱི་གཤེད་མས་འཚེ་བའི་འཕྲང་། སྣང་མུན་འོད་ཀྱི་བར་དོ་རུ། །དབང་པོ་ཀུན་ཚང་ཐོགས་པ་མེད་ཅིང་ལས་ཀྱི་རྫུ་འཕྲུལ་འོད་དང་ལྡན་པའི་ལུས་ཤིག་ཡོད་པ་དེ་ཀ་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། ཟུང་འཇུག་ལྷའི་སྣང་བ་སྒྱུ་མ་ལྟ་བུར་བཞེངས་ནས་བག་ཆགས་སྔ་མའི་ལྷག་ལུས་སྦྱོང་བ་ཡིན་པས། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ་ད་ལྟ་བསྐྱེད་པའི་རིམ་པ་ལྷའི་སྐུ་ལ་དམིགས་པ་གསལ་བ་དང་། མཚོན་བྱེད་ལམ་གྱི་སྒྱུ་མ་རྨི་ལམ་སྦྱང་འཚལ། ལམ་སྲིད་པ་ཐ་མ་རིག་པ་ལས་ཀྱི་རླུང་གིས་རང་དབང་མེད་པར་སྐྱོད་པའི་འཕྲང་དྲི་ཟ་མངལ་གྱི་སྐྱེ་གནས་འཚོལ་བའི་དུས་དེར་ཕོ་མོ་སྦྱོར་བ་བྱེད་པ་ལ་ཆགས་སྡང་སྐྱེ་བས་སྔར་གྱི་གདམས་ངག་དྲན་པའི་གནད་ཀྱིས། རང་ཉིད་བདེ་སྟོང་གི་ཉམས་དང་མི་འབྲལ་བར་གཉེན་པོའ་རྩལ་མཐར་ཕྱིན་པས་ལས་ཀྱི་སྣང་བ་མི་འཆར་ཞིང་། དུས་ཕྱིན་ཆད་བསམ་ནས་སྐྱེ་བ་ལེན་པ་དེ་ཀ་སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ་ད་ལྟ་གྲོལ་ལམ་གཏུམ་མོ་དྲོད་ཀྱི་ཡེ་ཤེས་སྐྱེས་པ་དང་། ཆགས་ལམ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དབང་གསུམ་པ་རྫོགས་པའི་དོན་ཉམས་སུ་མྱོང་
༡༡༩ཁས་ཕྲག་དོག་མིག་སེར་སྦྱང་འཚལ། མདོར་ཧྲིལ་གྱིས་དྲིལ་བ་ལ་འབྲས་བུ་སྐུ་གསུམ་མངོན་དུ་འགྱུར་ལུགས་ཀྱི་དུས་དང་ས་མཚམས་དེ་ལྟར་ཤེས་པར་བགྱིད་འཚལ། རྗེ་ལྷོ་བྲག་མར་པའི་ཐུགས་ཀྱི་བཅུད་ཕྱུང་བ་སྙན་བརྒྱུད་དོན་གྱི་ངོ་སྤྲོད་ཐབས་ལམ་གནད་ཀྱི་མཐར་ཐུག་ཀྱང་དེ་ལས་མེད་དོ། །རྣལ་འབྱོར་པ་ང་ཡི་དགོངས་པའི་བཞེད་ལུགས་བློ་ཡིད་ཆེས་ཀྱི་གདིང་འཕྲལ་ཉམས་སུ་བླང་རྒྱུ་དེ་ལས་མེད་པས། བཞིན་བཟང་མ་ཁྱེད་ཀྱིས་ཀྱང་དེ་ལྟར་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག་གསུངས་པ་ལས། མིག་སྒྱུར་མ་དེ་ལྔའི་ནང་ནས་གཙོ་མོ་བཀྲ་ཤིས་ཚེ་རིང་མ་ཐབས་ལམ་ཟབ་མོ་དོན་གྱི་ངོ་སྤྲོད་ལ་ཤིན་ཏུ་མོས་ཤིང་དད་པར་གྱུར་པ་དེས། ཡང་ཞབས་སྤྱི་བོར་བླངས་ནས་རྗེ་བཙུན་ལ་དུས་འདི་ནས་བཟུང་སྟེ་སྐྱེ་གནས་ཐམས་ཅད་ཁོ་མོ་ཕྱི་བཞིན་དུ་འབྲང་ཞིང་ལས་ཀྱི་ཕྱག་རྒྱ་བགྱིད་པར་འཚལ་བས། བར་དོ་ངོ་སྤྲོད་ཀྱི་གནད་དེ་རྣམས་ཀྱི་ཉམས་དང་རྟོགས་པ་མཐར་མ་ཕྱིན་གྱི་བར་དུ་ཐུགས་ལ་གདགས་འཚལ། ཞེས་ཞུ་བ་ནན་ཏན་དུ་གསོལ་ནས། ཕྱག་དང་བསྐོར་བ་ལན་གྲངས་དུ་མར་བྱས་ཏེ། སླར་ཁོང་རང་གི་གནས་སུ་སོང་སྐད་དོ། །འདིའི་དོན་རྒྱས་པར་ཆོས་དྲུག་གི་བར་དོའ་ཁྲིད་དང་། ཁྱད་པར་རྒྱལ་བ་ཡང་དགོན་པས་མཛད་པའི་བར་དོ་འཕྲང་སྒྲོལ་གྱི་གཞུང་ལྷན་ཐབས་དང་བཅས་པ་རྣམས་ལས་ཤེས་པར་བྱའོ། །ཞུས་ལེན་གྱི་སྐོར་གསུམ་པའོ། །དེ་ལྟར་ཚེ་རིང་སྐོར་གསུམ་དུ་གྲགས་པའི་རྡོ་རྗེའི་གསུང་འདི་རྣམས་མདོ་སྔགས་ཀྱི་གདམས་པ་མཐའ་དག་གི་དོན་གྱི་བཅུད་ཕྱུངས་ཏེ། གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ཆ་རྐྱེན་ཚང་ལ་མ་ནོར་བར་བསྟན་པ་ཡིན་ཏེ། སྐོར་དང་པོས་ལམ་ཐུན་མོང་བ་དང་། ཁྱད་པར་ཕྱག་རྒྱ་ཆེན་པོའ་དགོངས་དོན། བོགས་འདོན་གསང་སྤྱོད་དང་བཅས་པ་བསྟན། གཉིས་པས་བསྟན་པ་ཡོངས་རྫོགས་ཀྱི་གདམས་ངག་སྐྱེས་བུ་གསུམ་གྱི་ལམ་
༡༢༠རིམ་དང་། དཔལ་མཻ་ཏྲི་པའི་བཞེད་པ་ལྟར་དབུ་མ་ཟུང་འཇུག་རབ་ཏུ་མི་གནས་པའི་དགོངས་པ་བསྟན། གསུམ་པ་མཐར་ཐུག་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ལམ་གནད་ཐུན་མོང་མ་ཡིན་པ་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་བར་དོ་རྣམ་པ་དྲུག་གི་སྒོ་ནས་བསྟན་པ་ཡིན་ལ། འདི་རྣམས་ལས་འཕྲོས་ཏེ། གདམས་ངག་ནཱ་རོ་ཆོས་དྲུག་ལ་རྒྱས་པར་རས་ཆུང་སྙན་བརྒྱུད། འབྲིང་པོ་ངམ་རྫོགས་པའམ་ཞི་བ་འོད་ཀྱི་སྙན་བརྒྱུད། བསྡུས་པ་དྭགས་པོ་སྙན་བརྒྱུད་གསུམ་དུ་གྲགས་པའི་ལམ་འབྲིང་པོའ་ཆོས་སྐོར་རྣམས་བྱུང་བ་ཡིན་པས་རྒྱས་པར་དེ་དག་གི་གཞུང་དང་མན་ངག་གི་ཡི་གེ་ལས་ཤེས་པར་བྱའོ། །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ།། །།

༄༅། །བདེ་མཆོག་སྙན་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་བཞུགས་སོ༎ ༎

༡༢༡བདེ་མཆོག་སྙན་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་བཞུགས་སོ།། །།
༡༢༢ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི། །ཚིག་དབང་དང་འབྲེལ་པ་ཡེ་ཤེས་གསལ་འདེབས་པར་བྱེད་པ། །ཕྱག་རྒྱ་ཆེན་པོ་ལ་གསུམ་སྟེ། སྒོམ་པ་སྤྲུལ་སྐུའི་གནས་ངོས་བཟུང་བ་དང་། སྒོམ་བྱེད་ལོངས་སྤྱོད་རྫོགས་སྐུའི་བྱ་བ་བསྟན་པ་དང་། བསྒོམ་བྱ་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་ཏེ། བླ་མ་བརྒྱུད་པ་གྲུབ་པ་ཐོབ་པའི་བཞུགས་གནས་སུ་བསྒོམས་ན་བྱིན་བརླབས་ཆེ་ཞིང་སྒྲུབ་ཐག་ཉེ་བ་དང་། རི་ཁྲོད་གངས་ཁྲོད་ནགས་ཁྲོད་ལ་སོགས་མཁའ་འགྲོ་འདུ་བའི་གནས་སུ་བསྒོམས་ན་ཉམས་རྟོགས་འཕེལ། བར་ཆད་མི་འབྱུང་ཉིན་མོ་སྐྱེ་བོའ་འདུ་འཛི་དང་གླགས་ཅོར་མེད་པ། མཚན་མོ་དགྲ་རྐུན་མེད་པ། །ཆུ་ཤིང་མཐུན་རྐྱེན་འཛོམ་པའི་གནས་བསྒོམས་ན་དགེ་སྦྱོར་ཤུགས་ཀྱིས་འཕེལ་བའོ། །གཞན་ཡང་ཡོན་ཏན་གསུམ་ཏེ། རིམ་པ་ལྟར་རྡོ་རྗེ་ལུས་ཀྱི་གནས་ལུགས་མཐོང་བར་འགྱུར་བ་དང་། འཁོར་ལོ་བཞིའི་མདུད་པ་གྲོལ་
༡༢༣བར་འགྱུར་བ་དང་། དྷཱུ་ཏི་ནར་སོན་པས་མགྲིན་པ་ནས་སྤྱི་བོའ་བར་གྱི་མདུད་པ་ཅི་རིགས་པ་གྲོལ་བར་འབྱུང་བ་ཡིན་ནོ། །ནང་གི་གནས་ནི་རང་གི་ལུས་ལ་ཡུལ་ཉི་ཤུ་རྩ་བཞི། རྩ་དཔའ་མོ། །ཐིག་ལེ་དཔའ་བོ། །རླུང་སྙོམས་འཇུག་ཏུ་གནས། ལུས་ལྷ་སྐུ། ངག་སྔགས་ཨཱ་ལི་ཀཱ་ལི། སེམས་ཡེ་ཤེས་གདོད་ནས་ཡིན་པར་ངོས་བཟུང་ངོ་། །གཉིས་པ་སྒོམ་བྱེད་ལོངས་སྤྱོད་རྫོགས་སྐུའི་བྱ་བ་བསྟན་པ་ནི། ལུས་ཀྱི་བྱ་བ་སྐུའི་སྒོ་དགུ་རང་བཞིན་གྱིས་འགགས་པས། འབད་པ་དང་རྩོལ་བ་མེད་པར་གནས་པ་དང་། ངག་གི་བྱ་བ་གསུང་གི་སྒོ་བཞི་རང་གནས་སུ་ཐིམ་པས་སྒྲ་ཐམས་ཅད་ཐབས་ཤེས་རབ་ཀྱི་རང་བཞིན་དུ་གནས་པ་དང་། སེམས་ཀྱི་བྱ་བ་ཐུགས་ཀྱི་སྒོ་གཉིས་དབྱེ་བས་ལོངས་སྤྱོད་རྫོགས་སྐུའི་རྣམ་པར་རང་གྲོལ་བས་འབད་རྩོལ་གྱི་འཇུག་པ་ཐམས་ཅད་དང་བྲལ་ནས་ལྷུན་གྲུབ་ཏུ་གནས་པས་ཕྱག་རྒྱ་ཆེན་པོ་ལ་འཇུག་པའོ། །
༡༢༤གསུམ་པ་བསྒོམ་བྱ་ཆོས་སྐུ་ཕྱག་རྒྱ་ཆེན་པོའ་དོན་གཏན་ལ་དབབ་པ་ལ་བཞི་ཏེ། མ་བཅོས་པའི་ཡེ་ཤེས་ངོས་བཟུང་བ་དང་། མ་བཅོས་པའི་ཡེ་ཤེས་ལ་བློ་བཞག་པ་དང་། སྔ་ཕྱི་གཅིག་ཏུ་བསྲེ་བའི་མན་ངག་གིས་དངོས་པོ་ཐམས་ཅད་རོ་སྙོམས་དང་། འབྲས་བུ་ནམ་མཁའ་ལྟ་བུའི་འཆར་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ཕྱག་གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་དང་། རྒྱ་འཁོར་བའི་རྒྱ་མདུད་དགྲོལ་བ་དང་། ཆེན་པོ་ཟུང་འཇུག་གི་སྒྲོན་མེ་བསྟམས་པའོ། །དང་པོ་ལ་གསུམ་སྟེ། ལུས་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་དང་། ངག་གྲགས་སྟོང་གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་དང་། སེམས་གསལ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བའོ། །དང་པོ་ནི་རང་གི་ལུས་འདི་ཉིད་གདོད་ནས་སྣང་སྟོང་ཡིན་ཅིང་། ད་ལྟ་ཡང་སྣང་སྟོང་དུ་གནས། ཐ་མ་ཡང་སྣང་སྟོང་དུ་ཤེས་པས་གྲོལ་ནས་སངས་རྒྱའོ། །དེས་ན་ལུས་སུ་སྣང་དུས་ན་ལུས་ཀྱི་ངོ་བོས་སྟོང་། ངོ་བོས་སྟོང་དུས་ན་ལུས་སུ་སྣང་ཏེ། ལུས་སྣང་སྟོང་ཤེས་ཙ་ན་རང་ལུས་ཡེ་ཤེས་ཀྱི་ལུས་སུ་གྱུར་ནས་དངོས་པོ་གང་ལ་ཡང་ཐོགས་པ་མེད་པར་ལུས་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་སོ། །ངག་གྲགས་སྟོང་གཉིས་མེད་ཀྱི་ཡེ་ཤེས་ནི། ངག་འདི་གདོད་ནས་ཀྱང་གྲགས་སྟོང་ཡིན་ཅིང་། ད་ལྟ་ཡང་གྲགས་སྟོང་དུ་གནས། ཐ་མ་ཡང་གྲགས་སྟོང་དུ་ཤེས་པས་གྲོལ་བར་འགྱུར། དེའང་ངག་ཏུ་གྲགས་དུས་ན་ངོ་བོ་སྟོང་། སྟོང་བཞིན་དུ་ངག་ཏུ་གྲགས། ངག་གྲགས་སྟོང་གཉིས་མེད་དུ་ཤེས་ཙ་ན། བརྗོད་བྱེད་སྒྲ་ཐམས་ཅད་ཨཱ་ལི་ཀཱ་ལིའི་རྣམ་པ། སྒྲ་བརྙན་ལྟར་ཤེས་པས་ངག་གྲགས་སྟོང་གཉིས་མེད་ཀྱི་ཡེ་ཤེས་སོ། །སེམས་གསལ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ནི། སེམས་ནི་གདོད་ནས་ཀྱང་གསལ་སྟོང་ཡིན་ཅིང་། བར་དུ་ཡང་གསལ་སྟོང་དུ་གནས། ཐ་མར་ཡང་གསལ་སྟོང་དུ་གྲོལ་འགྲོ། །དེའང་སེམས་གསལ་དུས་ན་སྟོང་ཞིང་། སྟོང་དུས་ན་གསལ། གསལ་སྟོང་གཉིས་མེད་དུ་ཤེས་ཙ་ན་སེམས་ཉིད་འགྲོ་འོང་གནས་གསུམ་དང་བྲལ་བའི་རང་བཞིན་རྟོགས་པས་སེམས་གསལ་སྟོང་
༡༢༥གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུངས་བའོ། །གཉིས་པ་རྒྱ་འཁོར་བའི་རྒྱ་མདུད་དགྲོལ་བ་ལ་གསུམ་སྟེ། སྦྱིན་པའི་གཞི་ཤེས་པས་ལོངས་སྤྱོད་ཀྱི་རྒྱ་མདུད་གྲོལ་བ་དང་། ཚུལ་ཁྲིམས་ཀྱི་གཞི་ཤེས་པས་མཐོ་རིས་ཀྱི་རྒྱ་མདུད་དགྲོལ་བ་དང་། ཆོས་ཉིད་ཀྱི་གཞི་ཤེས་པས་སེམས་ཉིད་ཀྱི་རྒྱ་མདུད་དགྲོལ་བའོ། །དང་པོ་ནི། སྦྱིན་པ་གཏོང་བ་ལ་བརྟེན་ནས་ལོངས་སྤྱོད་འབྱུང་ཡང་། ལོངས་སྤྱོད་ལ་ཞེན་ཅིང་ཆགས་ན། འཁོར་བར་འཆིང་བས་ན་རྒྱ་མདུད་དོ། །དེ་ལ་སྦྱིན་པ་གཏོང་དུས་ནས་འཁོར་གསུམ་དག་པའི་ངང་ནས། ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པས། རང་གི་མིག་དང་མགོ་གཏོང་བ་ལ་སོགས་པ་ནས། གང་ལ་གང་འདོད་དུ་གཏོང་བར་བྱེད་པ་ཏེ། སྦྱིན་པའི་གཞི་ཤེས་པས་ལོངས་སྤྱོད་ཀྱི་རྒྱ་མདུད་དགྲོལ་བའོ། །གཉིས་པ་ནི། ཚུལ་ཁྲིམས་བསྲུངས་པས་མཐོ་རིས་ཀྱི་ལུས་ཐོབ་ནའང་། ལུས་དེ་ལ་ཞེན་ན་འཁོར་བར་འཆིང་བས། ཚུལ་ཁྲིམས་ཞེན་མེད་བསྲུང་ཞིང་། དྭངས་མ་བརྟན་པ་ལུས་ཐམས་ཅད་ལ་ཁྱབ་པས། ཕུང་པོ་དང་འཆི་བདག་གི་བདུད་རང་སར་གྲོལ་པས། ཚུལ་ཁྲིམས་མཆོག་ཏུ་གྱུར་པས། ཚུལ་ཁྲིམས་ཀྱི་གཞི་ཤེས་པས་ལུས་ཀྱི་རྒྱ་མདུད་དགྲོལ་བའོ། །གསུམ་པ་ནི། སེམས་ཀྱི་ཏིང་ངེ་འཛིན་བསྒོམས་པས། བདེ་གསལ་མི་རྟོག་པའི་ཉམས་སྐྱེས་ཀྱང་། དེ་ལ་ཞེན་ན་འཁོར་བ་ཡིན་པས་སེམས་ཉིད་སྐྱེ་མེད་དུ་རྟོགས་ཅིང་། ཉམས་མྱོང་ལ་ཞེན་པ་བྲལ་ཙ་ན། ཆོས་ཉིད་ཡང་དག་པའི་ཤེས་པ་བདེ་ཆེན་ཀློང་ནས་ཤར་བས་ཆོས་ཀྱི་མཁན་པོ་ཆེན་པོར་འགྱུར་བས། ཆོས་ཉིད་ཀྱི་གཞི་ཤེས་པས་སེམས་ཉིད་ཀྱི་རྒྱ་མདུད་གྲོལ་བ་ཡིན་ནོ། །གསུམ་པ་ཆེན་པོ་ཟུང་འཇུག་གི་སྒྲོན་མེ་བལྟམས་པ་ལ། གསུམ་སྟེ། རྩ་གསལ་སྟོང་ཟུང་འཇུག་གི་སྒྲོན་མེ་བལྟམས་པ་དང་། རླུང་སྣང་སྟོང་ཟུང་འཇུག་གི་དང་། ཐིག་ལེ་བདེ་སྟོང་ཟུང་འཇུག་གི་སྒྲོན་མེ་བལྟམས་པའོ། །དང་པོ་ནི། རྣམ་སྨིན་དང་ཡེ་ཤེས་ཀྱི་རྩ་གཉིས་ལས། རྣམ་སྨིན་གྱི་རྩ་ནི་དབང་པོའ་སྤྱོད་ལམ་ན་
༡༢༦རྩ་རྒྱུས་ཤེ་རེ་བ་འདི་ཡིན། དེ་ཐ་མལ་དུ་ཤོར་ན་ཉོན་མོངས་པ་ཞེ་སྡང་བསྐྱེད། དེ་ལམ་དུ་བསློངས་ན། དེའི་ནང་ན་ཡེ་ཤེས་ཀྱི་རྩ་ཁ་དོག་དབྱིབས་རེག་བྱ་དང་བྲལ་བ། ངོ་བོ་གསལ་ལ་རང་བཞིན་སྟོང་པ་ཞིག་ཡོད་དེ། དེ་དང་རྣམ་སྨིན་གྱི་རྩ་གཅིག་ཏུ་འདྲེས་པས་རྩའི་མདུད་པ་དྲལ་བ་སྟེ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་གཅིག་གི་ངོ་བོར་སྨིན་པས། རྩ་ཐམས་ཅད་འདྲེས་པ་ཞེས་བྱ། གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལ་དབང་སྒྱུར་བས་ན། རྩ་གསལ་སྟོང་ཟུང་འཇུག་གི་སྒྲོན་མེ་བལྟམས་པའོ། །གཉིས་པ་ནི། ལས་ཀྱི་རླུང་དང་། ཡེ་ཤེས་རླུང་གཉིས་ལས། ལས་ཀྱི་རླུང་ནི་དབང་པོའ་སྒོ་ནས་ཤད་ཤད་རྒྱུ་བ་འདི་ཡིན། དེ་ཐ་མལ་དུ་ཤོར་ན་ཉོན་མོངས་གཏི་མུག་བསྐྱེད། ལམ་དུ་བསློངས་ན། དེའི་ནང་ན་ཡེ་ཤེས་ཀྱི་རླུང་ཁ་དོག་དབྱིབས་རེག་བྱ་དང་བྲལ་བ། ངོ་བོ་གང་དུའང་མི་རྟོག་པ་ཅིག་ཡོད། དེ་དང་ལས་ཀྱི་རླུང་གཅིག་ཏུ་འདྲེས་པས། འགྲོ་འོང་ལ་སོགས་པའི་རླུང་ཐམས་ཅད་ངང་དུ་ཐིམ་པ་སྟེ་རླུང་དགུ་བརྒྱ་པ་ཕྲག་ཉི་ཤུ་རྩ་བཞི་པོ་ཐམས་ཅད་ཡེ་ཤེས་ཀྱི་རླུང་འབའ་ཞིག་ཏུ་གྱུར་ནས། རླུང་ཐམས་ཅད་འདྲེས་པ་ཞེས་ཀྱང་བྱ། སྣང་སྟོང་གི་ཡེ་ཤེས་ལ་མངའ་སྒྱུར་བས། རླུང་སྣང་སྟོང་ཟུང་འཇུག་གི་སྒྲོན་མེ་བལྟམས་པའོ། །གསུམ་པ་ནི། ཟག་བཅས་ཀྱི་ཐིག་ལེ་དང་ཟག་མེད་ཀྱི་ཐིག་ལེ་གཉིས་ཡོད། ཟག་བཅས་ཀྱི་ཐིག་ལེ་ནི་དབང་པོའ་སྤྱོད་ཡུལ་དུ་རྒྱུ་བའི་དཀར་དམར་འདི་ཡིན་ལ། དེ་ཐ་མལ་དུ་ཤོར་ན་ཉོན་མོངས་པ་འདོད་ཆགས་སྐྱེ། ལམ་དུ་སློངས་ན། དེའི་ནང་ན་ཡེ་ཤེས་ཐིག་ལེ་ཁ་དོག་དབྱིབས་རེག་བྱ་དང་བྲལ་བ། ངོ་བོ་བདེ་བ་རང་བཞིན་གསལ་བ་གཅིག་ཡོད་པ་དང་། ཟག་བཅས་ཀྱི་ཐིག་ལེ་འདྲེས་ནས་བདེ་སྟོང་ཟུང་འཇུག་ཏུ་འགྱུར། འཕོ་འགྱུར་དང་བཅས་པའི་ཐིག་ལེ་ཐམས་ཅད་གཅིག་ཏུ་གྱུར་ཏེ། ཡར་གྱི་རྣམ་པས་མྱ་ངན་ལས་འདས་པའི་རྒྱལ་ས་གཟུང་ནས་གནས་པས། བྱང་ཆུབ་ཀྱི་སེམས་ཐམས་ཅད་འདྲེས་པ་ཞེས་ཀྱང་བྱ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལ་མངའ་སྒྱུར་པས། བྱང་
༡༢༧སེམས་བདེ་སྟོང་ཟུང་འཇུག་གི་སྒོ་ནས་སྒྲོན་མེ་བལྟམས་པའོ། །དེ་ལྟར་ན་རྣམ་སྨིན་གྱི་རྩ་རླུང་ཐིག་ལེ་གསུམ་པོ་ལམ་དུ་བསློངས་པས་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེ་གསུམ་དུ་འགྱུར་ཏེ། རྩ་གསལ་བ་རྒྱུན་གྱིས་རྟག་པ། རླུང་མི་རྟོག་པ་རྒྱུན་གྱིས་རྟག་པ། ཐིག་ལེ་བདེ་བ་རྒྱུན་གྱིས་རྟག་པ་བདེ་གསལ་མི་རྟོག་པ་རོ་གཅིག་ཏུ་འགྱུར་རོ། །གཉིས་པ་མ་བཅོས་པའི་ཡེ་ཤེས་ལ་བློ་བཞག་པ་ལ་གསུམ་སྟེ། གཞི་རང་བྱུང་སྐྱེ་མེད་དུ་ཤེས་པའི་སྒོ་ནས་དང་། ལམ་འོད་གསལ་སྐྱེ་མེད་དུ་ཤེས་པའི་སྒོ་ནས་དང་། འབྲས་བུ་ཟུང་འཇུག་སྐྱེ་མེད་དུ་ཤེས་པའི་སྒོ་ནས་མ་བཅོས་པའི་ཡེ་ཤེས་ལ་བློ་བཞག་པའོ། །དང་པོ་ལ་བཞི་སྟེ། སེམས་དང་པོའ་སངས་རྒྱས་ལྟར་གར་ནས་ཀྱང་མ་འོངས་པར་བཞག་པ་དང་། སེམས་འཁོར་བ་ལྟར་གང་དུ་ཡང་མི་འགྲོ་བར་བཞག་པ་དང་། སེམས་མོ་གཤམ་གྱི་བུ་ལྟར་གང་དུའང་གནས་པ་མེད་པར་བཞག་པ་དང་། སེམས་ནམ་མཁའི་མེ་ཏོག་ལྟར་གང་དུའང་གྲུབ་པ་མེད་པར་བཞག་པའོ། །དང་པོ་ནི། ཀུན་གཞི་ལ་རྒྱུ་ལྷུན་གྲུབ་ཏུ་གནས་པ་དེ་ལ། དང་པོའ་སངས་རྒྱས་དེ་དུས་འདི་ནས་བྱུང་མེད་དེ་རང་བྱུང་ཡིན། དེ་བཞིན་དུ་སེམས་འདི་ནས་བྱུང་མེད་དེ། སྐྱེ་མེད་རང་བྱུང་དུ་ཤེས་པར་བྱས་ཏེ་བཞག །གཉིས་པ་ནི། འཁོར་བ་ལ་མཐའ་འདི་ནས་ཟད་མེད་པས་འདིར་སོང་མེད། དེ་བཞིན་དུ། སེམས་སྐྱེ་མེད་ལ་འགྲོ་བ་མེད་པས་འགག་མེད་དུ་ཤེས་པར་བྱས་ཏེ་བཞག །གསུམ་པ་ནི། མོ་གཤམ་གྱི་བུ་དེ་ལ་གཞི་མ་གྲུབ་པ་ལ་འདི་ན་གནས་མེད། དེ་བཞིན་སེམས་ལ་ཡུལ་དུས་དངོས་པོ་ལ་སོགས་ཐམས་ཅད་དབེན་པས་གནས་པ་མེད་པར་ཤེས་པར་བྱས་ཏེ་བཞག །བཞི་པ་ནི། ནམ་མཁའི་མེ་ཏོག་ཞེས་མིང་དུ་བཏགས་ཀྱང་དོན་ལ་གྲུབ་པ་མེད། དེ་བཞིན་དུ་སེམས་ལ་བསྒོམ་བྱ་བསྒོམ་བྱེད་དམིགས་ཡུལ་ཅིར་ཡང་མ་གྲུབ་པར་ཤེས་པར་བྱས་ཏེ་བཞག་པའོ། །གཉིས་པ་ལམ་འོད་གསལ་སྐྱེ་མེད་དུ་ཤེས་པའི་སྒོ་ནས་མ་བཅོས་པའི་ཡེ་ཤེས་ལ་བློ་བཞག་པ་ནི་ལྔ་སྟེ། དབང་དོན་རང་བྱུང་གི་ཡེ་ཤེས་ངོས་བཟུང་བ་དང་། རྟེན་ཆོས་ཉིད་
༡༢༨རང་གྲོལ་དུ་བསྟན་པ་དང་། གཞི་སྤྲོས་བྲལ་བརྗོད་དུ་མེད་པ་དང་། ལམ་བློ་འདས་ཡིད་ལ་མི་བྱེད་པ་དང་། དུས་སྐད་ཅིག་བརྗོད་དུ་མེད་པར་ངོས་བཟུང་བའོ། །དང་པོ་ནི། དབང་ཐོབ་པའི་དགོས་པ་གང་ཡིན་ན། རང་རྒྱུད་ལ་ཡོད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ངོ་འཕྲོད་པ་ཡིན་ལ། དེ་ངོ་འཕྲོད་ན་དབང་མ་བསྐུར་ཡང་ཐོབ་པ་ཡིན་ལ། དེ་ངོ་མ་འཕྲོད་ན་བསྐུར་ཡང་མ་ཐོབ་པ་ཡིན། འོ་ན་དབང་དོན་རང་བྱུང་གི་ཡེ་ཤེས་དེ་ངོ་འཕྲོད་ན་ཇི་ལྟ་བུ་ཡིན་ཞེ་ན། གཉིས་པ། རྟེན་ཆོས་ཉིད་རང་གྲོལ་དུ་ངོས་བཟུང་ཞེས་པས། དབང་དོན་རང་བྱུང་གི་ཡེ་ཤེས་རང་རྒྱུད་ལ་གནས་པ་དེ་ཆོས་ཉིད་དུས་གསུམ་དུ་འགྱུར་བ་མེད་པས་གཟུང་འཛིན་གྱི་རྣམ་རྟོག་ཐམས་ཅད་རང་ས་རུ་ཁྲོལ་གྱིས་ཞིག་པ་ཅིག་གི་སྟེང་དུ་ངོ་སྤྲོད་པ་ཡིན། རྟེན་ཆོས་ཉིད་རང་གྲོལ་དེའི་གཞི་རང་ཅི་ལྟ་བུ་ཞིག་ཡིན་སྙམ་ན། གསུམ་པ། གཞི་སྤྲོས་བྲལ་བརྗོད་དུ་མེད་པ་བྱ་བ། ཆོས་ཉིད་སྟོང་པ་ཅིའི་ངོ་བོར་ཡང་མ་གྲུབ་པ། དེ་ལ་ཡོད་པ་མ་གྲུབ་པས་མེད་པ་མེད་པ་མ་གྲུབ་པས་ཡོད་པ། གཉིས་མེད་མ་གྲུབ་པས་སྤྲོས་བྲལ་ལོ། །སྤྲོས་བྲལ་དེ་རང་ཇི་ལྟ་བུ་སྙམ་ན་བློས་བསམ་དུ་མེད། ངག་གིས་བརྗོད་དུ་མེད་པའོ། །འོ་ན་གཞི་སྤྲོས་བྲལ་བརྗོད་དུ་མེད་པ་དེ། རྫོགས་པའི་སངས་རྒྱས་ཀྱི་ལམ་དུ་ཇི་ལྟར་འགྲོ་ན། བཞི་པ་ལམ་བློ་འདས་ཡིད་ལ་མི་བྱེད་པས་འགྲོ་ཏེ། ལམ་དེ་ལ་བློ་ཡི་ཡུལ་དུ་གཏད་རྒྱུའམ་ཡིད་ལ་བྱ་རྒྱུ་རྡུལ་ཕྲ་མོ་ཙམ་ཡང་མེད་དེ། ཅི་ཡི་ཕྱིར་ན་ལམ་གྱི་རང་བཞིན་འདི་ལྟ་བུ་བྱ་བ་བློ་ལས་འདས་པའི་ཕྱིར། བློ་འདས་ཀྱི་ལམ་དུ་ཅི་ཡང་བྱ་རྒྱུ་མེད་པའོ། །འོ་ན་ལམ་བློ་འདས་ཡིད་ལ་མི་བྱེད་པ་དེ་ཇི་ལྟར་ཉམས་སུ་ལེན་ན། ལྔ་པ་དུས་སྐད་ཅིག་བརྗོད་མེད་དུ་ངོས་བཟུང་ནས་ལེན་ཏེ། སྐད་ཅིག་སྔ་མ་འདས་པའི་རྗེས་མི་བཅད། ཕྱི་མ་མ་འོངས་པའི་སྔུན་མི་བསུ། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་སོ་མ་ཤེས་པ་སྔ་ཕྱི་གཉིས་ཀྱི་བར་ན། རྣམ་རྟོག་གང་གིས་ཀྱང་མ་བསླད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཟང་མ་གཅིག་ཡོད་དེ། དེ་ངོས་བཟུང་ཞིང་བསྒོམ། བསྒོམ་ལུགས་ཇི་ལྟར་བསྒོམ་ན། དམིགས་བྱའི་ཡུལ་གྱི་སྟེང་དུ་
༡༢༩དམིགས་བྱེད་ཀྱི་ཤེས་པ་ཞིག་བཞག་ནས་བསྒོམ་དུ་མེད་དེ། ལམ་གང་ཡང་ཡིད་ལ་མི་བྱེད་པར་བཞག་ཟེར་བ་དེ་ཡང་ཚིག་ཙམ་མོ། །དེ་ལ་དམིགས་པ་ཡེངས་མེད། བློ་འཛིན་མེད་ཤེས་པ་བྱ་བྲལ་དུ་བཞག་གོ། །དེ་ལྟར་མཉམ་པར་བཞག་པས་ཤེས་བྱའི་དྲི་མ་ཕྲ་བའི་ཕྲ་བ་གནས་ངན་ལེན་དང་བཅས་པ་མཉམ་གཞག་གི་རྟོགས་པ་དེས་སྤངས་ནས། སྐྱ་རེངས་ཤར་བའི་ཚེ་འོད་གསལ་ཆེན་པོ་མངོན་དུ་བྱས་ནས། མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །གསུམ་པ། འབྲས་བུ་ཟུང་འཇུག་སྐྱེ་མེད་དུ་ཤེས་པའི་སྒོ་ནས་མ་བཅོས་པའི་ཡེ་ཤེས་ལ་བློ་བཞག་པ་ལ་གཉིས་ཏེ། སེམས་ཉིད་དང་ཕྱག་རྒྱ་ཆེན་པོ་དབྱེར་མེད་དུ་བཞག་པ་དང་། སངས་རྒྱས་དང་སྐུ་གསུམ་དབྱེར་མེད་དུ་བཞག་པའོ། །དང་པོ་ནི་དབང་བཞི་པའི་དོན་ལ་ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། །སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་ཀྱང་བྱ། དེ་གང་ཡིན་ན་རིག་པ་གོས་མེད་གཅེར་བུ་གསལ་སྟོང་བློ་བྲལ་དུ་རྗེན་ནེ་བ་འདི་ཡིན། འདི་ལ་བརྟགས་ན། རང་བཞིན་སྣང་བ་དང་སྟོང་པ་ཟུང་འཇུག་ངོ་བོ་གསལ་བ་དང་སྟོང་པ་ཟུང་འཇུག །མཚན་ཉིད་བདེ་བ་དང་སྟོང་པ་ཟུང་འཇུག་གོ། །དེ་གསུམ་དབྱེར་མེད་དུ་རྒྱུད་ལ་སྐྱེས། ཉམས་སུ་མྱོང་བ་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། རིག་པ་དེ་ལ་རྒྱུན་ཆད་མེད། འཕོ་འགྱུར་མེད། སྐྱེ་ཤི་མེད་པའོ། །དེ་ལས་ལོགས་ན་ཕྱག་རྒྱ་ཆེན་པོ་ཞིག་ཡོད་མི་སྲིད་པས། ཕྱག་རྒྱ་ཆེན་པོ་དང་རང་སེམས་དབྱེར་མེད་པའོ། །སངས་རྒྱས་དང་སྐུ་གསུམ་དབྱེར་མེད་དུ་བཞག་པ་ལ་གཉིས་ལས། རང་དང་སྐུ་གསུམ་ཡར་ལ་དབྱེར་མེད་དུ་བཞག་པ་དང་། སངས་རྒྱས་དང་སྐུ་གསུམ་མར་ལ་དབྱེར་མེད་བཞག་པའོ། །དང་པོ་ནི། སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུ་དེས་དབང་གི་མཛད་པ་མཐར་ཕྱུང་ནས། རྩ་རླུང་བྱང་ཆུབ་ཀྱི་སེམས་གནས་སུ་གྱུར་ནས། དག་པ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བར་གྱུར་ཏེ། རང་བྱུང་གི་ཡི་གེ་ཤྲཱི་ཧེ་རུ་ཀའོ་ཞེས་པའི་དོན་མངོན་དུ་བྱས་ནས། སྐྱེ་བ་མེད་པའི་ཆོས་སྐུའི་ངང་དུ་གནས་པར་གྱུར་ཏོ། །གཉིས་པ་
༡༣༠མང་དབྱེར་མེད་ནི། དེ་ལྟ་བུའི་དོན་སྐྱེ་བ་མེད་པའི་ཆོས་སྐུའི་བདག་ཉིད་ཞི་བ་ཆེན་པོ་དེ་ལས་མ་གཡོས་པར་ནང་དུ་སྙིང་རྗེ་གོམས་པའི་མཐུ་ལས་མཚན་དཔེས་སྤྲས་པའི་ལོངས་སྐུ་ཡན་ལག་བདུན་ལྡན་གྱིས་དག་པ་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ཆོས་སྟོན་པ་དང་། སྨོན་ལམ་དག་པའི་འཕེན་པས་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་ལ་སོགས་པས། མ་དག་པ་འགྲོ་དྲུག་སེམས་ཅན་ལ་རང་རང་གི་བསམ་པ་དང་བསྟུན་ནས་ཐེག་པ་སྣ་ཚོགས་སྟོན་པར་བྱེད་པའོ། །གཞན་དང་སེམས་ཀྱི་རང་བཞིན་སྟོང་པ་ཆོས་ཀྱི་སྐུ། །ངོ་བོ་གསལ་བ་སྤྲུལ་སྐུ་མཚན་ཉིད་བདེ་བ་ལོངས་སྐུ། མི་རྟོག་པ་ཆོས་སྐུ། དབྱེར་མེད་ངོ་བོ་ཉིད་ཀྱི་སྐུའོ། །རིག་པ་དེ་སྣ་ཚོགས་སུ་གསལ་བ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས། རང་བཞིན་སྟོང་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་གསལ་སྟོང་དབྱེར་མེད་དེ་དབྱིངས་དང་ཡེ་ཤེས་དབྱེར་མེད་དོ། །གསུམ་པ་སྔ་ཕྱི་གཅིག་ཏུ་བསྲེ་བའི་མན་ངག་གིས་ངོ་བོས་ཐམས་ཅད་ལ་རོ་སྙོམས་པ་ལ་གཉིས། གང་ཤར་གཉིས་མེད་དུ་བསྲེས་ལ་རོ་སྙོམས་པ་དང་། ཤུགས་འབྱུང་ཞེན་པ་རང་གྲོལ་གྱི་སྤྱོད་པ་ལ་རོ་སྙོམས་པའོ། །དང་པོ་ལ་དྲུག་སྟེ། ལམ་དང་རང་བཞིན་གཉིས་མེད་དུ་བསྲེས་ལ་རོ་སྙོམས་པ་དང་། ཉམས་མྱོང་དང་རྟོགས་པ་གཉིས་མེད་བསྲེས་ལ་རོ་སྙོམས་པ་དང་། སངས་རྒྱས་དང་སེམས་ཅན་གཉིས་མེད་དུ་བསྲེས་ལ་རོ་སྙོམས་པ་དང་། འཁོར་བ་དང་མྱང་འདས་གཉིས་མེད་དུ་བསྲེས་ལ་རོ་སྙོམས་པ་དང་། སྡིག་པ་དང་དགེ་བ་གཉིས་མེད་དུ་བསྲེས་ལ་རོ་སྙོམས་པ་དང་། འཇིག་རྟེན་ཆོས་བརྒྱད་གཉིས་མེད་དུ་བསྲེས་ལ་རོ་སྙོམས་པའོ། །དང་པོ་ནི། མ་རྟོགས་པའི་དུས་ན་ལམ་འབད་རྩོལ་དང་བཅས་པ་དང་། རང་བཞིན་ལྷུན་གྱིས་གྲུབ་པ་གཉིས་ཐ་དད་ཀྱང་། རྟོགས་ན་ལམ་དབང་གསུམ་པ་མན་ཆོད་ལ་འབད་པ་དང་རྩོལ་བ་སྣ་ཚོགས་ཀྱི་སྒོ་ནས་སྒོམ་པ་དང་། རང་བཞིན་བཞི་པའི་དོན་ལྷུན་གྲུབ་ཏུ་གནས་པ་གཉིས་རོ་གཅིག་ཏུ་གྱུར་པས་ན་གཉིས་མེད་དུ་རོ་སྙོམས་པའོ། །གཉིས་པ་ནི། མ་རྟོགས་ཙ་ན་ཉམས་ཟག་བཅས་དང་།
་༡༣༡རྟོག་པ་ཟག་མེད་གཉིས་ཐ་དད་ཀྱང་། རྟོགས་ན་ཉམས་བདེ་གསལ་མི་རྟོག་པ་དང་། རྟོག་པ་རང་བཞིན་ཅིར་ཡང་མ་གྲུབ་པ་གཉིས་རོ་གཅིག་ཏུ་གྱུར་པས་ན་གཉིས་མེད་དུ་རོ་སྙོམས་པའོ། །གསུམ་པ་ནི། མ་རྟོགས་པ་ལ་སེམས་ཅན་མ་རིག་པ་དང་། སངས་རྒྱས་རིག་པ་ཡེ་ཤེས་གཉིས་ཐ་དད་ཀྱང་། རྟོགས་ན་མ་རིག་པ་འཆིང་བ་དང་བཅས་པའི་སེམས་ཅན་དེ་རང་ངོ་ཤེས་ནས། རིག་པ་ཡེ་ཤེས་ཀྱི་རྒྱ་མཚོའ་ངང་དུ་རོ་གཅིག་ཏུ་འགྱུར་བས་གཉིས་མེད་དུ་རོ་སྙོམས་པའོ། །བཞི་པ་ནི། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དང་། ཐར་པ་མྱ་ངན་ལས་འདས་པ་གཉིས་མ་རྟོགས་པའི་དུས་ན་ཐ་དད་ཀྱང་། རྟོགས་ན་འཁོར་བའི་རང་བཞིན་ཤེས་པས་མྱ་ངན་ལས་འདས་པའི་བདག་ཉིད་དབྱེར་མེད་རོ་གཅིག་པར་གྱུར་པས་ན་གཉིས་མེད་དུ་རོ་མཉམ་པའོ། །ལྔ་པ་ནི། སྡིག་པ་སྤང་བར་བྱ་བ་དང་། དགེ་བ་བསྒྲུབ་པར་བྱ་བ་གཉིས་ཐ་དད་ཀྱང་། རྟོགས་ན་སྡིག་པ་དྲན་མེད་ཡིད་ལ་བྱར་མེད་པ་དང་། དགེ་བ་དམིགས་མེད་བློ་ལས་འདས་པ་གཉིས་དབྱེར་མེད་རོ་གཅིག་པར་འགྱུར་བས་ན་གཉིས་མེད་རོ་མཉམ་པའོ། །དྲུག་པ་ནི། མ་རྟོགས་པའི་དུས་ན་བདེ་བ་དང་། སྡུག་བསྔལ་ཐ་དད་སྣང་ཡང་། རྟོགས་ན་བདེ་སྡུག་གཉིས་ཀ་ལ་རང་བཞིན་དུ་གྲུབ་པ་མི་འདུག་པས། གཉིས་མེད་དུ་རོ་སྙོམས་པའོ། །དེ་ནི་སྟོད་སྨད། རྙེད་མ་རྙེད། གྲགས་མ་གྲགས་ཐམས་ཅད་གཉིས་མེད་དུ་རོ་སྙོམས་སོ། །གཉིས་པ་ཤུགས་འབྱུང་ཞེན་པ་དང་རང་གྲོལ་གྱི་སྤྱོད་ལམ་ལ་རོ་སྙོམས་པ་ནི་བཅུ་སྟེ། ཚེ་འདི་ལ་ཞེན་པའི་བློ་བྱུང་ན་སྒྱུ་མ་མཁན་གྱི་སྤྱོད་པ་བྱ། སྣང་བའི་ཡུལ་ལ་བདེན་འཛིན་གྱི་བློ་བྱུང་ན་སྨྱོན་པ་ལྟ་བུའི་སྤྱོད་པ་བྱ། ནོར་རྫས་ལ་མངོན་ཞེན་གྱི་བློ་བྱུང་ན་བུ་ཆུང་ལྟ་བུའི་སྤྱོད་པ་བྱ། གཙང་སྨེའི་རྣམ་རྟོག་གི་བློ་བྱུང་ན་ཁྱི་ཕག་ལྟ་བུའི་སྤྱོད་པ་བྱ། གཉེན་བཤེས་ལ་གདུང་བའི་བློ་བྱུང་ན་རི་དྭགས་སྨས་མ་ལྟ་བུའི་སྤྱོད་པ་བྱ། ནད་དང་གདོན་གྱི་བར་ཆད་བྱུང་ན་དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུའི་སྤྱོད་པ་བྱ། བསོད་
༡༣༢ཆུར་བདུད་ཀྱི་བསླུ་བྲིད་བྱུང་ན་བྱ་སྒྲོ་རླུང་ཁྱེར་གྱི་སྤྱོད་པ་བྱ། བཙུན་མོ་པདྨའི་འཕྲེང་བ་ཅན་གྱི་བར་ཆད་བྱུང་ན་བསེ་རུ་ལྟ་བུའི་སྤྱོད་པ་བྱ། སྡུག་བསྔལ་དང་སྐྱོ་བའི་བློ་བྱུང་ན་ལྷའི་རོལ་མོ་མཁན་གྱི་སྤྱོད་པ་བྱ། དུས་དང་རྣམ་པ་ཐམས་ཅད་དུ་ནམ་མཁའ་གོས་སུ་གོན་པའི་སྤྱོད་པ་བྱའོ། །བཞི་པ། འབྲས་བུ་ནམ་མཁའ་ལྟ་བུའི་འཆར་ཚུལ་ལ་གསུམ་སྟེ། གང་ཟག་གང་ལ་འཆར་བ་དང་། དུས་ནམ་འཆར་བ་དང་། ཚུལ་ཇི་ལྟར་འཆར་བའོ། །དང་པོ་ནི། གང་ཟག་བདག་ཉིད་རྣལ་འབྱོར་པ་ལ་འཆར་ཏེ། མོས་གུས་ཅན་ལ་བྱིན་རླབས་ཀྱི་སྟོབས་ཀྱི་འཆར། བརྩོན་འགྲུས་ཅན་ལ་སྒོམ་པའི་སྟོབས་ཀྱིས་འཆར་བའོ། །དུས་ན་བསྐལ་པ་གྲངས་མེད་པ་ལ་སོགས་པ་ལ་མི་ལྟོས་ཏེ། དམིགས་པ་ཡེངས་མེད། བློ་འཛིན་མེད། ཤེས་པ་བྱ་བྲལ་གྱི་ངང་དུ་སྐད་ཅིག་བརྗོད་དུ་མེད་པའི་དུས་སུ་འཆར་རོ། །འཆར་ཚུལ་ནི། ངོ་བོ་ཆོས་སྐུའི་སྙིང་པོ་ཅན་དུ་འཆར་ཏེ། རང་སྣང་ལ་དྲི་མ་བྲལ་བའི་ཆོས་སྐུ་རང་བཞིན་གྱིས་འོད་གསལ་བ། སྤྲོས་པ་ཐམས་ཅད་ཞི་བ། མ་རིག་པའི་སྒྲིབ་གཡོགས་དང་དགེ་སྡིག་བག་ཆགས་ཀྱི་གཡའ་དང་བྲལ་བ་འཆར། གཞན་སྣང་ལ་གཟུགས་སྐུ་དྲི་མ་དང་བྲལ་བ་འཆར་ཏེ། གཟུགས་སྐུ་གཉིས་ཀྱིས་དག་པ་དང་མ་དག་པའི་གདུལ་བྱ་རྣམས་ལ་མཆོག་དང་དམན་པའི་ཚུལ་གྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་དཔག་ཏུ་མེད་པ་མཛད་པ་འཆར་རོ། །བྱེད་པ་ཆོས་ཀྱིས་རྣམ་རྟོག་གི་དྲི་མ་སྦྱོང་བྱེད་དུ་འཆར་ཏེ། སངས་རྒྱས་ཀྱིས་གསུངས་པའི་ཆོས་རྣམས་དང་མཐུན་པར་བསྟན་ཏེ། སེམས་ཅན་རྣམས་ཀྱི་རྣམ་རྟོག་གི་དྲི་མ་སྦྱོང་བར་འཆར་རོ། །ཕྱག་རྒྱ་ཆེན་པོའ་ཡེ་ཤེས་གསལ་འདེབས་པར་བྱེད་པའི་གདམས་པ་བླ་མ་མཁའ་འགྲོའི་གསུངས་བཞིན་དུ། གཉའ་ནམ་གྲོད་ཕུག་དགོན་པ་རུ། །རྡོ་རྗེ་རྒྱལ་མཚན་བརྩེ་བས་བྲིས། །ཕྱོགས་དུས་དགེ་ལེགས་ལྡན་གྱུར་ཅིག །རྗེ་མི་ལ་
༡༣༣རས་པས་རས་ཆུང་པ་རྡོ་རྗེ་གྲགས་ལ་གཏད་པ་རྫོགས་སོ། །དགེའོ།། །།

༈ ངམ་རྫོང་སྙན་བརྒྱུད་གྲས། ༄༅། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་གསང་བ་ངོ་སྤྲོད་པའི་གདམས་ངག་བཞུགས་སོ༎ ༎ ཟུར་མང་སྙན་བརྒྱུད་ལས་སོ།

༡༣༥ ངམ་རྫོང་སྙན་བརྒྱུད་གྲས། ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་གསང་བ་ངོ་སྤྲོད་པའི་གདམས་ངག་བཞུགས་སོ།། །། ཟུར་མང་སྙན་བརྒྱུད་ལས་སོ། །
༡༣༦ན་མོ་རཏྣ་གུ་རུ། ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་གསང་བ་ངོ་སྤྲོད་ཆོས་ཀྱི་སྐུའི་གནས་ལུགས་ཞེས་བྱའོ། །དེ་ལ་གསུམ་ཏེ། བསྒོམ་པ་སྤྲུལ་པའི་སྐུའི་གནས་ངོས་བཟུང་བ་དང་། སྒོམ་བྱེད་ལོངས་སྤྱོད་རྫོགས་སྐུའི་བྱ་བ་དང་། སྒོམ་པ་འདི་ལས་འཕྲོས་པའི་ཤེས་རབ་ཀྱི་དེ་ཉིད་ཕྱག་རྒྱ་ཆེན་པོའ་དོན་གཏན་ལ་དབབ་པའོ། །གནས་ལ་གསུམ་སྟེ། རབ་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཏེ། དེར་བར་ཆད་མི་འབྱུང་ཞིང་རྟོག་པ་མྱུར་དུ་འཆར་རོ། །འབྲིང་ཙཱ་རི་ལ་སོགས་མཁའ་འགྲོ་འདུ་བའི་རི་ཁྲོད་སྟེ། དེར་དངོས་གྲུབ་མྱུར་ཞིང་འཁོར་བ་ལ་སྐྱོ་བ་སྐྱེའོ། །ཐ་མ་མཐུན་རྐྱེན་ཚང་བའི་དབེན་གནས་ཏེ། དེར་སྐྱེ་བོའ་རྒྱུ་འགྲུལ་ཉུང་ཞིང་འཇིག་རྟེན་གྱི་ཆོས་བརྒྱད་མི་སྐྱེའོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུའི་བྱ་བ་ལ་གསུམ་སྟེ། དང་པོ་ལུས་བྱ་བྲལ་དུ་
༡༣༧གཉིས་པ་སྟེ་འཇིག་རྟེན་གྱི་བྱ་བ་ཚེ་འདིའི་ཞེན་པ་སྤང་བར་བྱའོ། །ངག་སྨྲ་བྲལ་དུ་གནས་ཏེ། ཚེ་འདིའི་སྙན་མི་སྙན་ལ་སོགས་པ་ལུང་བསྟན་པའི་ཚིག་གིས་སྤྲོས་པ་མཐའ་དག་སྤང་བར་བྱ་བའོ། །སེམས་རྟོག་བྲལ་དུ་གནས་པ་སྟེ་ཡོད་མེད་ཡིན་མིན་དང་། བདེན་བརྫུན་དང་། དོན་དམ་དང་ཀུན་རྫོབ་ལ་སོགས་པ་མཚན་མ་དང་བཅས་པ་བློ་དང་བྲལ་ལ། གང་དུ་ཡང་མི་རྟོག་པའི་ངང་ལ་གཞག་གོ། །གསུམ་པ་ཕྱག་རྒྱ་ཆེན་པོ་གཏན་ལ་དབབ་པ་ལ་བཞི། མ་བཅོས་པའི་ཡེ་ཤེས་ངོས་བཟུང་བ་དང་། ལྷན་ཅིག་སྐྱེས་པའི་ངང་ལ་བློ་བཞག་པ་དང་། སྔ་ཕྱི་གཅིག་ཏུ་བསྲེ་བའི་དངོས་པོ་ཐམས་ཅད་རོ་མཉམ་པ་དང་། འབྲས་བུ་ནམ་མཁའ་ལྟ་བུའི་འཆར་བའི་ཚུལ་ལོ། །དང་པོ་མ་བཅོས་པའི་ཡེ་ཤེས་ངོས་བཟུང་བ་ལ་གསུམ་སྟེ། ཕྱག་གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་དང་། རྒྱ་འཁོར་
༡༣༨བའི་རྒྱ་མདུད་གྲོལ་བར་བསྟན་པ་དང་། ཆེན་པོ་ཟུང་འཇུག་གི་སྒྲོན་མེ་གཏམས་པའོ། །གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་ལ་གསུམ་སྟེ། དང་པོ་ལུས་སྣང་སྟོང་གི་ཡེ་ཤེས་ངོས་བཟུང་བ་ནི། ལུས་ཞེས་བྱ་བ་ཞིག་གྲུབ་ཙ་ན་ཆོས་ཅན་དེའི་ཆོས་ཉིད་སྟོང་པ་ཞིག་ལྷུན་གྱི་གྲུབ་པས་ལུས་སུ་སྣང་བའི་དུས་ཉིད་ནས་རང་བཞིན་ཅིར་ཡང་གྲུབ་པ་མེད་པའི་སྟོང་ཉིད་ཡིན་ཏེ། ཆོས་ཉིད་རང་ཐོག་ནས་ལུས་ཞེས་པའི་དངོས་པོ་གནས་པ་མེད་དེ་འཇའ་ཚོན་བཞིན་ནོ། །འོ་ན་ལུས་སུ་སྣང་ཞིང་འདུག་པས་དངོས་པོ་མཚན་མར་གྲུབ་པ་ཡིན་ནམ་སྙམ་ན། ལུས་སྣང་སྟོང་དེ་ཡང་རྐྱེན་གྱིས་སྣང་བ་ཡིན་གྱིས། ལུས་སུ་སྣང་བའི་དུས་ཉིད་ནས་རང་བཞིན་གང་དུ་གྲུབ་པ་མེད་པ་ཡིན་པས་ན། ལུས་སྣང་སྟོང་ཡེ་ཤེས་ཞེས་བྱ་བ་ཡེ་གདོད་མ་ནས་གནས་པ་ཡིན་གསུངས། ངག་གྲགས་སྟོང་གི་ཡེ་ཤེས་ནི་སྒྲ་གང་ཡང་རུང་བ་ཞིག་ལྷང་གིས་གྲགས་ཙ་ན། ཆོས་ཅན་སྒྲ་དེའི་ཆོས་ཉིད་སྟོང་པ་ཞིག་ལྷུན་གྱིས་གྲུབ་པ་སྟེ། སྒྲ་གྲགས་པའི་དུས་ནས་རང་བཞིན་ཅིར་ཡང་གྲུབ་པ་མེད་པའི་སྟོང་པ་ཉིད་ཡིན་གྱིས་ཆོས་ཉིད་རང་ལས་ལོགས་ན་སྒྲ་ཞེས་བྱ་བ་ཞིག་ཏུ་དངོས་པོར་གྲུབ་པ་མེད་དེ་གྲག་ཆ་བཞིན་ནོ། །འོ་ན་སྒྲ་གྲགས་ཤིང་འདུག་པའི་དངོས་པོ་དང་མཚན་མ་གྲུབ་པ་ཞིག་ཡོད་པ་མིན་ནམ་སྙམ་ན། གྲགས་པ་དེ་རྐྱེན་གྱིས་སྣང་བ་ཡིན་གྱིས། སྒྲ་གྲགས་པ་དེའི་དུས་ཉིད་ནས་གང་དུ་ཡང་གྲུབ་པ་མེད་པ་ཡིན་པས་ན། སྒྲ་གྲགས་སྟོང་ཡེ་ཤེས་བྱ་བ་ཡེ་གདོད་མ་ནས་གནས་ལ། རྐྱེན་གྱིས་སྣང་བ་དང་གྲགས་པ་དེ་ཉིད་མ་སྐྱེས་པ་ཡིན་གསུངས། སེམས་བདེ་སྟོང་གི་ཡེ་ཤེས་ནི་སེམས་ཞེས་བྱ་བ་ཞིག་ཏུ་གྲུབ་ཙམ་ན། ཆོས་ཅན་དེའི་ཆོས་ཉིད་བདེ་སྟོང་གི་ཡེ་ཤེས་ལྷུན་གྱི་གྲུབ་པ་སྟེ། སེམས་ཞེས་རིག་རིག་པོ་ཞིག་ཤར་བའི་དུས་ཉིད་ནས། རང་བཞིན་ཅིར་ཡང་གྲུབ་པ་མེད་པའི་བདེ་སྟོང་ཡིན་གྱི། ཆོས་ཉིད་རང་ལས་ལོགས་ན་སེམས་ཞེས་བྱ་བ་དངོས་པོ་ཞིག་གྲུབ་པ་མེད་དེ་ནམ་མཁའ་བཞིན་ནོ། །འོ་ན་
༡༣༩སེམས་འདི་ལ་དྲན་རྟོག་སྣ་ཚོགས་འགྱུ་ཞིང་འདུག་པ། དངོས་པོ་དང་མཚན་མར་གྲུབ་པ་ཞིག་ཡོད་པ་ཡིན་ནམ་སྙམ་ན། རྣམ་པར་རྟོག་པ་ཙམ་དུ་རྐྱེན་གྱིས་སྣང་བ་ཡིན་གྱི་དྲན་རྟོག་ཏུ་སྣང་བའི་དུས་ཉིད་ནས་སྡུག་བསྔལ་ཟུག་རྔུ་དང་བྲལ་ནས་བདེ་བ་ཡིན་པས་ན་སེམས་བདེ་སྟོང་གི་ཡེ་ཤེས་བྱ་བ་ཡེ་གདོད་མ་ནས་གནས་པ་ཡིན་གྱི། རྐྱེན་གྱིས་ཡུལ་ཅིག་ཤར་པ་དང་། དེ་ལ་དེར་འཛིན་གྱི་ཤེས་པ་ཕྲ་མོ་ཞིག་བྱུང་བ་དེ་ལ་རྣམ་པ་རྟོག་པ་ཞེས་བྱ་སྟེ། ཕྲ་བ་དང་རགས་པའི་རྟོག་པ་གང་སྐྱེས་པ་དེ་ཉིད་མ་སྐྱེས་པ་སྐྱེ་བ་མེད་པའི་རང་བཞིན་ཡིན། འཁོར་བའི་རྒྱ་མདུད་གྲོལ་བ་ནི་གསུམ། ཚུལ་ཁྲིམས་ཀྱི་གཞི་ཤེས་པས་ལུས་ཀྱི་རྒྱ་མདུད་གྲོལ་བ་སྟེ། སྡོམ་པ་རིན་པོ་ཆེས་ལུས་ལ་སྙིང་པོ་བླང་བ་ལུས་འཁོར་བ་ལས་སྒྲོལ་བར་བྱེད་པ་གཞན་ལ་གནོད་པ་མཐའ་དག་ལས་ལོག་ནས། ཞེན་པ་མེད་པར་སེམས་ཅན་གྱི་དོན་འབའ་ཞིག་སྒྲུབ་པའོ། །སྦྱིན་པའི་གཞི་ཤེས་པས་ལོངས་སྤྱོད་ཀྱི་རྒྱ་མདུད་གྲོལ་བ་སྟེ། རྫས་དང་ཡོ་བྱེད་སྙིང་པོ་མེད་པ་ལ་སྙིང་པོ་བླང་བའི་ཐབས་སེམས་ཅན་ལ་སྦྱིན་པ་ཕྱོགས་རིས་མེད་པར་བཏང་བར་བྱའོ། །ཆོས་ཉིད་ཀྱི་གཞི་ཤེས་པས་སེམས་ཀྱི་མདུད་པ་གྲོལ་སྟེ། ཆོས་ཉིད་ཀྱི་དངོས་པོའ་གནས་ལུགས་གདོད་མ་ནས་གཟུང་འཛིན་གྱི་དྲི་མས་མ་གོས་པས། ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བ། མཚན་ཉིད་འདི་ལྟར་ཡིན་ཞེས་བསྟན་དུ་མེད་པ། རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་སྟེ། ཕྱི་སྣང་བའི་ཡུལ་སྣ་ཚོགས་སེམས་སུ་ཤེས་པས་གཟུང་བའི་རྒྱ་ལས་གྲོལ། ནང་དྲན་པའི་རྟོག་པ་སྣ་ཚོགས་པ་ཡང་སེམས་སུ་ཤེས་པས་འཛིན་པའི་མདུད་པ་ལས་གྲོལ། བར་གཟུང་འཛིན་གྱི་སྣང་བ་སྣ་ཚོགས་པ་ཡང་སེམས་ཉིད་དང་གཅིག་མེད་དུ་ཤེས་པས་གཉིས་སུ་འཛིན་པའི་བློ་ཡི་མདུད་པ་ལས་གྲོལ་བ་ན། འཁོར་བའི་རྒྱ་མདུད་
༡༤༠ལས་གྲོལ་བ་ཞེས་བྱའོ། །ཆེན་པོ་ཟུང་འཇུག་གི་སྒྲོན་མེ་བལྟམས་པ་ནི་གསུམ། རྩ་གསལ་སྟོང་ཟུང་འཇུག་གི་སྒྲོན་མེ་བལྟམས་པ་ཞེས་པ་ལ་གཉིས་ཏེ། རྣམ་ཤེས་ཀྱི་རྩ་དང་ཡེ་ཤེས་ཀྱི་རྩའོ། །དེ་ལ་རྣམ་པར་སྨིན་པའི་རྩ་ནི་བཤད་ཚོད་ཀྱིས། ཨ་ཝ་དྷཱུ་ཏི་ཞེས་བྱ་བ་དེ་ཡིན། དེ་ལས་གྱེས་པའི་རྩ་འཁོར་ལོ་བཞི་ལ་སོགས་པ་དང་། དེའི་ཡན་ལག་གི་རྩ་རྣམ་གྲངས་དུ་མ་བཤད་པ་རྣམས་སོ། །འོ་ན་ཡེ་ཤེས་ཀྱི་རྩ་གང་ན་ཡོད་སྙམ་ན། དབྱིབས་དང་ཁ་དོག་རེག་བྱ་ཐམས་ཅད་བྲལ་བ་མཚོན་དུ་མེད་པ་སྟེ། རྣམ་སྨིན་གྱི་རྩ་དང་དབྱེར་མེད་པར་བསྒོམ་ན་བདེ་བ་སྐྱེ་བའི་རྟེན་དུ་རུང་བ་ཞིག་འདུག་པ་དེ་ལ་ཡེ་ཤེས་ཀྱི་རྩ་ཞེས་བྱའོ། །དེ་ལ་རྣམ་སྨིན་གྱི་རྩ་གསལ་བོད་ཙམ་ན། ཡེ་ཤེས་ཀྱི་རྩས་སྟོང་བོད་པ་ཡིན་པས། གསལ་སྟོང་ཟུང་འཇུག་བྱ་བ་ཞིག་ཏུ་རང་བཞིན་གྱིས་གནས་སོ། །དེ་ཡང་གསལ་བ་ཞེས་བྱ་བ་ནི། མིག་སྔར་གཟུགས་མཐོང་བ་ཞིག་ལ་མི་ཟེར་ཏེ། རང་གི་སེམས་ཉིད་མཐོང་བ་ལ་སྒྲིབ་བྱེད་ཀྱི་གེགས་གང་ཡང་མེད་པས་ན་གསལ་ཞེས་བརྗོད་དོ། །དེ་ཡང་སྐབས་ཁ་ཅིག་ཏུ་གསལ་ཞིང་། སྐབས་ཁ་ཅིག་ཏུ་མི་གསལ་བ་ལྟ་བུ་མ་ཡིན་ཏེ། དུས་དང་གནས་སྐབས་རྒྱུན་ཏུ་གསལ་བས་རྒྱུན་གྱིས་དག་པ་ཞེས་བྱ་སྟེ། རྩ་གསལ་སྟོང་ཟུང་འཇུག་བྱ་བ་ཡེ་ནས་གནས་པ་ལ་ངོས་བཟུང་བའོ། །རླུང་སྣང་སྟོང་ཟུང་འཇུག་ཀྱང་གཉིས་སུ་བཞེད་དེ། རྣམ་སྨིན་ལས་ཀྱི་རླུང་དང་ཡེ་ཤེས་ཀྱི་རླུང་ངོ། །དེ་ལ་ལས་ཀྱི་རླུང་ཁ་སྣའི་སྒོ་ནས་རྒྱུ་བ། སྲོག་རྩོལ་གཉིས་སུ་ཁྱད་པར་རྒྱུ་ནས་འོང་བ་འདི་ཡིན། ཡེ་ཤེས་རླུང་ནི་ཁ་དོག་དང་དབྱིབས་དང་རེག་བྱ་དང་བྲལ་བ་མཚོན་དུ་མེད་པ་སྟེ། ལས་ཀྱི་རླུང་དང་དབྱེར་མེད་པར་བསྒོམ་ན་བདེ་བ་སྐྱེ་བའི་རྟེན་དུ་རུང་བ་ཞིག་ཏུ་གནས་པ། དེ་ལ་ཡེ་ཤེས་ཀྱི་རླུང་ཞེས་བྱའོ། །དེ་ཡང་ལས་ཀྱི་རླུང་གིས་སྣང་བོད་ཙམ་ན་ཡེ་ཤེས་ཀྱི་རླུང་གིས་སྟོང་བོད་དོ། །ཡེ་ཤེས་ཀྱི་རླུང་གིས་སྟོང་བོད་ཙམ་ན། ལས་ཀྱི་རླུང་གིས་
༡༤༡སྣང་བོད་པ་ཡིན་པས། རླུང་སྣང་སྟོང་ཟུང་འཇུག་དུ་རང་བཞིན་གྱིས་གནས་སོ། །རླུང་སྣང་སྟོང་ཟུང་འཇུག་ནི་མིག་སྔར་སྣང་བ་ལྟ་བུ་ཞིག་མ་ཡིན་ཏེ། རང་གི་སེམས་ཉིད་མཐོང་བ་མེད་པ། མཐོང་བ་སྟོང་པ་ཞེས་བྱ། དེ་ཡང་གནས་སྐབས་ཁ་ཅིག་ཏུ་སྟོང་ཞིང་ཁ་ཅིག་ཏུ་མི་སྟོང་བ་ལྟ་བུ་མ་ཡིན་ཏེ། དུས་དང་གནས་སྐབས་རྒྱུན་དུ་སྣང་བ་ཡང་ངོ་བོ་ངོས་བཟུང་གང་དུ་ཡང་མ་གྲུབ་པས། སྣང་བ་རྒྱུན་གྱིས་དག་པ་ཞེས་བྱ་སྟེ། རླུང་སྣང་སྟོང་ཟུང་འཇུག་བྱ་བར་ཡེ་ནས་གནས་པ་ལ་ངོས་བཟུང་བའོ། །ཐིག་ལེ་བདེ་སྟོང་ཟུང་འཇུག་ལ་ཡང་གཉིས་ཏེ། ཟག་བཅས་ཀྱི་ཐིག་ལེ་དང་། ཟག་མེད་ཀྱི་ཐིག་ལེའོ། །དེ་ལ་ཟག་བཅས་ཀྱི་ཐིག་ལེ་ནི། དབང་པོའ་སྒོ་ལས་རྒྱུ་རྟེན་ལུས་ལ་བརྟེན་ནས་གནས་པའི་དུས་དཀར་དམར་དུ་གནས་པ་དེ་ཟག་བཅས་ཀྱི་ཐིག་ལེ་ཞེས་བྱའོ། །ཟག་པ་མེད་པའི་ཐིག་ལེ་ནི་ཟག་བཅས་དེ་ལས་གཞན་བཙལ་བས་མི་རྙེད་དེ། དབྱིབས་དང་རེག་བྱ་ཁ་དོག་མཐོང་དུ་མེད་པ་སྟེ། ཟག་བཅས་ཀྱི་ཐིག་ལེ་དང་དབྱེར་མེད་པར་བསྒོམ་ན་བདེ་བ་སྐྱེ་བའི་རྟེན་དུ་རུང་བ་ཞིག་ཏུ་འདུག་པ་དེ་ཡེ་ཤེས་ཟག་མེད་པའི་ཐིག་ལེ་ཞེས་བྱའོ། །དེ་ཡང་ཟག་བཅས་ཀྱི་ཐིག་ལེ་བདེ་བོད་ཙམ་ན། ཟག་མེད་ཀྱི་ཐིག་ལེ་སྟོང་བོད། ཟག་མེད་ཀྱི་ཐིག་ལེ་སྟོང་བོད་ཙམ་ན་ཟག་བཅས་ཀྱི་ཐིག་ལེ་བདེ་བོད་པ་ཡིན་པས། ཐིག་ལེ་བདེ་སྟོང་ཟུང་འཇུག་བྱ་བ་ཡེ་ནས་རང་བཞིན་གྱི་གནས་པ་ཡིན་ནོ། །དེ་ཡང་ཐིག་ལེ་བདེ་སྟོང་དེ་མིག་སྔར་སྣང་བ་ལྟ་བུ་མ་ཡིན་ཏེ། རང་གི་སེམས་ཀྱི་དེ་ཁོ་ན་ཉིད་མཐོང་བ་སྡུག་བསྔལ་གྱིས་གཏན་ནས་མ་གོས་པ་དེ་བདེ་སྟོང་ཞེས་བྱའོ། །དེ་ཡང་སྐབས་ཁ་ཅིག་ཏུ་བདེ་ཞིང་སྐབས་ཁ་ཅིག་ཏུ་མི་བདེ་བ་ལྟ་བུ་མ་ཡིན་ཏེ། དུས་དང་གནས་སྐབས་རྒྱུན་དུ་བདེ་བ་དང་སྟོང་པ་འདྲེས་ནས་མི་རྟོག་པ་རྒྱུན་གྱིས་དག་པ་ཞེས་བྱའོ། །ཐིག་ལེ་བདེ་སྟོང་ཟུང་འཇུག་བྱ་བ་ཡེ་ནས་གནས་པ་ལ་ངོས་
༡༤༢བཟུང་བའོ། །དེ་ལྟར་རྣམ་པར་སྨིན་པའི་རྩ་རླུང་བྱང་ཆུབ་སེམས་གསུམ་དངོས་པོ་དང་མཚན་མ་གྲུབ་པ་འགགས་ནས། ཡེ་ཤེས་རྩ་རླུང་བྱང་ཆུབ་ཀྱི་སེམས་གསུམ་ངོ་སྤྲད་པས་གནས་ལུགས་ཀྱི་ཉམས་བདེ་གསལ་མི་རྟོག་པ་གསུམ་ཤར་ནས། ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་དོན་རྣལ་མ་རྟོགས་ནས་འོང་གསུང་ངོ་། །ལྷན་ཅིག་སྐྱེས་པའི་ངང་ལ་བློ་བཞག་པ་ལ་གསུམ་ལས། །དང་པོ་དངོས་གཞི་སྐྱེ་མེད་ལ་གསུམ་སྟེ། སེམས་རང་བྱུང་སངས་རྒྱས་ལྟར་རང་བཞིན་མེད་པའི་ཕྱིར། གང་ནས་ཀྱང་མ་འོངས་ཤིང་གང་དུ་ཡང་འགྲོ་ས་མེད་པར་བཞག་པ་ནི། སེམས་ཉིད་ངོ་བོ་གཤིས་ཀྱི་གནས་ལུགས་བཅོས་མིན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཡེ་གདོད་མ་ནས་རང་བཞིན་གྱིས་གྲུབ་པའི་སངས་རྒྱས་ཞེས་བྱ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གང་གི་ཡང་ཕྱོགས་སུ་ཡང་མ་ཆད་ཅིང་། མཐར་མ་ལྷུང་བ། མིང་གི་གདགས་ཐམས་ཅད་དང་བྲལ་བ། རྒྱུ་དང་པོ་གང་ནས་ཀྱང་མ་སྐྱེས་པས་འདི་ནས་འོང་བྱ་བ་མེད། ཐ་མར་འདིར་འགགས་བྱ་བ་མེད་པས་འགྲོ་འོང་མེད་པ་གཞི་འགྱུར་བ་མེད་པ་གཏན་ལ་ཕབས་པའོ། །གཉིས་པ་རི་བོང་གི་རྭ་ལྟར་གྲུབ་པ་མེད་པས། གང་དུ་ཡང་མི་གནས་པར་སྐྱེ་འགགས་མེད་པར་བཞག་པ་ནི། རི་བོང་གི་རྭ་མ་གྲུབ་པས་རྭ་ཆག་པའམ་མི་འདུག་བྱ་བ་མེད་པ་བཞིན་རང་སེམས་ས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། དེ་ལ་དང་པོ་སྐྱེ་བའི་རྒྱུ་མ་གྲུབ་པས། ཐ་མ་འགགས་པ་མེད་པའི་མིང་ཡང་མེད་དེ། སྐྱེ་འགགས་རང་སར་གྲོལ་བས་མ་སྐྱེས་པས་སྐྱེ་བ་མེད་པའི་བདག་ཉིད་གང་དུ་ཡང་མི་གནས་པ་གནས་པ་མེད་པའི་ཆོས་ཉིད་ཀྱི་ཚུལ་དུ་རྟོགས་པའོ། །གསུམ་པ་མོ་གཤམ་གྱི་བུ་བཞིན་མཚན་མ་མེད་པའི་ཕྱིར་རྟོག་མེད་བརྗོད་དུ་མེད་པར་བཞག་པ་ནི། མོ་གཤམ་གྱི་བུ་དེ་དངོས་པོ་དང་མཚན་མ་མེད་པས་གང་གིས་ཀྱང་མ་བསྐྱེད་ཅིང་།
༡༤༣མ་གྲུབ་པས། ད་ལྟ་མོ་གཤམ་གྱི་བུ་ལ་རྟོག་པ་འདི་ལྟ་བུ་ཞིག་འདུག་ཞེས་པ་དང་། མོ་གཤམ་གྱི་བུས་འདི་སྐད་བྱས་ཟེར་བ་མེད་པ་དེ་བཞིན་ཏུ་རང་སེམས་གཉིས་སུ་མེད་པའི་དོན་འདི་ལ་དངོས་པོ་དང་མཚན་མར་མ་གྲུབ་པས་སྤྲོས་པ་ཐམས་ཅད་དང་བྲལ་བ། བརྗོད་བྱའི་ཡུལ་ལས་འདས་པར་གནས་པའི་སེམས་ཉིད་མ་བཅོས་པར་བཞག་གསུང་ངོ་། །གཉིས་པ་ལམ་འོད་གསལ་འགགས་མེད་ལ་གསུམ་སྟེ། དམིགས་པ་ཡེངས་མེད་སེམས་ལ་འཕྲོས་དང་འཕྲོ་བའི་ཡུལ་མེད་རིག་པ་རྩེ་གཅིག་ཏུ་གནས་པའོ། །བློ་འཛིན་མེད་རིག་པ་རྟེན་པའི་བློ་དང་བརྟེན་པ་སེམས་ཉིད་འོད་གསལ་ལ་གཉིས་སུ་མེད་པས་ཆོས་ཅན་གྱི་དངོས་པོ་གཞན་མེད་པས་ན་རྟེན་མེད་རང་གྲོལ་དུ་གནས་པའོ། །ཤེས་པ་འབྲལ་མེད་ཆོས་གང་ཡིད་ལ་བྱེད་པ་མེད་དེ་འདི་བྱའི་ཡུལ་དང་སེམས་ཆོས་ཅན་དུ་བཙལ་བས་མི་རྙེད་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པས། མྱ་ངན་ལས་འདས་པའམ་འཁོར་བའི་ཆོས་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བའོ། །གསུམ་པ་འབྲས་བུ་ཟུང་འཇུག་དབྱེར་མེད་ངང་དུ་བཞག་པ་ལ་གསུམ། དང་པོ་སེམས་ཆོས་ཉིད་དང་ཕྱག་རྒྱ་ཆེན་པོར་དབྱེར་མེད་དུ་ཁྱེར་བ་ནི། རང་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལས་ཅིར་ཡང་སྣང་བ་ངོ་བོ་ཟག་པ་ཐམས་ཅད་དང་བྲལ་བས་སྟོང་པ། རང་བཞིན་སྣང་སེམས་གཉིས་སུ་མེད་པ་མཚན་ཉིད་ཆོས་སྐུ་བློ་ཡུལ་ལས་འདས་པས་མཚོན་དུ་མེད་པའོ། །ཆོས་ཅན་དང་ཆོས་ཉིད་དབྱེར་མེད་དུ་བསྟན་པ་ནི་ཆོས་ཅན་རྣམ་པ་སྣ་ཚོགས་སུ་སྣང་བ་དང་། ཆོས་ཉིད་གཉིས་སུ་མེད་པའི་དོན་དེས་སྤྲོས་པའི་མཐའ་དང་བྲལ་བའི་ཕྱིར། ཆོས་ཅན་ཆོས་ཉིད་ཇི་སྙེད་པའི་ཆོས་སྐྱེ་མེད་དུ་རྟོག་པ་དང་། སྐྱེ་བ་མེད་པ་ཉིད་འཁོར་བ་དང་མྱ་ངན་ལས་འདས་པ་སྣང་བ་དང་སྟོང་པ། སྒྱུ་མ་དང་འོད་གསལ། བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཐམས་ཅད་སྣང་བའི་དུས་ཉིད་ནས་རང་བཞིན་མ་གྲུབ་པའི་ཆོས་ཅན་དེའི་ཆོས་ཉིད་
༡༤༤རང་བཞིན་གྱིས་སྟོང་པས་སྣང་སྟོང་ཐ་མི་དད་པའི་དོན་ཏོ། །བཞི་ལམ་འབྲས་བུ་སྐུ་གསུམ་དབྱེར་མེད་དུ་གཞག་པ་ནི། གཞི་ཆོས་ཉིད་ཀྱི་དེ་བཞིན་ཉིད་ཆོས་སྐུ་དབྱེར་མེད་དང་། ལམ་སེམས་ཉིད་ཀྱི་དེ་བཞིན་ཉིད་ཟུང་འཇུག་གཟུགས་སྐུ་དང་དབྱེར་མེད། འབྲས་བུ་ཟུང་འཇུག་དེ་བཞིན་ཉིད་བདེ་བ་ཆེན་པོའ་སྐུ་དང་དབྱེར་མེད་པ་སྟེ། འབྲས་བུ་སེམས་ཉིད་ཟུང་འཇུག་སྐྱེ་མེད་དུ་བཞག་པས། འཁོར་འདས་གཉིས་སུ་འཛིན་པ་ཐམས་ཅད་རང་སར་གྲོལ་བའོ། །སྔ་ཕྱི་ཐམས་ཅད་གཅིག་ཏུ་བསྲེ་བའི་གདམས་ངག་གི་དངོས་པོ་ཐམས་ཅད་རོ་མཉམ་པ་ལ་ལྔ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་མེད་དུ་བསྲེ་ཞིང་ཟུང་འཇུག་དང་རོ་མཉམ་སྟེ་རོ་གཅིག་ཏུ་བཞག །སྤང་བྱ་དང་གཉེན་པོ་གཉིས་མེད་དུ་བསྲེ་ཞིང་ཟུང་འཇུག་ཏུ་རོ་མཉམ་སྟེ་རོ་གཅིག་ཏུ་བཞག །ལམ་དང་འབྲས་བུ་གཉིས་མེད་དུ་བསྲེ་ཞིང་ཟུང་འཇུག་ཏུ་རོ་མཉམ་སྟེ་རོ་གཅིག་ཏུ་བཞག །ཉོན་མོངས་དང་ཡེ་ཤེས་གཉིས་མེད་དུ་བསྲེ་ཞིང་ཟུང་འཇུག་ཏུ་རོ་མཉམ་སྟེ་རོ་གཅིག་ཏུ་བཞག །བདེ་བ་དང་སྡུག་བསྔལ་གཉིས་སུ་བསྲེ་ཞིང་ཟུང་འཇུག་ཏུ་རོ་མཉམ་ཞིང་རོ་གཅིག་ཏུ་བཞག་པར་བྱའོ། །འབྲས་བུ་ནམ་མཁའ་ལྟ་བུའི་འཆར་ཚུལ་ལ་གསུམ་སྟེ། རྟེན་གྱི་གང་ཟག་གང་ལ་འཆར་བ་དང་། དུས་ནམ་གྱི་ཚེ་འཆར་བ་དང་། ཚུལ་ཅི་ལྟ་བུར་འཆར་བའོ། །གང་ཟག་དབང་པོ་ཡང་རབ་རྒྱུད་སྦྱངས་པ་ཅན་ལ། དུས་ནི་ངེས་པ་མེད་དེ་སྐད་ཅིག་མའི་བྱིན་རླབས་ནམ་ཞུགས་པའི་དུས་དེར། ཡེ་ཤེས་རྟོགས་པའི་ཚད་ནི་ལག་པ་ལྟོ་རྒྱབ་བརྗེ་བའི་ཚད་གཅིག་ལ་འཆར་བའོ། །འཆར་ཚུལ་ནི་མཚན་མ་མེད་པར་འཆར་ཏེ། ངོ་བོ་རང་བྱུང་གི་ཡེ་ཤེས་ཆོས་སྐུའི་སྙིང་པོ་ཅན། རྣམ་པ་གཟུགས་སྐུའི་དྲི་མ་དང་བྲལ་བ་དང་། བྱེད་ལས་རྣམ་པར་རྟོག་པའི་དྲི་མ་སྦྱོང་བྱེད་དུ་འཆར་བའོ། །དེ་ལྟར་བསྒོམ་བྱ་ཕྱག་རྒྱ་ཆེན་པོའ་དོན་གཏན་ལ་དབབ་པ་ལ་བཞི་སྟེ།
༡༤༥གཞིའི་ཕྱག་རྒྱ་ཆེན་པོ་མ་བཅོས་པའི་ངང་ལ་བློ་བཞག་པ་དང་། ལམ་མཉམ་བཞག་གི་ཕྱག་རྒྱ་ཆེན་པོ་སྟོང་པ་སྙིང་རྗེ་དབྱེར་མེད་ལྷན་ཅིག་སྐྱེས་པའི་ངང་ལ་བློ་བཞག་པ་དང་། རྗེས་ཐོབ་རྐྱེན་ཤར་གྱི་ཕྱག་རྒྱ་ཆེན་པོ་སྔ་ཕྱི་ཐམས་ཅད་གཅིག་ཏུ་བསྲེ་བ་ལ་དངོས་པོ་ཐམས་ཅད་རོ་མཉམ་པས་འཁོར་འདས་རོ་གཅིག་གི་རྟོགས་པ་དེ་རྟེན་གྱི་གང་ཟག་གིས་རྟོགས་པ་དེ་ཉིད་རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་ཞེས་བྱའོ། །འདི་ལྟར་རྟོགས་པའི་དོན་འོད་གསལ་དེས་ཉེ་བར་ལེན་པའི་རྒྱུ་བྱས་ཏེ། བར་དོ་དང་པོ་འོད་གསལ་ཆོས་ཀྱི་སྐུ་དང་ལྷན་ཅིག་སྐྱེས་པའི་རྐྱེན་བྱས་ཏེ། དྲི་མ་མེད་པར་དབྱིངས་དང་ཡེ་ཤེས་དབྱེར་མེད་པར་གྱུར་ཏེ། དག་པ་ཆོས་སྐུའི་ཚུལ་དུ་སངས་རྒྱས་པའོ། །གསང་བ་ཆོས་སྐུའི་གདམས་ངག་ལ་བརྟེན་ནས་ཡེ་ཤེས་གསལ་འདེབས་ཞེས་བྱ་བ་དེ་ཁོ་ན་ཉིད་ཀྱི་སྒྲོ་འདོགས་གཅོད་པའི་གདམས་པ། མཁའ་འགྲོ་མའི་གསང་བ་སྦས་པ། བླ་མའི་གསུང་བཞིན་དུ་དགེ་བསྙེན་བོ་དྷི་རཱ་ཛས་བཀོད་པའོ། །ངམ་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ། །།།།།། །།

༄༅། །དཔལ་འཁོར་ལོ་བདེ་མཆོག་སྙན་བརྒྱུད་དྭགས་པོ་ལུགས་ཀྱི་མན་ངག་གི་རྩ་བ་བརྗེད་བྱང་མ་ཞེས་བྱ་བ་བཞུགས་སོ༎ ༎བསྡུས་པའོ༎

༡༤༧དཔལ་འཁོར་ལོ་བདེ་མཆོག་སྙན་བརྒྱུད་དྭགས་པོ་ལུགས་ཀྱི་མན་ངག་གི་རྩ་བ་བརྗེད་བྱང་མ་ཞེས་བྱ་བ་བཞུགས་སོ།། །།བསྡུས་པའོ། །
༡༤༨ན་མོ་གུ་རུ། བཀའ་བརྒྱུད་བླ་མ་རྣམས་དང་ཡི་དམ་ལྷ། །རྡོ་རྗེ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་གསུང་སྒྲོས་རྒྱ་མཚོ་ལྟ་བུ་ལས། །བདག་བློའི་ནུས་པས་ཆུ་ཐིགས་ཙམ་པ་སྟེ། །བརྗེད་ཀྱིས་དོགས་ནས་དྲན་པ་གསོ་ཕྱིར་བྲིས། །བླ་མ་རིན་པོ་ཆེའི་ཞལ་ནས། །དཔལ་ནཱ་རོ་པ་ཆེན་པོའ་གདམས་པ། རྗེ་བཙུན་ལ་ཞུས་པའི་དུས་སུ། བླ་མ་རྗེ་བཙུན་གྱི་ཞལ་ནས། བླ་མ་ཆེན་པོ་ནཱ་རོ་པས། །གསང་སྔགས་རྒྱལ་པོ་ཡི་གེ་བདུན། །འབུམ་ཕྲག་གཅིག་ཏུ་བཟླས་པ་ཡིས། །ས་རྣམས་གཡོ་ཤིང་ལུང་བསྟན་ཐོབ། །ཤར་ཕྱོགས་ངོས་ཀྱི་ཏཻ་ལོ་པའི། །ཞལ་སྔར་གདམས་ངག་མནོས་པ་ནི། །དངོས་པོའ་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་པ་དེ་ལ་གནད་རྣམ་པ་གསུམ། ལུས་ཀྱི་གནད། ཡུལ་གྱི་གནད་དང་། དུས་ཀྱི་གནད་དོ། །དེ་ལ་ལུས་ཀྱི་གནད་བཤད་པ། རྐང་པ་རེ་མིག་ལྟར་བསྣོལ་བ། །རྒལ་པ་ཆུ་ཤིང་སྙིང་པོ་ལྟར་དྲང་བ། མགྲིན་པ་ལྕགས་ཀྱུ་ལྟར་དགུག་པ། །མཉམ་བཞག་གི་ཕྱག་རྒྱ་ལྟེ་བའི་འོག་ཏུ་ཤིན་ཏུ་བཙིར་བ། དཔུང་པ་མཁའ་ལྟར་ཡངས་པའོ། །ཡུལ་གྱི་གནད་ནི། སྤྱིར་མང་ཡང་། འཁོར་ལོ་
༡༤༩བཞི་ལ་གཏད་པའམ། ཆགས་ཅན་ཡིན་ན་ལས་ཀྱི་ཕྱག་རྒྱ་ལ་གཏད་པ་ཡང་ལུགས་གཅིག་ཡིན། བླ་མ་ནི། ལྟེ་བའི་འོག་སོར་བཞིར་མར་འཇལ་བའི་སར། རྩ་གསུམ་འདུས་པའི་མདོར་གཏུམ་མོ་ཁབ་ཙམ་ལ་ཤེས་པ་གཏད་པའམ། ཡང་ན་ཤེས་པ་ཕྱག་རྒྱ་ཆེན་པོ་ལ་གཏད་ནས། རླུང་བསྒོམ་པ་ཡིན་གསུང་། དུས་ཀྱི་གནད་ནི། ཐ་མལ་གྱི་དུས་ལྟེ་བར་ཤེས་པ་གཏད། གཉིད་ཀྱི་དུས་སྙིང་གར་གཏད། །རྨི་ལམ་གྱི་དུས་སུ་མགྲིན་པར་གཏད། སྙོམས་འཇུག་གི་དུས་སྤྱི་བོར་ཤེས་པ་གཏད། ཐ་མལ་གཏུམ་མོ་བསྒོམ་པའི་དུས་སུ། ལུས་གནད་བཅས་ནས། རྔུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕང་དང་རྣམ་པ་བཞི། །དེ་ལ་རྔུབ་པ་ནི། སྣ་བུག་གཉིས་རླུང་གིས་ནོན་པ་ཡིན། དགང་བ་ནི། རྩ་གཡས་གཡོན་གཉིས་དགང་བ་ཡིན། གཞིལ་བ་ནི། རྩ་གཡས་གཡོན་གཉིས་ཀྱི་རླུང་ལྟེ་བའི་འོག་སོར་བཞི་འཇལ་བའི་ས་ན་ཡར་སོང་བར་བསམས་ནས་ཐུབ་ཚད་མནན་ནོ། །མི་ཐུབ་ན། སེ་གོལ་བཏོགས་པ་ཙམ་རེ་གཏོང་བ་ཡིན། ལང་ན་གཞིལ་པ་ནི། ཚ་ན་བྱུང་ན་ཉི་མ་གཉིས་གཉིས་ཙམ་གློད་པ་ཡིན་གསུང་། དེ་ནས་རླུང་མདའ་ལྟར་འཕང་བ་ནི། དྷཱུ་ཏི་
༡༥༠ནས་ཚངས་བུག་ན་ཡར་རྒྱངས་ཀྱིས་སོང་བར་སེམས་པ་ཡིན། ཡང་ན་ལྕགས་ཀྱུ་ལྟར་དགུག་པར་བྱ་བ་རྩ་གཉིས་ཀྱི་རླུང་ཆིར་གྱིས་མནན་ནས། རྩ་གསུམ་འདུས་པའི་རྩར་སོང་ནས་དྷཱུ་ཏིའི་ནང་ན་ཡར་སོང་བར་བསམས་ནས་གནོན་པ་ཡིན། ཡང་ཐུན་སྟོད་ལ་མེ་ལ་དམིགས་པ་གཏད་ནས། ཐུན་སྨད་ལ་ཕྱག་རྒྱ་ཆེན་པོ་ལ་གཏོད་པ་ཡིན་གསུང་། དེ་ལ་བུམ་པ་ཅན་རབ་འབྲིང་ཐ་མ་གསུམ། །རབ་ཀྱིས་མགྲིན་པ་མན་ཆད་གནོན་པ་ཡིན། །འབྲིང་སྙིང་ག་མན་ཆད། ཐ་མ་ལྟེ་བ་མན་ཆད་གནོན་པ་ཡིན། །ཐིག་ལེ་འཆོར་ན་འོག་སྒོ་འཐེན་པ་ཡིན། །བདེ་བ་ཤས་ཆེ་འདོད་ན་ཡང་འོག་སྒོ་འཐེན་པ་ཡིན། །རླུང་བསྒོམས་པས་མགོ་བོ་ལ་སོགས་པ་ན་ན། །ལྟེ་བ་མན་ཆད་སྟོང་སང་ངེ་བཞག་ནས། །དེ་མན་ཆད་གནོན་པ་ཡིན། རླུང་བྱང་ནས། རེས་སྟེང་རླུང་གནོན། རེས་འོག་རླུང་འཐེན་ན། བདེ་བ་དང་མི་རྟོག་པ་ཤས་ཆེ་བ་ཡིན། དེ་ལྟར་བསྒོམས་པས་རྟགས་ལྔ། ཕན་ཡོན་བརྒྱད། ཡེ་ཤེས་གསུམ་ལ་སོགས་པ་འབྱུང་སྟེ། བྱུང་ཡང་སེམས་ཉིད་མ་བཅོས་པ་ལ་ངེས་ཤེས་མ་སྐྱེས་ན། དེ་རྣམས་ཀྱིས་མི་ཕན་ཏེ། སོ་སོར་བརྟགས་མིན་གྱི་འགོག་པ་གར་སྐྱེ་ཆ་མེད་པ་ཡིན། བླ་མ་རྗེ་བཙུན་གྱི་ཞལ་ནས། སྡོང་པོ་ཡིན་ཏེ་འབྲས་བུ་མིན། །ཡོན་ཏན་ཡིན་ཏེ་རྟོགས་མེད་མིན། །གསུང་། འོད་གསལ་ལ་ངེས་ནས་གཏུམ་མོ་ཡང་ཕྱག་རྒྱ་ཆེན་པོ་དང་མ་བྲལ་བར་བསྒོམ་སྟེ། ལུས་གནད་བཅས་ནས། ཤེས་པ་མ་བཅོས་པར་བཞག་སྟེ་རླུང་བསྒོམ་པ་ཡིན། །གཏུམ་མོ་ཞལ་གྱི་གདམས་པ་ལས། །གཞན་ཕན་བསམ་པས་བརྗེད་བྱང་བྲིས། །བླ་མ་མཁའ་འགྲོས་བཟོད་པར་གསོལ། །དགེ་རྩ་བགྱིས་པ་འདི་དག་གིས། །འགྲོ་བའི་དོན་རྣམས་འགྲུབ་པར་ཤོག ༈ །ན་མོ་གུ་རུ། རྗེ་རིན་པོ་ཆེའི་ཞལ་ནས། རྨི་ལམ་ལ་དོན་བཞི་ཡིན། རྨི་ལམ་བཟུང་བ་དང་། སྦྱང་བ་དང་། སྒྱུ་མར་བྱིན་གྱིས་བརླབས་པ་དང་། དེ་ཁོ་ན་ཉིད་བསྒོམ་པའོ། །
༡༥༡དེ་ལ་བཟུང་བ་ནི། དོ་ནུབ་རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་སྟེ། དེ་ཡང་ངོ་མཚར་ཅན་གྱི་རྨི་ལམ་རྨི་བར་བྱ། ཡི་དམ་གྱི་ཞལ་མཐོང་བའམ། སངས་རྒྱས་ཀྱི་ཞིང་ཁམས་མཐོང་བའམ། སུམ་ཅུ་རྩ་གསུམ་དུ་འགྲོ་བའམ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ་ལ་སོགས་པ་ངོ་མཚར་ཅན་གྱི་རྨི་ལམ་རྨི་བར་བྱའོ། །སྙམ་པའི་འདུན་པ་དྲག་པོ་བཏང་ལ། དེ་ནས་མགྲིན་པར་པདྨ་འདབ་མ་བཞི་པ་ཅིག་གི་དབུས་སུ་ༀ་བསམ་ལ། དེ་ལ་ཤེས་པ་མ་ཡེངས་པར་གཏད་ལ་གཉིད་ལོག །ཡང་ན་སྨིན་ཕྲག་ཏུ་ཐིག་ལེ་ལ་ཤེས་པ་གཏད་ལ་གཉིད་ལོག །དེ་ནས་གཉིད་སད་པ་དང་། ད་ཅི་ཡང་རྨི་ལམ་ལ་རྨི་ལམ་དུ་ངོ་མ་ཤེས། ད་རེས་ནི་ཅིས་ཀྱང་ངོ་ཤེས་པར་བྱ་སྙམ་དུ་བསམས་ལ་གཉིད་ལོག་གོ་།ཉིན་མོ་བསྒོམ་པའི་དུས་ན་ཡང་། རྨི་ལམ་ན་བསྒོམ་པ་ཡིན་སྙམ་རྨི་ལམ་དུ་སེམས་ཤིང་། མིག་གིས་གཟུགས་མཐོང་བ་ལ་སོགས་པ། སྣང་སྲིད་འདི་རྣམས་རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་པོ་བཏང་ནས་བསྒོམས་པས། མཚན་མོ་རྨི་ལམ་ཟིན་པའི་རྟགས་སུ་ཆུ་ཆེན་པོ་ལ་མཆོངས་པ་དང་། གཡང་ལ་འགྲོ་བ་དང་། ཁྱིས་དེད་པ་དང་། རང་གི་ལུས་ལ་འོད་འབྱུང་བ་ལ་སོགས་པའི་རྨི་ལམ་འབྱུང་ངོ་། །དེ་ལྟར་བྱུང་ན་རྨི་ལམ་ཟིན་ནས་འདུན་པ་མ་བཏང་བར་ཐམས་ཅད་རྨི་ལམ་དུ་ཤེས་པ་འབྱུང་བ་ནི་རྨི་ལམ་ཟིན་པའོ། །དེ་ནས་རྨི་ལམ་སྦྱང་བ་ནི། རྨི་ལམ་དུ་ཆུ་ཆེན་པོ་ལ་སོགས་པ་མི་འཚམས་པ་སྣ་ཚོགས་འབྱུང་སྟེ། ཆུ་ལ་བརྒལ་བ་དང་། མེར་མཆོངས་པ་དང་། རི་ལ་སོགས་པ་ལ་ཐོགས་པ་མེད་པར་འགྲོ་བ་དང་། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་བལྟ་བ་དང་། སུམ་ཅུ་རྩ་གསུམ་དུ་ཕྱིན་ནས་དེར་བསྒོམ་པ་དང་། མགོན་པོ་བྱམས་པའི་ཞལ་ལྟ་བ་དང་། རྒྱ་གར་ཐམས་ཅད་ལྟ་བ་དང་། ཉི་ཟླ་རྡོག་པས་གནོན་པ་ལ་སོགས་པ་རང་གི་སེམས་ལ་ཅི་བསམ་པ་ཐམས་ཅད་བྱའོ། །དེ་ལྟར་ཆུར་མཆོངས་པ་ལ་སོགས་པ་ལ་ཉམ་ང་བག་ཚ་བྱུང་
༡༥༢ན། རྨི་ལམ་ཡིན། སྒྱུ་མ་ཡིན། མི་བདེན་པས་ཅི་ལྟར་བྱས་པས་བཏུབ་པ་ཡིན་སྙམ་པས་སེམས་ཀྱི་ཅི་བསམ་པ་ཐམས་ཅད་བྱའོ། །དེ་ལྟར་རྨི་ལམ་ཡིན་པས་རྣམ་པར་རྟོག་པ་ཡིན་སྙམ་དུ་སེམས་བསྐྱེད་བསྒོམ་མོ། །དེ་ཡང་རྟོགས་པ་མེད་པའི་གང་ཟག་གིས་ཀྱང་མོས་པ་བྱེད་པ་ཡིན་ནོ། །དེ་ལྟར་རྨི་ལམ་སྦྱངས་པས་གང་ཟག་ཁ་ཅིག་རྨི་ལམ་གྱི་སྒོ་ནས་སངས་རྒྱ་བ་དེ་ལམ་གཅིག་ཡིན་ནོ། །རྨི་ལམ་ལམ་དུ་འཁྱེར་བའི་གདམས་ངག་གོ་༈ །བླ་མ་དང་མཁའ་འགྲོ་རྣམས་ལ་གུས་པས་སྤྱི་བོས་ཕྱག་འཚལ་ལོ། །བར་དོ་རྣམ་པ་གསུམ་ལ་སྐྱེ་ཤི་བར་དོ་ནི། སྐྱེས་ནས་མ་ཤི་བར་དེ་ཡིན། རྨི་ལམ་བར་དོ་ནི། རྨི་ལམ་རྨིས་ནས་མ་སད་ཀྱི་བར་དེ་ཡིན། སྲིད་པ་བར་དོ་ནི། ཤི་ནས་མ་སྐྱེས་ཀྱི་བར་དེ་ཡིན། སྐྱེ་ཤི་བར་དོར་བསྐྱེད་རྫོགས་གཉིས་གོམས་པར་བྱས་པས་རྨི་ལམ་བར་དོ་བརྟན་ནས་འོང་། དེ་ནས་སྲིད་པ་བར་དོ་ནི། བར་དོ་དང་པོར་འོད་གསལ་ངོས་བཟུང་བ་དང་། གཉིས་པ་སྒྱུ་ལུས་སྦྱང་བ་དང་། གསུམ་པ་མངལ་སྒོ་འགེགས་པའོ། །དེ་ལ་དང་པོ་འོད་གསལ་ངོས་བཟུང་བ་ནི། དང་པོ་འབྱུང་བ་བཞི་ལས་བསྐྱེད་པའི་ལུས་འདི་ནི་འཇིག་པའི་དུས་སུ་འབྱུང་བ་རིམ་གྱིས་བསྡུས་ཏེ། འོད་གསལ་ལ་གོམས་པ་ཅིག་གིས། དེའི་དུས་སུ་འོད་གསལ་ལ་མ་ཡེངས་པར་བྱས་ལ། ཐམས་ཅད་སེམས་སུ་ཤེས་པར་བྱ། དང་པོ་ས་ཆུ་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་ཟུངས་མི་ཐུབ། །ཆུ་མེ་ལ་ཐིམ་པའི་དུས་སུ་ཁ་སྣ་སྐོམ། མེ་རླུང་ལ་ཐིམ་པའི་དུས་སུ་ལུས་ཀྱི་ཡན་ལག་ཚུར་དྲོད་འཆོར། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ་ནང་དབུགས་འཆད། དེ་ཙ་ན་སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་འོད་གསལ་ཏེ། དེ་ལ་སྣང་བའི་རྟགས་སུ་ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། ནང་རྟགས་དུ་བ་ལྟ་བུའོ། །སྣང་བ་མཆེད་པའི་དུས་སུ་ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུའོ། །སྣང་བ་ཐོབ་པའི་རྟགས་སུ་ཕྱི་རྟགས་
༡༥༣མུན་འཐིབས་པ་ལྟ་བུ། ནང་རྟགས་མར་མེ་ལྟ་བུའོ། །སྣང་བ་ཉེ་བར་ཐོབ་པའི་རྟགས་སུ་ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུའོ། །ནང་རྟགས་སྤྲིན་མེད་པའི་ནམ་མཁའ་སྟོང་པ་ལྟ་བུའོ། །དེ་འོད་གསལ་བའོ། །དེ་ལྟར་འོད་གསལ་གཉིས་འདྲེས་པས། གང་ཟག་དབང་པོ་རབ་ཚེ་གཅིག་ལུས་གཅིག་གིས་སངས་རྒྱ་བའོ། །དེ་ལྟར་ཡིན་པར། འོད་གསལ་བ་ནི་རྒྱུན་པར་གནས། །བར་དོའ་གྲོང་ཁྱེར་དེས་མི་མཐོང་། །ཞེས་གསུངས་སོ། །བར་དོ་གཉིས་པ་སྒྱུ་ལུས་ལ་གཉིས། དག་པའི་སྒྱུ་ལུས་དང་། མ་དག་པའི་སྒྱུ་ལུས་སོ། །ཤི་ནས་ཞག་ཕྱེད་དང་བཞི་ཚུན་ཆད། དང་པོའ་ལུས་དེ་ཉིད་ཀྱི་འདུན་པ་དང་མ་བྲལ་བས་དེ་ལ་བརྟེན་ནས་འོད་གསལ་བསྒོམ་པ་ནི་མ་དག་པའི་སྒྱུ་ལུས་སོ། །དེ་གཉིས་ཀ་ཡང་སྦྱོང་བྱེད་འོད་གསལ་གྱི་ཡེ་ཤེས་ཀྱིས། སྦྱང་གཞི་བག་ཆགས་སྦྱོང་བའི་འདུན་པ་དང་བཅས་པ་དེ་སློབ་པའོ། །དེའི་དུས་སུ་བག་ཆགས་སྦྱོང་བའི་འདུན་པ་མེད་པར་འོད་གསལ་གྱི་ངང་དུ་སོང་བ་དེ་ནི་མི་སློབ་པའོ། །དེ་གཉིས་ཀ་ཞག་བཞིའམ་བདུན་ཚུན་ཆད་དུ་དཀའ་བ་ཡིན་གསུང་། ལར་ཞག་བཞི་བཅུ་རྩ་དགུ་ཚུན་ཆད་འོད་གསལ་དེ་ལྟར་བསྒོམ། ཞག་བདུན་བདུན་ན་རྣམ་རྟོག་རེ་རེ་ལྡངས་པས་དེའི་དུས་སུ་འདུན་པ་དྲག་པོ་བསྒོམ། དེ་བཞིན་ཏུ་བྱས་པས་སངས་རྒྱའོ། །གསུམ་པ་མངལ་གྱི་གྲོང་ཁྱེར་དགག་པ་ནི། དེར་རྣམ་པར་རྟོག་པ་བྱུང་ནས་ལུས་ལེན་པའི་དུས་སུ། ཕ་མ་གཉིས་ལ་ཆགས་སྡང་གཉིས་ཀྱིས་ལུས་ལེན་པས། ཕ་དེ་ད་ལྟའི་རྡོ་རྗེ་སློབ་དཔོན་དུ་བསྒོམ། མ་དེ་རྡོ་རྗེ་སློབ་དཔོན་གྱི་ཇོ་མོར་བསྒོམ། རང་དེའི་དུས་སུ་ཡི་དམ་གྱི་ལྷར་བསྒོམ་ལ་འོད་གསལ་གྱི་ངང་ལ་བཞག་གོ་།དེས་ཀྱང་མི་ཁེགས་པ་འདྲ་ན་རྨི་ལམ་ཡིན། སྒྱུ་མ་ཡིན་ཆགས་སུ་ཅི་ཡོད་སྙམ་དུ་བསྒོམ་མོ། །དེས་འབྲིང་བར་དོར་སངས་རྒྱ་བའོ། །དེ་ལ་བླ་མའི་ཞལ་ནས། བཞི་བཅུ་རྩ་དགུ་ཁེགས་པ་ན། །འཁོར་བའི་སྲིད་པ་ཁེགས་པ་ཡིན། །ཞེས་གསུངས། དེས་ཀྱང་མི་ཁེགས་ན། ད་ཅིས་ཀྱང་ལུས་ལེན་པར་
༡༥༤འདུག་ན། དེའི་དུས་སུ་སེམས་ལ་དབང་ཐོབ་པ་ལྟ་བུ་འོང་བ་ཡིན་པས་ལུས་གདམས་ཏེ། པཎྜི་ཏ་དང་འཁོར་ལོ་སྒྱུར་རྒྱལ་ལ་སོགས་པ། སེམས་ཅན་གྱི་དོན་ནུས་པ་ཞིག་གི་ལུས་བླངས་ལ་སྔར་གྱི་འོད་གསལ་བསྒོམ་མོ། །དེ་ནི་སྐྱེ་བ་བརྒྱུད་པས་སངས་རྒྱ་བའི་དབང་དུ་བྱས་པའོ། ༈ །བླ་མ་རྣམས་ལ་ཕྱག་འཚལ་ལོ། །འཕོ་བ་ལ་གསུམ། རབ་འོད་གསལ། འབྲིང་སྒྱུ་ལུས། ཐ་མ་བསྐྱེད་རིམ་གྱིས་འཕོ་བའོ། །དེ་ལ་འོད་གསལ་གྱི་འཕོ་བ་ནི། རང་ལ་འོད་གསལ་གྱི་རྟོགས་པ་ཡོད་པ་ཞིག་འཆི་བའི་དུས་སུ། རང་གིས་བསྒོམས་པའི་འོད་གསལ་ལ་མ་ཡེངས་པར་བྱས་ནས་འཆི་བ་ཡིན་ཏེ་དེ་ལ་འཕོ་རྒྱུ་མེད་ཀྱང་འཕོ་བར་མིང་བཏགས་པ་ཡིན། འབྲིང་སྒྱུ་ལུས་ཀྱི་འཕོ་བ་ནི། དེ་ལྟར་བསྒོམས་པའི་དུས་སུ་རང་གི་གནས་འདི་སུམ་ཅུ་རྩ་གསུམ་ཨར་མོ་ལིག་ཀའི་རྡོ་ལེབ་ཀྱི་སྟེང་ཡིན་པར་བསམས་ལ། དེ་ནས་བསྒོམ་པར་བྱའོ། །གཉིད་ཀྱི་དུས་སུ་ཡང་སུམ་ཅུ་རྩ་གསུམ་དུ་ཕྱིན་ལ་དེར་བསྒོམ་པའི་འདུན་པ་བྱའོ། །དེ་ལྟར་བྱས་པས། རྨི་ལམ་དུ་སུམ་ཅུ་རྩ་གསུམ་དུ་བསྒོམ་པ་རྨི། མངོན་པར་དགའ་བའི་འཕོ་བ་བྱ་བ་ཡིན་པས། དེ་འཆི་བའི་དུས་སུ་སུམ་ཅུ་རྩ་གསུམ་གྱི་གནས་ཨར་མོ་ལིག་ཀའི་རྡོ་ལེབ་ཞེས་བྱ་བ། མནན་ན་ནེམ་བྱེད་པ། བཏེག་ན་འཕར་བྱེད་པ་བཅོམ་ལྡན་འདས་ཀྱི་ཞབས་ཀྱིས་བཅགས་པ། བྱིན་གྱིས་བརླབས་པའི་གནས་དེར་ཕྱིན་ལ། དེར་ཕྱག་རྒྱ་ཆེན་པོ་བསྒོམ་སྙམ་པའི་འདུན་པ་དྲག་པོ་བཏང་བས། ཤེས་པ་སུམ་ཅུ་རྩ་གསུམ་དུ་འཕོས་ནས་དབུགས་འགགས་ལུས་བཞག་པའོ། །དེར་བསྒོམས་པས་ཕྱག་རྒྱ་ཆེན་པོའ་དངོས་གྲུབ་ཐོབ་པའོ། །ཐ་མ་བསྐྱེད་རིམ་གྱིས་འཕོ་བ་ནི། རང་ཡི་དམ་ལྷར་བསམས་ལ། ལྟེ་བར་ཨ། སྙིང་གར་ཧཱུྃ། ཚངས་བུག་ཏུ་ཀྵྻུཾ་བསམས་ལ། དེ་ནས་རླུང་བུམ་པ་ཅན་དུ་བྱས་ཏེ། ཨ་དེ་ཡར་སོང་ཧཱུྃ་ལ་བསྟིམ། ཧཱུྃ་ཡར་སོང་བས། ཀྵྻུཾ་དེ་འབུར་འབུར་འཕུལ་བར་
༡༥༥བསམ། དེ་ནས་ཡང་མར་ལ་ཕབ་ལ་སོ་སོར་བཞག །དེ་ལྟར་བྱང་བར་བྱས་ལ། ནམ་འཆི་རྟགས་བྱུང་བ་དང་། དེར་འཕོ་བའི་དུས་སུ་མདུན་གྱི་ནམ་མཁའ་ལ་བླ་མ་ཡི་དམ་ལྷ་བསམས་ལ། ཨ་ཡར་ཧཱུྃ་ལ་བསྟིམ་ལ། སྤྱི་བོའ་ཀྵྻུཾ་གསལ་ལ་ཚངས་བུག་ཧར་གྱིས་སོང་བར་བསམས་ལ། ངག་ཏུ་ཨ་ཧིཀ་དྲག་ཏུ་བརྗོད་ལ། ཧཱུྃ་དེ་ཡར་ལ་ཚེགས་མེད་དུ་བཏོན་ལ། ཡི་དམ་ལྷའི་ཐུགས་ཀར་ཐིམ་པར་བསམ། དེ་ལྟར་ཡང་ཡང་བྱས་པས་ངེས་པར་འཕོ་བའོ། །དེ་ནི་རབ་འོད་གསལ། འབྲིང་སྒྱུ་ལུས། ཐ་མ་བསྐྱེད་རིམ་གྱིས་འཕོ་བ་གསུམ་མོ། །ད་ནི་བཙན་ཐབས་ཀྱིས་འཕོ་བ་ལ། པུས་མོ་གཉིས་ས་ལ་བཙུགས། ལག་པ་གཉིས་ལྟག་ཁུང་དུ་སྦྲེལ། རྐེད་པ་དབྱུག་པ་ལ་བཀལ་ལ། སྙིང་གྱེན་ལ་ལོག་གིས་ལོག་པར་བསམས་ལ་ངག་ཏུ་ཧིཀ་དྲག་ཏུ་བརྗོད་པས་ངེས་པར་བདེ་བ་ཅན་དུ་འཕོ་གསུང་། ཡང་སྙིང་མ་ཟློག་པར་སྙིང་གར་ཧཱུྃ་གཅིག་བསམས་ལ། ཚངས་བུག་གོང་བཞིན་བསམས་ལ། དེ་ནས་ཧཱུྃ་དེ་ལྟར་གྱིས་ཐོན་ནས་ཡི་དམ་ལྷའི་ཐུགས་ཀར་ཐིམ་པར་བསམས་པའམ། ཡང་ན་བདེ་བ་ཅན་དུ་སོང་བར་བསམས་ནས་ངག་ཏུ་ཧིཀ་དྲག་ཏུ་བརྗོད་པས་འཕོ་གསུང་ངོ་། །རླུང་སྦྱང་བའི་ཐབས་ནི། སྟན་བདེ་བ་ལ་སེམས་དཔའི་སྐྱིལ་ཀྲུང་བཅའ། སྒལ་པ་བསྲང་། ཨོས་ཀོ་བཀུག །ལག་པ་མཉམ་བཞག་གི་ཕྱག་རྒྱ་ལྟེ་བའི་འོག་ཏུ་བཞག་སྟེ། དང་པོ་ཕྱིར་འགྲོ་ནང་འགྲོ་ཁ་ཅིག་བྱས་ནས། རླུང་གནས་སུ་བཞག་སྟེ། དེ་ནས་རླུང་ནང་དུ་རྫོགས་པར་བླངས་ལ་ཐུབ་ཚད་བཟུང་ངོ་། །དེ་ནས་ཞག་བཅོ་ལྔ་ཉི་ཤུའི་བར་དུ་བསྒོམས་པས། རླུང་ནང་དུ་ཡུན་རིང་དུ་ཐུབ་པ་སྙམ་བྱེད་ན། རང་གིས་རླུང་བཟུང་སྟེ་གྲོགས་ཅིག་རྩར་བཞག་ལ། ཕྲེང་བ་ལ་ཁོའ་རླུང་བགྲང་དུ་བཅུག་སྟེ། དེ་ནས་རང་གི་རླུང་མ་ཐུབ་ན་བཏང་བ་དང་མཉམ་དུ་གྲོགས་ཀྱིས་ཀྱང་ཕྲེང་བ་བཞག་སྟེ། ཕྲེང་བ་དེ་ལ་དྲུག་ཅུ་རྩ་དྲུག་ཐེམས་འདུག་ན་དེས་ཆོག །ལྷག་ན་སྐྱོན་མེད། ཚད་ནི་ཞག་གཅིག་གཉིས་ཤིག་བསྒོམ།
༡༥༦དེ་ལྟར་རླུང་སུམ་ཅུ་རྩ་དྲུག་ཁེགས་པ་དང་འཕོ་བ་སྦྱང་། དེ་ནི་རླུང་སྦྱང་བའི་མན་ངག་རྫོགས་སོ།། །།དེ་ནས་རླུང་འབྱོངས་ནས། ཡང་ལུས་བཅོས་ནས། རང་ལྷ་སྐུར་གསལ་བའི་སྤྱི་བོར་ཚངས་བུག་ཏུ་ཀྵྻུཾ་མིག་གཉིས་སུ་ཧཱུྃ། སྨིན་མཚམས་སུ་ཧཱུྃ། རྣ་བ་གཉིས་དང་། སྣ་བུག་གཉིས་སུ་ཡྃ་རེ་རེ། ཁར་སུཾ། ལྟེ་བར་ཧཱུྃ། གཤང་གཅིའི་ལམ་དུ་ཀྵྻུཾ་ཡི་གེ་རྣམས་ཁ་དོག་དཀར་པོར་བསམ་སྟེ། དེ་ལྟར་སྒོ་དགུ་ཡི་གེ་དགུས་བཀག་ནས་རླུང་ནང་དུ་བསྟིམ་སྟེ། ལྟེ་བ་ན་སེམས་ཀྱི་རྒྱལ་པོ་ཨར་གནས་ཏེ། ཧིཀ་ཉི་ཤུ་རྩ་གཅིག་བརྗོད་པས། ཧིཀ་རེ་རེ་ལ་དེ་ཡར་བྱུང་བས་ཀླད་པའི་སྟེང་། ཐོད་པའི་འོག་ཏུ་ཡར་དྲང་ངོ་། །དེ་ཡང་ཕྲེང་རྡོག་ཉི་ཤུ་རྩ་གཅིག་ལ་བགྲང་སྟེ། དེ་ལ་ཐ་མ་མི་འཆོས། དེ་ནས་ཡང་རླུང་བསྟིམ་སྟེ། ཕྲེང་བ་ལ་ཧིཀ་ཉི་ཤུ་རྩ་གཅིག་བརྗོད་པས། ལྟེ་བར་ཨ་དེ་མར་དབབ་བོ། །དེ་ནས་ཡང་རླུང་བཏང་སྟེ་ངལ་ཨན་ཅིག་གསོའོ། །དེ་ཀ་བཞིན་ཡར་འདྲེན་པ་ལྷག་པར་ཡང་ཡང་བསྒོམ་མོ། །ཐུན་འཇོག་ན་སྤྱི་བོར་མི་བཞག་པར་ལྟེ་བར་ཕབ་ལ། དེ་ནས་ཐུན་མཚམས་བྱའོ། །དེ་འདྲ་ཞག་བདུན་བསྒོམས་པས་འཕོ་བ་འབྱོངས་ཏེ། འབྱོངས་པའི་རྟགས་ལྔ་ནི། ལྟོ་ཆེ་བ། དཔྲལ་བ་ན་ཕར་ཚ་བའམ། རྡུལ་ཚ་བ་འཆར་བ་འབྱུང་ངོ་། །མཚོག་མ་ཏོག་སྟེ་འགྲོ་བ་ལྟ་བུ་བྱུང་ན་འབྱོངས་པ་ཡིན། ཞེས་བླ་མ་གསུང་སྟེ། དེ་མི་དགོས་པས་རླུང་བསྟིམ་ལ་བདེ་མོར་ཡར་འགྲོ་མར་འགྲོ་འོངས་ནས་འབྱོངས་པ་ཡིན། དེ་ལྟར་འབྱོངས་པ་དེ་ལོ་ཉི་ཤུ་ཙམ་ན་བྱས་ནས། དེ་ནས་བཞག་སྟེ། ལོ་ལྔ་བཅུ་དྲུག་ཅུ་ཙམ་ན། འཆི་བའི་དུས་འཕོས་པས་ཆོག་གསུང་། དེ་ལྟར་གདན་བཞི་ལས། རྔུབ་པ་སྔོན་དུ་བརྩམས་ནས་ནི། །ཐམས་ཅད་དུ་ནི་དགག་པར་བྱ། །ཅེས་པ་ནས། ཉི་ཤུ་རྩ་གཅིག་དབུགས་དག་གིས། །གནས་ནས་དྲག་ཏུ་དྲངས་ནས་སུ། །ཚིགས་གཅིག་ནས་ནི་ཚིགས་གཅིག་གོ་།ཚིགས་དགུ་གོང་མའི་བར་དུའོ། །ཡར་ལྡཽག་མར་ལྡོག་ས་བོན་
༡༥༧གྱིས། །སྦྱང་བྱའི་ཡི་གེ་ཕྱེད་དང་གཉིས། །ང་རོ་དྲག་ཏུ་བརྗོད་པ་ཡིས། །ཤེས་གསུངས་པའི་དོན་ཡིན་ནོ། །འཕོ་བ་འབྱོངས་ནས། ཕྱིས་འཆི་བའི་དུས་སུ་འཕོ་བ་བྱ་སྟེ། དེ་ཡང་གདན་བཞི་ལས། འཆི་བའི་མཚན་མ་མཐོང་ནས་ནི། །འཆི་བར་གྱུར་བའི་དུས་བྱུང་ནས། །རིམས་ལ་སོགས་པ་མ་ཕོག་པར། །འཕོ་བ་སྦྱོང་བ་མཆོག་ཡིན་ནོ། །ཅེས་གསུངས་པའི་དོན། གནས་ཁང་ཡིད་དང་མཐུན་པར། ཡི་དམ་ལྷའི་སྐུ་ལུགས་མའམ་རས་བྲིས་བཞུགས་སུ་གཞུག་མེ་ཏོག་ལ་སོགས་པ་ཅི་འབྱོར་བ་དང་གཏོར་མ་བཤམས་ལ། ཏིང་ངེ་འཛིན་གྱིས་ཀྱང་ཡི་དམ་ལྷ་དང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ལ། དེ་རྣམས་ལ་མཆོད་པ་དང་། གཏོར་མ་ཅི་འབྱོར་བ་ཕུལ། དེ་ནས་རང་སྟན་བདེ་བ་ལ་སྐྱིལ་ཀྲུང་བཅས་ལ་རྒལ་པ་བསྲང་། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱ་སྟེ་ལྷའི་སྐུར་བསྒོམ། སྒོ་དགུ་ཡི་གེ་དགུས་དགག །དེར་རླུང་བསྟིམ་མི་དགོས། ལྟེ་བའི་ཨ་དེ་གོང་བཞིན། ཧིཀ་ཉི་ཤུ་རྩ་གཅིག་གིས་ཡར་དྲང་། དེ་ནས་ཡང་མར་ལྟེ་བར་དབབ། དེ་ནི་ཉམས་སད་པའོ། །དེས་ན་སྤྱི་བོའ་ཀྵྻུཾ་དེ་གསལ་ཏེ། སྤྱི་བོར་ཧར་གྱིས་སོང་བར་བསམས་ལ། དེ་ནས་རྐང་མཐིལ་གཉིས་སུ་ཡི་ཡིག་རེ་རེ་བསམ། དཀུ་གཡས་གཡོན་གཉིས་དང་། མཆན་ཁུང་གཉིས་སུ་ཡཾ་རེ་རེ། སྙིང་གར་ཡང་ཡཾ་བཞིས་བསྐོར་བར་བསམ། དེ་ནས་ཡཾ་དེ་རྣམས་ལས་རླུང་གི་དཀྱིལ་འཁོར་བཅུ་གཞུའི་དབྱིབས་སུ་འདུག་པ་འུར་སྒྲ་དང་བཅས་པས་སེམས་ཀྱི་རྒྱལ་པོ་ཨ་བཏེག་སྟེ་འདུག་པར་བསམས་ལ། ཧིཀ་ཉི་ཤུ་རྩ་གཅིག་གིས་ཤིན་ཏུ་དྲགས་པར་དྲངས་ཏེ། སྤྱི་བོ་ན་ཨ་དེ་རྒྱངས་ཀྱིས་སོང་བར་བསམས་ལ། ཡི་དམ་ལྷའི་ཐུགས་ཀར་ཤེས་པ་གཏད། དེས་མི་འཕོ་ན་ཧིཀ་ཉི་ཤུ་རྩ་གསུམ་རྩ་བཞི་རྩ་ལྔ་བརྗོད་པས་མི་འཕོ་མི་སྲིད་དོ། །དེ་ཡང་གདན་བཞི་ལས། ལུས་ལ་རླུང་གི་ཁ་དོག་དང་།
༡༥༨ཧཱུྃ་གི་ས་བོན་དྲུག་པ་རུ། །རླུང་གི་མཐའ་ཡི་རྩ་བར་ནི། །ས་བོན་སེམས་ཀྱིས་དྲངས་པར་བྱ། །ཞེས་གསུངས་པ་དང་། བཤད་རྒྱུད་ལས་ཀྱང་། ཧཱུྃ་གི་ང་རོ་དྲག་པོ་ཡིས། །ལུས་ཅན་རྣམས་ནི་བཀོལ་བར་བྱ། །ཅེས་གསུངས་སོ། །དེ་ལྟར་འཕོས་པས་རླུང་སེམས་ཚངས་པའི་བུ་ག་ནས་ཕྱུ་རུ་རུ་འབྱུང་གསུང་ངོ་། །དེས་ནི་བར་དོར་སངས་རྒྱའོ། །དེ་ཡང་གདན་བཞི་ལས། དེ་བཞིན་འདས་པའི་ལུས་དག་ལས། །ཡེ་ཤེས་ལྔ་ནི་རང་དགར་འབྱུང་། །ཞེས་གསུངས་སོ། །སྦྱངས་ནས་འཕོ་བའི་མན་ངག་གོ་༈ །ན་མོ་གུ་རུ། གཉིད་འོད་གསལ་དུ་གཞུག་པ་ནི། དོ་ནུབ་རྨི་ལམ་མི་རྨི་བར། གཉིད་ཀྱི་དུས་སུ་འོད་གསལ་བསྒོམ་དགོས་སྙམ་ནས། རང་གི་སྙིང་གར་པདྨ་འདབ་མ་བཞི་པའི་ལྟེ་བར་ཧཱུྃ་བསམས་ནས། དེ་ལ་ཤེས་པ་གཏད་ནས་གཉིད་ལོག་གོ་།གཉིད་སད་པ་དང་། ད་ཅི་ཡང་གཉིད་འོད་གསལ་དུ་མ་ཚུད་པར་འདུག །ད་ཅི་ནས་ཀྱང་གཉིད་འོད་གསལ་དུ་བསྒོམ་དགོས་སྙམ་ནས། གཉིད་ལོག་པས་གཉིད་དུས་སུ་འོད་གསལ་ངོས་ཟིན་ནས། གཉིད་ལོག་མ་ལོག་མེད་པར་འོད་གསལ་དུ་འབྱུང་ངོ་། །དེ་ཡང་བླ་མའི་ཞལ་ནས། ཡང་ན་འོད་གསལ་བ་ལ་བཞག་བྱ་བ་གཉིད་མི་ལོག་པའི་དུས་རང་ནས་འོད་གསལ་ལ་བཞག་ནས་བསྒོམ་པ་ལུགས་གཅིག་ཡིན་ནོ། །དེ་ནས་གཉིད་ལོག་མ་ལོག་མེད་པར་འོད་གསལ་དུ་འབྱུང་བ་ཡིན་ཏེ། གང་ཟག་གཅིག་གཞན་གང་ལ་ཡང་མི་རྟེན་པར་གཉིད་ཀྱི་སྒོ་ནས་སངས་རྒྱའོ། །གཉིད་འོད་གསལ་དུ་གཞུག་པའི་མན་ངག་གོ། ༈ །ན་མོ་གུ་རུ། མངལ་དུ་སེམས་ཅན་ཆགས་པ་ནི། ཕ་མ་གཉིས་ཀྱིས་སྔར་དེ་ཆགས་པའི་ལས་བསགས་པའི་ལས་ལྷག་མ་དེ་དུས་དང་ལྡན་ཞིང་ཟླ་མཚན་དང་ལྡན་པ་དང་། ཕ་མ་གཉིས་འདོད་ཆགས་ལངས་ནས་འཕྲད་པ་དང་། དྲི་ཟ་ཉེ་བར་འཁོར་བ་ལས་མངལ་ཆགས་པར་ཆོས་མངོན་པ་ནས་བཤད་དོ། །སྔོན་་ཕྱི་མའི་ལུས་ཀྱི་སྣང་བ། བྱུང་
༡༥༩སྲིད་པའི་ཤ་གཟུགས་ཅན། དབང་པོ་[1]ཀུན་ཚང་[2]ཐོགས་མེད་རྒྱུ། །རིགས་མཐུན་ལྷ་མིག་དག་པས་མཐོང་།[3] །ཟས་སུ་དེ་ནི་དྲི་[4]ཟའོ། །བློ་ནི་[5]ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་[6]སའི་ཡུལ་དུ་འགྲོ། །ཞེས་སློབ་དཔོན་དབྱིག་གཉེན་གྱིས་གསུངས་སོ། ༈ །ན་མོ་གུ་རུ། སྒྱུ་ལུས་སྦྱང་པ་འདི་ལྟར་བྱ་སྟེ། གཉིད་སད་པའི་དུས་སུ། རྗེས་ཐོབ་ལ་བདག་བྱིན་གྱིས་བརླབ་པ་ནི། རང་དང་སྣང་བ་ཐམས་ཅད་མཉམ་བཞག་རྨི་ལམ་གྱི་དུས་སུ་སྣང་བ་བཞིན། ཐམས་ཅད་སྒྱུ་མའམ་ཆུ་ཟླ་ལྟ་བུར་བྱས་ཤིང་བསྒོམ། དེ་ལ་དེ་བཞིན་བསྒོམས་པས་ཡེ་ཤེས་འཆར་རོ། །ཡང་གཉིད་སད་ནས་རྗེས་ཐོབ་ལ་འདི་ལྟར་བསྒོམས་ཏེ། རང་ཐ་མལ་གྱི་ལུས་མེ་ལོང་ལ་གསལ་བ་ལྟར་བལྟས་ལ། མེ་ལོང་མདུན་དུ་རང་ལ་བསྟན་ནས་ཡིད་ཡུལ་དུ་བལྟ་ཞིང་གསལ་བར་བསྒོམ་མོ། །དེ་གསལ་པོར་བརྟན་ནས་ཡོན་ཏན་མང་དུ་བརྗོད་དེ་བསྟོད་པས་དེ་ལ་དགའ་བའི་སེམས་མི་འབྱུང་སྟེ། སྒྱུ་ལུས་ཡིན་པས་སོ། །ཡང་སྐབས་སུ་དེ་ལ་ངན་གྱི་བྱེ་བྲག་མང་དུ་བརྗོད་དེ་སྨད་པས། དེ་ལ་མི་དགའ་བའི་སེམས་མི་འབྱུང་ངོ་། །དེ་ལྟར་ལན་མང་དུ་བསྒོམ་ཞིང་ཤིན་ཏུ་བརྟན་ནས། ཡང་དེ་རང་གི་ལུས་ལ་གཞུག་ཅིང་། རང་ཉིད་སྒྱུ་མའི་ལུས་ལ་བསྟོད་པས་དགའ་བ་མེད། སྨད་པས་མི་དགའ་བ་མེད་པའི་ལུས་སུ་བསྒོམ། དེ་ལ་གསལ་དུ་མ་འདོད་ན་མདུན་དུ་ཡང་བསྒོམ་ལ། ཡང་ལུས་ལ་གཞུག་ཅིང་བསྒོམ་མོ། །རང་ཡི་དམ་གྱི་ལྷར་བྱས་ལ་བསྟོད་ར་མང་དུ་བཏང་ངོ་། །དེ་ལ་དགའ་བ་མི་སྐྱེ་ན་རང་གི་ལུས་ལ་གཞུག་གོ །དེ་ནི་ངེས་པར་སྒྱུ་མའམ་ཆུ་ཟླ་ལ་སོགས་པའི་ལུས་སུ་མཐོང་བ་འོང་ལ། རང་གི་མངོན་ཞེན་ལོག་ནས་སྣང་བ་ཐམས་ཅད་ཀྱི་ཞེན་པ་ལྡོག་པ་ལ་ཚེགས་མེད་ཅིང་། སྣང་བ་ཐམས་ཅད་
༡༦༠ཀྱང་སྒྱུ་མའི་རྣམ་པར་ལོང་ལོང་མཐོང་བར་འགྱུར་རོ། །ཐ་མལ་གྱི་སྣང་བ་ཐམས་ཅད་དུ་མི་འགྱུར་རོ། །དེ་དུས་སྣང་བ་ཐམས་ཅད་སྒྱུ་མར་གྲུབ་པ་ཇི་ལྟར་ཡང་བསྒྱུར་དུ་འདོད་དེ། གཉིད་ཀྱི་དུས་སུ་སད་པའི་དུས་ཉིད་དང་དབྱེར་མེད་དུ་ཕྲིལ་ལེ་གནས་པ་ནི་གཉིད་ལོག་མ་ལོག་དབྱེར་མེད་པས་བྱའོ། །སྒྱུ་ལུས་ཀྱི་མན་ངག་གོ། །བཀྲ་ཤིས་སོ། ༈ །ན་མོ་གུ་རུ། གྲོང་འཇུག་འཕོ་བའི་མན་ངག་ལ། གནས་དབེན་པར་མཎྜལ་ལ་སོགས་པ་བྱས་ལ། ཐོད་པ་གཅིག་ལ་སྣག་ཚལ་སོགས་པའི་རྩི་ནག་པོ་ཞིག་ལེགས་པར་བྱུགས་ལ། དེ་ལ་ཧཱུྃ་དཀར་པོ་གཅིག་བྲིས་པ་རས་བལ་གྱིས་གཡོགས་པ་མཎྜལ་གྱི་ཁར་བཞག །དེ་ནས་རང་གི་སྙིང་གར་ཧཱུྃ་ཞིག་བསམས་ལ་དེ་བརྟན་པ་དང་། ཧཱུྃ་དེ་ཕར་འཕོས་ཐོད་པའི་ཧཱུྃ་ལ་བསྟིམ་ལ། དེ་ལ་ཤེས་པ་གཏད་ལ་བསྒོམ། དེ་ལྟར་བསྒོམས་པས་ཐོད་པའི་ཧཱུྃ་ལ་ཤེས་པ་ཟིན་པའི་རྟགས་ཐོད་པ་འགྲོ་བའམ། འགུལ་བའམ། འཚེག་པའམ་རས་བལ་འགུལ་བ་ལ་སོགས་པ་འབྱུང་ངོ་། །དེ་ལྟར་བྱུང་ནས་སྲོག་ཆགས་ཕྲ་མོ་རེའུ་ལུག་གུའམ། བྱ་ལ་སོགས་པའི་རོ་རྨ་མེད་པ་མ་རུལ་བ་ཅིག་བླངས་ལ། དེའི་སྙིང་གར་ཧཱུྃ་བསམས་ལ་དེ་ལ་ཤེས་པ་གཏད་ལ་བསྒོམ། དེ་ལྟར་བསྒོམས་པས་རོ་དེ་འགུལ་བ་དང་ལྡངས་ནུས་པ་བྱུང་ན། གྲོང་འཇུག་ནུས་པ་ཡིན་པས། ཡུལ་ཁམས་གཞན་ཅིག་ཏུ་ཕྱིན་ལ་རྒྱལ་པོའ་བུའམ། གཞོན་ནུ་དར་ལ་བབས་པ་ཞིག་གི་རོ། །རུལ་སངས་དང་རྨ་མེད་པ། འཁྲུགས་པས་ཤེ་བ་མ་ཡིན་པ། སྐྱུགས་ནས་ཤི་བ་མ་ཡིན་པ། རིམས་ལ་སོགས་པས་ཤི་བ་མ་ཡིན་པའི་རོ་བླངས་ལ་ཁྲུས་ལེགས་པར་བྱས་ལ། ཙནྡན་ལ་སོགས་པའི་དྲི་བཟང་པོས་བྱུགས། རས་ལ་སོགས་པའི་གོས་བཟང་པོ་བཀོན། གསེར་གཡུ་ལ་སོགས་རྒྱན་བཟང་པོས་བརྒྱན་ལ་ཡིད་འཇུག་པར་བྱས་ལ། མཎྜལ་གྱི་དབུས་སུ་བཞག་ནས་རང་དང་ཁ་སྤྲད་དེ། རོའ་སྣ་བུག་གཡས་པ་དང་། རང་གི་སྣ་བུག་གཡོན་པ་གཉིས་སྤྲད་ལ། རོའ་སྙིང་གར་ཧཱུྃ་བསམས་ལ་ཤེས་པ་གཏད་ལ་བསྒོམ། རང་གི་ལུས་རྒས་པ་དེ་ལ་མི་བསམ། ཡང་ཡང་རོ་ལ་ཤེས་པ་མ་ཡེངས་པར་བསྒོམ། དེ་ལྟར་ཡུན་རིང་དུ་བྱས་པས་རོ་ལ་ཤེས་པ་
༡༦༡ཆགས་ནས་ལངས་ནས་སྔར་གྱི་ལུས་རྒས་པ་ལ་སོགས་པ་དེ་བསྡུ་བ་སོགས་བྱས། དེ་ནས་སེམས་ཅན་གྱི་དོན་བྱ་བ་ཡིན་གསུང་ངོ་། ༈ །ན་མོ་གུ་རུ། སྤྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལས་སྐྱེས་པ་ལ། དང་པོ་རྨི་ལམ་ཡོངས་སུ་བཟུང་བ་དང་། རྨི་ལམ་སྤེལ་བ་དང་། རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ། ཐམས་ཅད་ཡང་བ་སྤངས་ཏེ་རྟོགས་པ་ཕུལ་དུ་དབྱུང་བའོ། །དེ་ལ་སྐྱོན་བཞི་འབྱུང་སྟེ། འབྱམས་པ་གོལ་པའི་ཚད། ཉོན་མོངས་ལྡང་བའི་རོ། །ཡེ་ཤེས་སུ་སླེབས་པའི་ཚད། འཁོར་བར་ལྡོག་པའི་དུས་སོ། །དེ་ལ་དང་པོ་ནི། ཞག་གྲངས་ཅི་རིགས་པར་བྱ་བ་ཐམས་ཅད་བཏང་། ངལ་དུབ་སྤང་། ཁ་ཟས་ཆ་མཉམ་པར་བྱ། ཉིན་པར་བསྒོམ་ཞིང་བདག་གིས་དོ་ནུབ་རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་སྙམ་པའི་འདུན་པ་དྲག་ཏུ་བྱ། ཉལ་ཁར་མི་བཏང་བར་མགྲིན་པར་པདྨ་འདབ་མ་བཞི་པའི་ལྟེ་བར་ཨཱཿདམར་པོ། འདབ་མ་རྣམས་ལ་ཨ་ནུ་ཏ་ར་ཞེས་པའི་ཡིག་འབྲུ་དཀར་པོ་གཡོན་བསྐོར་དུ་བཀོད་ནས་ཅུང་ཟད་ཅིག་ཡི་གེ་ལྔ་ལ་ཤེས་པ་གཏད། མཐར་ༀ་ལ་གཏད། དེ་ནས་གཉིད་ལོག །དེ་བཞིན་དུ་ཞག་གྲངས་ཅི་རིགས་པ་བྱའོ། །གཡང་དང་ཆུ་ལ་སོགས་པའི་འཇིགས་པ་དང་། དགྲས་དེད་པ་རྨི་ན་ཟིན་འདོད་པའི་རྟགས་སོ། །གནད་ཟིན་ནས་གཡང་ལ་སོགས་པ་རྨི་བ་འདི་ནི་རྨི་ལམ་ཡིན་སྙམ་དུ་ངོ་ཤེས་པ་འབྱུང་སྟེ། དེ་ནི་རྨི་ལམ་ཟིན་པ་ཡིན་ནོ། །དེ་ནས་ཆེར་ཟིན་ནས་སེམས་ལ་དགའ་བ་ལུས་ལ་བདེ་བ་རྒྱས་པ་འོང་སྟེ། རྨི་ལམ་ལྟ་བུ་ཞག་འགའ་འབྱུང་བ་ཡང་ཡོད་དོ། །གནད་དང་པོ་དེ་རུ་མ་ཟིན་ན། འབྱམས་པ་གོང་བ་བྱ་བ་ཡིན་པས། སྔོན་འགྲོ་རྣམས་འདྲ་བར་བྱས་ལ་མི་བཟུང་བར་མཛོད་པུར་ཐིག་ལེ་དཀར་པོ་ཞིག་ལ་ཉལ་ཁར་ཤེས་པ་གཏད། དེ་མ་ཟིན་ན། ཐིག་ལེ་ནག་པོར་བསྒྱུར་ཏེ་དེ་ལ་གཏད་ནས་བཟུང་། དེས་མ་ཟིན་ན་ཆེར་འབྱམས་པ་བྱ་བ་ཡིན་པས། གཉིད་ཆེ་ན་ཟས་ཅུང་ཟད་དབྲི། གོས་
༡༦༢བསྲབ། རྨི་ལམ་འོང་ཡང་མི་ཟིན་ན་ཉིན་པར་ལུང་སྟོང་ཉམས་དགའ་བ་མི་མེད་པའི་སར་ཕྱིན་ལ། གཅེར་བུར་རྒྱུག་ཅིང་སྐད་ཆེན་པོ་འབོད། དེ་ལྟར་ཉིན་རེ་ལན་གསུམ་བཞི་བྱ། དེ་ནས་གཡང་ཡོད་པའི་སར་འཇིགས་སུ་གཞུག །དེ་ནས་མཚན་མོ་རང་གི་གནས་སུ་འདུག་སྟེ། ཉལ་ཁར་ལུས་འདི་ཕྱིན་ཅི་ལོག་ཏུ་འདུག་སྟེ། མཛོད་པུར་ཐིག་ལེ་ནག་པོ་བསྒོམས་ལ། དེ་ལ་ཤེས་པ་གཏད། ནུབ་དང་པོ་ཉིད་ནས་ཟིན། ཤིན་ཏུ་སྦྱང་དཀའ་ན་ཡང་ནུབ་གསུམ་ནས་ཟིན་ནོ། །དེ་ནས་ཞག་གྲངས་ཅི་རིགས་པར་སྦྱང་། དེར་ངོ་ཤེས་ཤིང་མི་འཚམ་པ་སྣ་ཚོགས་བྱུང་ན་སྤེལ་ཏེ། ཁྱི་ལྟ་བུ་རྨི་ན་ཁྱི་བརྒྱ་ཕྲག་གམ། ཁྱི་རེ་རེ་ལ་ཡང་དཔག་ཏུ་མེད་པར་བསམས་ལ། བདག་གི་ལུས་ཀྱང་མང་པོར་བྱ་སྟེ་རེས་འགའ་ཉི་ཟླ་རྡོག་པས་མནན་ཅིང་། རྒྱ་མཚོའི་གཏིང་དུ་འགྲོ་བ་དང་། རི་རབ་ཀྱི་རྩེ་མནན་པ་སོགས་དུ་མ་བྱའོ། །དེ་ནི་རྨི་ལམ་སྤེལ་ཏེ་ཏིང་ངེ་འཛིན་དེས་ཆོས་ཐམས་ཅད་སེམས་སུ་རྟོགས་པ་དང་། སེམས་ཉིད་ཀྱང་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་པ་འབྱུང་ངོ་། །དེ་ལྟར་ཡིན་ཀྱང་བདེ་སྟོང་གི་ཉམས་སུ་ཆུང་ན། སྲིད་པ་ལས་མི་གྲོལ་ཞིང་དེ་ཉིད་ལ་ཞེན་པ་སྐྱེ་བས་རྨི་ལམ་གྱིས་རྒྱས་བཏབ་སྟེ་ཉལ་ཁར་མཛོད་པུར་ཐིག་ལེ་དཀར་བ་གསལ་བ། བདེ་བའི་ཉམས་དང་ལྡན་པ་ཞིག་བསྒོམས་ལ། དེ་རྩ་དབུ་མ་ཁ་དོག་དམར་པོའ་ནང་དུ་བསྒྱུར་བར་བྱའོ། །སྐབས་སུ་དབང་གསུམ་པའི་ཉམས་མྱོང་ཡང་དྲན་པར་བྱའོ། །དེས་བདེ་བ་ཤུགས་ཆེར་འབར་ཞིང་། ཏིང་ངེ་འཛིན་གྱིས་བརྒྱལ་བ་འབྱུང་བས། འདི་ཉིད་བསམ་གཏན་རོ་ལ་ཡོན་ཏན་ལྡན། །ཞེས་ཀྱང་བྱའོ། །དེ་ལ་ཆགས་ན་ཉོན་མོངས་པ་གཞན་ཡང་སྐྱེལ། ལས་ཀྱང་བསགས་ནས་འཁོར་བར་སྐྱེ་བས། ཉོན་མོངས་པ་ལྡང་བའི་རོ་ཡིན་ནོ། །དེ་ཡང་ཁང་པ་ཅུང་ཟད་ཡངས་པ་ནག་པར། རང་གི་སྙིང་གར་ཁུ་ཚུར་གཉིས་བཅིངས་ཏེ། མིག་འབྲས་གྱེན་ལ་ལྡོག །ཤེས་པ་ལྷུག་པར་བཞག་ལ། བདེ་བ་ལ་སྟོང་པས་རྒྱས་ཐེབས་ན་ཕྱག་རྒྱ་ཆེན་པོ་མཆོག་
༡༦༣རྟོགས་སོ། །སྐབས་སུ་ཚངས་པའི་སྒོ་ཡི་བུ་ག་ཤིན་ཏུ་ཕྲ་བར་ཅུང་ཟད་ཙམ་རེ་སེམས་གཏད་དེ། མིག་ཀྱང་ནང་དུ་བཟློག །དེས་ཀྱང་བདེ་སྟོང་མཆོག་སྐྱེའོ། །འདི་ནི་ཡེ་ཤེས་སླེབ་པའི་ཚད་ཅེས་བྱ་བ་ཡིན་ནོ། །དེ་ཙ་ན་ཆོས་ཐམས་ཅད་སེམས་སུ་ཤེས་ཤིང་། དེ་ཡང་སྒྱུ་མའམ་རྨི་ལམ་ལྟ་བུར་ཤེས་ལ། དེ་ཡང་བདེ་སྟོང་མཆོག་མ་རྟོགས་པར་ད་དུང་ཡང་འཁོར་བར་སྐྱེས་ཀྱིས་དོགས་ཏེ་ཡ་ང་བ་དང་། ཐར་པ་མ་ཐོབ་ཀྱི་དོགས་པ་དང་མ་བྲལ་བས་དེའི་ཡ་ང་བ་སྤང་ཞིང་། རྟོགས་པ་མཆོག་ཏུ་བྱ་བ་ནི་སྤྱོད་ལམ་དང་བསྲེ་བ་ཡིན་ཏེ། གཟུགས་ལ་སོགས་པ་གང་མཐོང་བ་ཐམས་ཅད་ལ། བདག་ཉིད་ཀྱི་ཉམས་དེ་དྲན་པར་བྱ་སྟེ། ཡུལ་སྣ་ཚོགས་པ་ལ་གཡེང་ཞིང་གོམས་པར་བྱའོ། །མཐར་མཉམ་རྗེས་མེད་པར། མཉམ་བཞག་གི་ཉམས་དང་རྟོགས་པ་ཕུལ་དུ་ཕྱིན་པ་འབྱུང་ངོ་། །དེ་ལྟ་བུའི་ཏིང་ངེ་འཛིན་བརྟན་ཡང་། འཆི་བའི་རྐྱེན་བྱས་ནས་བར་དོར་ལུས་ལེན་སྲིད་དེ། གལ་ཏེ་ལུས་བླངས་ན་ནི། འཁོར་བར་ལྡོག་པའི་དུས་ཤེས་བྱ་བ་ཡིན། འདི་ཡི་གནད་ནི། དང་པོ་འཕང་ཞིང་འདུ་ཤེས་བཏང་། །ཞེས་པ་ཡིན་ཏེ། བར་དོར་སྒྱུ་ལུས་ལ་སྒྱུ་ལུས་ངོ་ཤེས་པར་བྱ་སྙམ་པ་སྐབས་སུ་བཏང་ཞིང་། རྨི་ལམ་ཉིད་དོན་དུ་གཉེར་ཏེ། རྨི་ལམ་སྤེལ་བ་སོགས་ཇི་ལྟར་འདོད་པ་བཞིན་འོང་ལ། དེ་མཉམ་རྗེས་མེད་ན། བར་དོ་སྒྱུ་ལུས་ཐོབ་སྟེ། བར་དོ་ཉིད་མཆོག་གི་ལུས་ཏེ། ལོངས་སྐུ་འགྲུབ་པར་བཞེད་དོ། །འདི་ཉིད་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྒྱུ་ལུས་ལ་བསྟོད་པ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཅེས་སོགས་ཆེ་བའི་ཡོན་ཏན་གྱི་བཤད་པ་ཡང་མཛད། དེ་ལྟར་རྨི་ལམ་དང་། སྒྱུ་ལུས་ཀྱི་མན་ངག་གིས་བསྡུས་པ་ཡིན་ནོ། །ཡིག་ཐོ་ལས་ནི། གནད་མ་འཁྲུལ་པ་བྱ་ཙམ་ལས་མ་གསུངས་སོ། ༈ །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡིས། །
༡༦༤འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་མྱུར་འགྲུབ་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །མངྒ་ལཾ་བྷ་ཝནྟུ།། །།

༄༅། །རྗེ་བཙུན་རས་ཆུང་པའི་ཁྱད་ཆོས་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུའི་གཞུང་མན་ངག་དང་བཅས་པ་བཞུགས་སོ༎ ཟུར་མང་སྙན་བརྒྱུད་ལས་སོ།

༡༦༥ རྗེ་བཙུན་རས་ཆུང་པའི་ཁྱད་ཆོས་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུའི་གཞུང་མན་ངག་དང་བཅས་པ་བཞུགས་སོ། །ཟུར་མང་སྙན་བརྒྱུད་ལས་སོ། །
༡༦༦རྒྱུ་གར་སྐད་དུ། ཤྲཱི་ཀཱ་ཡ་ནཱ་སྟི་ཛྙཱ་ན་ཌཱ་ཀི་ནཱི་གུཧྱ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། དཔལ་ལུས་མེད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་གསང་བའི་མན་ངག་ཞེས་བྱ་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཤིག །དམ་ཚིག་རང་སེམས་མེ་ལོང་ལྟོས། །དམ་རྫས་རྟོག་པའི་ཉི་མ་འདེས། །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཆོངས། །རྩ་རླུང་དྲྭ་མིག་འཁོར་ལོ་སྐོར། །རིག་པ་ཡེ་ཤེས་སྒྲོན་མེ་བལྟམས། །རོ་སྙོམས་ཕྱི་ཡི་མེ་ལོང་ལྟོས། །བདེ་ཆེན་གསུང་གི་རིན་ཆེན་ཟུང་། ༈ །ཨེ་མ་ཧོ། །པདྨ་རིན་ཆེན་ཆུ་བོའ་གཞུང་། །སེང་གེ་གླང་ཆེན་རི་དྭགས་ལྟར། །མེ་དང་ཉི་མ་ཤེལ་དང་མཚུངས། །སྐལ་ལྡན་རྣམས་ཀྱིས་རྟོགས་པར་གྱིས། ༈ །ཨེ་མ་ཧོ། །རང་བཞིན་ཆོས་དབྱིངས་རྣམ་དག་དབྱེར་བདེ་བ་ཆེན་པོའ་ཀློང་། །དག་པའི་གཞལ་ཡས་ཆོས་ཀྱི་འབྱུང་གནས་རྡོ་རྗེ་བཙུན་མོ་སྟེ། །ཨེ་མ་ཧོ། །ཤ་ཟ་སྨྱོན་པ་བུ་ཆུང་བཞིན། །སྤྲིན་དང་ནམ་མཁའ་གློག་བཞིན་ནོ། །ལྕེ་སྤྱང་རོ་ལངས་ས་ར་ས། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས། །ཨེ་མ་ཧོ།
༡༦༧རྒྱལ་བ་རྣམས་ཀྱི་རྟག་ཏུ་མཉམ་བཞག་འོད་གསལ་བདེ་བ་ཆེན་པོའ་ངང་། །དུས་གསུམ་དག་ཏུ་རྒྱུན་མི་འཆད་པས་སངས་རྒྱས་སྐུ་གསུམ་དེ་རང་བཞིན། །བདག་གཞན་ཕུན་ཚོགས་ངོ་བོ་ཉིད་དཔལ་ལྷུན་གྲུབ་དབྱེར་མེད་སྤྲོས་དང་བྲལ། །གཅེར་བུ་ལྷིང་བ་རྒྱལ་པོ་འདྲ། །བློན་པོ་སྣ་སྒྱུར་རྟ་མཆོག་དང་། །བྲན་དང་ལམ་ཆེན་བཙུན་མོ་སྟེ། །སྐལ་ལྡན་རྣམས་ཀྱིས་རྟོགས་པར་གྱིས། ༈ །ཨེ་མ་ཧོ། །དམ་པ་བདེ་ཆེན་མགོན་པོ་སྐྱེ་མེད་རང་བྱུང་སངས་རྒྱས་ཡིན། དཔལ་ལུས་མེད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྡོ་རྗེའི་ཚིག་རྐང་གསང་བ་གནད་ཀྱི་མན་ངག་བླ་ན་མེད་པ་རྫོགས་སོ། །རྒྱ་གར་ཁ་ཆེའི་རྣལ་འབྱོར་དབང་ཕྱུག་དཔལ་ཡེ་ཤེས་དངོས་གྲུབ་ཆེན་པོའ་ཞལ་སྔ་ནས། མར་པ་ཆོས་ཀྱི་བློ་གྲོས་ཀྱིས་ཞུས་ཤིང་གཏུགས་ཏེ་བསྒྱུར་བའོ། །།།།། ས་མ་ཡ། ༈ །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀཱི་ནཱི་ཀཱ་ཡ་ནཱ་སྟི་་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོ་ལུས་མེད་མའི་ཆོས་ཞེས་བྱ་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །གང་ཞིག་འཇིགས་རུང་དུར་ཁྲོད་ཆེན་པོར་ཕཊ་ཕཊ་རྔམས་པའི་སྒྲ་སྒྲོགས་ཤིང་། །མཁའ་འགྲོ་ཟ་བྱེད་མུན་པའི་ནང་དུ་ཟླ་ཤར་ལྟ་བུར་
༡༦༨རབ་ཏུ་འབར། །ཧུཾ་ཧཱུྃ་ཞེས་བརྗོད་ཤ་ཟ་རོ་ལངས་མ་མོའ་ཚོགས་རྣམས་སྐྲག་མཛད་པ། །གསང་སྔགས་གསང་མཛོད་མངའ་བདག་བདེ་ཆེན་རྒྱལ་མོའ་སྐུ་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཤིགས། །ཕྱི་ནང་གསང་བ་མཐར་ཐུག་པ། །རེ་རེ་ལའང་བཞི་བཞིའོ། །དབང་གིས་རྣམ་པར་རྟོག་པའི་རྒྱ། །མདུད་པ་སེམས་ཉིད་རང་གྲོལ་དུ། །རྟོག་པའི་དྲྭ་བ་བཤིགས་པ་ཡིན། །རང་བཞིན་མེད་པའི་ངང་ལ་བཞག །དམ་ཚིག་རང་སེམས་མེ་ལོང་ལྟོས། །ཨ་ཧཾ་སྲོག་རྩོལ་སཾ་བྷ་ཏ། །སེམས་ཉིད་རང་གསལ་མེ་ལོང་ལ། །དབང་གི་འབྲས་བུ་མཐར་ཕྱིན་པས། །ལོག་རྟོག་འཁོར་བའི་དྲི་མ་ཕྱིས། །གདོད་ནས་དག་པ་ཀུན་གཞིའི་རྒྱུད། །དྲི་མེད་རིག་གསལ་དག་པ་ལ། །སྣང་མེད་རིག་ཙམ་རྒྱུན་དུ་ལྟོས། །དམ་རྫས་རྟོགས་པའི་ཉི་མ་འདེས། །བདེ་ཆེན་རང་སེམས་སྤྲོས་དང་བྲལ། །རྩ་རླུང་བྱང་སེམས་མི་འགྱུར་བའི། །གཉིས་མེད་རྡོ་རྗེ་གང་གིས་རྟོག །དེ་ནི་རྫས་ཀྱི་དམ་པའི་མཆོག །ཕྱི་ལྟར་སྣང་བ་སྣ་ཚོགས་ལ། །རྟོགས་པའི་ཉི་མ་གཅིག་ཏུ་འདེ། །དེ་ལ་གསལ་འགྲིབ་མེད་པ་ཡིན། །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །གང་དང་གང་སྣང་དེ་དག་ལ། །སྤྱད་དུ་མེད་པའི་ངང་ཉིད་ལ། །སྤྱོད་པར་གྱིས་ཤིག་རྣལ་འབྱོར་པ། །ཆུ་ལ་རལ་གྲི་གང་བཏར་པས། །རྗེས་མེད་དག་ཏུ་འགྲོ་བ་བཞིན། །ཉམ་ང་མེད་པའི་རལ་གྲི་ཡིས། །སྦས་དང་བརྟུལ་ཞུགས་བྷུ་སུ་ཀུ། །མཉམ་རྗེས་མེད་པར་སྤྱོད་པར་བྱ། །རང་རིག་སེམས་ཀྱི་སྤྱོད་པ་གྱིས། །རང་གྲོལ་ཕྱག་ཆེན་པོ་ཆོངས། །རང་སེམས་གཉིས་མེད་ཕྱག་རྒྱ་ཆེ། །གྲོལ་བ་སེམས་ཉིད་ངང་དུ་གྲོལ། །ཕྱག་ནི་སྟོང་པའི་ཡེ་ཤེས་ཡིན། །རྒྱ་ནི་འཁོར་བའི་རྒྱ་དང་བྲལ། །ཆེན་པོ་ཟུང་དུ་འཇུག་པ་ཡིན། །ངོ་བོ་རང་བཞིན་མཚན་ཉིད་གསུམ། །བདེ་ཆེན་དྲི་བྲལ་ངང་དུ་འཆང་། །རྩ་རླུང་དྲྭ་མིག་འཁོར་ལོ་སྐོར། །རྩ་ནི་ལུས་ལ་གནས་པ་སྟེ། །ཨ་ཝ་དྷཱུ་ཏི་ལ་ལ་ནཱ། །ར་ས་ནཱ་སྟེ་དབྱེ་བ་ཡང་། །འཁོར་ལོ་བཞི་རུ་གནས་པའོ། །དྲྭ་མིག་ཞེས་
༡༦༩བྱ་འབྲེལ་པ་སྟེ། །རླུང་ནི་ལས་ཀུན་བྱེད་པ་ཅན། །ལྔ་ཡི་བདག་ཉིད་བཅུ་མིང་སྟེ། །རླུང་སེམས་གཉིས་སུ་མེད་པ་ནི། །མི་རྟོག་འཁོར་ལོ་བསྐོར་བར་བྱ། །རིག་པ་ཡེ་ཤེས་སྒྲོན་མེ་བལྟམས། །རིག་པ་སེམས་ཀྱི་རྒྱལ་པོ་སྟེ། །ལྷུན་གྲུབ་ངང་དུ་ཡེ་ཤེས་ཀྱི། །སྒྲོན་མེ་གཉིས་སུ་མེད་པར་སྦར། །མ་རིག་པ་ཡི་མུན་བསལ་ནས། །ཡེ་ཤེས་དྲི་བྲལ་སྣང་བས་ཁྱབ། །རོ་སྙོམས་ཕྱི་ཡི་མེ་ལོང་ལྟོས། །འབྱུང་བ་བཞི་པོ་རོ་སྙོམས་དང་། །ཤེས་པ་རོ་སྙོམས་ཏིང་འཛིན་ཏེ། །ཉམས་ནི་བདེ་གསལ་རྣམ་པ་བཞི། །སྐྱེ་བ་མེད་པའི་མེ་ལོང་ལ། །དྲན་པའི་རྡུལ་གྱིས་བཀབ་པ་སྟེ། །དྲན་མེད་རིག་པའི་ཉམས་ཀྱིས་ཕྱིས། །སེམས་ཀྱི་མེ་ལོང་དག་པ་ལ། །སྣང་བ་གཉིས་མེད་ལྟ་བ་ཡི། །རྣམ་རྟོག་ཤུགས་འབྱུང་དྲི་མ་ཕྱིས། །བདེ་ཆེན་གསུང་གི་རིན་ཆེན་ཟུང་། །བདེ་བ་རང་རིག་གསལ་བ་སྟེ། །ཆེན་པོ་བླ་མ་དམ་པའི་གསུང་། །བདུད་རྩི་ཞལ་རྙེད་སྙིང་པོ་འདི། །རིན་ཆེན་ལྟ་བུ་རང་གཞན་དོན། །འབྱུང་བས་སྐལ་ལྡན་དམ་པས་ཟུང་། ༈ །དཔལ་རྡོ་རྗེ་མཁའ་འགྲོ་མས་ལྟ་སྒོམ་སྤྱོད་པ་གསུམ་གྱི་བརྡ་བསྟན་ཏེ། པདྨ་སེང་གེ་གླང་ཆེན་གསུམ་སྤྱོད་པའི་བརྡ། རི་དྭགས་ཤེལ་དང་ཉི་མ་གསུམ་སྒོམ་པའི་བརྡ། ཆུ་བོ་མེ་དང་རིན་ཆེན་གསུམ་ལྟ་བའི་བརྡའོ། །རྡོ་རྗེ་མཁའ་འགྲོ་མས་རོ་སྙོམས་ཀྱི་བརྡ་རྣམ་པ་གསུམ་བསྟན་པ། །ཤ་ཟ་སྨྱོན་པ་ལྕེ་སྤྱང་གསུམ་ལུས་ཀྱི་རོ་སྙོམས། རོ་ལངས་ས་རས་བུ་ཆུང་གསུམ་བརྟུལ་ཞུགས་ཀྱི་རོ་སྙོམས། ནམ་མཁའ་སྤྲིན་དང་གློག་དང་གསུམ་ཏིང་འཛིན་གྱི་རོ་སྙོམས་སོ། །རྡོ་རྗེ་མཁའ་འགྲོ་མས་ཐབས་ཤེས་རབ་གཉིས་མེད་གསུམ་གྱིས་བརྡ་བསྟན་པ། རྒྱལ་པོ་བློན་པོ་འབངས་གསུམ་ཐབས་ཀྱི་བརྡ། བཙུན་མོ་བྲན་མོ་རྟ་མཆོག་གསུམ་ཤེས་རབ་ཀྱི་བརྡ། གཅེར་བུ་ལྷིང་པ་ལམ་ཆེན་གསུམ་ཐབས་ཤེས་རབ་གཉིས་མེད་ཀྱི་བརྡའོ། །སྐུ་གསུང་ཐུགས་ཀྱི་རང་བཞིན་ནོ། །འབྲས་བུ་མཐར་ཕྱིན་པ་ལ། རང་བཞིན་ཆོས་
༡༧༠ཉིད་ཀློང་དུ་གནས་པས། སྣང་བ་དག་པ་འཆར་བ་འོད་གསལ་ངང་དུ་སོང་བ། སྐུ་གསུམ་ལྷུན་གྱིས་གྲུབ་པ། ངོ་བོ་བསམ་གྱིས་མི་ཁྱབ་པ། སྐྱེ་བ་མེད་པས་བཙལ་དུ་མེད་པའོ། ༈ །ཨེ་མ་ཧོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མས། །ནམ་མཁའ་སྟོང་པའི་ངང་ལས་ནི། །བརྡ་སྐད་བྲག་ཆ་ཅི་བཞིན་དུ། །སྟོང་པའི་ངང་ལས་སྙིང་རྗེའི་སྒྲ། །བདེ་གཤེགས་བདེ་ཆེན་ངང་དུ་བརྗོད། །སྐལ་ལྡན་བློ་ཡི་པདྨོ་དེ། །ཡེ་ཤེས་ཉི་མ་ཤར་བ་ཡིས། །རང་གྲོལ་ཤུགས་འབྱུང་ཁ་ཟླུམ་ཕྱེ། །བློ་ལྡན་དྲི་མེད་གཟི་བརྗིད་ཁྱོད། །པུཥྤ་ཧ་རིའི་དགོན་པ་རུ། །བྷོ་ཊའི་མ་རིག་མུན་སོལ་ལ། །ཡེ་ཤེས་སྣང་བས་ཁྱབ་པར་གྱིས། །གསང་བ་རྡོ་རྗེའི་སྦས་བཤད་དཔལ་ཏཻ་ལོ་པས་མཛད་པ་རྫོགས་སོ། །ཁ་ཆེའི་པཎྜི་ཏ་ནཱ་རོ་ཡེ་ཤེས་དངོས་གྲུབ་ཆེན་པོའ་ཞལ་སྔ་ནས། ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའོ། །རྩ་རླུང་དྲྭ་མིག །རིག་པ་ཡེ་ཤེས། རོ་སྙོམས་ཕྱི། བདེ་ཆེན་གསུང་། འདི་བཞིའི་སྦས་བཤད་དུས་ཕྱིས་རྒྱ་གར་དུ་ནཱ་རོ་པའི་སློབ་མ། ཀ་ན་ཀ་ཤྲཱི། དེའི་སློབ་མ་ཏེ་པུ་པའི་དྲུང་དུ་རས་ཆུང་རྡོ་རྗེ་གྲགས་ཀྱིས་ཞུས་ཤིང་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཌཱ་ཀི་ནཱི་ཨ་ཏ་ནུ་ནོ་པི་ཀཾ་ནཱ་མ། བོད་སྐད་དུ། ལུས་མེད་མཁའ་འགྲོ་ཞེས་བྱ་བའི་སྒྲུབ་ཐབས། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །གྲུབ་པ་ལུས་ཀྱི་སྤྲུལ་པ་བཞུགས། །རབ་ཏུ་འབར་བས་ཕྱོགས་ཀུན་གསལ། །སངས་རྒྱས་རྣམས་ནི་སྐུལ་བར་གསལ། །རིག་པ་ཡེ་ཤེས་ཀྱི་སྒྲོན་མའོ། །འཁོར་འདས་ངོ་བོ་གཉིས་མེད་ལ། །རང་གཟུགས་གཞན་དུ་སྣང་བས་ན། །དེ་ཉིད་རིག་པས་གྲོལ་བའི་ཕྱིར། །དམ་རྫས་རྟོག་པའི་ཉི་མ་གསལ། །སྡེ་ཚན་བརྒྱད་པའི་དང་པོ་རྣམས། །སྦལ་པའི་འཁོར་ལོ་བསྐོར་ནས་ནི། །སྒོ་གསུམ་རབ་ཏུ་བཅིངས་པ་ཡིས། །རྒྱལ་པོ་གྲོང་ཁྱེར་རབ་ཏུ་དཀྲུག །ཁམས་ཀྱི་རབ་ཏུ་དབྱེ་བ་ཡིས། །རོ་སྙོམས་ཕྱི་ཡི་མེ་ལོང་ལྟ། །ལྡང་བར་འདོད་ན་མགོན་ལ་
༡༧༡འདུད། །མུ་ཞེས་དགེ་བ་བསྔོ་བར་བྱའོ། །འབད་དེ་ནུས་པ་སྐྱེས་པ་དང་། །སློབ་མ་རྗེས་སུ་འཛིན་འདོད་པས། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཤིག །བློ་ལྡན་དོན་ལ་ཡང་ཡང་གསོལ། །འདོད་པའི་ཚེ་ན་རྣལ་འབྱོར་པས། །སྔར་བཤད་འཁོར་ལོ་བདག་ཉིད་ལ། །མཆོད་ཅིང་བཟླས་པ་བྱས་གྱུར་ནས། །སྡོམ་པ་བྱ་བ་སྔོན་འགྲོ་བས། །སློབ་མས་ཡོན་ཕུལ་མགོན་ལ་འདུད། །དེ་ལ་བླ་མས་བལྟས་ནས་ནི། །བདེ་གནས་འཁོར་ལོ་འབར་བ་སྤྲོད། །ཉེ་བར་གནས་པའི་ལུས་ལ་བསམ། །དེ་ལ་སྔགས་ཀྱི་རྡོར་འཛིན་སྦྱིན། །མཆོད་པའི་འཁོར་ལོ་སྙིང་གར་བྱུགས། །མཐར་གྱིས་བབ་ནས་བ་སྤུ་ལྡང་། །མཆི་མ་འབྱུང་སོགས་ཡེ་ཤེས་ཀྱི། །རྗེས་སུ་གནང་བ་བྱིན་ནས་ནི། །མཆོག་གི་སྣོད་དུ་བྱིན་གྱིས་བརླབས། །བྱ་དང་བྱ་མིན་སྤངས་ཤེས་པའི། །དམ་ཚིག་རང་སེམས་མེ་ལོང་བལྟ། །ཨོ་རྒྱན་ལས་འོང་རིམ་པ་འདི། །གཞན་ཏུ་བརྗོད་པར་མི་བྱའོ། །སྐུ་གསུམ་དབྱེར་མེད་མཆོག་གི་དོན། །སྐྱེས་པའི་འགྲོ་བ་ཁྱབ་བྱེད་དེ། །སྡོམ་པའི་རྒྱ་མཚོ་རྗེས་འགྲོ་བའི། །ཅིར་ཡང་མི་རྟོག་ཁྱོད་ལ་གསལ། །རང་བཞིན་དབྱིངས་ལས་མ་གཡོས་པས། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །རྒྱལ་བ་ཀུན་གྱི་སྙིང་པོ་མཆོག། དེ་ལ་ཕྱག་འཚལ་ཕྱག་འཚལ་འདུད། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་མེད་ཆོས་ཀྱི་སྐུ་ཡིན་ཕྱིར། །རྣམ་མེད་རྣམ་པའི་གཟུགས་ཅན་མ། །དེ་ཡི་སྒྲུབ་ཐབས་གསལ་བར་བརྗོད། །ཡིད་དང་མཐུན་པའི་སེམས་ཁྲིད་ནས། །བློ་གྲོས་ཆེན་པོ་དེ་ལ་འདུད། །བྱ་འོས་རང་གི་མགོན་ལ་འདུད། །དེ་ཁོ་ན་ཡང་སྔོན་དུ་བྱ། །དེ་རྗེས་རྒན་པོ་མིང་མེད་ཀྱིས། །དཔའ་བོ་ཡི་གེ་དྲུག་གིས་སྤར། །ཐབས་དང་ཤེས་རབ་བྲིམ་པ་ལས། །གཙང་སྦྲ་རྣམས་ཀྱི་ཐོག་མ་ཡིན། །འཁོར་བའི་རང་ནི་ཤེས་པ་ཡིས། །སྣ་ཚོགས་གཟུགས་བརྙན་འཆར་བ་ལས། །བདེ་གཤེགས་དྲུག་པས་གཟེར་བཏབ་སྟེ། །ཆགས་པའི་ཉམས་ཀུན་ཏུ་བརྡལ་
༡༧༢ལ། །ཤེས་རབ་རིམ་པ་ལྔ་ཡི་མཐའ། །སྐྱོན་བྲལ་ཡེ་ཤེས་ལྔ་ཡི་དངོས། །དབུས་ནས་བརྩམས་ནས་སྲུང་བ་དྲུག །འཁོར་ལོ་སྡོམ་པའི་རིམ་བཞིན་བསམ། །ཤེས་རབ་འཛམ་བུ་ཆུ་བོ་ཅན། །རང་བཞིན་རིགས་ཀྱི་རྣམ་པ་བཀོད། །འགྱུར་མེད་གསུམ་དང་རང་གཟུགས་སྔགས། །གསལ་བའི་འབྲུ་ཚོགས་རིམ་པའོ། །བརྟན་པའི་སེམས་ཀྱིས་མངགས་གཞུག་བཞིས། །རྡོ་རྗེ་ལྷ་མོ་བཀུག་ལ་བསྟིམ། །ལུགས་ལས་འབྱུང་བའི་རིམ་པ་ནི། །གཙོ་བོ་གཉིས་དང་ཕྱག་ནི་སྐོར། །གླུ་གར་རོལ་མོ་བསྟོད་པས་བརྒྱན། །བྱ་བ་གཞན་སོགས་ཤེས་པར་བྱ། །མཁས་པས་ལུགས་ལས་བཟློག་པ་ཡི། །དཀྱིལ་འཁོར་ཀུན་གྱི་བདག་པོར་འགྱུར། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བའི། །ཀུན་དང་མཉམ་པ་ཉིད་དུ་གསལ། །དེ་རྗེས་སྒྲུབ་པ་ལུས་ཀྱི་དཀྱིལ་འཁོར་དུ། །རང་གནས་བརྡལ་བ་དབུགས་བྲལ་སྙིང་ག་དེར། །ཚ་ཟེར་སྟེང་དུ་ལྔ་པའི་གསུམ་པ་ལ། །ནམ་མཁའ་བསིལ་ཟེར་རབ་བརྒྱན་སྤྲོས་པ་ལ། །འཁོར་འདས་སྙིང་པོ་བདེ་བའི་རང་གཟུགས་ཅན། །བརྩེ་གཅིག་ཞལ་གྱིས་ཕྱོགས་བཅུར་གཟིགས་པར་མཛད། །དུས་གསུམ་མཉམ་ཉིད་འབར་བའི་སྤྱན་དང་ལྡན། །བརྐྱང་བསྐུམ་གར་མཛད་ཕྱག་རྒྱ་ལྔ་ཡིས་སྤྲས། །ཞེ་སྡང་རབ་ཏུ་འཁྲུགས་པ་ཡིས། །འབར་བའི་མཚོན་ཆ་འོག་ཏུ་གདེང་། །འདོད་ཆགས་ཆེན་པོའ་མེ་འབར་བསམ། །ཆོས་ཀྱི་རྒྱལ་མཚན་ཕྲག་པར་བཀལ། །གཏི་མུག་ཆ་ལ་གནས་པ་ཡི། །སད་སྣོད་དཀར་པོས་ནམ་མཁའ་འཇོམས། །ཉམས་དགུ་གར་གྱི་རོལ་པ་ཡིས། །བདེ་གཤེགས་མ་ལུས་དགྱེས་པར་མཛད། །ཆེ་བའི་ང་རྒྱལ་དྲེགས་པ་ཡིས། །འགུལ་པར་མགོ་བོ་ཚར་དུ་དངར། །ཕྲག་དོག་ཆེ་ལ་གནས་པ་ཡི། །སངས་རྒྱས་སྤྲིན་ནི་རབ་འཕྲོ་ལ། །པུཎྜ་རཱི་ཀའི་མདོག་འདྲ་བའི། །འབར་བའི་ཕྲེང་བ་ཀུན་ཏུ་འཁྲིགས། །ཕྱོགས་སུ་བརྒྱད་གཉིས་ལོ་ཡི་ཚད། །མངགས་གཞུག་ལ་སོགས་སྔ་མ་ལྟར། །
༡༧༣སྤྲོ་དང་བསྡུ་བ་བྱེད་པ་ཡིས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །མཁས་པས་ཇི་ལྟར་རིགས་པ་ཡིས། །དངོས་གྲུབ་མཚན་མའི་རིམ་པ་བསམ། །སྲིན་མོའ་ཞལ་ནས་སྐྱོད་པ་ཡིས། །རང་བྱུང་གསལ་བའི་དངོས་པོ་བསྲེགས། །བདེ་བ་དཔག་མེད་རྒྱུར་འཕྲོ་བ། །རྩ་རླུང་དྲྭ་མིག་འཁོར་ལོ་བསྐོར། །ནམ་མཁའ་བདེ་བའི་ཕོ་བྲང་དུ། །མེ་ལས་རང་སྔགས་འགྱུར་མེད་གསུང་། །རྫ་མཁན་འཁོར་ལོ་ལྟ་བུས་འཁོར། །བདེ་ཆེན་གསུང་གི་རིན་པོ་ཆེ། །དངོས་མེད་དངོས་པོའ་རང་བཞིན་ཅན། །བདག་ལྟའི་འགུད་ཤིང་བསྲེགས་ནས་ནི། །དམིགས་པ་མེད་པར་གནས་པའི་ཕྱིར། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཅན། །འབད་མེད་རྣམ་པ་ངང་གིས་གསལ། །སྒྲ་སོགས་རྐྱེན་གྱིས་མི་འཕྲོག་པར། །དུ་བ་ལ་སོགས་རིམ་ཤེས་ནས། །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །བླ་མའི་བྱིན་རླབས་ལམ་ཡིན་ཕྱིར། །དངོས་པོ་སྟོབས་ཀྱིས་ཞུགས་པས་ན། །སྒོམ་པའི་སྙིང་པོ་སྒོམ་དང་བཟླ། །འཇིགས་དང་སྐལ་ངན་མི་མཐུན་སེལ། །རིམ་གཉིས་འདོད་པའི་འབྲས་བུ་སྟེར། །ཕྱོགས་མེད་ངོ་མཚར་རྨད་བྱུང་གཙོ། །རང་བྱུང་གྲོལ་བས་ཡེ་ཤེས་མཆོག །ས་གསུམ་གནས་པའི་འགྲོ་བ་རྣམས། །ནམ་ཡང་ཁྱེད་དང་འབྲལ་མ་གྱུར། །ལུས་མེད་མཁའ་འགྲོའི་སྒྲུབ་ཐབས་རྫོགས་སོ། །རས་ཆུང་པས་བཀོད་པའོ། །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ།། །།

༄༅། །ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཏི་ལླི་པའི་གདམས་པ་བཞུགས་སོ༎ ༎

༡༧༥ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཏིལླི་པའི་གདམས་པ་བཞུགས་སོ།། །།
༡༧༦ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི། ཆོས་སྐོར་དགུའི་གདམས་པ་འདི་ལ་གཉིས་ལས། དང་པོ་ལོ་རྒྱུས་ཅུང་ཟད་དང་བཅས་ཏེ་བརྒྱུད་རིམ་བཤད་པ་ནི། རྣལ་འབྱོར་དབང་ཕྱུག་ཏིལླི་པས། ཨོ་རྒྱན་གནྡྷོ་ལའི་གཙུག་ལག་ཁང་དུ་བྱོན་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་ལ་སྙན་བརྒྱུད་ཀྱི་གདམས་ངག་ནོར་བུ་སྐོར་གསུམ་རྫོགས་པར་ཐོབ་ནས་མི་ཡུལ་དུ་འབྱོན་པར་ཆས་པ་ལ། འཁོར་གྱི་མཁའ་འགྲོ་མ་རྣམས་ཀྱིས་བཞུགས་པར་གསོལ་བ་བཏབ་རུང་མ་གནང་བར། ཚེས་བཅུ་ལ་འབྱོན་པར་ཆས་པ་ལ། ཡེ་ཤེས་མཁའ་འགྲོས་སྐྱེལ་ཆོས་ནི། །སྐུ་ནི་མི་སྣང་ཧཱུྃ་གི་སྒྲ། །མཆོག་ཏུ་སྙན་ཞིང་ཡིད་འཕྲོག་པས། །མཁའ་ལ་ཅེར་གྱིས་བལྟས་པ་ལས། །ལྷ་དང་ཌཱ་ཀི་སྤྲིན་ལྟར་འཐིབས། །དཔའ་བོ་དཔའ་མོ་གློག་ལྟར་འཁྱུགས། །གདུགས་དང་རྒྱལ་མཚན་བ་དན་དང་། །རོལ་མོ་ལ་སོགས་མཆོད་པའི་ཚོགས། །འཛིན་མཁན་མེད་པས་ནམ་མཁའ་གང་། །འཇའ་འོད་དཀྱིལ་འཁོར་དབུས་ཉིད་ནས། །འོད་ཟེར་ཧཱུྃ་ཡིག་མཐིང་ནག་ལ། །མཆོད་པ་སྣ་ཚོགས་འབུལ་མཐོང་བས། །སློབ་དཔོན་ཆེན་པོ་ཏིལླི་པས། །ཐལ་སྦྱར་གསོལ་བ་བཏབ་པ་ལས། །ངོ་བོ་ཡེ་ཤེས་མཁའ་འགྲོ་
༡༧༧མ། །རྣམ་པ་ཧཱུྃ་ཡིག་མཐིང་ནག་ལས། །ཚངས་དབྱངས་རང་སྒྲ་འདི་སྐད་ཐོས། །ཀྱཻ་ཧོ་བུ་ཉོན་རྣལ་འབྱོར་པ། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཤིག །དམ་ཚིག་རང་སེམས་མེ་ལོང་ལྟོས། །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །དམ་རྫས་རྟོགས་པའི་ཉི་མ་འདེས། །རིག་པ་ཡེ་ཤེས་སྒྲོན་མེ་ལྟོས། །རྩ་རླུང་དྲྭ་མིག་འཁོར་ལོ་སྐོར། །རོ་སྙོམས་ཕྱི་ཡི་མེ་ལོང་ལྟོས། །རང་གྲོལ་ཕྱག་རྒྱ་ཆེན་པོ་སྒོམས། །བདེ་ཆེན་གསུང་གི་རིན་ཆེན་ཟུངས། །བཅོམ་ལྡན་ལུས་མེད་མཁའ་འགྲོ་མ། །སངས་རྒྱས་ཌཱ་ཀིས་དེས་གསུངས་ཚེ། །རྣལ་འབྱོར་དབང་ཕྱུག་ཏཻ་ལོ་ཡིས། །དེ་དོན་རྒྱས་པར་ཞུ་ཕྱིར་དུ། །སླར་ཡང་ཐལ་སྦྱར་གསོལ་བཏབ་པས། །ལུས་མེད་ཡེ་ཤེས་མཁའ་འགྲོ་མས། །ཆོས་སྐོར་དགུ་ཡི་ཚིག་དོན་རྣམས། །མ་ལུས་རྒྱས་པར་གསུང་པ་ནི། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཤིག །ཞེས་སོགས་ཀྱི་ཚིག་དོན་རྣམས་མན་ངག་གིས་བཀྲོལ་ཏེ་རྒྱས་པར་གསུང་པ་ལས། ཏཻ་ལོ་པས་དུས་དེ་ཉིད་དུ་ཡི་གེར་བཀོད་ནས། །མི་ཡུལ་དུ་འབྱོན་ཚེ། སྒྱུ་མ་ལུས་ཀྱི་གནྡྷོ་ལར། །ལུས་མེད་མཁའ་འགྲོའི་གསང་བཅུག་ཏེ། །བརྗོད་དུ་མེད་པའི་ལྕགས་
༡༧༨བཅུག་ནས། །འོད་གསལ་སེམས་ཀྱི་བྱ་འཕུར་འགྲོ། །ཅེས་གསུངས་ནས་རྫུ་འཕྲུལ་གྱི་གཙུག་གི་ནོར་བུའི་དགོན་པར་བྱོན་ཏེ། འགྲོ་དོན་མཛད་ཚེ་ཐུགས་སྲས་གྲུབ་ཐོབ་རྣམས་ཀྱིས་ཨོ་རྒྱན་ལ་མཁའ་འགྲོ་མ་ལས་གསན་པའི་ཆོས་རྣམས་ནན་གྱིས་ཞུས་པས་མ་གནང་བར། པཎ་ཆེན་ནཱ་རོ་པ་ལ་སྙན་བརྒྱུད་ཀྱི་གདམས་པ་བཀའ་རྒྱས་བཏབ་ཏེ་གནང་ནས་གནས་ལུང་བསྟན། ཆོས་སྐོར་དགུ་པོ་འདི་ཡང་མཁའ་འགྲོ་ལ་དངོས་སུ་གསན་པ་ཡིན་གསུངས། ནཱ་རོ་པ་སོགས་ཐུགས་སྲས་འགའ་ལ་གནང་། ནཱ་རོ་པས་ཏི་ཕུ་པ་སོགས་ཐུགས་སྲས་འགའ་ལ་གནང་། པཎ་ཆེན་ནཱ་རོས་ཏེ་ལོའ་ལུང་བསྟན་ལྟར་སྒྲ་སྒྱུར་མར་པ་ལ་བཀའ་རྒྱས་བཏབ་ནས་གནང་སྟེ། རྗེ་བཙུན་མི་ལ་ལུང་བསྟན་ཞིང་། ཆོས་སྐོར་དགུ་ལས་བཞི་གནང་ཞིང་ཐོབ་ནས། རིག་པ་ཡེ་ཤེས་སྒྲོན་མེ། རྩ་རླུང་དྲྭ་མིག་འཁོར་ལོ། །བདེ་ཆེན་གསུང་གི་རིན་ཆེན། རོ་སྙོམས་ཕྱི་ཡི་མེ་ལོང་། རང་གྲོལ་ཕྱག་རྒྱ་ཆེན་པོ་རྣམས་མ་ཐོབ་པ་སྒྲ་སྒྱུར་མར་པས་རྗེ་བཙུན་མི་ལ་ལ་ལོངས་ཤིག་ཅེས་བཀའ་གནང་བ་ལས། རྗེ་བཙུན་ཉམས་ལེན་གྱིས་ཐུགས་ཚིམས་ནས་རྒྱ་གར་ལ་བྱོན་པ་མ་བྱུང་བ་ལ། ཆོས་སྐོར་དགུ་ཞུ་བར་རས་ཆུང་པ་བརྫངས། རས་ཆུང་པས་ཀྱང་ཏི་ཕུ་གསང་སྔགས་སྡོང་པོ་ལ་ཆོས་སྐོར་དགུ་པོ་ཚང་བར་ཞུས་ཏེ་བོད་དུ་སྤྱན་དྲངས་ནས། སྙན་བརྒྱུད་ཀྱི་ཆ་ལག་ཏུ་ཆོས་སྐོར་དགུའི་གདམས་པ་འདི་མ་གནང་བ་མེད་ཅིང་། སྙན་བརྒྱུད་མ་གནང་བར་འདི་རང་གནང་བ་ཡང་འགའ་རེ་ཡོད། རས་ཆུང་པས་ཁྱུང་ཚང་བ་ལ་སྙན་བརྒྱུད་དང་བཅས་པ་གནང་། ཁྱུང་ཚང་བས་ཀྱང་གོང་ལྟར་གཉིས་ཀ་གནང་བ་དང་། འདི་རང་གནང་བ་དང་གཉིས་ཡོད་པ་ལས་ཐུགས་སྲས་གྲུབ་ཐོབ་རྣམས་གསུམ་ལ་གཉིས་ཀ་གནང་ཞིང་། དེ་གསུམ་ཀ་ལ་ཞང་ལོ་ཙྪ་བས་ཞུས་པ་ལས་དམར་སོམ་ཆོས་དགུ་ལ་ཤིན་ཏུ་འདྲིས་པར་དགོངས་ནས་ནན་ཏན་ཞུས་དག་དང་བཅས་ཞུས་ཤིང་གནང་བར་གདའ། དེ་མན་བདག་གི་ཕ་མཉམ་མེད་ཤ་བ་ར་ཆེན་པོ་དང་བདག་གི་བར་ལ་སྙན་བརྒྱུད་ཀྱི་ཆ་ལག་ཏུ་ཆོས་སྐོར་དགུ་པོ་འདི་མ་
༡༧༩གནང་བ་མེད་པས་བརྒྱུད་པ། རྡོ་རྗེ་འཆང་། ལུས་མེད་མཁའ་འགྲོ། ཏིལླི་ཤེས་རབ་བཟང་པོ། མཁས་པ་ནཱ་རོ་པཎ་ཆེན། ཏི་ཕུ་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། ཁྱུང་ཚང་ཡེ་ཤེས་བླ་མ། དམར་སྒོམ་ཚུལ་ཁྲིམས་འབྱུང་གནས། ཞང་ལོ་གྲུབ་པ་དཔལ་བཟང་། འགྲོ་མགོན་དྷཱ་ར་ཤྲཱི། བྱང་སེམས་བསོད་ནམས་རྒྱལ་མཚན། མ་གཅིག་ཀུན་ལྡན་རས་མ། མཁས་བཙུན་གཟི་བརྗིད་རྒྱལ་མཚན། མཁན་ཆེན་དབང་ཕྱུག་ཤེས་རབ། བ་བཏང་རི་ཁྲོད་རས་ཆེན་གཞོན་ནུ་དཔལ་ལྡན། ལོང་སྟོན་ནམ་མཁའ་རྒྱལ་མཚན། འདུལ་འཛིན་ངག་གི་དབང་པོ། མཉམ་མེད་རབ་འབྱམས་ཆོས་རྗེ། དེས་བདག་དུ་མའི་མིང་ཅན་ལའོ། །གཉིས་པ་གདམས་པ་དངོས་བཤད་པ་ནི། ན་མོ་རཏྣ་གུ་རུ། ལུས་མེད་མཁའ་འགྲོ་མ་ཡི་གསང་། །ཆོས་སྐོར་དགུ་ཡི་གདམས་པ་ལས། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཤིགས། །ཞེས་པའི་དོན་ལ། མཎྜལ་བཤམ་པ་དང་། ལམ་དུ་ཞུགས་པ་དང་། དབང་བསྐུར་བ་དང་གསུམ་མོ། །དང་པོ་མཎྜལ་བཤམ་པ་ནི། ཚུལ་དང་མཐུན་པའི་སྟེགས་བུའི་སྟེང་དུ། རིན་པོ་ཆེའི་མཎྜལ་བཤམ། དེའི་སྟེང་དུ་ཡི་གེ་ཧཱུྃ་གཅིག་བཞེངས་ནས་བཞུགས། དེའི་སྟེང་དུ་བདེ་མཆོག་ཡབ་ཡུམ་མམ། ཤཱཀ་ཐུབ་ཀྱི་ཐང་སྐུ་གཉིས་བཀྲམ། དེའི་མཐར་པཱུ་ཙ་ལྔ་བཤམས་ཏེ། ཤ་མར་ཟན་ཆང་ཁུར་བ་དང་ལྔའོ། །གཉིས་པ་ལམ་དུ་འཇུག་པ་ལ་གསུམ་གྱི་དང་པོ་སྐྱབས་སུ་འགྲོ་བ་ནི། ཆོས་སྤྱི་དང་མཐུན་པའི་སྐྱབས་འགྲོ་བྱ། ཡིད་ཀྱིས་བླ་མ་དཀོན་མཆོག་མིན་པ་སྐྱབས་མགོན་གཞན་ན་ཡོད་རེ་ཤི་སྙམ་པའི་ཞེ་མནའ་བསྐྱལ་ལོ། །གཉིས་པ་སེམས་བསྐྱེད་པ་ནི། སྨོན་འཇུག་གཉིས་ཁ་ཚང་བའི་སེམས་བསྐྱེད་བློ་སྟོབས་བསྐྱེད་པས་བླང་བ་སྤྱི་དང་མཐུན་ལ། བདག་གིས་རྫོགས་པའི་བྱང་ཆུབ་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ལས། རང་གི་ཞི་བདེ་སྒྲུབ་རེ་ཤི་སྙམ་པའི་ཞེ་མནའ་བསྐྱལ་ལོ། །
༡༨༠གསུམ་པ་སྡོམ་པ་བླང་བ་ལ་གཉིས་ལས་དང་པོ་རྟེན་བསམས་ནས་མཆོད་པ་འབུལ་བ་ནི། མདུན་གྱི་མཎྜལ་བསང་སྦྱངས་ཏེ་པྃ་ལས་པདྨའི་སྡོང་པོ་ཡངས་ཤིང་རྒྱ་ཆེ་བ་དབུས་ཀྱི་པདྨའི་སྟེང་དུ། རྃ་ལས་ཉི་མ། དེའི་སྟེང་ངོ་བོ་ལུས་མེད་མཁའ་འགྲོའི་ཡི་གེ་ཧཱུྃ་གི་རྣམ་པར་བསམས། དེའི་སྟེང་དུ་བླ་མ་ཤཱ་ཀྱ་ཐུབ་པའམ། བདེ་མཆོག་ཡབ་ཡུམ་གྱི་ངོ་བོར་བསམ། དེའི་སྟེང་དུ་བརྒྱུད་པ་རྣམས་རིམ་པར་བསམ། དེའི་པདྨའི་འདབ་མ་ལ་དཀོན་མཆོག་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས་བསྐོར་ནས་བཞུགས་པར་བསམ། དེ་རྣམས་ལ་མཆོད་པ་ནི། དངོས་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ་ཏེ། ཕྱིའི་པཱུ་ཙ་སྔགས་དང་ཕྱག་རྒྱས་འབུལ། ནང་གི་མཆོད་པ་ཚོགས་ཀྱི་ཡོ་བྱད་ལྔ། ག་ན་ཙཀྲ་པཱུ་ཛ་ཧོཿཞེས་པས་དབུལ། གསང་བའི་མཆོད་པ་ནི། དངོས་དང་ཡིད་ཀྱིས་སྤྲུལ་པའི་བདག་ཉིད་མཆོད་པའི་ལྷ་མོ་ཡིད་དུ་འོང་བ་ཞིག་ཏུ་སྤྲུལ། བླ་མ་ཡི་དམ་དཔའ་བོ་དང་བཅས་པ་རྣམས་ལ་དབུལ་ལ། རབ་ཏུ་དགེས་ཤིང་རོལ་ནས་མཉེས་པར་བསམ་མོ། །གཉིས་པ་སྡོམ་པ་བླང་བ་དངོས་ནི། ཐུན་མོང་ཐེག་ཆེན་སྤྱི་དང་མཐུན་པར་བྱ། ཁྱད་པར་རིགས་ལྔའི་སྡོམ་པ་བཟུང་བར་བྱའོ། །གསུམ་པ་དབང་བསྐུར་བ་ནི། བླ་མ་བདེ་མཆོག་ཡབ་ཡུམ་དུ་བཞུགས་པ་ལ་མེ་ཏོག་དོར། བླ་མ་རིན་པོ་ཆེ་བདག་ལ་བུམ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མའི་སྐུ་ལས་འོད་འཕྲོས་བདག་ལ་སོགས་པའི་ལུས་ལ་ཐིམ་པས་ལུས་ཀྱི་སྒྲིབ་པ་དཀར་སངས་ཀྱིས་དག་པར་བསམ། ཡང་བདག་ལ་གསང་བའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐིག་ལེ་དཀར་དམར་བྱང་ཆུབ་ཀྱི་སེམས་ནར་གྱིས་བབ་ནས་བདག་གི་ངག་ནས་མར་ཞུགས་པས་ལུས་ཐིག་ལེས་མེར་གྱིས་གང་བར་བསམ། ངག་གི་སྒྲིབ་པ་དག་པར་གྱུར། ཡང་བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཞེས་གསོལ་
༡༨༡པ་བཏབ་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་གཅིག་བྱུང་ནས་བདག་ལ་ཕོག་པས་བདག་གི་ལུས་འདི་ལྷ་མོ་མཛེས་མ་ཡིད་དུ་འོང་བ་ཞིག་ཏུ་གྱུར་ནས། བླ་མ་བདེ་མཆོག་གི་ངོ་བོར་བཞུགས་པའི་སྐུ་ལ་འཁྲིལ་ནས། གཉིས་སུ་མེད་པའི་སྦྱོར་བ་བྱས་ཉམས་བདེ་སྟོང་གི་ངང་དུ་ཕྲིལ་གྱིས་འབར་ནས་ཡིད་ཀྱི་སྒྲིབ་པ་དག་པར་བསམ། དེ་ནས་མདུན་གྱི་པདྨའི་སྟེང་གི་རྟེན་དེ་རྣམས་ཀྱིས་ཐུགས་རྗེས་བདག་ལ་ཙེར་གྱིས་གཟིགས་ཏེ། དེ་རྣམས་འོད་དུ་ཞུ་ནས་བདག་ལ་སིབ་ཀྱིས་ཐིམ་པར་བསམ། ཉམས་སྤྲོས་བྲལ་ལྷག་སོང་བར་བསམ། དེ་ནི་དབང་བཞི་པའོ། །དེ་ནས་ཚོགས་ལ་རོལ་ལོ། །།།།། ན་མོ་རཏྣ་གུ་རུ། དེ་ནས་ཡང་ལུས་མེད་རྡོ་རྗེ་མཁའ་འགྲོ་ཡི། །ཆོས་སྐོར་དགུ་ཡི་གདམས་པ་ལས། །དམ་ཚིག་རང་སེམས་མེ་ལོང་ལྟོས། །ཞེས་གསུངས་པའི་དོན་ལ་གསུམ་གྱི་དང་པོ། དམ་ཚིག་ལ་བཞི་སྟེ། བུམ་དབང་གི་དམ་ཚིག །གསང་དབང་གི་དམ་ཚིག །ཤེས་རབ་ཡེ་ཤེས་ཀྱི་དང་དབང་བཞི་པའོ། །དེ་རེ་རེ་ལ་ཡང་དྲུག་དྲུག་སྟེ། མཉམ་གཞག་གི་དམ་ཚིག་དང་། རྗེས་ཐོབ་ཀྱི་དམ་ཚིག་དང་། བཟའ་བ་དང་། བསྲུང་བ་དང་། མི་འབྲལ་བ་དང་དགོས་པའོ། །བུམ་དབང་གི་མཉམ་བཞག་གི་དམ་ཚིག་ནི་ལྷ་སྐུའི་ང་རྒྱལ་ལ་གནས་པའོ། །རྗེས་ཀྱི་དམ་ཚིག་ནི་སྤྱོད་ལམ་བཞི་ཀར་ཐ་མལ་དུ་མ་སོང་བར། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་གནས་པ་ལ་ལོངས་སྤྱོད་པའོ། །བཟའ་བར་བྱ་བའི་དམ་ཚིག་ནི་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་པའི་རིལ་བུ་བརྟེན་པའོ། །དེས་ལྷ་དང་མཁའ་འགྲོ་འདུ་བའོ། །བསྲུང་བར་བྱ་བའི་དམ་ཚིག་ནི་རྩ་བ་བཅུ་བཞི་ཡན་ལག་བརྒྱད་དང་བཅས་པ་བསྲུང་བའོ། །མི་འབྲལ་བར་བྱ་བའི་དམ་ཚིག་ནི། སྐུའི་རྟེན་ཐང་སྐུ། གསུང་གི་རྟེན་ཌཱ་མ་རུ། ཐུགས་ཀྱི་རྟེན་རྡོ་རྗེ་དྲིལ་བུ་རྟག་ཏུ་བརྟེན་པའོ། །དམ་ཚིག་བསྲུང་བའི་དགོས་པ་ནི། སྤྲུལ་པའི་སྐུ་ཐོབ་པའོ། །གསང་དབང་ལ་ཡང་
༡༨༢སྤྱི་དོན་དྲུག་ལས། གསང་དབང་གི་མཉམ་བཞག་ནི། སྟེང་སྒོ་གཏུམ་མོའ་རྣལ་འབྱོར་ལ་བརྟེན་ནས་རྩ་རླུང་ཡེངས་མེད་དུ་བསྒོམ་པའོ། །རྗེས་ཐོབ་ནི་རྩ་རླུང་སྒོམ་པའི་ཉམས་སྤྱོད་ལམ་བཞི་ཀར་བདེ་གསལ་སྟོང་པའི་ཉམས་ཡེངས་མེད་དུ་བསྐྱང་བའོ། །བཟའ་བར་བྱ་བའི་དམ་ཚིག་ནི། འདོད་ཡོན་ལྔ་ལ་སྤྱོད་པའི་ཚེ་གསལ་སྟོང་གཉིས་མེད་དུ་ལོངས་སྤྱོད་པའོ། །བསྲུང་བར་བྱ་བའི་དམ་ཚིག་ནི། ཐིག་ལེ་ཉམས་པར་བྱེད་པའི་ཟས་དང་སྤྱོད་ལམ་ཐམས་ཅད་སྲུང་བའོ། །མི་འབྲལ་བར་བྱ་བའི་དམ་ཚིག་ནི། སྲོག་རྩོལ་གྱི་རླུང་འཛིན་པ་ལ་ལེ་ལོར་མ་ཤོར་བར་བྱའོ། །མ་ཡེངས་ཙམ་དུ་བསྐྱང་ངོ་། །དགོས་པ་ནི་ཆོས་སྐུ་ཐོབ་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་དམ་ཚིག་དྲུག་སྟེ། མཉམ་བཞག་གི་དམ་ཚིག་ནི་ལས་ཀྱི་ཕྱག་རྒྱ་མ་བརྟེན་ཅིང་ཐིག་ལེའི་དགོངས་པ་ལ་བརྩོན་པར་བྱའོ། །རྗེས་ཐོབ་དུ་སྤྱོད་ལམ་བཞི་ཇི་ལྟར་སྤྱོད་ཀྱང་། ཉམས་བདེ་སྟོང་གི་ངང་ལས་མ་གཡོས་པར་བྱའོ། །བཟའ་བར་བྱ་བའི་དམ་ཚིག་ནི། འདོད་ཡོན་ལྔ་ལ་ལོངས་སྤྱོད་ཀྱང་། རྣམ་པ་ལྷའི་ངོ་བོས་ཟས་བདུད་རྩིར་བྱིན་གྱིས་བརླབས་ལ། ཉམས་བདེ་སྟོང་གི་ངང་ལ་བཟའོ། །བསྲུང་བར་བྱ་བའི་དམ་ཚིག་ནི། གཞན་ལུས་ལས་ཀྱི་ཕྱག་རྒྱ་མ་དང་མི་འབྲལ་ཞིང་། དུས་མ་ཡིན་པའི་ཐིག་ལེ་སྲོག་བཞིན་དུ་བསྲུང་། མི་འབྲལ་བར་བྱ་བའི་དམ་ཚིག་ནི། ཕྱག་རྒྱ་མའི་གཟུགས་མཐོང་བ་དང་། སྐད་ཐོས་ཙམ་དུ་མི་འབྲལ་བར་བྱའོ། །དགོས་པ་ནི་ལོངས་སྐུ་ཐོབ་པའོ། །དབང་བཞི་པའི་དམ་ཚིག་ལ་ཡང་དྲུག་ལས། མཉམ་བཞག་གི་དམ་ཚིག་ནི་གནས་ལུགས་མ་བཅོས་པའི་ངང་ལ་བཞག་པའོ། །རྗེས་ཐོབ་ནི་སྤྱོད་ལམ་བཞི་ཇི་ལྟར་སྤྱོད་ཀྱང་རང་བྱུང་རང་ཤར་སྐྱེ་མེད་སྤྲོས་བྲལ་དུ་ལྷག་ལྷག་ཤེས་པའོ། །བཟའ་བར་བྱ་བའི་དམ་ཚིག་ནི་འདོད་ཡོན་ལྔ་གང་ལ་སྤྱོད་ཀྱང་ཞེན་འཛིན་མེད་པ། སྐྱེ་བ་མེད་པའི་ངོ་བོར་ལྷག་ལྷག་ཤེས་པར་བྱའོ། །བསྲུང་བར་བྱ་བའི་དམ་
༡༨༣ཚིག་ནི་དངོས་པོའ་ཆོས་ཐམས་ཅད་ལ་བདེན་པ་དང་། རྟག་པ་དང་། རང་རྒྱུད་པའི་བློ་སྤང་ངོ་། །མི་འབྲལ་བར་བྱ་བའི་དམ་ཚིག་ནི་དུས་ཐམས་ཅད་དུ་གནས་ལུགས་ཀྱི་ངང་ལས་མ་ཡེངས་པའོ། །དགོས་པ་ནི་ངོ་བོ་ཉིད་སྐུ་ཐོབ་པའོ། །གཉིས་པ་རང་སེམས་ནི་མེ་ལོང་གཡས་མ་གོས་པ་ལྟ་བུ། སེམས་ཉེས་ལྟུང་གི་དྲི་མས་མ་གོས་པ་ཞིག་དགོས་པས་དེ་བཞིན་དུ་བསླབ་ཅིང་། སྣང་བ་ཐམས་ཅད་རང་གི་སེམས་སུ་ཤེས་པར་བྱའོ། །གསུམ་པ་མེ་ལོང་ལྟ་བ་ནི། རང་རྒྱུད་ལ་ཉེས་ལྟུང་གི་དྲི་མས་གོས་མ་གོས་བལྟས་པ། གོས་ན་མེ་ལོང་གཡས་སྒྲིབ་པ་ལྟར་རང་སེམས་ཉོན་མོངས་པས་བསྒྲིབས་པ་ཡིན་པས། མེ་ལོང་ཕྱི་བ་ལྟར་དམ་ཚིག་ཉམས་ཆགས་བྱུང་འདུག་ན། སྔར་བྱས་ཀྱི་ཉེས་པ་ལ་འགྱོད་སེམས་དུག་འཐུང་བ་ལྟ་བུ་དང་། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམས་པའི་སྡོམ་སེམས་དང་ལན་ངེས་ཀྱི་སྐོང་བཤགས་དྲག་པོ་བྱ་ཞིང་། ཕྱིན་ཆད་རང་གིས་རང་ལ་མ་ཁྲེལ་བར་ཉེས་ལྟུང་གིས་ནམ་ཡང་མ་གོས་པར་བསྲུང་བ་ལ་འབད་པར་བྱའོ། །ཉམས་ཆགས་གཞི་མེད་རང་སར་གྲོལ་ན་རྟོགས་པ་མཆོག་གི་དམ་ཚིག་ཐོབ་པ་ཡིན་ནོ། །།།།། ན་མོ་རཏྣ་གུ་རུ། ལུས་མེད་རྡོ་རྗེ་མཁའ་འགྲོ་མའི། །ཆོས་སྐོར་དགུ་ཡི་གདམས་པ་ལས། །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །ཅེས་པའི་དོན། གསང་སྔགས་ཀྱི་སྤྱོད་པ་ལ་བཞི་སྟེ། ཚོགས་སྤྱོད། རིག་སྤྱོད། གསང་སྤྱོད། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །སྤྱོད་པའི་དུས་ལ་བཞི་སྟེ། ཏིང་ངེ་འཛིན་མཐུ་བརྟན་པར་བྱེད་པའི་དུས། བོགས་འབྱིན་པའི་དུས། རྐྱེན་ངན་དང་བསྲེ་བའི་དུས། ཡུལ་ལམ་དུ་སློང་བའི་དུས་ཏེ་དེ་དག་ནི་དབང་བཞིའི་ཉམས་ལེན་གྱིས་དུས་དང་སྦྱོར། སྤྱོད་པ་ལ་ཡང་བཞི་སྟེ། བུམ་དབང་གི་སྤྱོད་པ། གསང་དབང་གི་སྤྱོད་པ། ཤེས་རབ་ཡེ་ཤེས་ཀྱི་སྤྱོད་པ། དབང་བཞི་བའི་སྤྱོད་པའོ། །དེ་རྣམས་གུང་སྦྱར་ནས། སྔགས་ཀྱི་རྣལ་འབྱོར་པའི་སྤྱོད་
༡༨༤ལུགས་བསྟན་པ་ནི། དང་པོ་བུམ་དབང་གི་དོན་བསྐྱེད་རིམ་ལ་གོམ་འདྲིས་བརྟན་པར་བྱ་ཕྱིར། སྤྱོད་ལམ་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མི་འབྲལ་བར་བྱ་ཞིང་། འདོད་ཡོན་གང་ལ་ལོངས་སྤྱོད་ཀྱང་ཚོགས་སུ་རོལ་བར་བྱའོ། །གསང་དབང་གི་དོན་རིག་སྦྱོར་བྱ་སྟེ། རྫོགས་རིམ་རླུང་གི་རྣལ་འབྱོར་གཙོ་བོར་བསྒོམ་པར་བྱ་ཞིང་། གཉིས་སུ་མེད་པའི་དོན་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས་ལམ་བསྐྱེད་རྫོགས་གཉིས་ཀྱི་ཏིང་ངེ་འཛིན་ལ་བོགས་དབྱུང་བའི་ཕྱིར། གསང་སྤྱོད་བྱས་ཏེ། ནགས་ཚལ་དང་། དུར་ཁྲོད། ཤིང་གཅིག་ལ་སོགས་པའི་དབེན་པའི་གནས་སུ་ལས་ཀྱི་ཕྱག་རྒྱ་མཚན་ལྡན་ཁྲིད་དོ། །ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་ངེས་ཤེས་བསྐྱེད། ཟབ་མོའ་དབང་བསྐུར། གསང་སྔགས་ཀྱི་གདམས་ངག་བཏབ་ལ། ཤིན་ཏུ་གསང་བའི་སྒོ་ནས། བདེ་ཆེན་གསུང་གི་རིན་ཆེན་གྱི་ལས་རྒྱ་ལྟར་ཉམས་སུ་བླང་ངོ་། །ཚིག་དབང་གི་དོན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བྱ་སྟེ། གྲོང་དང་། དུར་ཁྲོད། ཚང་འདུས་དང་། ཀུན་དགའ་ར་བ། རྒྱལ་པོའ་ཕོ་བྲང་ལ་སོགས་ཆགས་སྡང་སྐྱེ་བའི་ཡུལ་སྣ་ཚོགས་སུ་རྒྱུ་ཞིང་། བདེ་སྡུག་གི་རོ་ཐམས་ཅད་ཆོས་ཉིད་དུ་མཉམ་མོ། །དེས་སྐྱོན་ཐམས་ཅད་ཆོད་དོ། །རྐྱེན་བཟང་ངན་མེད་པར་ལམ་དུ་བསླངས། སྤང་བླང་མེད་པར་གྲོགས་སུ་འགྱུར་རོ། །དེའི་ཚེ་རང་གི་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པས། གཞན་དོན་དུ་ཅི་འགྲོ་འབའ་ཞིག་བྱ་སྟེ། གང་དུ་འདུག་ཀྱང་གཞལ་ཡས་ཁང་། སུ་དང་འགྲོགས་ཀྱང་ཡི་དམ་ལྷ། ལས་ཇི་ལྟར་བྱས་ཀྱང་བྱང་ཆུབ་ལམ་ཡིན་པས་ན། ཕྱོགས་སུ་ལྷུང་བའི་སྤྱོད་པ་ལས་རྣམ་པར་རྒྱལ་ནས། ཅི་བདེ་བའི་སྤྱོད་པའི་སྒོ་ནས་སེམས་ཅན་གྱི་དོན་དུ་འགྱུར་བའོ། །།།།། ན་མོ་རཏྣ་གུ་རུ། ལུས་མེད་རྡོ་རྗེ་མཁའ་འགྲོ་ཡི། །ཆོས་སྐོར་དགུ་ཡི་གདམས་པ་ལས། །དམ་རྫས་རྟོགས་པའི་ཉི་མ་འདི། །ཞེས་པའི་དོན་དམ་
༡༨༥རྫས་ནི་དབང་བཞིའི་དམ་རྫས་ཏེ། ལམ་ཕྱག་རྒྱ་བཞིའི་དུས་སུ་བརྟེན་པའོ། །དེ་ལ་བུམ་དབང་གི་དམ་རྫས་ནི། བསྐྱེད་རིམ་ལྷ་སྒོམ་པའི་དུས་སུ་བརྟེན་པ་སྟེ། ཡི་དམ་གང་ཡིན་གྱི་ཐང་སྐུ་དང་། རུས་པའི་རྒྱན་བརྟེན་པ་སྟེ། དེ་ཡང་རབ་གནས་དང་ལྡན་པ་གལ་ཆེའོ། །གསང་བའི་དབང་གི་དམ་རྫས་ནི། རྫོགས་རིམ་རླུང་སྒོམ་པའི་དུས་སུ་བརྟེན་པ་སྟེ། ཤ་ལྔ་དང་བདུད་རྩི་ལྔ་བརྟེན་པའོ། །དེའང་བྱིན་གྱིས་མ་བརླབས་ན་ཁྱི་ཕག་དང་འདྲ་བས། བྱིན་གྱིས་བརླབས་པའི་རིལ་བུ་བརྟེན་ནོ། །དེ་ལྟ་བུར་བྱིན་གྱིས་བརླབས་པའི་ཐབས་ནི། ཚུལ་དང་མཐུན་པའི་མཎྜལ་ཙིནྡྷུ་ར་དང་ཆང་གིས་དམར་པོར་བྱུགས་ལ། མཉྫིའི་ཁར་ཐོད་པ་དུམ་བུ་གཅིག་པའམ་ལྔ་པ་དགོད། དེའི་དབུས་སུ་ཡབ་ཀྱི་བྱང་སེམས་དཀར་པོ་ཅོང་ཞིས་གཏའ་བྱས་པའི་རིལ་བུ། ཤར་དུ་དྲི་ཆེན་ཨ་རུ་རས་གཏའ་བྱས་པའི་རིལ་བུ། ལྷོར་ཤ་ཆེན་ལ་ཙནྡན་གྱིས་གཏའ་བྱས་པའི་རིལ་བུ། ནུབ་དུ་ཡུམ་གྱི་རཀྟ་སིནྡྷུ་རས་གཏའ་བྱས་པའི་རིལ་བུ། བྱང་དུ་དྲི་ཆུ་གུ་གུལ་དཀར་པོས་གཏའ་བྱས་པའི་རིལ་བུ་རྣམས་བཞག་ཅིང་། དེ་རྣམས་ཀྱི་བར་དུ་འབྲས་བུ་གསུམ། ཚ་བ་གསུམ། བཟང་པོ་དྲུག་ཅུང་ཟད་རེ་བཞག་གོ་།དེ་ནས་མཎྜལ་གྱི་མཐར་གཏོར་མ་དང་། ཆང་བུ་དེ་དང་་དང་སྣ་ལྔའི་མཆོད་པ་དང་། ཚོགས་རྣམས་བཤམས་ལ། རྡོ་རྗེ་མཁའ་འགྲོའི་ཏིང་འཛིན་དུ་ཞུགས་ནས། གུ་གུལ་གྱིས་དམ་རྫས་ལ་བདུག་ཅིང་། སྲུང་བའི་འཁོར་ལོས་མཚམས་བཅད་དེ། ཧཱུྃ་བཞི་པས་བགེགས་བསྐྲད་དོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཚང་བའི་གནས་བཞིའི་མཐར། བླ་མའི་རྣལ་འབྱོར་བསྒོམ་ནས་བདུན་རྣམ་དག་གིས་ཚོགས་བསགས་ཤིང་། དབང་བཞི་ཞུས་ནས། རང་ཡི་དམ་གང་ཡིན་པའི་མངོན་རྟོགས་བསྒོམས་ལ། བསྙེན་པ་ཅུང་ཞིག་བསྐྱལ་ལོ། །དེ་ནས་་ནང་གི་བདུད་རྩི་ལྔའི་སྟེང་དུ་ཤ་ལྔ་བསྣན་ཏེ། དབུས་སུ་མི། ཤར་དུ་བ་གླང་།
༡༨༦ལྷོར་ཁྱི། ནུབ་ཏུ་རྟ། བྱང་དུ་གླང་པོ་ཆེའི་ཤའོ། །དེའི་སྟེང་དུ་སྦྱང་བྱའི་ཡི་གེ་བཀོད་དེ། ན་ཤུ། གོ་བི། ཀུ་མ། ད་ར། ཧ་མུ་དེ་དག་གི་སྟེང་དུ་ཕྱོགས་ཀྱི་རིམ་པ་གོང་ལྟར་ལ། སྦྱང་བྱེད་ཀྱི་ཡི་གེ་བཀོད་དེ། ཧཱུྃ་མཱུཾ། ༀ་ལཱཾ། སྭཱ་མཱཾ། ཨཱཿཔཱཾ། ཧ་ཏཱཾ། རྣམས་དགོད་ལ། རང་ཡི་དམ་ལྷ་ཡབ་ཡུམ་དུ་གསལ་བའི་མཁའ་གསང་བྱིན་གྱིས་བརླབས་ལ། གཉིས་སུ་མེད་པའི་སྦྱོར་བ་བྱས་པས། ཡབ་ཡུམ་གྱི་ཁམས་ལྔའི་དྭངས་མ་ཐིག་ལེ་བྱང་སེམས་ཞུ་ནས། ཡུམ་གྱི་མཁའ་ལ་བབས་ཏེ་སླར་ཡབ་ཀྱི་རྡོ་རྗེས་དྲངས་ནས་རྩ་དབུ་མར་ཞུགས། ཚངས་བུག་ནས་འཕྲོས། འོད་ཟེར་དེས་རིགས་ལྔ་ཡབ་ཡུམ་གྱི་ཐུགས་དམ་བསྐུལ། མདུན་གྱི་ནམ་མཁར་སྤྱན་དྲངས། གཉིས་སུ་མེད་པའི་སྦྱོར་བ་བྱས། དུས་གསུམ་གཤེགས་པའི་མཁའ་སྒོ་ནས་བྱང་སེམས་དཀར་དམར་དུ་ཤར་གྱིས་བབས་ནས། ཤ་ལྔ་བདུད་རྩི་ལྔའི་ཡིག་འབྲུ་རྣམས་ལ་ཕོག །ཡིག་འབྲུ་འོད་དུ་ཞུ་ནས་ཤ་ལྔ་བདུད་རྩི་ལྔ་ལ་ཐིམ་པས། བདུད་རྩི་མུ་ཏིག་དཀར་པོ་དྲི་མ་མེད་པ་དཀར་ལ་དམར་བའི་མདངས་ཆགས་པ་མེར་གྱིས་གྱུར་པར་བསམ་མོ། །སྔགས་ནི། ༀ་ཨཱཿཧཱུྃ་སྭཱ་ཧཱ་ཀུཎྜ་ལི་མ་ཧཱ་པཉྩ་མུཾ་ཨ་མྲྀ་ཏ་ཧཱུྃ། ཞེས་ཐུན་རེ་རེ་ལ་སྟོང་སྟོང་བཟླའོ། །ཐུན་བཞིར་ཉམས་སུ་བླང་། ཐུན་ཐ་མ་ལ་གཏོར་མ་བཏང་ཞིང་ཚོགས་བྱའོ། །དེ་ལྟར་ཐུན་བཞིར་ཉམས་སུ་བླངས་ཏེ། ཏིང་ངེ་འཛིན་སྔ་མ་ཁོ་ན་བཞིན་བྱའོ། །དེ་ལ་རྟགས་བདུད་རྩི་ལྔ་ལ་དུ་བ་འཐུལ་བའམ། དྲི་ཞིམ་པོ་འབྱུང་ངོ་། །དེ་ཙ་ན་དངོས་གྲུབ་བླངས་ཕྱིར་སྐུ་གསུང་ཐུགས་ཀྱི་གནས་སུ་གཏུགས་ཏེ། རྫས་དེ་རྣམས་བསྡུས་ནས་ཆང་དང་སྦྱར་ཏེ་རིལ་བུ་སྲན་མ་ཙམ་བྱས་ལ་ལྕགས་ཀྱི་སྣོད་དུ་བཅངས། དེ་ལུས་ལ་བརྟེན་ན་ལྷ་དང་མཁའ་འགྲོ་རང་བཞིན་གྱིས་འདུ། ཁོང་དུ་ཟོས་ན་དཔའ་བོ་མཁའ་འགྲོ་མཉེས་ཞིང་རྩ་རླུང་ལས་སུ་རུང་བར་འགྱུར་རོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་དམ་རྫས་ཕྱག་རྒྱ་མཚན་ལྡན་བསྟེན་
༡༨༧ཞིང་། གལ་ཏེ་དངོས་སུ་བསྟེན་པར་མ་ནུས་ན། ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་ཅིང་། ལས་ཀྱི་ཕྱག་རྒྱ་ཡང་སྤང་བློ་མ་སྐྱེ་བ་རེ་བྱའོ། །དབང་བཞི་པ་ཕྱག་རྒྱ་ཆེན་པོའ་དམ་རྫས་སུ། བླ་མའི་གདམས་ངག །གནས་ལུགས་ཀྱི་དྲན་པ་མ་ཡེངས་བར་བསྟེན་པར་བྱའོ། །།།།། ན་མོ་རཏྣ་གུ་རུ། ལུས་མེད་རོད་རྗེ་མཁའ་འགྲོ་ཡི། །ཆོས་སྐོར་དགུ་ཡི་གདམས་པ་ལས། །རིག་པ་ཡེ་ཤེས་སྒྲོན་མེ་བལྟམས། །ཞེས་པའི་དོན་ལ་གསུམ་སྟེ། གཞི་རིག་དང་། ལམ་རིག་དང་། འབྲས་བུའི་རིག་པའོ། །གཞི་རིག་པ་ནི། དབང་བཞིའི་གདམས་པ་སྟེ། རྒྱུ་སེམས་ཅན་གྱི་དུས་ན། འཁྲུལ་པར་ཇག་མའི་སྣང་བ་འདི་ཀ་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་སངས་རྒྱས་པ་ཡིན་ཀྱང་། དེ་ལྟར་ངོ་མ་ཤེས་པ་ལ། དབང་བཞིའི་དུས་སུ་སྨིན་ཅིང་རིག་པར་བྱས་ཏེ། བུམ་དབང་གི་དུས་སུ་ལྷར་ངོ་སྤྲད་ཏེ། སྣོད་གཞལ་ཡས་ཁང་། བཅུད་ལྷ་དང་ལྷ་མོ། ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷའི་ངོ་བོར་ངོ་སྤྲད་པས། ལུས་ཐ་མལ་གྱི་ངོ་བོ་ལས་གྲོལ་ནས་ལྷའི་སྐུར་རིག་གོ། །གསང་བའི་དབང་བསྐུར་བས་ངག་ཐ་མལ་དུ་འཛིན་པའི་རྟོག་པ་ལས་ལོག་ནས། རླུང་འབྱུང་འཇུག་གནས་གསུམ། ཡི་གེ་གསུམ་གྱི་ངོ་བོར་རིག་པར་བྱས་ནས། གཏུམ་མོའ་རྫོགས་རིམ་རླུང་ལམ་དུ་བྱེད། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཉོན་མོངས་པ་འདོད་ཆགས་རང་རྒྱུད་པའི་རྟོག་པ་ལས་ལོག་ནས། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རིག་ཅིང་ངོ་སྤྲད་པར་བྱས་ནས། རྫོགས་རིམ་རྩ་ལམ་དུ་བྱེད་དོ། །དབང་བཞི་པ་བསྐུར་བས་སེམས་ཐ་མལ་གྱི་རྟོག་པ་ཉོན་མོངས་པ་རང་རྒྱུད་པར་འཛིན་པ་དེ་ལས་ལོག་ནས་རིག་པ་དང་སྟོང་པ་གཉིས་སུ་མེད་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་རིག་སྟེ། འཁྲུལ་པ་རང་སར་གྲོལ་ནས། དག་པ་ཡེ་ཤེས་ཀྱི་སྣང་བ་ལ་ལོངས་སྤྱོད་པར་བྱེད་དོ། །དེས་ན་འཁོར་བ་བྱ་བ་ཡེ་ནས་མ་གྲུབ་ཀྱང་། སྐྱེས་བུས་ལོག་པར་རྟོག་པས་སྡུག་
༡༨༨བསྔལ་ཉམས་སུ་མྱོང་བ་ལ་བླ་མས་ངོ་སྤྲད་པས། ཡིན་ལུགས་བཞིན་རིག་པའོ། །།།། ན་མོ་རཏྣ་གུ་རུ། ལུས་མེད་རྡོ་རྗེ་མཁའ་འགྲོ་ཡི། །ཆོས་སྐོར་དགུ་ཡི་གདམས་པ་ལས། །རྩ་རླུང་དྲྭ་མིག་འཁོར་ལོ་བསྐོར། །ཅེས་པའི་དོན་ནི། སྤྱིར་ལུས་མགོ་མཇུག་ན་རྩ་ཉི་ཁྲི་ཆིག་སྟོང་། དེ་ལས་བསྡུས་པའི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས། དེ་ལས་བསྡུས་པའི་རྩ་བརྒྱད་གསུམ་ཉི་ཤུ་རྩ་བཞི། དེ་ལས་བསྡུས་པའི་རྩ་གཙོ་མོ་གསུམ་མོ། །དེ་ཡང་རྩ་གདན་གནས་པ་ན་རླུང་གནས། རླུང་གང་ན་གནས་པ་ན་ཐིག་ལེ་གནས། ཐིག་ལེ་གང་ན་གནས་པ་ན་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གནས་སོ། །དེ་ལྟར་རྩ་ཐམས་ཅད་དྲྭ་བ་ལྟར་འབྲེལ་ཞིང་། ནུས་པ་རེའུ་མིག་སོ་སོར་གནས་སོ། །དེ་ཡང་རྩ་ལས་སུ་རུང་བ་བྱེད་པ་ལ་རླུང་དགོས་ལ། རླུང་གི་ལས་ལ་དབྱེ་བ་བདུན་གནས་ཏེ། བུམ་པ་ཅན་དང་། ཞབས་ཚགས་ཅན་དང་། དཔྱང་ཐག་ཅན་དང་། མདའ་ལྟར་འཕང་དང་། རེའུ་མིག་ཅན་དང་། འཁོར་ལོ་ཅན་དང་། སྲོག་ཤིང་ཅན་ནོ། །དེ་ཡང་བུམ་པ་ཅན་གྱིས་འོག་རླུང་འཛིན་པས་ཐིག་ལེ་འཛིན་པ་དང་། དྲོད་སྤོར་བའི་ལས་བྱེད་དོ། །ཞབས་ཚགས་ཅན་གྱིས་རླུང་ནད་སེལ་བ་དང་། གསང་བའི་དབང་བསྐུར་བའི་དུས་སུ་ཐིག་ལེ་གཏོང་བའི་ལས་བྱེད་དོ། །དཔྱང་ཐག་ཅན་གྱིས་གསང་བའི་གནས་ནས་ཐིག་ལེ་གྱེན་ལ་སྡོམ་པའི་ལས་བྱེད་དོ། །དེ་ནི་ཡི་གེ་ཧཱུྃ་ལུས་གནད་བཅས་པས་དྲག་ཏུ་འཐེན་པའོ། །མདའ་ལྟར་འཕངས་པས་སྟེང་འོག་གི་རླུང་དྲག་ཏུ་གཅུན་ནས། ཐིག་ལེ་རྩ་མིག་ཏུ་མདའ་ལྟར་འཕེན་པ་སྟེ། ཐིག་ལེ་འགྲེམ་པའི་ལས་བྱེད་དོ། །རེའུ་མིག་ཅན་གྱིས་ཚ་བའི་ནད་སེལ་བ་སྟེ། ལུས་གང་ན་བའི་སར་བུག་པ་ཟང་ཐལ་བསམ་ནས། སྟེང་གི་རླུང་བཅུད་ལ་བོར་བས། ནད་ཁྲག་ངན་བཞིན་དུ་རྒྱང་རྒྱང་ཐོན་པར་བསམ་མོ། །འཁོར་ལོ་ཅན་གྱིས་གྲང་བའི་ནད་ལ་ཕོ་བའི་ནང་དུ་སྟེང་འོག་གི་རླུང་བཅུད་ལ་བོར་ནས། ཕོ་བའི་རླུང་སྟེང་འོག་
༡༨༩དྲག་པོ་བསྒོམས་པས། ཐང་སྟོང་ལ་རླུང་བྱུང་ནས་སྦུར་མ་གཏོར་བ་བཞིན་དུ། ནད་ཐམས་ཅད་བསྡུས་དཀྲུགས་གཏོར་ནས་ཕོ་བ་སྟོང་སངས་ཀྱིས་སོང་བར་བསམ་ལ། སྲོག་ཤིང་ཅན་ནི། རླུང་གི་བྱ་བ་མདོར་བསྡུས་པ་སྟེ། རླུང་ཐམས་ཅད་རྩ་དབུ་མའི་ནང་དུ་ཆུད་པར་བྱེད་པའོ། །དེས་ནི་གསལ་སྟོང་གི་ཉམས་ནམ་མཁའ་ལྟ་བུར་འཆར་རོ། །དེ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་གཤིས་མ་བཅོས་པའི་དོན་རྟོགས་པར་འགྱུར་རོ། །།།།། ན་མོ་རཏྣ་གུ་རུ། ལུས་མེད་རྡོ་རྗེ་མཁའ་འགྲོ་ཡི། །ཆོས་སྐོར་དགུ་ཡི་གདམས་པ་ལས། །རོ་སྙོམས་ཕྱི་ཡི་མེ་ལོང་ལྟོས། །ཞེས་པའི་དོན་ནི། སྤྱིར་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས་མ་གཡོས་བཞིན། ཆོས་ཅན་སྣང་བའི་རྩལ་སྣ་ཚོགས་སུ་ཤར་བ། སྟོང་པའི་རང་རྩལ་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་པར་མ་ཤེས་པར། དངོས་པོ་རང་རྒྱུད་པར་བཟུང་ནས། དེ་ལ་ཆགས་སྡང་སྐྱེས། དེས་ལས་བསགས་ནས་འཁོར་བར་འཁྱམས་པ་ཡིན་པས། འདིར་དེ་ལས་ལོག་ནས། ཆོས་ཅན་ཡུལ་རྣམ་པ་སྣ་ཚོགས་སུ་ཤར་བ་དང་། ཆོས་ཉིད་རང་བཞིན་གྱིས་སྤྲོས་བྲལ་གཉིས་སྣང་སྟོང་དབྱེར་མེད་སྒྱུ་མ་ལྟ་བུར་རོ་མཉམ་པས། དངོས་པོའ་བདེན་འཛིན་ཞིག་ནས་ལས་མི་གསོག་པའི་ཕྱིར། འཁོར་བར་འཁྱམས་དོན་མེད་དོ། །དེ་རོ་ཇི་ལྟར་སྙོམས་པ་གསུམ་གྱི་དང་པོ་ཚོགས་དྲུག་ཡུལ་གྱི་འཁྲུལ་སྣང་། སྣང་སྟོང་ཞེན་མེད་དུ་རོ་སྙོམས་པ་ནི། ད་ལྟ་དབང་པོ་སྒོ་ལྔའི་ཡུལ་ན། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་རྣམ་པ་སྣ་ཚོགས་སུ་ཤར་ཡང་། ཕྱི་རོལ་ན་གྲུབ་པ་གཅིག་ཀྱང་མེད་པས། དེ་རྨི་ལམ་གྱི་ལྟས་མོ་ལྟར། རང་གི་སེམས་འཁྲུལ་པའི་གཟུགས་བརྙན་དུ་ཐག་བཅད། དེས་གཟུང་བར་རང་བཞིན་མེད་པར་ཤེས། ནང་ཤེས་པ་ལ་འགྱུ་བྱེད་ཀྱི་རྟོག་པ་སྣ་ཚོགས་སུ་ཤར་ཡང་། སེམས་ཉིད་སྟོང་པ་ལ་དངོས་པོ་དང་ངོས་བཟུང་བ་མེད། རྟོག་པ་ལ་
༡༩༠དངོས་པོ་དང་ངོས་བཟུང་མེད། རྟོག་པ་ཐམས་ཅད་སེམས་དྭངས་པ་ཡུལ་གྱི་གཟུགས་བརྙན་དུ་ཤར་བ་ཡིན། མེ་ལོང་ལ་ཟ་འོག་གི་གུར་ཁྱིམ་འཆར་བ་ལྟར། སྟོང་པའི་རི་མོ་ལ་དཔྱད་དེས་འཛིན་པ་ཐམས་ཅད་སྤྲོས་པ་དང་བྲལ་བར་ཤེས། དེས་གཟུང་འཛིན་གྱི་སྐུར་གཏིབས་པས། འཁོར་བའི་རྨང་རྡོ་ཞིག་ནས། ལས་ཀྱིས་ཁ་བསྒྱུར་དུ་མེད་དོ། །གཉིས་པ་བག་ཆགས་གཉིད་ཀྱི་འཁྲུལ་སྣང་རིག་སྟོང་རྟེན་འབྲེལ་དུ་རོ་སྙོམས་པ་ནི། རྨི་ལམ་གྱི་སྣང་བ་ཐམས་ཅད་བདེན་པར་གྲུབ་པ་མེད་ཀྱང་། རང་རིག་འཁྲུལ་པའི་སྣང་བ་ལ་བག་ཆགས་ཀྱི་ལིང་བཏབ། འཁོར་བ་བརྒྱུད་མར་འཁོར་བ་ཡིན་པས། འདིར་གཏི་མུག་ཡེ་ཤེས་སུ་གྲོལ་བར་བྱ་བའི་ཕྱིར། གཉིད་དང་རྨི་ལམ་གྱི་གདམས་པ་ཉམས་སུ་བླངས་ཏེ། དང་པོ་ཉིན་བར་གྱི་སྣང་བ་འདི་ཐམས་ཅད་ཀྱང་རྨི་ལམ་ཡིན་ངེས་སྙམ་དུ་དྲན་པས་བཟུང་། གཉིད་ཉལ་ཁར་རྨི་ལམ་དུ་ཤེས་པར་བྱ། ངོ་ཤེས་ནས་ཀྱང་རང་གི་དགེ་སྦྱོར་ལ་གནས་པར་བྱ་སྙམས་དུ་འདུན་པ་དྲག་པོ་ལན་མང་དུ་བཏང་ལ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་ཐིག་ལེ་དམར་པོ་སྲན་མ་ཙམ་ལ་སེམས་གཏད་ལ་ཉལ་ལོ། །དེ་ནས་གཉིད་ལོག་པ་དང་རྨི་ལམ་རྨི་བའི་ཚེ། འདི་རྨི་ལམ་ཡིན་ངེས་སྙམ་དུ་ངོ་ཤེས་པས་རང་འཁྲུལ་ངོས་ཟིན། ཉིན་བར་གྱི་སྣང་བ་ལ་བདེན་འཛིན་འཇིག་གོ་།རང་ལམ་གང་ལ་གནས་པའི་དགེ་སྦྱོར་གསལ་ཐེབས་པས་ལས་ཀྱི་རྒྱུན་པ་ལ། དེས་བར་དོ་ལ་ཐེ་ཚོམ་མི་ཟའོ། །གསུམ་པ་བར་དོ་ལས་ཀྱི་འཁྲུལ་སྣང་ཆོས་སྐུ་འོད་གསལ་དུ་རོ་སྙོམས་པ་ནི། ནམ་འཆི་བའི་ཚེ་བླ་མ་ལ་གསོལ་བ་བཏབ་ཅིང་། བར་དོ་ལ་བར་དོ་ངོ་ཤེས་པར་བྱ་སྙམ་དུ་འདུན་པ་དྲག་པོ་བཏང་། ཕྱིའི་དབུགས་ཆད་ནས་ནང་དབུགས་མ་ཆད་ཙམ་གྱི་བར་དེར། འགྲོ་བ་ཀུན་ལ་ཆོས་སྐུ་འོད་གསལ་རྗེན་པར་འཆར། འདི་ལ་འོད་གསལ་གོམས་པ་རྣམས་ཀྱིས། འཆི་བའི་འོད་གསལ་ངོས་ཟིན་ནས་དེ་ཉིད་
༡༩༡དུ་སངས་རྒྱའོ། །འདི་ལ་མ་གོམས་པ་རྣམས་ཀྱིས་ངོས་མ་ཟིན་པས་ནང་དབུགས་ཤོར་བ་དང་བར་དོའ་འཁྲུལ་སྣང་འཆར་སྟེ། ཐོ་སྐོར་གྱི་མི་འདུས་པ་དང་། ལྟོ་སྐལ་ཆད། མལ་ས་ཕྱགས། ཕུང་པོ་དོར། ཤི་བར་ངོ་ཤེས་འོང་། དེའི་དུས་སུ་འདི་བར་དོར་འདུག་སྙམ་ནས་བླ་མ་དང་གདམས་ངག་དྲན་ནས། ལམ་འོད་གསལ་ལ་གསལ་བའི་ཉམས་དྲན་པས་འབྲས་བུ་མངོན་དུ་བྱེད་ཏེ། བསྐྱེད་རིམ་ལ་གོམས་པ་ཡིན་ཏེ། ཡི་དམ་གང་ཡིན་གྱི་སྐུར་སངས་རྒྱའོ། །རྫོགས་རིམ་ཉམས་སུ་བླངས་པ་ཡིན་ན། བར་དོ་འོད་ཀྱི་ལུས་ཀྱིས་མཁའ་སྤྱོད་དུ་འགྲོ། ཕྱག་རྒྱ་ཆེན་པོའ་དོན་རྟོགས་པ་ཞིག་ཡིན་ན་ཡུམ་ཆོས་ཀྱི་དབྱིངས་ལ་རིག་པའི་ཡེ་ཤེས་ཐིམ་ནས་ཆོས་སྐུར་གྲོལ་བར་འགྱུར་རོ།། །།།།། ན་མོ་རཏྣ་གུ་རུ། ལུས་མེད་རྡོ་རྗེ་མཁའ་འགྲོ་ཡི། །ཆོས་སྐོར་དགུ་ཡི་གདམས་པ་ལས། །རང་གྲོལ་ཕྱག་རྒྱ་ཆེན་པོ་བསྒོམ། །ཞེས་པའི་དོན། ཤེས་བྱ་གཤིས་ཀྱི་འདུག་ཚུལ། སེམས་ཉིད་དངོས་པོའ་གནས་ལུགས། སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པར་གནས་པ་ཡིན་ཀྱང་། སྟོང་པའི་རྩལ་རིག་པར་ཤར། རིག་པའི་རྩལ་སྣང་བར་ཤར། རང་སྣང་ལ་རང་འཁྲུལ་ནས། ཡུལ་ལ་དངོས་པོར་བཟུང་། རང་རིག་རང་ངོ་མ་ཤེས་པས། རང་སེམས་འཛིན་པར་ཤར། གཟུང་འཛིན་གྱིས་འཁོར་བའི་རྨང་རྡོར་བཅུག །སྡུག་བསྔལ་གྲ་རྒྱས་པ་ཐགས་པ་སྦྲུལ་དུ་འཁྲུལ་བ་ལྟ་བུ་སྟེ། ལ་ལས་སྤོང་། ལ་ལས་སྤྱོད། ལ་ལས་བསྒྱུར་ཀྱང་། ཡིན་ལུགས་ཀྱི་སྟེང་དུ་མ་ཕེབས་པས། འཁྲུལ་བ་རང་སར་གྲོལ་བར་མ་ནུས་ཏེ། །ནད་དང་དཔྱད་འཛོལ་བ་ལྟ་བུ་ཡིན་ནོ། །ད་རེས་འདིར་འཁྲུལ་པ་རང་སར་གྲོལ་བར་བྱེད་པ་ཕྱག་རྒྱ་ཆེན་པོའ་དོན་ཡིན་ནོ། །འདི་ལ་གདམས་པའི་གནད་གསུམ་གྱི་དང་པོ་གཟུང་འཛིན་གྱི་རྩ་བ་བཅད་པ་ནི། བདེ་བའི་གདན་ལ་ཅི་བདེ་བར་འདུག་སྟེ། རང་ཡི་དམ་གྱི་ལྷའི་ང་རྒྱལ་གྱིས།
༡༩༢སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་གདབ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཕྱི་རོལ་དང་དོན་ལ་སོགས་པ་གྲུབ་པ་མེད་དེ། རང་སེམས་འཁྲུལ་པའི་སྣང་བ་རྨི་ལམ་གང་ལ་ཐག་རྦད་ཀྱིས་བཅད་དོ། །འོ་ན་སེམས་བྱ་བ་གཅིག་ཡོད་དམ་སྙམ་ན། སེམས་ཀྱང་དྲན་ཙམ། རིག་ཙམ། བཏགས་པ་ཙམ་ཡིན་ཏེ། ཡང་དག་ཏུ་མ་གྲུབ་པར་ཤེས་པར་བྱ། དེ་ཡང་སེམས་ཀྱིས་སེམས་ལ་བལྟས་པས་དབང་པོ་དྲུག་གི་ཡུལ་ལས་འདས་ཞིང་། ཅིའི་ངོ་བོར་ཡང་མ་གྲུབ་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུར་ཤེས་པར་བྱའོ། །གཉིས་པ་འཁྲུལ་སྣང་གི་ཡལ་ག་བྲེགས་པ་ནི། དེ་ལྟར་གཟུང་འཛིན་གཉིས་མ་གྲུབ་པར་ཤེས་པ་དེའི་ངང་ལ་བལྟ་བྱ་ལྟ་བྱེད་དམ། བསྒོམ་བྱ་སྒོམ་བྱེད་ཀྱི་ཤེས་པ་ཐམས་ཅད་དང་བྲལ་ཏེ། སེམས་མ་བཅོས་པར་རང་བབས་སུ་ལྷན་ནེ་འཇོག་པའོ། །གསུམ་པ་རིག་པ་དབྱིངས་སུ་བསྟིམ་པ་ནི། སེམས་རང་སར་མི་གནས་པར། ཡུལ་ལ་རྟོག་པ་འཕྲོ་བའི་དུས་སུ། ཡུལ་རྟོག་དེ་དག་ཀྱང་མི་དགག །རང་རྒྱུད་པར་ཡང་མི་བཟུང་། རྗེས་སུ་ཡང་མི་འཛིན་པར། དྲན་པའི་མེལ་ཚེས་ཡུལ་རྟོག་དེ་ཉིད་ཀྱི་རང་བཞིན་ལ་ཅེར་ཅེར་བལྟས་པས། སྨིག་རྒྱུའི་འཁྲུལ་པ་བདས་པས་གཏོར་བ་ལྟར། རང་བཞིན་མེད་པར་རྗེན་ནེ་གྲོལ་ནས་འགྲོའོ། །དོན་དེ་ལྟ་བུ་ལ་ཡང་ནས་ཡང་དུ་གོམས་པར་བྱས་པས། འཁྲུལ་པ་ཐམས་ཅད་རང་སར་གྲོལ་བ་ནི་ཆབ་རོམ་ཆུར་ཞུ་ཞིང་ཐིམ་པ་བཞིན་ནོ།། །།།།།། ན་མོ་རཏྣ་གུ་རུ། ལུས་མེད་རྡོ་རྗེ་མཁའ་འགྲོ་ཡི། །ཆོས་སྐོར་དགུ་ཡི་གདམས་པ་ལས། །བདེ་ཆེན་གསུང་གི་རིན་ཆེན་ཟུང་། །ཞེས་པའི་དོན། ལུས་ཀྱི་རྩ་ས་ཡ་ཕྲག་བཅུ་གསུམ་འདུས་པའི་བཅུད། །ཐིག་ལེ་བྱང་ཆུབ་ཀྱི་སེམས་ཀུནྡྷ་ལྟ་བུའོ། །དེ་ལ་ཅིའི་ཕྱིར་བདེ་ཆེན་ཞེས་བྱ་ན། རྩ་ནུས་ལྡན་གྱི་སྟེང་དུ་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཕེབས་ནས། ཐབས་དང་མི་ལྡན་པ་ལ་ཟག་བཅས་ཀྱི་བདེ་བ་སྐྱེ་བ་ལ། ཐབས་དང་ལྡན་པ་ལ་ཟག་མེད་ཀྱི་བདེ་བ་ཆེན་
༡༩༣པོ་སྐྱེ་བའི་ཕྱིར་བདེ་ཆེན་ནོ། །གསུང་གཅེས་པ་ན་རླུང་ངོ་། །དེ་ཡང་ཐིག་ལེ་འཕེན་སྡུད་བྱེད་པ་རླུང་གི་ལས་སོ། །རིན་ཆེན་ཇི་ལྟར་འདོད་པ་འབྱུང་བ་སྟེ། ཐབས་དང་མི་ལྡན་པའི་ཐ་མལ་པ་རྣམས་ཀྱིས་ཉོན་མོངས་པ་རང་རྒྱུད་པའི་བདེ་བ་ལ་སྤྱད་པས། འཁོར་བའི་ཆོས་འགྲུབ་པར་བྱེད་ལ། ཐབས་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱིས་དབབ་གཟུང་ཟློག་དང་འགྲེམ་པའི་གནད་ཀྱིས། ཟག་པ་མེད་པའི་བདེ་བ་ལ་ལོངས་སྤྱད་པས། ཐུན་མོང་གི་དངོས་གྲུབ་ཐོབ། མྱ་ངན་ལས་འདས་པའི་བདེ་བ་ལ་ལོངས་སྤྱོད་པའོ། །ཟུང་ཞེས་པ་ནི། ཐིག་ལེ་བསྲུང་བའི་དོན་དེ། ཁམས་ལྔའི་དྭངས་མ་ཞུ་བའི་ཐིག་ལེ་ཉམས་ན། ཡོན་ཏན་གྱི་འཆར་སྒོ་འགགས་པ་ཡིན་པས། ཐབས་དང་ལྡན་པ་རྣམས་ཀྱིས་རྟེན་མ་ཉམས་པར་བྱའོ། །རྟེན་ལ་ཡང་རིགས་གསུམ་སྟེ། ཐ་མལ་གྱི་རྟེན་ནི། ཆང་བཙགས་ཀྱི་སྦང་མ་དང་འདྲ་སྟེ། རྟེན་ཉམས་པ་ནི་ལུས་ལ་ནུས་པ་མེད་པ་ཡིན་ནོ། །སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་རྣམས་ནི། རྟེན་མ་ཉམས་པའི་ལུས་ནུས་ལྡན་དུ་གནས་ཀྱང་། ས་བོན་སྣོད་དུ་ལུས་པའམ། རི་དྭགས་ཀྱི་རྩི་དང་འདྲ་སྟེ། ཐབས་ཁྱད་པར་ཅན་དང་མི་ལྡན་པས་ཡོན་ཏན་སྐྱེ་བར་མི་ནུས་སོ། །གསང་སྔགས་ཐབས་ཁྱད་པར་ཅན་དང་ལྡན་པའི་གདམས་ངག་རྣམས་ནི། རྟེན་ནུས་མཆོག་ཏུ་གྱུར་པ་ཡིན་ཏེ། ལྗོན་ཤིང་ས་ལ་བཙུགས་ནས་ཆུ་ལུད་བྲན་པ་ལྟ་བུའོ། །དེ་ཡང་ས་གཞི་དང་འདྲ་བ་ནི་ཕྱག་རྒྱ་མཚན་ལྡན་ནོ། །ལྗོན་ཤིང་གི་རྩ་བ་འབྲས་བུའི་འབྲས་བུ་ལྟ་བུ་ནི་ཐིག་ལེའོ། །ཆུ་ལུད་བྲན་པ་ལྟ་བུ་ནི་ཐིག་ལེ་བཞུ་བཏུལ་བྱེད་པའོ། །ཤིང་ལས་སྡོང་པོ་དང་། ཡལ་ག་ལས་མེ་ཏོག་དང་འབྲས་བུ་རྒྱས་པ་ལྟ་བུ་ནི་ཐིག་ལེ་ལས་སུ་རུང་བ་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱེད་པའོ། །དེ་ལྟར་ཐིག་ལེ་གཟུང་བའི་ཐབས་ལ་གཉིས་ཏེ། ཆགས་ལམ་པ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་གཟུང་བ་དང་། གྲོལ་ལམ་
༡༩༤པ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་གཟུང་བའོ། །དང་པོ་ནི། ཕྱག་རྒྱ་མཚན་ཉིད་དང་ལྡན་པ། དབང་དང་བྱིན་བརླབས་ཀྱིས་རྒྱུད་སྨིན་པར་བྱས་ལ་བདེ་བའི་སྟན་ལ་འདུག་སྟེ། ཡབ་ཡུམ་ལྷའི་ང་རྒྱལ་དང་ལྡན་པས། མཁའ་གསང་བྱིན་གྱིས་བརླབས་ནས། བརྩེ་བ་དང་གདུང་བའི་སྒོ་ནས་རྩའི་ནུས་པ་རྒྱས་པར་བྱས་ལ། །དེ་ནས་དལ་བུས་སྙོམས་པར་འཇུག་ཅིང་ཐིག་ལེ་རིམ་པས་ཕབ་ལ། བདེ་སྟོང་གི་ཉམས་ལ་གནས་པར་བྱ། མཐར་བདེ་བ་ཤིན་ཏུ་རྒྱས་ནས། ཐིག་ལེ་ཉམས་སུ་ཉེ་བ་ན། འོག་རླུང་དྲག་ཏུ་འཐེན། རྒྱུ་ཞབས་རྒལ་པ་ལ་སྦྱར་ནས་ཧཱུྃ་ཞེས་དབུ་མའི་ནང་ནས་ཡར་དྲག་ཏུ་དྲངས་ནས། བདེ་ཆེན་གནས་སུ་ལྷན་གྱིས་བསྐྱལ་ལོ། །ཤིན་ཏུ་ཐིག་ལེ་རྒྱས་ནས་མི་ཐུབ་ནས་མ་ཟིན་པར་འཆོར་ན། རྩ་དགག་པའི་སྦྱོར་བ་ལ་འབད་པར་བྱའོ། །དེ་ལྟར་རྩ་ནུས་ལྡན་གྱི་སྟེང་དུ། ཐིག་ལེ་ཕབ་ནས་བདེ་བ་ལ་སྟོང་པས་རྒྱས་བཏབ་ཅིང་བདེ་སྟོང་གི་ཉམས་ཡང་ནས་ཡང་དུ་སྤར་ཤིང་། མཇུག་རྡོ་རྗེ་སྐྱིལ་ཀྲུང་གིས་སྟེང་འོག་རླུང་ལན་གསུམ་གཅུད་ལ་བོར་ལ། ཐིག་ལེ་གནས་སུ་ཁྱབ་པར་དགྲམ། རྗེས་ལ་ལུས་སེམས་བཅོས་མེད་ཕྱག་རྒྱ་ཆེན་པོའ་ངང་ལ་བཞག་གོ་།གཉིས་པ་གྲོལ་ལམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ནི། རྣལ་འབྱོར་བདག་ཉིད་ཀྱིས་ཡི་དམ་ལྷ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསལ་བར་བསྐྱེད་ལ། མཁའ་གསང་བྱིན་གྱིས་བརླབས་ནས། དལ་བུས་སྙོམས་འཇུག་བྱེད་པར་བསམ་ཞིང་། ལག་པའི་འདུ་བྱེད་ཀྱིས་ཐིག་ལེ་ཕབ། བདེ་བའི་རོ་རློད་པ་དང་། སྟོང་པས་རྒྱས་བཏབ། རྩ་ནུས་ལྡན་གྱི་སྟེང་དུ་ཐིག་ལེ་ཕེབ་པའི་ཚེ། བདེ་སྟོང་གི་ཉམས་ལ་མ་ཡེངས་པར་བྱས་ལ། འོག་རླུང་འཐེན་ལ་ཧཱུྃ་གིས་དྲག་ཏུ་དྲང་། མིག་ནམ་མཁའ་ལ་བགྲད། ལུས་དྲག་ཏུ་བསྒྲིམ། དེས་ཀྱང་མ་ཟིན་ན་རྩ་དགག་པའི་སྦྱོར་བ་བྱ། དེ་ནས་སྔར་བཞིན་དུ་ཐིག་ལེ་དགྲམ་པ་དང་། རྗེས་མ་བཅོས་པར་འཇོག་པ་
༡༩༥རྣམས་བྱའོ། །ལུས་མེད་མཁའ་འགྲོའི་གསང་བའི་ཚིག །ཆོས་སྐོར་དགུ་ཡི་གདམས་པ་འདི། །ཏཻ་ལོ་ཞེས་བྱའི་རྣལ་འབྱོར་པས། །ཚངས་པའི་གསུངས་རང་ཡི་གེར་བཏབ། །འཕྲི་བསྣན་མེད་པ་གནད་ཀྱི་གསང་། །གཅིག་བརྒྱུད་དག་ཏུ་གདམས་པ་ཡིན། །ཡང་དག་པའི་གདམས་པ་ཟབ། །།།།། རྒྱ་གར་གྱི་གྲུབ་ཐོབ་ཏེ་ཕུ་པ་གསང་སྔགས་སྡོང་པོ་ལ། བོད་ཀྱི་རྣལ་འབྱོར་པ་རས་ཆུང་རྡོ་རྗེ་གྲགས་པས་ཞུས་ཤིང་བོད་དུ་སྤྱན་དྲངས་པའོ། །

༄༅། །ལུས་མེད་མཁའ་འགྲོའི་བསྙན་བརྒྱུད་ཀྱི་མན་ངག་གི་ཁྲིད་ཡིག་བཞུགས་སོ༎ ༎ ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཡི་སྙིང་པོའོ།

༡༩༧ ལུས་མེད་མཁའ་འགྲོའི་བསྙན་བརྒྱུད་ཀྱི་མན་ངག་གི་ཁྲིད་ཡིག་བཞུགས་སོ།། །།
ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཡི་སྙིང་པོའོ། །
༡༩༨ན་མོ་ཛྙཱ་ན་ཌཱ་ཀི་ནཱི་བྷྱེཿ ལུས་མེད་མཁའ་འགྲོའི་མན་ངག་བསྒོམ་པར་འདོད་པས། གནས་ཡིད་དང་མཐུན་པར་མན་ངག་རིག་པའི་བླ་མས་ལས་སྤྲོས་བཅས་ཀྱི་དབང་ཞུས་ཏེ། སྟན་བདེ་བ་ལ་རྡོ་རྗེའི་ཆོས་དྲུག་གིས་འདུག་ལ་ཐོག་མར་ཚད་མེད་པ་བཞི་བསྒོམ་པར་བྱའོ། །དེ་ནས་སྐད་ཅིག་གིས་རང་ཧེ་རུ་ཀར་གསལ་གདབ་རིགས་བདག་བླ་མ་ཡབ་ཡུམ་གྱི་བདེ་ཆེན་ཐིག་ལེའི་རྒྱུན་རྩ་གནས་ཐམས་ཅད་དུ་ཁྲིད། བདེ་གསལ་སྤྲོས་བྲལ་དབང་བཞིའི་དོན་ལ་བློ་བཞག་ཅིང་ཐུན་མཚམས་སུ་གསོལ་བ་གདབ་པ། མཎྜལ། གཏོར་མ་སྦྱིན་སྲེག་གི་རྣལ་འབྱོར་རྣམས་བྱ་སྟེ། སྨིན་གྲོལ་སེམས་ཀྱི་རྒྱ་མདུད་གཞིག་པའི་མན་ངག་གོ། །སླར་ཡང་སྤྲོས་མེད་ཐིག་ལེའི་དབང་ཐོབ་ནས། ལུས་ཙོག་པུ་ཡི་འདུག་སྟངས་བཅས་ཏེ་བུམ་རླུང་གི་སྦྱོར་བས་དྲོད་བསྐྱེད། ཨ་ཤད་ཀྱི་མེ་ལྕེ་སྙིང་གར་དྲངས་པ་ཧཾ་བདུད་རྩིའི་རྒྱུན་དང་འདྲེས་པའི་བདེ་བས་ལམ་སྦྱངས་ཏེ། ཤུ་ཀྲ་སྤེལ་བསྲུང་ལ་གདན་དུ་གཏོང་བའི་མན་ངག་གིས་བརྒྱན་པར་བྱ་བ་དམ་ཚིག་རང་སེམས་མེ་ལོང་ལྟ་བའི་མན་ངག་གོ་།རྩ་གསུམ་འཁོར་ལོའ་རྩ་མདུད་རྩ་ཕྲན་དང་བཅས་པ་དག་པར་བྱེད་པར་འཁྲུལ་འཁོར་གྱི་གནད་དང་། རླུང་བཅུའི་འཛིན་
༡༩༩སྟངས་ཀྱི་སྦྱོར་བ་ཟབ་མོའ་གནད་ལམ་དུ་བྱ་བ་གེགས་བསལ་བ་དང་། བོགས་འདོན་པ་དམིགས་པ་རྣོན་པོས་བརྒྱན་ཏེ་རྩ་རླུང་དྲྭ་མིག་འཁོར་ལོ་བསྐོར་བའི་མན་ངག་གཉིས་པོ་འདི་ནི་རང་ལུས་ཀྱི་མན་ངག་བདག་བྱིན་གྱིས་བརླབ་པའོ། །དེ་ནས་རིག་མའི་བདེ་དབང་ཐོབ་པར་བྱས་ལ། དངོས་སམ་བཏགས་པའི་རིག་མ་བསྟེན་ལ། བདེ་བ་བསྡུ་བ། བདེ་བ་བཟུང་བ། བདེ་བ་དྲང་བ། བདེ་བ་དགྲམ་པའི་རླུང་སྦྱོར་འཁྲུལ་འཁོར་བླ་མའི་མན་ངག་གི་གནད་ངེས་པས་བསྒོམ་པར་བྱ་བའི་དམ་རྫས་རྟོགས་པའི་ཉི་མ་བདེ་བའི་མན་ངག་ཤ་ཆེན་པོ་དང་། ཁྲག་དང་། ཁུ་བ། སྨན་དང་། ཆུ་བསྟེན་པའི་ཐབས་ཀྱིས་བདེ་བ་ཆེན་པོའ་ཉམས་བརྟེན་པར་བྱ་ཞིང་། སྣང་སྲིད་ཐམས་ཅད་བདེ་ཆེན་རོ་མཉམ་དུ་བསྒོམ་སྟེ། བདེ་ཆེན་གསུང་གི་རིན་ཆེན་བཅང་བའི་མན་ངག་གོ། །འདི་དག་ནི་གཞན་ལུས་ཀྱི་མན་ངག་དཀྱིལ་འཁོར་གྱི་ཚོགས་སྒྲུབ་པའོ། །སླར་ཡང་གཉུག་མའི་བརྡ་དབང་ཞུས་ལ། རང་སར་རང་གློད་དེད་སོ་མ་ལྷུག་པ་དྲན་མེད་དུ་བཞག་ལ་ཞི་ལྷག་དབྱེར་མེད་ཀྱི་རྟོགས་པ་ཐོབ་པར་བྱ་སྟེ། རང་གྲོལ་ཕྱག་རྒྱ་ཆེན་པོ་ལྟ་བའི་མན་ངག་གོ། །མཚན་མོ་རྨི་ལམ་འོད་
༢༠༠གསལ་དུ་བཞུགས་པའི་ཐབས་བདེ་གསལ་མི་རྟོག་གི་གནད་དང་ལྡན་པར་བྱ་བ་རིག་པ་ཡེ་ཤེས་ཀྱི་སྒྲོན་མེ་བལྟམས་པའི་མན་ངག་སྟེ་གཉིས་པོ་འདི་ནི་ཕྱག་ཆེན་གྱི་མན་ངག་མཆོག་སྒྲུབ་པའོ། །སྣང་གྲགས་ཀྱི་ཆོས་ཐམས་ཅད་ལ་བཟང་ངན་ལེགས་ཉེས་ཀྱི་འཛིན་པ་སྤངས་ཏེ་བུ་ཆུང་ལྟར་བྱ་བ་སྤྱོད་པ་ཆུ་ལ་རལ་གྲི་འདེབས་པའི་མན་ངག །ཕྱི་འབྱུང་བ་དང་། ནང་བདུད་རྩི། གསང་བ་རྩ་རླུང་། མཐར་ཐུག་ཏིང་ངེ་འཛིན་ཕྱི་རོ་བཟང་ངན་སྤང་བླང་མེད་པར་རོ་མཉམ་སྟེ། རོ་སྙོམས་ཕྱིའི་མེ་ལོང་ལྟ་བའི་མན་ངག་གོ། །འདི་དག་ལམ་ཁྱེར་གྱི་མན་ངག་སྟེ། ལམ་ཁྱེར་ཕྱག་ཆེན་གཞན་ལུས་རང་ལུས་སྨིན་བྱེད་ཀྱི་ཨུ་པ་དེ་ཤ་ལྔར་བསྡུས་ཏེ་རྩ་བ་ལྔ་ཡན་ལག་བཞི་ཞེས་བྱའོ། །ཁྲིད་ཀྱི་ཡི་གེ་འདི་ཤིན་ཏུ་གཅེས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། དེའི་ཞལ་ཤེས་བཞུགས་སོ། །མན་ངག་འདིའི་ཞལ་ཤེས་ཡི་གེ་མེད་པ་འདི་ནི་ཁ་ཟས་སྤྱོད་ལམ་གྱིས་སྤེལ་བ་དང་། དྲན་པ་རྒྱུན་ཆགས་ཀྱིས་བསྲུང་བ་ཐིག་ལེའི་མན་ངག་གོ། །པདྨའི་འདུག་སྟངས་པུས་མོ་སར་མི་རེག་པ་ལ་གནས་ནས། གཡས་ཀྱི་སྡིགས་མཛུབ་སྣ་རྩེར་བཙུགས་ལ། ལག་གཡོན་རྒྱབ་ནས་གཡས་ཀྱི་བར་ལྷུ་ལ་འཇུས་ཏེ། ལུས་གཡོན་དུ་ཅི་ནུས་ཀྱིས་བཅུད་པར་བྱ་ཞིང་། དེ་ཉིད་བཟློག་སྟེ་གཡས་སུ་གཅུའོ། །སླར་ལག་གཉིས་རྒྱབ་ནས་བསྣོལ་ལ་བར་ལྷུ་བཟུང་སྟེ་རྐེད་པ་དྲག་ཏུ་སྐོར་བ་གཡས་གཡོན་དུའོ། །ཡང་ལག་པ་རྡོ་རྗེ་ཁུ་ཚུར་པུས་མོ་སོ་སོའ་སྟེང་དུ་བརྐྱང་ལ་ལུས་དྲག་ཏུ་བསྒྲིམ་མོ། །བུམ་ཅན་གྱི་རླུང་དང་སྤྲད་དེ་རླུང་ཁུག་གཅིག་ཏུ་འཕུར་བསུབ་གཅུད། །བསྐོར་བ། བརྒྱང་བ། སྤྲུག་ལྔ་རྫོགས་པར་བྱ་སྟེ། འཁྲུལ་འཁོར་གྱི་གནད་དོ། །གསང་བ། ལྟེ། སྙིང་། མགྲིན། མགོ་ལྔ་དང་། མགྲིན། མགོ། གསང་། ལྟེ། ཕྱི་རྣམས་སུ་སྲོག་བཟུང་བ་ནི། ཐུར། མཉམ། སྲོག །གྱེན། ཁྱབ་ལྔ། རང་གནས་སུ་འཛིན་པ་དང་། གོ་བཟློག་ཏུ་འཛིན་པ་སྟེ་བཅུའོ། །མིག་སོགས་ལྔར་བཟུང་བ་ནི་རྒྱུ་སོགས་ལྔ་སྟེ། བཅོ་ལྔ་པོ་འདི་ནི། རླུང་སྦྱོར་ཏེ།
༢༠༡འཁོར་ལོ་ལྔ། སྒོ་ལྔར། རིགས་ལྔའམ། ས་བོན་ལྔའམ། ཕྱག་མཚན་ལྔ་བཀོད་དེ། སེམས་གཏད་པ་དམིགས་པའོ། །སེམས་དཔའི་སྐྱིལ་ཀྲུང་ས་གནོན་ལ་ལུས་དལ་གྱིས་བསྒུལ་ཏེ། འོག་རླུང་དང་སྤྲད་དོ། །ཡཀྵ་མུ་ཁ་བསྒགས་ཏེ་བར་རླུང་སྦྱང་ངོ་། །རྡོ་རྗེ་བསྡམས་པ་སྤྱི་བོར་བཟློག་ལ་བཟླའོ། །ལུས་གློད་དེ་ཚར་ཆོད་པར་སྤྲུགས་ཏེ། སྦལ་ཆེན་གྱི་འགྲོ་སྟངས། མཚོ་ཆེན་གྱི་བསྐྱིལ་སྟངས། ཁྲོ་ཆེན་གྱི་བཞད་སྟངས། ས་ཆེན་གྱི་གཡོ་སྟངས་ཤེས། བཞི་པོ་འདི་བདེ་བ་བསྡུ་སོགས་ལའོ། །དབང་དང་རྫས། བསྟེན་པའི་ལག་ལེན་མཐོང་བ་བརྒྱུད་པ་ལས་རག་གོ །གཙིགས་ཀྱི་རྒྱ་མདུད་ཅན་ཟབ་ལམ་རས་ཆུང་པ་དང་། ཤྲཱི་དྷརྨ་ཀཱིརྟི་ལས་བརྒྱུད་དོ། །སྒམ་པོ་པའི་ཡིག་ཆུང་འདི་ཁོ་ན་ལྟར་སྣང་ངོ་། །ཟབ་ལམ་ཟབ་མོའ་དོན་དང་མཐུན་པར་བྲིས། །ཌཱ་ཀིའི་ཚོགས་རྣམས་མི་དགྱེས་མ་མཛད་ཅིག །རྒྱ་གུ་ཧྱ།

༄༅། །རྗེ་བཙུན་ལྷོ་བྲག་པའི་ཁྱད་པར་གྱི་གདམས་པ་སྙན་གྱི་ཤོག་དྲིལ་བཞིའི་ལོ་རྒྱུས་གཞུང་ལྷན་ཐབས་དང་བཅས་པ་བཞུགས་སོ༎ ༎

༢༠༣རྗེ་བཙུན་ལྷོ་བྲག་པའི་ཁྱད་པར་གྱི་གདམས་པ་སྙན་གྱི་ཤོག་དྲིལ་བཞིའི་ལོ་རྒྱུས་གཞུང་ལྷན་ཐབས་དང་བཅས་པ་བཞུགས་སོ།། །།
༢༠༤ན་མོ་གུ་རུ། རྗེ་བཙུན་མར་པ་ལྷོ་བྲག་པའི་ཁྱད་པར་གྱི་གདམས་པ་སྙན་གྱི་ཤོག་དྲིལ་བཞིའི་ལོ་རྒྱུས་མི་བླ་མ་འདི་ལ་སྤྱིར་རྒྱ་གར་ན་བླ་མ་མང་དུ་བཞུགས་ཀྱང་། ཁྱད་པར་དུ་དྲིན་ཆེ་བ་ནཱ་རོ་མཻ་ཏྲི་གཉིས་ཡིན་སྐད། དེ་ལ་དང་པོ་རྒྱུད་གདམས་པ་མང་དུ་གསན་ཞིང་། དབང་རྫོགས་པར་ཞུས་ནས་བོད་དུ་བྱོན་པའི་ཚེ། གུང་ཐང་གི་མི་ལ་ཐོས་པ་དགའ་ཞེས་བྱ་བ་སྒྲུབ་སེམས་དང་སྙིང་རུས་སུ་འཛོམས་པ་གཅིག་གིས་གདམས་ངག་ཞུར་འོང་སྟེ། ལུས་ངག་གི་ཞབས་ཏོག་གིས་མཉེས་པར་བྱས་པ་ལ། བླ་མས་ཀྱང་གསང་སྔགས་བླ་ན་མེད་པའི་རྫོགས་རིམ་གྱི་སྙིང་པོ་གཏུམ་མོ་ཨ་ཐུང་གི་གདམས་པ་གནང་ནས། འབད་རྩོལ་དྲག་པོས་བསྒོམས་ཀྱང་དྲོད་རྟགས་ཡོན་ཏན་འཆར་དུ་མ་བཏུབ་ནས། སླར་ཡང་བླ་མ་ལ་སྤྱི་བོ་རྟོལ་བསྐྱེད་ནས་ཞུས་ཏེ། ཁྱེད་ཀྱིས་རྒྱ་གར་ལྟ་བུར་བྱོན་ཞིང་། ནཱ་རོ་མཻ་ཏྲི་ལ་སོགས་པའི་བླ་མ་བཟང་པོ་མང་དུ་བསྟེན་པ་ལ། ཡུན་རིང་པོར་བསྒོམ་བསྒྲུབ་བྱ་མི་དགོས་པའམ། དེ་བས་ཀྱང་མ་བསྒོམས་པར་སངས་རྒྱས་པའི་གདམས་ངག་ཟབ་མོ་ཞིག་ཡོད་པར་ངེས་པས་ཐུགས་ལ་འདོགས་པར་ཞུ། སྒོམ་ཡུན་རིང་དུ་བྱས་པའམ། ཡུན་རིང་དུ་འབད་རྩོལ་དྲག་པོས་ཉམས་ལེན་བྱས་
༢༠༥པས་སངས་རྒྱས་པའི་གདམས་པ་ཏེ་སྔ་གོང་ནས་འགྱུར་ཡོད་བྱས་པས། བླ་མའི་ཐུགས་ཀྱིས་དགོངས་ནས་ཀྱང་ཁོ་བདེན་པར་འདུག་སྙམས་ནས། སླར་ཡང་རྒྱ་གར་དུ་བླ་མ་རྣམས་ལ་བཀའ་དྲིན་དང་རྗེས་སུ་མཐུན་པའི་བསྙེན་བཀུར་དུ་བྱོན་ནས། སྔ་མ་ལྟར་ཞུ་བ་མཛད་དེ། བོད་དུ་འོང་བའི་དུས་སུ། རྗེ་ནཱ་རོ་པས་རྩ་རླུང་དྲྭ་མིག་འཁོར་ལོ་དང་འཕོ་བ་སྤྱི་བརྡོལ་གཉིས་གནང་སྟེ། སྔགས་ཐབས་ལམ་གྱི་མཐར་ཐུག་འདི་གཉིས་ཡིན་པས། འདི་ལྟ་བུའི་གདམས་པ་རྒྱ་གར་ན་ཡང་དཀོན་པར་ཡོད་པས་ཁྱོད་རང་ལ་ཡང་རྒྱུས་ཡོད་མོད། ཁྱེད་ཀྱིས་བོད་བློ་ཆུང་ལ་ཐེ་ཚོམ་ཆེ་བས། ཀུན་ལ་བསྟན་དུ་མི་རུང་། གང་ཟག་གི་སྣོད་ལེགས་པར་བརྟགས་ནས་སྦྱིན་དགོས་པ་ཡིན་གསུང་། མངའ་བདག་མཻ་ཏྲི་པས་བར་དོ་བློ་ཆོད་དང་། ཕྱག་རྒྱ་ཆེན་པོ་ཚིག་བསྡུས་ཀྱི་གདམས་པ་གཉིས་གནང་ནས། འདི་གཉིས་ཀུན་ལ་བསྟན་པ་བྱ་བའི་ཆོས་མིན་པས། གང་ཟག་སྐལ་ལྡན་གཅིག་ལ་བཀའ་རྒྱ་དང་བཅས་ཏེ་ཆོས་གཏོད་ཅིག་གསུང་། བླ་མ་མར་པས་ཀྱང་སྔར་གྱི་གདམས་པ་རྣམས་ལས་ཁྱད་པར་འཕགས་ཤིང་བླ་མས་ཀྱང་ཐུགས་ལ་མཆོག་ཏུ་བཏགས་པར་གཞིག །གདམས་པའི་ཡི་གེ་རྣམས་ཤོག་དྲིལ་དུ་བྱས་ནས་མགུལ་དུ་བཏགས་ཏེ། ཀུན་ལ་
༢༠༦མ་བསྟན་ཏོ། །དུས་ཕྱིས་དོལ་གྱི་མཚུར་སྟོན་དབང་ངེ་ཞེས་པས་ཞབས་ཏོག་ཆེར་བྱས་ནས་ཞུ་བ་དྲག་ཏུ་ཕུལ་ཏེ། བདག་ངེས་པར་འཁོར་བ་ལ་སྐྱོ་བ་སྐྱེས་པ་ཞིག་ཡིན་པས་གདམས་པ་ཚེགས་ཆུང་ལ་དོན་ཆེ་བ་ཞིག་ཐུགས་ལ་འདོགས་པར་ཞུ་ཟེར་བས། མར་པའི་ཐུགས་དགོངས་ལ། ག་རེ་འདི་ལྟ་བུའི་གདམས་པ་ཟབ་མོ་ཀུན་ལ་སྦྱིན་ན་བླ་མའི་བཀའ་རྒྱ་ཡོད། བུ་དར་མ་མདོ་སྡེ་ལ་གཅིག་བརྒྱུད་དུ་གཏད་རྒྱུ་ཡིན་ཏེ་ཁོང་ནི་གྲོངས་ནས་མི་བཞུགས། མི་ལ་རས་པ་ཡང་ཞུར་མ་བྱུང་། ད་ཡང་གདམས་པ་ཟབ་མོ་དུར་དུ་ཁྱེར་བ་ལ་དགོས་པ་ཅི་ཡང་མེད། ཇོ་བོ་མཚུར་སྟོན་འདི་དད་གུས་ཀྱང་ཆེ། སྔགས་ཀྱི་ཆོས་ལ་བློ་ཡང་ཁེལ། ཉམས་སུ་ལེན་ངེས་ཤིག་འདུག །འདི་ལྟ་བུ་ལ་གདམས་པ་མ་བྱིན་ན་ཆོས་ལ་སེར་སྣ་བྱས་པ་དང་། དད་པ་ཅན་སུན་ཕྱུང་བའི་ཉེས་པ་འོང་སྙམས་ནས་ཤོག་དྲིལ་བཞི་པོ་འདི་གཏད་དེ། ཁྱེད་ཀྱང་གང་ཟག་སྐལ་ལྡན་ཏུ་འདུག་པས། ངས་གདམས་པ་འདི་སྙིང་ཕྱུང་ནས་བྱིན་པ་ཡིན་གྱིས། གཅེས་པར་ཟུང་ལ་སུ་དགའ་དགའ་ལ་མ་སྟེར། གང་ཟག་སྣོད་ལྡན་བྱུང་ན་བཀའ་རྒྱས་ཐོབ་ལ་བྱིན་གསུང་ངོ་། །མཚུར་དབང་ངེས་འཕོ་བ་སྤྱི་བརྟོལ་ཅེས་པ་སྐུ་མཆེད་ལ་གནང་། དེ་འཛའ་ཕུ་རྒྱ་གར་ལ། དེས་སྟོད་ལུང་འགའ་རས། དེས་སློབ་དཔོན་ཉི་མ་ལུང་བ། དེས་བདེ་གཤེགས་རིན་པོ་ཆེ་སྟེ། སྟེང་སྒོ་ལ་རྟགས་ཐོན་པ་ཤ་སྟག་བྱོན། བརྒྱུད་པ་མི་གསང་བར་གདའོ། །གཞན་ཤོག་དྲིལ་གསུམ་པོ་མ་གནང་བར་ཡོད་པ་ལ། བླ་མ་ལ་རས་ཆུང་པའི་སློབ་མ་གཅིག་གིས་མཚུར་སྟོན་དབང་ངེལ་ཤོག་དྲིལ་བཞིའི་གདམས་པ་ངོ་མཚར་ཅན་ཡོད་བྱ་བ་ཐོས་ནས། སེང་གེ་སྣ་བྱ་བའི་གཡུ་རྡོག་རྟ་སུམ་བརྒྱ་རི་བ་གཅིག་ཕུལ་ཏེ་ཞུ་བ་དྲག་ཏུ་ཕུལ་བས་ཐུགས་ལ་བཏགས་ཏེ། ཤོག་དྲིལ་བཞི་པོ་ལེགས་པར་གནང་ནས་ངས་ཤི་བར་དུ་གཞན་ལ་གསང་ཞིག་བྱ་བའི་བཀའ་རྒྱ་བཏད་དོ། །ཞུ་བ་པོ་དེ་སྙག་སྒོམ་དགོས་ཆུང་བ་ཡིན་པར་གདའ། ཁོང་དང་དྭགས་པོ་མདོ་རྩེ་གསུང་གླེང་བྱུང་བ་ན། མཚུར་དབང་
༢༠༧དེའི་ཤོག་དྲིལ་བཞི་བྱ་བ་དེ་ང་ལ་ཡོད་ཟེར། འོ་ན་ང་དང་ཁྱེད་སྔོན་ཆད་མཆེད་གྲོགས་ཡིན་ཏེ་ཕྱིན་ཆད་རྩ་བའི་བླ་མར་འཛིན་པས་ཅིས་ཀྱང་ཞུ་བྱས་ནས་ཞུས་ཏེ་ནན་ཏན་བྱས་པས། སྙག་སྒོམ་གྱི་ཞལ་ནས། ང་དང་ཁྱེད་མཆེད་གྲོགས་སྙིང་དང་འདྲ་བ་ཡིན་པས་སྦྱིན་གྱིས། འདི་ལ་ཞུས་བྱ་བ་མ་ཟེར། གར་དགར་ཡང་མ་སྦྱིན་བརྒྱུད་པ་ཡང་མ་བཅད་གསུང་ངོ་། །དྭགས་པོ་མདོ་རྩེའི་སྤྱན་སྔར་སློབ་དཔོན་ཉི་མ་ལུང་པས་བཀའ་བཞིའི་གདམས་པ་ཞུར་ཕྱིན་པའི་ཚེ། ཁོང་གི་ཞལ་ནས། བླ་མ་མར་པ་དེ་ལ་གདམས་པ་ཁྱད་པར་ཅན་མང་པོ་ཡོད་པར་གདའ་སྟེ། ཇོ་སྲས་མདོ་སྡེ་ལ་སྦྱིན་པར་དགོངས་ནས་ཀུན་ལ་མ་གནང་བ་འདྲ། སྲས་གྲོངས་མ་ཐག་ཏུ་ཁོང་རང་ཡང་སྐུ་གཤེགས་ནས་གདམས་པ་རིམ་གཅིག་བཀའ་ཆད་པའི་རིགས་སུ་འདུག །དོལ་གྱི་མཚུར་སྟོན་དབང་ངེ་ལ་ཤོག་དྲིལ་བཞི་བྱ་བ་གཞན་ལ་མ་གནང་བ་ཞིག་གནང་ཡོད་པར་གདའ། གཞུང་གི་མེས་སྟོན་ཚོན་ཆུང་བ་ལ་བསྲེ་བ་གསུམ་གྱི་གདམས་ངག་བྱ་བ་གནང་ཡོད་པར་གདའ་གསུང་། དེ་ཀུན་ལ་ཆོས་ཅི་འདྲ་ཡོད་དམ་ཞུས་པས། ཤོག་དྲིལ་བཞི་པོ་དེ་ལ་འཕོ་བ་སྤྱི་བརྟོལ། རྩ་རླུང་དྲྭ་མིག་འཁོར་ལོ། །བར་དོ་བློས་ཆོད། ཕྱག་རྒྱ་ཆེན་པོ་ཚིག་བསྡུས་བྱ་བ་ཡོད་པར་གདའ་གསུང་། བསྲེ་བ་སྐོར་གསུམ་བྱ་བ་དེ། ཆང་དང་བསམ་གཏན་བསྲེ་བ། གཉིད་དང་བསམ་གཏན་བསྲེ་བ། ཐིག་ལེ་དང་བསམ་གཏན་བསྲེ་བ་བྱ་བ་ཡོད་པར་གདའ་གསུང་། རྗེ་བཙུན་གྱིས་མཁྱེན་ཏེ་འོངས་པས་ཞུ་དགོས་བྱས་པས། ངས་མི་ཤེས་གསུངས་ནས་ཞལ་འཛུམ་འཛུམ་མཛད་ཅིང་འདུག་གསུང་སྐད། དེར་མཁྱེན་པར་ཤེས་ནས་ཞུ་བ་དྲག་ཏུ་ཕུལ་བས། ཤོག་དྲིལ་བཞི་པོ་ལེགས་པར་གནང་སྟེ་སུ་ལ་ཞུས་དྲིས་པས་བརྒྱུད་པ་གསང་བར་གདའ་གསུངས་ནས་ཟློ་རུ་མ་བཏུབ། །ཕྱིས་རྩད་བཅད་པས་སྙག་སྒོམ་ལ་ཞུས་པར་གདའ་གསུང་། སློབ་དཔོན་དྭགས་པོའ་ཞལ་ནས་ངའི་གདམས་པ་ཉི་འོག་གི་རྒྱལ་ཁམས་ན་ཟབ་པ་འདི་ལྟ་བུ་ཞུ་བ་ལ། ཡོན་ཏུ་བརྒྱ་འབུལ་ཡན་ཆད་རེ་མེད་པས་མི་འཐོབ་གསུང་
༢༠༨པ་ལ། དེ་དུས་ཟང་ཟིང་གི་དངོས་པོ་འབུལ་རྒྱུ་མེད་པས་གདུང་ཁང་མཐོ་བཅུ་མ་གཅིག་ཕུལ་ནས་ཞུས་གསུངས་སོ། །སློབ་དཔོན་ཉི་མ་ལུང་པས། སྟོད་ལུང་འགའ་རས་ལ་འཕོ་བ་སྤྱི་བརྟོལ་གྱི་གདམས་པ་ཞུར་བྱོན་པ་ལ། ཡོན་ཏུ་གསེར་སྲང་རེ། ཚོགས་ཀྱི་ཡོ་བྱད་ལ་ཤ་ཁོག་རེ་རེ། ཤེས་རབ་ཀྱི་རྫས་དང་བཅས་པ་དགོས་ཤིང་གདའ་བ་ལ། ཆ་རྐྱེན་ནི་མེད། ཆོས་ལ་གདུང་བ་དྲག་པོ་ནི་ཡོད་པས། ཕྲུག་ཕྱམ་བཟང་པོ་གཅིག་གིས་སྣ་དྲངས་པའི་ཁོང་རང་གི་ན་བཟའ་ལུས་གང་ཅི་ཡོད་ཕུལ་ནས་ཞུས་པས་གནང་སྟེ། རྗེས་ལ་ཁྱེད་དགེ་སློང་ཆོས་གོས་དང་བྲལ་བ་དེ་མི་རུང་གསུངས་ནས་ཤམ་ཐབས་སྐུ་རགས་རྣམས་གཏད་དོ། །དེ་ལ་བདེ་གཤེགས་རིན་ཆེན་གྱིས་ཞུས་ཏེ་ཁོང་སྒ་འདྲའི་ཆབ་ཚན་ཁར་བཞུད་པའི་ལམ་དུ་བསྙེན་བཀུར་མཛད་པའི་ཚེ་ཤོག་དྲིལ་བཞིའི་གསུང་གླེང་བྱུང་ནས་མོས་པ་དྲག་པོ་སྐྱེས་ཏེ། དེ་མ་ཐག་ཏུ་ཚོགས་འཁོར་བཤམས། ན་བཟའ་ཕྲུག་ཕྱམ་བཟང་པོ་གསེར་སྲང་གང་རི་བ་ཞིག་ཡོད་པ་སྐུ་ནས་ཕུད་དེ་ཕུལ་བས་དགྱེས་བཞིན་དུ་གནང་སྟེ། འཕོ་བ་སྤྱི་བརྟོལ་མ་བཀའ་རྒྱས་མ་བཏབ། གཞན་གསུམ་པོ་ང་མ་ཤིའི་བར་དུ་ཡོད་སྐད་ཀྱང་མ་ཟེར། དེ་ནས་ཁྱེད་རང་གི་ཐུགས་དགོངས་དང་སྦྱོར་མཛོད་གསུངས་སོ། །དེ་ལ་བདག་གིས་ཞུས་ཏེ། ཞུ་བའི་མཆེད་གྲོགས་དགེ་སློང་སྒྲུབ་པ་པོ་བྱ་བ་འདི་དག་གིས་ཆོས་འདིའི་སྙན་པ་ཐོས་ནས་ཁོང་རང་གི་གོས་ཕྱ་རུ་བཟང་པོ་གཅིག་གིས་སྣ་དྲངས་པའི་ཞུ་རྟེན་ལན་གསུམ་དུ་ཕུལ་ནས། ལན་གསུམ་དུ་ཞུ་བ་དྲག་པོ་བྱས་པས་ཕྱི་མ་ལ་གནང་། བདག་ཀྱང་དེ་དང་དུས་འཛོམ་སྟེ། ཞལ་གདམས་དང་བཅས་པ་བདག་གཅིག་པུ་ལ་གནང་སྟེ་གཞུང་ཆུང་གཉིས་གདམས་ངག་དང་བཅས་པའི་ལོ་རྒྱུས་སོ། །ད་ནས་རུས་ཕྱིས་འདི་སྙམ་དུ་འཕོ་བ་སྤྱི་བརྟོལ་དང་། ཕྱག་རྒྱ་ཆེན་པོ་ཚིག་བསྡུས་གཉིས་ལ། ནཱ་རོ་མཻ་ཏྲི་ཉིད་ཀྱིས་མཛད་པའི་རྩ་བ་རྒྱ་གར་མ་རེ་རེ་འདུག་པས། གཞན་གཉིས་ལ་མི་འོང་བ་ཇི་ལྟར་ཡིན་སྙམ་ནས་ཡོད་ཙམ་ནས། རྩ་རླུང་དྲྭ་
༢༠༩མིག་གི་འཁོར་ལོ་དང་། བར་དོ་བློས་ཆོད་གཉིས་ཀྱི་རྩ་བ་རྒྱ་གར་མ་གཉིས་པོ་བླ་མ་སུམ་པ་རས་པའི་ཕྱག་ནས་བྱོན་ཏེ་ཤོག་དྲིལ་མ་བུ་ལེགས་པར་འགྲིགས་པར་གྱུར་ཏོ། །ཁོང་ལ་ཡང་སྔར་ཞལ་གདམས་མི་བཞུགས་པར་འདུག །རྩ་བའི་ཤོག་དྲིལ་ཕྱི་མོ་རྗེ་བཙུན་མར་པའི་སྐུ་དྲེག་ཅན་མཚུར་གྱིས་སྙག་སྒོམ་ལ་གནང་མ་ཐག་ཞལ་གདམས་རྣམས་ཐུགས་ལ་ལེགས་པར་ལོན་ཏེ། རྩ་བ་ཅུང་ཟད་མ་ལོན་པ་ལ། གྲུབ་ཐོབ་དབུས་རས་བྱ་བ་ལྡོམ་བུ་ལ་བྱུང་ནས་མགུར་ལེན་ཅིང་འདུག་པས་གསན་ནས་སྣང་བ་འགྱུར་ཏེ། དེ་མ་ཐག་ཏུ་ཤོག་དྲིལ་མགུལ་ནས་བཅད་ནས་ཕུལ། ཕྱིས་དྭགས་པོ་མདོ་རྩེ་ལ་ཐུགས་ནས་གནང་བ་ཡིན་པར་གདའ། དབུས་རས་ཀྱི་ཤོག་དྲིལ་ཕྱི་མོ་གཞན་སུ་ལ་མ་བསྟན་པར་སྲས་ལ་གཅིག་བརྒྱུད་དུ་གནང་། དེ་ལ་བླ་མ་སུམ་རས་ཀྱིས་ཟླ་བ་དྲུག་གི་བར་དུ་བསྙུན་གཡོག་དང་སྨན་བཅོས་བྱས་ཏེ། སྐུ་སྲོག་བཏོན་པས་དྲིན་ལན་ཏུ་ཤོག་དྲིལ་གྱི་གདམས་པ་གནང་སྟེ། ཁྱེད་ཀྱིས་ཕྱག་དཔེ་སྙིང་པའི་སྟེང་ནས་གཅིག་བཤུས་ལ་ང་ལ་ཞོག་ལ་ཁྱེད་རང་གདན་དྲངས་གསུངས་ནས་དེ་ལྟར་མཛད་དེ། ཕྱི་མོ་ཁོ་རང་ལ་ཕུལ་ལོ། །རྗེ་བཙུན་མར་པའི་སྐུ་དྲེག་ཡོད་པའི་ཕྱག་དཔེ་ང་རང་ལ་གནང་བ་དེ་འབུམ་གཅིག་ཕུལ་བ་ལས་དགའ་གསུངས་ནས་བཞད་སྐད་དོ།

རྩ་རླུང་དྲྭ་མིག་འཁོར་ལོ་

༢༠༩ །རྒྱ་གར་སྐད་དུ། ཏྲྀ་ཎ་པྲ་ཎ་ཛཱ་ལ་ཙཀྲ། བོད་སྐད་དུ། རྩ་རླུང་དྲྭ་མིག་འཁོར་ལོ། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེ་དྲོད་ལུས་འབར་ལུས་ཀྱི་དྭངས་མ་ཞུ། །དྷཱུ་ཏིའི་ལམ་སྦྱངས་འོད་གསལ་ནམ་མཁའ་བལྟ། །འཁོར་འདི་ལ་གསུམ། ཀླད། གཞུང་། མཇུག་གོ །དང་པོ་མཚན་ཕྱག་གཉིས་སོ། །གཉིས་ལ་སྦྱོར་དངོས་གཉིས་སོ། །དངོས་གཞི་སྟེང་འོག་གཉིས་སོ། །བར་འཁྲུལ་བཅད་ཐིག་ལེའི་ཆུ་ལུད་ཀྱིས། །བྱང་ཆུབ་མྱུ་གུ་རྡོ་རྗེ་ཅན་ལ་འདུད། །དབང་དང་དམ་་གང་ཟག ཚིག་ལྡན་པའི་རྣལ་འབྱོར་པས། །བདེན་པའི་སྤྱོད་ལམ་གནས་སུ་བདེ་བའི་སྙན་ལ་འདུག །མགོན་པོས་[7]མགོར་བརྒྱན་ཡི་
༢༡༠དམ་བསྒོམ་པ་ཡི། །ལུས་ལ་རྩ་གསུམ་འཁོར་ལོ་བཞིར་གནས་པའི། །དྷཱུ་ཏི་ལུས་ཀྱི་སྲོག་ཤིང་ཚུལ་དུ་གནས། །ཡར་སྣ་སྤྱི་བོའི་ཧཾ་ལ་རྣམ་པར་བལྟས། །མར་སྣའི་ཨ་ལས་གཡོས་པའི་རླུང་སྡིག་པས། །ཨ་ལས་མེ་འབར་སྤྱི་བོའ་ཧཾ་ཞུ་ལས། །བདུད་རྩིའི་རྒྱུན་བབས་གཏུམ་མོའ་གསོས་སུ་གྱུར། །དེ་[8]ལྟར་བསྒོམས་པའི་ཐུགས་རྗེས་ཐུན་རྗེས་ལ། །རྐེ་འཐེན་མགོ་དང་རོ་སྟོད་རྐེད་པ་དང་། །བསྐོར་ཞིང་གཅུས་ལ་ཡན་ལག་སྤྲུག་པར་བྱ། །མན་ངག་ཡིན་པས་དབུགས་ཐེབས་བདུན་པར་བྱ། །དེ་[9]ཡིས་རྩ་རླུང་ཐིག་ལེའི་སྐྱོན་རྣམས་སེལ། །དེ་ལྟར་བསྒོམས་པས་དང་པོ་དྲོད་སྐྱེ་སྟེ། །རྩ་ཁ་དྲོས་ནས་ཁམས་ཀྱི་དྭངས་མ་ཞུ། །ཉིན་མཚན་ངོ་མི་ཤེས་པའི་བདེ་བ་འབྱུང་། །གསུམ་པའི་དབང་བསྐུར་མཚན་ལྡན་ཕྱག་རྒྱ་གཏད། །ཕྱག་རྒྱ་དེ་དང་ལྡན་པ་ལྔ་ལྡན་གྱིས། །དལ[10]་བུས་བསྲུབ་ཅིང་དོན་གྱི་ནམ་མཁའ་བལྟ། །མཁས་པ་ལྔ་ཡི་སྒོ་ནས་ཉམས་སུ་བླང་། །དེ་ཡི་མྱོང་བ་ལྷན་སྐྱེས་ཡེ་ཤེས་ཡིན། །འོག་རླུང་གྱེན་ཏུ་གཟུགས་འོག་སྒོ་ལ་སྦྱོར་བ་དངོས་གཉིས་ལས། དང་པོ་ནི་དངོས་གཞི་དྲུག་ལས། དབང་གྱེན་ལ་བལྟ། །རྐང་པ་[11]མཐར་རྐྱང་རྐན་སོ་བཅོན་ཏུ་བཟུང་། །རྒྱ་མཚོ་རིར་སྦྱར་དྲི་འཛིན་གྱེན་ཏུ་བཟློག །རིག་པ་མཁར་གཏད་གནས་ལུགས་དོན་གཉིས་པ་འཛིན་པ་ལ་མཁས་པ། ལ་བལྟ། །དེ་ལྟར་གནད་ལྡན་ཧཱུྃ་རིང་ཧཱུྃ་ཐུང་གིས། །འཁོར་ལོ་བཞི་ཡི་གནས་སུ་དྲང་བ་ཡིན། །དགའ་བ་བཞི་ཡི་ཡེ་ཤེས་སྐྱེ་བར་འགྱུར། །གཅན་[12]གཟན་ཧཱུྃ་གི་སྣོམ་དང་ཝ་ཡི་བཞད། །སྟག་མོའ་སྐྱུག་སྟངས་སྟག་དང་སེང་གེའི་སྤྲུག །སྦྱོར་བ་དེ་ཡི་ལུས་ལ་ཁྱབ་པར་ཁྲེམ། །མགོ་བོ་ལན་[13]གསུམ་དྲིལ་ཞིང་རོ་སྟོད་གཅུ། །སྐེད་པ་ལན་གསུམ་གཅུ་ཞིང་རོ་སྨད་བརྡབ། །རྐང་ལག་ལན་གསུམ་སྤྲུག་པས་ཐིག་ལེ་ཡི། །ནད་མི་འཇུག་པའི་མན་ངག་སེམས་ལ་ཞོག །དེ་རྗེས་་དྲག་པ་དུང་ཡང་གནས་ལུགས་སོ། །ལྔ་པ་སེམས་ཉིད་མ་བཅོས་རང་སར་ཞོག །
༢༡༡ཉིན་མོ་སྟེང་སྒོ་སྦྱང་ཞིང་མཚན་མོ་འོག་སྒོ་སྦྱོང་། །སྟེང་འོག་[14]རྩ་རླུང་དྲ་མིག་འབྲེལ་པ་ལས། །སྐྱོན་སེལ་ཐབས་ཀྱི་འཁོར་ལོ་བསྐོར་བའོ། །འདི་ལྟར་ཉམས་སུ་ལེན་པའི་རྣལ་འབྱོར་པས། །ཞག་བདུན་སྦྱོར་བས་མཁའ་སྤྱོད་ངེས་པར་འགྲུབ། །རྩ་རླུང་དྲྭ་མིག་འཁོར་ལོ། །།།།། ༈ ན་མོ་གུ་རུ། །རྩ་རླུང་དྲྭ་མིག་འཁོར་ལོ་འདི་ལ་གཉིས་ཏེ། བདེ་དྲོད་ཀྱི་མེ་སྦར་ནས་ཁམས་ཀྱི་དྭངས་མ་བཞུ་སྟེ་དྷཱུ་ཏིའི་ལམ་སྦྱངས་ནས་འོད་གསལ་གྱི་ནམ་མཁའ་བལྟ་བ་དང་། འོག་འཁོར་བའི་རྒྱུ་འགྲུལ་བཅད་དེ་ཐིག་ལེའི་ཆུ་ལུད་ཀྱིས་རྩ་རླུང་གི་ལྗོན་ཤིང་བསྐྱེད་ནས་རྡོ་རྗེ་འཆང་གི་ས་ལ་འགོད་པར་བསྟན་པའོ། །སྟེང་སྒོ་ལ་གཉིས་ཏེ། གནད་རྣམ་པ་ལྔས་གདམས་པ་ཉམས་སུ་བླངས་བ་དང་། འཁྲུལ་འཁོར་རྣམ་པ་ལྔས་རླུང་གི་སྐྱོན་སེལ་བའོ། །དང་པོ་གནད་རྣམ་པ་ལྔ་ནི། རྟེན་པ་ལུས་ཀྱི་གནད། གནས་པ་རྩའི་གནད། གཡོ་བ་རླུང་གི་གནད། འཛིན་པ་སེམས་ཀྱི་གནད། གྲོལ་བ་ཆོས་ཉིད་ཀྱི་གནད་དོ། །དང་པོ་རྟེན་པ་ལུས་ཀྱི་གནད་ནི། བདེ་བའི་སྟན་ལ་འདུག་ལ་སྐྱིལ་ཀྲུང་ཙོག་པུ་བྱ། ཤ་ཆིང་ཚད་ལྡན་བཅིང་། མཉམ་བཞག་ལྟ་བའི་འོག་ཏུ་བཅིང་། རང་ལུས་ཡི་དམ་ལྷར་བསྐྱེད། སྤྱི་བོར་བླ་མ་བསྒོམ་ལ་གསོལ་བ་གདབ་བོ། །གནས་པ་རྩའི་གནད་ནི། ལུས་ལ་རྩ་གསུམ་འཁོར་ལོ་བཞི་གསལ་གདབ་སྟེ། སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་སོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། །ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་ལ། རྩ་གསུམ་སྲོག་ཤིང་གི་ཚུལ་དུ་གནས་ཏེ། ལུས་ཀྱི་དབུས་རྩ་ཨ་ཝ་དྷཱུ་ཏིའི་ཡར་སྣ་སྤྱི་བོའ་ཧཾ་ལ་ཟུག །མར་སྣ་ལྟེ་འོག་སོར་བཞི་ན་ཆོས་འབྱུང་གྲུ་གསུམ་པ་ལ་ཟུག་པའོ། །རོ་མ་དང་རྐྱང་མ་སྣ་བུག་ནས་གྱེན་ལ་ལོག་སྟེ་ཀླད་པའི་སྟེང་ནས་མར་འཁྱོག་ནས་འཁོར་ལོ་བཞི་ལ་འཁྱུད་དེ། རྩ་དབུ་མའི་ནང་ནས་ཁ་གཏུགས་པ། སྦོམ་ཕྲ་
༢༡༢མདའ་སྨྱུག་ཙམ་ལུག་རྫུད་ཀྱི་རྒྱུ་མ་ལྟར་སྙོལ་ལེ་སྙིང་ངེ་གནས་སོ། །གཡོ་བ་རླུང་གི་གནད་ནི། དང་པོ་སྲོག་རྩོལ་གྱི་རླུང་མཉམ་དུ་རྒྱུའམ་མི་རྒྱུ་བརྟག །མ་རྒྱུ་ན་ཐབས་ཀྱིས་སྙམས་ནས། དང་པོ་རླུང་གྲང་མོ་ལན་གསུམ་ཕྱིར་བུས་པས་རླུང་ནང་མི་འཇུག །དེ་ནས་རླུང་དྲག་པོ་ལན་གསུམ་གྱིས་དགང་སྟེ། རྩ་གསུམ་རླུང་གིས་དགང་ནས་ལུག་རྫུད་ཀྱི་རྒྱུ་མ་ཕུས་བཏབ་པ་ལྟར་ཐིག་ལེས་གང་བར་བསམ། དེ་ནས་རྔུབ་སྟེང་རླུང་ཐུབ་ཚད་མནན། འོག་རླུང་དྲག་ཏུ་བསྡམ། སྟེང་རླུང་མི་ཐུབ་ཙ་ན་སྣ་བུག་ནས་ཞད་རེ་བཏང་ཞིང་ལྷག་མ་བསྡམ་མོ། །དེ་ལ་ཕོ་རླུང་དུ་འཇུག་ན་དྲག་པོ་ཤུགས་དང་ལྡན་པར་བསྡམ། མོ་རླུང་དུ་འཇུག་ན་འཇམ་པོར་གྲོགས་ཀྱིས་མི་ཚོར་ཙམ་དུ་མནན་ནོ། །འཛིན་པ་སེམས་ཀྱི་གནད་ནི། དེ་ལྟར་རླུང་འཇུག་པའི་ཚེ་ལྟེ་འོག་སོར་བཞི་རྩ་གསུམ་འདུས་པའི་མདོ་ན་རྩ་གཏུམ་མོ་ཨ་ཤད་ཀྱི་རྣམ་པ་མགལ་དུམ་མེ་ལ་བསྲེགས་པ་ལྟ་བུ་ཞིག་བསམ། དེ་ལ་རྩ་གཡས་གཡོན་གྱི་རླང་གི་ནུས་པས་འགལ་དུམ་ལ་ཕུས་བཏབ་པས་མེ་འབར་བ་བཞིན་དུ་རྩ་གཏུམ་མོ་ལ་མེ་འབར་ཏེ་དྷཱུ་ཏིའི་ནང་ན་ཡར་ལ་དམར་རྒྱང་རྒྱང་སོང་སྟེ། མེ་དེ་ཡང་ཚ་བ། གདུང་བ། རྣོ་བ། འབྲེལ་པར་འབར་བར་བསམ་མོ། །དེ་ལ་འཁོར་ལོ་བཞིའི་ཐིག་ལེ་རྣམས་རིམ་པས་བསྲོས་ཏེ། མེ་ལྕེ་དེ་ཇེ་རིང་ཇེ་རིང་ལ་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་ཐིག་ལེ་བྱང་ཆུབ་སེམས་ཀྱི་རང་བཞིན་ཧཾ་དཀར་པོ་མགོ་མཐུར་ལ་བསྟན་པ་ལྟ་བུ་གཅིག་ཡོད་པ་དེ་ལ་མེ་ལྕེ་རེག་རེག་སོང་བས། ཧཾ་ལས་ཐིག་ལེ་འབབ་སྟེ་མེ་གསེབ་ཏུ་སར་སར་སོང་བས་བདེ་བ་ཆེན་པོ་ལྷང་ལྷང་སྐྱེས་པར་བསམ། དེ་ཡང་དང་པོ་ནས་མ་ཡིན་ཏེ། ལུས་ལ་གཏུམ་མོའ་དྲོད་སྐྱེས་པ་དང་། བདེ་བ་རིམ་གྱིས་འབེབས་པ་ཡིན་ནོ། །དེ་ཡང་ལུས་དྲོད་ཤས་ཆེ་ཞིང་བདེ་བ་ཤས་ཆུང་ན་ཐིག་ལེ་འབེབ་པའི་དམིགས་པ་གཙོ་བོར་གཏད། བདེ་བ་ཤས་ཆེ་ནས་ལུས་རབ་ཏུ་གཡོས་ན་མེ་འབར་བ་ལ་དམིགས་པ་གཏད། སྤྱིར་ན་རེས་འཇོག་ཏུ་བྱེད་པ་ཡིན་ནོ། །གྲོལ་བ་ཆོས་ཉིད་ཀྱི་གནད་ནི། དེ་ལྟར་ཐུན་བཞིའམ་ཅི་ནུས་སུ་ཉམས་
༢༡༣སུ་བླངས་ནས་ཐུན་མཚམས་སུ་བྱ་བ་གཞན་དང་མ་བསྲེ་བར་ཤེས་པ་ཁོ་ན་ལ་མ་བཅོས་པར་བཞག །གལ་ཏེ་རྟོག་པ་འཕྲོ་ན་སེམས་ལ་གཞིག་འགྲེལ་བཏང་། ཅིར་ཡང་མ་གྲུབ་པའི་ཤེས་པའི་ངང་ལ་མ་བཅོས་པར་གློད་ལ་བཞག་གོ། །དེ་ནི་གནད་རྣམ་པ་ལྔས་ཉམས་སུ་བླང་བ་ཡིན་ཏེ། དེ་ལྟར་བསྒོམས་པས་ལུས་ལ་དྲོད་སྐྱེ། དྲོད་ལས་བདེ་བ་སྐྱེ། བདེ་བ་ལས་མི་རྟོག་པ་སྐྱེ། དེ་ལས་ཕྱག་རྒྱ་ཆེན་པོའ་དོན་རྟོགས་པར་འགྱུར་རོ། །གཉིས་པ་འཁྲུལ་འཁོར་རྣམ་པ་ལྔས་རླུང་གི་སྐྱོན་བསལ་བ་ནི། ཐུན་ཞབས་ཉལ་བའི་དུས་སུ་སྟེང་འོག་གི་རླུང་བཟུང་བས་རྐེད་པ་ཡན་ཉིར་གཅིག་བསྐོར། མགོ་ལན་བདུན་སྤྲུག །རོ་སྟོད་ལན་བདུན་ཅུ། ལག་པ་ཤག་ལེན་བདུན་བྱ། སྐེད་པ་བྱ་མཉེད་ལན་བདུན་བྱ། དེས་ལུས་ལ་ནད་གང་ཡང་མི་འབྱུང་བ་ཡིན་ནོ། །དེ་ནས་ཕྱག་རྒྱ་ཆེན་པོའ་ངང་ལ་ཉིད་ཉལ་ནས་བསྡད་དོ། །གནད་ཀྱི་མན་ངག་དམ་པ་ཀུན་ལ་མེད་པའི་ཁྱད་ཆོས་ཡིན་ནོ། །།།།། ༈ ན་མོ་གུ་རུ། འོག་སྒོ་ལ་གཉིས་ཏེ། མཁས་པ་ལྔས་ཉམས་སུ་བླང་བ་དང་། སྤྲུག་ཐབས་རྣམ་པ་ལྔས་ཐིག་ལེའི་སྐྱོན་བསལ་བའོ། །མཁས་པ་ལྔ་ནི། དང་པོ་ཐིག་ལེ་འབེབས་པ་ལ་མཁས་པ་མགར་བ་མཁས་པས་མེ་ལོང་རྡུང་བ་ལྟ་བུ་དང་། འཛིན་པ་ལ་མཁས་པ་རྫིང་ཁུང་གི་འོར་བསྡུམ་པ་ལྟ་བུ་དང་། འདྲེན་པ་ལ་མཁས་པ་ཁྲོན་ཆུ་དབྱངས་ཐག་ལ་འདྲེན་པ་ལྟ་བུ་དང་། འགྲེམ་པ་ལ་མཁས་པ་འབྲས་ཞིང་ལ་ཆུ་ལུད་བཏད་དོ། །ལྟ་བུ་དང་། ཡེ་ཤེས་ཆེན་པོར་འགྲོ་བ་ལ་མཁས་པ་ནམ་མཁའ་ལ་སྤྲིན་དེངས་པ་ལྟ་བུའོ། །དང་པོ་ཐིག་ལེ་འབེབས་པ་ལ་མཁས་པ་མགར་བ་མཁས་པས་མེ་ལོང་བརྡུང་བ་ལྟ་བུ་ནི། མེ་ལོང་བརྡུང་བའི་ཚེ་ཚ་དྲག་ན་ཡང་འགོ་།གྲང་དྲག་ན་ཡང་འཆག་པས་སྨུག་ཏིང་བ་བཞིན་ཏུ། ཐིག་ལེ་ཡང་བསྲུབས་དྲག་ན་འཆོར། མ་བསྲུབས་ན་ན་ཡང་བདེ་བ་མི་སྐྱེ་བས་དལ་བུས་བསྲུབ་པ་ཡིན་ནོ། །དེ་ཡང་ལག་ལེན་ལ་སྦྱོར་བ་དབང་དང་གདམས་ངག་ལེགས་པར་ཐོབ་པའི་རྣལ་འབྱོར་པས་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་བཙལ་སྟེ།
༢༡༤ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་དད་པ་བསྐྱེད། དབང་གིས་རྒྱུད་སྨིན་པར་བྱ། ཟབ་མོའ་ཆོས་ཀྱིས་ངེས་ཤེས་བསྐྱེད་དོ། །དེ་ནས་དབེན་པའི་གནས་སུ་མཐུན་པའི་ཆ་རྐྱེན་གསོག་ལ། ཡབ་ཡུམ་གཉིས་སྟན་གཅིག་ལ་འདུག་ལ། ཡབ་ཡུམ་གཉིས་ཀ་ལྷར་བསྐྱེད། མཁའ་གསང་རྡོ་རྗེ་པདྨར་བྱིན་གྱིས་བརླབ། ཁམས་ཐམས་ཅད་དཔའ་བོ་དང་དཔའ་མོར་བྱིན་གྱིས་བརླབས་ལ། དལ་གྱིས་སྙོམས་འཇུག་བྱའོ། །དེ་ཡང་བདེ་བ་མགོ་སྐྱེས་ཙམ་ན་འཕྲོ་བཅད་ལ་སེམས་གནས་ལུགས་ཀྱི་ངང་ལ་ལྷོད་ཀྱིས་བཞག །ཡང་བདེ་བ་རོ་ཡལ་ཙམ་ན་བསྲུབ་པོ། །དེ་ལྟར་ཡང་ནས་ཡང་དུ་བྱས་པས་མཇུག་ཏུ་བདེ་བ་རྒྱས་པས། རྩ་རླུང་ཐམས་ཅད་མེ་བཞིན་ཏུ་འབར། ཐིག་ལེ་ཐམས་ཅད་ཆུ་བཞིན་ཏུ་འབྲུབ་ནས། ཐིག་ལེ་འཆོར་སྙོམས་བྱེད་པའི་རྟོག་པ་འོང་ངོ་། །དེ་ལ་གཉིས། ཐིག་ལེ་འཛིན་པ་ལ་མཁས་པ་རྫིང་གི་འོར་ཁུང་བསྡོམས་པ་ལྟ་བུ་ནི། རྫིང་གི་འོར་ཁུང་མ་བསྡོམས་ན་ཆུ་མི་ཆགས་པ་བཞིན་ཏུ། ཐིག་ལེ་འཛིན་མ་ཤེས་ན་རྟེན་གྱི་ནུས་པ་ཉམས་ནས་ཐབས་ཀྱི་ཡོན་ཏན་མི་འཆར་རོ། །དེ་ལ་གནད་བཞི་སྟེ། གཟུགས་དབང་སྟེང་དུ་ལྟ་བ། དབྱངས་ཐག་གྱེན་ཏུ་དྲང་བ། རྒྱ་མཚོ་རི་རབ་ལ་སྦྱར་བ། རིག་པ་མཐའ་ལ་བརྒྱང་བའོ། །གཟུགས་དབང་གྱེན་ལ་ལྟ་བ་ནི། མིག་གྱེན་ལ་ལྟ་བའོ། །དཔྱངས་ཐག་གྱེན་ལ་དྲང་བ་ནི། སྟེང་རླུང་ཡན་བར་བཞག་ལ་འོག་རླུང་དྲག་པོ་ལན་གསུམ་དུ་ཐུབ་ཚད་ཡར་ལ་འཐེན་པའོ། །རྒྱ་མཚོ་རི་རབ་ལ་སྦྱར་བ་ནི། རྒྱུ་མ་རྒལ་པ་ལ་གཅར་གྱིས་སྦྱར་བའོ། །རིག་པ་མཐའ་ལ་བརྒྱང་བ་ནི། སེམས་ནམ་མཁའི་མཐའ་དང་མཉམ་པ་ལ་བརྒྱང་བའོ། །དེ་ལྟར་དྲག་པོ་ལན་གསུམ་གྱིས་ཟིན་ངེས་སོ། །དེ་ནས་སེམས་གནས་ལུགས་ཀྱི་ངང་ལ་བཞག་གོ་།དེ་ནས་ཡང་སྔར་བཞིན་ཏུ་སྦྱང་ངོ་། །དེ་ནས་འདྲེན་པ་ལ་མཁས་པ་ཁྲོན་ཆུ་གྱེན་ལ་འདྲེན་པ་ལྟ་བུ་ནི། གནད་བཞི་སྟེ། རླུང་གི་ལྕགས་ཀྱུས་བཟུང་བ། ཧཱུྃ་གི་ཐག་པ་འདོགས་པ། ཆུ་བོ་གྱེན་ལ་བཟློག་པ།
༢༡༥སྟེང་གི་ཡུར་བ་བསལ་བའོ། །རླུང་གི་ལྕགས་ཀྱུས་བཟུང་བ་ནི། འོག་རླུང་དྲག་ཏུ་གྱེན་ལ་འཐེན་པའོ། །ཧཱུྃ་གི་ཐག་པ་འདོགས་པ་ནི། རླུང་གྱེན་ལ་འཐེན་པའི་ཚེ། ཧཱུྃ་གི་སྒྲ་དང་བཅས་པའོ། །ཆུ་བོ་གྱེན་ལ་བཟློག་པ་ནི། རྒྱུ་ཞབས་རྒལ་པ་ལ་གཅར་ནས་གྱེན་ལ་བརྫངས་པའི་ཚུལ་གྱིས་འཕུལ་བའོ། །སྟེང་གི་ཡུར་བ་བསལ་བ་ནི། གནད་གསུམ་གཅིག་ཏུ་དྲིལ་ནས་ཐིག་ལེ་གསང་གནས་ན་དཀར་སྤུང་ངེ་ཡོད་པ་དེ་རླུང་དྲག་པོ་ལན་གསུམ་འཐེན་པས། སྨྱུག་སྦུབས་ཀྱིས་ཆུ་འཐུང་བའི་ཚུལ་གྱིས་ལྟེ་བ་སྤྲུལ་པའི་འཁོར་ལོར་དྲང་ངོ་། །ཡང་ལན་གསུམ་གྱིས་སྙིང་ག་ཆོས་ཀྱི་འཁོར་ལོར་དྲང་། ཡང་ལན་གསུམ་གྱིས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་དྲང་། ཡང་ལན་གསུམ་གྱིས་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོར་དྲང་། དེ་ན་ཐིག་ལེ་སྐྱ་སྤུང་ངེ་འདུག་པར་བསམ་མོ། །དེ་ནས་འགྲེམ་པ་ལ་མཁས་པ་འབྲས་ཞིང་ལ་ཆུ་བཏང་བ་ལྟ་བུ་ནི། གཅན་གཟན་གྱི་འགྱུར་བ་ལྔས་བཀྲམ་སྟེ། རྒྱུ་བཞི་ལ་[15]བརྟེན་ལ་བཅིང་། སྟེང་འོག་གི་རླུང་དྲག་ཏུ་གཅུད་ལ། རི་དྭགས་ཀྱི་འདུག་སྟངས། གཅན་གཟན་གྱི་སྣོམ་ཚུལ། ཝ་མོའ་བཞད་ཚུལ། སེང་གེ་སྤྲུག་སྟངས། སྟག་མོའ་སྐྱུག་སྟངས་ཀྱིས་སྣམ་བུ་ཆུར་གཅིར་བ་བཞིན་ཏུ་ལུས་ཐམས་ཅད་ཐིག་ལེས་ཁྱབ་པར་བཀྲམ་མོ། བར་དེར་སྤྲུག་སྟངས་ལྔས་སྐྱོན་བསལ་བར་བྱ་སྟེ། མགོ་ལན་གསུམ་བསྒྲིལ། རོ་སྟོད་ལན་གསུམ་གཅུ། སྨད་ལན་གསུམ་བརྡབ། ལག་པ་ལན་གསུམ་སྤྲུག །རྐང་པ་ལན་གསུམ་སྤྲུག་གོ། །དེས་ཐིག་ལེའི་གེགས་འཇུག་མི་སྲིད་དོ། །ཐ་མ་ཡེ་ཤེས་ཆེན་པོར་འགྲོ་བ་ནམ་མཁའ་ལ་སྤྲིན་དེངས་པ་ལྟ་བུ་ནི། དེའི་རྗེས་ལ་སེམས་མ་བཅོས་པར་རང་སར་གློད་ལ་བཞག་པས། གནས་ལུགས་ཕྱག་རྒྱ་ཆེན་པོ་རྒྱུད་ལ་འཆར་བ་ཡིན་ནོ། །དེ་ལྟར་ཉིན་མོ་ནི་སྟེང་གནད་རྣམ་པ་ལྔ་ལ་བརྟེན་ནས་སྦྱོང་བ་དང་། མཚན་མོ་ཐིག་ལེ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྦྱོང་བ་ནི། སྟེང་འོག་རླུང་དྲྭ་མིག་ལྟར་འབྲེལ་བ་ཞེས་བྱའོ། །ཡང་སྐོར་ཐབས་གསུམ་གྱིས་སྟེང་རླུང་གི་སྐྱོན་བསལ་བ་དང་། སྤྲུག་
༢༡༦ཐབས་གསུམ་གྱིས་ཐིག་ལེའི་གེགས་སེལ་བ་ནི་འཁོར་ལོ་བསྐོར་བ་ཞེས་བྱའོ། །དེས་ན་རྩ་རླུང་དྲྭ་མིག་འཁོར་ལོ་ཞེས་བྱའོ། །འདི་ལྟར་ཉམས་སུ་ལེན་པའི་གང་ཟག་ནི། ཚེ་གཅིག་གིས་སངས་རྒྱས་ངེས་པ་ཡིན་ནོ། །གནད་ཀྱི་གདམས་པ་ཁྱད་པར་ཅན། །ཀུན་ལ་བསྟན་པའི་གནས་མེད་དོ། །བླ་མ་མར་པ་ལོ་ཙཱའི་ཤོག་དྲིལ་བཞིའི་གདམས་པ་ལས། འདི་རྩ་རླུང་དྲྭ་མིག་གི་ཞལ་གདམས་ཡིན་ཏེ། སྔ་མ་ཕན་ཆད་གཅིག་བརྒྱུད་ལས་མེད་དོ། །རབ་ཏུ་གསང་བའོ། ཨུ་པ་དེ་ཤའོ། །།།།།།

ཕྱག་རྒྱ་ཆེན་པོ་ཚིག་བསྡུས་པ་

༢༡༦ ༈ རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་སཉྩ་ཡ་གཱ་ཐ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་ཚིག་བསྡུས་པ། །བདེ་ཆེན་ངང་ལ་ཕྱག་འཚལ་ནས། །ཕྱག་རྒྱ་ཆེན་པོ་བརྗོད་པར་བྱ། །ཆོས་རྣམས་ཐམས་ཅད་རང་[16]གི་སེམས། །ཕྱི་རོལ་དོན་མཐོང་འཁྲུལ་པའི་བློ། །རྨི་ལམ་བཞིན་ཏེ་ངོ་བོ་སྟོང་། །སེམས་ཀྱི་དྲན་[17]རིག་འགྱུ་བ་ཙམ། །རང་བཞིན་མེད་དེ་རླུང་གི་རྩལ། །ངོ་བོ་སྟོང་པ་ནམ་མཁའ་བཞིན། །ཆོས་སྐུ་མཁའ་འདྲ་མཉམ་གནས་ལ། ཕྱག་རྒྱ་ཆེ་ཞེས་བརྗོད་པ་ཡིན། །རང་གི་ངོ་བོ་བསྟན་ཏུ་མེད། །དེ་ཕྱིར་སེམས་ཀྱི་རང་བཞིན་ཉིད། ཕྱག་རྒྱ་ཆེན་པོའ་རང་བཞིན་ཅན། །ཕྱག་རྒྱ་ཆེན་པོའ་ངང་ཉིད་ལ། །དེ་ལས་བཅོས་ཤིང་བསྒྱུར་དུ་མེད། །གང་གིས་དེ་ཉིད་མཐོང་རྟོགས་ན། །སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེ། །ཆོས་སྐུ་ཕྱག་རྒྱ་ཆེན་པོ་ལ། །རང་བཞིན་མ་བཅོས་རྣལ་མར་བཞག །བསམ་དུ་མེད་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་ན་སྒོམ་པ་སྟེ། །བཙལ་ཞིང་སྒོམ་ན་འཁྲུལ་པའི་བློ། །མཁའ་དང་ཆོ་འཕྲུལ་ཇི་ལྟ་བར། །བསྒོམ་དང་མི་བསྒོམ་གཉིས་མེད་པར། །བྲལ་དང་མ་བྲལ་ག་ལ་ཡོད། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །དགེ་དང་སྡིག་པའི་ལས་རྣམས་ཀུན། །དེ་ཉིད་ཤེས་པས་གྲོལ་བར་འགྱུར། །ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ནགས་ལ་མེ་བཞིན་རྣལ་འབྱོར་གྲོགས། །འགྲོ་དང་འདུག་པ་ག་ལ་ཡོད། །དགོན་པར་ཕྱིན་ནས་བསམ་གཏན་ཅི། །དེ་ཉིད་མ་
༢༡༧རྟོགས་གང་གིས་གྲོལ། །གནས་སྐབས་ཙམ་ལས་གྲོལ་མི་ནུས། །དེ་ཉིད་རྟོགས་ན་གང་གིས་འཆིང་། །ངང་ལས་མ་ཡེངས་གནས་པ་ལས། །ལུས་ངག་བཅོས་ཤིང་བསྒོམ་དུ་མེད། །མཉམ་པར་བཞག་དང་མ་བཞག་ཅེས། །འདི་ལ་གང་ཡང་མ་གྲུབ་སྟེ། །སྣང་བ་རང་གྲོལ་ཆོས་ཀྱི་དབྱིངས། །རྟོགས་པ་རང་གྲོལ་ཡེ་ཤེས་ཆེ། །གཉིས་མེད་མཉམ་པ་ཆོས་ཀྱི་སྐུ། །ཆུ་བོ་ཆེན་པོའ་རྒྱུན་ལྟར་འབབ། །གང་ལྟར་གནས་ཀྱང་དོན་དང་ལྡན། །འདི་ནི་རྟག་ཏུ་སངས་རྒྱས་ཉིད། །འཁོར་བ་ཡུལ་མེད་བདེ་བ་ཆེ། །ཆོས་རྣམས་རང་རང་ངོ་བོས་སྟོང་། །སྟོང་པར་འཛིན་བློ་རང་སར་དག །བློ་བྲལ་ཡིད་ལ་བྱར་མེད་པ། །འདི་ནི་སངས་རྒྱས་ཀུན་གྱི་ལམ། །སྐལ་པ་རབ་ཏུ་གྱུར་པ་ལ། །བདག་གིས་སྙིང་གཏམ་ཚིག་ཏུ་བསྡུས། །འདི་ཡིས་འགྲོ་བ་མ་ལུས་པ། །ཕྱག་རྒྱ་ཆེ་ལ་གནས་པར་ཤོག །ཞལ་གྱི་གདམས་པ་ཚིག་བསྡུས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཡིད་ལ་མི་བྱེད་པ་ཕྱག་རྒྱ་ཆེན་པོའ་ཡེ་ཤེས་ད་ལྟ་ཉིད་དུ་ངོ་སྤྲད་པར་འདོད་པས། སྐྱེ་བོའི་འདུ་འཛི་ལས་དབེན་པའི་གནས་སུ་བདེ་བའི་སྟན་ལ་དང་པོ་ཉིད་དུ་མོས་པའི་འདུག་སྟངས་ཞེས་བྱ་སྟེ། པུས་བཙུགས་ཐལ་མོ་སྦྱར་ཏེ་འདུག་ལ། རང་གི་སྤྱི་བོར་བླ་མ་དམ་པ་སྤྱན་དྲངས་ཏེ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་གསོལ་བ་དུང་དུང་བ་ཞིག་གདབ། དེའི་བྱིན་རླབས་ཀྱིས་རྒྱུ་དང་ཅུང་ཟད་དྲོས་པ་ན། ལུས་མཉམ་གཞག་ཏུ་བྱ་ཞིང་ཡི་དམ་གྱི་ལྷར་བསྐྱེད། མིག་སྣ་རྩེའི་ཐད་ཀའི་ནམ་མཁར་མིག་འབྲས་མ་འགུལ་པར་རྩེ་གཅིག་ཏུ་དྲིལ་ལ་ཇི་ལྟར་ཙམ་ཚུགས་ཚུགས་སུ་བལྟ་བར་བྱ་སྟེ། བྲམ་ཟེ་ཆེན་པོའ་ཞལ་སྔ་ནས། མིག་ནི་མི་བཙུམ་སེམས་ནི་འགགས་པ་དང་། །རླུང་འགགས་པ་ནི་དཔལ་ལྡན་བླ་མས་རྟོགས། །ཞེས་གསུང་ཞིང་། དེ་ཉིད་ཀྱིས་ངག་རླུང་གི་འགྱུ་བ་ཡང་བག་གིས་ཆད་པར་འགྱུར་མོད་ཀྱི། རྩོལ་བས་ཀྱང་ཅུང་ཟད་བཟུང་བར་བྱ་སྟེ། དེ་ཉིད་ཀྱི་ཞལ་སྔ་ནས། མེ་དང་རླུང་
༢༡༨དང་དབང་ཆེན་འགགས་པ་ན། །བདུད་རྩིར་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག །གསུངས་ལ། དེ་ཉིད་ཀྱིས་རྣམ་པར་རྟོག་པའི་འགྱུ་བ་སྣ་ཚོགས་ཤུགས་ལ་འགག་པར་འགྱུར་མོད་ཀྱི། བཟང་ངན་མཐོ་དམན་རེ་དོགས་ཀྱི་རྟོག་པ་གང་ཡང་ཡིད་ལ་མི་བྱ་བར་གལ་བོ་ཆེ་ཟིན་པའམ། ཐང་ཆད་པ་ངལ་སོས་པའམ། ཡིད་མཐུན་གྱི་གྲོགས་དང་འཕྲད་པ་ལྟ་བུར་བདེ་འབོལ་ལེ། ཤིག་གེ། ལྷན་ནེ་བཞག་པར་བྱ་སྟེ། དེ་ཉིད་ཀྱིས། འཇུར་བུས་བཅིངས་པའི་སེམས་ཉིད་འདི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད། །གསུངས་སོ། །གལ་ཏེ་གང་ལྟར་བྱས་ཀྱང་སེམས་གནས་སུ་མི་བཏུབ་པར་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ། རྣམ་པར་རྟོག་པ་སྣ་ཚོགས་སུ་ཐོལ་ཐོལ་སྐྱེ་བར་གྱུར་ན། དང་པོ་རྟོག་པའི་བྱུང་ས་རྩད་བཅད་པས། འདི་ནས་བྱུང་བྱ་བའི་བྱུང་ས་མི་རྙེད། ཐ་མར་འགྲོ་ས་རྩད་བཅད་པས། འདིར་འགྲོ་བའི་འགྲོ་ས་མ་རྙེད། བར་དུ་རང་གི་ངོ་བོ་དབྱིབས་དང་ཁ་དོག་གི་དངོས་པོར་མ་གྲུབ་སྟེ། སྐྱེ་འགག་གནས་གསུམ་གྱིས་སྟོང་པར་ཤེས་པས། དྲན་རྟོག་ཅི་སྐྱེས། ཡང་དག་པར་རྣམ་པར་མི་རྟོག་པ་ཆོས་ཀྱི་དབྱིངས་སུ་གྲོལ་བས་ཕན་གནོད་མ་ནུས་པ་ནི། ལྦུ་བ་ཆུར་ཞིའམ། ལྷོ་སྤྲིན་ནམ་མཁར་ཐིམ་པ་ལྟ་བུ་སྟེ། དེ་ཉིད་ཀྱི་ཞལ་སྔ་ནས། སེམས་ཉིད་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་དེ། །རྐྱེན་ཤར་ཡིན་ཏེ་བདེན་པར་མ་འཛིན་ཀྱེ། །ཞེས་པ་དང་། གཞན་ཡང་། དྲན་པའི་ཁ་རླངས་སེམས་ཀྱི་རྣམ་འཕྲུལ་ཡིན། །འདི་ལ་བདག་པོ་འདུག་པ་ངས་མ་མཐོང་། །ཞེས་གསུངས་སོ། །དེ་ལྟར་བླ་མས་ངོ་སྤྲོད་ཅིང་འཕྲོད་པའི་དོན་ལ་མ་ཡེངས་པར་བསྐྱང་བར་བྱའོ། །མདོར་ན་ཕྱག་རྒྱ་ཆེན་པོ་ཡང་དག་པའི་ཉམས་ལེན་ནི། སྟོང་པ་ཕྱོགས་གཅིག་བློ་ཡུལ་སུ་བྱེད་པ་མ་ཡིན་ཏེ། གཞི་སྣང་སྟོང་དབྱེར་མེད་ཀྱི་སྟེང་དུ། ལམ་རིག་སྟོང་འཛིན་མེད། འབྲས་བུ་ཆེད་དུ་བྱེད་པ་བློའི་དྲི་མ་གང་ཡང་མེད་པ། བློ་བྲལ་དུ་ལྷན་ནེ་འཇོག་པ་ཞིག་ཡིན་ཏེ། དེ་ཉིད་ཀྱི་ཞལ་སྔ་ནས། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའ་དོན། །
༢༡༩འབྲས་བུ་གང་དུའང་རེ་བར་མ་བྱེད་རྣལ་འབྱོར་པ། །ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོའ་ཞལ་གདམས་འོད་གསལ་ནམ་མཁའ་ལྟ་བུའི་ངོ་སྤྲོད། །།།།།

གོང་དུ་འཕོ་བའི་མན་ངག་

༢༡༩ ༈ རྒྱ་གར་སྐད་དུ། ཨུརྡ་ཤྩྱོ་ཏ་ཨུ་པ་དེ་ཤ །བོད་སྐད་དུ། གོང་དུ་འཕོ་བའི་མན་ངག །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བསྟན་པའི་ཆོས་གཞན་རྙེད་སླ་སྟེ། །འདི་ཡི་སྦྱོར་བ་རྙེད་པ་དཀའ། །སྦྱོར་བ་རྙེད་པའི་རྣལ་འབྱོར་པས། །དོན་གཉེར་འབྲས་བུ་དཀའ་མ་ཡིན། །ཉིན་རེ་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་སྤྱོད་པ་དང་། །མི་དགེ་བཅུ་ལ་སྤྱོད་པས་ཀྱང་། །ལམ་འདིར་ཞུགས་ན་འགྲུབ་པར་འགྱུར། །ཇི་ལྟར་མེ་ཏོག་པདྨ་ནི། །འདམ་གྱི་ནང་ནས་མཛེས་པ་ལྟར། །དེ་བཞིན་འདམ་འདྲའི་ལུས་དག་ལས། །ཡེ་ཤེས་རང་དགར་སྐྱེ་བར་འགྱུར། །ལྷ་ཡི་རྣལ་འབྱོར་ལྡན་པའི་ལུས། །རྩ་ཡི་གནས་ལུགས་གོང་ལྟར་ཡིན། །ཨ་ཡི་རྣམ་པ་ཧཱུྃ་དུ་བསྒོམས། །གཡས་གཡོན་གཉིས་ཀྱི་མས་སྣར་ཡང་། །ཧཱུྃ་ཆུང་རེ་རེ་བསྒོམ་པར་བྱ། །སྐྱིལ་ཀྲུང་མཉམ་བཞག་སྒལ་ཚིགས་བསྲངས། །གསུས་པ་སྒལ་པའི་ཚིགས་ལ་སྦྱར། །སྟེང་རླུང་མནན་ལ་འོག་རླུང་འཐེན། །ཧིཀ་གི་སྦྱོར་བས་ཧཱུྃ་གསུམ་པོ། །གཅིག་ཏུ་དྲིལ་ལ་གྱེན་ཏུ་འཕང་། །སྦྱང་དགང་བཏེག་དང་དབབ་པ་དང་། །སྦྱོར་བའི་ཡི་གེ་ཕྱེད་དང་གཉིས། །ཉིན་མཚན་གང་དང་གཅིག་གིས་འགྲུབ། །འཇོག་པའི་དུས་སུ་ཕབ་ལ་བཞག །འཆི་ལྟས་བྱུང་ན་རྣལ་འབྱོར་པས། །མར་ལ་མི་དབབ་ཡར་ལ་འཕོ། །འགྲོ་བ་རྣམས་ནི་རབ་དབང་མེད། །དེ་ཡི་ལམ་གྱིས་འགག་པར་འགྱུར། །ཉི་ཤུ་རྩ་གཅིག་དབུགས་དག་གིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མེ་ཏོག་ཆར་འབེབས་མཁའ་འགྲོས་བསྐོར། །གདུགས་དང་རྒྱལ་མཚན་བ་དན་བསུ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །དེ་ཕྱིར་གདམས་པ་འདི་དང་འཕྲད་དཀའ་བས། །འགྲོ་བ་ཐམས་ཅད་འདི་ཡི་སྣོད་གྱུར་ནས། །ཀུན་ཀྱང་རྡོ་རྗེ་
༢༢༠འཛིན་པ་ཐོབ་པར་ཤོག །འཕོ་བ་སྤྱི་བརྡོལ་མ་།།།། ༈ ན་མོ་གུ་རུ། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སེམས་ཅན་འཁོར་བ་ནས་སྒྲོལ་བར་བྱེད་པའི་ཐབས་ལ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ན་ཡང་། མདོར་བསྡུས་ན་ཐེག་པ་ཆེ་ཆུང་གཉིས་ལས། འདིར་ཐེག་པ་ཆེན་པོའོ། །དེ་ལ་རྒྱུ་མཚན་ཉིད་ཀྱིས་ཐེག་པ་དང་། །འབྲས་བུ་གསང་སྔགས་ཀྱི་ཐེག་པ་གཉིས་ལས། འདི་ནི་གསང་སྔགས་ཀྱི་ཐེག་པ་ཆེན་པོའོ། །དེ་ལ་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་བཞི་ལས། །འདི་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །འདི་ནི་ཐབས་ལམ་དང་གྲོལ་ལམ་གཉིས་ལས་ཐབས་ལམ་མོ། །ཐབས་ལམ་ལ་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་གཉིས་ལས་བསྐྱེད་རིམ་མྱུར་ལྡན་ཙམ་ཞིག་སྟོན་ཀྱང་གཙོ་བོ་རྫོགས་རིམ་ཡིན་ནོ། །རྫོགས་རིམ་ལ་ཡང་ལམ་གྱི་གཙོ་བོ་དང་ཡན་ལག་གཉིས་ལས། ལམ་གྱི་ཡན་ལག་གོ་།ལམ་གྱི་གཙོ་བོ་ལ་གཉིས་ཏེ། སྟེང་སྒོ་རྣམ་སར་གྲོལ་བའི་ལམ་གཏུམ་མོའ་རྣལ་འབྱོར་དང་། འོག་སྒོ་བདེ་བ་ཆེན་པོའ་ལམ་ལས་རྒྱའི་རྣལ་འབྱོར་རོ། །ལམ་གྱི་ཡན་ལག་ནི། འཕོ་བ་དང་། གྲོང་འཇུག་དང་། སྒྱུ་ལུས་དང་། འོད་གསལ་དང་། རྨི་ལམ་དང་། བར་དོའ་གདམས་པ་དང་དྲུག་ལས། འདི་ནི་ལམ་གྱི་ཡན་ལག་གི་ནང་ནས་ཀྱང་འཕོ་བ། འཕོ་བ་ལ་ལུགས་མང་ཡང་། འདི་འཕོ་བ་སྤྱི་བརྡོལ་བྱ་བ། གནད་གཞན་ལས་ཁྱད་པར་དུ་འཕགས་པ་རྟགས་མངོན་སུམ་དུ་འབྱུང་བའི་ལམ་ཡིན་ནོ། །འདི་ལ་གནད་རྣམ་པ་བཞི་སྟེ། བརྟེན་པ་ལུས་ཀྱི་གནད། གནས་པ་རྩའི་གནད། གཡོ་བ་རླུང་གི་གནད། འཛིན་པ་སེམས་ཀྱི་གནད་དོ། །དེ་ལ་འདི་ཉམས་སུ་ལེན་པའི་དུས་དབེན་པའི་གནས་སུ་མཐུན་པའི་ཆ་རྐྱེན་བསགས་ཏེ་བདེ་བའི་སྟན་ལ་འདུག་ནས། སྤྱི་བོར་བླ་མ་བསྒོམ་སྟེ་གསོལ་བ་དྲག་ཏུ་གདབ་བོ། །
༢༢༡དེ་ནས་བརྟེན་པ་ལུས་ཀྱི་གནད་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་དུ་བཅའ། ལག་པ་མཉམ་བཞག་ཕྱག་རྒྱ་ལྟེ་བའི་འོག་ཏུ་བཅིང་། སྒལ་ཚིགས་དྲང་པོར་ཐལ་གྱིས་བསྲང་། རང་ཡི་དམ་གྱི་ལྷ་གང་མོས་སུ་བསྒོམ། ལྷ་དེ་ཡང་ནང་ཁྲོལ་ཡོད་པ་མ་ཡིན་ཏེ། ཁོག་པ་སྟོང་པར་བསྒོམ་མོ། །གནས་པ་རྩའི་གནད་ནི། རྩ་དབུ་མའི་ཡར་སྣ་ཚངས་བུག་ལ་ཐུག་པ། མཐོང་ཁུང་ཁ་བྱེ་བ་ལྟར་དཀར་སང་ངེ་འདུག་པའི་ཁར་ཡིག་འབྲུ་ཁྲུཾ་ནག་པོ་གཅིག་གིས་བཅད་པ། དེ་བླ་མ་སྤྱི་བོ་ན་བཞུགས་པའི་ཞབས་ཀྱི་མཐེ་བོང་གིས་མནན་པར་བསྒོམ་མོ། །རྩ་མར་སྣ་ནི་ལྟེ་བའི་འོག་སོང་བཞིན་རྩ་མདུད་གྲུ་གསུམ་པ་ལ་ཐུག་པར་བསྒོམ། རྩ་གཉིས་པོའ་ཡར་སྣ་ནི་སྣ་བུག་ལ་ཟུག་ནས་ཀླད་པའི་སྟེང་ནས་ཚུར་ལ་འཁྱོགས་ཏེ་འཇིང་པ་ནས་བྱང་ཁོག་ནས་མར་ལ་སོང་ནས་ལྟེ་བའི་འོག་རྩ་མདུད་གྲུ་གསུམ་པའི་སྟེང་ན་རྩ་དབུ་མ་ལ་ཁ་གཏུགས་ནས་འདུག་པར་བསམ། གཡོ་བ་རླུང་གི་གནད་ལ་བཞི། འཕང་བ་དང་། དགང་བ་དང་། བཏེག་པ་དང་། དབབ་པའོ། །དང་པོ་ནི། རླུང་དྲག་པོ་ལན་གསུམ་སྣ་ནས་ཕྱིར་ལ་འབུད། དེས་རླུང་གྲང་མོ་ནང་དུ་མ་ཚུད་པས་རླུང་ནད་མི་འབྱུང་བ་ཡིན་ནོ། །དགང་བ་ནི་རྩ་གསུམ་པོ་དེ་ཁང་སྟོང་གི་ཀ་བ་བཞིན་ཏུ་ཁོག་པའི་ནང་ན་མར་ལ་ལུག་རྫུད་ཀྱི་རྒྱུ་མ་ཕུས་མ་བཏབ་པ་བཞིན་སྙོལ་ལེ་སྙིད་དེ་འདུག་པར་བསམ། དེ་ནས་སྟེང་རླུང་དྲག་པོ་ལན་གསུམ་མནན་པས། སྣ་བུག་གཉིས་ནས་རླུང་བྱུང་བས་ལུག་རྫུད་ཀྱི་རྒྱུ་མ་ཕུས་བཏབ་པ་ལྟར་རྩ་གཡས་གཡོན་གཉིས་ན་མར་ལྟང་ལྟང་སོང་ནས་ལྟེ་བའི་འོག་ནས་རླུང་དྷཱུ་ཏིའི་ནང་དུ་ཞུགས་ནས་རྩ་གསུམ་ཀ་ལུག་རྫུད་ཀྱི་རྒྱུ་མ་ཕུས་བཏབ་པ་ལྟར་ལྟང་ལྟང་སོང་བར་བསམ་མོ། །དེ་ཡང་ཁ་དོག་དམར་པོ་སྦོམ་ཕྲ་མདའ་སྨྱུག་ཙམ་དུ་བསམ། རླུང་ཐུབ་ཚད་བཟུང་ངོ་། །འཛིན་པ་སེམས་ཀྱི་གནད་ནི། རྩ་གཡས་གཡོན་གཉིས་དྷཱུ་ཏིའི་ནང་དུ་ཁ་གཏུགས་ནས་ཡོད་དེ། ས་མཆུ་གཅིག་གི་ནང་དུ་སྦུད་མཆུ་གཉིས་བཅུག་པ་ལྟ་བུའོ། །རྩ་གཡས་
༢༢༢གཡོན་གཉིས་ཀྱི་ཁ་ན་ཧཱུྃ་ཤན་ནེ་བ་གཉིས་གཤིབས་ནས་འདུག་པར་བསམ། སྟེང་ན་ཧཱུྃ་གྲུང་པོ་གཅིག་འདུག་པར་བསམ་མོ། །དེ་ནས་ལུས་གནད་ནི་མཉམ་བཞག་གི་ཕྱག་རྒྱ་སྒལ་པ་ལ་ཆར་ཆར་རྒྱག །ངག་གནད་ནི་འོག་རླུང་འཐེན། སྟེང་རླུང་དྲག་ཏུ་མནན་པས། ཧཱུྃ་ཤན་ནེ་བ་གཉིས་པོ་དེས་ཧཱུྃ་གྲུང་པོ་དེ་རྩ་དབུ་མའི་ནང་ན་ཡར་རྒྱང་རྒྱང་དེད་ནས་སྤྱི་གཙུག་གི་ཁྲུཾ་ལ་ཁོག་ཁོག་ཕོག་པར་བསམ། རླུང་མ་ཐུབ་ཙམ་ན་སྣ་བུག་ན་རླུང་ཕར་ཞད་རེ་བཏང་ལ་རླུང་ལྷག་མ་མནན། ངལ་གསོ་བའི་དུས་སུ་རླུང་སྣ་བུག་ན་ཕར་ལ་བཏང་། ཧཱུྃ་ལྟེ་བར་ལྷན་དབབ་པའོ། །དེའི་དུས་སུ་ཧིཀྲ་ཀ་ཞེས་པ་ཡིད་ཀྱིས་བགྲང་། ཧིཀྲ་ཅེས་ཧཱུྃ་ཡར་ལ་བཏེག །ཀ་ཞེས་མར་ལ་དབབ་སྟེ་དངོས་སུ་བརྗོད་ན་རླུང་འཆོར་རོ། །དེ་ལྟ་བུ་ལ་ཐུན་བཞི་ལ་སོགས་པར་ནུས་ཚད་དུ་བསྒོམ་མོ། །དེ་ལ་རྟགས་ནི་དང་པོ་སྤྱི་བོ་འགུལ་ཙམ་འོང་། དེ་ནས་ཟ་བ་ཙམ་འོང་། དེ་ནས་ཚ་བ་ཙམ་འོང་། དེ་ནས་ཚ་ཁོལ་ཁོལ་བ་ཙམ་འོང་། དེ་ཙ་ན་རྩ་མདུད་གྲོལ་ནས་རླུང་ཚངས་བུག་ཏུ་ཐོན་ཏེ་འཕོ་བ་འབྱོངས་པའི་རྟགས་ཡིན་ནོ། །དེ་ནས་དྲག་པོ་མི་དགོས་ཏེ། མ་ཡེངས་ཙམ་གྱིས་ཆོག་གོ་།དེ་རྣམས་ནི་གོང་དུ་སྦྱོང་བའི་མན་ངག་གོ། །དེ་ནས་ལས་ལ་སྦྱར་བ་ནི། ནམ་འཆི་བའི་དུས་སུ་ཅིར་འདུག་ཀྱང་རུང་སྟེ། རྩ་དབུ་མ་དང་རླུང་གཉིས་གསལ་གདབ། སྤྱི་བོའི་བླ་མ་མདུན་གྱི་ནམ་མཁའ་ལ་འཕགས་ནས་བཞུགས་པར་བསམ་ཞིང་། ཁྲུཾ་ནག་པོ་དེ་བསལ་བས་ཚངས་བུག་དཀར་སངས་ཀྱིས་སོང་བར་བསམ། དབུགས་ཆད་ཁར་ནང་དུ་ཤེས་པ་གསལ་པོར་ཡོད་པས། ཡི་གེ་ཧཱུྃ་དེ་དྷཱུ་ཏིའི་ནང་ན་མར་ཇེ་མཐོ་ཇེ་མཐོ་ལ་ཚངས་བུག་ནས་བུད་ནས་ཟུལ་གྱིས་ཐོན་ནས། ཆོས་སྐུར་འཕོ་ན་ཧཱུྃ་དེ་ནམ་མཁའ་སྟོང་པ་ལ་རང་ཡལ་དུ་སོང་བར་བསམ། ལུས་གནད་སྲོག་རྩོལ་ཅི་ཡང་མི་དགོས་ཏེ། དྲན་པ་ཙམ་གྱིས་ཆོག་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་སེམས་ཅན་ཡིན་ནོ་ཅོག་ཐམས་ཅད་ལ་ཕྱི་དབུགས་ཆད་
༢༢༣པའི་དུས་སུ་རླུང་སེམས་དྷཱུ་ཏིར་ཐིམ་པས་འཆི་བའི་འོད་གསལ་རེ་ཀུན་ལ་འཆར་བ་ཡིན་ཏེ། ངོས་མ་ཟིན་པས་འཁྲུལ་པ་ཡིན་ནོ། །ཁྱད་པར་དུ་མི་འདི་རྟེན་བཟང་བས། ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་དུས་དེར། ཤེས་པ་འོད་གསལ་གྱི་ངང་ལ་གནས་པ་ལ། རླུང་སེམས་དྷཱུ་ཏིའི་ནང་དུ་གྱེན་ལ་འཚངས་པ་ཡིན་པས་ལས་ཀྱི་སྟོབས་ཀྱིས་དྷཱུ་ཏི་ལ་ཚིགས་པ་ཆགས་པས། རླུང་སེམས་ཡར་ལ་མ་ཐོན་པས་མར་ལོག་ནས་རླུང་སྣ་བུག་གཉིས་ནས་འཆོར་ཞིང་རིག་པ་སྒོ་དགུ་གང་རུང་གཅིག་ན་འཆོར་རོ། །དེ་ནས་བར་དོའ་འཁྲུལ་སྣང་འཆར་བ་ཡིན་ནོ། །འདི་རུ་འཕོ་བ་འབྱོངས་པའི་གང་ཟག་དེ་ལ་རྩའི་ཚིགས་པ་བརྡོལ། རྩ་མདུད་གྲོལ་བས་རླུང་སེམས་རྩོལ་མེད་དུ་ཚངས་བུག་ནས་ཐོན་ཏེ་གཅིག་ཅར་མཁའ་སྤྱོད་ཀྱི་སྣང་བ་འཆར་རོ། །གནད་ཀྱི་གདམས་པ་ཁྱད་པར་འཕགས་པའི་ཞལ་གདམས་སོ། ༈ །ན་མོ་གུ་རུ། རྣལ་འབྱོར་པ་གང་གི་ཚེ་འཕོ་བའི་དྲོད་ཚད་འཛིན་པ་ལ་འཆི་ལྟས་ཤེས་དགོས་ཏེ། དེ་ལ་ཕྱི་ནང་གསང་བ་གསུམ། དང་པོ་ལ་གཉིས་ཏེ། ནམ་ཕྱེད་ཀྱི་རྨི་ལམ་བརྟག་པ་དང་། ཉིན་པར་ལུས་སེམས་ལ་བརྟག་པའོ། །དང་པོ་ནི་སྔར་འགྲོ་མ་མྱོང་བའི་ཡུལ་ཕྱོགས་གཅིག་པུར་འགྲོ་བ་དང་། གཅེར་བུར་བོང་བུ་ལ་ཕྱི་ཕྱོགས་སུ་ཞོན་ནས་ལྷོ་ཕྱོགས་ཀྱི་ལམ་ལ་འགྲོ་བ་དང་། རྒྱ་སྐག་གི་རི་ལ་མེ་ཏོག་དམར་པོ་ཐུ་བ་ལ་སོགས་པའོ། །གཉིས་པ་ལུས་སེམས་ལ་བརྟག་པའི་དང་པོ་ནི། གཡུ་འབྲུག་སྔོན་མོའ་འུར་སྒྲ་ཆད་པ། རྨ་བྱའི་མདོངས་ནུབ་བ། ཏིང་ངེ་འཛིན་[18]གྱི་རླངས་པ་ཤོར་བ། རྟ་མཆོག་སྔོན་མོའ་སྣ་ཆུ་སྐམ་པ། གློག་ལྕམ་འཕར་མའི་ང་རོ་[19]རལ་བ། དབུས་ཀྱི་ཀ་བ་[20]ལ་བཙན་གྱི་ཇག་པ་བཀྱེ་[21]བའོ། །གཉིས་ མིག་གི་འོད་དཀར་པོ། པ་སེམས་ཀྱི་ཐིག་ལེ་སྐམ་པ། རྟགས་ནི། རང་སྡོད་
༢༢༤པའི་སར་སྐྱོ་བ་དང་། ཟླ་གྲོགས་ཀྱིས་སུན་པ་དང་། སྔར་མཐོང་མ་མྱོང་བའི་ཡུལ་མཐོང་ཞིང་ཡིད་ལ་བྱེད་པ་དང་། ཏིང་ངེ་འཛིན་བསྐྱང་དུ་མི་བཏུབ་པའོ། །ནང་གི་འཆི་ལྟས་ནི། གཡས་གཡོན་གྱི་རླུང་རྣལ་མར་རྒྱུ་བ་ཆད་པ་སྟེ། སྤྱིར་རྣལ་མར་རྒྱུ་བའི་རླུང་ནི། གཡས་ནས་གཡོན་ཏུ་འཕོ་བ་དྲུག །གཡོན་ནས་གཡས་སུ་འཕོ་བ་དྲུག་སྟེ། རླུང་འཕོ་བ་བཅུ་གཉིས་བྱེད་པ་ལས། དེ་ལྟར་འཕོ་མི་བཏུབ་པར། གཡས་སམ་གཡོན་ཁོ་ན་ནས་རྒྱུ་ན་འཆི་ལྟས་སོ། །དེ་ཡང་དང་པོར་མའི་དུས་སྦྱོར་གཡོན་པའི་ཚེ་སྐྱེས་པ་རྣམས་ལ་འཆི་ལྟས་ཀྱང་གཡོན་ནས་འབྱུང་སྟེ། དང་པོར་སྣ་བུག་གཡོན་ཁོ་ན་ནས་ཞག་གཅིག་རྒྱུ་ན་ལོ་གསུམ་ན་འཆིའོ། །དེ་བཞིན་ཏུ་ཟླ་བ་གཉིས་ན་ཞག་གཅིག་རྒྱུ་ན་ལོ་གཉིས་དང་ཟླ་བ་བཅུ་ན་འཆིའོ། །ཡང་ཟླ་བ་གཉིས་ན་ཞག་གཅིག་རྒྱུ་ན་ལོ་གཉིས་དང་ཞག་བརྒྱད་ན། དེ་ཡང་ཟླ་བ་གཅིག་རྒྱུ་ན་ལོ་གཅིག་དང་ཟླ་བ་བདུན་ན། དེ་བཞིན་ཏུ་ཟླ་བ་ཉི་ཤུ་རྩ་དགུའི་གཡོན་ནས་རྒྱུ་བའི་ཞག་ཉི་ཤུ་རྩ་དགུ་ནས་ཞག་གསུམ་གྱི་ཚེར་འགྱུར་ཞིང་། དེ་ནས་གཡས་སུ་འཕོ་སྟེ་ཞག་གཉིས་གཡས་ཁོ་ན་ནས་རྒྱུ། ཞག་གསུམ་པ་ལ་གཡོན་ཏུ་འཕོས་པ་ནས་ཅིས་ཀྱང་འཆི་བར་འགྱུར་རོ། །ཡང་མའི་དུས་སྦྱོར་གཡས་པའི་ཚེ་སྐྱེས་ན་འཆི་ལྟས་ཀྱང་གཡས་ནས་འབྱུང་སྟེ། དང་པོ་སྣ་བུག་གཡས་ཁོ་ནས་ཞག་ལྔ་བཏུད་ནས་རྒྱུ་ན་ལོ་གསུམ་ནས་འཆི། ཡང་ཞག་ལྔ་བཏུད་ན་ལོ་གཉིས་ན་འཆི། དེ་ལྟ་བུ་གསུམ་པས་ལོ་གཅིག་ན། བཞི་པས་ཟླ་བ་དྲུག་ན། ལྔ་པས་ཟླ་བ་གསུམ་ན། སླར་ཡང་ཞག་གཅིག་གཡས་ཁོ་ན་ནས་རྒྱུ་ན་ཟླ་བ་གཉིས་ན། དེ་བཞིན་ཏུ་དེ་ལྟ་བུ་གཉིས་པས་ཟླ་བ་གཅིག་ན། གསུམ་པས་ཟླ་བ་ཕྱེད་ན། བཞི་པས་ཞག་བཅུ་ན། ལྔ་པས་ཞག་ལྔ་ན། དྲུག་པས་ཞག་གསུམ་ན། དེ་ནས་གཡོན་ཁོ་ན་ནས་ཞག་གསུམ་རྒྱུ་ཞིང་། གསུམ་པ་ལ་གཡས་སུན་མ་ལོག་པའི་ཚེ་འཆི་བར་འགྱུར་རོ། །གསང་བའི་འཆི་ལྟས་ནི། གཞན་ནས་བཤད་པ་ལྟ་བུའི་རྟེན་འབྱུང་བ་དང་། བརྟེན་
༢༢༥པ་སྣང་བ་གསུམ་རང་བཞིན་བརྒྱད་ཅུ་དང་བཅས་པའི་ཐིམ་ལུགས་གསུངས་སོ། །ནང་གི་འཆི་ལྟས་དེ་དག་ཞག་སུམ་ཅུ་རྩ་བཞིའམ་རྩ་དྲུག་ཏུ་འབྱུང་བ་ལས། ཕྱེད་ཚུན་ཆད་དུ་འཆི་བ་བསླུ་བའི་ཐབས་ཀྱིས་བཟློག་ཅིང་། དེ་ལས་འདས་ན་ནི་བཟློག་པར་མི་འགྱུར་རོ། །འཆི་བ་བསླུ་བའི་ཐབས་ལ་ཡང་གསུམ་ལས། ཕྱིའི་རྟེན་འབྲེལ་ནི། ལམ་འཕྲང་བཅོས་ཤིང་སྲོག་ཆགས་རྣམས་ཀྱི་ཚེ་སྐྱབ་པ་དང་། དཀོན་མཆོག་ལ་མཆོད་པ་འབུལ་ཞིང་སྐྱབས་སུ་འགྲོ་བ་དང་། བསོད་ནམས་ཀྱི་ཚོགས་ཅི་ནུས་སུ་བསགས་པའོ། །ནང་གི་རྟེན་འབྲེལ་ནི། བླ་མ་ཁྱད་པར་ཅན་ལ་དབང་རེ་ནོད་ཅིང་ཚོགས་འཁོར་བྱ་བ་དང་། གཏོར་མ་བཏང་ཞིང་སྦྱིན་སྲེག་བྱ་བ་དང་། ཚེ་གཟུངས་འདོན་ཞིང་ལུས་ངག་གི་དགེ་སྦྱོར་སྔར་བས་ལྷག་ཏུ་བསྐྱེད་པ་ལ་སོགས་པའོ། །གསང་བའི་རྟེན་འབྲེལ་དུ་བུམ་པ་ཅན་གྱི་རླུང་བཟུང་བའམ། བློ་རྣམ་པར་མི་རྟོག་པ་ལ་འཇོག་པ་ལ་སོགས་པའོ། །དེ་ལྟར་འཆི་བ་བསླུ་བའི་ཐབས་དུ་མས་ཀྱང་བསླུ་བར་མ་ནུས་ན། འཕོ་བའི་དམིགས་པའ་སྦྱོར་དགོས་ཏེ། ནམ་མཁའ་ནས་ཐོག་བབ་པ་གང་གིས་ཀྱང་མི་བཟློག་པ་དང་འདྲ་བར་ངེས་པར་ཤེས་པའི་ཚེ། རྫས་དང་ཡོ་བྱད་ཐམས་ཅད་བླ་མ་བཞུགས་ན་བླ་མ་ལ་འབུལ། མཆེད་གྲོགས་ལ་སོགས་པ་གང་ཟག་ཁྱད་པར་ཅན་ལ་ཡང་འབུལ། དཀོན་མཆོག་ལ་མཆོད་པ་བྱ། དགེ་འདུན་ལ་བསྙེན་བཀུར་དྲང་། དེ་ལྟར་བྱས་ལ། གནས་དེར་ཕྱག་དར་བྱ། ཆག་ཆག་གདབ། ཡི་དམ་ལྷའི་ཐང་སྐུ་བཀྲམ། མཆོད་པ་དང་གཏོར་མ་བཤམ། དམ་ཚིག་ཉམས་ཆགས་ཐམས་ཅད་བསྐང་བཤགས་བྱ། བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་དྲག་པོ་གདབ། ཚེ་འདིའི་དངོས་པོ་ཐམས་ཅད་སྒྱུ་མ་རྨི་ལམ་ཙམ་དུ་བསམ་སྟེ་གང་ལ་ཡང་མ་ཆགས་མ་ཞེན་པར་བྱས་ལ་རྩ་བའི་དགེ་སྦྱོར་ལ་འབད་པ་འདོན་པར་བྱའོ། །སྤྱིར་འཆི་ལྟས་རེ་རེ་གཉིས་གཉིས་བྱུང་བ་
༢༢༦ལ་འཕོ་བ་ལས་སྦྱར་དུ་མི་རུང་། མཚམས་མེད་ཀྱི་ལས་བྱས་པ་དང་འདྲ་སྟེ། རྒྱུད་ལས། དུས་ལ་བབས་ནས་འཕོ་བྱ་ཡི། །དུས་མིན་ལྷ་རྣམས་གསོད་པར་བྱེད། །ལྷ་རྣམས་བསད་པ་ཙམ་གྱིས་ནི། །ངེས་པར་དམྱལ་བར་འགྲོ་བར་འགྱུར། །ཞེས་གསུངས་སོ། །དེ་ལྟ་བུའི་ཐབས་ཀྱི་སྦྱོར་བ་དང་མི་ལྡན་པ་རྣམས་ནི་འཆི་བའི་ཚེ་རླུང་སེམས་སྒོ་དགུ་གང་རུང་གཅིག་ནས་ཐོན་ཏེ་རིགས་དྲུག་གི་གྲོང་ཁྱེར་དུ་འཇུག་སྟེ། རྒྱུད་ལས། ཆུ་ལས་དམྱལ་བའི་གནས་སུ་ཏེ། །ཆུ་མིག་གིས་ནི་དུད་འགྲོར་སྐྱེ། ཁ་ལས་ཡི་དྭགས་ཉིད་དུའོ། །སྣ་ནས་གནོད་སྦྱིན་གནས་སུའོ། །རྣ་བ་དག་ནས་གྲུབ་པའི་ལྷ། །གལ་ཏེ་མི་གནས་ཡེ་ཤེས་འཕོ། །མི་རྣམས་ཀྱི་ནི་བདག་པོར་འགྱུར། །ཅེས་སོ། །དེ་ལྟར་མ་ཡིན་པར་སྤྱི་གཙུག་ཚངས་པའི་བུ་ག་ནས་ཐོན་ཏེ། བླ་མ་ཡི་དམ་ལྷའི་ཐུགས་ཀར་འཕོ་ནུས་ན་དེ་ཉིད་གདམས་ངག་ཐོབ་སྟེ། རིགས་ཀྱི་བུ། འཁོར་བ་ནི་བཙོན་དོང་འདྲ་སྟེ། འདམ་རྫས་དང་འདྲ། དུག་གི་སྡོང་པོ་དང་འདྲ་གསུངས་ནས་ཕྱག་རྒྱ་ཆེན་པོ་དེ་ཉིད་ངོ་ལེགས་པར་སྤྲད་དེ། མངོན་པར་ཤེས་པ་དྲུག་ལྷག་གེར་ཤར་ནས་སངས་རྒྱས་པར་འགྱུར་རོ། །འཕོ་བ་སྤྱི་བརྡོལ་མའི་ལྷན་ཐབས་།།།།

བར་དོ་བློས་ཆོད་ཀྱི་མན་ངག་

༢༢༦ ༈ །རྒྱ་གར་སྐད་དུ། མདྷྱ་མ་ཏི་ཙྪེ་ད་ན་ཨུ་པ་དེ་ཤ །བོད་སྐད་དུ། བར་དོ་བློས་ཆོད་ཀྱི་མན་ངག །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་སྡོམ་པ་རྒྱ་མཚོ་ཡི། །རྒྱུད་དུ་རྡོ་རྗེ་འཆང་གིས་གསུངས། །བླ་མའི་དྲིན་གྱིས་བདག་གིས་རྙེད། །གདམས་པར་ལྡན་པའི་རྣལ་འབྱོར་པས། །མཚམས་མེད་གཉིས་དང་བླུན་པོའ་རིགས། །བ་ལང་ལྟ་བུ་མིན་ལ་གདབ། །ཕྱི་དབུགས་ཆད་ནས་མ་གྲང་བར། །དབང་པོ་རབ་འབྲིང་རིམ་པས་གདབ། །ཀྱེ་མ་ཁྱོད་ནི་ཕྱི་དབུགས་ཆད། །ནང་དབུགས་མ་ཆད་བར་དེ་རུ། །འོད་གསལ་ཆོས་སྐུའི་དགོངས་པ་དེ། །སྟོང་ཉིད་ནམ་མཁའ་ལྟ་བུ་རུ། །རྗེན་གྱིས་སོང་བ་ངེས་ཤེས་བསྐྱེད། །དེ་ཡི་ངང་ལ་མ་བཅོས་པར། །
༢༢༧སོ་མ་རང་ཐད་ལྷུག་པར་ཞོག །ཚེ་འདིའི་བློ་འདུན་བློ་ཡིས་ཐོང་། །རྡོ་རྗེ་འཆང་ནས་བརྒྱུད་པ་ཡི། །འཁྲུལ་འཁོར་གནད་ཀྱི་གདམས་པ་ཡོད། །ཁྱོད་འཁོར་བར་མི་འཁྱམས་ང་རང་ཤེས། །ཉི་ཟླ་གཉིས་པོ་མཐེབ་སྲིན་གྱིས། །རང་དེ་[22]མནན་ལ་དྷཱུ་ཏིར་གཞུག །ཕྱི་དབུགས་ཆད་ནས་འཕར་རྩ་དེ། །འཕར་འཕྲོ་བཅད་ནས་ཆིར་གྱིས་མནན། །དར་ཅིག་མནན་ནས་བརྗེད་བསྐུལ་བ། །ད་ལྟ་འོད་གསལ་ཆོས་སྐུ་ཡིན། །ངང་ལ་ལྷན་ཅིག་གློད་ལ་ཞོག །མདངས་གསལ་དྲོད་ལྡན་སྤྱི་བོ་འཚག །ཚ་ལམ་པའམ་རླུང་ཐོལ་འབྱུང་། །དེ་ལྟར་རྟགས་དེ་མ་བྱུང་ན། །དབང་པོ་འབྲིང་པོ་ཡིན་པར་ངེས། །གཡས་གཡོན་རྩ་རུ་རླུང་ཤོར་བས། །ཤེས་པ་བཀྲ་ཡང་ལམ་པ་འབྱུང་། །ཤིའམ་མ་ཤི་ཐེ་ཚོམ་ཟ། །དེ་ཡི་དུས་སུ་མིང་ནས་འབོད། །ཁྱོད་ནི་ཤི་བས་སྔར་བསྒོམས་པའི། །བསྐྱེད་རྫོགས་བཟླས་པ་ལ་སོགས་པའི། །འཕྲོ་དེ་གསལ་གདབ་སྒོམས་ཤིག་བྱ། །དེ་ལྟར་བརྗོད་པས་འཛུམ་པའམ། །མིག་ཧྲིག་པའམ་མཆུ་འགུལ་ལམ། །མགོ་འདེགས་པའམ་རྐང་ལག་བརྐྱང་། །དྲོད་ཀྱང་ཡུན་ཏུ་གནས་པའོ། །དེ་ལྟར་བྱུང་ན་ཐེབས་པ་ཡིན། །དབང་པོ་ཤིན་ཏུ་དམན་པ་ལ། །བདུན་ཚིགས་རོ་བསྲེག་ཚ་ཚ་སོགས། །དགེ་བའི་ལས་ལ་འབད་པར་བྱ། །བདག་ཉིད་ལྷ་སྒྲུབ་མི་ལྡན་པའི། །ཕ་རོལ་འགྲོ་དགོས་བྱུང་བ་ན། །ཚེ་འདིའི་འཁྲི་བ་རྦད་ཀྱིས་བཅད། །གཡས་པ་འོག་བཅུག་མཁྲིག་མ་ཡིས། །འཕར་རྩ་མནན་ལ་ལག་པ་ཡི། །སོར་མོ་རྣམས་ཀྱིས་ཁ་སྣ་དགག །དེ་ཡིས་མཁའ་སྤྱོད་གནས་སུ་འགྲོ། །འདི་ལ་ཡིད་གཉིས་མི་བྱའོ། །མཻ་ཏྲིའི་གདམས་པ་བར་དོ་བློས་ཆོད་དོ། །།།།། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཐུགས་ཀྱི་ཉིང་ཁུ། བར་དོ་བློ་ཆོད་རིག་པ་ཕྱི་ནས་མཐོང་བའི་གདམས་ངག་གོ་།སྤྱིར་བར་དོ་ལ་བླ་མ་གཞན་གྱི་གཞུང་གིས་དྲུག་དང་། ལྔ་དང་། བཞི་ལ་སོགས་སུ་གསུངས་ཀྱང་། འདིར་བར་
༢༢༨དོ་གསུམ་དུ་འདུས་པར་བཞེད་དོ། །ལྟ་བ་གཏན་ལ་འབེབ་པ་གཞིའི་བར་དོ། །སྒོམ་པ་ཉམས་སུ་ལེན་པ་ལམ་གྱི་བར་དོ། །དོན་མངོན་ཏུ་གྱུར་པ་འབྲས་བུའི་བར་དོའོ། །དང་པོ་ནི། སྤྱིར་ཤེས་བྱའི་ཆོས་ཐམས་ཅད་ཅི་ཡང་མ་ཡིན་པའི་ཆོས་ཉིད་གཉུག་མ་ཁྱབ་གདལ་ཆེན་པོར་ཡེ་ནས་གནས་པ་ལས། དེའི་དོན་མ་རྟོགས་པ་དང་། རྟོགས་པའི་དབང་གིས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་ཤོར། དེ་རྟོགས་པའི་ཐབས་ལ་ལྟ་སྒོམ་སྤྱོད་པ་གསུམ་དུ་གནས་སོ། །དང་པོ་ལྟ་བ་གཏན་ལ་དབབ་པ་ནི། རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ཅི་ཡང་མ་ཡིན་པའི་ཆོས་ཉིད་དུ་གནས་པ་དེ་ལ་གློ་བུར་གྱི་འཁྲུལ་པས་བར་དུ་བཅད་དེ། དེའི་ཐོག་ཏུ་བླ་མ་དམ་པའི་གདམས་པས་སྦྲེལ་དགོས་ཏེ། སྦྲེལ་ལུགས་ཀྱང་རྟེན་དབང་པོའ་རིམ་པ་གང་ཡིན་ཡང་རུང་། ཐབས་ཇི་ལྟ་བུའི་ངོ་སྤྲད་ཀྱང་རུང་སྟེ། ལྟ་བ་རྟོགས་ཚུལ་ལས་མི་འདའོ། །དེ་ཡང་དོན་སྤྱིའི་མཚན་ཉིད་དུ་རྟོགས་པས་ཡིད་ཆེས་པ་དང་། དོན་རང་གི་མཚན་ཉིད་དུ་རྟོགས་པས་ཉམས་སུ་མྱོང་བ་སྟེ། དཔེར་ན་སྨན་གྱི་དྲོ་ཤེས་པ་དང་རོ་མྱོང་བ་ལྟ་བུའོ། །དེ་ལ་སྤྱིའི་ལུགས་ཀྱིས་དོན་སྤྱིའི་མཚན་ཉིད་དུ་རྟོགས་པས་ལས་འཕྲོ་འཇོག་པ་ལས་བར་དོ་ཆོད་མི་ནུས་པར་འདོད། གདམས་པ་འདིའི་ལུགས་ཀྱིས་བསམ་ཡས་ལོ་རྒྱུས་ཤེས་པ་ལྟར། འཆི་ཁར་འདི་སྟོན་པའི་བླ་མ་དང་འཕྲད་ནས་བར་དོ་ཆོད་པར་འདོད། གལ་ཏེ་སྤྱིའི་མཚན་ཉིད་ཙམ་ཡང་མ་རྟོགས་ན། བསྐྱེད་རིམ་ཡི་དམ་གང་ཡིན་གཅིག་ལ་གོམས་འདྲིས་བྱའོ། །ཆོས་ཉིད་རང་གི་མཚན་ཉིད་དེ། སྐྱེ་བོ་གཉིད་སད་པ་ལྟར་གཉུག་མའི་དོན་རྗེན་པར་མཐོང་བ་ནི་ལྟ་བ་རྟོགས་པ་ཞེས་བྱའོ། །དེས་བར་དོ་ཆོད་པར་འདོད་དེ། གཉིས་པ་སྒོམ་པ་ཉམས་སུ་ལེན་པའི་བར་དོ་ལ་གཉིས། དབང་པོ་རབ་ཤེས་བྱ་གཅིག་ཆོད་དུ་གྲོལ་བའི་རིགས་དང་། འབྲིང་མན་ཆད་རིམ་གྱིས་གྲོལ་བར་རིགས་སོ། །རབ་ཅིག་ཅར་བ་དེ་ནི་རང་ངམ་གཞན་གྱིས་ཤེས་བྱ་གཅིག་ཆོད་དུ་རྟོགས་ནས་སྐྱེས་བུ་གཉིད་སད་པ་ལྟར།
༢༢༩འཁྲུལ་པ་ཡུལ་མེད་དུ་ཞིག་པས་བར་དོའ་སྣང་བ་མི་འཆར་བས་གདམས་པ་གདབ་མི་དགོས་སོ། །འབྲིང་རིམ་གྱིས་པ་ལ་གཉིས་ཏེ་མཚན་མེད་སྟོང་ཉིད་བསྒོམ་པ་དང་། མཚན་བཅས་ལྷ་བསྒོམ་པའོ། །མཚན་མེད་ལ་གཉིས་ཏེ། དོན་རང་གི་མཚན་ཉིད་དུ་རྟོགས་པ་དང་། དོན་སྤྱིའི་མཚན་ཉིད་དུ་གོ་བའོ། །རང་གི་མཚན་ཉིད་རྟོགས་པ་ལ་གཉིས་ཏེ། རང་གིས་བར་དོ་ངོས་ཟིན་ནས་ཆོས་ཉིད་གསལ་ཐེབས་པ་ཡིན་ནོ། །གོམས་འདྲིས་ཆུང་བ་ལ། འཆི་ཁར་འཁྲུལ་པའི་རིགས་ལ་གདམས་པ་དགོས། ཡང་དོན་སྤྱིའི་མཚན་ཉིད་གོ་ལ་རང་གི་མཚན་ཉིད་མ་རྟོགས་པ་ལ་གདམས་པ་འདི་མེད་ཐབས་མེད་དོ། །ཡང་མཚན་བཅས་ལྷ་བསྒོམ་པ་ཞིག་ལ་ཡང་གོམས་པ་ཆེ་བའི་རིགས་ལ་མི་དགོས་ཏེ། བར་དོ་ལྷའི་སྐུ་རང་གིས་གསལ་ཐེབས་ན་འོད་ཡང་གོམས་པ་ཆུང་བ་ལ་དགོས་པ་ཡིན་ནོ། །གསུམ་པ་མངོན་ཏུ་བྱེད་པ་འབྲས་བུའི་བར་དོ་ལ་གསུམ་ཏེ། གང་ཟག་དངོས་སུ་བཟུང་བ་དང་། བར་དོ་གསུམ་གྱི་འཆར་ལུགས་དང་། གདམས་ངག་གདབ་ལུགས་སོ། །གདམས་ངག་མི་དགོས་པའི་གང་ཟག་གཉིས། གདབ་ཏུ་མེད་པའི་གང་ཟག་གཉིས། གདབ་དགོས་པ་བཞི་སྟེ་བརྒྱད་དོ། །གདབ་མི་དགོས་པ་ནི། རབ་ཤེས་བྱ་གཅིག་ཆོད་དུ་གྲོལ་བའི་རིགས་ལ་མི་དགོས། འབྲིང་གོམས་པ་ཤིན་ཏུ་ཆེ་བ་ལ་མི་དགོས་སོ། །གདབ་ཏུ་མེད་པའི་གང་ཟག་གཉིས་ནི། སྡིག་པོ་ཆེ་མཚམས་མེད་ལྔ་བྱས་པའི་གང་ཟག་ལ་བར་དོའ་སྣང་བ་མི་འཆར་ཏེ། དབུགས་སོང་བ་ནི་བཙོ་སྲེག་གི་སྣང་བ་འཆར་རོ། །ལམ་གང་ལ་ཡང་གོམས་འདྲིས་མེད་པས་ཆོས་སྒོར་ཞུགས་ཙམ་གྱི་གང་ཟག་དེ་ལ་ཡང་གདབ་ཏུ་མེད་དོ། །འདིའི་རིགས་ལ་ཡང་འཆི་ཁར་བླ་མ་སླེབ་ན་ཕན་ཐོགས་ངེས་གསུངས། གདབ་དགོས་པའི་གང་ཟག་ལ་བཞི་སྟེ། ལྟ་བ་སྤྱིའི་མཚན་ཉིད་དུ་གོ་ཡང་ངོ་མ་སྤྲད་པ་ལ་དགོས་ཏེ། དཔེར་ན་བསམ་ཡས་ཀྱི་ལོ་རྒྱུས་ཤེས་ཀྱང་མཐོང་མ་མྱོང་བ་ཞིག་ལ། ལམ་དེར་ཞུགས་པའི་ཚེ་ན་བསམ་ཡས་[23]
༢༣༠འདི། ཡིན་ནོ་བྱས་པ་ཙམ་གྱིས་སྔར་གྱི་ལོ་རྒྱུས་དང་མཐུན་ནས་ལམ་གྱིས་ངོ་ཤེས་ནས་ལྟ་བ་ལྟར། ལྟ་བའི་གོ་ཡུལ་ཡོད་པ་གཅིག་ལ་བླ་མ་གཅིག་གིས་ཁྱོད་ལ་བར་དོ་དང་པོའ་འོད་གསལ་བྱ་བ་དེ་ཕྱི་དབུགས་ཆད་པ་དང་ཆོས་ཐམས་ཅད་ནམ་མཁའ་ལྟར་སྟོང་རྗེན་གྱིས་འཆར་བ་ཡིན་གྱི། དེ་ངོ་ཤེས་པར་གྱིས་ལ་དེའི་ངང་ལ་ཞོག་ཅིག །དེའི་དུས་ལ་ངས་ཀྱང་ངོ་སྤྲད་ཀྱི་བྱས་པས། བར་དོ་དང་པོ་ངོས་ཟིན་ཏེ་ཐེ་ཚོམ་མེད་དོ། །ཡང་གཉིས་པ་ངོ་སྤྲད་ཀྱང་གོམས་འདྲིས་ཆུང་བ་རྣམས་ཀྱིས་བར་དོ་རང་གིས་གསལ་ཐེབས་མི་ནུས་པས་དེ་ལ་ཡང་བླ་མས་བསྐུལ་དགོས་སོ། །གསུམ་པ་སྔར་གོམས་འདྲིས་ཡོད་ཀྱང་འཆི་ཁ་དྲག་པོར་འཁྲུལ་ནས་དྲན་པས་ཡེ་མ་ཟིན་པའི་རིགས་ལ་གདམས་པ་འདི་དགོས་སོ། །ཡང་བཞི་པ་སྔར་གོམས་འདྲིས་ཡོད་ཀྱང་སྡོམ་པ་ཤོར་བའམ། རྩ་བའི་དམ་ཚིག་ཉམས་ནས་ངན་སོང་དུ་འགྲོ་བའི་རིགས་དེ་ལ་ཤིན་ཏུ་དགོས་ཏེ། བར་དོ་དང་པོར་ཐེམ་ན་རབ། དེ་ལ་མ་ཐེབས་ན་བར་དོ་གཉིས་པར་བཏབ་པས་རིག་པ་སད་ནས་གྲོལ་བ་ཡིན། དེ་ལ་ཡང་བར་དོ་གཉིས་པ་དག་པའི་སྒྱུ་ལུས་བྱ་བ་ཤིའམ་མ་ཤི་ངོ་མི་ཤེས་པའི་ཤེས་པ་གསལ་ལམ་པ་ཅིག་ཡོད། དུས་དེར་གདམས་པ་ཐེབས་ན་ཆོས་ཉིད་མ་བུ་འཕྲད་ནས་ལས་ཀྱིས་ཁ་བསྒྱུར་དུ་མེད་དོ། །དཔེར་ན་ཉི་མའི་འོད་ཀྱིས་མུན་པ་བཅོམ་པ་བཞིན་ཏུ་ལམ་གྱིས་ལས་ཀྱི་ནུས་པ་བཅོམ་ནས་གྲོལ་བ་ཡིན་ནོ། །གཉིས་པ་བར་དོ་གསུམ་གྱི་འཆར་ལུགས་བསྟན་པ་ནི། བར་དོ་དང་པོ་ཆོས་ཉིད་འོད་གསལ་ཞེས་བྱ་བ་ཆོས་ཀྱི་སྐུའི་དགོངས་པ་ཕྱིན་ཅི་མ་ལོག་པ་ཞིག་འགྲོ་བ་ཀུན་གྱི་རྒྱུད་ལ་འཆར་སྟེ། དེ་ལ་ཕྱི་དབུགས་ཆད། ནང་དབུགས་མ་ཆད་པའི་རླུང་དྷཱུ་ཏིར་ཐིམ་པའི་བར་ཡིན་ནོ། །དེ་ལ་ཕལ་པ་རྣམས་ཤེས་པ་བརྒྱལ་ཟེར། ཡུན་ནི་ངེས་པ་མེད། རྟེན་བཟང་ངན་དང་རྩ་རླུང་གི་རིམ་པ་ཡིན་ནོ། །དེ་ནས་རྩ་གཡས་གཡོན་གྱི་རླུང་ཤོར་བ་དང་བར་དོ་གཉིས་པ་ཡིད་ཀྱི་ལུས་སུ་ལམ་གྱིས་འཆར་བ་
༢༣༡ཡིན་ནོ། །དེ་ཡང་ལས་ངན་གྱིས་རྩ་གཡས་གཡོན་གཉིས་གང་རུང་དུ་འགྲོ། དེའི་དུས་སུ་ཤིའམ་མ་ཤི་ངོ་མི་ཤེས། ངུ་རྒོད་བྱས་པ་ཐོས། ཤེས་ནས་སྔར་བཞིན་བྱས་པས་ཐོ་ཡུལ་དུ་འཁོར་རོ། །དེའི་དུས་སུ་བར་དོའ་གདམས་ངག་ཐོབ་ན་དོན་འགྲུབ་སྟེ། ད་རུང་ལས་ཀྱི་འཁྲུལ་སྣང་མ་ཤར་བས་གང་དུ་ཡང་བསྒྱུར་དུ་བཏུབ་བོ། །དེ་ནས་བར་དོ་གསུམ་པ་ལས་ཀྱི་འཁྲུལ་སྣང་བྱ་བ་འཆར་ཏེ། ཉེ་དུས་ངུ་རྒོད་བྱས། ཟས་སྐལ་བཅད། གོས་བཤུས། མལ་ས་ཕྱགས། རང་གིས་ཁོང་མཐོང་ཡང་། ཁོང་གིས་རང་མི་མཐོང་། ཁོང་གིས་བོས་པ་རང་གིས་ཐོས་ཀྱང་། རང་གིས་བོས་པ་ཁོང་གིས་མ་ཐོས་པས་སྙིང་མི་དགའ་ཕྱད་ཀྱིས་འགྲོའོ། །དེའི་ཚེ་རིགས་དྲུག་གི་གནས་མཐོང་། ཡུལ་ལ་ཆགས་ཐོགས་མེད། ལས་འཁྲུལ་སྣང་ཅི་ཡང་འཆར། གཤིན་རྗེའི་ཕོ་ཉས་འཚེ། རང་གར་སྐྱེའི་འགྲོ་བ་རྣམས་མཐོང་། དེ་ལ་ཆགས་སྡང་སྐྱེས་ན་སྐྱེ་བའི་སྒོ་བཞི་གང་རུང་ཞིག་ལ་འཇུག་གོ་།དེའི་དུས་སུ་གདམས་ངག་ཐེབ་པ་དཀའ་སྟེ། ཤེས་པ་འཕྱོ། ལས་ཀྱི་འཁྲུལ་པས་བདས་ནས་ཐོ་ཡུལ་དུ་རེས་འགའ་ལས་མི་འཁོར་རོ། །དེའི་ཚེ་ཤུལ་ན་ཡོད་པ་རྣམས་ཀྱིས་ལན་མོ་བྱེད་པས། དེ་དུས་ཀྱི་དགེ་བ་སྟོབས་ཆེན་གནས་ངན་པ་ལས་ལྡོག་ནུས་སོ། །གསུམ་པ་གདམས་ངག་གདབ་ལུགས་ནི། བར་དོ་གསུམ་ལ། བློས་ཆོད་ཀྱི་གདམས་ངག་གདབ་སྟེ། དཔེ་ཆུའི་འོལ་ཁ་བསྒྱུར་བ་དང་འདྲ། དེ་ཡང་བར་དོ་དང་པོ་འོད་གསལ་བློས་ཆོད། བར་དོ་གཉིས་པ་སྒྱུ་ལུས་བློས་ཆོད། བར་དོ་གསུམ་པ་འཁྲུལ་སྣང་བློས་ཆོད་དོ། །བར་དོ་དང་པོ་འོད་གསལ་བློས་ཆོད་ལ་ཡང་གསུམ། ནམ་གདབ་པའི་དུས་དང་། ཇི་ལྟར་གདབ་པའི་ཐབས། ཐེབས་མ་ཐེབས་ཀྱི་རྟགས་སོ། །ནམ་གདབ་པའི་དུས་ནི། ཕྱི་དབུགས་ཆད་མ་ཁད་གདབ་སྟེ། ཚེ་འདིའི་སྣང་བ་ནུབ། བར་དོའ་འཁྲུལ་སྣང་མ་ཤར་བ་རླུང་ཨ་བ་དྷཱུ་ཏིར་ཐིམ་ནས། ཤེས་པ་
༢༣༢འོད་གསལ་གྱི་ངང་ལ་གནས་པ་དར་ཅིག་འོང་བས་དེའི་དུས་སུ་གདབ་བོ། །ཇི་ལྟར་གདབ་པའི་ཐབས་ནི། བླ་མ་མཆེད་གྲོགས་ཀྱིས་སྔར་ནས་ཁྱོད་ལ་དབུགས་ཆད་ནང་དབུགས་མ་ཆད་པའི་བར་དེར་འོད་གསལ་ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུ་སྟོང་རྗེན་པ་ཞིག་འཆར་བས་དེ་ངོ་ཤེས་པར་གྱིས་ལ་དེའི་ངང་དུ་ཤེས་པ་ལྷོད་ཀྱིས་གློད་ལ་ཞོག་ཅིག་ཅེས་བསླབ་བོ། །དེ་ནས་དབུགས་འགྲོ་ཁར་རྩ་གཡས་གཡོན་གཉིས་ལ་མཐེ་བོང་རེག་ཙམ་བྱས་ལ་བསྡད། དབུགས་ནར་སོང་བ་དང་རྩ་འཕར་འཕྲོ་ཆད་པ་དང་རྩ་ཆིར་གྱིས་མནན་ནོ། །ཡུན་ནི་ཟན་གཅིག་ཟ་རིང་ཙམ་མོ། །དེའི་དུས་སུ་བརྗེད་བསྐུལ་བ་ནི། འོ་དེ་ནི་བར་དོ་འོད་གསལ་ཆོས་ཀྱི་སྐུ་ཡིན་པས། དེའི་ངང་ལ་ཤེས་པ་ལྷན་གྱིས་གློད་ལ་ཞོག་ཅིག་བྱའོ། །ཐེབས་མ་ཐེབས་ཀྱི་རྟགས་ནི། ཐེབས་ན་བཞིན་མདངས་གསལ། དྲོད་ཡུན་ཏུ་གནས། སྤྱི་བོར་འཚག་པའམ་ཚ་ལམ་པའམ་རླངས་ཐོལ་བ་འབྱུང་བ་ཡིན་ནོ། །མ་ཐེབས་ན་རྟགས་དེ་རྣམས་མི་འོང་བས་བར་དོ་གཉིས་པ་ལ་བཟུང་དགོས་སོ། །བར་དོ་གཉིས་པ་སྒྱུ་ལུས་བློས་ཆོད་ལ་གསུམ་སྟེ། ནམ་གདབ་པའི་དུས། ཇི་ལྟར་གདབ་པའི་ཐབས། ཐེབས་མ་ཐེབས་ཀྱི་རྟགས་སོ། །ནམ་གདབ་པའི་དུས་ནི། བར་དོའ་འོད་གསལ་མ་ཟིན་ན་དྷཱུ་ཏིའི་ནང་ནས་རླུང་ལོག་སྟེ། རྩ་གཡས་གཡོན་ཏུ་རླུང་ཤོར་བས་ཤེས་པ་བཀྲ་ལམ་བ་འོང་། དེ་ནས་ང་ཤི་བ་ཡིན་ནམ་མ་ཤི་བ་ཡིན་སྙམ་མོ། །དེ་ནས་རོ་བསྡུས། མལ་ཕྱགས། ངུ་རྒོད་བྱས། ཟས་སྐམ་སྐལ་པ་བཅད་པ་དང་། ད་ང་ཤི་བ་འདུག་སྙམ། སྙིང་མི་དགའ་ཤད་འགྲོ་བས་དེ་དུས་གདབ་བོ། །ཇི་ལྟར་གདབ་པའི་ཚུལ་ནི་གཉིས་ཏེ། གང་ཟག་དེ་ཆོས་ཉིད་སྟོང་པ་བསྒོམ་པ་དང་། མཚན་བཅས་ལྷ་བསྒོམ་པ་གང་ཡིན་ངོ་ཤེས་པར་བྱས་ལ། གཉིས་ཀ་ལ་ཐུན་མོང་གི་བྱ་བཏང་ལྔ་ལྡན། ཁྱད་པར་གྱི་བྱ་བཏང་རེ་རེས་གདམས་ངག་གདབ་བོ། །ཐུན་མོང་གི་བྱ་བཏང་ལྔ་པ་ནི། མིང་ནས་འབོད་པ་དང་། ཁྱོད་ནི་ཤི་བ་ཡིན་ནོ། །དེ་ནི་བར་དོ་ཡིན་ནོ། །བླ་མ་དྲན་
༢༣༣པར་གྱིས་ཤིག །གདམས་ངག་དྲན་པར་གྱིས་ཤིག །ཅེས་གསལ་གདབ་བོ། །ཁྱད་པར་གྱི་བྱ་བཏང་རེ་རེ་ནི། སྟོང་ཉིད་སྒོམ་པ་ཡིན་ན་དེ་གསལ་གདབ། བསྐྱེད་རིམ་སྒོམ་ན་དེ་གསལ་གདབ། གདབ་པ་བླ་མའི་ཞལ་ལས་ཤེས་སོ། །ཐེབས་པའི་རྟགས་ནི་འཛུམ་པའམ། མིག་ཧྲིག་པའམ། མཆུ་འགུལ་བའམ། མགོ་འདེགས་པའམ། རྐང་པ་ཤད་པའམ། བཞིན་གྱི་མདོངས་མི་འཆོར། དྲོད་ཡུན་ཏུ་གནས་སོ། །དེ་ཚོ་གང་བྱུང་ཡང་ཆོག་གོ་།དེ་ལྟར་བྱུང་ན་བར་དོ་ཟིན་པ་ཡིན་པས། ཤུལ་དུ་དགེ་བའི་ལས་ཅི་ཡང་མི་དགོས་སོ། །དེ་ལ་མ་ཟིན་ན་བར་དོ་གསུམ་པ་འཁྲུལ་སྣང་བློས་ཆོད་བྱ་བ་ཡིན། འཁྲུལ་སྣང་ཟིངས་ཀྱིས་ལངས་ནས་གདམས་ངག་མི་ཐེབས་པས་ཤུལ་དུ་དགེ་བའི་ལས་ལ་འབད་དོ། །ཁོས་ཀྱང་དེའི་ལན་མོ་བྱེད་པས་ཕན་ནོ། །བསྔོ་བ་བྱས་པས་ཀྱང་ཕན་ནོ། །སྤྱིར་གོམས་པ་ཆེ་ཆུང་གང་ལ་ཡང་འཆི་ཀར་བག་རེ་འཁྲུལ་པ་མང་ངོ་། །གོམས་པ་ཆེ་བ་རྣམས་ལ་བེམ་རིག་བྲལ་ནས་ཆོས་ཉིད་དུ་ལམ་གྱིས་འོང་། ཆུང་བ་ལ་དཀའ་བས་གདམས་པ་འདི་མེད་ཐབས་མེད་དོ། །གོམས་པ་ཆེ་ཆུང་དང་། ངོ་འཕྲོད་མ་འཕྲོད་འཆི་ཁར་འཁྲུལ་མ་འཁྲུལ་མེད་པར། རིག་པ་ཕྱི་ཐས་མཐོང་བ་ཡིན་ནོ། །བར་དོ་རང་སྟོབས་ཀྱིས་མ་ཟིན་ཡང་། གཞན་རྐྱེན་ལ་བརྟེན་ནས་ཟིན་ངེས་པས། ལམ་བློས་ཆོད་དུ་འགྲོ་ངེས་པ་ཡིན་ནོ། །བར་དོ་བློས་ཆོད་ཀྱི་ཞལ་གདམས་སོ། །བརྒྱུད་པ་གསང་། གདམས་པ་གང་། ཡིད་ལ་སྤོང་། ཐེ་ཚོམ་ཤིག །བཀའ་རྒྱས་སྡོམས། བཀའ་མའམ། གཏེར་མའམ། ལུང་བསྟན་པ་སྙམ་དུ་ཡིད་ལ་མི་བྱ་བར་ཉམས་སུ་བླང་ངོ་།། །།

༄༅། །སྒམ་པོ་ལུགས་ཀྱི་ཕྱག་ཆེན་དང་ཆོས་དྲུག་ཟུང་འབྲེལ་གྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་འཕོ་བའི་གསེང་ལམ་ཞེས་བྱ་བ་བཞུགས་སོ༎

༢༣༥ སྒོམ་པོ་ལུགས་ཀྱི་ཕྱག་ཆེན་དང་ཆོས་དྲུག་ཟུང་འབྲེལ་གྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་འཕོ་བའི་གསེང་ལམ་ཞེས་བྱ་བ་བཞུགས་སོ། །
༢༣༦རིགས་ཀུན་བདག་ཉིད་བཅོམ་ལྡན་རྡོ་རྗེ་འཆང་། །རྒྱལ་བའི་ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མ། །གསང་བདག་སྤྲུལ་པ་བྱང་སེམས་བདེ་བའི་མགོན། །སྙིང་པོའ་རྩ་བརྒྱུད་རྣམས་ལ་གསོལ་བ་འདེབས། །གྲུབ་ཆེན་གཙོ་བོ་དཔལ་ལྡན་ས་ར་ཧ། །རྒྱལ་བས་ལུང་བསྟན་འཕགས་མཆོག་ཀླུ་སྒྲུབ་ཞབས། །གཉུག་མའི་དོན་རྟོགས་རྗེ་བཙུན་ཤ་བ་རི། །ཕྱག་ཆེན་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཆོས་ཀུན་སྒྱུ་མར་གཟིགས་པའི་དཔལ་ལྡན་མཚན། །རྒྱལ་སྲས་འཕགས་པ་ལྷ་དང་ཟླ་བ་གྲགས། །མཆོག་གི་དངོས་གྲུབ་བརྙེས་པའི་མ་ཏཾ་གི་།བསྐྱེད་རིམ་སྒྱུ་ལུས་བརྒྱུད་ལ་གསོལ་བ་འདེབས། །དངོས་གྲུབ་གཉིས་བརྙེས་གྲུབ་ཆེན་ལཱུ་ཧི་པ། །དཔའ་བོ་ཌེཾ་གི་པ་དང་དྷ་རི་ཀ །མཆོག་གི་རྣལ་འབྱོར་སུ་ཁ་དྷ་རིའི་ཞབས། །ཐབས་ལམ་གཏུམ་མོའ་བརྒྱུད་ལ །སྤྱོད་མཛད་ཌོམྦི་པ་དང་བཱི་ན་ས། །འོད་གསལ་མངོན་དུ་གྱུར་པའི་ལྭ་ཝ་པ། །དེ་བཞིན་ཉིད་གཟིགས་ཨིནྡྲ་བྷཱུ་ཏིའི་ཞབས། །རྨི་ལམ་འོད་གསལ་བརྒྱུད་ལ །ལྷན་སྐྱེས་དོན་རྟོགས་རྣལ་འབྱོར་སུ་ཁ་སི། །སྣ་ཚོགས་སྤྲུལ་པ་སྟོན་པའི་ཐང་ལོ་པ། །
༢༣༧དོན་གཟིགས་ཤིང་ལོ་པ་དང་ཀརྞ་རི།། །བར་དོ་འཕོ་བའི་བརྒྱུད་ལ །བཀའ་བབས་ཡོངས་རྫོགས་སྤྲུལ་སྐུ་ཏཻ་ལོ་པ། །ཐུབ་བསྟན་གསལ་མཛད་མཁས་གྲུབ་ནཱ་རོའ་ཞབས། །སྙིང་པོའ་ལམ་སྟོན་ཨ་ཝ་དྷཱུ་ཏི་པ། །གྲུབ་པའི་དབང་པོ་རྣམས་ལ་།གདམས་པ་ཀུན་གྱི་བརྒྱུད་འཛིན་མར་པའི་ཞབས། །གྲུབ་པའི་དབང་ཕྱུག་རྣལ་འབྱོར་མི་ལ་རྗེ། །སྙིང་པོའ་བསྟན་པ་རྒྱས་མཛད་སྒམ་པོ་པ། །སྒྲུབ་བརྒྱུད་གཙུག་རྒྱན་རྣམས་ལ །བདག་ཉིད་ཆེན་པོ་སྒོམ་པ་ཚུལ་ཁྲིམས་རྗེ། །དེ་ཉིད་དོན་གཟིགས་ཤེས་རབ་དབང་ཕྱུག་ཞབས། །མཁྱེན་བརྩེའི་བདག་ཉིད་མཁན་ཆེན་འདུལ་འཛིན་པ། །བསྟན་པའི་རྩ་ལག་རྣམས་ལ་།ལུང་རྟོགས་མངའ་བདག་དཔལ་ལྡན་ལ་ཡག་པ། །བསླབ་གསུམ་ནོར་འཛིན་མཁན་ཆེན་བྱེ་ཀར་པ། །སྣང་སྲིད་ཆོས་སྐུར་རྟོགས་པའི་སྙི་སྒོམ་རྗེ། །བསྟན་པའི་མངའ་བདག་རྣམས་ལ་།ཕྲིན་ལས་དབང་ཕྱུག་ཤེས་རབ་འབྱུང་གནས་མཚན། །མཁྱེན་རབ་སྤྱན་དང་ལྡན་པའི་ཆོས་གླིང་པ། །ཀུན་གྱི་གཙུག་རྒྱན་ཆོས་ཀྱི་ཚུལ་ཁྲིམས་ཞབས། །མཐུ་སྟོབས་བདག་ཉིད་རྣམས་ལ་།མཁས་གྲུབ་ཆེན་པོ་དཔལ་ལྡན་ལྷ་ལུང་པ། །
༢༣༨བྱང་ཆུབ་སེམས་དཔའ་མཁན་ཆེན་ལྷ་བཙུན་ཞབས། །འགྲོ་བའི་འདྲེན་མཆོག་དམ་པ་ཇོ་སྲས་རྗེ། །ཐར་འདོད་དེད་དཔོན་རྣམས་ལ་།ཚོགས་གཉིས་དབང་འབྱོར་ཆོས་ཀྱི་རྒྱལ་མཚན་རྗེ། །སྤྲུལ་པའི་སྐུ་མཆོག་དམ་པ་ཆོས་སེང་པ། །གྲུབ་པ་མཆོག་བརྙེས་ཆོས་ཀྱི་དབང་ཕྱུག་ཞབས། །བསྟན་པའི་སྒྲོན་མེ་རྣམས་ལ་།སྒྲུབ་པ་ལྷུར་མཛད་རྣལ་འབྱོར་རིན་རྡོར་པ། །མཁྱེན་གཟིགས་མངའ་བ་བསོད་ནམས་རིན་ཆེན་མཚན། །མཁས་བཙུན་དམ་པ་མཁན་ཆེན་རྒྱལ་མཚན་བཟང་། །ཐར་པའི་ལམ་སྟོན་རྣམས་ལ་།དོན་གཉིས་མཐར་ཕྱིན་བསོད་ནམས་རྒྱ་མཚོ་དང་། །གསང་བའི་མཛོད་འཛིན་མཁན་ཆེན་་མཚན། །སྙིང་པོའ་དོན་གཟིགས་བསོད་ནམས་ལྷུན་གྲུབ་ཞབས། །ཐུགས་རྗེའི་བདག་ཉིད་རྣམས་ལ་།རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་མངྒ་ལཾ། །གྲུབ་བརྙེས་མཆོག་གཟིགས་བཀྲ་ཤིས་ཆོས་འབྱོར་རྗེ། །འགྲོ་བའི་འདྲེན་མཆོག་ནོར་བུ་རྒྱན་པའི་ཞབས། །བསྟན་པའི་གཙུག་རྒྱན་རྣམས་ལ །མཁས་མཆོག་སྤྱན་སྔ་རིན་ཆེན་རྡོ་རྗེ་དང་། །གྲུབ་པའི་སྐྱེས་མཆོག་བཟང་པོ་རྡོ་རྗེའི་ཞབས། །རྗེ་བཙུན་བླ་མ་ལྷུན་གྲུབ་ངེས་དོན་དབང་། །བསྟན་པའི་སྣང་བྱེད་རྣམས་ལ་།གདམས་པའི་མཛོད་འཛིན་དམ་ཆོས་དབང་ཕྱུག་དང་། །བསྟན་པའི་གསལ་བྱེད་བསྟན་པ་དར་རྒྱས་མཚན། །གྲུབ་པའི་དབང་ཕྱུག་བྱང་ཆུབ་རྡོ་རྗེ་སྟེ། །ཟབ་ལམ་སྤེལ་མཛད་རྣམས་ལ་།སྒྲུབ་བརྒྱུད་བསྟན་འཛིན་ཀུན་དགའ་སྙིང་པོའ་ཞབས། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་དཔལ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་སྟེ། །རྩ་བརྒྱུད་བླ་མ་རྣམས་ལ་།བྱིན་རླབས་འབྱུང་གནས་སྒྲུབ་བརྒྱུད་བླ་མ་དང་། །དངོས་གྲུབ་ཀུན་རྩོལ་ཡི་དམ་ལྷ་ཡི་ཚོགས། །བར་ཆད་སེལ་བའི་མཁའ་འགྲོ་ཆོས་སྐྱོང་སོགས། །སྒྲུབ་པའི་སྟོང་གྲོགས་རྣམས་ལ་།དེ་ལྟར་གསོལ་བ་བཏབ་པའི་ཐུགས་རྗེ་ཡིས། །བདེ་དྲོད་གཏུམ་མོའ་རྟོགས་པ་མཐར་ཕྱིན་ནས། །སྲོག་རྩོལ་གནད་ཚུད་ཡེ་ཤེས་འཆར་བ་དང་། །རོ་སྙོམས་སྒྱུ་ལུས་འབྱོང་པར་བྱིན་
༢༣༩གྱིས་རློབས། །རྨི་ལམ་བག་ཆགས་མ་འཁྲུལ་སྤྲུལ་སྒྱུར་རྩལ། །འབྱོངས་ནས་ཆོས་རྣམས་དེ་ལྟར་རྟོགས་པ་དང་། །གཉིད་འཐུག་སྣང་མེད་གཏི་མུག་ལམ་ལོངས་ནས། །སྤྲོས་བྲལ་འོད་གསལ་ཟིན་པར་བྱིན་གྱིས་རློབས། །སྲིད་པ་བར་དོ་གསུམ་དུ་སྐུ་གསུམ་གྱི། །རང་ངོ་ཤེས་ནས་རང་དབང་ཐོབ་པ་དང་། །གང་དུ་འཕོ་ཡང་འཁོར་བའི་སྒོ་ཁེགས་ནས། །རླུང་སེམས་རྩལ་དུ་ཐོན་པར་བྱིན་གྱིས་རློབས། །སྤྲོས་པའི་རྣམ་རྟོག་ཟབ་མོའ་གནད་ཀྱིས་ནི། །ཐ་མལ་ཤེས་པ་རང་ངོ་མཐོང་བ་དང་། །སྤང་བླང་མེད་པ་གཉུག་མའི་གནད་མཆོག་གིས། །སྣང་སྲིད་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ཡང་དག་སྙིང་པོའ་དོན་ལ་ཡིད་ཆེས་ནས། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་སྒམ་པོ་པའི། །སྒྲུབ་བརྒྱུད་དྲི་མ་མེད་པར་འཛིན་གྱུར་ཅིག། །།མངྒ་ལཾ།།

༄༅། །སྔོན་འགྲོའི་ཁྲིད་ཡིག་ཐུན་བཞིའི་རྣལ་འབྱོར་དུ་བྱ་བ་བཞུགས་སོ། །

༢༤༡ སྔོན་འགྲོའི་ཁྲིད་ཡིག་ཐུན་བཞིའི་རྣལ་འབྱོར་དུ་བྱ་བ་བཞུགས་སོ། །
༢༤༢ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འདིར་དབེན་པ་བསྟེན་ཞིང་སྒྲུབ་པ་ལ་སྙིང་པོར་བྱེད་པ་རྣམས་ཀྱིས་ཐུན་བཞིར་རྣལ་འབྱོར་དུ་བྱ་བའི་རིམ་པ་ལ། དང་པོར་ལེ་ལོ་བཟློག་ཕྱིར་མི་རྟག་པ་ལ་སོགས་པ་བསམ་པ་ན། ལུས་བསམ་གཏན་གྱི་ཆོས་བདུན་དང་ལྡན་པར་འདུག་ཏེ། ཀྱེ་མ། དལ་འབྱོར་མི་ལུས་ཡང་ཡང་རྙེད་པར་དཀའ། །ལན་ཅིག་རྙེད་པའང་མི་རྟག་འཆི་བར་ངེས། །ཚེ་འདིའི་མཛའ་བཤེས་ཚོགས་འདུས་མི་བཞིན་འགྱེས། །ནོར་རྫས་སྦྲང་རྩི་ལྟ་བུར་གཞན་གྱིས་སྤྱོད། །དཔལ་འབྱོར་སྙན་གྲགས་ནམ་མཁའི་འཇའ་ཚོན་བཞིན། །ནམ་འཆི་ཆ་མེད་བློ་བུར་རྐྱེན་གྱིས་འཇིག །ཤི་ནས་ངེས་པ་མེད་པར་ལས་དབང་འཁྱམས། །ངན་འགྲོར་ལྟུང་བའི་སྡུག་བསྔལ་བཟོད་ཐབས་མེད། །བདེ་འགྲོར་སྐྱེས་ཀྱང་སྡུག་བསྔལ་ཁོ་ནའི་ངང་། །དེ་བས་འཁོར་བ་འདི་ལ་སྐྱོ་ཤས་སྐྱེས། །བདེ་ཆེན་བྱང་ཆུབ་སྒྲུབ་དུས་ད་རེས་ཡིན། །ཚེ་ལ་ལོངས་མེད་སྒྲུབ་ལ་བརྩོན་འགྲུས་བྱ། །ཞེས་དལ་འབྱོར་རྙེད་དཀའ་བ་དང་མི་རྟག་པ་ལ་སོགས་པ་བསམས་ཏེ་ཡིད་ཕྱུང་དགེ་སྦྱོར་ལ་བསྐུལ་མ་
༢༤༣གདབ་པར་བྱའོ། ༈ །དེ་ནས་བར་ཆད་སེལ་ཕྱིར་སྐྱབས་འགྲོ་སེམས་བསྐྱེད་དེ། གནས་དེ་ཉིད་འོག་མིན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་དག་ཏུ་མོས་པའི་མདུན་གྱི་ནམ་མཁར་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ། རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་དང་ཇོ་བོ་དཀོན་མཆོག་གསུམ་དང་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་དུ་མེད་པས་བསྐོར་བར་བཞུགས་པར་མོས་ནས། མར་གྱུར་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོར་སྡུག་བསྔལ་བར་གྱུར་པ་སྙིང་རེ་རྗེ། འདི་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། །དེའི་ཕྱིར་དུ་སྐྱབས་ཡུལ་རྣམས་ལ་ལམ་སྣ་འདྲེན་ཞིང་བར་ཆད་སེལ་བའི་དོན་དུ་སྐྱབས་སུ་འགྲོ་སྙམ་དུ་བསམས་ལ། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་བཟང་པོ་འདི་ནས་བཟུང་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཐམས་ཅད་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་
༢༤༤བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་ཆོས་ལ་དགེ་འདུན་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་བརྗོད་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིས་ཏེ། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མའོ་སེམས་ཅན་ཀུན་འགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ཅེས་ལན་གསུམ་གྱིས་བདུན་རྣམ་དག་བྱ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ཅེས་ལན་གསུམ་གྱིས་ཚད་མེད་བཞི་བསྒོམ་མོ། ༈ །དེ་ནས་ཚོགས་བསགས་ཕྱིར་མཎྜལ་དབུལ་བ་ནི། །སྒྲུབ་པའི་མཎྜལ་ཞེས་བྱ་བ་ཚོགས་བསགས་པའི་ཞིང་དུ་སླར་ཡང་སྔར་གྱི་སྐྱབས་ཡུལ་རྣམས་གསལ་བར་དམིགས་ཏེ། མཆོད་པའི་མཎྜལ་ཚོམ་བུ་དང་བཅས་པ་འབྱོར་ན་དངོས་སུ་བཀོད་ལ། ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་གིས་བསྐོར་བའི་དབུས་སུ། ཧཱུྃ་རིའི་
༢༤༥རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། །ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། བྱང་ཤར་དུ་ཟླ་བ། ལྷོ་ནུབ་ཏུ་ཉི་མ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་མཐའ་ཡས་པ་སྤྲུལ་ཏེ། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོངས་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ས་གཞི་སྤོས་ཀྱིས་ཕྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོག་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །ༀ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ། །ཞེས་མཎྜལ་ཕུལ་ནས། །བླ་མ་དང་ནི་འཕགས་པའི་ཚོགས་རྣམས་ལ། །སྒོ་གསུམ་དང་བས་ཞབས་ལ་ཕྱག་བགྱིའོ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་མཆོད་ཅིང་བསྟོད། །སྔོན་བྱས་སྡིག་པ་མ་ལུས་སོ་སོར་བཤགས། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །འགྲོ་བ་ཀུན་གྱི་དགེ་ལ་རྗེས་ཡི་རང་། །ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དགེ་བ་འདི་ཡིས་ཉེ་བར་མཚོན་པ་ཡི། །སྐྱེ་འཕགས་དག་གི་དུས་གསུམ་དགེ་ཚོགས་རྣམས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །འགྲོ་ཀུན་རྣམ་མཁྱེན་གོ་འཕང་ཐོབ་གྱུར་ཅིག །བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོངས་པ་དང་། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །རྒྱལ་བ་
༢༤༦སྲས་བཅས་རྣམས་ཀྱིས་རྟོགས་པ་ལྟར། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །ཞེས་ཡན་ལག་བདུན་པ་བྱས་ཏེ་གསོལ་བ་བཏབ་ལ་ཚོགས་ཞིང་རྣམས་རང་ལ་བསྡུ་བའམ་མི་དམིགས་པར་བྱའོ། ༈ །དེ་ནས་སྒྲིབ་པ་སྦྱང་ཕྱིར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་ཐ་མལ་པའི་སྤྱི་བོར་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ་དེ་འོད་དུ་ཞུ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་དུ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་ཅིང་པདྨའི་འདུག་སྟངས་ཀྱིས་བཞུགས་པ། གཉིས་ཀའང་མཚན་དཔེས་སྤྲས་ཤིང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞི་ཞིང་སྒེག་པའི་ཉམས་དང་ལྡན་ཞིང་དར་གྱི་ན་བཟའ་གསོལ་བ། སྣང་ལ་རང་བཞིན་མེད་པའི་སྤྱི་བོར་ༀ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། ཞེས་མོས་ཏེ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོའ་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་དཀར་པོས་འཁོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་དེ་
༢༤༧བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྤྱི་བོ་ནས་ཞུགས་ཐུགས་ཀར་ཐིམ། སླར་ཡང་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས། སྦྱོར་མཚམས་དང་ཞབས་ཀྱི་སོར་མོ་ནས་བྱུང་བ་རང་གི་ཚངས་བུག་ནས་ཞུགས་ཏེ་ལུས་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་དབང་པོའ་སྒོ་དང་བ་སྤུའི་བུ་ག་ནས་ཕྱིར་ཟགས་པས་ལུས་ཤེལ་གོང་གཡའ་དག་པ་ལྟ་བུ་གསལ་ཞིང་དྲི་མ་མེད་པར་གྱུར། ཞེས་མོས་ཤིང་། ༀ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨཱ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་སྟྭ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ལན་ཉེར་གཅིག་སོགས་ཅི་ནུས་དང་། ༀ་བཛྲ་སྟྭ་ཧཱུྃ། ཞེས་པའང་ཅི་ནུས་བརྗོད་ལ། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའ་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་།དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བས་རྡོ་རྗེ་སེམས་དཔའི་ཞལ་ནས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པ་ཡིན་ནོ་ཞེས་གསུང་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་པར་གྱུར། །ཞེས་མོས་སོ། ༈ །དེ་ནས་བྱིན་རླབས་འཇུག་ཕྱིར་བླ་མའི་རྣལ་འབྱོར་སྒོམ་
༢༤༨པ་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿས་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་ར་བ་དྲ་བ་གུར་བླ་རེ་མེ་རི་དང་བཅས་པའི་སྲུང་འཁོར་གྱི་ནང་དུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། འགྲོ་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལ། རང་ཉིད་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་སྐུ་མདོག་སྔོན་པོ་ཞལ་གཅིག་སྤྱན་གསུམ་པ་མཆེ་བ་ཅུང་ཟད་གཙིགས་པ། སྐྲ་མཚམས་སུ་རྡོ་རྗེའི་ཕྲེང་བས་སྤྲེལ་བའི་ཐོད་སྐམ་རིན་པོ་ཆེའི་རྩེ་བྲན་ཅན་ལྔས་བརྒྱན་ཞིང་རལ་པའི་ཅོད་པན་གྱི་རྩེ་མོར་ནོར་བུ་མདུན་དུ་སྣ་ཚོགས་རྡོ་རྗེ་གཡོན་དུ་ཟླ་བ་ཕྱེད་པས་སྤྲས་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ལ། ཞབས་གཡོན་བསྐུམས་པས་འཇིགས་བྱེད་ཀྱི་མགོ་བོ་བལྟ་བ་སྟེ་བརྫིས་ཤིང་གཡས་བརྐྱངས་པས་དུས་མཚན་གྱི་ནུ་བར་དུ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་ཞིང་ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང་བ། ཕྱག་རྒྱ་དྲུག་གིས་བརྒྱན་ཞིང་གར་གྱི་ཉམས་དགུ་དང་ལྡན་པ། དེའི་པང་དུ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་སྤྱན་གསུམ་པ། དབུ་སྐྲ་སིལ་བུ་གྲོལ་བའི་མཚམས་སུ་ཐོད་པ་སྐམ་པོ་ལྔས་སྒྲས་པ། ཕྱག་གཉིས་ཀྱིས་གཡོན་ཐོད་པ་བདུད་རྩིས་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ལ་འཁྱུད་དེ་སྟོབ་ཅིང་གཡས་སྡིག་མཛུབ་དང་བཅས་པས་རྡོ་རྗེ་གྲི་གུག་འཕྱར་བ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པས་ཡབ་ལ་འཁྲིལ་བ། བདེ་བ་ཆེན་པོའ་ཉམས་ཀྱིས་སྒེག་ཅིང་ལང་ཚོས་མཛེས་པ། གཅེར་མོ་ཐོད་སྐམ་ལྔ་བཅུའི་དོ་ཤལ་དང་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། གཉིས་གའང་མཚན་དཔེས་སྤྲས་ཤིང་བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་ཅན། ཐབས་ཤེས་གཉིས་སུ་མེད་པར་སྙོམས་པར་འཇུག་
༢༤༩པ། དེའི་དཔྲལ་བར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་ཉི་མ་ལ་ཧཱུྃ་སྔོན་པོས་མཚན་པར་གྱུར། ཕེཾ་ཞེས་པའི་སྒྲ་དང་སྙིང་གའི་ཧཱུྃ་གི་འོད་ཀྱིས་ཕྱོགས་བཅུའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་སྤྱན་དྲངས། བཛྲ་ས་མཱ་ཛ། ཛ་ཧཱུྃ་བྃ་ཧོཿདམ་ཚིག་པ་དང་དབྱེར་མེད་དུ་གྱུར། ཞེས་རང་བདེ་མཆོག་ལྷན་སྐྱེས་སུ་བསྒོམ་པའམ། གཞན་ཡང་ཡི་དམ་གྱི་ལྷ་གང་ཡིན་རེར་བསྒོམས་ལ། རང་གི་མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ལ། ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་བཅོམ་ལྡན་འདས་རྡོ་རྗེ་འཆང་སྐུ་མདོག་སྔོ་སངས་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་འཛིན་པས་ཡུམ་ལ་འཁྱུད་ཅིང་ཞབས་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་དུ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་པདྨའི་འདུག་སྟངས་ཀྱིས་སྦྱོར་བ། གཉིས་ཀའང་ཞི་ཞིང་སྒེག་པའི་ཉམས་ཅན་འཛུམ་བག་དང་ལྡན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དར་གྱི་ན་བཟས་མཛེས་ཤིང་འོད་ཀྱི་གུར་ཁང་ན་བཞུགས་པ། ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས་ཤིང་སྣང་ལ་རང་བཞིན་མེད་པ། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། དེའི་དཔྲལ་བར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོས་མཚན་པའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྱན་དྲངས། རྩ་བའི་བླ་མ་ལ་ཐིམ་པས་བླ་མ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དུ་གྱུར། །ཞེས་མོས་ནས། སྐུ་གསུམ་
༢༥༠ཡོངས་རྫོགས་བླ་མའི་ཚོགས་རྣམས་ལ། །ཕྱི་ནང་གསང་གསུམ་དེ་བཞིན་ཉིད་ཀྱིས་མཆོད། །བདག་ལུས་ལོངས་སྤྱོད་སྣང་སྲིད་ཡོངས་བཞེས་ནས། །བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཞེས་སོགས་དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་མཐའ་ཡས་པ་ཕུལ་ཏེ། སྙིང་ཁུང་རུས་པའི་གཏིང་ནས་མཆི་མ་འཁྲུགས་ཤིང་གཡོ་བ་ཙམ་དུ་འཁོར་བ་ལ་སྐྱོ་ཤས་ཐར་པ་ལ་ངེས་འབྱུང་བླ་མ་ལ་མོས་གུས་ཀྱི་ཤུགས་ཚད་མེད་པ་བསྐྱེད་ལ་གདུང་བའི་དབྱངས་ཀྱིས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། བླ་མ་འོད་གསལ་ཆོས་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་བདེ་ཆེན་ལོངས་སྐུ་ལ༴ བླ་མ་ཐུགས་རྗེ་སྤྲུལ་སྐུ་ལ༴ བླ་མ་སྐུ་གསུམ་དབྱེར་མེད་ལ༴ བླ་མ་སྐུ་བཞིའི་བདག་ཉིད་ལ༴ བླ་མ་སྐུ་ལྔ་ཡོངས་རྫོགས་ལ་གསོལ་བ་འདེབས་སོ། །ཞེས་དང་། དཔལ་ལྡན་བླ་མའི་སྐུ་ལ་གསོལ་བ་འདེབས། །སྒྱུ་ལུས་སྤྲུལ་སྐུར་རྟོགས་པར་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་གསུང་ལ༴ སྲོག་རྩོལ་ལོངས་སྐུར་[24]རྟོགས་པར་དཔལ་ལྡན་བླ་མའི་ཐུགས་ལ༴ སེམས་ཉིད་ཆོས་སྐུར་རྟོགས་པར༴ ཆོས་ཆོས་སུ་འགྲོ་བར༴ ཆོས་ལམ་དུ་ལོངས་པར༴ ལམ་གྱི་འཁྲུལ་པ་སེལ་བར༴ འཁྲུལ་པ་ཡེ་ཤེས་སུ་འཆར་བར༴ རྨི་ལམ་འོད་གསལ་ཟིན་པར༴ བར་དོ་འཕོ་བ་འབྱོངས་པར༴ ཚེ་གཅིག་སངས་རྒྱས་ཐོབ་པར་བྱིན༴ ཞེས་རྩེ་གཅིག་ཏུ་གསོལ་བ་གདབ། སྤྲོ་ན་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱང་བྱའོ། །དེ་ནས་ཏིང་འཛིན་གྱི་དབང་བླང་བ་ནི། དེ་ལྟར་གསོལ་བ་བཏབ་པས་དཔལ་ལྡན་བླ་མའི་དཔྲལ་བའི་ༀ་དཀར་པོ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ་བུམ་པའི་དབང་ཐོབ་ལུས་ཀྱི་སྒྲིབ་པ་སྦྱངས། ལམ་བསྐྱེད་རིམ་སྒོམ་པ་ལ་དབང་འབྲས་བུ་སྤྲུལ་སྐུ་འགྲུབ་པར་བྱས། བླ་མའི་མགྲིན་
༢༥༡པའི་ཨཱཿདམར་པོ་ལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་གསང་བའི་དབང་ཐོབ་ངག་གི་སྒྲིབ་པ་སྦྱངས། ལམ་རང་བྱིན་གྱིས་བརླབ་ཀྱི་རྫོགས་རིམ་སྒོམ་པ་ལ་དབང་འབྲས་བུ་ལོངས་སྐུ་འགྲུབ་པར་བྱས། བླ་མའི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཡིད་ཀྱི་སྒྲིབ་པ་སྦྱངས། ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་འབྲས་བུ་ཆོས་སྐུ་འགྲུབ་པར་བྱས། བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་དབང་བཞི་པ་ཐོབ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་བག་ཆགས་སྦྱངས། ལམ་བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་སྒོམ་པ་ལ་དབང་འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པར་བྱས། ཞེས་མོས། འདིའི་ཕན་ཡོན་དང་དགོས་པ་དཔག་ཏུ་མེད་པར་ཡོད་པར་བཤད་པས་རྟག་ཏུ་ཅི་ནུས་བྱ། དེ་ནས་དཔལ་ལྡན་བླ་མ་འཁོར་བཅས་དགྱེས་ཤིང་བརྩེ་བ་ཆེན་པོས་འོད་ཟེར་གྱི་རྣམ་པར་ཞུ་ནས་རང་ལ་ཐིམ་པས། རང་གི་ལུས་ངག་ཡིད་གསུམ་དང་དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར། ཞེས་མོས་ལ་སེམས་མ་བཅོས་པར་རང་ལུགས་སུ་གློད་ནས་རིག་པ་གསལ་སིང་ངེ་བ་ལ་ངོས་བཟུང་མེད་པའི་ངང་དུ་ཅི་ནུས་མཉམ་པར་བཞག ༈ །དེ་ནས་བསྐྱེད་རིམ་ལ་གཙོ་བོར་གཞོལ་བས་ཡི་དམ་གྱི་ལྷ་བསྒོམ་པ་དང་སྔགས་བཟླ་བ་སོགས་བྱ། སྤྲོས་བཅས་ཀྱི་རྫོགས་རིམ་ལ་གཞོལ་བས་གཏུམ་མོ་ལ་སོགས་པའི་དམིགས་རིམ་བསྒོམ། སྤྲོས་མེད་ལ་གཞོལ་བས་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག་ལ། ཐུན་ལས་ལྡང་བའི་ཚེ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་
༢༥༢འགྲོ་བ་སྒྲོལ་བར་ཤོག །ཅེས་སོགས་བསྔོ་བས་རྒྱས་བཏབ་སྟེ་ཁ་ན་མ་ཐོ་བ་མེད་པར་གཏོར་མའི་རིམ་པ་ལ་སོགས་ཐུན་མཚམས་ཀྱི་རྣལ་འབྱོར་ལ་འཇུག་པར་བྱའོ། །དེ་ལྟར་སྒྲུབ་པ་ལ་ཡིད་གཞོལ་བདག་གིས་ངེས་དོན་ཕྱག་རྒྱ་ཆེན་པོ་དང་ཟབ་ལམ་ཆོས་དྲུག་གི་ཁྲིད་ལ་སོགས་པའི་སྔོན་དུ་འགྲོ་ཞིང་ཐུན་བཞིར་རྣལ་འབྱོར་དུ་བྱ་བའི་རིམ་པ་འདི་ཡང་བུ་སློབ་འགའ་ཞིག་གིས་བསྐུལ་བ་ལ་བརྟེན་ནས་སྒམ་པོ་ལ་མངྒའི་མིང་ཅན་གྱིས་དཔལ་སྒམ་པོའ་སྒྲུབ་སྡེར་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

༄༅། །ཟབ་ལམ་ཆོས་དྲུག་གི་ཁྲིད་ཡིག་ཆེན་མོ་གསང་ཆེན་གྱི་དེ་ཉིད་གསལ་བ་ཞེས་བྱ་བ་བཟུགས་སོ༎ ༎

༢༥༣ ཟབ་ལམ་ཆོས་དྲུག་གི་ཁྲིད་ཡིག་ཆེན་མོ་གསང་ཆེན་གྱི་དེ་ཉིད་གསལ་བ་ཞེས་བྱ་བ་བཞུགས་སོ།། །།
༢༥༤ ཟབ་ལམ་ཆོས་དྲུག་གི་སྒོམ་ཁྲིད་ཀྱི་རིམ་པ་གསང་ཆེན་གྱི་དེ་ཉིད་གསལ་བ་ཞེས་བྱ་བ། བླ་མ་དང་རྡོ་རྗེ་འཆང་ལ་གུས་པས་ཕྱག་འཚལ་ལོ། །བདེན་གཉིས་དབྱེར་མེད་དངོས་པོའ་གནས་ལུགས་གང་། །ཐབས་ཤེས་དབྱེར་མེད་བདེ་སྟོང་ལམ་གྱིས་ནི། །སྣང་སྟོང་དབྱེར་མེད་འབྲས་བུ་སྐུ་གསུམ་དུ། །འཆར་མཛད་རྡོ་རྗེ་འཆང་ལ་གུས་པས་འདུད། །དབེན་པ་གསུམ་གྱིས་ཕྱག་རྒྱའི་གནད་བཅིངས་ནས། །རྣལ་འབྱོར་གསུམ་གྱི་གསང་བའི་ལམ་བགྲོད་དེ། །རྡོ་རྗེ་གསུམ་གྱི་གྲུབ་པ་མཆོག་བརྙེས་པ། །མཉམ་མེད་སྒམ་པོ་པར་གྲགས་དེ་ལ་འདུད། །ཐབས་ཤེས་གཏུམ་མོ་བདེ་སྟོང་སྒྱུ་མའི་བདག །རྨི་ལམ་སྒྱུ་མ་འོད་གསལ་ངོ་བོ་ཉིད། །བར་དོ་སྒྱུ་མ་སྐུ་གསུམ་འཕོ་བའི་མཆོག །མངོན་གྱུར་སྒྲུབ་བརྒྱུད་བླ་མ་རྣམས་ལ་འདུད། །གྲོལ་བྱེད་མན་ངག་གནད་བསྡུས་པ། །ཟབ་ལམ་ཆོས་དྲུག་བསྒོམ་པའི་ཚུལ། །སྐལ་ལྡན་དོན་དུ་བཤད་པ་ལ། །གསང་བདག་མཁའ་འགྲོས་བརྩེ་བར་མཛོད། །དེ་ལ་འདིར་འཁོར་བ་ལས་ཡིད་ཕྱུང་སྟེ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སྒྲུབ་པའི་སྙིང་སྟོབས་དང་ལྡན་ཞིང་། རིམ་གཉིས་ཀྱི་རྣལ་འབྱོར་ལ་ཡིད་ཆེས་པའི་སྐལ་པ་ཅན་དག་མྱུར་བ་ཉིད་དུ་འབྲས་བུ་སྐུ་གསུམ་ལ་སྦྱོར་བ། གསང་
༢༥༥ཆེན་ཐམས་ཅད་ཀྱི་སྙིང་པོ་ཟབ་ལམ་ཆོས་དྲུག་གི་ཁྲིད་ཀྱི་རིམ་པ་ལ་གསུམ། གཞི་དངོས་པོའ་གནས་ལུགས། །ལམ་ཉམས་ལེན་གྱི་རིམ་པ། འབྲས་བུ་མངོན་དུ་བྱེད་པའི་ཚུལ་ལོ། །དང་པོ་ནི། འདིར་རྩ་རླུང་ཐིག་ལེ་སྒོམ་པའི་ཡུལ་དང་གནད་འཆིང་ཚུལ་ལ་སོགས་པ་རྟོགས་པའི་ཕྱིར་ལུས་དངོས་པོའ་གནས་ལུགས་ཤེས་དགོས་པས། དེ་ལ་སྤྱིར་ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་དང་པོར་འགྲུབ་ཚུལ་བར་དུ་གནས་ཚུལ་མཐར་འཇིག་ཚུལ་རྣམས་དང་། ཁྱད་པར་དུ་གནས་པ་རྩ་གཡོ་བ་རླུང་བཀོད་པ་བྱང་སེམས་ཀྱི་གནས་ཚུལ་རྣམས་ཤེས་དགོས་ཤིང་། བསྒོམ་རྒྱུ་དོན་གྱི་ངོ་བོ་ལ་ངེས་པ་རྙེད་པའི་ཕྱིར་སེམས་དངོས་པོའ་གནས་ལུགས་ཀྱང་ཤེས་དགོས་པས། དེ་ལ་སྤྱིར་སེམས་ཀྱི་ངོ་བོ་རང་བཞིན་རྣམ་པ་དང་བཅས་པའི་ཚུལ་དང་། ཁྱད་པར་དུ་གཙོ་བོ་ཀུན་གཞི་རགས་པ་དབང་ཤེས་དང་ཉོན་ཡིད་ཕྲ་བ་ཀུན་རྟོག་བརྒྱད་ཅུ་ཤིན་ཏུ་ཕྲ་བ་སྣང་མཆེད་ཐོབ་གསུམ་ལ་སོགས་པ་འཆར་བ་དང་འགག་པའི་ཚུལ་རྣམས་ཤེས་དགོས་པར་བཞེད་ལ། གཞན་ཡང་གཞི་ལམ་འབྲས་བུའི་གནད་རྟོགས་པའི་ཕྱིར་སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་རྣམས་ཀྱི་ཚུལ་མཐའ་དག་ཀྱང་ཤེས་དགོས་པར་སྣང་བས། དེ་དག་ཐོག་
༢༥༦མར་ཐོས་བསམ་ལ་སོགས་པས་གཏན་ལ་དབབ་པ་གལ་ཆེ་སྟེ་གཞན་དུ་ཤེས་པར་བྱའོ། །གཉིས་པ་ལ་གསུམ། ཁྲིད་རིམ་གྱི་སྔོན་འགྲོ། སྒོམ་རིམ་གྱི་དངོས་གཞི། རྗེས་ཉམས་ལེན་སྐྱོང་ཚུལ་ལོ། །དང་པོ་ལ་གཉིས། ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ནི། དལ་འབྱོར་རྙེད་དཀའ་བ་དང་། མི་རྟག་པ་བསམ་པ་སོགས་སྐྱེས་བུ་གསུམ་གྱི་ལམ་རིམ་ལ་ཅི་རིགས་པར་ཁྲིད་དེ། སྐྱོ་ཤས་དང་ངེས་འབྱུང་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་བསྐྲུན་ནས་ཆོས་ཀྱི་གཞི་ཚུགས་པར་བྱའོ། །གཉིས་པ་ནི། འཁོར་ལོ་བདེ་མཆོག་ལ་སོགས་པའི་ཡི་དམ་གྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་བསྐུར་ཏེ་སྨིན་པར་བྱས་ལ། དེ་ནས་བསྐྱེད་རིམ་གྱི་རྣལ་འབྱོར་བསྒོམ་པ་ལ་སོགས་པས་ཐ་མལ་གྱི་སྣང་ཞེན་སྦྱང་བར་བྱ་ཞིང་། འདིར་ཡང་ཁྱད་པར་གྱི་སྔོན་འགྲོར། །ལེ་ལོ་བཟློག་ཕྱིར་མི་རྟག་པ་བསམ་པ། །བར་ཆད་སེལ་ཕྱིར་སྐྱབས་འགྲོ་སེམས་བསྐྱེད། ཚོགས་གསོག་ཕྱིར་མཎྜལ་དབུལ་བ། སྒྲིབ་པ་སྦྱང་ཕྱིར་རྡོར་སེམས་ཀྱི་སྒོམ་བཟླས། བྱིན་རླབས་འཇུག་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་པ་རྣམས་བྱ་བར་བཞེད་པས། དེ་དག་རེར་ལ་ཞག་ལྔའམ་བདུན་ལ་སོགས་པ་འབད་པ་བྱ་སྟེ་ཟུར་དུ་བཤད་པ་ལས་ཤེས་པར་བྱའོ། ༈ །གཉིས་པ་སྒོམ་རིམ་གྱི་དངོས་གཞི་ལ་དྲུག །ལམ་གྱི་རྩ་བ་གཏུམ་མོའ་གདམས་པ། ལམ་གྱི་གཞི་མ་སྒྱུ་ལུས་ཀྱི་གདམས་པ། ལམ་གྱི་དྲོད་ཚད་རྨི་ལམ་གྱི་གདམས་པ། ལམ་གྱི་སྙིང་པོ་འོད་གསལ་གྱི་གདམས་པ། ལམ་གྱི་བསུན་མ་བར་དོའ་གདམས་པ། ལམ་གྱི་བློ་ཆོད་འཕོ་བའི་གདམས་པའོ། །དང་པོ་ལ་ལྔ། མ་ཟིན་པ་ཟིན་པར་བྱེད་པ། ཟིན་པ་བརྟན་པར་བྱེད་པ། བརྟན་པ་བོགས་དབྱུང་བ། ངོ་སྤྲད་དེ་ཉམས་མྱོང་བསྐྱང་ཚུལ། རྟགས་དང་ཡོན་ཏན་འཆར་ཚུལ་ལོ། །དང་པོ་ལ་ལྔ། སྟོང་ར་སྦྱང་བ། རྩ་སྦྱང་བ། རླུང་སྦྱང་བ། ཐིག་ལེ་སྦྱང་བ། ལུས་སྦྱང་བའོ། །དང་པོ་ནི། ཁྱད་པར་གྱི་སྔོན་འགྲོ་རྣམས་བསྒོམ་ཞིང་བླ་མའི་རྣལ་འབྱོར་གྱི་
༢༥༧སྐབས་སུ་གཏུམ་མོའ་རྟོགས་པ་སྐྱེ་བར་གསོལ་བ་དྲག་ཏུ་གདབ་པས། ལུས་གནད་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ངམ་མི་ནུས་ན་སེམས་དཔའི་སྐྱིལ་ཀྲུང་བྱ། ལག་པ་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་སོར་བཞིའི་ཐད་དུ་བསྡམ། སྒལ་ཚིགས་བསྲང་ཞིང་ལུས་ཀུན་བསྒྲིམ། དཔུང་པ་དང་གྲུ་མོ་མ་གུག་པར་བརྒྱང་། མགྲིན་པ་ཅུང་ཟད་དགུག །ལྕེ་རྩེ་ཡ་རྐན་ལ་གཏད་དེ་སོ་ལ་བར་ཚག་བག་ཙམ་ཡོད་པ་བྱས་ལ་མཆུ་བཙུམ། མིག་སྣ་རྩེའི་ཐད་ཀར་བལྟ་བ་སྟེ་རྣམ་སྣང་གི་ཆོས་བདུན་བྱ། དེ་ནས་རང་བདེ་མཆོག་ལྷན་སྐྱེས་སམ་དཔའ་བོ་གཅིག་པ་ལ་སོགས་པའི་ཡི་དམ་གྱི་སྐུར་གསལ་བཏབ་ལ། དེའི་སྤྱི་བོ་ནས་ཞབས་མཐིལ་གྱི་བར་དང་སོར་མོ་རྣམས་ཀྱི་མཐར་ཐུག་པའི་ལུས་ཀྱི་ནང་ཐམས་ཅད་ཕྲུ་མ་ཕུས་བཏབ་པ་ལྟར་སྟོང་པར་བསྒོམ། དུས་གཅིག་ཏུ་སྟོང་པར་མི་གསལ་ན་སྤྱི་བོ་ནས་རིམ་པས་ལྷུ་དང་དུམ་བུར་སྟོང་པར་བསམ། དེ་གསལ་ན་སྐུ་ཆུང་བ་ཉུང་འབྲུ་ཙམ་དང་ཆེ་བ་འཇིག་རྟེན་གང་བ་ཙམ་གྱི་ནང་སྟོང་པར་གསལ་བཏབ་ལ་སྦྱངས་ཏེ་དམིགས་པ་ཤིན་ཏུ་གསལ་པོ་འོང་བར་བྱའོ། །གཉིས་པ་ནི། དེ་ནས་ཡི་དམ་གྱི་སྐུ་ནང་སྟོང་པའི་དབུས་སུ་རྩ་དབུ་མ་སྦོམ་ཕྲ་སྦ་ལྕག་འབྲིང་པོ་ཙམ་དང་། གཡས་སུ་རོ་མ་དང་གཡོན་དུ་རྐྱང་མ་གཉིས་སྦོམ་ཕྲ་མདའ་སྙུག་ཙམ་པ། མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་གསུམ་ག་ནང་གཅིག་ཏུ་གྱུར་པ་དབྱིབས་ཡི་གེའི་ཆའི་མཇུག་ལྟ་བུ། ཡར་སྣ་སྤྱི་བོ་ནས་མདུན་ངོས་སུ་གུག་སྟེ་དབུ་མ་སྨིན་མཚམས་དང་རོ་རྐྱང་སྣ་བུག་གཉིས་སུ་ཟུག་པ་བསམ། དབུ་མ་ཕྱི་དཀར་ལ་ནང་དམར་བ་རོ་མ་དམར་ལ་དཀར་བའི་མདངས་ཅན་དེ་རྐྱང་མ་དཀར་ལ་དམར་བའི་མདངས་ཅན་དེ་གསུམ་གྱི་བར་མདའ་སྙུག་ཙམ་པ། གསུམ་ག་མདོག་དྭངས་པ་མདངས་གསལ་བ་ཕྲ་བ་ནང་སྟོང་པ་སྟེ་མཚན་ཉིད་བཞི་དང་ལྡན་པ། རོ་རྐྱང་གཉིས་ལུག་རྫུད་ཀྱི་རྒྱུ་མ་ལྟར་ཅུང་ཟད་རྙིད་དེ་བ་གསལ་གདབ་བོ། །འདིར་དབུ་མ་མདའ་སྙུག་ཙམ་ལ་རོ་རྐྱང་གྲོ་སོག་ཙམ་
༢༥༨དང་གསུམ་ག་གྲོ་སོག་ཙམ་དང་། དབུ་མ་སྔོ་རོ་མ་དམར་རྐྱང་མ་དཀར་བ་དང་གསུམ་ག་ཕྱི་དཀར་ནང་དམར་བ་དང་གསུམ་ག་དཀར་པོ་དང་དམར་པོ་སོགས་མང་དུ་བཤད་ཀྱང་གང་རུང་ཞིག་གིས་ཆོག་ཅིང་། དབུ་མའི་ཡར་སྣ་ཚངས་བུག་དང་མར་སྣ་གསང་བའི་བུ་གར་ཟུག་པ་བཤད་ཀྱང་རེ་ཞིག་སྔ་མ་ལྟར་བྱའོ། །དེ་གསལ་ནས་ལྟེ་བར་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག །སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་རྣམས་དབུ་མ་ལས་གྱེས་པ། དཔེར་ན་གདུགས་ཀྱི་ཡུ་བ་དང་རྩིབས་ལྟ་བུ་དེ་ཡང་ལྟེ་བ་དང་། མགྲིན་པའི་རྩ་འདབ་གདུགས་ཀྱི་རྩིབས་འགྱོགས་ལྟར་སྟེང་དུ་ཕྱོགས་པ། སྙིང་ག་སྤྱི་བོའ་རྩ་འདབ་གདུགས་རྩིབས་ལྟར་འོག་ཏུ་ཕྱོགས་པ། རྩ་འདབ་དེ་དག་གི་རྩེ་མོ་ནི་མང་དུ་གྱེས་ནས་བ་སྤུའི་ཁུང་བུ་རེ་རེར་ཟུག་སྟེ་ལུས་ཀྱི་ནང་རྩའི་དྲ་མིག་ཤིག་གེ་བ། དེ་དག་ཐམས་ཅད་ཀྱང་ཕྱི་དཀར་ལ་ནང་དམར་བའི་ནང་སྟོང་པར་གསལ་གདབ། ཡང་ན་རྩའི་མདོག་སྒོམ་དུས། དམར་པོ་མི་སྒོམ་པའི་ཚེ་སེར་པོར་བཤད་པ་ལྟར་རམ། ལྟེ་བ་དང་མགྲིན་པའི་རྩ་འདབ་དམར་པོ་སྙིང་ག་དཀར་པོ་སྤྱི་བོ་སྣ་ཚོགས་པའི་མདོག་ཅན་ལྗང་གུར་བཤད་པ་ལྟར་བསྒོམས་ཀྱང་རུང་ལ། དུས་གཅིག་ལ་མི་གསལ་ན་རྩ་འཁོར་རྣམས་རིམ་པས་གསལ་བཏབ་སྟེ་རྩའི་དམིགས་པ་རྣམས་ལ་གསལ་སྣང་ཐོན་ངེས་པ་གལ་ཆེའོ། །འདིར་གཙུག་ཏོར་དང་གསང་གནས་ཀྱི་འཁོར་ལོ་གཉིས་སྦྱར་བའི་འཁོར་ལོ་དྲུག་དང་ཡན་ལག་དང་ཉིང་ལག་གི་འཁོར་ལོ་རྣམས་དང་། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྒོམ་པར་བཤད་པ་ཡོད་ཀྱང་སྤྲོ་ན་རུང་ལ་མི་སྤྲོ་ན་འདི་ཙམ་གྱིས་ཆོག་གོ་།གསུམ་པ་ནི། དེ་ནས་ཐོག་མར་རླུང་སྐྱོན་སེལ་བའི་ཕྱིར་རླུང་སྣ་བུག་གཉིས་ཀ་ནས་རྒྱུ་ན་ལེགས་མི་རྒྱུ་ན་གང་མི་རྒྱུ་བའི་ཕྱོགས་ཀྱི་གློ་སྟེང་དུ་བསྟན་ལ་འདུག་སྟེ་གཉིས་གནས་རྒྱུ་བ་བྱས་ལ། སྣ་བུག་གཡས་ནས་རླུང་དྲག་ལ་རིང་བ་གཅིག་དྲག་ལ་ཐུང་བ་གཅིག་འཇམ་ལ་རིང་བ་
༢༥༩གཅིག་སྟེ་གསུམ། དེ་བཞིན་དུ་གཡོན་ནས་གསུམ་དང་གཉིས་གནས་གསུམ་སྟེ་དགུ་འབུད་ཅིང་ནད་གདོན་སྡིག་སྒྲིབ་རྣམས་སངས་ཀྱིས་སོང་བར་བསམ། འབུད་མ་གོམས་ན་གཡས་པའི་ཁུ་ཚུར་གྱིས་གཡོན་གྱི་མཆན་ཁུང་མནན་གཡོན་ཁུ་ཚུར་ལས་འཛུབ་མོ་བརྐྱང་བས་སྣ་བུག་གཡོན་བཀག་པས་གཡས་དང་། དེ་ལས་བཟློག་པས་གསོན་དང་ཁུ་ཚུར་པུས་སྟེང་གཉིས་སུ་བཞག་སྟེ་གཉིས་ཀ་ནས་འབུད་ཅིང་། རླུང་ནང་དུ་རྫོགས་པར་བརྔུབས་པའི་དེ་མ་ཐག་ཏུ་མགྲིན་པ་ཅུང་ཟད་བཀུག་ལྟེ་བ་ཅུང་ཟད་རྒྱབ་ཏུ་སྦྱར་ཏེ་ཕྱིར་འབུད་པར་བྱེད་དོ། །དགུ་འབུད་འདི་ཉིན་རེའི་ཐུན་དང་པོ་ལ་བྱ་བ་ལས་མང་ན་རླུང་ལང་བ་ཏེ་མགོ་ན་བ་སོགས་འོང་བས་ཐུན་གཞན་རྣམས་ལ་རྒྱུ་བ་སྙོམས་པ་ཙམ་གྱིས་ཆོག་ལ། གལ་ཏེ་འབུད་ནའང་གཡས་གཡོན་དབུས་གསུམ་ནས་འཇམ་ལ་དལ་བར་འབུད་དོ། །དེ་ནས་ལུས་གནད་སྔར་ལྟར་ལས་སྒལ་ཚིགས་ཅུང་ཟད་ཤིགས་བྱ། འོག་སྒོའི་ཐད་དུ་གོས་ལ་སོགས་པ་བཅུག་སྟེ་སོར་བཞི་ཙམ་གྱིས་མཐོ་བ་བྱས་ལ། ཐོག་མར་རླུང་བརྔུབ་པ་ནི། མགྲིན་པ་ཅུང་ཟད་བཀུག་མཆུའི་རྩ་བ་སྣ་བུག་ལ་བཅར་རླུང་ཕྱི་ནས་འཇམ་ལ་རིང་བ་རྫོགས་པར་བརྔུབ། དགང་བ་ནི། ལྟེ་འོག་ཏུ་ཆིལ་གྱིས་བཀང་ལ་ཅུང་ཟད་མནན་པ་སྟེ་དང་པོ་མཆིལ་མ་དང་བཅས་ནས་གནོན་པར་བྱེད་དོ། །སྟེང་རླུང་བདེ་བར་མ་བྱང་བར་དུ་འོག་རླུང་ཡིད་ཙམ་འཐེན་ཞིང་བྱང་ནས་འོག་རླུང་རྒྱུ་ཞབས་མི་འགུལ་བར་དྲངས་ལ་ལྟེ་འོག་ཏུ་ཁ་སྦྱོར་དུ་འཛིན་པ་བུམ་པ་ཅན་ཞེས་བྱ་བའོ། །གཞིལ་བ་ནི། རླུང་ཐུབ་ཐང་དུ་བཟུང་ལ་མི་ཐུབ་པ་སྙམ་བྱེད་པ་ན་རླུང་ཅུང་ཟད་ཙམ་བཏང་ནས་རྔུབ་ཆུང་བྱས་ཏེ་གཡས་གཡོན་དབུས་གསུམ་དུ་དལ་གྱིས་གཅུད། འཕང་བ་ནི། རླུང་མི་ཐུབ་ན་ལྟག་པ་ཅུང་ཟད་དགྱེ་སྟེ་སྣ་བུག་གཉིས་ནས་དལ་བུས་བཏང་ངོ་། །དམིགས་པ་ནི། རྔུབ་པའི་ཚེ་སྣ་བུག་གི་ཕྱི་རོལ་སོར་བཅུ་གཉིས་ལ་སོགས་པ་ནས་རླུང་ཁ་དོག་སྔོན་པོ་ནར་གྱིས་བརྔུབས་་
༢༦༠པར་བསམ། དགང་བའི་ཚེ་རོ་རྐྱང་གཉིས་ནས་རྒྱུ་མ་ཕུས་བཏབ་པ་ལྟར་གང་སྟེ་དབུ་མར་སོང་བར་བསམ། གཞིལ་བའི་ཚེ་དབུ་མའི་ནང་དུ་འཁྱིལ་ཞིང་གནས་པར་བསམ། གཏང་བའི་ཚེ་སྤྱི་གཙུག་གི་ཚངས་བུག་ནས་རླུང་སེམས་འདུས་པའི་ཐིག་ལེ་དཀར་པོ་ཉུངས་འབྲུ་ཙམ་དང་བཅས་པའི་རླུང་སྔོ་ཕྱུར་གྱིས་མདའ་འཕངས་པ་ལྟར་སོང་བར་བསམ་པ་བཤད་ཀྱང་། ཐུན་སྟོད་རེ་རེ་ཙམ་མ་གཏོགས་རྒྱུན་དུ་དབུ་མའི་ཡར་སྣ་སྨིན་མཚམས་ན་ཡོད་པ་ལས་ཐོན་ཏེ་སྔོ་སིལ་གྱིས་སོང་བར་བསམ་པ་བཞེད་དོ། །འདིར་འགའ་ཞིག་འབྱུང་བཞིའི་རླུང་འཇའ་ཚོན་ལྟ་བུ་དང་རླུང་གི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་ནས་འབྲས་ཙམ་པ་འཇུག་གནས་དབྱུང་གསུམ་བྱ་བར་ཡོད་པའང་མོས་ན་བྱར་རུང་ངོ་། ཁ་ཅིག་གཞིལ་བའི་ཚེ་རླུང་གིས་དབུ་མ་གང་དེ་ནས་འཁོར་ལོ་བཞིའི་རྩ་རྣམས་ཀྱང་གང་སྟེ་བ་སྤུའི་བུ་ག་ནས་སིལ་གྱིས་སོང་བར་བསམས། ཁ་ཅིག་དེ་ལྟར་བྱས་ན་རླུང་བྱེར་བ་སོགས་འབྱུང་བར་འདོད་དོ། །འདིར་དང་པོ་ཉིད་ནས་རླུང་སྦྱོར་རྣམས་དྲག་ཏུ་བྱེད་པ་ནི་འཕྲལ་གྱི་ཡོན་ཏན་སྣ་རེ་ཙམ་མ་གཏོགས་ཕུགས་ཀྱི་དགོས་པ་ཆེར་མ་མཐོང་ཞིང་གེགས་སྐྱོན་མང་ལ། འཇམ་རླུང་གཙོ་བོར་བྱེད་པ་ནི་གེགས་སྐྱོན་ཉུང་ཞིང་ལེགས་ཚོགས་ཆེའོ། །རླུང་མ་བྱང་བར་རླུང་སྦྱོར་དྲག་པོ་ནམ་ཡང་མི་རུང་ངོ་། །རླུང་ཉུང་ཟད་བྱང་བ་ན་གཏོང་བའི་ཚེ་ལྟེ་བར་རླུང་ཞབས་རེ་བཞག་ནས་བར་རླུང་ཡུན་དུ་འཛིན་པ་ལ་བསླབ་པར་སྐྱེད་ཅིང་། དང་པོར་རླུང་ཁུག་བརྒྱད་དམ་བཅུ་གཉིས་རེ་བར་མ་ཆད་དུ་སྦྱངས་ལ་ངལ་གསོ། དེ་ནས་རིམ་གྱིས་འཛིན་ཡུན་ཇེ་རིང་ཁུག་པ་ཇེ་མང་དུ་སྦྱང་། སྐབས་མ་ཡིན་པར་རླུང་ཁ་ནས་འབྱུང་འཇུག་མི་བྱ་ཞིང་དུ་བ་ཡོད་སར་མི་སྒོམ་ལ། རླུང་སྒོམ་པའི་དུས་གནད་ནི་འོག་ཏུ་འཆད་པ་ལྟར་རོ། །དེ་ལྟར་བསྒོམ་པས་རླུང་འབྱོངས་པའི་རྟགས་ནི། ལག་པ་གཉིས་ལན་གསུམ་མཉེས་ནས་སེ་གོལ་དྲུག་བརྡབས་པའི་ཡུན་ཚད་དམ་སྐྱེས་བུ་ནད་མེད་ཀྱི་རླུང་ཁུག་རབ་བརྒྱ་རྩ་བརྒྱད་འབྲིང་དོན་གཉིས་ཐ་མར་སོ་དྲུག་ཁུག་
༢༦༡གཅིག་ཏུ་ཚུད་ན་འབྱོངས་པ་ཡིན་ལ། དེ་ནས་རླུང་དབུ་མར་ཚུད་པའི་རྟགས་སུ་ནམ་སྒོམ་སྒོམ་མཉམ་རྒྱུ་ངེས་ཅན་དུ་འབྱུང་བ་དང་། རླུང་དབུ་མར་ཐིམ་པའི་རྟགས་སུ་སྣ་བུག་གི་རྒྱུ་བ་ཞན་དུ་སོང་ནས་མཐར་རྒྱུ་བ་ཕྲ་མོ་ཡང་མེད་པར་སྣ་སྒོར་སྤུ་ཉག་བཞག་ཀྱང་མི་གཡོ་བ་འབྱུང་ངོ་། །ཚུལ་འདི་རླུང་བྱིང་བ་དང་བྱེར་བ་ལའང་འབྱུང་བར་བཤད་པས་ཡིད་ན་སེམས་མི་གསལ་ཞིང་དམིགས་པ་གསལ་མི་ཐེབས། བྱེར་ན་ཅི་ཙམ་བསྒོམས་ཀྱང་སྒོམ་པ་ལ་ཤུགས་མི་ཐོན་པས་ཁྱད་པར་ཤེས་དགོས་སོ། །བཞི་པ་ནི། དེ་ནས་སྨིན་འཚམས་སུ་དབུ་མའི་ཡར་སྣར་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་ལ་འོད་འཚེར་བ་སྣུམ་ལ་འདྲིལ་བ་ཉུང་འབྲུ་ཙམ་མམ་སྲན་མ་འབྲིང་པོ་ཙམ་ཞིག་བསྒོམ། དེ་ཡང་དམིགས་རྟེན་ཙམ་ཞིག་མ་ཡིན་པར་སེམས་ཀྱི་ངོ་བོ་ཐིག་ལེ་དེར་བསམ་ཞིང་སེམས་བཟུང་། དེ་ལ་སེམས་ཟིན་ནས་རླུང་ནང་དུ་འཇུག་པའི་ཚེ། ཟངས་སྦུབས་སུ་ལྕགས་ཀྱི་རིལ་བུ་སྒྲིལ་བ་ལྟར་སིང་སྦྲ་དང་བཅས་ཏེ་དབུ་མའི་ནང་ནས་སྤྱི་བོའ་འཁོར་ལོའ་དབུས་སུ་སོང་བར་བསམ། རླུང་གནས་པའི་ཚེ་དེར་ཐིག་ལེ་ལ་སེམས་བཟུང་རླུང་ཕྱིར་འབྱུང་བའི་ཚེ་སིང་སྒྲ་དང་བཅས་ཏེ་བྱུང་ནས་སྨིན་མཚམས་སུ་གནས་པར་བསམས་ལ་སྦྱང་། དེ་ལ་སེམས་ཟིན་ནས་སྔར་ལྟར་ལས་མགྲིན་པ་དང་སྙིང་གཏང་ལྟེ་བའི་འཁོར་ལོའ་དབུས་སུ་སོང་བར་བསམས་ལ་སེམས། འཛིན་པ་རྣམས་རིམ་པས་སྐྱང་། དེ་དག་ལ་སེམས་ཟིན་ནས་སྤྱི་བོ་དང་མགྲིན་པ་དང་སྙིང་ག་རྣམས་སུ་རླུང་ཁུག་ལྔ་རོའམ་བདུན་རེར་སེམས་བཟུང་ཞིང་། ཐུན་གྱི་དངོས་གཞི་ལྟེ་བའི་འཁོར་ལོར་སེམས་བཟུང་བ་ལ་བྱ་སྟེ། ཐམས་ཅད་དུ་རླུང་འཇུག་པའི་ཚེ་རྩ་འཁོར་དེའི་དབུས་སུ་འགྲོ་བ་དང་གནས་པའི་ཚེ་དེར་སེམས་བཟུང་བ་དང་འབྱུང་བའི་ཚེ་སྨིན་མཚམས་སུ་གནས་པར་བསམ། ཐུན་འཇོག་པའི་ཚེ་ཐིག་ལེ་སྨིན་མཚམས་སུ་བསྡུ། ཚུལ་དེ་ལྟར་སྦྱངས་ནས་དམིགས་པ་ཟིན་ཞིང་སེམས་བརྟན་པའི་མཚན་མ་
༢༦༢ཐོབ་པར་བྱའོ། །ལྔ་པ་ནི། རྟེན་ལུས་ཀྱི་རྩ་མདུད་དཀྲོལ་ཏེ་རྩ་ནང་དུ་རླུང་དང་ཐིག་ལེ་ཁྲིད་ནས་རྩ་རླུང་ཐིག་ལེ་ཉམས་པ་གསོ་ཞིང་སྤེལ་བས་རྒྱས་པར་བྱེད་པ་དང་། དེ་ལ་བརྟེན་ནས་བརྟེན་པ་སེམས་གཏན་ལ་འབེབས་པའི་གནད་ལ་ལུས་ཀྱི་འཁྲུལ་འཁོར་ཤིན་ཏུ་གལ་ཆེ་བས། འདིར་ཐུན་གྱི་མགོ་མཇུག་ཏུ་ནཱ་རོ་དྲུག་སྐོར་དུ་གྲགས་པའི་འཁྲུལ་འཁོར་ལ་གནད་དུ་བསྣུན་པར་བྱ་སྟེ། འདི་དང་གཞན་ཡང་འཁྲུལ་འཁོར་གྱི་ཚུལ་མཐའ་དག་ཁོ་བོས་བྱས་པའི་གཏུམ་མོའ་དམར་ཁྲིད་ལས་ཤེས་པར་བྱའོ། ༈ །གཉིས་པ་ཟིན་པ་བརྟན་པར་བྱེད་པ་ནི། ལུས་ཀྱི་གནས་ལ། རྐང་པ་གཡོན་པའི་མཐིལ་འཕོངས་ཚོས་གཡས་སུ་བཏད་གཡས་དེའི་ཕྱི་ནས་བསྣོལ་ལ་འཕོངས་ཚོས་གཡོན་དུ་གཏད། འཕོངས་ཀྱི་འོག་ཏུ་གོས་ལ་སོགས་པའི་སྟེགས་ཅུང་ཟད་བཅུག །སྒོམ་ཐག་ཁུག་པ་ལ་ཁྲུ་གང་སོར་བཞིའམ་ཁྲུ་གང་མཛུབ་གང་ངམ་མགོ་ཁུག་ཆང་གང་པ་རྡོ་རྗེ་ཕག་མོ་ལ་སོགས་པར་མོས་ཏེ་རྐེད་པ་དང་པུས་མོ་གཉིས་ཀྱི་འོག་ཏུ་བཅིང་། ལག་པ་སྒོམ་ཐག་གི་འོག་ནས་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཙིར། གཞན་རྣམས་སྔར་བཤད་པ་ལྟར་རོ། །དུས་ཀྱི་གནད་ནི་འགྲངས་ཆས་པ་དང་ལྟོགས་ཆེས་པ་དང་ཉིན་གུང་དང་མཚན་གུང་རྣམས་མིན་པའི་དུས་རྣམས་དང་། ཁྱད་པར་དུ་རླུང་གཡས་གཡོན་དུ་འཕོ་བའི་མཚམས་དང་ཆ་མཉམ་དུ་རྒྱུ་བའི་དུས་སུ་བསྒོམ་པར་བཤད་དོ། །རྩའི་གནད་ནི། རྩ་གསུམ་དང་འཁོར་ལོ་བཞི་སྔར་བཞིན་གསལ་གདབ་པའོ། །ཡུལ་གྱི་གནད་ནི། ལྟེ་འོག་སོར་བཞིའི་ཐད་དུ་རྩ་གསུམ་ནང་གཅིག་ཏུ་གྱུར་པའི་འདུས་མདོར་གཏུམ་མོ་ཨ་ཐུང་ཞེས་པ། ངོ་བོ་ཐིག་ལེ་རྣམ་པ་མེ་རེག་བྱ་ཚ་བ་ཉམས་བདེ་བ་སྟེ་མཚན་ཉིད་བཞི་ལྡན། དབྱིབས་ཨ་ཤད་ཅེས་པ་སྐྱེར་པའི་ཚེར་མ་རྐེད་པ་ནས་བཅད་པའི་བཅད་ཁ་སྟེང་དུ་བསྟན་པ་ལྟ་བུར་བཞེད་ལ། སྦོམ་ཕྲ་རྟ་རྔ་ཙམ་པ་དཔངས་སོར་གཅིག་པ་བདག་ཤིན་ཏུ་དམར་བའི་འོད་ཀྱིས་ལུས་ཐམས་ཅད་དྲོ་ཞིང་བདེ་བར་ནུས་པ།
༢༦༣ཁྱད་པར་ལྟེ་འོག་ཏུ་ཚ་རེག་མི་བཟོད་པ་ཙམ་གྱི་དྲོད་དང་ཞུ་བ་དེ་ལྟ་བུའི་བདེ་བ་ལྷན་གཅིག་ཏུ་སྐྱེད་པ། དེ་ཡང་སེམས་ཀྱི་རྟེན་ཙམ་མིན་པར་སེམས་ཀྱི་ངོ་བོ་དེར་རྩེ་གཅིག་ཏུ་བསྒྲིམས་ལ་བསྒོམ་མོ། །རླུང་གི་གནད་ནི། སྦྱོར་བ་བཞི་ལྡན་སྔར་ལྟར་ལས་གང་བའི་ཚེ་རོ་རྐྱང་གཉིས་ནས་བརྒྱུད་པའི་རླུང་ཨ་ཤད་ལ་ཕོག་པས་སོལ་མེ་ལ་ཕུས་བཏབ་པ་ལྟར་ཆེར་དམར་ཞིང་གསལ་བ་དང་དྲོད་འབར་བར་བསམ། གཞིལ་བའི་ཚེ་རླུང་ལྷག་མ་རྣམས་ཨ་ཤད་ལ་ཐིམ་པར་བསམ། དབྱུང་བའི་ཚེ་ཨ་ཤད་ཀྱི་སྟེང་ན་ས་བོན་ཏེ་དྲོད་དང་བཅས་པ་དབུ་མའི་ནང་དུ་སོང་བར་བསམ་སྟེ་ཐམས་ཅད་དུ་ཨ་ཤད་ལ་སེམས་འཛིན་པ་གལ་ཆེ་ཞིང་། འདིར་གཏུམ་མོའ་རྩ་བ་ཡིན་པས་དམིགས་པ་གསལ་བར་ཟིན་པ་དང་དྲོད་རྙེད་པར་བྱ་དགོས་སོ། །དེ་ལ་སེམས་བརྟན་ནས་རླུང་བརྔུབ་དགང་བྱས་པ་ཨ་ཤད་ལ་ཕོག་པས་ཨ་ཤད་འབར་ཏེ། མེ་སོར་གཉིས་པ་མོ་ཁབ་ཙམ་པ། དབྱིབས་ནས་འབྲུ་ལྟ་བུའམ་གཟིག་མོ་བྱི་ཐུར་ལྟར་རྩ་རྩེ་ཕྲ་ཞིང་དབུས་སྦོམ་པ། སའི་རང་བཞིན་རྩུབ་པ་ཆུའི་རང་བཞིན་སྣུམ་པ་མེའི་རང་བཞིན་ཚ་བ་རླུང་གི་རང་བཞིན་གཡོ་བ་སྟེ་མཚན་ཉིད་བཞི་དང་ལྡན་པ། ཚ་རེག་མི་བཟོད་པ་ཙམ་གྱི་དྲོད་དང་ཞུ་བ་དེ་ལྟ་བུའི་བདེ་བ་སྙན་གཅིག་ཏུ་བསྐྱེད་པར་བསམས་ལ་རླུང་གཞིལ་བ་དང་དབྱུང་བའི་དམིགས་པ་གོང་ལྟར་བྱ། དེ་ནས་དེ་བཞིན་དུ་མེ་སོར་གསུམ་པ་དང་བཞི་པའི་བར་དུ་བསྒོམས་ལ་བདེ་དྲོད་ཀྱི་གཞི་ཚུགས་པར་བྱའོ། །ཁ་ཅིག་འཁོར་ལོ་བཞིར་ཡི་གེ་གསལ་འདེབས་པར་བྱེད་པ་ནི་བདེ་དགྱེས་ཀྱི་དགོངས་པ་ཡིན་ཡང་ཆོས་དྲུག་གི་གཞུང་ཕལ་ཆེར་ལས་མི་འབྱུང་ངོ་། ༈ །གསུམ་པ་བརྟན་པ་བོགས་དབྱུང་བ་ལ་གསུམ། དྲོད་བོགས་དབྱུང་། བདེ་བ་བོགས་དབྱུང་། མི་རྟོག་པ་བོགས་དབྱུང་ངོ་། །དང་པོ་ལ་གཉིས། དམིགས་དང་། ལུས་སྦྱོང་ངོ་། །དང་པོ་ནི། ལྟེ་བ་ཡན་དུ་མེ་སྦར་བ་ལ་སྐུ་སྨད་བསྲིང་བ་ཞེས་པ་རང་ཡི་དམ་དུ་གསལ་བའི་སྐུ་སྨད་ཤིན་
༢༦༤ཏུ་རང་པའི་ཞབས་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པར་བསམ་སྟེ། གཞན་དུ་རྐང་པ་གུམ་པ་སོགས་ཀྱི་གེགས་འོང་ཉེན་ཡོད་པར་བཞེད་དོ། །དེ་ལ་ལུས་གནད་སོགས་སྔར་ལྟར་ལས། རླུང་རྩ་བའི་མེ་ལ་བསྣུན་པས་རིམ་པས་མེ་ཇི་རིང་ལ་སོང་ཏེ་སོར་བརྒྱད་ཙམ་དུ་སྦར་ཞིང་དམིགས་པའི་ངོ་བོ་རྩ་བའི་མེ་ལ་གཏད། དེ་བཞིན་དུ་རིམ་པས་དབུ་མའི་ནང་དུ་སྙིང་ག་མན་དང་མགྲིན་པ་མན་དང་སྤྱི་བོ་མན་ཉམས་དང་སྦྱར་ལ་སྤར། ཁ་ཅིག་མགྲིན་པ་ཡན་ལ་མེ་མི་སྦར་བར་འདོད་ཀྱང་དྲོད་བོགས་འདོན་མེ་དམིགས་ཁོ་ནའི་སྐབས་འདིར་སྐྱོན་མེད་དོ། །དེ་ནས་ལྟེ་བའི་རྩ་འདབ་རྣམས་ཀྱི་ནང་དུ་མེ་ལྕེ་ཕྲ་མོ་རྟ་རྔ་ཙམ་པ་སོང་སྟེ་རྩེའི་རྩེ་མོ་བ་སྤུའི་གྲངས་དང་མཉམ་པ་རྣམས་སུ་སྦར་བ་དང་། དེ་བཞིན་དུ་རིམ་པས་སྙིང་ག་མགྲིན་པ་སྤྱི་བོ་རྣམས་ཀྱི་རྩ་འདབ་ཏུ་སྦར་ཏེ་ལུས་ཀྱི་བ་སྤུའི་བུ་ག་ཀུན་ནས་མེ་དམར་འུ་རུ་རུ་འབར་བར་བསམས་ལ། ལུས་སེམས་བསྒྲིམས་ནས་བསྒོམས་པས་བོགས་འབྱུང་ཞིང་ཐུན་འཇོག་པའི་ཚེ་དམིགས་པ་རྩ་བའི་ཨ་ཤད་ལ་བསྡུའོ། །དེས་ཀྱང་དྲོད་སྐྱེ་དཀའ་བ་དང་དྲོད་ཁལ་བུ་ཙམ་ལས་མ་སྐྱེས་ན། ལུས་གནད་སྔར་ལྟར་ལས་ལག་མཐིལ་གཉིས་ཀྱིས་གྲུ་མོ་གཉིས་བཀབ་གྲུ་ཁུག་གཉིས་ཀྱིས་པུས་མོ་གཉིས་བཀབ་པ་དང་། ལག་པ་རྐང་པའི་ཕྱི་ནས་བསྣོལ་བས་རྐང་པའི་མཐེ་བོང་གཉིས་བཟུང་བ་གང་མོས་བྱས་ལ། ལུས་ཐམས་ཅད་བསྒྲིམ་ཞིང་གཅུན་ནས་གཡས་སྐོར་གཡོན་སྐོར་གཡས་གཅུ་གཡོན་གཅུ་གཡས་ཀྱོག་གཡོན་ཀྱོག་མདུན་ཕུལ་རྒྱབ་ཕུལ་སྟོད་འཐེན་སྨད་འཐེན་རྣམས་བྱ་ཞིང་གྲངས་རྣམས་དྲག་ཏུ་འཕུར་ལ་རླུང་ཁ་སྦྱོར་དྲག་ཏུ་བྱ། རླུང་ཁུག་རེ་ལ་མི་ཐུབ་པ་སྙམ་བྱེད་པའི་ཚེ་རྔུབ་ཆུང་གསུམ་རེ་བྱས་ལ་རིམ་པས་ལྟེ་འོག་གི་གཡས་གཡོན་མདུན་གསུམ་དུ་གཅུད་ཅིང་བར་རླུང་ཡུན་དུ་བརྒྱང་། །དམིགས་པ་ནི། ལུས་ཀྱི་རྩ་ནང་ཐམས་ཅད་མེ་དང་དུ་བ་འདྲེས་པའི་དམར་སེར་ཚ་རེག་ཅན་གྱིས་འཚུབ་ཅིང་འཁྱིལ་བའམ། ཡང་ན་རྩ་མི་དམིགས་
༢༦༥པར་ཁོག་པའི་ནང་ཐམས་ཅད་དེས་འཚུབ་ཅིང་འཁྱིལ་བ་དང་། དབུ་མ་སྤྱི་བོ་ནས་གསང་གནས་ཀྱི་བར་དམིགས་པའི་ནང་གི་མེ་ལྕེ་ལས་དྲོད་ཤིན་ཏུ་ཚ་བའི་དུ་བ་སྤྱི་བོ་ནས་ཐོན་ཏེ་གདུགས་ལྟར་འོག་ཏུ་ཕྱོགས་པ་དང་གསང་གནས་ནས་ཐོན་ཏེ་པད་འདབ་སྟེང་དུ་ཁྱོགས་པ་འཕྲད་དེ་ལུས་ཀུན་གཡོགས་པ་དང་། དབུ་མའི་མེ་སྤྱི་བོ་དང་གསང་གནས་གཉིས་ནས་ཐོན་ཏེ་ལུགས་ཀྱུ་ལྟར་གུག་པའི་ཚིགས་གཞུང་གི་རྐེད་པའི་ཐད་དུ་འཕྲད་དེ་འདྲེས་པ་དང་། བ་སྤུའི་བུ་ག་ཀུན་ནས་མེ་ཕྱིར་ཐོན་ཏེ་མེའི་གོས་གྱོན་པ་ལྟ་བུ་དང་། ཕྱི་རོལ་གྱི་ཕྱོགས་བཞི་ནས་ཤིན་ཏུ་ཚ་ཟེར་དྲག་པའི་ཉི་མ་བཞིའི་འོད་དང་ལུས་ཀྱི་མེ་དྲོད་འདྲེས་པས་ལུས་ལྕགས་གོ་བཞུ་ན་བཏང་བ་ལྟར་མི་བཟོད་པའི་ཚ་རེག་འགྱུར་བྱེད་ཀྱི་ཁོལ་བ་ལྟར་གྱུར་པའི་དམིགས་པ་རྣམས་རིམ་པར་བསྒོམ། ཐམས་ཅད་དུ་སེམས་གཙོ་བོར་རྩའི་ཨ་ཤད་ལ་གཏད་དོ། །མི་དམིགས་ཀྱི་རིམ་པ་སྣ་ཚོགས་ཡོད་ཀྱང་གནད་ཐམས་ཅད་འདིར་ཆད་པས་ངེས་པར་བོགས་འབྱུང་ངོ་། །སྤྱིར་རླུང་འཁྲུལ་འཁོར་དྲག་པོས་གཅུན་པའི་བཙན་ཐབས་ཀྱི་གཏུམ་མོ་རྣམས་དྲོད་སྐྱེ་བ་ལ་འཇུག་པ་མྱུར་ཙམ་སྣང་ཡང་ཡོན་ཏན་མི་བརྟན་ཞིང་དགོས་པ་ཆུང་ལ། མྱོང་བ་དང་སྦྱར་བའི་དམིགས་པ་རིམ་པས་བསྐྱང་ནས་དྲོད་མུས་ཀྱིས་སྐྱེས་པ་ཡོན་ཏན་བརྟན་ཞིང་དགོས་པ་ཆེ་བས་རྒྱུན་བསྲིང་བས་ལེགས་པ་ཡིན་ནོ། །དེ་ལ་གྲང་ཡང་སྐྱི་ཅན་དང་བེམ་པོ་སོགས་མི་གྱོན་དྲོ་ཡང་གཅེར་བུ་མི་བྱ་བར་གོས་སྲབ་མོ་འགའ་རེ་གྱོན་ལ་དྲོད་སྐྱེས་པ་ཙམ་གྱིས་རིམ་པས་བཞག །མེ་དང་ཉི་མ་མི་འདེ་ཞིང་དུང་འབུད་པ་སོགས་མི་བྱ། བར་རླུང་ཡུན་དུ་བསྟེན་ཞིང་ཁའི་རླུང་བསྡུ་བ་པ་དང་ཟས་དྲོད་བཅུད་ཅན་བསྟེན་ཞིང་བྱང་སེམས་བསྲུང་བ་གལ་ཆེའོ། །དེ་ལྟར་བསྒོམས་པས་དྲོད་སྐྱེ་ཚུལ་ལ་ཤ་དང་པགས་པའི་མཚམས་ནས་དྲོད་འབར་བ་དང་། ལུས་ཀྱི་ཆ་ངེས་མེད་དུ་དྲོད་ཆེན་པོ་སྐྱེ་བ་དང་། བཙན་ཐབས་སུ་ཚ་གདུང་དང་བཅས་པའི་དྲོད་འབར་བ་རྣམས་ནི་
༢༦༦མེ་རླུང་བཙན་ཐབས་སུ་འབར་བའི་དྲོད་ཡིན་པས་མི་བརྟན་ཏེ། དེ་དག་གི་ཚེ་ཨ་ཤད་ཕྲ་མོ་ལ་སེམས་བསྒྲིམ་པ་དང་དམིགས་པས་རླུང་དབུ་མར་འཛུད་པ་གནད་ཆེའོ། །དང་པོ་ཨ་ཤད་བསྒོམ་པ་ནས་དྲོད་ཅུང་ཟད་སྐྱེས་ནས་དྲོད་འབར་འབུལ་ཞིང་མེ་དམིགས་ཇི་ལྟར་བསྒོམས་པའི་རིམ་པས་དྲོད་སྐྱེས་ཏེ། མཐར་གདུང་བ་མེད་པའི་དྲོད་འཐུག་པོས་ལུས་ཁྱབ་པར་འབྱུང་བ་ནི་གཏུམ་མོའ་དྲོད་ཡིན་ཞིང་དེས་བྱང་སེམས་དཀར་དམར་གཉིས་ཀ་རྒྱས་པར་བྱེད་དོ། །གཉིས་པ་ནི། མི་ནུས་ན་སྔར་གྱི་དྲུག་སྐོར་ཉིད་ཆུན་ཆེ་བས་ལན་མང་དུ་བྱ་ཞིང་ལུས་ཡན་ལག་ཉིང་ལག་དང་བཅས་པ་དྲག་ཏུ་འཕུར་ཡང་རུང་ལ། གྲུབ་ན་དྲུག་སྐོར་དང་གྲགས་ཆེ་བའི་འཁྲུལ་འཁོར་ཉི་ཤུ་པ་གཉིས་ཀ་ལ་གནད་དུ་བསྣུན་པར་བྱ་དགོས་སོ། ༈ །གཉིས་པ་བདེ་བ་བོགས་དབྱུང་ལ་གཉིས། དམིགས་པ་དང་། ལུས་སྦྱོང་ངོ་། །དང་པོ་ནི། རྐང་པ་གཡོན་པའི་ཕྱི་རྟིང་གིས་གསང་རྩ་མནན་ལ་གཡས་དེའི་ཕྱི་ནས་བསྡམ་ཞིང་གཞན་ལུས་གནད་སོགས་སྔར་ལྟར་ལས། ལྟེ་འོག་ཏུ་ཨ་ཤད་ཀྱི་མེ་མོ་ཁབ་ཙམ་ཞིག་དང་སྤྱི་བོའ་འཁོར་ལོའ་དབུས་སུ་བྱང་སེམས་དཀར་པོའ་ཐིག་ལེ་སྲན་མ་ཙམ་པ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་ཞིག་བསམ། དེ་ནས་མེའི་དྲོད་ཀྱིས་རིམ་པས་ཐིག་ལེ་དེ་ཞུ་ནས་ཐིགས་པ་ཙམ་དུ་གྱུར་པས་ཞུ་བདེ་གཡོས་པར་བསམ་ཞིང་རླུང་སྦྱོར་བྱ། དེ་ནས་ཐིག་ལེ་དེ་ཞུ་ནས་དབྱིབས་ཟླ་ཚེས་ནཱ་ད་དང་བཅས་པའི་ཧྃ་ཡིག་མགོ་ཐུར་བསྟན་ལྟ་བུ། སྦོམ་ཕྲ་ཉུང་ཀར་རམ་རྟ་རྔ་ཙམ་པ་དཔངས་སོར་གཅིག་པ་སྣུམ་ཞིང་འོད་འཚེར་བ་བདེ་བའི་ཉམས་དང་ལྡན་པར་བསམ། དེ་ནས་རླུང་ཨ་ཤད་ལ་བསྣུན་པའི་མེ་ལྕེའི་རྩེ་མོ་བ་ཧི་ཞུ་ནས་ཆུ་ཤེལ་ལས་ཆུ་འབྱུང་བ་ལྟར་ཧཾ་ལས་བྱང་སེམས་ཀྱི་ཐིག་ལེ་ཉུང་འབྲུ་ཙམ་ཞིག་འཛགས་པ་ལྟེ་འོག་གི་མེ་ལ་ཕོག་པས། མེ་འབར་བ་ལ་སྣུམ་ཐིགས་ཕོག་པ་ལྟར་ཚེག་སྒྲ་དང་བཅས་ཏེ་མེ་སོར་རེ་ཙམ་འབར་ཞིང་དྲོད་དང་བཅས་པའི་བདེ་བའི་ངར་གྱིས་རྩ་གནས་ཀུན་ཏུ་བདེ་ཕྲི་ལི་ལི་བསམ། དེ་བཞིན་དུ་
༢༦༧རིམ་པས་འབར་འཛག་བྱས་ཏེ་མེ་མགྲིན་པར་སླེབ་གྱི་བར་བསྒོམ། དེ་ནས་ཧྃ་ལས་བྱང་སེམས་ཀྱི་རྒྱུན་རྟ་རྔ་ཙམ་པ་དབུ་མའི་ནང་དུ་དཀར་ནར་གྱིས་བབས་ཏེ། རིམ་པས་མེ་ལྕེ་ཇེ་ཐུང་དུ་སོང་ཞིང་བྱང་སེམས་ཀྱི་རྒྱུན་ཇེ་དམའ་རུ་བྱུང་བས་ཞུ་བ་དེ་ཇེ་ཆེར་སྐྱེས་པར་བསམ། མཐར་མོ་ཁབ་ཙམ་དུ་གྱུར་ཞིང་བྱང་སེམས་ཀྱིས་ལྟེ་བ་ཡན་ཆད་གང་བས་ཚད་མེད་པའི་བདེ་བ་ཆེན་པོ་སྐྱེས་པར་བསམ། ཐུན་འཇོག་པའི་ཚེ་བྱང་སེམས་ཀྱི་རྒྱུན་ཧྃ་ལ་བསྡུ་བར་བྱ་སྟེ་འཁོར་ལོ་གཉིས་ལ་བརྟེན་པའོ། །དེས་བདེ་བ་ཆུང་བའམ་ཁོལ་བུ་ཙམ་ལས་མ་སྐྱེས་ན་གོང་ལྟར་མེ་མགྲིན་པར་སླེབ་པ་ཙམ་མམ་ཧྃ་ལ་རེག་པ་ཙམ་སྦར་ཏེ། མེའི་ཤུགས་ཀྱིས་བཏེག་པའི་ཧྃ་གི་རྒྱུན་གྱིས་སྤྱི་བོའ་འདབ་རྣམས་དཀར་མེར་གྱིས་གང་ཞིང་ཞུ་བདེ་གཡོས་པར་བསམས་ལ་ཉམས་བསྐྱང་། དེ་ནས་ཀྱང་བྱང་སེམས་ཀྱི་རྒྱུན་འཕེལ་བས་མེ་ཕྱིར་དེངས་ནས་མགྲིན་པའི་རྩ་འདབ་རྣམས་གང་སྟེ་བདེ་བ་སྔར་བས་ཆེར་གཡོས་པར་བསམས་ལ་ཉམས་བསྐྱང་། དེ་བཞིན་སྙིང་གའི་རྩ་འདབ་རྣམས་གང་སྟེ་བདེ་བ་ཆེས་ཆེར་གཡོས་པ་དང་། ལྟེ་བའི་རྩ་འདབ་རྣམས་དང་མདོར་ན་བ་སྤུའི་གྲངས་དང་མཉམ་པའི་རྩ་ཐམས་ཅད་གང་སྟེ་ཚད་མེད་པའི་བདེ་བ་ཆེན་པོ་སྐྱེས་པར་བསམ་ལ་ཉམས་བསྐྱང་ཞིང་མེ་ལྟེ་འོག་ཏུ་མོ་ཁབ་ཙམ་ཞིག་ཏུ་བསམ། ཡང་མེ་ཇེ་ཆེར་སོང་སྟེ་བྱང་སེམས་ཀྱི་རྒྱུན་དེང་ནས་སྤྱི་བོའ་བར་དུ་བཟློག་ཅིང་ལྟེ་བ་སོགས་འཁོར་ལོ་བཞིར་གང་ལྟར་བདེ་བའི་ཉམས་བསྐྱང་། ཡང་དེ་བཞིན་དུ་དབབ་བཟློག་བྱའོ། །ཡང་ན་སྔར་བཞིན་ལས་མེ་ལྕེ་དང་བྱང་སེམས་འདྲེས་པའི་དཀར་དམར་ཤིག་གེ་བས་ཡས་རིམ་ནས་འཁོར་ལོ་བཞི་དང་རྩ་ཐམས་ཅད་གང་ཞིང་བདེ་བ་བསྐྱེད་དེ་མཐའ་མེས་བཟློག་གོ། །དེ་ཐམས་ཅད་ལ་རླུང་གཞིལ་བའི་ཚེ་རྐེད་པ་བསྲང་ལ་གཡས་གཡོན་མདུན་རྒྱབ་རྣམས་སུ་གཅུད། ཐིག་ལེ་དཀར་དམར་གྱིས་བ་སྤུའི་མཐར་ཐུག་པའི་རྩ་ཐམས་ཅད་གང་ཞིང་བདེ་དྲོད་འབར་བར་བསམས་ལ་
༢༦༨སྐབས་སུ་སེང་གེ་རྩལ་སྤྲུག་བྱ་སྟེ་འཁོར་ལོ་བཞི་ལ་བརྟེན་པའོ། །དེས་ཀྱང་བོགས་མགྲོན་ན། གཞན་ཐམས་ཅད་སྔར་ལྟར་ལས་རྩ་དབུ་མའི་མར་སྣ་རྡོ་རྗེ་ནོར་བུའི་བུ་གར་ཟུག་པའི་གསང་གནས་ཀྱི་རྩ་བར་བདེ་བའི་འཁོར་ལོ་རྩ་འདབ་སོ་གཉིས་པ་བསམས་ཏེ། སྡང་བཞིན་འབར་འཛག་དང་བྲེང་ཆགས་བསྒོམས་ལ་ཐིག་ལེས་གསང་གནས་ཀྱི་འཁོར་ལོའ་རྩ་འདབ་རྣམས་ཀྱང་གང་བས་ཚད་མེད་པའི་བདེ་བ་ཆེན་པོ་སྐྱེས་པར་བསམ་ཞིང་གསང་གནས་འཐེན་འཕུལ་མང་དུ་བྱ་སྟེ། འཁོར་ལོ་ལྔ་ལ་བརྟེན་པའོ། །ཡང་ན་ཧྃ་དཀར་པོ་ཞིག་ཆད་པ་དབུ་མ་ནས་བརྒྱུད་དེ་ནོར་བུའི་རྩེ་མོར་དཀར་ཡེ་རེ་འདུག་པར་བསམས་ལ་འཐེན་འཕུལ་བྱ། དེས་ཀྱང་བདེ་བ་མ་སྐྱེས་ན་འཁོར་ལོ་ལྔ་གོང་བཞིན་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གསལ་བཏབ་ལ་རྗེས་ཆགས་ཀྱི་རིམ་པས་སྙོམས་པར་ཞུགས་པར་མོས་ཏེ། དེས་གཏུམ་མོ་བསྐུལ་བའི་མེས་ཧྃ་ཞུ་བ་སོགས་གོང་ལྟར་བྱའོ། །བོགས་འདོན་སྣ་རེ་ཙམ་མ་གཏོགས་འཁོར་ལོ་བཞི་མ་ཉིད་རྒྱུན་བསྲིང་བ་ལེགས་སོ། །གལ་ཏེ་དེ་དག་གི་ཚེ་བྱང་སེམས་མི་ཐུབ་པ་སྙམ་བྱེད་ན། གསང་བའི་རླུང་འཐེན་པས་ཡྃ་ཡང་སོང་སྟེ་ཧྃ་ལ་ཐིམ་པར་བསམ་པ་དང་། མེ་ལྕེས་བྱང་སེམས་བཏེགས་པས་ཧྃ་ལ་ཐིམ་ཧྃ་ཡང་སྤྱི་བོའ་སྟེང་གི་སོར་བཞི་ཙམ་གྱི་ནམ་མཁར་གནས་པར་བསམ། དེས་ཀྱང་མ་བཟློག་ན་ཕྱི་རྟིང་གིས་གསང་རྩ་དམ་དུ་བསྡམས་ཏེ། ཤིན་ཏུ་རིང་བའི་ཧཱུྃ་བརྗོད་ཅིང་སྟེང་རླུང་ཕྱིར་འཛིན་བྱ་བའམ་ཡིན་པར་བཞག །གསང་བའི་རླུང་དྲག་ཏུ་འཐེན་པའི་ཁོང་དུ་འཐེན་ཆུང་མང་དུ་བྱ། ལྟོ་བ་སྒལ་ཚིགས་ལ་སྦྱར་ཏེ་རྐང་ལག་གི་སོར་མོ་བསྐུམ་ལ་ཉྭ་བཞི་བསྒྲིམ། མགྲིན་པ་བཀུག་སྟེ་ལྕེ་ཡ་རྐན་ལ་སྦྱར། མིག་གྱེན་དུ་བཟློག་ཏེ་རིག་པ་སྤྱི་བོར་གཏད། དེ་ལྟར་བདུན་ནམ་ཉེར་གཅིག་ལ་སོགས་པས་འཛིན་འདྲེན་བྱ་ཞིང་སེང་གེ་རྩལ་སྤྲུག་བྱས་ཏེ་རྩ་མིག་ཀུན་ཏུ་ཁྲེམས་པར་བསམ། མཇུག་ཏུ་རྩ་རླུང་ཐིག་ལེ་སོགས་གང་ཡང་ཡིད་ལ་མི་བྱེད་ཅིང་
༢༦༩སེམས་གསལ་ལ་ངོས་བཟུང་མེད་པ་ནམ་མཁའ་ལྟ་བུ་ལ་མཉམ་པར་བཞག་གོ། །དེ་ལྟར་བསྒོམས་པས་བདེ་བ་སྐྱེ་ཚུལ་ལ། ལུས་མཉེན་ཞིང་འབོལ་བའི་བདེ་བ་དང་རེག་བྱ་ཀུན་བདེ་བར་འཆར་བ་ནི་ལུས་དང་རྩ་བྱང་བའི་བདེ་བ་ཡིན་ཞིང་། ལུས་ཀུན་ནམ་ཁོལ་ལྟ་བུར་སྤྲིད་པ་ལྟ་བུའི་བདེ་བ་སྐྱེ་ཞིང་མྱུར་དུ་འཕོ་བ་ནི་རླུང་གི་བདེ་བ་ཡིན་ནོ། །ལུས་ཀུན་ནས་ཁོལ་བུར་དྲོད་དང་ལྷན་ཅིག་ཏུ་བདེ་བ་འབར་བ་ནི་ཁམས་དམར་ཆ་འཕེལ་བའི་བདེ་བ་ཡིན་ལ། རྣམ་པ་ཆགས་པའི་བདེ་བ་ལྟ་བུར་ཁྱབ་མཉམ་དུ་གཡོ་བ་ནི་གཏུམ་མོའ་དྲོད་ཀྱིས་བྱང་སེམས་ཞུ་བའི་བདེ་བ་ཡིན་ནོ། །འདི་ལ་གསུམ་འབྱུང་བའི་ཕོ་བདེ་ནི་ཆགས་པའི་ཤུགས་དྲག་པོས་བདེ་ཟུག་དང་བཅས་པ་སྟེ་བྱང་སེམས་བཟུང་བ་ཅུང་ཟད་དཀའ་ལ། མོ་བདེ་ནི་དེ་བས་ཆགས་ཤུགས་དང་བདེ་ཟུག་ཆུང་བས་བཟུང་སླ་ཞིང་། མ་ནིང་གི་བདེ་བས་ཀྱང་ཤུགས་དང་ཟུག་ཆུང་བས་བཟུང་བདེ་བ་སྟེ། དེ་དག་གཏུམ་མོའ་ཞུ་བདེ་ཡིན་ཡང་རླུང་དབུ་མར་ཚུད་པ་དང་ཐིམ་པའི་ཞུ་བདེ་ནི་མིན་ལ་དེ་ནི་འོག་ཏུ་འཆད་དོ། །གཉིས་པ་ནི། འཁོར་ལོ་བཞི་མ་སྒོམ་པ་སོགས་ཕལ་ཆེར་ལ་བྱང་སེམས་དངོས་སུ་མི་འཕོ་བས་དུད་འགྲོའི་འགྱུར་བ་བཞི་དང་དྲུག་སྐོར་གྱིས་ཆོག་ལ། བྱང་སེམས་ཞུ་སླ་བ་དག་ལ་བོགས་འདོན་འགའ་ཞིག་གིས་བྱང་སེམས་འཕོ་བའང་སྲིད་དེ། ཐིག་ལེ་ཐིག་ལེའི་འཁྲུལ་འཁོར་དག་གིས་བྱང་སེམས་འཛིན་འདྲེན་བཀྲམ་གསུམ་བྱ་དགོས་པས། དུད་འགྲོའི་འགྱུར་བ་བཞི་དང་ཐིག་ལེའི་འཁྲུལ་འཁོར་ཉི་ཤུ་པ་ལ་གནད་དུ་བསྣུན་ཞིང་མཐར་དྲུག་སྐོར་ཡང་བྱའོ། ༈ །གསུམ་པ་མི་རྟོག་པ་བོགས་དབྱུང་ལ་གཉིས། གནས་ལུགས་སྟོང་ཉིད་ཀྱི་ལྟ་བ་བསྐྱེད་པ་དང་། བདེ་སྟོང་གི་ཏིང་ངེ་འཛིན་སྐྱོང་ཚུལ་ལོ། །དང་པོ་ནི། སྐབས་འདིར་ཁྲིད་རིམ་ཕལ་ཆེར་དུ་སྔར་གྱི་བདེ་བའི་ངོ་བོ་དང་སེམས་ཉིད་ཀྱི་ངོ་བོ་དང་རྣམ་རྟོག་གང་ཤར་གྱི་ངོ་བོ་བལྟས་ལ། ཐམས་ཅད་སྐྱེ་འགག་གནས་གསུམ་དང་
༢༧༠བྲལ་བ་སྟོང་པ་ཉིད་དུ་ཤེས་པར་བྱས་ནས་གཉུག་མའི་སེམས་རྒྱུན་བསྲིངས་ཏེ་བསྒོམ་ཞེས་དང་། བདེ་བ་སྒོམ་པའི་སྐབས་སུ་བདེ་སྟོང་དབྱེར་མེད་ཀྱི་ཉམས་མྱོང་སྐྱོང་ཞེས་པ་ལྟ་བུའི་མདོར་བསྡུས་ཙམ་ལས་མི་འབྱུང་བ་ནི། སེམས་དངོས་པོའ་གནས་ལུགས་ཀྱི་རྟོགས་པ་ཡོད་པ་ཞིག་ལ་དགོངས་ཏེ། རྟོགས་པ་མེད་པར་ངོ་བོ་མི་མཐོང་ཞིང་ཐམས་ཅད་སྟོང་ཉིད་དུ་མི་ཤེས་པ་དང་བདེ་སྟོང་དབྱེར་མེད་དུ་མི་འཆར་བས་སོ། །དེས་ན་ལས་དང་པོ་བདག་ཀྱང་གཏུམ་མོའ་སྒོམ་རིམ་ལ་བརྟེན་ནས་གནས་ལུགས་ཀྱི་ལྟ་བ་རྙེད་པར་བྱ་བ་དང་། དགའ་བཞི་བདེ་སྟོང་གི་ཉམས་མྱོང་ལ་ངེས་པ་རྙེད་པར་བྱ་བའི་ཕྱིར་ཞིབ་ཆ་བརྗོད་ན་ལེགས་པར་མཐོང་ངོ་། །དེ་ལ་སྔར་གྱི་དམིགས་པ་རྣམས་ཐུན་གྱི་ཕྱེད་དམ་སུམ་གཉིས་སུ་བསྐྱང་། དེ་ནས་ལུས་གནད་སྔར་ལྟར་བྱས་ལ་དངོས་སུ་འཇམ་རླུང་གི་སྦྱོར་བ་བསྟེན་ཞིང་རྩ་རླུང་ཐིག་ལེ་སོགས་ཡིད་ལ་མི་བྱ་བར་མི་རྟོག་པ་བསྒོམ་པར་བྱ་སྟེ། དེའི་ཚུལ་ནི་སྔར་གྱི་དམིགས་པ་རྣམས་ཟིན་ཞིང་བརྟན་ན་སེམས་ཅུང་ཟད་ཟིན་པ་ཡིན་ལ། འོན་ཀྱང་ཕྱི་རོལ་དུ་རྡེའུ་ཤིང་བུ་དང་ནང་དུ་རླུང་བགྲང་བ་དང་དགང་བ་དང་རྟེན་མེད་གཏད་མེད་དུ་སེམས་འཛིན་པ་སོགས་ཅི་རིགས་པས་རྟོག་མེད་ཀྱི་གནས་པ་བཙལ། དེ་ཉིད་བསྒྲིམ་པ་དང་གློད་པ་ལས། མཚན་མེད་ཀྱི་ཞི་གནས་སྐྱོན་མེད་བརྟན་པོ་བསྒྲུབ། དེ་ནས་དེའི་ངང་ནས་སེམས་ཀྱི་ངོ་བོ་ལ་བལྟས་ཏེ་དབྱིབས་དང་ཁ་དོག་གནས་དང་རྟེན་ངོས་བཟུང་རྣམ་འགྱུར་སོགས་བརྟགས་ལ་སེམས་ཀྱི་ངོ་བོ་ངོས་བཟུང་མེད་བཞིན་དུ་རང་རིག་པའི་གསལ་སྟོང་སིང་ངེ་བ་ལ་སྒྲོ་འདོགས་བཅད། དེ་བཞིན་དུ་རྣམ་རྟོག་གི་འགྱུ་བ་དང་སྣང་བའི་འཆར་སྒོ་ལ་བརྟགས་ཏེ་ངོས་བཟུང་མེད་པའི་རྣམ་རྟོག་སྟོང་འགྱུ་སྣང་བ་སྟོང་སྣང་ལ་སྒྲོ་འདོགས་བཅད། དེ་ནས་སེམས་གནས་པ་དང་འགྱུ་བའི་བྱུང་གནས་འཕྲོ་གསུམ་གྱི་རྩ་བ་བཅད་དེ་གང་ཤར་རིག་པ་སྐྱེ་མེད་དུ་མྱོང་བ་བསྐྱེད་ལ་ལྷན་གཅིག་སྐྱེས་པ་གསུམ་ངོ་འཕྲོད་པར་བྱ། དེ་ནས་ཐུན་གྱི་
༢༧༡ཕྱེད་དམ་སུམ་ཆར་འཇམ་རླུང་དང་བཅས་ཏེ་སེམས་ཀྱི་ངོ་བོ་ལ་མ་ཡེངས་པར་རྩེ་གཅིག་ཏུ་མཉམ་པར་བཞག །ཐུན་མཚམས་སུ་མ་ཡེངས་པའི་དྲན་པས་རྣམ་རྟོག་དང་སྣང་བ་ལམ་དུ་ཁྱེར་བར་བྱ་སྟེ་ཞིབ་པར་ཁོ་བོས་བྱས་པའི་ཕྱག་ཆེན་གྱི་ཁྲིད་ཆེན་དུ་ཤེས་པར་བྱའོ། །གཉིས་པ་ནི། གནས་ལུགས་སྟོང་པ་ཉིད་ཀྱི་ལྟ་བ་རྒྱུད་ལ་སྐྱེས་ནས་གཏུམ་མོའ་ཉམས་ལེན་གྱི་རྩ་བ་དགའ་བཞིའི་ཉམས་བདེ་སྟོང་དུ་སྐྱོང་བ་ཉིད་ཡིན་ཏེ། འདི་ཉིད་རྩ་རླུང་ཐིག་ལེ་གསུམ་གའི་གནད་བཅིངས་ནས་སེམས་ལྷན་སྐྱེས་གཏན་ལ་དབབ་པར་བྱེད་པ་ཐབས་ལམ་ཕོ་ཉ་ལྟ་བུའི་གདམས་པ་ཡིན་པས་འདིས་མྱུར་དུ་གྲོལ་བར་བྱེད་ཅིང་རྟོགས་པ་ལ་བོགས་འབྱིན་པས་སོ། །དེ་ལ་ལུས་གནད་སོགས་ཐམས་ཅད་བདེ་བ་བོགས་དབྱུང་གི་སྐབས་ལྟར་ལས། སྔར་གྱི་དམིགས་པ་བདེ་བ་ལ་མྱོང་བ་གང་སྐྱེས་པ་ཞིག་གིས་ཞུ་བདེ་བསྐུལ་ཏེ་གཏུམ་མོའ་མེ་དྲོད་ཀྱིས་བྱང་སེམས་ཞུ་བདེ་སྤྱི་བོའ་རྩ་འདབ་ཐམས་ཅད་གང་བར་བསམ་ཞིང་། སེམས་སྤྱི་བོའ་འཁོར་ལོའ་དབུས་སུ་རྩེ་གཅིག་ཏུ་གཏད་ནས་སུ་བདེ་བ་སྐྱེད་དེ་ཡུལ་སྣ་ཚོགས་ལ་འཇུག་པའི་རྣམ་པར་རྟོག་པ་རགས་པ་འགགས་པ་ན་དགའ་བའི་བདེ་བ་ངོས་བཟུང་ལ། ཉམས་མྱོང་བདེ་བ་དང་བཅས་པ་བདེ་བའི་ངོས་བཟུང་མེད་ཅིང་སྟོང་པ་རང་རིག་ཅིང་གསལ་བ་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའ་ངང་དུ་སྐད་ཅིག་ཀྱང་མ་ཡེངས་པར་བསྐྱང་ངོ་། །དེ་བཞིན་དུ་བྱང་སེམས་ཀྱིས་མགྲིན་པའི་རྩ་འདབ་ཡན་གང་བར་བསམ་ཞིང་སེམས་མགྲིན་པའི་འཁོར་ལོའ་དབུས་སུ་རྩེ་གཅིག་ཏུ་གཏད་ནས་ཞུ་བདེ་ཆེར་བསྐྱེད་དེ་རྟོག་པ་ཕྲ་བ་ཕལ་ཆེར་འགགས་པ་ན་མཆོག་དགའི་བདེ་བ་ངོས་བཟུང་བ་སོགས་དང་། སྙིང་གའི་རྩ་འདབ་ཡན་གང་བར་བསམ་ཞིང་སེམས་སྙིང་གའི་འཁོར་ལོའ་དབུས་སུ་རྩེ་གཅིག་ཏུ་གཏད་ནས་ཞུ་བདེ་ཆེས་ཆེར་བསྐྱེད་དེ་རྟོག་པ་མཐའ་དག་འགགས་པ་ན་ཁྱད་དགའི་བདེ་བ་ངོས་བཟུང་བ་སོགས་དང་། ལྟེ་བའི་རྩ་འདབ་
༢༧༢ཡན་གང་བར་བསམ་ཞིང་སེམས་ལྟེ་བའི་འཁོར་ལོའ་དབུས་སུ་རྩེ་གཅིག་ཏུ་གཏད་ནས་ཚད་མེད་པའི་ཞུ་བདེ་བསྐྱེད་དེ་རྟོག་པ་ཐམས་ཅད་འགགས་པ་ན་ལྷན་ཅིག་སྐྱེས་དགའ་བདེ་བ་ངོས་བཟུང་བ་སོགས་བྱ། དེ་ནས་བྱང་སེམས་བཟློག་པ་ནི་གསང་གནས་ཀྱི་རླུང་དྲང་ཞིང་སྟེང་རླུང་ཅུང་ཟད་བཟུང་སྟེ་སེམས་འཁོར་ལོ་སོ་སོའ་དབུས་སུ་གཏད་ནས། ལྟེ་བར་དགའ་བ་སྙིང་གར་མཆོག་དགའ་འགྲིན་པར་ཁྱད་དགའ་སྤྱི་བོར་ལྷན་སྐྱེས་རྣམས་བསྒོམ། མཐར་བྱང་སེམས་ཧྃ་ལ་བསྡུའོ། །འཁོར་ལོ་སྔ་མ་ལ་སྤྱི་བོ་ནས་མགྲིན་པར་བབས་པས་དགའ་བ་སྙིང་གར་མཆོག་དགའ་ལྟེ་བར་ཁྱད་དགའ་གསང་གནས་སུ་བབས་པས་ལྷན་སྐྱེས་ཀྱི་དགའ་བ་བསྐྱེད་ཅིང་། བཟློག་པའི་ཚེ་གསང་གནས་ནས་ལྟེ་བར་ལོག་པས་དགའ་བ་སྙིང་གར་མཆོག་དགའ་སོགས་བསྒོམ་མོ། །དེ་ནས་ཐུན་གྱི་མཇུག་ཏུ་འཇམ་རླུང་བཟུང་སྟེ་རྩ་རླུང་ཐིག་ལེ་གང་ཡང་ཡིད་ལ་མི་བྱེད་པར་མཆོག་གི་གཏུམ་མོ་རླུང་སེམས་གཉིས་མེད་ཀྱི་ངོ་བོ། །ཕྱག་རྒྱ་ཆེན་པོ་ལ་སྐད་ཅིག་ཀྱང་མ་ཡེངས་པར་མཉམ་པར་གཞག་ཅིང་། རྗེས་ཤེས་དང་རྗེས་སྣང་ཐམས་ཅད་བདེ་སྟོང་གི་དྲན་པས་རྒྱུན་ཆགས་སུ་བསྐྱང་སྟེ་སྣང་སྲིད་ཐམས་ཅད་བདེ་སྟོང་གི་ལམ་དུ་སློང་བར་བྱའོ། །རྩ་འཁོར་རྣམས་ཀྱི་དབུས་སུ་སེམས་གཏོད་པ་ནི་རླུང་སེམས་འཇུག་པ་གཅིག་པས་དེ་དག་ཏུ་རླུང་འདུ་བའི་ཐབས་ཁྱད་པར་ཅན་ཡིན་ལ། རླུང་འདུས་པས་དེར་བྱང་སེམས་བརྟན་པར་བྱེད་ཅིང་དགའ་བཞིའི་ཡེ་ཤེས་འཆར་བར་བྱེད་པ་དང་། གཞན་ཡང་སྒྱུ་ལུས་སོགས་ཀྱི་ལམ་འོག་ཏུ་འཆད་པ་རྣམས་ལ་མེད་མི་རུང་གི་གནད་མང་དུ་ཡོད་དོ། །དེ་ལྟར་བསྒོམས་པས་དང་པོར་སྔར་བཤད་པའི་གཏུམ་མོའ་དྲོད་ཀྱིས་བྱང་སེམས་ཞུ་ནས་བབས་པ་ལས་བདེ་བ་རིམ་པས་སྐྱེས་པ་ལ་ལྟ་བས་རྒྱས་བཏབ་པ་ལྟ་བུའི་དགའ་བཞིའི་ཡེ་ཤེས་རྗེས་མཐུན་པ་ཙམ་ལས་མི་འབྱུང་ཡང་། དེའི་ཉམས་བདེ་སྟོང་དུ་བསྐྱངས་ནས་སྦྱངས་པའི་སྟོབས་ཀྱིས་རླུང་དབུ་མར་ཚུད་དེ་བྱང་སེམས་ཞུ་བ་རིམ་གྱིས་གནས་རྣམས་སུ་བབས་པ་ལས་དགའ་བཞི་
༢༧༣ཇི་ལྟ་བ་འཆར་ཞིང་ངོས་ཟིན་ལ། དེ་ནས་རིམ་པས་རླུང་དབུ་མར་ཐིམ་པ་ལས་དགའ་བཞིའི་བདེ་བ་དང་སེམས་ཀྱི་ངོ་བོ་སྟོང་ཉིད་དབྱེར་མེད་དུ་འཆར་ཞིང་ངོས་ཟིན་པ་སྟེ་དགའ་བཞིའི་ཡེ་ཤེས་ཡིན་ནོ། །དེ་ལ་ཡང་དང་པོར་སྟོང་པ་ཉིད་དང་ཡུལ་ཡུལ་ཅན་གྱི་གཉིས་སྣང་ཕྲ་མོ་དང་བཅས་པ་དཔེའི་ཡེ་ཤེས་དང་། མཐར་དེ་ཉིད་གོང་འཕེལ་དུ་གྱུར་ནས་ཡུལ་ཡུལ་ཅན་དབྱེར་མེད་པའི་དོན་གྱི་ཡེ་ཤེས་གཉིས་འབྱུང་ངོ་། །མས་བརྟན་གྱི་དགའ་བཞི་ནི་ཡས་བབས་ཀྱི་དགའ་བཞི་ཇི་ལྟ་བ་སྐྱེས་ནས་བྱང་སེམས་བརྟན་པ་ན་རིམ་པས་འཆར་བར་བཤད་ཅིང་། དགའ་བཞི་རེ་རེ་ལའང་ནང་ཚན་དུ་བཞི་བཞི་སྟེ་བཅུ་དྲུག་འབྱུང་བར་བཤད་པས་ཕྲ་བའི་གནས་སོ། ༈ །བཞི་པ་ངོ་སྤྲད་དེ་ཉམས་མྱོང་བསྐྱང་ཚུལ་ལ་གཉིས། གཏུམ་མོའ་རྟོགས་པ་ངོ་སྤྲད་པ་དང་། སྐྱོན་སེལ་ཞིང་སྐྱོང་ཚུལ་བཤད་པའོ། །དང་པོ་ནི། སྔར་བཤད་པ་དེ་དག་ལས་གཏུམ་མོའ་རྟོགས་པ་དངོས་གཞི་ནི་རྩ་རླུང་ཐིག་ལེའི་གནད་བཅིངས་ཏེ་དགའ་བ་བཞི་ལ་སོགས་པའི་ཞུ་བདེ་བསྐྱེད་ནས། ཉམས་མྱོང་བདེ་བའི་ངོ་བོ་གསལ་ལ་ངོས་བཟུང་མེད་པ་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་ཉིད་ཡིན་ཏེ། གཞན་རྣམས་དེ་སྐྱེད་པར་བྱེད་པའི་ཐབས་སམ་ཡན་ལག་ལྟ་བུ་ཡིན་པས་སོ། །དེ་ལ་གཏུམ་མོ་ཞེས་པའི་སྒྲ་དོན་ནི་སྤང་བྱ་ཉོན་མོངས་པའི་ཚོགས་འཇོམས་པ་ལ་དཔའ་ཞིང་གཏུམ་པ་དང་། བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་སྟེར་བར་བྱེད་པའི་དཔའ་མོ་ཡིན་པས་ན་གཏུམ་མོ་ཞེས་བྱ་ལ། བྱེད་ལས་ནི་ཡང་དག་པའི་ཡེ་ཤེས་ཀྱི་མེས་ཀུན་རྟོག་གི་འཆིང་བའི་བུད་ཤིང་སྲེག་པར་བྱེད་ཅིང་། བྱེ་བྲག་ཏུ་བསྐྱེད་རིམ་ཕྱིའི་གཏུམ་མོས་བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་འཇོམས། སྲོག་རྩོལ་ནང་གི་གཏུམ་མོས་ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས། འབར་འཛག་གསང་བའི་གཏུམ་མོས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འཇོམས། བློ་བྲལ་དེ་ཁོ་ན་ཉིད་ཀྱི་གཏུམ་མོས་ལྷན་སྐྱེས་
༢༧༤ཀྱི་ཡེ་ཤེས་རྟོགས་པར་བྱེད་པའམ། ཡང་ན་ཕྱི་དྲོད་ཀྱི་གཏུམ་མོས་བགེགས་འཇོམས། ནང་བདེ་བའི་གཏུམ་མོས་ནད་སེལ། གསང་བ་མི་རྟོག་པའི་གཏུམ་མོས་ཉོན་མོངས་ཞི། ཟུང་འཇུག་དེ་ཁོ་ན་ཉིད་ཀྱི་གཏུམ་མོས་ཡེ་ཤེས་རྟོགས་པར་བྱེད་པའོ། །གཉིས་པ་ནི། གཏུམ་མོའ་དུས་གསུམ་དུ་གེགས་ཀྱི་གཙོ་བོ་དྲེད་བཞིའི་དབང་དུ་མི་བཏང་བར་ཉམས་ལེན་གྱི་གོ་ཆ་ཆེ་དགོས་ཏེ། དེ་ལ་གཏུམ་མོ་སྡུག་བསྔལ་གྱི་དུས་ཞེས་པ་ནི། དང་པོར་ལུས་དང་རྩ་མ་བྱང་བས་ན་ཚ་ཟུག་གཟེར་འབྱུང་ལུས་སྟོབས་འཆོར་ཞིང་གུད་ནད་རོ་ཡོད་ན་ལྡང་། རླུང་མ་བྱང་བས་རླུང་དུས་སུ་མི་ཁེགས་ཐང་ཆད། ཐིག་ལེ་གནས་སུ་མ་བསྐྱོབ་བས་སེམས་མི་གསལ་ཞིང་ཉམས་ཆུང་། དམིགས་པ་མ་ཟིན་པས་སེམས་འཚུབ་ཅིང་གཏན་ལ་མི་ཕེབས། སྒོམ་པའི་གནད་མ་ཤེས་པས་རྩ་རླུང་ཐིག་ལེའི་གེགས་སྐྱོན་འབྱུང་། དེ་ལྟར་ལུས་སེམས་ལ་སྡུག་བསྔལ་གྱིས་མནར་བས་གཏུམ་མོའ་ཉམས་ལེན་མི་ནུས་པ་ནི་ན་ཚ་སྡུག་བསྔལ་ཉམས་ལེན་གྱི་དྲེད་ཅེས་བྱ་སྟེ། དེའི་ཚེ་འཁོར་བའི་སྡུག་བསྔལ་མཐའ་དག་བསམས་ལ་སྐྱོ་ཤས་བསྐྱེད། དེ་ལས་ཐར་པ་ཟུང་འཇུག་རྡོ་རྗེའི་སྐུ་སྒྲུབ་པ་ལ་དཀའ་སྤྱད་དང་སྙིང་རུས་དགོས་པའི་དཔལ་བསྐྱེད། གྲུབ་ཐོབ་གོང་མའི་རྣམ་ཐར་བསམས་ལ་འབད་པ་ཆེན་པོས་བསྐྱང་ངོ་། །ཡང་དཀའ་ཐུབ་ལ་སོགས་པས་ལུས་ཟུངས་ཧ་ཅང་ཞན་ནས་སྒོམ་སྐྱེད་མི་འབྱུང་བར་སྒོམ་དང་སྣ་སུན་ཁྱེར་བ་ནི་བཟའ་མེད་བརྩོན་འགྲུས་སྒོམ་གྱི་དྲེད་ཅེས་བྱ་སྟེ། དེའི་ཚེ་ཟས་བཅུད་ཅན་བསྟེན་ཞིང་དུབ་བསང་བྱས་ཏེ་བསྐྱང་ངོ་། །གཏུམ་མོ་འདོད་ཆགས་ཀྱི་དུས་ཞེས་པ་ནི། རྩ་རླུང་བྱང་བས་ལུས་འབོལ། །་འཕེལ་བས་དྲོད་འབར། །བྱང་སེམས་གཡོས་པས་བདེ་བ་འབྱུང་། ཁམས་རྒྱས་པས་འདོད་ཆགས་ཤིན་ཏུ་ཆེ་བ་སྐྱེ། དེའི་དུས་གཉེན་པོ་ཞན་ནས་བྱང་སེམས་མ་བསྲུངས་པའམ་དངོས་སམ་རྨི་ལམ་དུ་བྱང་སེམས་ཟག་པ་འབྱུང་བ་ནི་ཐིག་ལེ་ཉམས་པ་བདེ་དྲོད་ཀྱི་དྲེད་ཅེས་བྱ་སྟེ། དེའི་ཚེ་
༢༧༥སོ་ཐར་གྱིས་སྲུང་སེམས་ལ་འབད་ཅིང་ཆགས་ཡུལ་མི་སྡུག་པར་བསྒོམས་ལ་རིང་དུ་སྤང་། འདོད་ཆགས་ཀྱི་ངོ་བོ་ལ་བལྟ་ཞིང་ཞེན་པ་བཟློག །བྱང་སེམས་ཉམས་ན་སྤྱིར་ཏིང་ངེ་འཛིན་གྱི་ཡོན་ཏན་མཐའ་དག་མི་སྐྱེ་ཞིང་བྱེ་བྲག་ཏུ་གཏུམ་མོའ་ཡོན་ཏན་གྱི་རྩ་བ་ཆད་པས་བྱང་སེམས་བསྲུང་བ་ལ་བསྒྲིམ་ཞིང་ཐིག་ལེའི་འཁྲུལ་འཁོར་རྣམས་ལ་བརྩོན་པར་བྱའོ། །གཏུམ་མོ་ཡོན་ཏན་གྱི་དུས་ཞེས་པ་ནི། རྩ་རླུང་ཐིག་ལེ་ལས་སུ་རུང་བས་སེམས་ལ་བདེ་གསལ་མི་རྟོག་པའི་ཉམས་མྱོང་བཟང་པོ་འཆར། ལུས་ལ་རྩ་རླུང་ཐིག་ལེའི་ཡོན་ཏན་མཐའ་དག་སྐྱེ། དེའི་དུས་ཉམས་མྱོང་གཞན་ལ་བཤད་པ་དང་དམ་ཚིག་ཉམས་ཆགས་ལ་བརྟེན་ནས་ཡོན་ཏན་ཡལ་བའམ་སྐྱེད་མེད་པ་བྱུང་ན་ཉམས་བཤད་དམ་ཉམས་ལྟུང་བའི་དྲེད་ཅེས་བྱ་སྟེ། དེའི་ཚེ་ཉམས་སྣང་ལ་མ་ཞེན་པར་གནས་ལུགས་རྗེན་པར་བསྐྱང་། རྩ་རླུང་གི་རྟགས་འཇའ་ཚོན་དང་འདྲ་བར་བསམ་ཞིང་བླ་མ་མིན་པ་ལ་གསང་། ཉམས་ཆགས་བྱུང་ན་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱིས་བསྐང་ཞིང་བླ་མ་ལ་དབང་ཞུ་བ་དང་རང་ཉིད་དབང་བླང་བ་སོགས་ཀྱིས་གསོ། །ལོངས་སྤྱོད་དང་སྙན་གྲགས་དགོས་མེད་དུ་ཐག་བཅད་ལ་ཞེན་པ་གསུམ་བཏང་ཞིང་སྒྲུབ་པའི་རྒྱལ་མཚན་བཙུག་པར་བྱའོ། །འདི་དག་གི་ཚེ་ཉམས་ལེན་གྱི་གནད་མ་འཆུགས་པར་རིམ་པས་བསྒོམ་པ་ལ་གེགས་སྐྱོན་ཆེར་མི་འབྱུང་ཡང་། སྐལ་བ་ཞན་པ་དག་དང་རླུང་འཁྲུལ་འཁོར་སོགས་དྲགས་ཐལ་བ་དག་ལ་རྩ་རླུང་ཐིག་ལེའི་གེགས་འབྱུང་བ་ལ་སྲིད་པས་དེ་སེལ་བའི་ཐབས་ཅི་གཏུམ་མོའ་དམར་ཁྲིད་ལས་ཤེས་པར་བྱའོ། །ཡུན་དུ་བསྒྲུབ་པར་བྱ་བ་གཏུམ་མོའ་དམ་ཚིག་ལ། དྲོད་ཀྱི་དམ་ཚིག་ཏུ་རླུང་ཐུན་དང་ལུས་སྦྱོང་མ་ཆག་པ་བྱ། གྲང་བ་ཡིད་ལ་མི་བྱ་ཞིང་མི་དམིགས་ཡང་ཡང་དྲན་པར་བྱ། གྲང་ཡང་སྐྱི་ཅན་དང་བེམ་པོ་སོགས་མི་གྱོན་དྲོ་ཡང་གཅེར་བུ་མི་བྱ། མེ་ལ་སོགས་པ་ལ་ཕུས་མི་འདེབས་ཤིང་ཟས་སྐོམ་གྲང་མོ་མི་བསྟེན་པ་སོགས་བྱ། བདེ་བའི་
༢༧༦དམ་ཚིག་ཏུ་བྱང་སེམས་མ་ཉམས་པར་བསྲུང་ཞིང་སྒ་གཡེར་ཟྭ་ཚེ་དང་སྒོག་ཤ་རུལ་ཉ་ཤ་ཆང་ཚ་སྐྱུར་ལན་ཚྭ་ཆེས་པའི་ཟས་སྐོམ་སྤང་བ་སོགས་བྱ། བདེ་དྲོད་གཉིས་ཀའི་དམ་ཚིག་ཏུ་མེ་དང་ཉི་མ་ལ་ཡུན་རིང་དུ་མི་སྡོད། སྟན་མེད་དང་ས་རླན་ལ་མི་སྡོད་ཅིང་རྐང་རྗེན་མི་བྱ། ཉིན་གཉིད་དང་རྡུལ་ཐོན་པའི་བྱ་ལས་སོགས་སྤང་། མི་རྟོག་པའི་དམ་ཚིག་ཏུ་དབེན་པ་བསྟེན་ཞིང་སྣང་ཤས་སྤང་བ་སོགས་བྱ་བར་བཤད་དོ། ༈ །ལྔ་བ་རྟགས་དང་ཡོན་ཏན་འཆར་ཚུལ་ལ་གཉིས། རྟགས་འཆར་ཚུལ་དང་། ཡོན་ཏན་སྐྱེ་ཚུལ་ལོ། །དང་པོ་ནི། སྤྱིར་རྩ་རླུང་ཐིག་ལེ་སྒོམ་པ་ལ་དབང་པོའ་རིམ་པ་དང་སྔོན་བསགས་ཀྱི་ཁྱད་པར་ལ་བརྟེན་ནས། རྟགས་ཀྱི་རིམ་པ་མ་བྱུང་བར་ཡོན་ཏན་སྐྱེ་བ་དང་རྟགས་སྣང་ངེས་མེད་དུ་འཆར་བ་དང་རྟགས་རིམ་ཅན་དུ་འབྱུང་བ་སྣ་ཚོགས་ཡོད་ཀྱང་། འདིར་ཕྱི་མ་ལྟར་བརྗོད་ན་དབྱེ་བ་ཤེས་པར་འགྱུར་བས་དེ་ལྟར་བཤད་པར་བྱའོ། །དེ་ལ་དང་པོར་རླུང་འབྱོངས་པའི་རྟགས་དང་བདེ་དྲོད་འབར་བའི་རྟགས་རྣམས་སྔར་བཤད་ཟིན་ལ། དེ་ནས་ཉམས་སུ་བླངས་པས་རྩ་འཁོར་ལོ་ལྔར་ཉོན་མོངས་པ་ལྔའི་རྩ་མདུད་ཡེ་གེའི་གཟུགས་ལྟ་བུ་གནས་པར་རླུང་སེམས་འདུས་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལྔ་ཆེར་སྐྱེ་ཞིང་། བར་ཆད་ཀྱི་བདུད་དང་གནོད་བྱེད་ཀྱི་བགེགས་དང་སྡང་བྱེད་ཀྱི་དགྲ་ལ་སོགས་པའི་རྣམ་པར་རྟོག་པ་ཆེར་རྒྱས་པ་ཞིག་འབྱུང་། དེ་ནས་ནད་དང་གདོན་གྱི་རྩ་གནས་རྣམས་སུ་རླུང་སེམས་འདུས་པས་ནད་མཐའ་དག་ལྡང་བ་དང་དངོས་སམ་རྨི་ལམ་སུ་འདྲེ་གདོན་གྱི་སྣང་བ་སྣ་ཚོགས་འཆར་ཞིང་སེམས་ལ་ཁུ་འཕྲིག་འབྱུང་། དེ་ནས་རིགས་དྲུག་གི་རྩ་ཡིག་སོགས་སུ་རླུང་སེམས་འདུས་པས་དངོས་སམ་རྨི་ཉམས་སུ་རིགས་དྲུག་ཅི་རིགས་ཀྱི་སྣང་བ་དང་སྡུག་བསྔལ་འཆར་བ་དང་། གཞན་ཡང་ཉམ་ང་བ་ལ་སོགས་པའི་སྣང་བ་སྣ་ཚོགས་པ་འབྱུང་བར་བཤད་དེ། དེ་དག་གི་ཚེ་སྐྱོ་ཤས་དང་ངེས་
༢༧༧འབྱུང་བརྟན་པོས་བསགས་སྦྱང་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་འབད། རྩ་མདུད་འགྲོལ་བའི་འཁྲུལ་འཁོར་ཅི་རིགས་བྱ་ཞིང་ཉམས་སྣང་ཐམས་ཅད་ལམ་རྟགས་སུ་ཤེས་པར་བྱས་ཏེ་སྤྲོ་བ་བསྐྱེད། གཞན་ཡང་གཉེན་པ་ཅན་གྱི་ལམ་ཁྱེར་དང་གནས་ལུགས་ཀྱི་ལྟ་བས་སྐྱོན་སེལ་བོགས་འདོན་བྱའོ། །དེ་ནས་རྩ་རླུང་ལམ་དུ་བསློངས་ཏེ་ས་ཆུ་མེ་རླུང་ནམ་མཁའི་རླུང་ལྔ་སོ་སོའ་གནས་སུ་ཟིན་པ་དང་དབུ་མར་ཚུད་པས་རིམ་བཞིན། སྣང་བ་དུ་བ་ལྟ་བུ་དང་སྨྲིག་རྒྱུ་དང་སྲིན་བུ་མེ་ཁྱེར་དང་མར་མེ་འབར་བ་དང་། སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ཉམས་འབྱུང་སྟེ་མཚན་རྟགས་ལྔ་དང་། དེ་ནས་རླུང་ལྔ་གནས་སུ་ཟིན་པ་བརྟན་པའམ་དབང་དུ་འདུས་པས་རིམ་བཞིན། ཟླ་ཟེར་དང་ཉི་ཟེར་དང་གློག་གི་ཟེར་དང་འཇའ་ཚོན་དང་ཉི་ཟླ་བསྲེས་པའི་ཟེར་ལྟ་བུའམ། དེ་ལྟ་བུའི་ཐིག་ལེ་འཆར་བ་ཉིན་རྟགས་ལྔ་སྟེ་རྟགས་བཅུ་འཆར་ལ། དེ་ཡང་རླུང་རང་གནས་སུ་ཟིན་པ་ལ་རྟགས་རྣམས་ཅུང་ཟད་མི་གསལ་ཞིང་མི་བརྟན་པ་ལ་དབུ་མར་ཚུད་པ་དང་ཐིམ་པ་ལ་གསལ་ཞིང་བརྟན་པ་འབྱུང་ངོ་། །དེ་ནས་རྩ་རླུང་བྱང་ཆུབ་ཀྱི་སེམས་དྭངས་པ་སྤྱི་བོ་སོགས་འཁོར་ལོ་ལྔའི་གནས་སུ་འདུས་པས་རིམ་བཞིན། སངས་རྒྱས་དཀར་པོ་དང་དམར་པོ་དང་སྔོན་པོ་དང་སེར་པོ་དང་ལྗང་གུའི་ཞིང་ཁམས་མཐོང་བ་དང་། གཞན་ཡང་ཡུལ་ཉེར་བཞི་ལ་སོགས་པའི་རྩ་གནས་བསམ་གྱིས་མི་ཁྱབ་པ་དེ་དང་དེར་རླུང་སེམས་དྭངས་མ་འདུས་པས། ཡི་དམ་གྱི་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ལ་སོགས་པ་དང་། སངས་རྒྱས་སྤྲུལ་སྐུ་དང་ཉན་རང་གི་ཞིང་ཁམས་ལ་སོགས་པ་ཅི་རིགས་པ་མཐོང་བ་འབྱུང་བར་བཤད་དེ་དངོས་དང་མི་ཉམས་ལ་སོགས་པར་འཆར་རོ། །གཉིས་པ་ནི། དེ་ལྟར་རྩ་རླུང་བསྒོམས་པས་སྤྱིར་སེམས་ལ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་གྱི་ཡོན་ཏན་དཔག་ཏུ་མེད་པ་འཆར་ཞིང་། ཁྱད་པར་སེམས་ཀྱི་གནས་ལུགས་རིག་པ་སྐྱེ་མེད་རྗེན་པར་རྟོགས་པ་ལྷག་མཐོང་གི་ལྟ་བ་ཕྱིན་ཅི་
༢༧༨མ་ལོག་པ་སྐྱེ། ལུས་ལ་རླུང་ལྔ་རང་གནས་སུ་བརྟན་པའམ་དབང་དུ་འདུས་པའི་ཡོན་ཏན་དུ་རིམ་བཞིན། ལུས་སྲ་ཞིང་བརྟན་པ་དང་སྣུམ་བག་ཆགས་པ་དང་བཀྲག་མདངས་རྒྱས་པ་དང་ཡང་ཞིང་མགྱོགས་པ་དང་ལུས་ཡོད་པ་མི་ཚོར་ཞིང་རྩིག་པ་སོགས་ལ་མི་ཐོགས་པ་འབྱུང་། ཐིག་ལེ་དཀར་དམར་དབུ་མར་ཟིན་པ་བརྟན་པས། ཟླ་བའི་ཡོན་ཏན་ལུས་ལ་གྲིབ་མ་མེད་ཅིང་འོད་གསལ་བ་དང་། ཉི་མའི་ཡོན་ཏན་གཞན་གྱིས་མི་མཐོང་བར་བྱེད་ནུས་པ་དང་། ཀུན་ཏུ་ཁྱབ་པའི་ཡོན་ཏན་རྫུ་འཕྲུལ་མཐའ་དག་སྟོན་ནུས་པ་སྟེ་ཡོན་ཏན་བརྒྱད་སྐྱེ་ཞིང་། གཞན་ཡང་ས་ལ་སོགས་པའི་ཁམས་ལྔ་སོ་སོ་དང་ཆ་མཐུན་པར་རླུང་སེམས་དྭངས་མ་བརྟན་པར་འདུས་པའི་ཡོན་ཏན་དུ་རིམ་བཞིན། ས་རྡོ་གསེར་དུ་བསྒྱུར་བ་དང་། ཆུ་ལ་མི་བྱིང་བར་འགྲོ་བ་དང་། ལུས་ལ་མེས་མི་ཚུགས་ཤིང་དྲོད་ཀྱིས་གངས་རི་འཇུ་བ་དང་། འཇིག་རྟེན་གཞན་དུའང་སྐད་ཅིག་གིས་བགྲོད་པ་དང་། ནམ་མཁར་འཕུར་བ་དང་རི་བྲག་ལ་ཐོགས་མེད་རྒྱུ་བར་ནུས་པ་སོགས་འབྱུང་བར་བཤད་ཅིང་། དེ་དག་རླུང་སེམས་འདུ་ཤུགས་ཆེ་ཆུང་གི་དབང་གིས་ཡུན་རིང་ཐུང་ཅི་རིགས་པར་འབྱུང་སྟེ་འདུ་འཕྲོད་ཞིག་ནས་འབྱུང་བར་མ་བཤད་དོ། །གཞན་ཡང་རྩ་ཁམས་རིག་པ་དྭངས་པས་མངོན་ཤེས་འཆར། ཐིག་ལེ་གྱེན་དུ་བརྟན་པས་ཆུ་བོ་གྱེན་དུ་བཟློག །མེ་རླུང་དབང་དུ་འདུས་པས་ཉི་མ་བརྟོད་ལ་གནོན། རླུང་སེམས་གཅིག་ཏུ་ཆུན་པས་ལྟ་སྟངས་ཀྱིས་ཕ་རོལ་རེངས་པ་སོགས་དང་། རྩས་ནོར་དང་རླུང་གིས་མི་དང་ཐིག་ལེས་མི་མ་ཡིན་དབང་དུ་འདུ་བ་ལ་སོགས་པའི་ཡོན་ཏན་མང་དུ་སྐྱེ་བར་བཤད་དེ། དེ་དག་གི་ཚེ་རྩ་རླུང་གི་ཡོན་ཏན་འཇའ་ཚོན་ལྟར་རང་བཞིན་མེད་པ་ཤེས་པར་བྱས་ལ། ང་རྒྱལ་དང་རློམ་སེམས་མི་བྱ་བར་འཇིག་རྟེན་གྱི་ཆོས་བརྒྱད་སྤངས་ཏེ་མཆོག་གི་གཏུམ་མོ་ཕྱག་རྒྱ་ཆེན་པོ་རིག་པ་རྗེན་པ་ཉིད་མ་ཡེངས་པར་བསྐྱང་སྟེ་གནས་ལུགས་ལ་བོགས་དབྱུང་བར་བྱའོ། །དེ་ནས་མཐར་ཐུག་གི་ཡོན་ཏན་ནི། སེམས་སྐྱེ་མེད་ཕྱག་
༢༧༩རྒྱ་ཆེན་པོའ་ལྷ་བས་གཟུང་འཛིན་གྱི་འཁྲུལ་པ་ཐམས་ཅད་ཡེ་ཤེས་སུ་དག་ནས་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཀློང་འབྱམས་སུ་འགྱུར་ཞིང་། ལུས་ཀྱི་འཁོར་བའི་རྩ་མདུད་ཐམས་ཅད་གྲོལ་ཏེ་སྒྲིབ་མེད་ཡེ་ཤེས་ཀྱི་རྩར་དག །ལས་ཀྱི་རླུང་ཐམས་ཅད་ཐིམ་སྟེ་སྒྲིབ་བྲལ་ཡེ་ཤེས་ཀྱི་རླུང་དུ་དངས། སྙིགས་མ་ཟག་བཅས་ཀྱི་ཐིག་ལེ་ཐམས་ཅད་སྦྱངས་ཏེ་དྭངས་མ་ཟག་མེད་ཀྱི་བདེ་བར་རྫོགས་ནས། ས་བཅུ་གསུམ་མཐར་ཕྱིན་ཏེ་འཇའ་ལུས་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པར་གསུངས་སོ། ༈ །གཉིས་པ་ལམ་གྱི་གཞི་མ་སྒྱུ་ལུས་ཀྱི་གདམས་པ་ལ་བཞི། མ་ཟིན་པ་ཟིན་པར་བྱེད་པ། ཟིན་པ་བརྟན་པར་བྱེད་པ། བརྟན་པ་བོགས་དབྱུང་བ། ངོ་སྤྲད་དེ་ཉམས་མྱོང་བསྐྱང་ཚུལ་ལོ། །དང་པོ་ནི། ཁྱད་པར་གྱི་སྔོན་འགྲོ་རྣམས་བྱ་ཞིང་ཐུན་གྱི་སུམ་ཆར་གཏུམ་མོ་བསྒོམ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱ་སྙམ་དུ་སེམས་བསྐྱེད་ལ། མགྲིན་པའི་རྩ་འཁོར་གྱི་དབུས་སུ་པདྨ་དང་ཉི་ཟླའི་གདན་ལ་བླ་མ་ལོངས་སྐུ་རྡོ་རྗེ་འཆང་དམར་པོ་ཡུམ་དང་བཅས་པ་བསྒོམས་ཏེ་སྒྱུ་ལུས་འབྱོངས་པར་གསལ་བ་དྲག་ཏུ་གདབ་བོ། །ཁ་ཅིག་སྐབས་འདིར་སྒྱུ་མ་གྲོགས་གསུམ་ཞེས་འཁོར་བའི་སྡུག་བསྔལ་བསམས་ཏེ་ཞེན་པ་བཟློག་པ་དང་། མི་རྟག་པ་བསྒོམས་ལ་སྐྱོ་བ་བསྐྱེད་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་རྣམས་བྱ་བར་འདོད་པ་ནི་སྔོན་འགྲོའི་ཁོངས་སུ་འདུས་ལ། འོན་ཀྱང་འདུས་བྱས་ཐམས་ཅད་མི་རྟག་པར་འཇིག་པའི་ཚུལ་ཞིབ་ཆར་གཞིགས་ནས་སྒོམ་པ་ནི་བདེན་འཛིན་བཟློག་པའི་ཐབས་སུ་འགྱུར་རོ། །དེ་ནས་ཡུལ་སྣང་སྒྱུ་མར་སྦྱང་བ་ནི། ལུས་རྣམ་སྣང་གི་ཆོས་བདུན་བྱས་ལ། སྤྱིར་རི་དང་ཁང་ཁྱིམ་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་དང་། མི་དང་དུད་འགྲོ་ལ་སོགས་པ་བཅུད་ཀྱི་སེམས་ཅན་དང་། བྱེ་བྲག་ཏུ་རང་གི་དབང་ཤེས་ལ་སྣང་བའི་གཟུགས་སྒྲ་དྲི་རོ་རེག་བྱའི་
༢༨༠སྣང་བ་ཇི་སྙེད་པ་འདི་དག་འཁྲུལ་ངོར་སྣང་བ་ཙམ་ལས་བདེན་པར་མ་གྲུབ་པ་སྒྱུ་མ་ལྟ་བུར་བསམ་པའོ། །དེ་ཡང་སྒྱུ་མའི་དཔེ་བརྒྱད་ཀྱིས་གཏན་ལ་དབབ་པར་བྱ་བ་ལས། བདེན་པར་མ་གྲུབ་ཀྱང་སྣང་བ་སྒྱུ་མ་དང་རྨི་ལམ་ལྟར་བསམ་པ་ནི། སྒྱུ་མ་མཁན་གྱིས་རྡེའུ་དང་ཤིང་བུ་སོགས་ལ་སྔགས་ཀྱིས་བཏབ་ནས་རྟ་གླང་སོགས་སུ་སྤྲུལ་པའི་ཚེ་བདེན་པར་མ་གྲུབ་ཀྱང་རྣམ་པ་དེ་དག་ཏུ་སྣང་བ་དང་། རྨི་ལམ་ན་མི་དང་དུད་འགྲོ་སོགས་རྨིས་པའི་ཚེ་བདེན་པར་མ་གྲུབ་ཀྱང་དེར་སྣང་བ་ལྟར། སྣོད་བཅུད་ལ་སོགས་པའི་ཡུལ་སྣང་ཐམས་ཅད་དོན་དམ་པར་རང་རང་གི་ངོ་བོར་གྲུབ་པ་མེད་ཀྱང་ཀུན་རྫོབ་འཁྲུལ་པའི་ཤེས་པ་ལ་སོ་སོར་སྣང་བ་ཙམ་དུ་བསམ་པའོ། །རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ལས་བྱུང་བ་བྲག་ཆ་དང་གཟུགས་བརྙན་ལྟར་བསམ་པ་ནི། བྲག་བྱ་སྐྱིབས་ཅན་ལ་སོགས་པ་དང་སྐད་སྒྲོགས་པའི་རྒྱུ་རྐྱེན་ཚོགས་པ་ལས་བྲག་ཆ་འབྱུང་བ་དང་། མེ་ལོང་དྭངས་པ་དང་སྐྱེས་བུའི་གཟུགས་དང་དེ་གཉིས་ཀྱི་བར་དུ་སྒྲིབ་གཡོགས་མེད་པའི་རྒྱུ་རྐྱེན་ཚོགས་པ་ལས་གཟུགས་བརྙན་འཆར་བ་ལྟར། ལས་དང་རྒྱུ་རྐྱེན་སྣ་ཚོགས་འཛོམ་པའི་རྟེན་འབྲེལ་ལས་དཀར་དམར་གྱི་སྣང་བ་སྣ་ཚོགས་འཆར་བ་ཙམ་དུ་བསམ་པའོ། །མི་རྟག་ཅིང་གཡོ་བ་ཟིལ་བ་དང་ཆུ་བུར་ལྟར་བསམ་པ་ནི། དབྱར་གྱི་དུས་རྩྭའི་རྩེ་མོར་ཆུའི་ཟིལ་བ་ཆགས་པ་ཉི་མ་ཤར་མ་ཐག་ཏུ་འཇིག་ཅིང་མི་རྟག་པ་དང་། ཆུ་ལས་ལྦུ་བ་སྐད་ཅིག་གིས་སྐྱེ་ཞིང་སྐད་ཅིག་ལ་ཞིག་ནས་གཡོ་བ་ལྟར། ཡུལ་སྣང་ཐམས་ཅད་སྐད་ཅིག་ཀྱང་མི་རྟག་ཅིང་གཡོ་བའི་ཆོས་ཅན་དུ་བསམ་པའོ། །སྣང་ཡང་རང་བཞིན་མེད་པ་སྨིག་རྒྱུ་དང་འཇའ་ཚོན་ལྟར་བསམ་པ་ནི། ཐང་ཆེན་པོ་ལ་སྨིག་སྒྱུ་འཁྲིགས་པའི་ཚེ་ཆུའི་རྒྱུན་ལྟར་སྣང་ཡང་ཆུའི་རང་བཞིན་དུ་གྲུབ་པ་མེད་པ་དང་། འཇའ་ཚོན་ཁ་དོག་སྣ་ཚོགས་པར་སྣང་ཡང་གདོས་བཅས་ཀྱི་རང་བཞིན་དུ་མ་གྲུབ་པ་ལྟར། ཡུལ་སྣང་བ་དཀར་དམར་སྣ་ཚོགས་སུ་སྣང་ཡང་སོ་སོའ་རང་བཞིན་དུ་གྲུབ་པ་མེད་པར་བསམ་པའོ། །
༢༨༡འདི་དག་ལ་གནས་ལུགས་སྟོང་ཉིད་ཀྱི་ལྟ་བས་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་གཏན་ལ་ཕེབས་པ་ཡོད་ན་ནི་ཤིན་ཏུ་ལེགས་ལ། གཞན་ནི་དང་པོར་མཉམ་བཞག་སྒྱུ་མ་ལྟ་བུའི་འཛིན་སྟངས་ཀྱིས་ཡུལ་སྣང་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ་ཞིང་། རྗེས་སྣང་ལ་སོགས་པར་སྒྱུ་མ་ལྟ་བུའི་དྲན་འདུན་གྱིས་མ་ཡེངས་པ་ལ་བསླབས་ཏེ་ཡུལ་སྣང་ལ་ཨ་འཐས་ཀྱི་བདེན་འཛིན་ཞིག་ནས་སྒྱུ་མ་ལྟ་བུའི་ཉམས་དང་ངེས་ཤེས་སྐྱེས་ངེས་སུ་བསྒོམ་པར་བྱའོ། ༈ །གཉིས་པ་ཟིན་པ་བརྟེན་པར་བྱེད་པ་ལ་གཉིས། མ་དག་པའི་སྒྱུ་ལུས་བསྒོམ་པ་དང་། དག་པའི་སྒྱུ་ལུས་བསྒོམ་པའོ། །དང་པོ་ནི། ཐ་མལ་གྱི་ལུས་ངག་ཡིད་གསུམ་སྒྱུ་མར་སྦྱང་བ་སྟེ། དེ་ལ་ལུས་གཟུགས་བརྙན་ལྟར་སྦྱང་བ་ནི། མེ་ལོང་ལ་རང་གི་གཟུགས་བརྙན་འཆར་བར་བྱས་ཏེ་དེ་ལ་ལེགས་པར་བལྟས་ནས། མེ་ལོང་དྭངས་པ་དང་རང་གི་གཟུགས་དང་བར་དུ་སྒྲིབ་གཡོགས་མེད་པའི་ཚོགས་པ་ལས། མེ་ལོང་གི་ནང་དུ་གཟུགས་ཀྱི་རྣམ་པ་སྣང་ཡང་གཟུགས་སུ་མ་གྲུབ་པ་ལྟར། ལས་དང་རྒྱུ་རྐྱེན་ཚོགས་པ་ལས་རང་གི་ལུས་ལྟར་སྣང་ཡང་དོན་ལ་རང་བཞིན་མེད་པ་སྣང་སྟོང་དུ་བསམ་ཞིང་། གཞན་ཡང་སྔར་གྱི་སྒྱུ་མའི་དཔེ་བརྒྱུད་དང་སྦྱར་ཏེ་བསྒོམ་མོ། །དེ་ནས་མེ་ལོང་ནང་གི་གཟུགས་བརྙན་ལ་རེས་མཛེས་པའི་རྒྱན་དང་གོས་ཀྱིས་སྤྲས་ལ་དགའ་བ་འདུག་གམ་བལྟ། རེས་བརྡེག་ཚོག་བྱས་ལ་མི་དགའ་བ་འདུག་གམ་བལྟས་པས། དེ་ལ་དགའ་མི་དགའ་མི་སྣང་བ་ལྟར་རང་གི་ལུས་ལའང་མཛེས་པའི་རྒྱན་དང་གོས་ཀྱིས་སྤྲས་པ་དང་བརྡེག་ཚོག་བྱས་པ་ལ་དགའ་མི་དགའ་མེད་པར་སྒྱུ་མར་སྦྱང་། དེས་མཚོན་ནས་ལུས་ཀྱི་མཛེས་མི་མཛེས་གྲང་དྲོ་བཀྲེས་སྐོམ་ལ་སོགས་པ་སྒྱུ་མར་སྦྱང་ངོ་། །དགའ་མི་དགའ་ལ་སོགས་པ་སེམས་སྣང་ཡིན་ཡང་ལུས་ངག་སྒྱུ་མར་སྦྱང་བའི་སྐབས་སུ་བསྒོམ་པ་ནི་ལུས་ངག་གི་མངོན་ཞེན་བཟློག་པའི་ཕྱིར་དུ་བཤད་པར་སྣང་ངོ་། །དེ་ནས་ངག་བྲག་ཆ་ལྟར་སྦྱང་བ་ནི། སྔར་བཤད་པ་ལྟར་གྱི་རྒྱུ་
༢༨༢རྐྱེན་ལས་བྲག་ཆ་འབྱུང་ཡང་གྲགས་ལ་བདེན་པ་མ་གྲུབ་པ་ལྟར། རང་གཞན་གྱི་ངག་དང་སྒྲའི་རིགས་མཐའ་དག་རྒྱུ་རྐྱེན་ཚོགས་པ་ལས་བྱུང་བའི་སྒྲ་ཙམ་ལས་ངོ་བོ་ཉིད་མེད་པ་གྲགས་སྟོང་དུ་བསམ། དེ་ནས་བྲག་ཆ་འབྱུང་བའི་སར་སོང་ནས་རང་ལ་བསྔགས་པར་བརྗོད་པས་བྲག་ཆའི་སྒྲ་ལའང་བསྔགས་པ་བརྗོད་པ་འབྱུང་སྟེ་དེ་ལ་དགའ་བ་འདུག་གམ་བལྟ། རེས་ངན་སྒྲས་བརྗོད་ལ་དེ་ལ་མི་དགའ་བ་འདུག་གམ་བལྟས་པས་དགའ་མི་དགའ་མི་འོང་བ་ལྟར། རང་གཞན་གྱི་ངག་ཀྱང་གྲགས་ལ་ངོ་བོ་ཉིད་དུ་མ་གྲུབ་པ་བྲག་ཆ་དང་འདྲ་བས་གཞན་གྱིས་བསྟོད་སྨད་བྱས་པ་ལ་དགའ་མི་དགའ་མེད་པར་སྒྱུ་མར་སྦྱང་ངོ་། །དེ་ནས་ཡིད་སྨིག་རྒྱུ་ལྟར་སྦྱང་བ་ནི། སྨིག་རྒྱུ་འཁྲིགས་པའི་ཚེ་ཆུའི་རྒྱུན་ལྟར་སྣང་ཡང་སྣང་ཙམ་ཉིད་ནས་སྨིག་རྒྱུ་ལས་གཞན་དུ་ཆུར་མ་གྲུབ་པ་ལྟར། འཁྲུལ་པའི་རྣམ་པར་རྟོག་པ་ལ་གཟུང་འཛིན་གྱི་སྣང་བ་སྣ་ཚོགས་པ་ཞིག་སྣང་ཡང་སྣང་ཙམ་ཉིད་ནས་འཁྲུལ་སྣང་ལས་གཞན་དུ་གང་ཡང་བདེན་པར་མ་གྲུབ་པར་བསམ་ཞིང་། སེམས་འཁྲུལ་བའི་རྣམ་པར་རྟོག་པ་རང་བཞིན་མེད་གྱུར་སྐད་ཅིག་གིས་གཡོ་བ་སྨིག་རྒྱུ་ལྟར་བསམ་མོ། །གཞན་ཡང་རྣམ་པར་རྟོག་པ་ཐམས་ཅད་སེམས་ཀྱི་རྩལ་དང་སེམས་ཉིད་གདོད་མ་ནས་ངོ་བོ་ཉིད་མེད་པའི་རིག་སྟོང་ཙམ་དུ་ངེས་པར་བྱས་ལ་རྟོག་སྣང་ཐམས་ཅད་རང་བཞིན་མེད་པའི་སྟོང་འགྱུ་སྟོང་སྣང་ཙམ་དུ་བལྟའོ། །དེ་ནས་དགའ་མི་དགའ་སྒྱུ་མར་སྦྱང་བ་ལྟར་རྙེད་མ་རྙེད་དང་གྲགས་མ་གྲགས་དང་བདེ་སྡུག་རྣམས་ཀྱང་སྒྱུ་མ་ལྟ་བུར་གཏན་ལ་ཕབ་ནས་ཆོས་བརྒྱད་མགོ་སྙོམས་ཏེ་དེ་སྲིད་དུ་བསྒོམ་ཞིང་། དབེན་པར་ཆོས་བརྒྱད་མགོ་སྙོམས་པ་ན་མང་པོའ་འདུན་སར་ཕྱིན་ཏེ་རྐྱེན་དང་བསྲེས་པས་དགའ་མི་དགའ་སོགས་འདུག་ན་སླར་ཡང་བསྒོམ་པར་བྱའོ། །ཁ་ཅིག་སྐབས་འདིར་སྒྱུ་མར་སྦྱང་བ་ལྟར། སེམས་ཅན་གཞན་གྱི་ལུས་ངག་ཡིད་གསུམ་ཡང་སྦྱར་བར་བྱེད་པ་ནི། མཉམ་བཞག་ཏུ་སྣོད་བཅུད་ཐམས་ཅད་རང་སེམས་སུ་ངེས་པར་བྱས་ཏེ་སེམས་ཉིད་སྒྱུ་མར་སྦྱང་བའི་ཁོངས་སུ་གཏོགས་ལ། རྗེས་ཤེས་ལ་སོགས་པར་རང་སེམས་ལས་རྒྱུད་གཞན་དུ་སྣོད་བཅུད་ཀྱི་སྣང་བ་འཆར་བའི་ཚེ་ཡུལ་
༢༨༣སྣང་སྒྱུ་མར་བསྒོམ་པ་དང་། སེམས་ཅན་གཞན་གྱི་ཡང་ལུས་གཟུགས་བརྙན་ངག་བྲག་ཆ་ཡིད་སྨིག་རྒྱུ་ལྟར་རྩལ་བཏོན་ནས་བསྒོམས་ན་ནི་དགོས་པ་ཆེའོ། །ཁ་ཅིག་དག་མ་དག་གི་སྒྱུ་ལུས་སྒོམ་པའི་སྐབས་སུ་མེ་ལོང་གི་གཟུགས་བརྙན་ལ་བལྟ་བ་དང་། གཟུགས་བརྙན་རང་ལ་སྦྱར་ཏེ་བསྒོམ་པའི་ཚུལ་ལ་ཡིད་མི་བརྟེན་པ་ནི། འདི་ཉིད་ཀྱི་ཐུན་མོང་མིན་པའི་དགོས་པ་མ་རིག་པར་མཁས་གྲུབ་མང་པོའ་ཕྱག་བཞེས་ཁྱད་དུ་བསད་པའོ། །གཉིས་པ་དག་པའི་སྒྱུ་ལུས་བསྒོམ་པ་ལ་གཉིས། ལྷ་སྐུའི་སྣང་ཆ་བརྟན་པོ་སྒྲུབ་པ་དང་། དེ་ཉིད་སྒྱུ་མ་ལྟ་བུར་བསྒོམ་པའི་ཚུལ་ལོ། །དང་པོ་ནི། རྫོགས་རིམ་ལ་འཇུག་པའི་སྔོན་དུ་བསྐྱེད་རིམ་གསལ་ཞིང་བརྟན་པ་དགོས་པ་དང་། གཏུམ་མོ་སྒོམ་པ་ལའང་ལྷའི་དམིགས་པ་གསལ་བར་དགོས་པ་སོགས་ལ་དགོངས་ནས། ཁྲིད་རིམ་ཕལ་ཆེར་དུ་སྐབས་འདིར་ལྷ་སྐུ་སྒྱུ་མ་ལྟ་བུར་སྒོམ་པའི་ཚུལ་མདོར་བསྡུས་ཙམ་ལས་མི་འབྱུང་ཞིང་། དེང་སང་གི་སྒྲུབ་པ་པོ་དག་ནི་རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་ལ་རྩལ་བཏོན་ནས་བསྒོམ་པ་དཀོན་པར་སྣང་ལ། སྒྱུ་མ་ལྟ་བུའི་ལྷ་སྒོམ་པ་ནི་བསྐྱེད་རྫོགས་ཀྱི་ལམ་མང་པོའ་གཞི་ཡིན་པར་མ་ཟད། སྐབས་འདིར་རྩལ་དུ་ཕྱུང་ལ་བསྒོམ་པ་ནི་བར་དོ་ལོངས་སྐུར་ལྡང་བའི་ཐབས་ཀྱི་དངོས་གཞི་ཡིན་པ་དང་། འདི་ལ་ངེས་པ་མ་ཐོན་ན་རྨི་ལམ་གྱི་གདམས་པའི་སྐབས་སུའང་ལྷའི་སྐུར་སྤྲུལ་པ་སོགས་ཀྱི་རྩལ་ནི་མི་ཐོན་པས་ལྷ་སྐུ་སྒྱུ་མའི་སྒོམ་རིམ་ཞིབ་ཆར་བརྗོད་ན་ལེགས་པར་མཐོང་ངོ་། །དེ་ལ་དང་པོར་ལྷ་སྐུའི་རྣམ་པ་གསལ་སྣང་བཏོན་ནས་དེ་ལ་རྐྱེན་མཐའ་དག་གིས་མི་གནོད་པའི་གནས་ཆ་སྒྲུབ་དགོས་པ་ལས། དང་པོར་གསལ་སྣང་འདོན་པ་ནི། རི་མོ་མཁན་མཁས་པས་བྲིས་པའི་ཡི་དམ་གྱི་སྐུ་འགྱིང་ལོག་ཞིག་གི་གཟུགས་བརྙན་མེ་ལོང་ཤིན་ཏུ་དྭངས་པ་ཞིག་གི་ངོས་སུ་འཆར་བར་བྱས་ཏེ་དེ་ལ་བལྟ། འགྱིང་ལོག་མེད་ན་ཇི་ལྟ་བའི་བྲིས་
༢༨༤སྐུ་མེ་ལོང་དུ་འཆར་བར་བྱས་པའི་གཟུགས་བརྙན་སླར་མེ་ལོང་གཞན་ཞིག་ལ་འཆར་བར་བྱས་ཏེ་དེ་ལ་བལྟ། དེ་ཡང་མ་གྲུབ་ན་རས་བྲིས་ཉིད་ལ་བལྟ་ཞིང་། དེ་ལ་དང་པོར་སྐུ་ཡོངས་རྫོགས་ཀྱི་རྣམ་པ་ལམ་མེར་བལྟས་ནས་དེ་ཡིད་ལ་གསལ་བར་འཆར་བར་བྱ་སྟེ། དཔེར་ན་ཡུན་རིང་མོར་མཐོང་བའི་མིའི་བྱད་གཟུགས་ཀྱི་དབྱིབས་ཡིད་ངོར་གསལ་བ་དེར་ལྟར་རོ། །དེ་ནས་རིམ་གྱིས་དབུ་དང་དེའི་ཆ་ཤས་ཀྱི་སྤྱན་དང་ཞལ་ལ་སོགས་པ་ཞིབ་ཏུ་བལྟས་ལ་དེའི་གསལ་སྣང་འདོན། དེ་བཞིན་དུ་སྐུའི་འགྱིང་དང་ཕྱག་ཞབས་ལ་སོགས་པ་དང་། དེ་ནས་ཡུམ་གྱི་གསལ་སྣང་ཡང་དེ་བཞིན་དུ་འདོན་ནོ། །གལ་ཏེ་འགའ་ཞིག་ལ་ཐོག་མ་ཉིད་ནས་རྣམ་པ་ཡོངས་རྫོགས་གསལ་མ་ནུས་ན་སྐུའི་མགྲིན་པ་ཡན་ཙམ་བལྟས་ལ་ཡིད་ངོར་ལམ་གྱིས་འཆར་བར་བྱ། དེ་བཞིན་དུ་རིམ་པས་ཕྱག་དང་ཞབས་ལ་སོགས་པ་དང་པོར་རྣམ་པ་ལམ་མེ་བ་འཆར་བ་བྱས་ལ། དེ་ནས་བྱེ་བྲག་པའི་གསལ་སྣང་རེ་རེ་ནས་འདོན་ནོ། །དེ་ཡང་མདུན་དུ་ལྷ་དེའི་གསལ་སྣང་ཐོན་ངེས་པ་བྱུང་ན་དེ་ནས་རང་དེ་འདྲའི་རྣམ་པར་བསྒོམ་པ་སླ་སྟེ། དཔེར་ན་གར་མཁན་གྱི་རྣམ་འགྱུར་ཡིད་ལ་བརྟན་པ་ན་རང་ལ་དེའི་འགྱུར་བ་འཆར་བ་ལྟར་རོ། །འོན་ཀྱང་བྱེ་བྲག་པའི་གསལ་སྣང་རྣམས་རིམ་གྱིས་བསྒྲུབས་ཏེ་རང་ལྷའི་རྣམ་པར་གསལ་སྣང་འདོན་ཞིང་། དེ་ཡང་གཙུབས་ཤིང་གཙུབས་ནས་མེ་འབྱུང་བར་བྱེད་པའི་ཚུལ་ལྟར་འདོད་པ་བཞིན་གྱི་གསལ་སྣང་མ་ཐོན་བར་དུ་འདུན་པ་དྲག་པོས་ཐུན་མ་ཆག་པར་བསྒོམ་དགོས་སོ། །དེ་ལྟར་བསྒོམས་པས་རབ་བྲིས་སྐུ་བས་རྣམ་པ་གསལ་བ་འབྲིང་བྲིས་སྐུ་དང་མཉམ་པ་ཐ་མ་བྲིས་སྐུ་ལས་ཅུང་མི་གསལ་ཙམ་གྱི་རྣམ་པ་འཆར་བར་འབྱུང་ངོ་། །འདིའི་མན་ངག་ཏུ་རྡོ་རྗེ་སེམས་དཔའ་བསྒོམ་པར་བཤད་པའི་ཚིག་ཟིན་ལ་བརྟེན་ནས་ཁ་ཅིག་འདིར་རྡོར་སེམས་དཀར་པོ་ཁོ་ན་བསྒོམ་པར་འཆད་པ་ནི་སྐབས་མ་ཕྱེད་པ་སྟེ། རྡོར་སེམས་ནི་མཚོན་བྱེད་ཙམ་
༢༨༥ཡིན་པས་འདིར་རང་གི་ཡི་དམ་གང་ཡིན་དེ་བསྒོམ་དགོས་ཤིང་། ཡི་དམ་དེ་ཡབ་ཡུམ་དང་བཅས་པ་ཞིག་བསྒོམས་པ་གནད་ཆེ་བ་ཡིན་ནོ། །དེ་ནས་གནས་བསྒྲུབ་པ་ནི། ལུས་གནད་ཆོས་བདུན་དང་ཁྱད་པར་ལྟ་སྟངས་སྣ་རྩེའི་ཐད་དུ་མི་གཡོ་བར་བྱས་ལ། ལྷའི་རྣམ་པ་ཡོངས་རྫོགས་གསལ་བཏབ་སྟེ་དེའི་གཙུག་ཏོར་ནས་གདན་གྱི་བར་ལ་སེམས་ཀྱི་རྟེན་བཅའ། དེ་ལས་གཞན་དུ་སེམས་སྐད་ཅིག་ཀྱང་མ་ཡེངས་པར་བྱ་ཞིང་གལ་ཏེ་ཡོངས་ན་སྔར་ཡང་མ་ཡེངས་པར་བསྒོམ་མོ། །དེ་ཡང་དང་པོར་རྣམ་པ་ལམ་མེ་བ་ལ་སེམས་མི་བརྟན་བར་དུ་ཧ་ཅང་བསྒྲིམ་པ་དང་བྱེ་བྲག་པའི་གསལ་སྣང་ཆེར་བསྐྱེད་ན་འགའ་ཞིག་ལ་སེམས་རྒོད་དུ་སོང་ནས་གནས་པའི་གེགས་སུ་འགྱུར་བས་སེམས་ཁོང་ལྷོད་པར་བྱ་ཞིང་། ཡང་ཧ་ཅང་གློད་ཆེས་ན་བྱིང་ནས་སེམས་བརྟན་ཡང་ལྷའི་སྐུ་སྣང་ཆ་འགགས་པའམ་མི་གསལ་བ་འབྱུང་བས་དེའི་ཚེ་སེམས་ཅུང་ཟད་ངར་བསྐྱེད་ནས་གསལ་སྣང་འདོན་ཏེ། དེ་ལྟར་བྱིང་རྒོད་ཀྱི་སྐྱོན་སེལ་ཤེས་དགོས་སོ། །དེ་ནས་རྣམ་པ་ལམ་མེ་བ་ལ་སེམས་བརྟན་ན་བྱེ་བྲག་པའི་གསལ་སྣང་ཇེ་ཆེར་བསྐྱེད་དེ་གནས་པ་བསྒྲུབས་ལ། དེ་དག་གསལ་ཞིང་བརྟན་པ་ན་བསྒྲིམ་གློད་སྣ་ཚོགས་བྱས་ཏེ་སྦྱང་ཞིང་སྤྱོད་ལམ་རྣམས་དང་རྐྱེན་ཕྲ་རགས་ལ་བསྲེས་ཏེ་བརྟན་པ་ཐོབ་པར་བྱེད་དོ། །གཉིས་པ་ནི། དེ་ལྟར་ལྷའི་རྣམ་པ་གསལ་ཞིང་བརྟན་པ་ན་དེ་ཉིད་ལྷག་མཐོང་གི་ལྟ་བས་ཟིན་པར་བྱས་ནས་བསྒོམ་དགོས་ཏེ། ལྟ་བས་མ་ཟིན་ན་སྒྱུ་མ་ལྟ་བུར་བློས་བཅོས་པ་ཙམ་ལས་ཇི་ལྟ་བའི་སྒྱུ་མ་ལྟ་བུའི་སྐུར་མི་འགྱུར་ཞིང་། དེས་འཇིག་རྟེན་པའི་དངོས་གྲུབ་ཙམ་མ་གཏོགས་མཆོག་གི་དངོས་གྲུབ་ཐོབ་པར་ཡང་མ་བཤད་དོ། །ལྟ་བས་ཟིན་པར་བྱེད་པ་ནི། ལྟ་བ་ཁྱད་པར་ཅན་མངོན་དུ་གྱུར་པ་དག་ལ་ལྷའི་སྐུར་སྣང་ཙམ་ཉིད་ནས་ངོས་བཟུང་མེད་པའི་སྣང་སྟོང་རང་རིག་ཏུ་འཆར་བས་གསར་དུ་ལྟ་བ་བསྐྱེད་
༢༨༦མི་དགོས་ལ། གཞན་ནི་ལྷའི་སྐུར་སྣང་བའི་སྣང་ཆ་མ་འགགས་པར་དེ་ཉིད་ཀྱི་ངོ་བོ་ངོས་བཟུང་མེད་ཅིང་རང་རིག་པ་སྣང་སྟོང་དབྱེར་མེད་དུ་བསྒོམ་པ་ཡིན་ཏེ། སྣང་བ་ལྷན་སྐྱེས་གཏན་ལ་ཕབ་པའི་ཚེ་སྣང་བ་མཐའ་དག་སྣང་ཆ་མ་འགགས་པར་སྣང་བཞིན་དུ་ངོས་བཟུང་མེད་པ་སྣང་སྟོང་རང་རིག་ཏུ་ངོ་སྤྲད་པ་ལྟར་རོ། །དེ་ཡང་མཉམ་བཞག་ཏུ་ལྷ་སྐུ་སྣང་སྟོང་དེ་ཉིད་རང་རིག་གི་དྲན་པས་སྐད་ཅིག་ཀྱང་མ་ཡེངས་པར་སྐྱོང་ཞིང་། རྗེས་ཤེས་དང་རྗེས་སྣང་དུ་དེའི་དྲན་པ་རྒྱུན་ཆགས་སུ་བྱས་ནས་རེ་ཞིག་ལྷ་སྐུ་སྒྱུ་མའི་འཛིན་སྟངས་དང་མ་བྲལ་བ་ལ་བསླབ་བོ། །གལ་ཏེ་གནས་ལུགས་སྟོང་ཉིད་ཀྱི་ལྟ་བ་ཇི་ལྟ་བ་མེད་ན་མེ་ལོང་གི་གཟུགས་བརྙན་ལྟར་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བློས་གཞིགས་ནས་བསྒོམ་པར་བྱ་དགོས་སོ། །ལྷ་སྐུ་སྣང་སྟོང་ཟུང་འཇུག་དེ་ཉིད་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་ཚུལ་ནི། བདེན་པར་མ་གྲུབ་ཀྱང་སྣང་ཆ་ཙམ་དུ་ཡན་ལག་དང་ཉིང་ལག་སོགས་ཚང་བ་སྒྱུ་མའི་མི་ལྟ་བུ། གཅིག་གིས་གང་དུའང་ཁྱབ་པ་ནམ་མཁའི་ཟླ་བ་ཆུ་ནང་མཐའ་དག་ཏུ་འཆར་བ་ལྟ་བུ། ཤ་རུས་ལ་སོགས་པ་གདོས་བཅས་སུ་མ་གྲུབ་པ་མིག་ཡོར་ཏེ་གྲིབ་མ་ལྟ་བུ། སྐད་ཅིག་གིས་གཡོ་བ་སྨིག་རྒྱུ་ལྟ་བུ། སེམས་ཙམ་ལས་གྲུབ་པ་རྨི་ལམ་གྱི་ལུས་ལྟ་བུ། རྒྱུ་རྐྱེན་ལས་སྐྱེས་པ་བྲག་ཆ་ལྟ་བུ། སྣང་ཡང་ངེས་པ་མེད་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ། གཅིག་ལས་དུ་མར་སྣང་ནུས་པ་སྤྲིན་ནམ་མིག་འཕྲུལ་ལྟ་བུ། ཁ་དོག་གསལ་ཞིང་ཐོགས་པ་མེད་པ་འཇའ་ཚོན་ལྟ་བུ། མི་རྟག་ཅིང་མྱུར་བ་གློག་ལྟ་བུ། སྐད་ཅིག་གིས་ལྡང་བ་ཆུ་བུར་ལྟ་བུ། སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུའོ། ༈ །གསུམ་པ་བརྟན་པ་བོགས་དབྱུང་བ་ལ་གཉིས། ལྷ་སྐུ་སྒྱུ་མའི་རྩལ་སྦྱང་བ་དང་། འོད་གསལ་དུ་འཇུག་ལྡང་བྱ་བའོ། །དང་པོ་ནི། སྒྱུ་མ་ལྟ་བུའི་ལྷ་སྐུ་དེ་ཉིད་ལ་སེམས་བརྟན་པ་ཆེར་ཐེབ་པ་ན། ལྷ་སྐུ་དེ་ཉིད་ཇེ་ཆེར་བསྐྱེད་དེ་འཇིག་རྟེན་གྱི་ཁམས་གང་བ་
༢༨༧ཙམ་གྱི་སྐུ་ཆེ་བ་ལ་མཉམ་པར་བཞག་པ་དང་། ཇེ་ཆུང་དུ་བསྡུས་ཏེ་ཉུང་འབྲུ་ཙམ་ལ་མཉམ་པར་བཞག་པ་དང་། གཅིག་ལས་གཉིས་གཉིས་ལས་བཞི་སོགས་འཇིག་རྟེན་ཁམས་ཀྱི་རྡུལ་གྱི་གྲངས་དང་མཉམ་པ་ཙམ་དུ་སྤྲོ་བ་དང་། ཡང་དེ་དག་རིམ་བཞིན་རྩ་བའི་ལྷ་སྐུར་བསྡུ་བ་སོགས་ལ་མཉམ་པར་བཞག་ཅིང་། རྗེས་ཤེས་དང་རྗེས་སྣང་ཐམས་ཅད་དུ་སྣོད་ཀྱི་འཇིག་རྟེན་རྣམས་དང་ཁྱད་པར་དུ་རང་གི་དབང་ཤེས་དང་ཡིད་ངོར་སྣང་བའི་རི་དང་ཁང་ཁྱིམ་ལ་སོགས་པ་གཞལ་ཡས་ཁང་དུ་སྦྱང་བ་དང་། བཅུད་ཀྱི་སེམས་ཅན་རྣམས་དང་ཁྱད་པར་དབང་ཤེས་དང་ཡིད་ངོར་སྣང་བའི་སེམས་ཅན་ཐམས་ཅད་འཁོར་གྱི་ལྷར་གསལ་བཏབ་སྟེ་སྦྱང་། གཞན་ཡང་གཟུགས་སྣང་ལྷ་སྐུ་སྣང་སྔགས་དྲན་རྟོག་ཆོས་ཉིད་འདོད་ཡོན་མཆོད་རྫས་སུ་བལྟ་ཞིང་ཐ་མལ་གྱི་སྣང་བ་ཐམས་ཅད་སྦྱང་བར་བྱའོ། །དེ་དག་ཀྱང་སྣང་ལ་ངོས་བཟུང་མེད་པ་རང་རིག་གི་ལྟ་བས་ཟིན་པར་བྱ་བ་དང་སྒྱུ་མའི་དཔེས་མཚོན་ཚུལ་སྔར་ལྟར་རོ། །གཉིས་པ་ནི། ཁྲིད་རིམ་ཕལ་ཆེར་དུ་སྐབས་འདིར་ལྷ་སྐུ་འོད་གསལ་དུ་འཇུག་པ་དང་དེ་ལས་སྒྱུ་མ་ལྟ་བུར་ལྡང་བའི་ཚུལ་ཞིབ་ཏུ་མི་འབྱུང་བ་ནི། རྨི་ལམ་སྒྱུ་མའི་སྐབས་སུ་གཉིད་ཀྱི་འོད་གསལ་གྱི་མཐར་འབྱུང་བའི་རླུང་སེམས་ཙམ་གྱི་རྨི་ལམ་གྱི་ལུས་ལྷ་སྐུ་སྒྱུ་མར་སྦྱང་བ་ལ་སོགས་པའི་ཚུལ་སྦྱང་གཞི་དང་མཚུངས་པར་འབྱུང་བ་ལ་དགོངས་པ་འདྲ་ཡང་འདིར་ལྷ་སྐུ་སྒྱུ་མ་བསྒོམ་པའི་དགོས་པའི་གཙོ་བོ་ནི་རང་བཞིན་གྱི་འོད་གསལ་ལས་བར་དོ་འཆར་བའི་ཚེ་ལྷའི་སྐུར་ལྡང་བའི་ཆེད་ཡིན་པས་དེ་དང་ཚུལ་མཐུན་པར་འཇུག་ལྡང་ལ་སྦྱང་བ་ལེགས་པར་མཐོང་ངོ་། །དེ་ལ་རླུང་དབུ་མར་ཐིམ་པ་ལས་སྟོང་པ་བཞི་དྲངས་ཏེ་དེ་ལས་རླུང་སེམས་ཙམ་གྱི་སྒྱུ་མའི་སྐུར་ལྡང་བའམ། རླུང་དབུ་མར་ཐིམ་པའི་དགའ་བཞི་དྲངས་ཏེ་ལྷན་སྐྱེས་ལས་སྒྱུ་མའི་སྐུར་ལྡང་བ་ཞིག་དགོས་པར་བཤད་ལ། དེའི་སྔ་མས་ནི་རང་ལྷ་སྐུ་སྒྱུ་མའི་སྙིང་གའི་རྩ་འདབ་ཀྱི་དབུས་སུ་རླུང་སེམས་ཙམ་གྱི་
༢༨༨ངོ་བོ་ཧཱུྃ་སྔོན་པོ་འོད་ཟེར་ལྔ་འཕྲོ་བ་ཞིག་བསམ། དེ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་རླུང་ཁ་སྦྱོར་ཅི་རིགས་བསྒོམ་ཏེ་རླུང་དབུ་མར་ཐིམ་པར་བྱས་པ་ལ། །དུ་བ་ལ་སོགས་པའི་རྟགས་རྣམས་དང་སྣང་བ་མཆེད་པ་ཉེར་ཐོབ་འོད་གསལ་རྣམས་རིམ་པས་བསྐྱེད། ལྷ་སྐུ་ཧཱུྃ་དང་བཅས་པའང་རིམ་གྱིས་འོད་གསལ་དུ་བསྡུས་ནས་འོད་གསལ་ལ་ཅི་ནུས་མཉམ་པར་བཞག་ཅིང་། དེ་ལས་རླུང་སེམས་ཙམ་གྱི་སྒྱུ་མའི་སྐུར་སྐད་ཅིག་གིས་ལྡང་ངོ་། །ཕྱི་མས་ནི་ལྷ་སྐུ་ཧཱུྃ་དང་བཅས་པ་དམིགས་ཏེ་རླུང་སྦྱོར་སོགས་ཀྱིས་རླུང་དབུ་མར་ཐིམ་པའི་དགའ་བཞི་བསྐྱེད་ལ། རིམ་པས་ལྷ་སྐུ་ཧཱུྃ་དང་བཅས་པའང་འོད་གསལ་དུ་བསྡུས་ནས་ལྷན་སྐྱེས་ལ་ཅི་ནུས་མཉམ་པར་བཞག །དེ་ལས་རླུང་སེམས་ཙམ་གྱི་སྒྱུ་མའི་སྐུར་ལྡང་བ་ཡིན་ནོ། །དེ་ལྟར་མི་ནུས་པས་ཀྱང་འཇུག་ལྡང་བྱ་ཚུལ་ལ་བསམ་གཏན་གཉིས་བཤད་པའི་རིལ་འཛིན་ནི། ལྷ་སྐུ་ཧཱུྃ་དང་བཅས་པ་བསྒོམ་ཏེ་ཧཱུྃ་ལ་རིག་པ་རྩེ་གཅིག་ཏུ་གཏད་པའི་རླུང་ཁ་སྦྱོར་ཅི་རིགས་བཟུང་། དེ་ནས་མེ་ལོང་ལ་ཧ་བཏབ་པ་བཞིན་དུ་ལུས་མགོ་མཇུག་ཐམས་ཅད་ཧཱུྃ་ལ་བསྡུ། ཧཱུྃ་ཡང་ནཱ་དའི་བར་དུ་བསྡུ། ནཱ་ད་ཡང་མི་དམིགས་པའི་ངང་དུ་དེའི་ཐད་ཀར་སེམས་རྩེ་གཅིག་ཏུ་གཏད་དེ་རླུང་ཁ་སྦྱོར་མང་དུ་བཟུང་ངོ་། །རྗེས་གཞིག་ནི་གཞན་དེ་བཞིན་ལས་སྣོད་ཀྱི་འཇིག་རྟེན་རྣམས་འོད་དུ་ཞུ་ནས་བཅུད་ཀྱི་སེམས་ཅན་ལ་བསྡུ། དེ་འོད་དུ་ཞུ་ནས་རང་ལ་བསྡུ། རང་ཧཱུྃ་ལ་བསྡུ་བ་སོགས་གོང་བཞིན་ཏེ་བསམ་གཏན་གཉིས་གང་མོས་བྱའོ། །དེ་ནས་རྟོག་མེད་ཀྱི་འོད་གསལ་དེ་ལས་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུ་སྒྱུ་མ་ལྟ་བུར་སྐད་ཅིག་གིས་ལངས་ཏེ་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ཅིང་རླུང་སྦྱོར་བྱ། ཡང་སྔར་བཞིན་འོད་གསལ་དུ་འཇུག་ཅིང་ལྡང་བ་ལ་བསླབ་པར་བྱའོ། །ཐམས་ཅད་འོད་གསལ་དུ་བསྡུས་ནས་རླུང་སེམས་ཙམ་ལས་སྒྱུ་མའི་སྐུར་ལྡང་བ་ནི་སྒྱུ་ལུས་ཀྱི་མཐིལ་པོ་ཡིན་པར་བཤད་ཅིང་། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་
༢༨༩ཚུལ་སྔར་བཤད་པ་དང་ཕྱོགས་མཐུན་ནོ། ༈ །བཞི་པ་ངོ་སྤྲད་དེ་ཉམས་མྱོང་བསྐྱང་ཚུལ་ནི། སྤྱིར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ཡིན་ཀྱང་གཟུང་འཛིན་འཁྲུལ་པའི་རྣམ་པར་རྟོག་པ་ལ་ཨ་འཐས་སུ་སྣང་བ་ལས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཟུང་འཛིན་གྱི་འཁྲུལ་པ་སྦྱངས་པས། ཆོས་ཐམས་ཅད་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་མངོན་སུམ་དུ་རྟོགས་པ་ཤར་བ་ནི་ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་རིག་པ་ཡིན་ནོ། །དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མའི་རང་གཟུགས་ཅན་ཏེ་སྤྱི་དོན་གྱི་སྒྱུ་ལུས་སུ་བཞེད་དོ། །བྱེ་བྲག་ཏུ་ལྷ་སྐུ་སྒྱུ་མ་ལ་རགས་པ་གནས་སྐབས་པའི་ལུས་ཞེས་བྱ་བ་རྣམ་སྨིན་གྱི་ལུས་འདི་ཉིད་ལྷའི་རང་བཞིན་དུ་རྣམ་པར་དག་ཀྱང་འཁྲུལ་སྣང་ཐ་མལ་དུ་ཞེན་པ་ལས། ལྷ་སྐུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཐ་མལ་པའི་སྣང་ཞེན་སྦྱངས་པས་ལྷ་སྐུ་སྣང་སྟོང་ཟུང་འཇུག་གི་ཉམས་མྱོང་འཆར་ཞིང་། རྩ་རླུང་ཐིག་ལེ་སྒྲིབ་བྲལ་དུ་དག་པ་ན་འཇའ་ལུས་སྒྱུ་མ་ལྟ་བུའི་སྐུར་འགྱུར་བས། ལུས་ལྷ་སྐུ་སྣང་སྟོང་དབྱེར་མེད་དུ་སྒོམ་པ་ནི་སྒྱུ་ལུས་ཀྱི་རྩ་བ་ལྟ་བུར་བཞེད་ལ། ཕྲ་བ་གཉུག་མའི་ལུས་ཞེས་བྱ་བ་ད་ལྟ་རྣམ་སྨིན་གྱི་ལུས་ལ་བརྟེན་པའི་རླུང་སེམས་དབྱེར་མེད་ཀྱི་ལུས་འདི་ཉིད་མི་ཤིགས་པ་རྡོ་རྗེ་ལྟ་བུ་ཡིན་ཀྱང་མ་རིག་པའི་ལས་ཉོན་གྱི་རྗེས་སུ་འགྲོ་བ་ལས། འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ལས་ཉོན་སྦྱངས་ཏེ་སྒྱུ་མའི་སྐུར་བསྐྱེད་པས་དྲི་བྲལ་སྒྱུ་མའི་ལོངས་སྐུར་འགྱུར་བས་ན། འོད་གསལ་ལས་རླུང་སེམས་ཙམ་གྱི་སྒྱུ་མའི་སྐུར་བཞེངས་པ་ནི་སྒྱུ་ལུས་ཀྱི་མཐིལ་པོ་ཡིན་པར་བཞེད་དོ། །དེ་ལ་ཡུལ་སྣང་དང་ཐ་མལ་གྱི་ལུས་ངག་ཡིད་གསུམ་སྒྱུ་མར་སྦྱང་བ་ནི་སྤྱི་དོན་གྱི་སྒྱུ་ལུས་དང་། ལྷ་སྐུ་སྒྱུ་མ་ལྟ་བུ་བསྒོམ་པ་ནི་ཁྱད་པར་གྱི་སྒྱུ་ལུས་ཡིན་ལ། འོད་གསལ་སྤྱི་མཐར་རླུང་སེམས་ཙམ་ལས་སྒྱུ་མ་ལྟ་བུའི་
༢༩༠ལྷ་སྐུར་ལྡང་བ་ནི་དེའི་ཡང་སྦས་དོན་གྱི་སྒྱུ་ལུས་སུ་བཞེད་དོ། །སྒྱུ་ལུས་ཀྱི་གདམས་པ་རྫོགས་ནས་ཡུན་དུ་ཉམས་མྱོང་བསྐྱང་ཚུལ་ནི། འགའ་ཞིག་གིས་མཉམ་བཞག་ཏུ་དག་པའི་སྒྱུ་ལུས་དང་རྗེས་སྣང་དུ་སྣོད་བཅུད་ཀྱི་ཡུལ་སྣང་སྒྱུ་མར་སྦྱང་བ་ལ་བསླབ་པར་བཤད་ཀྱང་། དང་པོར་སྣོད་བཅུད་ཀྱི་ཡུལ་སྣང་སྒྱུ་མར་སྦྱངས་པ་ལས་ཆོས་བརྒྱད་མགོ་སྙོམས་པ་དང་ཡུལ་སྣང་ལ་སྒྱུ་མ་ལྟ་བུའི་ཉམས་མྱོང་ཐོབ་པར་བྱ་དགོས་ལ། དེ་ནས་ནི་མཉམ་བཞག་ཏུ་ལྷ་སྐུ་སྒྱུ་མ་ལྟ་བུ་བསྒོམ་པ་དང་དེའི་སྤྲོ་བསྡུ་དང་འོད་གསལ་དུ་འཇུག་ཅིང་ལྡང་བའི་ཚུལ་ལ་སྦྱང་ཞིང་། རྗེས་ཤེས་དང་རྗེས་སྣང་རྣམས་སུ་སྣོད་བཅུད་སོགས་ཀྱི་སྣང་བ་འཆར་བའི་ཚེ་དེ་དག་གཞལ་ཡས་ཁང་དང་ལྷར་སྦྱང་བ་ལ་སོགས་པ་བྱའོ། །སྒྱུ་ལུས་བསྒོམ་པ་ནི་ཐུན་སྟོད་ལ་སྔར་བཤད་པ་ལྟར་གཏུམ་མོ་བསྒོམ་པ་ཡིན་ཀྱང་དེ་ཉིད་སྒྱུ་མ་ལྟ་བུར་བསྒོམས་པས་ལྷ་སྐུ་སྒྱུ་མའི་ཕྲ་ཐིག་གི་རྣལ་འབྱོར་དུ་འགྱུར་ལ། དེ་ནས་ལྷ་སྐུ་སྒྱུ་མ་ལྟ་བུའི་མཉམ་བཞག་དང་སྤྲོ་བསྡུ་དང་འཇུག་ལྡང་ལ་སོགས་པའི་སྐབས་སུའང་འཇམ་རླུང་གི་སྦྱོར་བ་དང་བཅས་ནས་བསྒོམ་པ་ལེགས་པ་ཡིན་ནོ། །དེ་ལྟར་བསྒོམས་པས་དང་པོར་སྣང་བ་ཐམས་ཅད་བདེན་མེད་ཀྱི་ཉམས་མྱོང་འཆར། དེ་ནས་རྟོགས་པ་མངོན་དུ་གྱུར་ཏེ་མེ་ཆུ་དུག་མཚོན་དང་གཡང་ས་ལ་སོགས་པས་མི་གནོད་པ་འབྱུང་ཞིང་། ཕྲིན་ལས་བཞི་དང་གྲུབ་ཆེན་བརྒྱད་ལ་སོགས་པའི་ཐུན་མོང་གི་དངོས་གྲུབ་དང་། ཚེ་འདི་ཉིད་དམ་བར་དོར་སྒྱུ་མའི་སྐུ་བརྙེས་པ་སོགས་མཆོག་གི་དངོས་གྲུབ་ཐོབ་པར་བཤད་དོ། ༈ །གསུམ་པ་ལམ་གྱི་དྲོད་ཚད་རྨི་ལམ་གྱི་གདམས་པ་ལ་བཞི། མ་ཟིན་པ་ཟིན་པར་བྱེད་པ། ཟིན་པ་མ་ཟིན་པར་བྱེད་པ། བརྟན་པ་བོགས་དབྱུང་བ། ངོ་སྤྲད་དེ་ཉམས་མྱོང་བསྐྱང་ཚུལ་ལོ། །དང་པོ་ལ་བཞི། རྨི་ལམ་འཛིན་པའི་སྔོན་འགྲོ། རྨི་ལམ་ཟིན་པའི་ཐབས། རྨི་ལམ་འཛིན་པ་དངོས། མ་གྲུབ་ན་སྤོགས་པའི་
༢༩༡ཚུལ་ལོ། །དང་པོ་ནི། རྨི་ལམ་མི་ཟིན་པའི་རྒྱུ་སྤང་ཞིང་ཟིན་པའི་རྒྱུ་སྒྲུབ་དགོས་ཏེ། དེ་ལ་དམ་ཚིག་ཉམས་ཆགས་ཕོག་ན་མི་ཟིན་པས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱིས་བཤགས་པ་བྱ། བླ་མ་ལ་དབང་ཞུ་བ་དང་རང་ཉིད་དབང་བླང་བ་སོགས་ཀྱིས་དམ་ཚིག་གསོ། བླ་མ་དང་གསང་སྔགས་ལ་མོས་གུས་ཆུང་ན་མི་ཟིན་པས་བླ་མ་ལ་མོས་གུས་དྲག་ཏུ་བྱ་ཞིང་མཎྜལ་དབུལ། ཡི་དམ་ལ་མཆོད་པ་དང་ཚོགས་འཁོར་བྱ། བཀའ་སྡོད་ལ་གཏོར་མ་ཕུལ། དེ་དག་ལ་རྨི་ལམ་གྱི་དགེ་སྦྱོར་རྣམས་རྒྱུད་ལ་སྐྱེ་བ་དང་དེའི་མཐུན་རྐྱེན་སྒྲུབ་ཅིང་འགལ་རྐྱེན་ཞི་བར་གསོལ་བ་གདབ། དངོས་པོ་ལ་མངོན་ཞེན་ཆེས་ན་མི་ཟིན་པས་ཡོ་བྱད་རྣམས་སྤོང་དག་ཏུ་བཏང་ཞིང་ཚེ་འདིའི་འཁྲི་བ་བཅད་དེ་གང་ལའང་ཆགས་ཞེན་མེད་པར་བྱ། གྲིབ་ཕོག་པ་དང་བྱང་སེམས་ཉམས་ན་མི་ཟིན་པས་གནས་དང་གྲོགས་དང་ཟས་དང་གོས་ལ་སོགས་པ་མི་གཙང་བ་སྤང་། རང་དང་ཡོ་བྱད་སོགས་ལ་གྲིབ་སེལ་བྱས་ཏེ་གཙང་སྦྲ་བྱ་ཞིང་བྱང་སེམས་མ་ཉམས་པར་བསྲུང་ངོ་། །གཞན་ཡང་རྣམ་གཡེང་ཆེ་བ་དང་འདུན་པ་ཞན་ནའང་མི་ཟིན་པས་ཤིན་ཏུ་དབེན་པའི་གནས་ལུང་སྟོང་ལ་སོགས་པར་མཚམས་དམ་དུ་བསྡམ་ཞིང་བྱ་བྱེད་སོགས་ཀྱི་སྣང་ཤས་སྤང་། སྣོད་བཅུད་ལ་སོགས་པའི་སྣང་བ་གང་ཤར་ཐམས་ཅད་ལ་རྨི་ལམ་ཡིན་སྙམ་པའི་འཛིན་སྟངས་དང་། མཚན་མོ་རྨི་ལམ་ཟིན་པ་ཞིག་ཅི་ནས་ཀྱང་བྱེད་སྙམ་པའི་འདུན་པ་དྲག་པོ་ཡང་དང་ཡང་དུ་བསྐྱེད་པར་བྱའོ། །གཉིས་པ་ནི། དེ་ནས་ཁྱད་པར་གྱི་སྔོན་འགྲོ་རྣམས་བྱ་ཞིང་ཐུན་གྱི་སུམ་ཆར་གཏུམ་མོ་བསྒོམ། དེ་ནས་སྒྱུ་ལུས་ཀྱི་སྐབས་ལྟར་སེམས་བསྐྱེད་དེ་བླ་མ་མགྲིན་པར་བསྒོམས་ལ། རྨི་ལམ་ཟིན་པ་དང་རྨི་ལམ་གྱི་དགེ་སྦྱོར་རྣམས་རྒྱུད་ལ་སྐྱེ་བའི་གསོལ་བ་དྲག་ཏུ་གདབ། དེ་ནས་མགྲིན་པའི་རྩ་འཁོར་གྱི་དབུས་སུ་པདྨ་འདབ་མ་བཞི་བའི་ལྟེ་བར་ༀ་དཀར་པོ་འདབ་མར་མདུན་དུ་ཨ་སྔོན་པོ་གཡས་སུ་
༢༩༢ནུ་སེར་པོ་རྒྱབ་ཏུ་ཏ་དམར་པོ་གཡོན་དུ་ར་ལྗང་གུ་རྣམས་གསལ་ཞིང་འཚེར་བ་བདེ་བའི་ཉམས་དང་ལྡན་པ་བསྒོམ། མི་སྤྲོ་ན་པདྨའི་ལྟེ་བར་ༀ་དམར་པོ་ཞིག་ཁོ་ན་བསྒོམས་ཀྱང་ཆོག་སྟེ། དེ་ནས་ༀ་ལ་སེམས་རྩེ་གཅིག་ཏུ་གཏད་པའི་རླུང་ཁ་སྦྱོར་ཅི་ནུས་བསྒོམ་མོ། །ཡང་ན་ༀ་ལ་འཇུག་གནས་དབྱུང་གསུམ་བྱས་པའི་རྡོར་བཟླས་ཀྱང་རུང་ངོ་། །ཁ་ཅིག་འདི་གཉིད་དུ་འགྲོ་ཁའི་དུས་མ་གཏོགས་ཐུན་རྣམས་སུ་མི་སྒོམ་པ་ནི་གནད་མ་མཐོང་བ་སྟེ། སད་དུས་ཐུན་གྱི་དངོས་གཞི་ཐམས་ཅད་དུ་དེ་ལྟར་བསྒོམས་པས་མགྲིན་པར་རླུང་སེམས་འདུ་བ་བྱང་ནས་གཉིད་དུས་ཀྱང་དེར་རླུང་སེམས་འདུ་སླ་བ་དང་། དེ་ལ་བརྟེན་ནས་རྨི་ལམ་མང་བ་དང་གསལ་བ་དང་ཟིན་པ་དེ་བ་སོགས་ཀྱི་གནད་མང་དུ་ཡོད་པས་རྩེ་གཅིག་ཏུ་བསྒོམ་དགོས་ཤིང་། སྦྱོར་བ་དེས་རླུང་དབུ་མར་ཐིམ་པ་དང་ཐིམ་པ་ལས་སྟོང་པ་བཞི་བསྐྱེད་ནུས་ན་མཆོག་ཏུ་བསྔགས་སོ། །དེ་ནས་རྗེས་ཤེས་དང་རྗེས་སྣང་རྣམས་སུ་སྣོད་བཅུད་ལ་སོགས་པའི་སྣང་བ་ཐམས་ཅད་རྨི་ལམ་དངོས་ཡིན་སྙམ་པའི་འདུན་པ་དྲག་པོ་བྱ་ཞིང་རྨི་ལམ་ཡིན་ཞེས་ངག་ཏུའང་བརྗོད་པར་བཤད་ལ། །བཟའ་བཏུང་སྣུམ་བག་ཅན་ཟ་བ་དང་འགྲངས་ཆེས་པ་དང་སྤྱོད་ལམ་ངལ་དུབ་ཅན་རྣམས་མི་བྱའོ། །གསུམ་པ་ནི། སད་དུས་སུ་རླུང་དབུ་མར་ཚུད་ནས་སྟོང་པ་བཞི་བསྐྱེད་ནུས་པས་ནི་དང་པོར་གཉིད་ཀྱི་སྟོང་པ་བཞི་རིམ་གྱིས་ངོས་བཟུང་ལ་དེ་ནས་རྨི་ལམ་འཆར་བ་ཤེས་ནས་བཟུང་བས་ཆོག་སྟེ་སྟོང་པ་བཞི་ངོས་འཛིན་པ་སོགས་འོད་གསལ་གྱི་སྐབས་སུ་འཆད་དོ། །དེ་ལྟར་མི་ནུས་པས་ནི་རླུང་སྟོབས་དང་འདུན་སྟོབས་སྣ་ཚོགས་པས་བཟུང་བར་བྱ་སྟེ། དེ་ལ་དུས་ཀྱི་གནད་ནི་ཕལ་ཆེར་ཐོ་རངས་ནས་ཉི་མ་དྲོས་ཀྱི་བར་བཟུང་ན་ཟས་ཞུ་ཞིང་འགྲངས་ལྟོགས་སྙོམས་པས་གཉིད་སྲབ་ཅིང་རིག་པ་དྭངས་ལ། བད་ཀན་ཆེ་བའི་རིགས་ཁ་ཅིག་ལ་སྲོད་ལ་གཉིད་སྲབ་པ་ཡང་ཡོད་པས་དེ་ལ་ནི་སྲོད་ལའང་རུང་ངོ་། །ལུས་ཀྱི་གནད་ནི་སྦ་ས་མཐོ་བ་
༢༩༣ལ་སེང་གེའི་ཉལ་སྟབས་སམ་ཙོག་གཉིད་ཀྱང་རུང་སྟེ་གོས་སྲབ་པར་བྱའོ། །འདུན་པའི་གནད་ནི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པ་བྱ་སྙམ་པ་བདུན་ནམ་ཉེར་གཅིག་སོགས་བྱའོ། །ཡུལ་གྱི་གནད་ནི་མགྲིན་པར་པདྨ་ཡི་གེ་ལྔ་དང་བཅས་པ་གསལ་བཏབ་སྟེ། མདུན་གྱི་ཨ་ནས་གཡས་སྐོར་དུ་འདབ་མའི་ཡི་གེ་བཞི་ལ་རིམ་གྱིས་ཤེས་པ་གཏད་ཅིང་གཉིད་དུ་འགྲོ་ཁར་ༀ་ལ་རིག་པ་རྩེ་གཅིག་ཏུ་གཏད། ཡང་ན་ༀ་དམར་པོ་ཁོ་ན་བསྒོམས་པ་ལ་རིག་པ་གཏད་ཀྱང་ཆོག་གོ་།རླུང་གི་གནད་ནི་ཁ་སྦྱོར་ཅི་རིགས་པ་བཟུང་ངོ་། །གནད་དེ་དག་གིས་གཉིད་ཐུན་ཆུང་ལ་གྲངས་མང་དུ་ཉལ་ཏེ་སད་རེས་ཀྱི་རྨི་ལམ་ཟིན་མ་ཟིན་བལྟ། མ་ཟིན་ན་སླར་ཟིན་པར་གསོལ་བ་བཏབ་སྟེ་འདུན་པ་དྲག་པོས་སྔར་ལྟར་གཉིད་དོ། །དེས་མ་ཟིན་ན་སྒྲུབ་ཁང་དང་མལ་ས་གོས་སྟན་ཉལ་ལུགས་ལ་སོགས་པ་སེམས་ལ་བཟུང་ནས། འདི་ལྟ་བུ་མ་གཏོགས་པའི་གནས་དང་གྲོགས་དང་བྱ་བྱེད་དང་མཐོང་སྣང་སོགས་ཅི་བྱུང་ཡང་རྨི་ལམ་ཡིན་པས་དེའི་ཚེ་ཅི་ནས་ཀྱང་ཟིན་པར་བྱ་སྙམ་དུ་ཉལ། དེ་ནས་ཞག་མང་དུ་བཟུང་བས་ཀྱང་མ་ཟིན་པར་གཉིད་འཐུག་པ་དང་རྨི་ལམ་མི་གསལ་ན། མགྲིན་པར་ༀ་མམ་ཨ་དམར་པོའ་འོད་ཟེར་གྱིས་ལུས་ཀྱི་ནང་དང་སྣང་བ་ཐམས་ཅད་དམར་ཞིང་གསལ་བར་དམིགས་ལ་ཉལ་བ་དང་། སྨིན་མཚམས་སུ་ཐིག་ལེ་དཀར་ཞིང་འཚེར་བ་སྲན་མ་ཙམ་ཞིག་ལ་སེམས་གཏད་དེ་ཉལ་བ་ཅི་རིགས་བྱ། གཉིད་སྲབ་ན་སྙིང་གའི་རྩ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་གམ་ཐིག་ལེ་སྔོན་པོ་འོད་འཚེར་བར་རིག་པ་གཏད་ལ་ཉལ། དེས་གཉིད་ཧ་ཅང་འཐུག་ན་མགྲིན་པ་དང་གསང་གནས་ཀྱི་འཁོར་ལོ་ཅི་རིགས་པར་ཐིག་ལེ་སྔོན་པོ་འོད་འཚེར་བ་སྲན་མ་ཙམ་ལ་རིག་པ་གཏད་དེ་ཉལ་ལོ། །མན་ངག་འགའ་ཞིག་ཏུ་ཕྱག་མཚན་དང་པདྨ་དང་ས་བོན་དང་
༢༩༤འོད་གསལ་འཛིན་པ་སོགས་ཀྱི་རྣམ་གྲངས་མང་དུ་བཤད་ཀྱང་གནད་ཐམས་ཅད་འདིར་ཚང་བ་ཡིན་ནོ། །བཞི་པ་ནི། མན་ངག་དེ་དག་ལ་ཡུན་དུ་འབད་ཀྱང་མ་ཟིན་ནས་ཕྱོགས་དབེན་པར་ཕྱིན་ལ་གཅེར་བུར་བྱས་ཏེ་ཌཱ་མ་རུ་འཁྲོལ་ཞིང་མཆོང་རྒྱུགས་དང་འགྱིང་སྟངས་སྣ་ཚོགས་བྱ། གཡང་ས་དང་གཅོང་རོང་སོགས་ཉམ་ང་ཞིང་བག་ཚ་བའི་རིགས་ལ་བལྟས་ཏེ་རྨི་ལམ་ཡིན་ཞེས་འོ་དོད་བྱ། རྨི་ལམ་མ་ཟིན་པ་ལ་སྐྱོ་ཤས་དྲག་པོ་བསྐྱེད་དེ་བླ་མ་ཡི་དམ་ལ་བདག་གིས་རྨི་ལམ་མ་ཟིན་ཞེས་ཆོ་ངེ་དྲག་པོ་བྱ་ཞིང་ཟིན་པར་གསོལ་བ་གདབ། མགྲིན་པའི་པད་འདབ་ཀྱི་ཡི་གེ་བཞི་རང་སར་གཡས་སྐོར་དུ་དྲག་ཏུ་འཁོར་བར་བསམ་ཞིང་ངག་ཏུའང་བརྗོད། དེ་ནས་ཡི་གེ་ༀ་ལ་ཐིམ་ༀ་དཔག་མེད་དུ་གྱུར་པའི་འོད་ཟེར་དམར་པོས་ལུས་ཀུན་གང་བར་བསམ། ཡང་མགྲིན་པར་རྡོ་རྗེ་གྲི་གུག་དྲག་ཏུ་འཁོར་བས་ལུས་ཀུན་གཏུབས་པ་ཡེ་ཤེས་ཀྱི་བདུད་རྩིར་བསམས་ལ། བླ་མ་ཡི་དམ་སོགས་མཆོད་ཅིང་རིགས་དྲུག་ཚིམས་པར་བྱས་ལ་སེམས་གཏད་མེད་དུ་བཞག །དེ་ནས་ཡང་སྔར་བཞིན་ཏུ་འཛིན་པའི་བརྩོན་པ་བསྐྱེད་པས་ཟིན་པར་བཤད་ཅིང་། གཉིད་དུས་སྒྲུབ་གྲོགས་ཞིག་གིས་གཉིད་མ་སད་ཙམ་དུ་རྨི་ལམ་ཟུང་ཞིག་པའི་བརྡ་ཐབས་བྱ་བར་བཤད་དོ། ཁ་ཅིག་དགེ་འདུན་གྱི་སྤྱི་ལས་དང་ཟ་མ་འཕྲང་བཅོས་པ་སོགས་བྱ་བ་དང་། གཉན་ས་རྣམས་སུ་ཀུ་སུ་ལུའི་མཆོད་སྦྱིན་བྱ་བ་དང་། གཙུག་ལག་ཁང་གི་སྒོ་དྲུང་དུ་ཉལ་ན་ཟིན་པར་འཆད་པ་ནི། ཕལ་ཆེར་བསགས་སྦྱང་དང་སེམས་ཁུ་འཕྲིག་ལ་བརྟེན་ནས་ཟིན་པར་འདོད་པ་འདྲ་ཡང་། སྐབས་སུ་སྦོགས་ཆོག་རེ་བྱ་ཞིང་གནས་དབེན་པར་སྔར་གྱི་འཛིན་ཐབས་དེ་དག་ལ་འབད་པ་ཉིད་ལེགས་སོ། ༈ །གཉིས་པ་ཟིན་པ་བརྟན་པར་བྱེད་པ་ལ་གཉིས། འབྱམས་པའི་སྐྱོན་སེལ་བ་དང་། རྨི་ལམ་གྱི་སྣང་བ་སྒྱུ་མར་བསླབ་པའོ། །དང་པོ་ནི། རྨི་ལམ་ཡད་ཡུད་རེ་ཟིན་ཡང་འབྱམས་ནས་རྟག་མི་ཐུབ་ན་དགེ་སྦྱོར་ལ་ཤུགས་མི་ཐོན་
༢༩༥པས་སྐྱོན་བསལ་ནས་འཛིན་དགོས་ཏེ། དེ་ལ་སད་འབྱམས་ནི། རྨི་ལམ་འཛིན་འཕྲོ་ལ་གཉིད་དུ་མ་སོང་བའི་སྣང་བའམ་སད་པའི་སྣང་བ་འཆར་བ་དང་། ཟིན་མ་ཐག་ཏུ་སད་པ་སོགས་འབྱུང་སྟེ། དེ་ལ་སྔོན་དུ་རྨི་ལམ་ཟིན་པའི་ཚེ་གཉིད་མ་སད་པ་བྱེད་སྙམ་པའི་འདུན་པ་བཏང་། གཉིད་སད་ཀྱང་མིག་མི་འབྱེད་པར་རྨི་ལམ་གྱི་འཕྲོ་དེ་ཉིད་ཡིད་ལ་བྱ། སད་པར་རྩོམ་པའི་ཚེ་སྙིང་ག་དང་གསང་གནས་ཅི་རིགས་པར་སེམས་གཏད། གཞན་ཡང་སད་རྐྱེན་བརྟགས་ལ་སེམས་བསྒྲིམས་པས་སད་ན་གློད། ལུས་གྲང་བས་སད་ན་གོས་འཐུག་པར་གྱོན། སླུའི་ཀག་ཅོར་གྱིས་སད་ན་རྐྱེན་དེ་དག་སྤང་བ་སོགས་བྱ། དེ་ལྟར་བྱས་ཀྱང་ཧར་སད་ཤས་ཆེ་ན་བསགས་སྦྱང་དྲག་པོ་བྱ་བར་བཤད་དོ། །འཁྲུལ་འབྱམས་ནི། ལན་རེ་ཟིན་ཡང་སླར་རྨི་ལམ་གྱི་རྒྱུན་ལ་འཁྲུལ་བ་སྟེ། དེ་ལ་རྨི་ལམ་ཡང་དང་ཡང་དུ་འཛིན་པའི་འདུན་པ་དྲག་པོ་བྱ་ཞིང་གཉིད་ཐུན་ཆུང་བར་བྱ། སད་དུས་སུ་སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མའི་འདུན་པ་དྲག་ཏུ་བསྒོམ་སྟེ་མངོན་ཞེན་བཟློག་པར་བྱའོ། །འགའ་ཞིག་ཏུ་རང་གི་ལུས་ཐིག་ལེ་དཀར་དམར་གཉིས་ཀྱི་བར་དུ་ཡོད་པར་བསམས་ལ། མགྲིན་པའི་པདྨར་དབུས་ཀྱི་ༀ་དེ་ཉིད་ཧཱུྃ་སྔོན་པོ་ཡེ་ཤེས་ལྔའི་ངོ་བོར་བསྒྱུར་ནས་རླུང་བཟུང་སྟེ་ཉལ་བས་སལ་བར་བཤད་དོ། །བརྗེད་འབྱམས་ནི། རྨི་ལམ་མི་གསལ་བས་མི་ཟིན་པ་དང་ཡད་ཡུད་རེ་ཟིན་ཡང་ཤུགས་མི་ཐོན་པ་རྨི་ལམ་བརྗེད་པ་སྟེ། ཕལ་ཆེར་རང་བཞིན་གྱིས་གཉིད་འཐུག་པ་དང་གྲིབ་ཕོག་པ་རང་འདུན་པ་དང་ཞན་པ་ལས་འབྱུང་བས་ཟས་འགྲངས་ཆེས་པ་དང་གོས་འཐུག་པོ་མི་བྱ། ཙོག་གཉིད་བྱ་བ་སོགས་རིག་པ་དྭངས་པའི་ཐབས་བྱ། གཉིད་དུས་རྨི་ལམ་གསལ་པོ་རྨི་བ་དང་ཡང་ཡང་ཟིན་པའི་འདུན་པ་དྲག་པོ་བྱ། །སྨིན་མཚམས་སུ་ཐིག་ལེ་དམར་ཞིང་འོད་འཚེར་བ་ལ་སེམས་གཏད་དེ་ཉལ། གྲིབ་ཕོག་ན་གྲིབ་སེལ་བྱའོ། །སྟོང་འབྱམས་ནི། འཛིན་པའི་འདུན་པ་དྲག་པོས་
༢༩༦གཉིད་མ་ཕེབས་པའམ་ཕེབས་ཀྱང་རྨི་ལམ་མི་འབྱུང་བ་སྟེ། སྔ་མ་ལ་འདུན་པ་ཅུང་ཟད་གློད་ཅིང་སྙིང་གའམ་རྡོ་རྗེ་ནོར་བུའི་དབུས་སུ་ཐིག་ལེ་ནག་པོ་ལ་སེམས་གཏད། ཕྱི་མ་ལ་མགྲིན་པའི་ཡི་གེ་ལྔའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་གང་བར་བསམས་ལ་གཉིད་དོ། །དེད་འབྱམས་ནི། དང་པོར་དུ་མ་རེ་ཟིན་ཡང་འདུན་པ་དང་རྩོལ་བ་ཞན་པས་དྲེད་པ་སྟེ། ངེས་འབྱུང་དང་སྐྱོ་ཤས་བསྒོམ་ཞིང་གདམས་པའི་རྩོལ་བ་དྲག་ཏུ་བྱའོ། །གཞན་ཡང་དྲན་འབྱམས་དང་རྒྱུན་འབྱམས་ཞེས་པ་སོགས་སྣ་ཚོགས་འབྱུང་ཡང་སྔ་མ་རྣམས་དང་གནད་གཅིག་སྟེ། ཐམས་ཅད་དུ་འདོད་པ་བཞིན་མི་ཟིན་པའི་རྒྱུ་རྐྱེན་བརྟགས་ལ་འདུན་པའི་གྲིམ་ལྷོད་དང་ཟས་གོས་དང་སྤྱོད་ལམ་དང་དུས་ཀྱི་གནད་ལ་སོགས་པའི་འཕྲོད་རྟེན་ཤེས་པར་བྱ་ཞིང་། གཉིད་འཐུག་ན་མགྲིན་པའམ་སྨིན་མཚམས་སུ་ཐིག་ལེ་དམར་པོའམ་དཀར་པོ་འོད་འཚེར་བ་ལ་སེམས་གཏད་པ་དང་། གཉིད་མ་ཕེབས་པའམ་སྦབ་པ་ལ་སྙིང་གའམ་ནོར་བུའི་དབུས་སུ་ཐིག་ལེ་སྔོ་ནག་ལ་སེམས་གཏད་པ་དང་། རྨི་ལམ་མི་གསལ་བ་ལ་མགྲིན་པར་ཐིག་ལེ་དམར་ཞིང་འོད་གསལ་བའི་འོད་ཀྱིས་ལུས་ཀྱི་ནང་དང་སྣང་བ་ཐམས་ཅད་དམར་གསལ་དུ་བྱས་པ་ལ་སེམས་གཏད་པ་སོགས་ཀྱི་གཅོད་ཤེས་པར་བྱས་ལ་རྨི་ལམ་ཟིན་པ་བརྟན་པར་བྱའོ། །ཁ་ཅིག་རྨི་ལམ་འཛིན་པ་དང་འབྱམས་གཅོད་ཀྱི་སྐོར་ལ་གཞི་ཚུགས་པ་མི་བྱ་བྱར་འོག་གི་སྤྲུལ་སྒྱུར་སོགས་ལ་དམིགས་རིམ་མང་དུ་འཆད་པ་ནི་གྱི་ན་ཙམ་སྟེ། བཟུང་བ་ལ་དབང་མ་ཐོབ་པར་སྤྲུལ་སྒྱུར་སོགས་ཀྱི་རྩལ་མི་ཐོན་པས་སོ། །དེས་ན་སྐབས་རེར་རྨི་ལམ་ལ་རྨི་ལམ་དུ་ཤེས་པ་ཙམ་གདམས་ངག་མེད་པ་དང་འཛིན་པའི་རྩོལ་བ་མེད་པ་ལའང་འབྱུང་བས་རྟན་མི་ཐུབ་ལ། འདིར་ནི་འཛིན་པའི་རྩོལ་བ་བྱས་པ་ལས་ཟིན་པ་ཞིག་དང་ཟིན་པ་དེ་ཡང་ཡུན་རིང་དུ་ཟིན་པ་ཞིག་དགོས་པས་སྐབས་འདིར་རྨི་ལམ་གྱི་དགེ་སྦྱོར་གཞི་ཚུགས་དགོས་པ་ཡིན་ནོ། །གཉིས་པ་ནི། རྨི་ལམ་ཟིན་པ་ལ་
༢༩༧རྩུབ་ཟིན་དང་འཇམ་ཟིན་གཉིས་ལས། སྔ་མ་ནི་མེ་དང་ཆུ་དང་གཅན་གཟན་དང་འདྲེ་སྲིན་དང་དགྲ་ལ་སོགས་པའི་སྣང་བ་ཤར་ནས་བག་ཚ་བའི་ཚེ་ཟིན་པ་སྟེ། དེའི་ཚེ་རྨི་ལམ་གྱི་སྣང་བ་ཐམས་ཅད་བདེན་པར་མ་གྲུབ་པའི་འཁྲུལ་སྣང་ཡིན་པས་རྨི་ལམ་གྱི་མེས་ཚིག་པ་དང་ཆུས་ཁྱེར་བ་དང་གཅན་གཟན་དང་འདྲེ་གདོན་དང་དགྲ་ལ་སོགས་པས་བསད་པ་དང་ཟོས་པ་སུ་ཞིག་ཡོད་སྙམ་དུ་དེ་དག་གི་སྟེང་དུ་ཐོག་རྫིས་བྱ། འགའ་ཞིག་ཏུ་འདྲེ་གདོན་སོགས་ལ་རང་ཉིད་ལྕགས་བསྲེགས་ཀྱི་གོང་བུར་བསམས་ལ་དེ་དག་གི་སྙིང་གར་བསྟིམ་པའང་བཤད་དོ། །འདི་དག་ལ་འགའ་ཞིག་ཏུ་ཡ་ང་བ་སྤང་བ་ཞེས་གསུངས་སོ། །འཇམ་ཟིན་ནི། རྨི་ལམ་གྱི་སྣང་བ་རང་གི་རང་ལ་རྨི་ལམ་དུ་ཤེས་པ་སྟེ། དེའི་ཚེ་རྨི་ལམ་གྱི་སྣང་བ་ཐམས་ཅད་དོན་ལ་བདེན་པར་མ་གྲུབ་པའི་འཁྲུལ་སྣང་ཙམ་དུ་བལྟ་ཞིང་། འཇམ་ཟིན་རྩུབ་ཟིན་གཉིས་ཀ་ལ་རྨི་ལམ་གྱི་ཡུལ་སྣང་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་འདྲ་བར་སྒོམ་པ་དང་། རང་གི་ལུས་ངག་ཡིད་གསུམ་མ་དག་པའི་སྒྱུ་ལུས་ཀྱི་སྐབས་ལྟར་སྒོམ་པ་སོགས་གཞིགས་ནས་སྒྱུ་མར་བསླབ་ནུས་ན་མཆོག་ཏུ་བསྔགས་ལ། དེ་ལྟར་མི་ནུས་ནའང་རྨི་ལམ་གྱི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་སྒོམ་པ་ལ་བསླབ་ཏེ་རྨི་ལམ་བཀོལ་དུ་རུང་བར་བྱའོ། །འདི་ལ་ཁ་ཅིག་ཡུལ་སྣང་གཏན་ལ་དབབ་པ་ཞེས་འཆད་དོ། ༈། གསུམ་པ་བརྟན་པ་བོགས་དབྱུང་བ་ལ་གསུམ། རྨི་ལམ་གྱི་རྩལ་སྦྱོང་བ། གོམས་པའི་དགེ་སྦྱོར་ལ་འཁྲིད་པ། གོང་དུ་འཕོ་བའི་ཞིང་ཁམས་སྦྱང་བའོ། །དང་པོ་ནི། རྨི་ལམ་ཟིན་པ་བརྟན་ནས་རྩལ་སྦྱང་བའི་ཚུལ་ལ། དང་པོར་སྤྲུལ་པ་ནི། རྨི་ལམ་ཟིན་པ་ན་རང་རྒྱལ་པོ་དང་བྲམ་ཟེ་ལ་སོགས་པའི་མིའི་རིགས་སྣ་ཚོགས་སུ་སྤྲུལ་པ་དང་། སེང་གེ་དང་སྟག་ལ་སོགས་པ་ཁྱུང་དང་བྱ་རྒོད་ལ་སོགས་པ་དང་རི་དང་ཁང་པ་དང་ལྗོན་ཤིང་དང་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པར་སྤྲུལ་པ་དང་། རང་གི་མདུན་དུ་དེ་དག་སྔར་མེད་པ་
༢༩༨སྤྲུལ་པ་དང་། རང་དང་སྣོད་བཅུད་མི་སྣང་བར་བྱ་བ་ལ་སོགས་པའི་རྫུ་འཕྲུལ་སྣ་ཚོགས་པ་བསླབ་ཅིང་། དེ་ནས་གཙོ་བོར་རང་ཡི་དམ་གྱི་ལྷར་སྤྲུལ་པ་དང་དེ་ཉིད་ཇེ་ཆེར་སྤྲུལ་པ་དང་ཆུང་ངུར་སྤྲུལ་པ་ལ་སོགས་པ་སྤྱད་པར་བྱའོ། །དེ་ནས་བསྒྱུར་བ་ནི། སྣོད་བཅུད་ལ་སོགས་པའི་ཡུལ་གང་སྣང་བ་དེ་གཞན་ཞིག་ཏུ་བསྒྱུར་བ་སྟེ། དཔེར་ན་དུད་འགྲོ་རྨིས་པ་མིར་བསྒྱུར་བ་དང་ས་ཆུར་བསྒྱུར་བ་དང་ཆུ་མེར་བསྒྱུར་བ་དང་གཅིག་མང་པོར་བསྒྱུར་བ་དང་ཡོད་པ་མི་སྣང་བར་བྱ་བ་དང་མེད་པ་ཡུལ་སྣང་སྣ་ཚོགས་པར་བསྒྱུར་བ་སོགས་བྱ་ཞིང་། དེ་ནས་ར་བ་དང་ཁང་ཁྱིམ་སོགས་གཞལ་ཡས་ཁང་དུ་བསྒྱུར་བ་དང་མི་དང་དུད་འགྲོ་སོགས་ཡི་དམ་གྱི་ལྷར་བསྒྱུར་བ་ལ་སྦྱང་བར་བྱའོ། །དེ་ནས་སྤེལ་བ་ནི། རྨི་ལམ་ན་གང་སྣང་བའི་དངོས་པོ་དེ་ཉིད་གཅིག་ལས་གཉིས་གཉིས་ལས་བཞི་སོགས་བརྒྱ་སྟོང་མང་པོར་སྤེལ་བ་ལ་བསླབ། དེ་ནས་རང་ཡི་དམ་གྱི་ལྷར་བསྒོམས་པ་མང་དུ་སྤྲོ་བ་དང་གཅིག་ཏུ་བསྡུ་བ་ལ་སྦྱང་ཞིང་། གཞན་ཡང་མ་ངེས་པའི་ཆོ་འཕྲུལ་ལས་ཀྱི་སྟོད་ནས་མི་འབར་བ་དང་སྨད་ནས་ཆུ་འབབ་པ་དང་ཉི་ཟླ་རྡོག་པས་རྫི་བ་དང་སྟོང་གསུམ་ལུས་གཅིག་གིས་ཁྱབ་པར་བྱ་བ་ལ་སོགས་པའི་རྩལ་སྣ་ཚོགས་སྦྱང་བར་བྱའོ། །སྤྲུལ་སྒྱུར་ལ་སོགས་པ་རྨི་ལམ་གྱི་རྩལ་སྦྱོང་ཐམས་ཅད་ལ་སད་དུས་དང་གཉིད་ཁར་དེ་དང་དེའི་རྨི་ལམ་རྨི་བར་བྱ་ཞིང་རྩལ་འདོན་པར་བྱའོ་སྙམས་པའི་འདུན་པ་དྲག་པོ་མང་དུ་བྱ་བ་གནད་ཆེའོ། །གཉིས་པ་ནི། གཏུམ་མོ་དང་སྒྱུ་ལུས་ལ་སོགས་པ་ཉིན་བར་གང་ལ་གོམས་པའི་དགེ་སྦྱོར་དེ་ཉིད་རྨི་ལམ་དུ་བསྒོམ་པར་བྱ་ཞིང་ཁྱད་པར་རྨི་ལམ་གྱི་གདམས་པའི་དགོས་པ་བར་དོར་སྒྱུ་མའི་སྐུ་མངོན་དུ་བྱེད་པའི་ཚེ་དང་མིན་པས་ལྷ་སྐུ་སྒྱུ་མ་ལྟ་བུ་སྒོམ་པ་ལ་བསླབ་དགོས་སོ། །དེ་ལ་གཉིད་ཀྱི་སྟོང་པ་བཞི་ངོས་ཟིན་པས་ནི་འོད་གསལ་ལས་རྨི་ལམ་འཆར་བའི་ཚེ་སྐད་ཅིག་གིས་རླུང་སེམས་ཙམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུར་ལངས་ཏེ། དེ་ལ་མཉམ་པར་བཞག་པ་
༢༩༩དང་སྣོད་བཅུད་ཀྱི་སྣང་བ་གཞལ་ཡས་ཁང་དང་འཁོར་གྱི་ལྷར་བསྒོམ་པ་སོགས་བྱ། ཡང་གཉིད་ཀྱི་སྟོང་པ་བསྐྱེད་ལ་དེ་དག་འོད་གསལ་དུ་བཅུག་སྟེ་ཅི་ནུས་སུ་མཉམ་པར་བཞག་ནས་རྨི་ལམ་འཆར་བའི་ཚེ་སྒྱུ་མའི་སྐུར་ལྡང་བ་སོགས་ལ་བསླབ་པར་བྱའོ། །དེ་ལྟར་མི་ནུས་ནས་རྨི་ལམ་ཟིན་མ་ཐག་ཏུ་རང་ཉིད་ཡི་དམ་གྱི་སྐུ་སྒྱུ་མ་ལྟ་བུར་བསྒོམས་ཏེ། དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་དང་མང་དུ་སྤྲོ་བ་དང་གཅིག་ཏུ་བསྡུ་བ་དང་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་བཅུད་ཀྱི་སེམས་ཅན་འཁོར་གྱི་ལྷ་དང་འདོད་ཡོན་མཆོད་རྫས་སུ་བསྒོམ་པ་སོགས་བྱས་ལ། སྒྱུ་ལུས་ཀྱི་སྐབས་སུ་བཤད་པའི་རིལ་འཛིན་ནམ་རྗེས་གཞིག་གི་བསམ་གཏན་གྱིས་འོད་གསལ་དུ་བསྡུས་ཏེ་ཅི་ནུས་སུ་མཉམ་པར་བཞག་པ་དང་། ཡང་དེ་ལས་སྐད་ཅིག་གིས་ལྷ་སྐུ་སྒྱུ་མ་ལྟ་བུར་ལངས་པ་སོགས་བྱའོ། །དང་པོར་འདི་དག་རིམ་པས་སྔ་མ་ལ་མྱོང་བ་ཐོན་པར་བྱས་ལ་ཕྱི་མ་སྒོམ་པ་ལ་བསླབ་ཅིང་། ཕྱིས་ཐམས་ཅད་ལ་མྱོང་བ་ཐོན་ནས་རྨི་ལམ་གྱི་ཐུན་རེ་ལ་དེ་དག་རྫོགས་པར་ཡང་དང་ཡང་དུ་བསྒོམ་པར་བྱ་སྟེ་སྒྱུ་ལུས་ཀྱི་སྐབས་ལྟར་རོ། །དེ་ལྟར་སྦྱངས་པས་སྔར་གཉིད་ཀྱི་སྟོང་པ་ངེས་མི་ནུས་པས་ཀྱང་ཕྱིས་ནས་ཅུང་ཟད་ངེས་པ་དང་རིམ་གྱིས་གསལ་བར་ངས་ནུས་པ་འབྱུང་བར་བཤད་ལ། དེ་ངེས་ན་གོང་དུ་བཤད་པའི་གཉིད་ཀྱི་འོད་གསལ་ལས་རྨི་ལམ་སྒྱུ་མའི་སྐུར་ལྡང་བའི་འཇུག་ལྡང་ལ་སྦྱང་ངོ་། །གཞན་ཡང་རྨི་ལམ་གྱི་སྣང་བ་གང་ཤར་ཕྱག་རྒྱ་ཆེན་པོའ་ལྟ་བས་ཟིན་པར་བྱས་ཏེ། སྣང་བ་ཐམས་ཅད་བཟང་ངན་མེད་པ་སེམས་ཀྱི་རྣམ་འཕྲུལ། སེམས་ཉིད་གདོད་མ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ་རང་ཤར་རང་གྲོལ་དུ་ཤེས་པར་བྱ་ཞིང་། རང་རིག་གི་ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བགག་པ་ལ་རྨི་ལམ་གྱི་དེ་ཁོ་ན་ཉིད་སྒོམ་པ་དང་རྨི་ལམ་འོད་གསལ་དུ་གཞུག་པ་ཞེས་བྱ་སྟེ། དེ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ལྟ་བའི་
༣༠༠ཐོག་ནས་རྨི་ལམ་གྱི་དེ་ཁོ་ན་ཉིད་ཤེས་པ་ཞིག་དགོས་ཀྱི། རྨི་ལམ་གྱི་སྣང་བ་རྨི་ལམ་དུ་ཤེས་པ་དང་རྨི་ལམ་བདེན་པར་མ་གྲུབ་བར་ངེས་པ་ཙམ་གྱིས་མི་ཆོག་གོ་།རྨི་ལམ་དུ་དེ་ལྟར་བསྒོམས་པས་སླར་ཡང་རླུང་སྙིང་གར་འདུས་ནས་རྨི་ལམ་གྱི་སྣང་བ་འགགས་ཏེ་གཉིད་དུ་འགྲོ་ཞིང་གཉིད་ཀྱི་སྟོང་པ་རྣམས་ཅུང་ཟད་ངེས་ནུས་པ་འབྱུང་ལ། སྦྱངས་སྟོབས་ཀྱིས་གསལ་པོར་ངེས་པར་འབྱུང་བར་བཤད་དོ། །གསུམ་པ་ནི། འདིར་གཙོ་བོར་དག་པའི་ཞིང་སྦྱོང་བར་བྱེད་པ་ཡིན་ཡང་ཐོག་མར་རིམ་པས་བསླབ་དགོས་ཏེ། དེ་དག་རྨི་ལམ་ཟིན་པ་ན་རང་ཡི་དམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུར་བསྒོམས་པའི་ངང་ནས་སྔར་ཆ་རྒྱུས་ཡོད་པའི་རི་རྩེ་ཕན་ཚུན་དུ་སྐར་མདའ་ལྟར་རྒྱང་གིས་འགྲོ་བ་དང་། དེ་བཞིན་དུ་ཡུལ་ཕྱོགས་གཞན་དང་སྒྲུབ་གནས་དང་རྟེན་གསུམ་ཁྱད་པར་ཅན་དང་བླ་མ་བཞུགས་པའི་སར་སྐར་མདའ་རྒྱུག་པ་ལྟར་འགྲོ་བ་ལ་བསླབ། དེ་ནས་སུམ་ཅུ་རྩ་གསུམ་དུ་ལྷའི་དབང་པོ་བརྒྱ་བྱིན་གྱི་འཁོར་དང་ལོངས་སྤྱོད་ལ་སོགས་པ་བལྟ་བར་བྱ་སྟེ། འདི་དག་ཐམས་ཅད་ལ་རྨི་ལམ་དུ་གང་ལ་སྦྱང་བ་དེའི་ཡུལ་ཕྱོགས་དང་ཁང་ཁྱིམ་དང་འཁོར་དང་ལོངས་སྤྱོད་སོགས་ཀྱི་བཀོད་པ་མཐའ་དག་སད་དུས་སུ་ཡང་ཡང་ཡིད་ལ་བྱ་བ་དང་གཉིད་ལོག་ཁར་དེ་དག་གི་འདུན་པ་བཏང་བ་གནད་ཆེ་བ་ཡིན་ནོ། །དེ་ནས་དེ་དག་འབྱོངས་པ་ན་དག་པའི་ཞིང་སྦྱོང་བྱ་སྟེ། སངས་རྒྱས་རྣམ་སྣང་གི་ཞིང་ཁམས་འོག་མིན་སྟུག་པོ་བཀོད་པ་དང་། མི་བསྐྱོད་པའི་ཤར་མངོན་དགའ་དང་། རིན་འབྱུང་གི་ལྷོ་དཔལ་དང་ལྡན་པ་དང་། འོད་དཔག་མེད་ཀྱི་ནུབ་བདེ་བ་ཅན་དང་། དོན་ཡོད་གྲུབ་པའི་རྔ་སྒྲ་སྒྲོག་པ་རྣམས་ཀྱི་ཞིང་ཁམས་གང་ལ་སྦྱང་བར་བྱེད་པ་དེའི་ཞིང་གི་བཀོད་པ་གཞན་ནས་ཤེས་པར་བྱས་ལ། སད་དུས་སུ་ཡང་ཡང་ཡིད་ལ་བྱ་ཞིང་གཉིད་ཁར་དེའི་འདུན་པ་བཏང་ནས། རྨི་ལམ་ཟིན་པའི་ཚེ་རང་ཡི་དམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུས་སྐར་མདའི་ཚུལ་དུ་ཞིང་ཁམས་དེར་སོང་སྟེ་སངས་རྒྱས་བྱང་སེམས་རྣམས་ལ་
༣༠༡ཕྱག་དང་མཆོད་པ་བགྱིད་པ་དང་ཆོས་ཉན་པ་དང་ཞིང་གི་བཀོད་པ་བལྟ་བ་སོགས་བསྒྲུབ་པར་བྱའོ། །ཡང་ན་རྨི་ལམ་ཟིན་པ་ན་རང་འདུག་པའི་གནས་དེ་ཉིད་གང་སྦྱང་བའི་ཞིང་ཁམས་དེར་བསམས་ལ་སངས་རྒྱས་ལ་ཆོས་ཞུ་བ་སོགས་བྱས་ཀྱང་རུང་ངོ་། །ཤར་མངོན་དགའི་ཞིང་སྦྱོང་ན་གཉིད་ཁར་མགྲིན་པའི་པད་འདབ་ཀྱི་ཤར་གྱི་ཨ་ལ་སེམས་གཏོད་པ་དང་དེ་བཞིན་ཏུ་ལྷོ་ལ་སོགས་པ་ཤེས་པར་བྱས་ཏེ་སེམས་གཏད་ན་ཞིང་ཁམས་དེའི་སྣང་བ་འཆར་བདེ་བར་འགའ་ཞིག་ཏུ་བཤད་དོ། །དེ་ཡང་དང་པོར་དེ་དག་གི་སྣང་བ་གསལ་པོར་མ་ཤར་ནའང་ཞིང་ཁམས་དེ་དང་སངས་རྒྱས་བྱང་སེམས་དེའི་ངོ་བོར་མོས་པ་བྱས་ཏེ་ཆོས་ཞུ་བ་སོགས་སྦྱངས་པས་མཐར་གསལ་པོར་འཆར་བ་འོང་ངོ་། ༈ །བཞི་པ་ངོ་སྤྲད་དེ་ཉམས་མྱོང་བསྐྱང་ཚུལ་ནི། རྨི་ལམ་གྱི་སྣང་བ་སྣ་ཚོགས་འཆར་བ་དེ་ཉིད་ལམ་དུ་ཁྱེར་བ་ལ་རྨི་ལམ་གྱི་གདམས་པ་ཞེས་བྱ་སྟེ། དེ་ལ་རྨི་ལམ་གྱི་ལུས་ནི་ཀུན་རྫོབ་ཀྱི་སྣང་བ་ད་ལྟར་བའི་བག་ཆགས་ལ་བརྟེན་པའི་རླུང་སེམས་ཙམ་གྱི་ལུས་ཡིན་པས་ན་བག་ཆགས་ཀྱི་ལུས་ཞེས་བྱ་ལ། རྨི་ལམ་གྱི་སྣང་བ་ནི་ད་ལྟར་བའི་ཀུན་རྫོབ་ཀྱི་སྣང་བ་འཁྲུལ་པའི་རྗེས་སུ་འབྲངས་པའི་བག་ཆགས་ལ་བརྟེན་ནས་ཀུན་རྫོབ་ཏུ་ཡང་མ་གྲུབ་པའི་འཁྲུལ་སྣང་འཆར་བ་སྟེ་དེ་ལ་ཉིང་འཁྲུལ་ཞེས་བྱའོ། །དེ་དག་ལམ་དུ་ཁྱེར་བའི་དགེ་སྦྱོར་ལ། རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་བ་དང་སྒྱུ་མར་བསླབ་པ་དང་རྩལ་སྦྱོང་བ་རྣམས་ནི་སོ་སོའ་དགོས་པ་མང་དུ་ཡོད་ཀྱང་གཙོ་བོར་རྨི་ལམ་གྱི་ལུས་སྒྱུ་མ་ལྟ་བུའི་ལྷ་སྐུར་སྦྱོང་བ་ལ་རྩལ་ཐོན་པར་བྱེད་པའི་ཐབས་ལྟ་བུ་ཡིན་ཞིང་། དེ་ནས་བག་ཆགས་ལ་བརྟེན་པའི་རྨི་ལམ་གྱི་ལུས་དང་སྣང་བ་སྒྱུ་མ་ལྟ་བུའི་ལྷ་སྐུ་ལ་སོགས་པར་སྦྱོང་བའི་ཚུལ་རྣམས་ནི་རྨི་ལམ་གྱི་དགེ་སྦྱོར་གྱི་དངོས་གཞི་ཡིན་ལ། དེ་དག་གི་ནང་ནས་ཀྱང་གཉིད་ཀྱི་སྟོང་པའི་འོད་གསལ་ལས་རླུང་སེམས་ཙམ་གྱི་ལྷ་སྒྱུ་མ་ལྟ་
༣༠༢བུར་སྐད་ཅིག་གིས་ལྡང་བ་རྨི་ལམ་གྱི་དགེ་སྦྱོར་གྱི་མཐིལ་སོ་ཡིན་ནོ། །ཞིང་སྤྱོད་ནི་མཐར་ཐུག་གང་དུ་འཚང་རྒྱ་བའི་གནས་མངོན་པར་འདུ་བྱ་བ་དང་གནས་སྐབས་སུའང་དག་པའི་ཞིང་དེ་དང་དེར་སྐྱེ་བ་འདུ་བྱ་བའི་ཆེད་ཡིན་པར་བཞེད་པས་གདམས་པའི་ཡན་ལག་ལྟ་བུའོ། །དེས་ན་གདམས་པ་འདིའི་དགོས་པའི་གཙོ་བོ་ནི་ཐ་མལ་པ་ལ་འཆི་སྲིད་ཀྱི་འོད་གསལ་ལས་རླུང་སེམས་ཙམ་གྱི་བར་སྲིད་འཆར་བ་དེ་རྣལ་འབྱོར་པས་སྒྱུ་མའི་སྐུར་ལྡང་བའི་ཆེད་ཡིན་པར་བཤད་ལ། དེའི་རིགས་པས་སྣོད་བཅུད་གཞལ་ཡས་ཁང་དང་འཁོར་གྱི་ལྷར་སྦྱང་བ་སོགས་ཀྱང་བར་དོའ་སྣང་བ་དེ་དང་དེར་འཆར་བའི་ཆེད་ཡིན་པར་བསྟན་ཏོ། །དེ་ནས་ཡུན་དུ་རྨི་ལམ་གྱི་ཉམས་མྱོང་བསྐྱང་ཚུལ་ལ། དང་པོར་རྨི་ལམ་བཟུང་བ་སོགས་ནས་རིམ་པས་མྱོང་བ་ཐོན་པར་བྱ་དགོས་ཀྱང་། དེ་ནས་ནི་གཉིད་ཀྱི་འོད་གསལ་ལས་རྨི་ལམ་གྱི་ལུས་ལྷ་སྐུ་སྒྱུ་མ་ལྟ་བུར་ལངས་ཏེ་མཉམ་པར་བཞག་པ་དང་སྣོད་བཅུད་གཞལ་ཡས་ཁང་དང་ལྷར་སྦྱོང་བ་སོགས་བྱས་ལ། བསམ་གཏན་གཉིས་ཀྱིས་དེ་དག་འོད་གསལ་དུ་བསྡུས་ཏེ་མཉམ་པར་བཞག་ནས། ཡང་དེ་ལས་སྔར་བཞིན་ལྡང་བའི་ཚུལ་ཉིད་ལ་གཙོ་བོར་སྦྱང་། གཉིད་ཀྱི་འོད་གསལ་མི་ཟིན་པས་ཀྱང་རྨི་ལམ་ཟིན་མ་ཐག་ཏུ་རྨི་ལམ་གྱི་ལུས་ལྷ་སྐུ་སྒྱུ་མ་ལྟ་བུར་ལངས་པ་སོགས་བྱ་ཞིང་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་དང་ཞིང་སྦྱོང་ཡང་ཅི་རིགས་བྱའོ། །སྐད་ཅིག་རྨི་ལམ་འབྱོངས་ནས་ཀྱང་ཐ་མལ་གྱི་སྤྲུལ་སྒྱུར་གཙོ་བོ་བྱེད་པ་ནི་ལེགས་པར་མ་མཐོང་ངོ་། །འོད་གསལ་དུ་འཇུག་ལྡང་བྱ་བའི་ཚུལ་སད་དུས་ཀྱི་སྒྱུ་ལུས་སྒོམ་པའི་སྐབས་སུའང་གཙོ་བོར་བྱེད་མོད་ཀྱང་། རྨི་ལམ་དུ་སྒོམ་པ་ཆེས་ཕྲ་བའི་གནད་ཀྱིས་བར་དོ་སྒྱུ་མའི་སྐུར་ལྡང་བའི་ཚོད་འཛིན་དུ་འགྱུར་བ་དང་། སད་རྨི་གཉིས་ཀར་བསྒོམས་པས་གཅིག་གི་བོགས་གཅིག་གིས་ཕྱུང་སྟེ་རྟོགས་པ་མངོན་དུ་བྱེད་པ་ལ་མྱུར་ཁྱད་ཆེ་བས་སད་རྨི་གཉིས་ཀར་སྒྱུ་ལུས་ཀྱི་གདམས་པ་སྤེལ་མར་སྒོམ་དགོས་པ་ཡིན་ནོ། །
༣༠༣དེ་ལྟར་རྨི་ལམ་གྱི་གདམས་པ་ཉམས་སུ་བླངས་པ་ལས་གནས་སྐབས་སུ་སད་དུས་དང་རྨི་དུས་གཉིས་ཀའི་འཁྲུལ་སྣང་གི་བདེན་ཞེན་བཟློག་ཅིང་འཁྲུལ་པ་བག་ཆགས་དང་བཅས་པ་སྦྱོང་བ་དང་། སྣང་བ་ཐམས་ཅད་སེམས་སུ་ཤེས་ཤིང་སེམས་རང་བཞིན་མེད་པ་རྨི་ལམ་ལྟ་བུར་རྟོགས་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་འཆིང་གྲོལ་མེད་པ་སྒྱུ་མ་ལྟ་བུར་རྟོགས་པ་ལ་སོགས་པའི་རྟོགས་པ་འཆར་ལ། གཞན་ཡང་མ་དག་པའི་སྣང་ཞེན་ཕྲ་རགས་སྦྱངས་ཏེ་སྒྱུ་མ་ལྟ་བུར་དག་པའི་སྣང་བ་བསྐྱེད་ནས་མཐར་ཐུག་སྒྱུ་མའི་ལོངས་སྐུ་མངོན་དུ་བྱེད་པར་གསུངས་སོ། ༈ །བཞི་པ་ལམ་གྱི་སྙིང་པོ་འོད་གསལ་གྱི་གདམས་པ་ལ་བཞི། མ་ཟིན་པ་ཟིན་པར་བྱེད་པ། ཟིན་པ་བརྟན་པར་བྱེད་པ། བརྟན་པ་བོགས་དབྱུང་བ། ངོ་སྤྲད་དེ་ཉམས་མྱོང་བསྐྱང་ཚུལ་ལོ། །དང་པོ་ལ་གཉིས། འོད་གསལ་ཟིན་པའི་ཐབས་དང་། འོད་གསལ་འཛིན་པ་དངོས་སོ། །དང་པོ་ནི། གཉིད་ཀྱི་འོད་གསལ་མི་ཟིན་པའི་རྒྱུ་སྤང་ཞིང་ཟིན་པའི་རྒྱུ་བསྒྲུབ་དགོས་པས་དེ་དག་ཕལ་ཆེར་རྨི་ལམ་གྱི་སྐབས་སུ་བཤད་པ་ལྟར་བྱ་ཞིང་། གཞན་ཡང་ལུས་ཁྲུས་བྱས་ཏེ་བསྐུ་མཉེ་བྱ། བཟའ་བཏུང་དྲོད་བཅུད་ཅན་བསྟེན་ཞིང་བྱང་སེམས་བསྲུང་། ཤིན་ཏུ་དབེན་པར་མཚམས་དམ་དུ་བཅད་ཅིང་སྤྱོད་ལམ་དལ་བར་བྱའོ། །དེ་ནས་ཁྱད་པར་གྱི་སྔོན་འགྲོ་རྣམས་བྱ་ཞིང་ཐུན་གྱི་སུམ་ཆར་གཏུམ་མོ་བསྒོམ། དེ་ནས་རང་གི་སྙིང་གའི་རྩ་འཁོར་གྱི་དབུས་སུ་བླ་མ་རྡོ་རྗེ་འཆང་སྔོན་པོ་ཡུམ་དང་བཅས་པ་བསྒོམས་ནས། དེ་ལ་ཆོས་སྐུའི་མོས་པ་བསྐྱེད་དེ་འོད་གསལ་ཟིན་པ་དང་དེའི་རྟོགས་པ་མཐའ་དག་རྒྱུད་ལ་སྐྱེ་བར་གསོལ་བ་དྲག་ཏུ་བཏབ་ལ་རང་ཡི་དམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུར་གསལ་བའི་སྙིང་གའི་རྩ་འཁོར་གྱི་དབུས་སུ་པདྨ་འདབ་མ་བཞི་པའི་ལྟེ་བར་ཧཱུྃ་སྔོན་པོ། འདབ་མར་མདུན་དུ་ཨ་དཀར་པོ་གཡས་སུ་ནུ་སེར་པོ་རྒྱབ་ཏུ་ཏ་དམར་པོ་གཡོན་དུ་ར་ལྗང་གུ་རྣམས་གསལ་བར་བསྒོམས་པའམ་
༣༠༤ཧཱུྃ་ཁོ་ན་བསྒོམས་ཀྱང་རུང་བར་བཤད་དེ། ཧཱུྃ་ལ་རྩེ་གཅིག་ཏུ་རིག་པ་གཏད་པའི་རླུང་ཁ་སྦྱོར་ཅི་རིགས་པ་བསྒོམ། ཡང་ན་ཧཱུྃ་ལ་འཇུག་གནས་དབྱུང་གསུམ་གྱི་ནོར་བཟླས་བྱས་ཀྱང་རུང་ངོ། །དེ་ནས་སྒྱུ་ལུས་ཀྱི་སྐབས་སུ་བཤད་པ་ལྟར་རིལ་འཛིན་ནམ་རྗེས་གཞིག་གི་བསམ་གཏན་གྱིས་ཐམས་ཅད་སྙིང་གའི་ཧཱུྃ་ལ་བསྡུ། ཧཱུྃ་ཡང་ནཱ་དའི་བར་བསྡུ། ནཱ་ད་ཡང་མི་དམིགས་པའི་ངང་དུ་དེའི་ཐད་ཀར་རིག་པ་རྩེ་གཅིག་ཏུ་གཏད་ནས་རྟོག་མེད་ཀྱི་འོད་གསལ་ལས་ཅི་ནུས་མཉམ་པར་བཞག་ཅིང་རང་ཁ་སྦྱོར་ཅི་རིགས་བཟུང་། ཡང་སྐད་ཅིག་གིས་ལྷ་སྐུ་སྙིང་གའི་པདྨ་ཡི་གེ་དང་བཅས་པར་ལངས་ཏེ་ཧཱུྃ་ལ་དམིགས་པ་སོགས་སྔར་ལྟར་བྱའོ། །ཁ་ཅིག་ཚུལ་འདི་གཉིད་ཀ་ཁོ་ནར་བསྒོམས་པས་ཆོག་པར་འདོད་པ་ནི་གནད་མ་མཐོང་བ་སྟེ། སད་དུས་ཀྱི་ཐུན་ཐམས་ཅད་དུ་དེ་ལྟར་བསྒོམས་པས་སྙིང་གར་རླུང་འདུ་བ་བྱང་ནས་གཉིད་དུས་དེར་རླུང་འདུ་བ་སླ་ཞིང་བརྟན་པས་འོད་གསལ་འཆར་ཡུན་རིང་བ་དང་། སད་དུས་བསྒོམས་པའི་ཤུགས་ཀྱིས་གཉིད་དུས་ཀྱི་འོད་གསལ་ཟིན་བདེ་བ་དང་ཟིན་ཡུན་རིང་བ་སོགས་ཀྱི་གནད་ཆེའོ། །གཞན་ནི་འོད་གསལ་ཟིན་ཡང་དཀའ་ཞིང་བརྒྱ་ལ་ཟིན་ཡང་ཤིན་ཏུ་མི་བརྟན་པ་ཡིན་ནོ། །དེས་ནི་ཚུལ་དེ་ལྟར་བསྒོམས་པ་ལ་བརྟེན་ནས་རླུང་དབུས་རི་ཐིམ་པ་ལས་སྟོང་པ་བཞི་བསྐྱེད་ནུས་ན་ནི་མཆོག་ཏུ་བསྔགས་ལ། དེ་མི་ནུས་ཀྱང་སད་དུས་ཀྱི་ཐུན་ཐམས་ཅད་དུ་དེ་ལྟར་བསྒོམ་པ་ནི་འོད་གསལ་འཛིན་པའི་བབས་ཀྱི་གཙོ་བོ་ཡིན་ནོ། ཁ་ཅིག་གསང་འདུས་ཀྱི་མན་ངག་ཏུ་འབྱུང་བའི་ཐིག་ལེ་དཀར་དམར་གྱི་དབུས་སུ་ཨ་ཤད་ལ་རླུང་སྦྱོར་བྱེད་པ་འདིར་འཆད་པ་ནི་འགལ་བ་མེད་མོད་ཀྱང་། དེ་ལ་གནད་ལྷག་པ་མི་སྣང་ཞིང་ཆོས་དྲུག་གི་གཞུང་ཕལ་ཆེར་ལས་མི་འབྱུང་བས་སྔར་བཤད་པ་ཉིད་ལེགས་སོ། །གཉིས་པ་ནི། སད་དུས་སུ་རླུང་དབུ་མར་ཐིམ་པ་ལས་སྟོང་པ་བཞི་བསྐྱེད་ནུས་པས་ནི་གཉིད་དུ་འགྲོ་བར་རྩོམ་པའི་ཚེ་སྙིང་གའི་ཧཱུྃ་ཁོ་ན་ལ་རེག་པ་རྩེ་གཅིག་ཏུ་གཏད་དེ་གཉིད་བས། གཉིད་ཀྱི་སྟོང་པ་
༣༠༥བཞི་རིམ་གྱིས་འཆར་བ་ངེས་ནས་འོད་གསལ་ཟིན་པར་བཤད་ལ། དེ་ལྟར་མི་ནུས་པས་ནི་རིམ་པས་སྦྱངས་ཏེ་འཛིན་དགོས་སོ། །དེ་ལ་དུས་ཀྱི་གནད་ནི། སྲོད་ལ་སོགས་པ་གཉིད་འཐུག་པའི་དུས་སུ་མ་གོམས་པས་ཟིན་དཀའ་བས་ཐོ་རངས་དང་ནམ་ལངས་པ་སོགས་གཉིད་ཅུང་ཟད་སྲབ་པའི་དུས་སུ་བཟུང་ངོ་། །ལུས་ཀྱི་གནད་ནི། སྔས་མཐོ་བ་ལ་སེང་གེའི་ཉལ་སྟབས་བྱ་བར་བཤད་ཀྱང་གཉིད་ཕེབས་ན་ཙོག་གཉིད་བྱས་པ་ཟིན་བདེའོ། །ཡུལ་གྱི་གནད་ནི། རང་ལྷ་སྐུ་སྒྱུ་མ་ལྟ་བུར་གསལ་བའི་སྙིང་གའི་རྩ་འཁོར་གྱི་དབུས་སུ་པདྨ་ཡི་གེ་ལྔ་དང་བཅས་པ་ལ་རིམ་པས་དམིགས་པ་གཏོད་པ་སྟེ་གནད་གསུམ་མམ། ཡང་ན་དེ་ཐོག་ཏུ་རླུང་གི་གནད་རླུང་ཁ་སྦྱོར་ཅི་རིགས་བཟུང་། འདུན་པའི་གནད་གཉིད་ཀྱི་སྣང་མཆེད་ཐོབ་གསུམ་རྫོགས་ནས་རྨི་ལམ་མ་རྨིས་པའི་བར་དེར་འོད་གསལ་ཅི་ནས་ཀྱང་ཟིན་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་ཉེར་གཅིག་སོགས་ཕྱ་སྟེ་གནད་ལྔའོ། །འགའ་ཞིག་གཉིད་དུ་འགྲོ་བར་རྩོམ་པའི་སྔོན་དུ་སྔར་བཤད་པ་ལྟར་ལྷ་སྐུ་ཧཱུྃ་དང་བཅས་པ་འོད་གསལ་དུ་བསྡུས་ཏེ་མཉམ་པར་བཞག་པ་ལན་དུ་མར་བྱ་བར་ཡང་བཞེད་དོ། །དེ་ནས་གཉིད་མི་བྲོ་བར་སྣང་བ་བཀྲ་བ་ཐ་མལ་གྱི་དུས་ཡི་གེ་ཨ་ལ་རིག་པ་རྩེ་གཅིག་ཏུ་གཏད་ལ་ངོ་བོ་བསྐྱང་། དེ་བཞིན་དུ་གཉིད་དུ་འགྲོ་བར་རྩོམ་པའི་ཚེ་ནུ་དང་གཉིད་འཐུམ་པའི་ཚེ་ཏ་དང་ཆེར་འཐུམ་པའི་ཚེ་ང་དང་ཐུམ་གྱིས་འགྲོ་བའི་ཚེ་ཧཱུྃ་ལ་རིག་པ་རྩེ་གཅིག་ཏུ་གཏད་དེ་ངོ་བོ་བསྐྱང་ངོ་། །དེ་ཡང་དང་པོར་གཉིད་དུ་འགྲོ་བར་རྩོམ་པ་དང་གཉིད་འཐུམ་པའི་སྐབས་ཙམ་ལས་ཕྱི་མ་གཉིས་མི་ངེས་ཀྱང་། སྦྱངས་སྟོབས་ཀྱིས་རིམ་པས་ངེས་ནུས་པ་ཙམ་འབྱུང་ལ། རེ་ལ་ཡང་གཉིད་དུ་ཐུམ་གྱིས་སོང་བ་དང་དྲན་མེད་དུ་འགྲོའོ། །དེ་ནས་ཀྱང་ཡུན་དུ་སྦྱངས་པས་གཉིད་ཀྱི་དྲན་མེད་སངས་ནས་རྨི་ལམ་མ་རྨིས་པའི་བར་དེར་ནམ་མཁར་གཡའ་དག་པ་ལྟ་བུའི་སེམས་ས་ལེ་སིང་ངེ་བ་ཞིག་སྐབས་ཤིག་ཏུ་ངོས་ཟིན་པར་འགྱུར་པ་
༣༠༦ཏེ་འོད་གསལ་ཅུང་ཟད་ཟིན་པ་ཡིན་ནོ། །གལ་ཏེ་མ་ཟིན་ན་འོད་གསལ་ཟིན་པའི་གསོལ་བ་བཏབ་ཏེ་འདུན་པར་དྲག་པོས་གཉིད་ཐུན་ཆུང་བར་བྱས་ནས་སྙིང་གའི་ཧཱུྃ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་རིག་པའི་ངོ་བོ་བསྐྱང་ལ་གཉིད་ནས་སད་རེས་ཀྱིས་ཟིན་མ་ཟིན་བལྟ། དེས་ཀྱང་མ་ཟིན་ན་སྲོད་དང་ནམ་གུང་གཉིད་བཅག་ནས་ནམ་ལངས་པ་ན་མགོ་གོས་ཀྱིས་མ་གཡོགས་པར་གཉིད་དེ་སྒྲུབ་གྲོགས་ཞིག་ལ་གཉིད་མ་སད་ཙམ་དུ་འོད་གསལ་ཟུང་ཞིག་པའི་བརྡ་ཐབས་བྱེད་དུ་བཅུག་ནས། དེའི་ཚེ་རང་སྙིང་གའི་ཧཱུྃ་ལ་སེམས་གཏད་དེ་རིག་པའི་ངོ་བོ་རྩེ་གཅིག་ཏུ་བསྐྱང་བས་ཟིན་པར་བཤད་ལ། འགའ་ཞིག་ཏུ་ཞག་གསུམ་ཙམ་གཉིད་བཅག་སྟེ་དེ་ལྟར་བྱ་བར་བཤད་དོ། །གལ་ཏེ་དེ་ལྟར་འབད་ཀྱང་མ་ཟིན་ན་བླ་མ་དག་རེ་ཞིག་སྲབ་མོའ་འོད་གསལ་འཛིན་པར་བཞེད་དོ། །དེ་ལ་རང་གི་སྙིང་གའི་རྩ་འཁོར་གྱི་དབུས་སུ་ཡི་དམ་གྱི་ལྔ་ཚོན་གང་བ་ཤིན་ཏུ་འཚེར་བ་ཞིག་བསྒོམས་ལ་དེའི་འོད་ཀྱིས་ལུས་ཕྱི་ནང་ཐམས་ཅད་གསལ་སེང་ངེ་ཡོད་པར་ཉིན་མོ་དང་ཉལ་ཀར་བསྒོམ་ཞིང་། གཉིད་དུ་འགྲོ་བའི་ཚེ་དེ་ལ་སེམས་གཏད་དེ་གཉིད། ཡང་ན་ཡི་གེ་ལྔ་ཤིན་ཏུ་འཚེར་བའི་འོད་ཀྱིས་ལུས་ཀྱི་ནང་དང་མལ་སའི་ཁྱོན་ཙམ་དུ་གསལ་བར་དམིགས་ཏེ་གཉིད་པས་ཟིན་པར་བཤད་དོ། །དེ་ལ་འབད་ཀྱང་མ་ཟིན་ན་རེ་ཞིག་ཉམས་ཀྱི་འོད་གསལ་འཛིན་པར་བཞེད་དེ། དེ་ལ་རང་གི་སྙིང་གར་ཆོས་འབྱུང་གི་ནང་དུ་འོད་ཀྱི་གོང་བུ་བྱ་མོའ་སྒོ་ང་ཙམ་པ། ཤེལ་གོང་ལྟར་གསལ་ཞིང་འཚེར་བ་ལུས་ཕྱི་ནང་གི་གཟུགས་བརྙན་ཐམས་ཅད་བཀྲ་བར་འཆར་བ་ཞིག་བསྒོམས་ནས་དེ་ལ་རིག་པ་གཏད་པ་དང་། སྙིང་གར་འོད་ཁ་དོག་ལྔ་པ་གྭའུའི་རྣམ་པ་ཅན་ལ་རིག་པ་གཏད་པ་དང་། མདུན་དུ་ཤེལ་ལམ་ཅོང་ཞིའི་ཀོང་བུ་མར་མེ་སྦར་བ་ལ་མིག་ཟིམ་མེ་བལྟ་ཞིང་སེམས་ཀྱི་ངོ་བོ་བསྐྱང་བས་ཟིན་པར་བཞེད་དེ། སྲབ་མོ་དང་ཉམས་ཀྱི་འོད་གསལ་འཛིན་པ་ལ་ཡང་གྲོགས་ཀྱིས་བརྡ་ཐབས་བྱ་བ་གནད་དུ་འགྲོའོ། །འགའ་ཞིག་རྩ་རླུང་དང་
༣༠༧ཐིག་ལེའི་དྭངས་མ་སོགས་ལ་འཛིན་པའི་ཚུལ་མང་དུ་བྱེད་ཀྱང་དམིགས་རྐང་མང་བ་ཙམ་ལས་གནད་ལྷག་པ་མི་སྣང་ངོ་། ༈ །གཉིས་པ་ཟིན་པ་བརྟན་པར་བྱེད་པ་ནི། འོད་གསལ་ཡང་ཡུད་རེ་ཟིན་ཡང་མི་བརྟན་ན་དེའི་སྐྱོན་བསལ་ནས་སྦྱང་བར་བྱ་ཞིང་། དེ་ཡང་གཉིད་དུ་འགྲོ་བ་ནང་གཉིད་ཅུང་ཟད་སྲབ་པ་གཉིས་ཚོགས་པར་བྱ་དགོས་ཏེ། དེ་ལ་གཉིད་མ་ཕེབས་ན་ཟས་དྲོད་བཅུད་ཅན་བསྟེན་ཞིང་བསྐུ་མཉེ་བྱ་བ་སོགས་གཉིད་འོང་བའི་ཐབས་བྱས་ལ། སྙིང་གའི་པད་འདབ་ཀྱི་ལྟེ་བར་ཐིག་ལེ་སྔོན་པོའམ་ནག་པོ་ལ་སེམས་ལྷོད་ཀྱིས་གཏད་ལ་གཉིད། གཉིད་འཐུག་ན་སྙིང་གར་ཡི་གེ་ལྔའམ་ཐིག་ལེ་དཀར་དམར་ཤིན་ཏུ་འཚེར་བ་ཞིག་བསམས་ཏེ། དེའི་འོད་ཀྱིས་ལུས་ཀྱི་ནང་ཙམ་མམ་སྒྲུབ་ཁང་གི་ནང་ཙམ་ཉི་མ་ཤར་བ་ལྟར་གསལ་ཆམ་མེ་བསམས་ལ་གཉིད། ཐམས་ཅད་དུ་འོད་གསལ་འཛིན་པའི་འདུན་པ་དྲག་པོས་བརྩོན་པ་བསྐྱེད་པས་རྨིན་པ་ཅུང་ཟད་བརྟན་པར་འགྱུར་ཏེ། དེ་ལ་རབ་ཀྱི་ས་འོག་ཏུ་འཆད་པའི་གཉིད་ཀྱི་སྣང་མཆེད་ཉེར་ཐོབ་འོད་གསལ་བཞི་རིམ་གྱིས་ངེས་ནས་ཡུལ་ཕྲ་རགས་འགགས་པའི་སྣང་མེད་ཀྱི་སེམས་ངོས་བཟུང་མེད་པ་ནམ་མཁའ་གཡའ་དག་པ་ལྟ་བུ་ངོས་ཟིན་པ་ནི་གཉིད་ཀྱི་འོད་གསལ་དངོས་གཞི་ཡིན་ལ། འབྲིང་གིས་གཉིད་ཀྱི་སྟོང་པ་བཞི་རིམ་ཅན་དུ་མ་ངེས་པར་གཉིད་འཐུག་པོ་སངས་པ་ན་ཡུལ་ཕྲ་རགས་ཀྱི་སྣང་བའང་མ་འགགས་པའི་སེམས་གསལ་སྟོང་སིང་ངེ་བ་ཞིག་ངོས་ཟིན་པ་དེ་སྲབ་མོའ་འོད་གསལ་ཡིན་ཞིང་། ཐ་མས་དེ་དག་གང་ཡང་མི་ངེས་པར་སྐབས་ཤིག་ཏུ་རྨི་ལམ་རྨིས་ལམ་ཡིན་པར་འོད་ཀྱི་རྣམ་པའམ་མར་མེ་ལྟ་བུའི་གསལ་ཉམས་དང་བཅས་པའི་སེམས་ལྷམ་མེ་བ་ཞིག་ངོས་ཟིན་པ་ནི་ཉམས་ཀྱི་འོད་གསལ་ཡིན་ནོ། །གཞན་ཡང་སད་དུས་སུ་སེམས་གནས་བརྟན་པོ་ཡོད་ན་ཉིན་བར་ཏིང་ངེ་འཛིན་བསྒོམས་པའི་རྒྱུན་གཏིང་དུ་ཤར་ནས་གཉིད་ཐུན་རེ་ལ་རྨི་ལམ་མི་འཆར་བ་དང་། རྨི་ལམ་ལན་ཅིག་ཤར་བ་ཟིན་
༣༠༨ནས་སླར་ཏིང་ངེ་འཛིན་དུ་འགྲོ་བ་སོགས་ཀྱང་འབྱུང་སྟེ། དེ་དག་ཁ་ཅིག་འོད་གསལ་དུ་འདོད་ཀྱང་གཉིད་ཏིང་ངེ་འཛིན་དུ་ཤར་བའམ་གཉིད་དུ་དགེ་སྦྱོར་ཚུགས་པ་ཡིན་པས་འོད་གསལ་གཞན་ཡིན་ཡང་འདིར་བསྒྲུབ་བྱའི་གཉིད་ཀྱི་འོད་གསལ་མིན་ལ། འོན་ཀྱང་བོགས་བཏོན་པས་མཐར་སྲབ་མོའ་འོད་གསལ་དུ་འཆར་བ་འོང་ངོ་། །དེ་ནས་འོད་གསལ་ཟིན་ལུགས་གང་བྱུང་ཡང་རེ་ཞིག་སྔར་བཤད་པའི་བཟུང་ཐབས་མྱོང་བ་གང་སྐྱེ་བདེ་བ་ཞིག་གིས་བཟུང་སྟེ། ཟིན་པ་ན་གནས་ལུགས་སྟོང་ཉིད་ཀྱི་ལྟ་བ་རྩེ་གཅིག་ཏུ་བསྐྱང་ངོ་། །ཏིང་ངེ་འཛིན་དེ་སྲབ་ཏུ་སོང་ནས་སད་པར་རྩོམ་པ་ན་སླར་སྙིང་གའི་ས་བོན་ནམ་ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་གཏད་པས་བརྟན་པར་འགྱུར་ལ། འབྱམས་སྐྱོན་གཞན་གྱིས་འོད་གསལ་སྒོམ་མ་བདེ་ན་རྨི་ལམ་གྱི་གདམས་པར་བཤད་པའི་འབྱམས་སེལ་ཅི་རིགས་བྱས་ཏེ་ཟིན་པ་བརྟན་པར་བྱའོ། ༈ །གསུམ་པ་བརྟན་པ་བོགས་དབྱུང་བ་ལ་གསུམ། གཉིད་འཐུག་གི་འོད་གསལ་བོགས་དབྱུང་བ། སྲབ་མོའ་འོད་གསལ་བོགས་དཔྱད་པ། ཉམས་ཀྱི་འོད་གསལ་བོགས་དབྱུང་བའོ། །དང་པོ་ནི། སད་དུས་སུ་རླུང་དབུ་མར་ཐིམ་པ་ལས་སྟོང་པ་བཞིའམ་དགའ་བ་བཞི་བསྐྱེད་ལ་དེའི་འོད་གསལ་ལམ་ལྷན་སྐྱེས་ལ་མཉམ་པར་འཇོག་པ་ལ་སྦྱང་ཞིང་། གཞན་ཡང་འོད་གསལ་ཟིན་ཐབས་དང་འཛིན་ཚུལ་སྔར་བཤད་པ་ལྟར་བྱས་ལ། དེ་ནས་གཉིད་མི་བྲོ་བའི་ཐ་མལ་གྱི་དུས་སྙིང་གའི་པད་འདབ་ཀྱི་ཡི་གེ་ཨ་ལ་སེམས་རྩེ་གཅིག་ཏུ་གཏད། དེའི་ཚེ་སྙིང་གར་རླུང་ཅུང་ཟད་འདུས་ཏེ་དུ་བ་དང་སྨིག་རྒྱུ་སོགས་འབྱུང་བ་བཞི་རིམ་པས་ཐིམ་པའི་རྟགས་ཕྲ་མོ་རེ་འཆར། དེ་ནས་གཉིད་དུ་འགྲོ་བར་རྩོམ་པའི་ཚེ་ལ་ནུ་ལ་སེམས་གཏད། དེའི་ཚེ་རླུང་ཆེར་འདུས་ཏེ་རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པས་ཡུལ་རགས་པའི་རྟོག་པ་འགགས་ནས་སྟོང་པའི་སྣང་བ་ཞེས་པ་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཤར་བ་ལྟ་བུའི་རྣམ་པ་འཆར། དེ་ནས་གཉིད་འཐུམ་པའི་དུས་སུ་ཏ་ལ་སེམས་གཏད། དེའི་ཚེ་རླུང་ཆེས་
༣༠༩ཆེར་འདུས་ཏེ་སྣང་བ་མཆེད་པ་ལ་ཐིམ་པས་ཡུལ་ཕྲ་བའི་རྟོག་པ་མཐའ་དག་འགགས་ནས་ཤིན་ཏུ་སྟོང་པའམ་མཆེད་པ་ཞེས་པ་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཤར་བ་ལྟ་བུའི་རྣམ་པ་འཆར། དེ་ནས་གཉིད་ཆེར་འཐུམ་པའི་དུས་སུ་ར་ལ་སེམས་གཏད། དེའི་ཚེ་རླུང་ཐམས་ཅད་འདུས་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས་རྟོག་པ་ཕྲ་བ་ཕལ་ཆེར་འགགས་ནས་སྟོང་པ་ཆེན་པོའམ་ཉེར་ཐོབ་ཅེས་པ་ནམ་མཁའ་གཡའ་དག་པ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུའི་རྣམ་པ་འཆར། དེ་ནས་གཉིད་དུ་ཐུམ་གྱིས་འགྲོ་བའི་ཚེ་ཧཱུྃ་ལ་སེམས་གཏད། དེའི་ཚེ་རླུང་ཐམས་ཅད་ཐིམ་སྟེ་ཉེར་ཐོབ་འོད་གསལ་ལ་ཐིམ་པས་རྟོག་པ་ཐམས་ཅད་འགགས་ནས་ཐམས་ཅད་སྟོང་པའམ་འོད་གསལ་ཞེས་པ་ཐོ་རངས་ཀྱི་དུས་ནམ་མཁའ་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་ཏེ་གཡའ་དག་པའི་ནམ་མཁའ་ལ་ཤིན་ཏུ་དྭངས་པ་ལྟ་བུའི་རྣམ་པ་འཆར་ཏེ། དེ་དག་གི་ཚེ་གཉིད་ཀྱི་སྟོང་པ་འདི་དང་འདིའོ་སྙམ་དུ་ངེས་པར་བྱས་ཏེ་ངོ་བོ་བསྒོམ་པར་བྱ་ཞིང་། ཁྱད་པར་དུ་འོད་གསལ་གྱི་ཏིང་ངེ་འཛིན་དེའི་ངང་མ་ཤོར་བར་ཅི་གནས་སུ་བསྐྱང་ངོ་། །དེ་ཡང་དང་པོ་ཉིད་ནས་སྟོང་པ་བཞི་རིམ་ཅན་དུ་ངེས་མ་ནུས་ཀྱང་སྦྱངས་སྟོབས་ཀྱིས་ངེས་ནུས་པ་འབྱུང་ལ། མ་གོམས་པའི་ཚེ་གཉིད་སྲབ་པའི་དུས་ལ་སྦྱང་ཞིང་གོམས་ནས་གཉིད་འཐུག་པའི་དུས་ལ་སྦྱང་ངོ་། །དེ་ནས་འོད་གསལ་ལས་ཉེར་ཐོབ་སོགས་སྟོང་པ་ལུགས་བཟློག་ཏུ་འཆར་ཡང་ལུགས་འབྱུང་མ་བྱང་བར་དེ་ངོས་ཟིན་པ་ཤིན་ཏུ་དཀའ་ཞིང་། ལུགས་འབྱུང་བྱང་ནས་ལུགས་བཟློག་ངོས་འཛིན་པའི་འཕེན་པ་བཏང་སྟེ་སྦྱངས་ན་རིམ་གྱིས་ཟིན་པར་བཤད་དོ། །དེ་ནས་རླུང་གཡོས་ཏེ་ཏིང་ངེ་འཛིན་ལས་ལྡང་བར་རྩོམ་པ་ན་སྙིང་གའི་ས་བོན་ལ་རིག་པ་རྩེ་གཅིག་ཏུ་གཏད་དེ་བརྟན་པར་བྱ་ལ། ཅི་ནས་ཀྱང་ལྡང་ན་སྲབ་མོའ་འོད་གསལ་སྒོམ་པ་དང་། དེ་ལས་ཀྱང་ལྡང་ན་རྨི་ལམ་གྱི་ལུས་ལྷ་སྐུར་ལངས་ཏེ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་ལ་མཉམ་པར་བཞག་པ་ཡང་དང་
༣༡༠ཡང་དུ་བྱའོ། །འདི་དག་ལ་སད་དུས་སུ་རླུང་དབུ་མར་ཐིམ་པ་ལས་སྟོང་པ་བཞིའམ་དགའ་བཞི་བསྐྱེད་ནུས་པ་ཞིག་དང་། དེའི་འོད་གསལ་ལམ་ལྷན་སྐྱེས་ལ་མཉམ་པར་འཇོག་པ་གོམས་པ་ཞིག་དགོས་ཀྱི། གཞན་ནི་སྟོང་པ་བཞི་ཆ་མཐུན་ཙམ་ལས་མཚན་ཉིད་རྫོགས་པ་མི་འཆར་ཞིང་ཡུན་ཐུང་བས། སྣང་མཆེད་གཉིས་ཙམ་ངེས་པ་འབྱུང་ཡང་ཉེར་ཐོབ་ངེས་པ་དཀའ་ལ། འོད་གསལ་ངེས་པ་ཤིན་ཏུ་ཡང་དཀའ་བ་ཡིན་ནོ། །གཉིས་པ་ནི། གཉིད་འཐུག་འོད་གསལ་བསྒོམ་པར་མ་ནུས་ན་རེ་ཞིག་སྲབ་མོའ་འོད་གསལ་བསྒོམ་པར་བཞེད་དེ། དེ་ལ་གནད་གཞན་ཐམས་ཅད་སྔར་བཞིན་ལས་འོད་གསལ་འཛིན་པའི་འདུན་པ་དྲག་པོས་སྙིང་གའི་ཧཱུྃ་གི་འོད་ཀྱིས་ལུས་ཕྱི་ནང་ཀུན་གསལ་བར་དམིགས་ནས་དགེ་སྦྱོར་གྱི་ཐོག་ཏུ་བཞག་ལ་གཉིད་པས། གཉིད་ཀྱི་སྟོང་པ་ཐམས་ཅད་མི་ངེས་ཀྱང་ཅི་རིགས་ངེས་ཤིང་གཉིད་འཐུག་པོ་སངས་ནས་རྨི་ལམ་མི་འཕྲོ་བའི་བར་དེར་འདུན་སྟོབས་དང་རླུང་སྟོབས་ཅི་རིགས་པས་ཟིན་ནས་ཡུལ་ཕྲ་རགས་ཀྱི་སྣང་བ་མ་འགགས་པའི་སེམས་གསལ་སྟོང་སིང་ངེ་བ་གཉིད་དུ་མ་སོང་བའི་རྣམ་པ་ལྟ་བུ་ཞིག་འབྱུང་། རེས་རྨི་ལམ་དང་བསྲེས་ནས་འབྱུང་ངོ་། །དེའི་ཚེ་སྙིང་གའི་ཧཱུྃ་ལ་སེམས་གཏད་ནས་རིག་པའི་ངོ་བོ་རྩེ་གཅིག་ཏུ་བསྐྱང་བས་འོད་གསལ་དེ་བརྟན་པོར་འཆར་ལ། གལ་ཏེ་དེས་གཉིད་འཐུག་པོ་བསྐྱེད་ནས་སྣང་སེམས་མི་གསལ་བར་གྱུར་ན་སྐྱོན་དུ་མི་བཟུང་བར་རིག་པའི་ངར་ཅུང་ཟད་བསྐྱེད་དེ་བསྐྱང་བས། ཅི་ཞིག་ན་འཐུག་པོའ་འོད་གསལ་ཅུང་ཟད་ཟིན་པར་འགྱུར་བ་ཡིན་ནོ། །རླུང་གིས་གཡོ་བས་ཅི་ནས་ཀྱང་རྨི་ལམ་འཆར་ན། རྨི་ལམ་གྱི་ལུས་སྒྱུ་མ་ལྟ་བུའི་ལྷ་སྐུ་སྙིང་གའི་ས་བོན་དང་བཅས་པར་སྐད་ཅིག་གིས་ལངས་ལ། རིལ་འཛིན་ནམ་རྗེས་གཞིག་གི་བསམ་གཏན་གྱིས་དེ་དག་རིམ་པས་བསྡུས་ཏེ་རྟོག་མེད་ཀྱི་འོད་གསལ་ལ་ཅི་གནས་མཉམ་པར་བཞག །ཡང་རྨི་ལམ་འཆར་བར་རྩོམ་པ་ན་སྔར་བཞིན་ལྡང་ངོ་། །སྲབ་མོའ་འོད་གསལ་འདི་ཉིད་སྤྱིར་གཉིད་ཀྱི་འོད་གསལ་ཡིན་ཀྱང་སྟོང་པ་བཞི་བའི་འོད་གསལ་
༣༡༡དངོས་ནི་མིན་ཏེ། དེ་ལ་ཡུལ་ཕྲ་རགས་ཀྱི་སྣང་བ་དང་རྟོག་པ་ཐམས་ཅད་ཐིམ་པའི་སྣང་མེད་ཅིག་དགོས་པ་ལས་འདིར་སྣང་མེད་དེ་སངས་ནས་ཡུལ་ཕྲ་རགས་ཀྱི་སྣང་བ་མ་འགགས་པར་གསལ་བས་སོ། །འོན་ཀྱང་འདི་ཉིད་ལ་གོམས་པ་ལས་གཉིད་ཀྱི་སྟོང་པ་ཅི་རིགས་ངེས་ནུས་པ་དང་མཐར་རིམ་ཅན་དུ་ངེས་ནས་གཉིད་ཀྱི་འོད་གསལ་ལ་དངོས་གཞི་འཆར་བར་བཤད་དོ། །དེས་ན་དེང་སང་འོད་གསལ་ཡིན་ཟེར་བ་ཕལ་ཆེར་ནི་གཉིད་དུ་དགེ་སྦྱོར་ཤར་བ་དང་འོད་གསལ་གྱི་ཉམས་ཤར་བ་ཙམ་དུ་སྣང་ཞིང་། ཟིན་ལུགས་ལེགས་པ་འགའ་ཞིག་ཀྱང་སྲབ་མོའ་འོད་གསལ་ཙམ་དུ་སྣང་བས་སྟོང་པ་བཞི་པའི་འོད་གསལ་དངོས་མིན་ཏེ་རྣམ་དབྱེ་ཤེས་དགོས་སོ། །གསུམ་པ་ནི། གཉིད་འཐུག་སྲབ་ཀྱི་འོད་གསལ་སྒོམ་མ་ནུས་ན་རེ་ཞིག་ཉམས་ཀྱི་འོད་གསལ་བསྒོམ་པར་བཞེད་དོ། །དེ་ལ་གནད་གཞན་ཐམས་ཅད་སྲང་བཞིན་ལས། རྩ་དབུ་མ་ཤེལ་གྱི་ཀ་བ་ལྟ་བུ་ཤིན་ཏུ་དྭངས་ཤིང་སྒྲིབ་གཡོགས་མེད་པའི་ནང་གི་སྙིང་གར་པདྨའི་དབུས་སུ་ཧཱུྃ་དཀར་པོ་ཤིན་ཏུ་འཚེར་བ་ཞིག་བསམ། དེའི་འོད་ཀྱིས་ལུས་ཀྱི་ནང་དང་སྒྲུབ་ཁང་གི་ནང་ཐམས་ཅད་ཟླ་འོད་ཤར་བ་ལྟར་དཀར་སང་ངེ་བསམས་ལ་གཉིད། ཡང་སད་རེས་ཀྱིས་དེ་ལྟར་གསལ་བཏབ་ལ་སྦྱངས་པས་འོད་ཀྱི་རྣམ་པ་ལྟ་བུའི་གསལ་ཉམས་དང་བཅས་པའི་སེམས་ས་ལེ་བ་ཞིག་འཆར་ཏེ། དེའི་ངང་མ་ཤོར་བར་རྩེ་གཅིག་ཏུ་བསྐྱང་ཞིང་རིག་པའི་ངར་བསྐྱེད་དོ། །མན་ངག་འགའ་ཞིག་ལས་དེ་ལ་འབྱོངས་པ་ན་སྙིང་གའི་ས་བོན་གྱི་འོད་ཀྱིས་སྒྲུབ་ཁང་གི་ནང་གི་དངོས་པོ་ཐམས་ཅད་སྣང་བར་བྱས་ནས་བཀྲ་ལམ་མེ་ཡིད་ལ་བྱས་ཏེ་གཉིད་པས་སྦྱངས་སྟོབས་ཀྱིས་དེ་དག་གསལ་བར་རིག་པ་འབྱུང་ཞིང་། དེ་ལ་འབྱོངས་པ་དང་རིམ་པས་དགོན་གནས་དང་ཡུལ་ཁམས་སོགས་རྒྱ་ཇེ་ཆེར་འོད་ཀྱིས་སྣང་བར་བསམས་ནས་ཡིད་ལ་བཀྲ་བར་བྱས་ཏེ་གཉིད་པས་དེ་དག་གསལ་བར་རིག་པ་འབྱུང་བར་བཤད་དེ། རྩ་རླུང་སོགས་ཀྱི་ཁྱད་
༣༡༢པར་ལས་འགའ་ཞིག་ལ་དེ་ལྟ་བུའི་གསལ་སྣང་ངེས་བཟུང་ཅན་འབྱུང་ཡང་ཐམས་ཅད་ལ་འབྱུང་བའི་ངེས་པ་མི་སྣང་ལ། འོན་ཀྱང་དེ་ལྟར་སྦྱོངས་ན་མ་ངེས་པའི་གསལ་སྣང་ཅི་རིགས་པ་ནི་ཕལ་ཆེར་ལ་འབྱུང་ངོ་། །དེ་ནས་ཉམས་ཀྱི་འོད་གསལ་དེ་ཉིད་རིག་པའི་ངར་བསྐྱེད་དེ་བསྐྱང་བས་མྱུར་དུ་སྲབ་མོའ་འོད་གསལ་འཆར་བ་དང་། དེ་ཉིད་སྦྱངས་སྟབས་ཀྱིས་གཉིད་ཀྱི་འོད་གསལ་དངོས་གཞི་འཆར་བར་བཤད་དེ། ཕྱི་མ་ཕྱི་མ་ཤར་ནས་སྔ་མ་སྔ་མ་ནན་གྱིས་སྦྱང་དགོས་པ་མིན་ནོ། །ཁ་ཅིག་ལས་རྒྱ་ལ་བརྟེན་ནས་རླུང་དབུ་མར་ཐིམ་པ་ལས་བྱུང་བའི་སྟོང་པ་བཞི་པ་འོད་གསལ་དངོས་དང་། གཉིད་ཀྱི་སྟོང་པ་བཞི་པ་འོད་གསལ་རྗེས་མཐུན་པར་འཆད་པ་ན་སྐབས་འདིའི་རྣམ་དབྱེ་མིན་ཏེ། ཆོས་དྲུག་གི་གཞུང་ཁུང་ཐུབ་ཐམས་ཅད་ནས་གཉིད་ཀྱི་འོད་གསལ་ལ་སྐབས་འདིའི་འོད་གསལ་དུ་ངོས་བཟུང་བས་སོ། བཞི་པ་ངོ་སྤྲད་དེ་ཉམས་མྱོང་བསྐྱང་ཚུལ་ནི། སྤྱིར་འོད་གསལ་ལ་གཞི་ལམ་འབྲས་བུའི་འོད་གསལ་གསུམ་ལས། གནས་ལུགས་ཀྱི་འོད་གསལ་དང་གཉིད་ཀྱི་འོད་གསལ་དང་འཆི་བའི་འོད་གསལ་རྣམས་བསྒོམས་མ་བསྒོམས་ཐམས་ཅད་ལ་ངོ་ཤེས་རུང་མ་ཤེས་རུང་ངེས་པར་འཆར་བས་གཞིའི་འོད་གསལ་ཡིན་ལ། ཆོས་ཐམས་ཅད་སྐྱེ་མེད་སྟོང་པ་ཉིད་དུ་རྟོགས་པ་སྤྱི་དོན་གྱི་འོད་གསལ་དང་། སད་འཐུག་འཆི་བ་གསུམ་གྱི་གནས་སྐབས་སུ་རླུང་སེམས་དགུ་མར་འདུས་ཤིང་ཐིམ་པ་ལས་སྟོང་པ་བཞི་ཤར་བ་མྱོང་ཐོག་ཏུ་རང་ངོ་ཤེས་པ་སྦས་དོན་གྱི་འོད་གསལ་དང་། ནམ་མཁའ་གཡའ་དག་པའི་དཔེས་མཚོན་པ་ཙམ་དུ་སྒྱུ་མ་ལྟ་བུའི་གཉིས་སྣང་ཕྲ་ཞིང་ཕྲ་བའང་དག་ནས་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སྟོང་ཉིད་མངོན་གསུམ་དུ་རྟོགས་པ་མཐར་ཐུག་གི་འོད་གསལ་རྣམས་ལམ་གྱི་འོད་གསལ་ཡིན་ཞིང་། མི་སློབ་པའི་ཟུང་འཇུག་མངོན་དུ་གྱུར་པའི་འོད་གསལ་ནི་འབྲས་བུའི་འོད་གསལ་ཡིན་ནོ། །ཁྱད་པར་དུ་གཉིད་ཀྱི་འོད་གསལ་ལ་གཉིད་ཀྱི་སྐབས་སུ་དགེ་་
༣༡༣སྦྱོར་ཤར་བ་ནི་ཐུན་མོང་བའི་འོད་གསལ་དང་། སྟོང་པ་བཞི་རིམ་ཅན་དུ་ཟིན་ན་ཐུན་མོང་མིན་པའི་འོད་གསལ་ཡིན་ལ། དེ་ཡང་གཉིད་འཐུག་སྣང་མེད་ཟིན་ན་འཐུག་པོའ་འོད་གསལ་དང་། སྣང་མེད་སངས་ནས་ཡུལ་ཕྲ་རགས་ཀྱི་སྣང་བ་དང་བཅས་ནས་སྲབ་མོའ་འོད་གསལ་ཞེས་བྱ་ཞིང་། དེ་གཉིས་ཀ་ལ་སེམས་སྐྱེ་མེད་སྟོང་པ་ཉིད་དུ་རྟོགས་ན་རྟོགས་པའི་འོད་གསལ་དང་། ཉམས་མྱོང་ངེས་ཤེས་དང་བཅས་ན་ཉམས་ཀྱི་འོད་གསལ་དུ་བཞེད་དོ། །གཞན་ལར་ཁ་ཅིག་གཉིད་ཞི་གནས་འབའ་ཞིག་ཏུ་འཆར་བ་དང་། གཉིད་སད་པ་ཡང་མ་ཡིན་རྨི་ལམ་ཡང་མ་ཡིན་པར་ཡུལ་སྣང་ཅི་རིགས་པའི་གསལ་སྣང་འཆར་བ་ལ། སྔ་མ་འཐུག་པོའ་འོད་གསལ་བཏགས་པ་བ་དང་ཕྱི་མ་སྲབ་མོའ་འོད་གསལ་བཏགས་པ་བར་འཆད་དོ། །དེ་ནས་ཡུན་དུ་ཉམས་མྱོང་བསྐྱང་ཚུལ་ནི། སྟོང་པ་བཞི་རིམ་ཅན་དུ་ངེས་ནས་གཉིད་འཐུག་པོ་འོད་གསལ་འཛིན་ནུས་པས་ནི། སད་དུས་སུ་སྒྱུ་མ་ལྟ་བུའི་ལྷ་སྐུ་བསྒོམས་ཏེ་རླུང་དབུ་མར་ཐིམ་པའི་སྟོང་པ་བཞི་བསྐྱེད་ནས་རིམ་པ་འོད་གསལ་དུ་སྡུད་པའི་རྣལ་འབྱོར་བྱས་ཏེ་སྟོང་པ་བཞི་བ་ལ་ཅི་ཙམ་ནུས་ཀྱི་བར་རྩེ་གཅིག་ཏུ་མཉམ་པར་བཞག །དེ་ལས་ལྡང་བར་རྩོམ་པ་ན་སྐད་ཅིག་གིས་སྒྱུ་མའི་སྐུར་ལྡང་བ་ལ་སྦྱང་ཞིང་། དེ་དང་ཚུལ་མཐུན་པར་གཉིད་དུས་སུ་གཉིད་ཀྱི་སྟོང་པ་རིམ་ཅན་དུ་འཆར་བ་ན་སྒྱུ་མ་ལྟ་བུའི་ལྷ་སྐུ་སྡུད་པའི་རྣལ་འབྱོར་གྱིས་རིམ་པས་བསྡུས་ཏེ་གཉིད་ཀྱི་འོད་གསལ་ཅི་ནུས་པ་རྩེ་གཅིག་ཏུ་བསྐྱང་ལ་དེ་ལས་རྨི་ལམ་འཆར་བར་རྩོམ་པ་ན་སྐད་ཅིག་གིས་སྒྱུ་མའི་སྐུར་ལྡང་བ་སོགས་བྱ། དེ་ལྟར་མི་ནུས་པས་ནི་སད་དུས་སུ་རླུང་སྦྱོར་དང་བཅས་པས་སྒྱུ་མ་ལྟ་བུའི་ལྷ་སྐུ་སྡུད་པའི་རྣལ་འབྱོར་གྱིས་བསྡུས་ལ་རྟོག་མེད་ཀྱི་འོད་གསལ་ཅི་ནུས་སྐྱོང་བ་དང་། ཡང་དེ་ལས་སྒྱུ་མ་ལྟ་བུའི་ལྷ་སྐུར་ལངས་པ་སོགས་ལ་བསླབ་ཅིང་། གཉིད་དུས་སྣང་མཆེད་ཐོབ་གསུམ་ཅི་རིགས་ངེས་པའི་ཚེ་སྡུད་པའི་རྣལ་འབྱོར་བསྒོམས་ལ་གཉིད་
༣༡༤ནས་འོད་གསལ་སྲབ་འཐུག་གང་ཟིན་རྩེ་གཅིག་ཏུ་བསྐྱང་ལ་རྨི་ལམ་འཆར་བར་རྩོམ་པ་ན་སྐད་ཅིག་གིས་སྒྱུ་མ་ལྟ་བུའི་སྐུར་ལངས་ཏེ་སྣོད་བཅུད་གཞལ་ཡས་ཁང་དང་འཁོར་གྱི་ལྷར་སྦྱང་བ་སོགས་དང་ཞིང་སྦྱོང་སོགས་བྱའོ། །གདམས་པ་འདིའི་དགོས་པའི་གཙོ་བོ་ནི་མཐར་ཐུག་གི་འོད་གསལ་མངོན་དུ་བྱེད་པའི་ཆེད་ཡིན་ཏེ། སད་དུས་སུ་རླུང་དབུ་མར་ཐིམ་པའི་སྟོང་པ་བཞི་བསྐྱེད་ནས་འོད་གསལ་ལ་མཉམ་པར་འཇོག་པ་དང་། གཉིད་དུས་སུ་གཉིད་ཀྱི་སྟོང་པ་བཞི་ངོས་བཟུང་སྟེ་འོད་གསལ་ལ་མཉམ་པར་འཇོག་པ་གཉིས་གཅིག་གི་བོགས་གཅིག་གིས་ཕྱུང་སྟེ་འོད་གསལ་གྱི་རྟོགས་པ་མཐར་འབྱིན་པའི་མར་ཁྱད་དུ་འགྱུར་བ་ཤེས་པར་བྱའོ། །གཞན་ཡང་རྨི་ལམ་གྱིས་བར་དོའ་ཚོད་འཛིན་ཡིན་པ་ལྟར་གཉིད་ཀྱི་འོད་གསལ་འཆི་བ་འོད་གསལ་གྱི་ཚོད་འཛིན་དུ་འགྱུར་ཏེ། འདིར་གཉིད་ཀྱི་སྟོང་པ་བཞི་ངེས་ནས་འོད་གསལ་ལ་རང་དབང་ཐོབ་ན། འཆི་བའི་ཚེ་དེའི་སྟོང་པ་བཞི་ངེས་ནས་འོད་གསལ་ལ་རང་དབང་ཐོབ་པས་འཆི་བ་ལམ་དུ་སློང་བ་ཡང་ཤིས་པར་བྱའོ། །དེ་ལྟར་འོད་གསལ་གྱི་གདམས་པ་ཉམས་སུ་བླངས་པ་ལས་གནས་སྐབས་སུ་གཟུང་འཛིན་འཁྲུལ་པའི་རྣམ་པར་རྟོག་པ་སྦྱངས་ཏེ་རང་རིག་པའི་ཡེ་ཤེས་ཀྱི་རྟོགས་པ་འཆར་བ་དང་། འོད་གསལ་གྱི་མེས་ལས་ཉོན་བག་ཆགས་དང་བཅས་པ་གཞོམ་པ་དང་། གནས་སྐབས་མཐའ་དག་འོད་གསལ་གྱི་ལམ་དུ་སློང་བ་སོགས་འབྱུང་ཞིང་མཐར་ཐུག་ཏུ་སྣང་སྲིད་ཐམས་ཅད་ཡེ་ཤེས་སུ་རྫོགས་ཏེ་འོད་གསལ་མ་བུ་འདྲེས་པས་ཐམས་ཅད་འོད་གསལ་ཆེན་པོའ་ཀློང་འབྱམས་སུ་གྱུར་ནས་རང་དོན་དུ་ཆོས་སྐུ་རྫོགས་པར་ཐོབ་ཅིང་། དེའི་རྩལ་འབྱོངས་པས་གཞན་དོན་དུ་གཟུགས་ཀྱི་སྐུས་འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་ལྷུན་གྲུབ་ཏུ་འབྱུང་བར་གསུངས་སོ། ༈ །ལྔ་པ་ལམ་གྱི་བསུན་མ་བར་དོའ་གདམས་པ་ལ་གསུམ། འཆི་བ་དང་བར་དོ་སོགས་ཀྱི་རྣམ་བཞག །བར་དོ་འཛིན་པའི་གང་ཟག་གི་རྣམ་དབྱེ། བར་དོའ་ཉམས་ལེན་དངོས་བཞི་བཤད་
༣༡༥པའོ། །དང་པོ་ལ་གསུམ། འཆི་བའི་ཚུལ། བར་དོ་འཆར་ཚུལ། སྐྱེ་བ་འཛིན་ཚུལ་ལོ། །དང་པོ་ནི། བར་དོའ་གདམས་པ་ཉམས་སུ་ལེན་པ་ལ་འཆི་བ་དང་བར་དོ་སོགས་ཀྱི་རྣམ་གཞག་རྟོགས་དགོས་པས་རྒྱས་པར་གཞན་ལས་ཤེས་དགོས་ལ། འདིར་མདོར་བསྡུས་ཤིག་བརྗོད་པར་བྱ་བ་ལས་ཐོག་མར་འཆི་བའི་ཚེ་རགས་པ་ཉི་ཤུ་ཐིམ་ཚུལ་ནི། གཟུགས་ཀྱི་ཕུང་པོ་ཐིམ་པས་ལུས་ཉམ་ཆུང་ཞིང་ནུས་པ་ཟད། མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པས་སེམས་མི་གསལ་ཞིང་རབ་རིབ་ཏུ་གྱུར། ས་ཁམས་ཐིམ་པས་ལུས་སྐམ་ཞིང་རིད། མིག་དབང་ཐིམ་པས་མིག་མི་གསལ་ཞིང་མི་འགྱུར། གཟུགས་ཐིམ་པས་ལུས་ཀྱི་མདངས་ཉམས། ཚོར་བའི་ཕུང་པོ་ཐིམ་པས་ལུས་ཀྱི་ཚོར་བ་ཆད། མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་གསུམ་མི་དྲན། ཆུ་ཁམས་ཐིམ་པས་ལུས་ཀྱི་རྡུལ་དང་ཁ་ཆུ་ལ་སོགས་པ་སྐམ། རྣ་བའི་དབང་པོ་ཐིམ་པས་ཕྱི་ནང་གི་སྒྲ་མི་གསལ། སྒྲ་ཐིམ་པས་རང་གི་ལུས་ཀྱི་སྒྲ་མི་ཐོས། འདུ་ཤེས་ཀྱི་ཕུང་པོ་ཐིམ་པས་སེམས་ཅན་རྣམས་མི་དྲན། སོར་རྟོགས་ཡེ་ཤེས་ཐིམ་པས་ཉེ་དུ་ལ་སོགས་པའི་མིང་མི་དྲན། མེ་ཁམས་ཐིམ་པས་ཟས་མི་འཇུ། སྣའི་དབང་པོ་ཐིམ་པས་སྟེང་རླུང་དལ་གྱིས་འགྲོ། དྲི་ཐིམ་པས་རང་གི་ལུས་ཀྱི་དྲི་མི་བྲོ། འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་ལུས་ཀྱིས་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུར། བྱ་གྲུབ་ཡེ་ཤེས་ཐིམ་པས་བྱ་བ་དང་དགོས་པ་མི་དྲན། རླུང་ཁམས་ཐིམ་པས་རླུང་བཅུ་རང་གི་གནས་ནས་འཕོ། ལྕེ་དབང་ཐིམ་པས་ལྕེ་ཐུང་ཞིང་སྦོམ་པར་འགྱུར། རོ་ཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་བའོ། །དེ་ནས་ཕྲ་བ་ནང་གི་འབྱུང་བ་ཐིམ་ཚུལ་ནི། ས་ཆུ་ལ་ཐིམ་པས་ཕྱི་རྟགས་ལུས་འགུལ་བསྐྱོད་མི་ནུས་ཤིང་ཟུངས་མི་ཐུབ། ལུས་སེལ་བྱིང་བ་སྙམ་བྱེད་ཅིང་ང་འཐེན་ཟེར་བ་འབྱུང་། ནང་རྟགས་ཤེས་པ་དུ་བ་ལྟ་བུ་བན་བུན་ལང་ལོང་དུ་འཆར། ཆུ་མེ་ལ་ཐིམ་པས་ཕྱི་རྟགས་ཁ་ཆུ་དང་སྣ་ཆུ་ལ་སོགས་པ་སྐམ། ནང་
༣༡༦རྟགས་ཤེས་པ་སྨིག་རྒྱུ་ལྟར་གཡོ་ཞིང་མི་བརྟན་པ་འབྱུང་། ཞེ་སྡང་ལས་གྱུར་པའི་ཀུན་རྟོག་སོ་གསུམ་འགག །མེ་རླུང་ལ་ཐིམ་པས་ཕྱི་རྟགས་ལུས་དྲོད་ཆུང་ངུ་འགྲོ་ཞིང་དྲོད་མཐའ་ནས་བསྡུད། ནང་རྟགས་ཤེས་པ་སྲིན་བུ་མེ་ཁྱེར་ལྟར་གསལ་ཁྱེམ་པ་འབྱུང་། འདོད་ཆགས་ལས་གྱུར་བའི་ཀུན་རྟོག་བཞི་བཅུ་འགག །རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་རྟགས་དབུགས་ཕྱིར་རིང་དུ་རྒྱུ་ཞིང་ནང་དུ་སྡུག་མི་ཤེས། ཅུང་ཟད་རེ་སྡུད་ཀྱང་ཐུང་ལ་རྩུབ་པར་སྲུང་། ནང་རྟགས་ཤེས་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་གསལ་ལམ་པ་འབྱུང་། གཏི་མུག་ལས་གྱུར་པའི་ཀུན་རྟོག་བདུན་འགག་གོ་།འདི་ཉིད་ཀྱི་གཞུང་ཁུངས་ཐུབ་མང་པོ་ནས་ནང་རྟགས་འདི་དག་དང་ཀུན་རྟོག་བརྒྱད་ཅུ་ཐིམ་ཚུལ་རྣམས་སྣང་མཆེད་ཐོབ་གསུམ་ཐིམ་པའི་སྐབས་སུ་འབྱུང་བར་ཡང་གསུངས་ལ། འཆི་རྟགས་འདི་དག་སྔ་བར་རིམ་པས་འབྱུང་བ་དང་མྱུར་བར་དུས་གཅིག་ལྟ་བུར་འབྱུང་བ་ཡང་ཅི་རིགས་སྣང་ངོ་། །དེ་ནས་ཤིན་ཏུ་ཕྲ་བ་སྣང་མཆེད་ཐོབ་གསུམ་ཐིམ་ཚུལ་ནི། རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པས་སྤྲིན་མེད་པའི་ནམ་མཁའ་ལ་ཟླ་འོད་ཤར་བ་ལྟ་བུའི་སྣང་བ་དཀར་ལམ་པ་འབྱུང་། སྣང་བ་མཆེད་པ་ལ་ཐིམ་པས་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཤར་བ་ལྟ་བུའི་སྣང་བ་དམར་ལམ་པ་འབྱུང་། མཆེད་པ་ཉེར་ཐོབ་ལ་ཐིམ་པས་ནམ་མཁའ་གཡའ་དག་པ་ལ་འཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུའི་སྣང་བ་ནག་ལམ་པ་འབྱུང་ཞིང་དྲན་པ་ཉམས་ནས་ནག་ཐུམ་གྱིས་དྲན་མེད་དུ་འགྲོ། དེ་ནས་དྲན་མེད་དེ་སངས་པ་ན་ཟླ་འོད་དང་ཉི་འོད་དང་མུན་པའི་སྨག་སྟེ་ནམ་མཁའ་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཐོ་རངས་ཀྱི་དུས་ཀྱི་ནམ་མཁའ་གཡའ་དག་པ་ལྟ་བུ་ཞིག་འཆར་ཏེ། དེ་ནི་འཆི་བའི་འོད་གསལ་དང་དངོས་གཞི་ཡིན་ནོ། །འདི་ནི་སྣང་བ་རིན་གྱིས་ཐིམ་ནས་རླུང་རྣམས་སྙིང་གར་ཐིམ་པ་དང་། སྤྱི་བོའ་ཐིག་ལེ་དཀར་པོ་མར་སོང་ལྟེ་བའི་ཐིག་ལེ་དམར་པོ་ཡར་འོང་སྟེ་སྙིང་གའི་ཐིག་ལེ་ལ་འདུས་པའི་སྐབས་ཡིན་པར་བཤད་ལ།
༣༡༧ཁམས་དྲུག་ལྡན་པའི་སེམས་ཅན་འཆི་བ་ལ་ཡང་འོད་གསལ་ཅུང་ཟད་རེ་འཆར་ཡང་ངོས་ཟིན་པ་ཡིན་ནོ། །གཉིས་པ་ནི། དེ་ནས་འོད་གསལ་ལས་ཉེར་ཐོབ་དང་མཆེད་པ་དང་། སྣང་བ་རྣམས་རིམ་གྱིས་འཆར་ཏེ། དེ་ཡང་འོད་གསལ་ལས་རླུང་ཅུང་ཟད་གཡོ་བར་རྩོམ་པ་ན་ཉེར་ཐོབ་འཆར་བར་རྩོམ་པ་ཡིན་ལ། འོད་གསལ་འགགས་པ་དང་ཉེར་ཐོབ་ཤར་བ་དང་བར་དོ་གྲུབ་པ་རྣམས་དུས་མཉམ་ཞིང་། དེའི་དེ་མ་ཐག་ཏུ་མཆེད་པ་དང་དེའི་དེ་མ་ཐག་ཏུ་སྣང་བ་འཆར། དེ་ལས་ཀུན་རྟོག་བརྒྱད་ཅུ་སྐྱེས་ཏེ་བར་དོའ་འཁྲུལ་སྣང་མཐའ་དག་འཆར་བ་ཡིན་ནོ། །བར་དོའ་སེམས་ཅན་དེ་ནི་མདོ་སྡེ་འགའ་ཞིག་དང་ཐོགས་མེད་སྐུ་མཆེད་ཀྱིས་གང་དུ་སྐྱེ་བར་འགྱུར་བའི་ལུས་དབྱིབས་ཅན་དུ་བཤད་ཅིང་། མདོ་སྡེ་འགའ་ཞིག་ལས་སྔོན་གྱི་བག་ཆགས་ཀྱི་ལུས་ཀྱང་འབྱུང་བར་གསུངས་པས། དེ་དག་གི་དོན་ནི་བསྒྲུབ་བརྒྱུད་འདིའི་བཞེད་པ་ལ་བར་དོར་ཐོག་མར་སྐྱེ་བ་སྔོན་མའི་བག་ཆགས་ཀྱི་ལུས་སྣང་ཡུད་དེ་བ་འཆར་ཞིང་། དེ་ནས་དེ་ཇེ་མི་གསལ་དུ་གྱུར་ཏེ་སྐྱེ་བ་ཕྱི་མའི་ཡུལ་གྱི་རྣམ་པ་འཆར་བས་བར་དོའ་ཚེ་ཚད་དེའི་ཕྱེད་དམ་བར་དོའ་སྟོད་ལ་སྔོན་གྱི་སྣང་བ་ཤས་ཆེ་ཞིང་དེ་ཕྱིན་ནས་ཕྱི་མའི་རྣམ་པ་འཆར་བར་བཞེད་པས་ཐམས་ཅད་མི་འགལ་བར་སེམས་སོ། ཁ་ཅིག་བར་དོར་སྔོན་གྱི་སྣང་བ་འཆར་བ་མི་འཐད་པར་སྨྲ་བ་ནི་ཤིན་ཏུ་མི་རིགས་ཏེ། མདོ་སྡེ་མཐའ་དག་ཏུ་སྔོན་གྱི་བག་ཆགས་འབྱུང་བར་གསུངས་པ་དང་། དུས་འཁོར་འགྲེལ་ཆེན་དུའང་བར་དོར་སླར་རྨི་ལམ་གྱི་ལུས་བཞིན་དུ་སྔ་མའི་ལུས་ཀྱི་བག་ཆགས་མ་འགགས་པར་འབྱུང་བ་དང་། དེ་ནས་བག་ཆགས་དེ་བཏང་ནས་ཕྱི་མའི་ལུས་ཀྱི་བག་ཆགས་སྐྱེ་བ་གསལ་བར་བཤད་ཅིང་། རྒྱ་གར་གྱི་པཎ་གྲུབ་ཁུངས་ཐུབ་མང་པོའ་གསུང་གི་བདུད་རྩི་འཛིན་པའི་མཁས་གྲུབ་དུ་མས་ཀྱང་གོང་དུ་བཤད་པ་ལྟར་གསུངས་པས་སོ། །བར་དོའ་ལུས་དེ་ཡང་དབང་པོ་ཀུན་ཚང་བ། སྐྱེ་གནས་མ་གཏོགས་
༣༡༨པ་ལ་ཐོགས་པ་མེད་པ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། དྲི་ཟོས་ནས་ལུས་བརྟས་པར་བྱེད་པ། རང་དང་རིགས་མཐུན་པའི་བར་དོ་དང་ལྷ་མིག་དག་པས་མཐོང་བ། སྐྱེ་གནས་དང་དྲི་ཚོལ་པའི་ཕྱིར་མངོན་པར་རྒྱུ་བ་ཞིག་ཏུ་བཤད་ལ། བར་དོ་དེས་དང་པོར་རྐྱེན་འགའ་ཞིག་ལ་བརྟེན་ནས་ཤི་བར་ཤེས་ཤིང་ཤི་བའི་རོ་ཡང་མཐོང་ལ་ཡང་ལུས་ཡོད་པའི་སྣང་བ་འབྱུང་བར་མདོ་སྡེ་ཁ་ཅིག་ཏུ་བཤད་དོ། །དེ་ནས་ཕྱི་མའི་སྣང་བ་ཤར་བ་ན་ངན་འགྲོའི་བར་སྲིད་ལ་ཕྱར་བ་ནག་པོའམ་མཚན་མོའ་མུན་ནག་གི་སྣང་བ་ལྟ་བུ་དང་། བདེ་འགྲོའི་བར་སྲིད་ནི་སྣམ་བུ་དཀར་པོའམ་ཟླ་འོད་དང་བཅས་པའི་མཚན་མོའ་སྣང་བ་ལྟ་བུ་འབྱུང་བར་ཐོགས་མེད་གསུངས་ལ། དགའ་བོ་མངལ་མཇུག་གི་མདོར། དམྱལ་བའི་བར་སྲིད་སྡོང་དུམ་མེས་ཚིག་པའི་ཁ་དོག་ལྟ་བུ་དང་། ཡི་དྭགས་ཀྱི་ནི་དུ་བའི་ཁ་དོག་ལྟ་བུ་དང་། དུད་འགྲོའི་ནི་ཆུའི་ཁ་དོག་ལྟ་བུ་དང་། འདོད་ཁམས་པའི་ལྷ་མིའི་གསེར་གྱི་ཁ་དོག་ལྟ་བུ་དང་། གཟུགས་ཁམས་པའི་བར་སྲིད་ནི་ཁ་དོག་དཀར་པོའ་སྣང་བ་འབྱུང་ཞིང་། ལྷའི་བར་སྲིད་མགོ་སྟེང་དུ་བསྟན་ཏེ་འགྲོ་བ་དང་། མི་དང་དུད་འགྲོ་དང་ཡི་དྭགས་རྣམས་མགོ་འཕྲེད་དུ་དང་། དམྱལ་བ་སྤྱིའུ་ཚུགས་སུ་འགྲོ་བར་གསུངས་ལ། ཁ་ཅིག་ཏུ་ངན་འགྲོ་གསུམ་ག་སྤྱིའུ་ཚུགས་སུ་འགྲོ་བར་ཡང་བཤད་དོ། །དེ་ཡང་གཟུགས་མེད་ཁམས་སུ་སྐྱེ་བ་ལ་བར་སྲིད་མི་འོང་བར་གང་དུ་ཤི་བ་དེར་གཟུགས་མེད་ཀྱི་ཕུང་པོ་འགྲུབ་ཅིང་། གཟུགས་མེད་ན་འདོད་གཟུགས་གཉིས་སུ་སྐྱེ་བ་ལ་བར་སྲིད་འབྱུང་བར་བཤད་དོ། །འགའ་ཞིག་གིས་རྣམ་བྱང་གི་འོད་ཁ་དོག་ལྔ་འཆར་བར་བཞེད་པ་ནི་སྔ་མ་དང་ཕྱོགས་མཐུན་པར་སྣང་ལ། གཞན་ཡང་སྐབས་དེར་ས་རླུང་ལས་རི་བོ་ཉིལ་བའི་སྒྲ། ཆུ་རླུང་ལས་རྒྱ་མཚོ་འཆོལ་བའི་སྒྲ། མེ་རླུང་ལ་ལ་ནགས་ཚལ་ཚིག་པའི་སྒྲ། རླུང་གི་རླུང་ལས་དུས་ཀྱི་རླུང་སྒྲ་སྟེ་འཇིགས་པའི་སྒྲ་བཞི་དང་། དུག་གསུམ་གྱི་ཤེས་པའི་རང་གཟུགས་ཀྱི་གཅོང་གཡང་
༣༡༩ས་དཀར་པོ་དང་དམར་པོ་དང་ནག་པོ་སྟེ་ཉམ་ང་བའི་གཡང་ས་གསུམ་དང་། འཁྲུལ་པའི་བག་ཆགས་ཀྱི་གཟུགས་བརྙན་སྲིན་པོ་དང་གཤིན་རྗེ་དང་ཤ་ཟ་ལ་སོགས་པ་གཤེད་མའི་འཚེ་བ་འབྱུང་བར་བཤད་དོ། །ཁ་ཅིག་བར་དོའ་རྟགས་དྲུག་ཞེས་པ་ལུས་ལ་གྲིབ་མ་མེད་པ་དང་། ལུས་ལ་ཐོགས་པ་མེད་ཅིང་ཡུད་ཙམ་ལ་མང་དུ་འཁོར་བ་དང་། རང་གི་ཅི་བྱས་གཞན་གྱིས་མི་མཐོང་བ་དང་། གཞན་གྱིས་ཅི་བྱེད་ཅི་བསམ་རང་གིས་ཤེས་པ་དང་། ཉི་ཟླ་དང་གཟའ་སྐར་གྱི་སྣང་བ་མེད་ཅིང་ལྷན་ཅིག་སྐྱེས་པའི་ལྷ་འདྲེས་དགེ་སྡིག་རྩི་བ་དང་། བཟའ་བཏུང་མཐོང་ཡང་མ་བསྔོས་ན་ལོངས་སྤྱོད་པར་མི་ནུས་པ་རྣམས་འབྱུང་བར་འདོད་ཀྱང་། བར་དོའ་སྣང་བ་ལ་ལས་བཟང་ངན་གྱི་ཁྱད་པར་ལ་བརྟེན་ནས་འཁྲུལ་སྣང་མ་ངེས་པ་སྣ་ཚོགས་འཆར་བས་གཅིག་ཏུ་ངེས་བཟུང་ཅན་མི་འབྱུང་སྟེ། དཔེར་ན་རྨི་ལམ་གྱི་སྣང་བ་ལྟ་བུའོ། །འོན་ཀྱང་སྣང་བ་ཐམས་ཅད་མ་ངེས་ཤིང་ཤིན་ཏུ་མི་བརྟན་པ་ཞིག་འབྱུང་ངོ་། །བར་དོ་དེའི་ཚེ་ཚད་ནི་རིང་མཐའ་ཞག་བདུན་ཡིན་ཞིང་དེ་ཚུན་ཆད་དུ་ངེས་པ་མེད་ལ། དེ་ལ་སྐྱེ་སྲིད་དུ་སྐྱེ་བར་མ་ནུས་ན་ཅུང་ཟད་བརྒྱལ་བ་ལྟ་བུའི་འཆི་ཆུང་རེ་ལས་སླར་བར་དོར་སྐྱེས་ནས་ཞག་བདུན་གྱི་ཚུལ་གྱིས་སྐྱེ་སྲིད་འཛིན་ཞིང་། དེ་ཡང་སྐྱེ་བའི་རྐྱེན་གྱི་ཚོགས་པ་མ་རྙེད་ན་སྔར་བཞིན་ལས་ཞག་ཞེ་དགུ་ཚུན་ལ་ངེས་པར་སྐྱེ་བ་ལེན་པའོ། །གསུམ་པ་ནི། དེ་ནས་སྐྱེ་སྲིད་ལ་འཇུག་པའི་ཚེ་སྐྱེ་གནས་བཞི་ལས། རྫུས་ཏེ་སྐྱེས་ན་གནས་ལ་སྲེད་པ་སྐྱེ། དྲོད་གཤེར་ལས་སྐྱེས་ན་དྲི་དང་རོ་ལ་སྲེད་པ་སྐྱེ། མངལ་དང་སྒོ་ང་ལས་སྐྱེས་ན་ཕ་མ་ཉལ་པོ་བྱེད་པ་ལ་ཆགས་སྡང་སྐྱེ་མ་དང་། དེ་ཡང་ཕོར་སྐྱེ་ན་མ་ལ་ཆགས་ཤིང་ཕ་ལ་ཞེ་སྡང་བ་དང་། མོར་སྐྱེ་ན་ཕ་ལ་ཆགས་ཤིང་མ་ལ་ཞེ་སྡང་སྐྱེས་པས་བར་དོའ་འཆི་རྐྱེན་བྱས་ཏེ་ཅུང་ཟད་བརྒྱལ་བ་ལས་སྐྱེ་སྲིད་འཛིན་པར་བཤད་ལ། བྱེ་བྲག་ཏུ་འགའ་ཞིག་ལས། ལྷར་སྐྱེ་ན་སྐྱེ་གནས་དེ་རིན་པོ་ཆེའི་གཞལ་ཡས་
༣༢༠ཁང་དུ་སྣང་ཞིང་ལྷའི་བུ་དང་བུ་མོ་དག་མཐོང་ནས་སྲེད་པ་དང་། ལྷ་མ་ཡིན་ལ་ནགས་ཚལ་ཉམས་དགའ་བར་ལྷ་མ་ཡིན་ཕོ་མོ་མཐོང་ནས་སྲེད་པ་དང་། མི་ལ་ཤར་ལུས་འཕགས་པོར་སྐྱེ་ན་རྟ་ཕོ་མོས་བརྒྱན་པའི་མཚོའམ་རྟ་ཕོ་མོ་མང་དུ་མཐོང་། ལྷོ་འཛམ་བུའི་གླིང་དུ་སྐྱེ་ན་ཁང་བཟང་གི་ནང་དུའམ་ཁང་པ་མེད་པར་མི་ཕོ་མོ་མང་དུ་མཐོང་། ནུབ་བ་ལང་སྤྱོད་དུ་སྐྱེ་ན་བ་ལང་ཕོ་མོས་བརྒྱན་པའི་མཚོའམ་བ་ལང་ཕོ་མོ་མང་དུ་མཐོང་། བྱང་སྒྲ་མི་སྙན་དུ་སྐྱེ་ན་བྱ་ངང་པ་ཕོ་མོས་བརྒྱན་པའི་མཚོའམ་ངང་པ་ཕོ་མོ་མང་དུ་མཐོང་སྟེ། བཞི་ཀ་ལ་དེ་དག་འཁྲིག་པ་སྤྱོད་པ་ལ་ཆགས་སྡང་སྐྱེ་བ་དང་། ངན་འགྲོར་སྐྱེ་ན་འཇིགས་པའི་འཁྲུལ་སྣང་ཅི་རིགས་ཤར་ཏེ་སྐྱབས་འཚོལ་བ་ལས། དུད་འགྲོ་ལ་ས་ཕུག་དང་བྲག་ཁུང་དང་རྩ་དང་ལོ་མའི་ཁང་བུ་ལ་སོགས་པ་དང་། ཡི་དྭགས་ལ་སྒྲ་དང་ཕྱར་ལྡིང་ལ་སོགས་པ་དང་། དམྱལ་བ་ལ་ལྕགས་ཀྱི་ཁང་པ་ལ་སོགས་པ་སོ་སོའ་ས་ཕྱོགས་ཇི་ལྟ་བ་མཐོང་ནས་འབྲོས་པའི་སྣང་བ་ཤར་བ་ལས། རྫུས་སྐྱེས་རྣམས་གནས་ལ་སྲེད་ནས་ཅི་རིགས་པའི་ཆགས་སྡང་གིས་ཅུང་ཟད་བརྒྱལ་བ་ལས་ཀྲོང་སྟེ་སྐྱེ། དྲོད་གཤེར་སྐྱེས་རྣམས་ལྗན་ལྗིན་སོགས་ཀྱི་དྲི་དང་རོ་ལ་སྲེད་པའི་ཆགས་སྡང་གིས་ཅུང་ཟད་བརྒྱལ་བ་དང་། མངལ་སྐྱེས་དང་སྒོང་སྐྱེས་རྣམས་ལ་མ་འདོད་པ་སྤྱོད་པ་ལ་ཆགས་སྡང་གིས་ཅུང་ཟད་བརྒྱལ་བ་ལས་སྐྱེ་བ་འཛིན་པར་བཤད་དོ། །དེ་ཡང་བར་དོ་ཤི་ནས་སྐྱེ་བ་འཛིན་པའི་ཚེ་བར་དོའ་གནས་སྐབས་ཀྱི་རང་བཞིན་གཡོ་བའི་རླུང་རྣམས་ཐིམ་ནས་སྣང་མཆེད་ཉེར་ཐོབ་འོད་གསལ་རྣམས་རིམ་པས་གེག་ཙམ་རེ་འཆར་ལ། དེའི་འོད་གསལ་ལས་ཉེར་ཐོབ་འཆར་བ་དང་སྐྱེ་སྲིད་འཛིན་པ་དུས་མཉམ་ཞིང་། ཉེར་ཐོབ་ལས་མཆེད་པ་དང་དེ་ལས་སྣང་བ་དང་དེ་ལས་ཀུན་རྟོག་བརྒྱད་ཅུ་རྣམས་འཆར་རོ། །ཁྱད་པར་དུ་མི་ལ་སོགས་པའི་ཕུང་པོ་འགྲུབ་ཚུལ་ནི་སྣང་བའི་བཞོན་པའི་རླུང་ལས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཁྱད་པར་ཅན་དུ་གྱུར་
༣༢༡པའི་རླུང་ཁམས་སྐྱེ་ལ། དེ་ལས་དེ་འདྲའི་མེ་ཁམས་དང་དེ་ལས་ས་ཆུ་ཁམ་དང་དེ་ལས་ས་ཁམས་སྐྱེས་ནས་འབྱུང་བ་དེ་དག་ལས་ཕུང་པོ་ལ་སོགས་པ་འཕེལ་ཏེ་མངལ་དུ་ལུས་རྫོགས་པར་འགྱུར་བ་ཡིན་ནོ། ༈ །གཉིས་པ་བར་དོ་འཛིན་པའི་གང་ཟག་གི་རྣམ་དབྱེ་ནི། གང་ཟག་རབ་ཚེ་འདིར་བསྐྱེད་རིམ་གྱི་རྟོགས་པ་མཐར་ཕྱིན་ཞིང་རྫོགས་རིམ་གྱི་རྟོགས་པ་མཐའ་དག་ཐོབ་པ། ཁྱད་པར་རླུང་དབུ་མར་ཐིམ་པ་ལས་སྟོང་པ་བཞི་དང་དགའ་བ་བཞི་བསྐྱེད་ནས་དེའི་འོད་གསལ་དང་ལྷན་སྐྱེས་ལ་མཉམ་པར་འཇིག་པ་ཆེར་བརྟན་ཞིང་དོན་གྱི་འོད་གསལ་བསྐྱེད་ནུས་པ། སྒྱུ་ལུས་ཀྱི་རྟོགས་པ་ཆེར་བརྟན་ཞིང་སྒྱུ་མའི་སྐུ་དངོས་གྲུབ་པ་ལ་ཉེ་བ་ཞིག་དགོས་ཏེ། དེ་ནི་འཆི་བ་འོད་གསལ་གྱི་མཐར་བར་དོ་འཆར་བའི་དོད་ལ་སྒྱུ་མའི་སྐུ་གྲུབ་ནས་རྟེན་དེ་ལས་འཚང་རྒྱའོ། །གང་ཟག་འབྲིང་ནི་བསྐྱེད་རིམ་གྱི་རྟོགས་པ་མཐར་ཕྱིན་ཞིང་རྫོགས་རིམ་ལ་མྱོང་བ་ཐོབ་པ། ཁྱད་པར་རླུང་དབུ་མར་ཐིམ་པ་ལས་སྟོང་པ་བཞི་བསྐྱེད་པའི་འོད་གསལ་ལས་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བ་ལ་བྱང་བ་ཞིག་དགོས་ལ། དེ་ཡང་གཉིད་ཀྱི་སྟོང་པ་དང་རྨི་ལམ་ལ་བསྲེ་ནུས་པ་ཞིག་དགོས་ཏེ། དེ་དག་བར་དོའ་ཚོང་འཛིན་པ་ཡིན་པས་སོ། །གང་ཟག་ཐ་མ་ནི་དབང་རྫོགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུང་བ། བསྐྱེད་རིམ་གྱི་རྣལ་འབྱོར་ལ་བརྩོན་ཞིང་རྫོགས་རིམ་བསྒོམ་པ། ཁྱད་པར་སྒྱུ་ལུས་དང་རྨི་ལམ་གྱི་གདམས་པ་ལ་མྱོང་བ་ཅི་རིགས་ཐོབ་པ། འཆི་བའི་རིམ་པ་དང་དེ་ལས་བར་དོ་འཆར་ཚུལ་དང་དེ་ལས་སྐྱེ་བ་འགྲུབ་ཚུལ་རྣམས་ཤེས་ཤིང་ད་ལྟ་ནས་དེའི་གདམས་པ་སྦྱོང་བ་ལ་བརྩོན་པ་ཞིག་དགོས་སོ། །གཞན་ཡང་ཚེ་འདིར་སྒོམ་མེད་ཆུང་འབྲིང་གི་རྟོགས་པ་ཇི་ལྟ་བ་ཐོབ་པ་ཞིག་གིས་འཆི་བའི་ཚེ་འོད་གསལ་མ་བུ་འདྲེས་ནས་དག་བྱའི་དྲི་མ་ཕྲ་མོའང་ཡེ་ཤེས་སུ་དག་སྟེ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དུས་གཅིག་ཏུ་རྫོགས་པར་བཤད་ཅིང་། དེ་ལྟར་མིན་ཀྱང་ལྷག་མཐོང་གི་ལྟ་བ་
༣༢༢ཉིན་མཚན་འཁོར་ཡུག་ཏུ་སོང་བ་ཞིག་གིས་ཀྱང་འཆི་བའི་འོད་གསལ་ཟིན་ནས་མཉམ་པར་འཇོག་ནུས་པ་དང་། དེ་ལས་བར་དོ་ཤར་བའི་ཚེ་དེའི་འཁྲུལ་སྣང་མཐའ་དག་ལམ་དུ་ཁྱེར་ནུས་པ་དང་། རྟེན་འབྲེལ་གྱི་དབང་ལས་རྟེན་རྣམ་པར་དག་པར་སྐྱེ་བ་བཟུང་སྟེ་ལས་ཀྱི་འཕྲོ་འཐུད་ནས་རིམ་པས་འཚང་རྒྱ་བར་བཞེད་ལ། དེ་ཡང་མིན་པའི་དགེ་སྦྱོར་རེས་འཇོག་པ་དག་གིས་འཆི་བ་ཆོས་སྐུ་དང་བར་དོ་ལོངས་སྐུར་འཚང་རྒྱ་བ་དང་། འཆི་བ་འོད་གསལ་དང་བར་དོའ་འཁྲུལ་སྣང་ལམ་དུ་ཁྱེར་ནུས་པར་སྨྲ་བ་ནི་ཤིན་ཏུ་མ་གོ་བ་སྟེ། ཆོས་སྐུ་དང་ལོངས་སྐུར་སངས་རྒྱས་པ་ལྟ་ཞོག་འོད་གསལ་ཟིན་པ་ཙམ་དང་འཁྲུལ་པ་ལམ་དུ་སློང་བ་ཙམ་ཡང་ཆེས་དཀའ་སྟེ། དཔེར་ན་དེས་ད་ལྟ་གཉིད་ཀྱི་འོད་གསལ་དང་རྨི་ལམ་ཟིན་དཀའ་ཞིང་བརྒྱ་ལ་ཟིན་ཡང་འོད་གསལ་ལ་མཉམ་པར་འཇོག་པ་དང་རྨི་ལམ་དུ་སྤྲུལ་བསྒྱུར་མི་ནུས་པ་བཞིན་ནོ། །འོན་ཀྱང་རྟེན་འབྲེལ་གྱི་དབང་ལས་ཕལ་ཆེར་གྱིས་ལུས་རྣམ་པར་དག་པ་ཐོབ་ཅིང་ལས་འཕྲོ་རྙེད་པར་བཞེད་དོ། ༈ །གསུམ་པ་བར་དོའ་ཉམས་ལེན་དངོས་གཞི་བཤད་པ་ལ་བཞི། སྔོན་དུ་ཉམས་སུ་བླང་ཚུལ་ཐུན་མོང་དུ་བསྟན་པ་གང་ཟག་རབ་ཀྱི་ཉམས་ལེན། གང་ཟག་འབྲིང་གི་ཉམས་ལེན། གང་ཟག་ཐ་མའི་ཉམས་ལེན་ནོ། །དང་པོ་ནི། སྤྱིར་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་བར་དོ་ཡིན་ལ་དེ་ཡང་སྐྱེ་སྲིད་བཟུང་ནས་མ་ཤིའི་བར་ལ་སྐྱེ་ཤི་བར་དོ་ཞེས་བྱ་སྟེ། སད་དུས་སུ་ལམ་བསྐྱེད་རྫོགས་བསྒོམ་ཞིང་ཁྱད་པར་གཏུམ་མོ་དང་སྒྱུ་ལུས་ཀྱི་གདམས་པ་ལ་གནད་དུ་བསྣུན་པ་དང་། གཉིད་དུ་སོང་ནས་མ་སད་ཀྱི་བར་ལ་རྨི་ལམ་བར་དོ་ཞེས་བྱ་སྟེ་དེར་འོད་གསལ་དང་རྨི་ལམ་གྱི་གདམས་པ་ལ་གནད་དུ་བསྣུན་པ་དང་། ཤི་ནས་སྐྱེ་སྲིད་མ་བཟུང་གི་བར་ལ་སྲིད་པ་བར་དོ་ཞེས་བྱ་སྟེ་དེར་བར་དོའ་གདམས་པ་ལ་གནད་དུ་བསྣུན་པར་བྱ་དགོས་ལ། སད་དུས་གཏུམ་མོ་དང་སྒྱུ་ལུས་གཉིད་དུས་རྨི་ལམ་དང་
༣༢༣འོད་གསལ་སྦྱོང་བ་ལ་སོ་སོའ་ཐུན་མོང་མ་ཡིན་པའི་ལམ་བགྲོད་ཚུལ་རེ་ཡོད་ཀྱང་། སྲིད་པ་བར་དོར་དེའི་གདམས་པ་ཉམས་སུ་བླང་བའི་སྔོན་འགྲོ་ལྟ་བུར་ཡང་འགྱུར་རོ། །གཞན་ཡང་སད་རྨི་གཉིས་སུ་སྣོད་བཅུད་ལ་སོགས་པའི་སྣང་བ་ཐམས་ཅད་ལ་བར་དོའ་སྣང་བ་ཡིན་སྙམ་དུ་ཡང་ཡང་བསམ་ཞིང་ངག་ཏུའང་བར་དོ་ཡིན་ཞེས་བརྗོད་པར་བྱ་བ་དང་། སྔར་བཤད་པའི་འཆི་བ་དང་བར་དོའ་རྣམ་བཞག་རྣམས་དང་འཆད་པར་འགྱུར་བའི་དེ་དག་གི་སྐབས་སུ་གདམས་པ་ཉམས་སུ་ལེན་ཚུལ་རྣམས་ཉིན་རེ་བཞིན་དུ་སྦྱངས་ནས་ཡིད་ལ་ངེས་པ་བརྟན་པོ་རྙེད་པར་བྱ་དགོས་ཏེ། དཔེར་ན་སྐྱེས་བུ་དོན་གཉེར་བ་ལ་ཆས་པའི་ཚེ་དོན་དེ་དག་ཡིད་ལ་ངེས་པ་བརྟན་པོ་བྱ་དགོས་པ་ལྟར་རོ། །དེ་ལྟར་བླ་མ་དག་བར་དོའ་གདམས་པ་ཁྱི་བདུན་གྱིས་དེད་ཀྱང་ཐོན་པ་ཞིག་དགོས་ཞེས་གསུང་ངོ་། །དེ་ནས་འཆི་བ་ལ་ཉེ་བའི་སྔོན་དུ་ཡོ་བྱད་ཡོད་ན་བླ་མ་དཀོན་མཆོག་ལ་མཆོད་པ་དང་སེམས་ཅན་ལ་སྦྱིན་གཏོང་སོགས་བྱས་ཏེ་ཞེན་པ་བཏང་། ཉེ་དུ་དང་ལུས་ལོངས་སྤྱོད་སོགས་གང་བ་ཡང་མ་ཆགས་པར་བྱ། དམ་ཚིག་དང་སྡོམ་པ་ཉམས་ཆགས་ཐམས་ཅད་ལ་བཤགས་བསྡམ་དྲག་པོ་བྱ་ཞིང་དབང་ཞུ་བ་དང་རང་ཉིད་དབང་བླང་བ་སོགས་ཀྱིས་དམ་ཚིག་གསོ། བླ་མ་དང་ཡི་དམ་ལ་མཆོད་ཅིང་འཆི་བ་འོད་གསལ་དང་བར་དོ་སྒྱུ་ལུས་སུ་ཁྱེར་ནུས་པ་སོགས་ཀྱི་གསོལ་བ་གདབ། བཀའ་སྡོད་ལ་གཏོར་མ་ཕུལ་ཏེ་དེ་ལྟ་བུའི་སྡོང་གྲོགས་བཅོལ། འཆི་བའི་སྟོང་པ་བཞི་ངོས་བཟུང་ནས་འོད་གསལ་ལ་མཉམ་པར་འཇོག་པ་དང་། བར་དོ་སྒྱུ་མའི་སྐུར་ལྡང་བ་སོགས་ཀྱི་འབྱེད་པ་རག་ཏུ་བཏང་ངོ་། །གཉིས་པ་ནི། དེ་ནས་གང་ཟག་རབ་ཀྱིས་འཆི་བའི་ཚེ་རགས་པ་ཉི་ཤུ་དང་ནང་གི་འབྱུང་བ་ཐིམ་པའི་དུས་སུ་སྣོད་བཅུད་ཀྱི་དཀྱིལ་འཁོར་བསམ་གཏན་གཉིས་གང་རུང་གིས་སྡུད་པའི་རྣལ་འབྱོར་བཞིའི་རིག་པའི་ངོ་བོ་ལ་མ་ཡེངས་བ་བྱ། དེ་ལ་ཤིན་ཏུ་ཕྲ་བ་སྣང་མཆེད་ཐོབ་གསུམ་
༣༢༤ཐིམ་པའི་རྟགས་རྣམས་བྱུང་བའི་ཚེ་འདི་དང་འདིའོ་སྙམ་དུ་ངོ་བོ་མ་ཡེངས་པར་བསྐྱང་ལ་འཆི་བ་དོན་གྱི་འོད་གསལ་དུ་བསྐྱེད་དེ་མཉམ་པར་བཞག །དེ་ལས་ལྡང་བའི་ཚེ་འོད་གསལ་གྱི་རླུང་སེམས་ཙམ་ལས་སྒྱུ་ལུས་དངོས་སུ་ལྡང་སྟེ། སྔར་ཇི་ལྟར་འཕེན་པ་བཏང་བ་བཞིན་དུ་འགྲུབ་པར་གསུངས་སོ། །དེ་ནས་བསམ་གཏན་གཉིས་གང་རུང་གིས་བསྡུས་པ་འོད་གསལ་བསྒོམས་ཏེ་སྦྱངས་པས་དོན་གྱི་འོད་གསལ་མངོན་དུ་འགྱུར་ཞིང་། དེའི་མཐར་མི་སློབ་པའི་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པར་གསུངས་སོ། །གཞན་ཡང་སྒོམ་མེད་འབྲང་པོ་མངོན་དུ་གྱུར་པ་དག་གིས་འཆི་བ་འོད་གསལ་ཤར་བའི་ཚེ་འོད་གསལ་མ་བུ་འདྲེས་ནས་ཐམས་ཅད་ཡེ་ཤེས་ཀྱི་ཀློང་འབྱམས་སུ་གྱུར་ཏེ། རྣམ་སྨིན་ལུས་རྒྱ་བག་ཆགས་སྣང་རྒྱ་རྣམ་ཤེས་སེམས་རྒྱ་སྟེ་རྒྱ་གསུམ་ལས་གྲོལ་ཞིང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དུས་གཅིག་ལ་རྫོགས་པས་སེམས་འོད་གསལ་ཆོས་ཀྱི་སྐུ་དང་ལུས་ཡེ་ཤེས་ཀྱི་སྐུ་བརྙེས་ཤིང་ཞིང་ཁམས་ཐམས་ཅད་དག་པ་རབ་འབྱམས་སུ་སྣང་བར་བཞེད་དོ། །གསུམ་པ་ནི། གང་ཟག་འབྲིང་པོས་འཆི་བའི་རྟགས་རྣམས་ཤེས་པར་བྱ་ལ་སྡུད་པའི་རྣལ་འབྱོར་བྱ་བ་ནས་འོད་གསལ་སྐྱོང་བའི་བར་གོང་དུ་བཤད་པ་ལྟར་བྱས་ལ། འོན་ཀྱང་འདིས་འཆི་བ་འོད་གསལ་དོན་གྱི་འོད་གསལ་དུ་བསྐྱེད་པ་དང་དེ་ལས་སྒྱུ་ལུས་དངོས་སུ་ལྡང་བ་མི་ནུས་པས། འཆི་བ་འོད་གསལ་རང་ངོ་ཤེས་པ་བྱས་ལ་མཉམ་པར་བཞག་སྟེ། དེ་ལས་ལྡང་བར་རྩོམ་པ་ན་སྔར་གྱི་སྦྱང་སྟོབས་དང་འཕེན་པ་ལ་བརྟེན་ནས་སྒྱུ་མ་ལྟ་བུའི་ལྷ་སྐུར་ལངས་ཏེ་བར་དོའ་སྣང་བ་ཐམས་ཅད་གཞལ་ཡས་ཁང་དང་འཁོར་གྱི་ལྷར་སྦྱང་བ་དང་། དེ་དག་བསམ་གཏན་གཉིས་གང་རུང་གིས་འོད་གསལ་དུ་བསྡུས་ལ་མཉམ་པར་བཞག་པ་དང་། ཡང་དེ་ལས་སྒྱུ་མའི་སྐུར་ལྡང་བའི་སྦྱར་ཞིང་། འོག་ཏུ་འཆད་པ་ལྟར་ཞག་ཞེ་དགུའི་སྲིད་པ་བགག་སྟེ་ས་ལམ་མཐའ་དག་རྫོག་པར་བྱས་ལ། མཐར་འོག་
༣༢༥མིན་ལ་སོགས་པ་དག་པའི་ཞིང་ངམ་གཞན་པར་སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་དུ་སྐྱེ་བའི་འཕེན་པ་དྲག་པོ་བཏང་སྟེ་འཕོ་བའི་མན་ངག་གིས་འཕོ་བའམ། བར་དོ་འཆི་བའི་སྟོང་པ་བཞི་ལམ་དུ་ཁྱེར་ནས་སྲིད་པ་ཐ་མ་བའི་བྱང་ཆུབ་སེམས་དཔའ་དྲན་ཤེས་བཞིན་དང་ལྡན་པས་སྤྲུལ་པ་ལྟ་བུར་དག་པའི་སྐྱེ་སྲིད་དུ་སྐྱེ་བར་བྱ་སྟེ། འདི་ནི་རྟེན་དེ་ལ་འཚང་རྒྱ་བར་བཤད་དོ། །བཞི་པ་ལ་གསུམ། བར་དོ་བཟུང་ཞིང་འཁྲུལ་སྣང་ལམ་དུ་ཁྱེར་བ། ལྷ་བསྒོམ་ཞིང་མངལ་སྒོ་དགག་པ། མངལ་གདམ་ཞིང་སྐྱེ་བ་བླང་པའོ། །དང་པོ་ནི། གང་ཟག་ཐ་མས་འཆི་བ་འོད་གསལ་དང་བསྲེ་བ་དང་བར་དོ་སྒྱུ་ལུས་དང་བསྲེ་བ་ཚུལ་བཞིན་མི་ནུས་པས་འོད་གསལ་དང་བར་དོ་འདུན་པའི་སྟོབས་ཀྱིས་བཟུང་ནས་མན་ངག་བསྒོམ་དགོས་ཏེ། དེ་ལ་དང་པོར་འཆི་རྟགས་རྣམས་ཤར་བའི་ཚེ་དེ་དག་འདི་དང་འདིའོ་སྙམ་དུ་ངེས་པར་བྱས་ལ། འཆི་བ་འོད་གསལ་ཤར་བའི་ཚེ་དེ་ཉིད་ཟིན་པར་བྱས་ལ་མཉམ་པར་འཇོག་པ་དང་། དེ་ལས་བར་དོ་འཆར་བའི་ཚེ་དེ་ཉིད་ཟིན་པར་བྱས་ལ་མན་ངག་བསྒོམ་པར་བྱའོ་སྙམ་པའི་འཕེན་པ་དྲག་པོ་མང་དུ་བཏང་ཞིང་དགེ་སྦྱོར་གྱི་ཐོག་ཏུ་བཞག་ལ་འཆི་བར་བྱ་སྟེ། གཉིད་ཀྱི་འོད་གསལ་དང་རྨི་ལམ་འདུན་པའི་སྟོབས་ཀྱིས་བཟུང་ནས་སྦྱང་བ་ལྟ་བུའོ། །དེ་ནས་འཆི་བ་འོད་གསལ་ཟིན་ན་ཅི་ནུས་མཉམ་པར་འཇོག་པ་དང་། བར་དོ་ལས་བར་དོ་ཤར་བའི་ཚེ་ལུས་ཐོགས་པ་མེད་ཅིང་ཡུད་ཙམ་ལ་མར་དུ་འཁོར་བ་ལ་སོགས་པའི་བར་དོའ་རྟགས་རྣམས་ཀྱིས་བར་དོ་ངོ་ཤེས་པར་བྱའོ། །དེ་ནས་འཇིགས་པའི་སྒྲ་བཞི་དང་ཉམ་ང་བའི་གཡང་ས་གསུམ་དང་འཁྲུལ་གཟུགས་ཀྱི་འཇིགས་སྐྲག་རྣམས་ཤར་བའི་ཚེ། བར་དོའ་སྣང་བ་ཐམས་ཅད་བདེན་པར་མ་གྲུབ་པའི་འཁྲུལ་སྣང་ཡིན་ཞིང་བར་དོ་ལ་གདོས་བཅས་ཀྱི་ལུས་མེང་པས་མེས་ཚིག་པ་དང་ཆུས་ཁྱེར་བ་སོགས་གཡང་ལ་ལྷུང་བ་དང་ཤ་ཟ་དང་སྲིན་པོ་དང་གཤིན་རྗེ་ལ་སོགས་པས་བསད་ཅིང་ཟོས་པ་སུ་ཞིག་ཡོད་སྙམ་དུ་བསམས་
༣༢༦ལ། རྨི་ལམ་གྱི་སྐབས་ལྟར་ཡང་བ་དེ་དག་ལ་ཐོག་བརྫིས་བྱས་པས་འཁྲུལ་སྣང་གི་འཇིགས་སྐྲག་སེལ་ལ། གཞན་ཡང་འཁྲུལ་སྣང་ཅི་ཤར་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་བསྒོམ་པ་དང་སྐྱེ་མེད་ཕྱག་རྒྱ་ཆེན་པོའ་ལྟ་བས་ཟིན་པར་བྱས་ལ་ལམ་དུ་བསླང་ངོ་། །གཉིས་པ་ནི། དེ་ནས་ཁྱད་པར་དུ་རང་གི་ལུས་ཡི་དམ་གྱི་སྐུ་དང་སྣོད་བཅུད་ཀྱི་སྣང་བ་གཞལ་ཡས་ཁང་དང་ལྷར་བསྒོམ་པ་དང་། བསམ་གཏན་གཉིས་གང་རུང་གིས་འོད་གསལ་དུ་བསྡུས་ཏེ་མཉམ་པར་འཇོག་པ་དང་། ཡང་འཁྲུལ་སྣང་འཆར་བའི་ཚེ་ཡི་དམ་ལྷའི་དཀྱིལ་འཁོར་དུ་ལྡང་བའི་ཚུལ་ལ་སྦྱང་། སྐྱེ་གནས་མཐོང་ཞིང་དེ་ལ་ཆགས་སྡང་སྐྱེ་བར་རྩོམ་པའི་ཚེ། དེ་དག་ཡི་དམ་གྱི་དཀྱིལ་འཁོར་དུ་བསྒོམས་ཏེ་དབང་ཞུ་བ་དང་ཉམས་བདེ་སྟོང་དུ་སྐྱོང་བ་དང་ཆགས་སྡང་གི་ཡུལ་བདེན་མེད་སྒྱུ་མ་ལྟ་བུར་བསྒོམ་པ་དང་སྐྱེ་མེད་གནས་ལུགས་ཀྱི་ལྟ་བ་བསྒོམ་པ་སོགས་བྱས་ཏེ་སྐྱེ་སྒོ་དགག་པར་བྱའོ། །དེ་ཡང་བདུན་ཕྲག་དང་པོ་ལ་དེ་ལྟར་སྦྱང་ནུས་ན་དེ་ནས་ཚེགས་མེད་པར་བཤད་ཅིང་། ཞག་བཞི་བཅུ་ཞེ་དགུ་དེ་ལྟར་སྦྱངས་ན་བར་དོ་རྟེན་བཟང་བའི་སྟོབས་ཀྱིས་ས་ལམ་མཐའ་དག་རྫོགས་ནས་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བ་ལེན་ལ་ལས་དབང་འབའ་ཞིག་གིས་སྐྱེ་བ་ལེན་པར་ཁེགས་པར་བཞེད་དོ། །གསུམ་པ་ནི། དེ་ནས་འོག་མིན་ལ་སོགས་པ་དག་པའི་ཞིང་དུ་སྐྱེ་བར་འདོད་ན་ཞིང་ཁམས་དེ་ཡིད་ལ་བྱས་ཏེ་དེར་རྫུས་ཏེ་སྐྱེ་བའི་འཕེན་པ་དྲག་པོ་བཏང་ལ། འཕོ་བའི་མན་ངག་གིས་འཕོས་པས་སྒྱོགས་དང་འཁྲུལ་འཁོར་གྱི་ཚུལ་དུ་ཐེ་ཚོམ་མེད་པར་སྐྱེ་བར་གསུངས་སོ། །གཞན་ཡང་སྔགས་སྤྱོད་ཅིང་སེམས་ཅན་གྱི་དོན་བྱེད་པར་ནུས་པའི་རིག་འཛིན་དུ་སྐྱེ་བར་འདོད་ནའང་དེ་ལྟ་བུའི་འཕེན་པ་དྲག་པོ་བྱ་ཞིང་། སྔར་བཤད་པ་ལྟར་སྐྱེ་གནས་བཟང་ངན་གྱི་ཚུལ་ཤེས་པར་བྱས་ལ་སྐྱེ་གནས་ཀྱི་སྣང་བ་འཆར་བའི་ཚེ་ངན་པའི་སྣང་བ་འཆར་ན་གོང་དུ་བཤད་པའི་སྐྱེ་སྒོ་དགག་པའི་ཐབས་བྱ་ཞིང་། སྐྱེ་
༣༢༧གནས་བཟང་པོ་མཐོང་ན་དལ་འབྱོར་སྐྱོན་མེད་ཐོབ་ནས་ལས་ཀྱི་འཕྲོ་འཐུད་དེ་མྱུར་དུ་འཚང་བྱ་བ་སོགས་སྨོན་ལམ་གྱི་སྟོབས་བསྐྱེད་དེ་དྲན་ཤེས་བཞིན་དང་ལྡན་པས་སྐྱེ་བ་འཛིན་པར་བྱའོ། །འདི་ནི་སྐྱེ་བ་དེའི་འཆི་སྲིད་ཀྱི་རྗེས་སུ་འཆར་བའི་བར་སྲིད་ཚུན་ནམ་སྐྱེ་བ་གསུམ་ལ་སོགས་པར་འཚང་རྒྱ་བར་བཤད་དོ། །དེ་ལྟར་ན་བར་དོའ་གདམས་པ་དངོས་གཞི་ནི་འཆི་བ་ཆོས་སྐུར་ཁྱེར་བ་དང་བར་དོ་ལོངས་སྐུར་ཁྱེར་བ་དང་སྐྱེ་བ་སྤྲུལ་སྐུར་ཁྱེར་བ་སྟེ་ལམ་ཁྱེར་གསུམ་ཡིན་ལ། སྒྲུབ་བརྒྱུད་གོང་མ་དག་གིས་འཆི་སྲིད་བར་སྲིད་སྐྱེ་སྲིད་གསུམ་ལ་སྲིད་པ་བར་དོ་གསུམ་གྱི་ཐ་སྙད་དང་དེང་སྐུ་གསུམ་ལམ་དུ་བྱེད་པའི་རྣམ་བཞག་ཀྱང་བཞེད་པ་ཡིན་ནོ། ༈ །དྲུག་པ་ལམ་གྱི་བློ་ཆོད་འཕོ་བའི་གདམས་པ་ལ་གསུམ། འཕོ་བར་བྱེད་པའི་གང་ཟག །འཕོ་བའི་གདམས་པ་དངོས་གཞི། དེ་ལྟར་འཕོ་བའི་དགོས་པའོ། །དང་པོ་ནི། འཕོ་བར་བྱེད་པའི་གང་ཟག་རབ་འབྲིང་གཉིས་ནི་གོང་དུ་བཤད་པའི་བར་དོ་འཛིན་པའི་གང་ཟག་རབ་འབྲིང་གཉིས་དང་ཕྱོགས་མཐུན་ཏེ། འཆི་བ་འོད་གསལ་ལ་མཉམ་པར་འཇོག་པ་དང་བར་དོ་སྒྱུ་ལུས་སུ་ལྡང་བ་ལ་རབ་འོད་གསལ་དུ་འཕོ་བ་དང་འབྲིང་སྒྱུ་ལུས་སུ་འཕོ་བའི་ཐ་སྙད་བཏགས་པའོ། །དེས་ན་འཆི་བ་འོད་གསལ་དང་བར་དོ་ཟིན་ངེས་པ་དག་གིས་སྐབས་འདིའི་འཕོ་བ་ནན་གྱིས་སྦྱང་དགོས་པ་མིན་ནོ། །གང་ཟག་ཐ་མ་བསྐྱེད་རིམ་ལ་འཕོ་བ་ལའང་བསྐྱེད་རིམ་ལ་གོམས་ཤིང་རྩ་རླུང་ལས་སུ་རུང་བ་དང་གནས་ལུགས་ཀྱི་རྟོགས་པ་ཁྱད་པར་ཅན་དང་ལྡན་ན་མཆོག་ཏུ་བསྔགས་ལ། དེ་ལྟ་བུ་མིན་ཡང་རྩ་རླུང་བྱང་བ་དང་དགེ་སྦྱོང་གྱི་གོ་མྱོང་བརྟན་པོ་དང་ལྡན་པ་ཞིག་དགོས་ཤིང་། ཐ་མར་ཡང་རྒྱུ་འབྲས་དང་གདམས་པ་ལ་ཡིད་ཆེས་པ་དང་དམིགས་རིམ་རྣམས་ངེས་པར་ཟིན་པ་ཞིག་དགོས་སོ། ༈ །གཉིས་པ་ལ་གསུམ། སྦྱངས་ཏེ་འཕོ་བ། བཙན་ཐབས་
༣༢༨སུ་འཕོ་བ། ལུས་བཅོལ་ཏེ་འཕོ་བའོ། །དང་པོ་ལ་གཉིས། འཕོ་བ་སྦྱང་བ་དང་། ལས་ལ་སྦྱར་བའོ། །དང་པོ་ནི། སྤྱིར་འཕོ་བ་ལ་རབ་འོད་གསལ་དང་འབྲིང་སྒྱུ་ལུས་དང་ཐ་མ་བསྐྱེད་རིམ་ལ་འཕོ་བ་གསུམ་དུ་བཤད་པའི་སྔ་མ་གཉིས་ཚེ་འདིར་སྦྱང་བ་དང་འཆི་བ་བར་དོར་ལས་སྦྱོར་ཚུལ་རྣམས་སྔར་བཤད་ཟིན་ལ། འདིར་ཕྱི་མ་བརྗོད་པར་བྱ་སྟེ་དེ་ལ་འཕོ་བའི་ལས་སྦྱོར་ནུས་པ་ལ། རང་སྐྱེས་བུ་ནད་མེད་ཅིག་གི་རླུང་ཁུག་བརྒྱ་རྩ་བརྒྱད་འབྲིང་དོན་གཉིས་ཐ་མ་སོ་དྲུག་རླུང་གི་རླུང་ཁུག་གཅིག་ཏུ་ཚུད་དགོས་པར་བཤད་ལ། འགའ་ཞིག་ལག་མཐིལ་པུས་མོ་གཉིས་སུ་ལན་གསུམ་བསྐོར་ནས་སེ་གོལ་བྱས་པ་བརྒྱ་རྩ་སོགས་ཟིན་དགོས་པར་བཞེད་དོ། །དེ་ནས་འཕོ་བ་ཁོ་ན་སྦྱོང་བ་ཡིན་ན་དང་པོར་རླུང་བུམ་པ་ཅན་རབ་འབྲིང་ཐ་མ་གསུམ་གང་རུང་ཞིག་འབྱོངས་པར་བྱའོ། །དེ་ནས་འཕོ་བ་སྦྱོང་བ་དངོས་ནི་ཁྱད་པར་གྱི་སྔོན་འགྲོ་རྣམས་བྱས་ལ་བླ་མ་སྤྱི་བོར་བསྒོམས་ཏེ་འཕོ་བ་འབྱོང་བར་གསོལ་བ་གདབ། ལུས་རྣམ་སྣང་གི་ཆོས་བདུན་བྱས་ལ་རང་ཡི་དམ་གྱི་སྐུ་དཔའ་བོ་གཅིག་པར་བསྒོམས་པའི་ལུས་ཀྱི་ནང་དུ་རྩ་གསུམ་གཏུམ་མོའ་སྐབས་ལྟར་ལས། དབུ་མའི་ཡར་སྣ་སྤྱི་གཙུག་གི་ཚངས་བུག་ཏུ་དྲང་ཐལ་གྱིས་ཟུག་ཅིང་བུག་ཧ་རེ་བསམ་མོ། །དེ་ནས་ལུས་ཀྱི་སྒོ་སོ་སོ་ནས་རྣམ་ཤེས་འཕྲོས་པས་སྐྱེ་བ་སོ་སོ་བ་འགྲུབ་ཚུལ་ལ། ཚངས་བུག་ལས་རིག་འཛིན་གྱི་གནས་མཁའ་སྤྱོད་ལ་སོགས་པ་དང་། སྨིན་མཚམས་ལས་གཟུགས་ཁམས་དང་། མིག་ལས་མི་དང་། རྣ་བ་ལས་མིའམ་ཅི་དང་། སྣ་ལས་གནོད་སྦྱིན་དང་། ཁ་ལ་མ་ཡི་དྭགས་དང་། ལྟེ་བ་ལས་འདོད་ལྷ་དང་། ཆུ་ལམ་ལས་དུད་འགྲོ་དང་། བཤང་ལམ་ལས་དམྱལ་བར་སྐྱེ་བར་བཤད་པས་འཁོར་བའི་སྒོ་བརྒྱད་རྣམ་པ་ཀུན་ཏུ་དགག་དགོས་ཤིང་། ལས་སྦྱོར་གྱི་དུས་མིན་པར་འཕོ་བ་ཐལ་གྱིས་དོགས་པས་རེ་ཞིག་ཚངས་བུག་ཀྱང་འགེགས་པར་
༣༢༩བཞེད་ལ་དེའི་ཚུལ་ནི། ཚངས་བུག་ཏུ་ཀྵུྃ་དམར་པོ། སྨིན་མཚམས་དང་མིག་གཉིས་སུ་ཧུྃ་ནག་པོ་རེ། རྣ་བ་གཉིས་དང་སྣ་བུག་གཉིས་སུ་ཡུྃ་ལྗང་གུ་རེ། ཁར་སུཾ་དཀར་པོ་ལྟེ་བར་ཀྵུྃ་དམར་པོ། ཆུ་ལམ་དུ་སུྃ་སེར་པོ། བཤང་ལམ་དུ་ཀྵུྃ་དམར་པོ་རྣམས་བསམས་ལ་དགག །གཞན་ཡང་མགྲིན་པརསྨྻུྃ་དཀར་སྙིང་གར་སྨྻུྃ་རྣམས་སྒོམ་པར་བཤད་ཅིང་ཡི་གེ་མི་འདྲ་བ་འགའ་རེ་སྣང་ལ། ཡི་གེ་ཐམས་ཅད་དཀར་པོར་བསྒོམས་ཀྱང་ཆོག་པར་བཞེད་དོ། །གལ་ཏེ་ཡི་གེ་དེ་དག་གསལ་མི་བདེན་སྒོ་རྣམས་ཧཱུྃ་ཟུང་རེས་དགག་པ་དང་འོད་ཀྱི་གོང་བུས་དགག་པའང་འབྱུང་ལ་སྒོ་རྣམས་མ་བཀག་པའང་འབྱུང་སྟེ་གྲུབ་ན་བཀག་པ་ལེགས་སོ། །དེ་ནས་མདུན་གྱི་ནམ་མཁར་བླ་མ་དང་ཐ་མི་དད་པའི་ཡི་དམ་གྱི་སྐུ་སྒྱུ་མ་ལྟ་བུ་གསལ་བར་བསྒོམ། རང་གི་རྩ་གསུམ་འདུས་མདོར་ཨ་ཤད་དམར་པོ་ཞིག་དང་སྙིང་གར་ཧཱུྃ་སྔོན་པོ་འོད་ཟེར་ལྔ་འཕྲོ་བ་ཞིག་བསམས་ལ། དང་པོར་རླུང་བུམ་པ་ཅན་བཟུང་སྟེ་དེ་ནས་དབུགས་ཐོག་གཅིག་ཏུ་ཧིཀ་དྲག་པོ་རྒྱུ་ཞབས་སྟོད་དུ་སྤུངས་སྤུངས་པ་ཉེར་གཅིག་བརྗོད། དེ་ཡང་བདུན་གྱིས་ཨ་ཤད་ཡར་དྲངས་ཏེ་ཧཱུྃ་ལ་བསྟིམ། དེ་ནས་བཅུ་གསུམ་གྱིས་ཧཱུྃ་མར་དྲངས་ཏེ་ཚངས་བུག་གི་ཡི་གེ་བསལ་ནས་ཐོད་པའི་སྟེང་དུ་ཐོན། དེ་ནས་གཅིག་གིས་མདའ་འཕངས་པ་ལྟར་ཧཱུྃ་ཡི་དམ་གྱི་ཐུགས་ཀར་འཕོས་པར་བསམས་ལ་དགེ་སྦྱོར་གྱི་ཐོག་ཏུ་བཞག །ཡང་རླུང་བརྔུབས་ནས་དབུགས་ཐོག་གཅིག་ཏུ་ཀ་ཧིཀ་ཉེར་གཅིག་བརྗོད་ཅིང་རྒྱུ་ཞབས་མནན་ལ། ནམ་མཁའི་ཡི་དམ་གྱི་ཐུགས་ཀ་ནས་ཧཱུྃ་ཐོན་ཏེ་ཚངས་བུག་ནས་རིམ་གྱིས་མར་བྱུང་བ་སྙིང་གར་གནས་ཤིང་། དེ་ལས་ཨ་ཤད་ཆད་ནས་རིམ་པས་སུམ་མདོར་སོང་སྟེ་གནས་པར་བསམ་མོ། །ཡང་སུམ་མདོར་རླུང་སེམས་ཀྱི་ངོ་བོ་ཡི་དམ་གྱི་སྐུ་བསམ་ཏེ་གོང་ལྟར་ཧིཀ་ཉེར་གཅིག་གིས་ཡི་དམ་གྱི་ཐུགས་ཀར་འཕོ་བ་དང་། ཀ་ཧིཀ་ཉེར་གཅིག་གིས་ཚུར་དྲངས་ཏེ་སུམ་
༣༣༠མདོར་གནས་པར་བསམ་མོ། །ཡང་ན་སུམ་མདོར་ཨ་དང་སྙིང་གར་ཧཱུྃ་ལ་ཡུམ་བཞིའི་ས་བོན་གྱིས་བསྐོར་བ་དང་མགྲིན་པར་ༀ་བསམས་ལ། ཧིག་བདུན་གྱིས་ལྟེ་བའི་ཨ་རིམ་པས་དྲངས་ཏེ་སྙིང་གའི་ཧཱུྃ་ལ་བསྟིམ། དེ་ནས་བདུན་གྱིས་ཧཱུྃ་ཡར་དྲངས་ཏེ་མགྲིན་པའི་ༀ་དང་བསྲེས། དེ་ནས་བདུན་གྱིས་ཧཱུྃ་ཚངས་བུག་ནས་བཏོན་ཏེ་ཡི་དམ་གྱི་ཐུགས་ཀར་འཕོ། །ཡང་ཀ་ཧིཀ་བདུན་གྱི་ཧཱུྃ་མགྲིན་པར་ཕབ་ནས་དེར་ༀ་སྤྲོས་ལ་བཞག །ཡང་བདུན་གྱིས་ཧཱུྃ་སྙིང་གར་ཕབ་ལ་བཞག །ཡང་བདུན་གྱིས་ཧཱུྃ་ལས་ཨ་ཤད་སྤྲོས་པ་ལྟེ་བར་ཕབ་ལ་བཞག་གོ། །གཞན་ཡང་སུམ་མདོར་ཐིག་ལེ་དཀར་དམར་བསྒོམ་པ་དང་ཧཱུྃ་དཀར་དམར་བསྒོམ་པ་དང་། སྙིང་གར་དེ་ལྟར་བསྒོམས་ཏེ་འཕོ་བ་སོགས་མང་དུ་བཤད་པས་ཐམས་ཅད་རུང་ཡང་སྔ་མ་གཉིས་ལེགས་པར་སྣང་ལ། འགའ་ཞིག་ཏུ་ཨ་ཧིཀ་གམ་ཀ་ཧིཀ་གིས་འཕོ་བ་དང་དེ་དག་ཡིད་ཀྱིས་བརྗོད་པར་བཤད་པ་སྣང་ཡང་། ཧིཀ་གིས་འཕོ་བ་དང་ཀ་ཧིཀ་གིས་གནོན་པ་དེ་གཉིས་ག་དབུགས་ཐོག་གཅིག་ལ་ངག་ཏུ་དྲག་པར་བརྗོད་པ་དང་ཡར་འཕོ་བའི་ཚེ་རླུང་ཕྱིར་འཛིན་ལས་རྒྱུ་ཞབས་སྟོད་དུ་སྡུད་པ་དང་ཚུར་འདྲེན་པའི་ཚེ་རླུང་ནང་འཛིན་ལས་རྒྱུ་ཞབས་གནོན་པ་རྣམས་གནད་ཆེ་བར་སྣང་ཞིང་། ཐུན་འཇོག་པའི་ཚེ་ཕོ་རླུང་དྲག་པོ་ལན་གསུམ་མམ་ལྔ་ལ་སོགས་པ་མནན་ཏེ་རིག་པ་སུམ་མདོའ་ཨ་ཤད་དམ་ཡི་དམ་ལ་རྩེ་གཅིག་ཏུ་གཏད་དོ། །དེ་ལྟར་ཐུན་བཞི་ལ་སོགས་པར་སྦྱངས་པས་འཕོ་བ་འབྱོངས་པའི་རྟགས་སུ་ལུས་ཡང་ཞིང་དྲོད་སྐྱེ། ཟོ་མདོག་བདེ་ཞིང་ཟས་འཇུ། སྤྱི་གཙུག་ཏུ་དྲོད་སྐྱེ་ཞིང་གཡང་བ་དང་ཚ་བ་དང་འབུར་བ་དང་ཆུ་སེར་རྡོལ་བ་སོགས་འབྱུང་བར་བཤད་པས་རྟགས་ཐོན་ནས་ཟླ་བ་རེ་ལ་ལན་གསུམ་རེའམ་ལན་རེ་སྦྱངས་པས་ཆོག་པར་བཞེད་ལ། རྒྱུན་དུ་འོག་མིན་ལ་སོགས་པ་དག་པའི་ཞིང་ངམ་གཞན་ཡང་སྔགས་སྤྱོད་པའི་ཞིང་ཁམས་གང་དུ་འཕོ་བར་འདོད་པ་དེ་ཡིད་ལ་བྱས་ནས་དེར་འཕོ་བའི་འཕེན་པ་
༣༣༡ཡང་ཡང་བྱ་བར་གནད་དུ་ཆེ་བར་བཞེད་དོ། ༈ །གཉིས་པ་ལས་ལ་སྦྱར་བ་ནི། འཆི་བའི་རྟགས་ཚང་ཞིང་འཆི་བ་སླུ་བའི་ཐབས་ཀྱིས་ཀྱང་མ་བཟློག་པར་ངེས་པར་འཆི་བ་ལ་ཉེ་བའི་ཚེ་འཕོ་བར་བྱ་ཞིང་། གཞན་ནི་ལུས་ཀྱི་ལྷ་རྣམས་བསད་པའི་ཉེས་པ་སོགས་ཀྱིས་དམྱལ་བར་སྐྱེ་བར་གསུངས་པས་དུས་མིན་དུ་འཕོ་བར་མི་རུང་ངོ་། །དེ་ལ་འཆི་ལྟས་བརྟག་པའི་ཚུལ་ལ། རིང་བའི་འཆི་ལྟས་ནི་གཡས་གཡོན་གྱི་རླུང་འཕོ་བ་བཅུ་གཉིས་མི་བྱེད་པར་གང་རུང་གཅིག་ཁོ་ན་ནས་རྒྱུ་ན་འཆི་ལྟས་ཡིན་ལ། དེ་ཡང་མའི་དུས་སྦྱོར་གཡས་པའི་ཚེ་སྐྱེས་ན་འཆི་ལྟས་ཀྱང་གཡས་ནས་འབྱུང་སྟེ། སྣ་བུག་གཡས་ཁོ་ན་ནས་ཞག་གཅིག་རྒྱུ་ན་ལོ་གསུམ་ཕྱོགས་གསུམ་ན་འཆི། དེ་བཞིན་དུ་ཞག་ལྔ་དང་བཅུ་དང་བཅོ་ལྔ་དང་ཉི་ཤུ་དང་ཉེར་ལྔ་རྒྱུ་ན་རིམ་པས་ལོ་གསུམ་དང་གཉིས་དང་གཅིག་དང་ཟླ་བ་དྲུག་དང་གསུམ་ན་འཆི་ཞིང་། ཞག་ཉེར་དྲུག་ནས་ལོ་གཅིག་གི་བར་གྱིས་རིམ་བཞིན་ཟླ་བ་གཉིས་དང་གཅིག་དང་ཕྱེད་དང་ཞག་བཅུ་དང་ལྔ་དང་གསུམ་ན་འཆི་ལ། དེ་ནས་གཡོན་ནས་ཞག་གཉིས་དང་དབུ་མར་ཞག་གཅིག་རྒྱུ་ཞིང་འཆིའོ། །མའི་དུས་སྦྱོར་གཡོན་པའི་ཚེ་སྐྱེས་ན་འཆི་ལྟས་ཀྱང་གཡོན་ནས་འབྱུང་སྟེ། སྣ་བུག་གཡོན་ཁོ་ན་ནས་ཞག་གཅིག་རྒྱུ་ན་ལོ་གསུམ་ཕྱོགས་གསུམ་ན་འཆི་ཞིང་ཞག་གསུམ་རྒྱུ་ན་ཟླ་བ་སུམ་ཅུ་ན་འཆི། དེ་བཞིན་དུ་ཞག་དྲུག་དང་དགུ་དང་བཅུ་གཉིས་དང་བཅོ་ལྔ་དང་བཅོ་བརྒྱད་དང་ཉེར་གཅིག་དང་ཉེར་བཞི་དང་ཉེར་བདུན་དང་སུམ་བཅུ་རྒྱུ་ན། རིམ་པས་ཟླ་བ་ཉེར་བདུན་དང་ཉེར་བཞི་དང་ཉེར་གཅིག་དང་བཅོ་བརྒྱད་དང་བཅོ་ལྔ་དང་བཅུ་གཉིས་དང་དགུ་དང་དྲུག་དང་གསུམ་ན་འཆི་ལ། དེ་ནས་ཟླ་བ་གསུམ་ལ་གཡོན་ནས་ཞག་པོ་གསུམ་དང་དེ་ནས་སྣ་བུག་གཡས་ནས་ཞག་གཉིས་དང་དབུ་མར་ཞག་གཅིག་རྒྱུ་ཞིང་འཆི་བར་བཤད་དོ། །ཉེ་བའི་འཆི་ལྟས་ནི་རྣ་བའི་སྒྲ་མེད་ན་ཞག་དྲུག །ལྕེའི་རོ་མེད་ན་ཞག་ལྔ། མིག་
༣༣༢གི་དབུས་སུ་རི་མོ་སྔར་མེད་པ་བྱུང་ན་ཞག་བཞི། སྣ་ཞོམ་ཞིང་དྲི་མེད་ན་ཞག་གསུམ། ལུས་ཀྱི་རེག་བྱ་དོར་ན་ཞག་གཉིས། ཁུ་བ་མེད་ན་ཞག་གཅིག་ན་འཆི་བར་བཤད་ཅིང་། ཤིན་ཏུ་ཉེ་བའི་འཆི་ལྟས་ནང་གི་འབྱུང་བ་ཐིམ་པའི་རྟགས་ནི་བར་དོའ་མན་ངག་ཏུ་བཤད་ཟིན་པ་ལྟར་རོ། །འཆི་ལྟས་འདི་དག་གློ་བུར་དུ་འཆི་བདག་ལ་ཐམས་ཅད་འབྱུང་བའི་ངེས་པ་མི་སྣང་ཡང་བྱུང་ན་ངེས་པར་འཆི་བའི་ལྟས་ཡིན་ལ། གཞན་རྨི་ལྟས་སུ་རྒྱུས་མེད་ཀྱི་ཡུལ་ཕྱོགས་སུ་གཅིག་པུར་འགྲོ་བ་དང་། བོང་བུ་ལ་ཞོན་ནས་སམ་བཞོན་པ་མེད་པར་ཡང་ལྟོ་ཕྱོགས་སུ་འགྲོ་བ་དང་། རྒྱ་སྐེགས་ཀྱི་རི་ལ་མེ་ཏོག་དམར་པོ་འཐུ་བ་རྨི་བ་སོགས་གོང་དུ་བཤད་དོ། །དེ་ལྟར་འཆི་ལྟས་བྱུང་ན་འཆི་བ་སླུ་བའི་ཐབས་སྣ་ཚོགས་བྱ། དེས་ཀྱང་མ་བཟློག་པར་ངེས་པར་འཆི་ན་ཡོ་བྱད་རྣམས་བསོད་ནམས་ཀྱི་ཕྱོགས་སུ་བཏང་། འཁོར་དང་ལོངས་སྤྱོད་ལ་ཞེན་པ་སྤང་། དམ་ཚིག་ཉམས་ཆགས་ལ་བཤགས་བསྡམ་དྲག་པོ་བྱ། ཡི་དམ་གྱི་བྲིས་སྐུ་སོགས་ཡོད་ན་མདུན་དུ་བཀྲམ་ལ་ལྷའི་རྣལ་འབྱོར་ཅི་རིགས་བསྒོམ། ཡི་དམ་དང་བཀའ་སྡོད་ལ་མཆོད་པ་དང་གཏོར་མ་ཕུལ་ལ་འདོད་དོན་དུ་གསོལ་བ་དྲག་པོ་གདབ། ཆགས་སྡང་སོགས་མཚམས་སྦྱོར་ངན་པ་མཐའ་དག་སྤངས་ལ་སྨོན་ལམ་བཟང་པོ་བཏབ། འོག་མིན་ལ་སོགས་པའམ་སྔགས་སྤྱོད་པའི་རིག་འཛིན་གྱི་ཞིང་ཁམས་ཡིད་ལ་བྱ་ཞིང་དེར་འཕོ་བའི་འཕེན་པ་དྲག་པོ་ཡང་ཡང་བྱ། དེ་ནས་འཆི་བས་ཤིན་ཏུ་ཉེ་བའི་རྟགས་ཤར་བ་ན་ལས་སྦྱོར་དངོས་ནི། གཞན་ཐམས་ཅད་འཕོ་བ་སྦྱོང་བའི་སྐབས་ལྟར་ལས་དབུ་མའི་ཡར་སྣ་དང་ཚངས་བུག་ཤིན་ཏུ་ཡང་བ་ལ་ཡི་གེས་མ་བགག་པར་ཟང་ཐལ་དུ་ཡོད་པར་བསམ། དེ་ནས་རྩ་རླུང་ས་བོན་གྱི་སྦྱོར་བ་དང་བཅས་ཏེ་ཧིག་ཉེར་གཅིག་པས་ཚངས་བུག་ནས་སྐར་མདའ་ལྟ་བུར་ཡི་དམ་གྱི་ཐུགས་ཀར་འཕོ་བའི་སྦྱོར་བ་བྱས་པས། འཕོ་
༣༣༣ནུས་པའི་རྟགས་སུ་ཤེས་པ་ནག་ཧྲིབ་བྱེད་ཅིང་དབུགས་ནང་དུ་མི་འདུས་པར་ཕྱིར་ནན་གྱིས་འགྲོ། སྤྱི་གཙུག་ན་བ་དང་གཡའ་བ་འབྱུང་། དེ་མ་བྱུང་ན་རེ་ཞིག་ཚུར་དྲངས་ལ་ངལ་གསོ། རྟགས་བྱུང་ན་སྔར་ལྟར་ཧིཀ་ཉེར་གཅིག་པས་འཕོ། དེ་ནས་ཡི་དམ་ཡང་སྐར་མདའ་འཕོས་པ་ལྟར་གང་འདོད་པའི་ཞིང་ཁམས་དེའི་སངས་རྒྱས་ཀྱི་ཐུགས་ཀར་ཐིམ་པར་བསམ་པའམ་འོད་གསལ་དུ་བསྡུས་ཏེ་དགེ་སྦྱོར་དྲན་པར་བྱ་ཞིང་ཟླ་གྲོགས་ཡོད་ན་དགེ་སྦྱོར་གྱི་གསལ་འདེབས་བྱ་བར་ཡང་བཞེད་ལ། ལུས་ནད་མེད་དུ་འཕོ་བ་སྦྱང་བའི་སྐབས་ལས་འཆི་བར་ཉེ་བའི་ཚེ་འཕོ་བ་ལྷག་པར་སླ་བར་བཤད་དོ། ༈ །གཉིས་པ་བཙན་ཐབས་སུ་འཕོ་བ་ནི། འཕོ་བ་སྦྱང་བའི་ལོང་མེད་པར་ངེས་པར་འཆི་ན་བྱ་ཞིང་། སྦྱངས་ཏེ་འཕོ་བའི་ལས་སྦྱོར་གྱི་ཚེ་ཡང་རུང་ངོ་། །དེ་ནས་ཐོག་མར་བསགས་སྦྱང་ཅི་ནུས་བྱ་ཞིང་སེམས་བསྐྱེད་པ་དང་། གང་འདོད་པའི་ཞིང་དུ་འཕོ་བའི་འཕེན་པ་དྲག་པོ་བཏང་ཞིང་བླ་མ་ཡི་དམ་ལ་གསོལ་བ་གདབ་པ་སོགས་བྱ། དེ་ནས་ཤིང་ངམ་ཐག་པ་སོགས་ཀྱ་ལྡིང་ཁྲུ་གང་ཙམ་གྱིས་མཐོ་བར་བྱས་ཏེ་དེ་ལ་ལུས་གན་རྐྱལ་དུ་བྱས་པའི་རྐེད་པ་བཀལ། འོག་རླུང་བསྡམས་ལ་གཡོན་པའི་ཕྱི་རྟིང་གིས་གཤང་ལམ་དགག །གཡོན་པའི་ལོང་བུའམ་གཡས་པའི་ཕྱི་རྟིང་གིས་གསང་གནས་དགག །མཐེའུ་ཆུང་གཉིས་ཀྱིས་ཁ་དང་སྲིན་ལག་གཉིས་ཀྱིས་སྣ་དང་གུང་མཛུབ་གཉིས་ཀྱིས་མིག་དང་མཐེ་བོང་གཉིས་ཀྱིས་རྣ་བ་དགག་གོ་།དེ་ནས་མདུན་གྱི་ནམ་མཁར་ཡི་དམ་བསྒོམ་པ་དང་། ལྷ་སྐུ་སྒྱུ་མ་ལྟ་བུའི་ལུས་ཀྱི་སྒོ་བརྒྱད་ཡི་གེ་སོགས་ཀྱིས་དགག་པ་དང་། རྩ་གསུམ་དང་ས་བོན་བསྒོམས་ལ་ཧིཀ་ཉེར་གཅིག་ལ་སོགས་པས་འཕོ་བ་རྣམས་གོང་དུ་བཤད་པ་ལྟར་བྱའོ། ༈ །གསུམ་པ་ལུས་བཅོས་ཏེ་འཕོ་བ་ནི། སྦྱངས་ཏེ་འཕོ་བ་དང་བཙན་ཐབས་
༣༣༤སུ་འཕོ་བར་མི་ནུས་པ་དག་གིས་བྱ་སྟེ། དེ་ལ་ངེས་པར་འཆི་བའི་དུས་ལ་བབ་པ་ན་མདུན་དུ་སྐུ་གསུང་ཐུགས་ཀྱི་རྟེན་ཡོད་ན་བཤམས་ལ་མཆོད་ཅིང་སྐྱབས་འགྲོ་དང་སྡིག་བཤགས་དང་སེམས་བསྐྱེད་ལ་སོགས་བྱ། དུག་གསུམ་གྱི་བསམ་སྦྱོར་ལ་སོགས་པའི་མཚམས་སྦྱོར་ངན་པ་ཐམས་ཅད་སྤང་ཞིང་འཁོར་དང་ལོངས་སྤྱོད་སོགས་གང་ལ་ཡང་མ་ཆགས་པར་བྱ། ལུས་སེང་གེའི་ཉལ་སྟབས་བྱ་སྟེ། མགོ་བྱང་དུ་བསྟན་ནས་གློ་གཡས་ས་ལ་ཕབ། ལག་པ་གཡས་འགྲམ་པ་གཡས་པ་ལ་སྦྱར། ལག་པ་གཡོན་བརླ་གཡོན་པའི་སྟེང་དུ་བརྐྱང་། རྐང་པ་གཡས་འོག་དང་གསོན་སྟེང་དུ་བཞག་ཅིང་ལོང་བུ་གཉིས་བརྩེགས་ཏེ་བརྐྱང་ལ་བག་ཙམ་བསྐུམ། དེ་ནས་དག་པའི་ཞིང་ངམ་རིག་འཛིན་གྱི་གནས་ཡིད་ལ་བྱ་ཞིང་དེར་སྐྱེ་བའི་འཕེན་པ་དྲག་པོ་བཏང་། རང་གིས་འཕོ་བའི་སྦྱོར་བ་ཤེས་ན་དེ་ཉིད་བྱ་ཞིང་མི་ཤེས་ན་བླ་མའམ་གྲོགས་ཀྱིས་འཕོ་བའི་དམིགས་པ་སྤྲོད་པ་སོགས་བྱ། དེ་ཡང་མེད་ན་སྤྱི་གཙུག་ཏུ་ཡི་དམ་བསྒོམས་ལ་དེའི་ཐུགས་ཀར་རིག་པ་རྩེ་གཅིག་ཏུ་གཏད་དེ་དབུགས་ཐོག་གཅིག་ཏུ་ཧིཀ་ཉེར་གཅིག་སོགས་དྲག་པར་བརྗོད་ལ་འཕོའོ། །གཞན་དག་འཆི་བའི་ཚེ་ཡང་སེང་གེའི་ཉལ་སྟབས་བཅོས་ལ་གོང་དུ་བཤད་པ་རྣམས་བྱེད་དུ་བཅུག་པ་དང་། དེ་ལྟར་བྱེད་མི་ཤེས་པ་ལ་རྣལ་འབྱོར་པས་དམིགས་པའི་བུ་ལ་དྲག་པོ་བྱས་ན་འཕོ་བ་ཐེབས་པ་འོང་ལ། གཞན་ཡང་འཆི་བའི་ཚེ་སྤྱི་གཙུག་ལ་ཐུག་པ་དང་སྨན་གྱི་རྒྱལ་པོའ་མཚན་བརྗོད་ན་རྒྱལ་བའི་སྲས་པོ་བརྒྱད་ཀྱིས་བདེ་བ་ཅན་དུ་ཁྲིད་པར་བཤད་པ་དང་། དུད་འགྲོ་སོགས་འཆི་བ་ལའང་ལུས་བཅོས་ཤིང་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་བརྗོད་ན་སུམ་ཅུ་རྩ་གསུམ་པའི་ལྷའམ་བདེ་འགྲོ་གཞན་དུ་སྐྱེ་བར་བཤད་དོ། ༈ །གསུམ་པ་དེ་ལྟར་འཕོས་པའི་དགོས་པ་ནི། འོད་གསལ་དང་སྒྱུ་ལུས་སུ་འཕོས་པས་ནི། གང་ཟག་རབ་ཀྱིས་འཆི་བ་འོད་གསལ་དོན་གྱི་འོད་གསལ་དུ་བསྐྱེད་ནས་སྒྱུ་ལུས་དངོས་སུ་ལངས་ཏེ་ཟུང་འཇུག་
༣༣༥གི་སྐུ་མངོན་དུ་བྱེད་པ་དང་། འབྲིང་གིས་དེ་ལྟར་མི་ནུས་ཀྱང་འཆི་བ་འོད་གསལ་རང་ངོ་ཤེས་ཏེ་མཉམ་པར་འཇོག་པ་དང་། བར་དོ་ཤར་བའི་ཚེ་ལྷ་སྐུ་སྒྱུ་མ་ལྟ་བུར་ལངས་ནས་དེར་ས་ལམ་མཐའ་དག་རྫོགས་པར་བྱས་ཏེ་ཞིང་ཁམས་གར་འདོད་དུ་སྐྱེ་བ་བཟུང་ནས་རྟེན་དེ་ལ་འཚང་རྒྱ་བ་སོགས་ཀྱི་རྣམ་བཞག་པར་དོའ་སྐབས་སུ་བཤད་ཟིན་ལ། འདིར་དེ་དག་མི་ནུས་པའི་གང་ཟག་ཐ་མས་བསྐྱེད་རིམ་ལ་འཕོས་པའི་དགོས་པ་ལ། དབང་པོ་རབ་དག་པའི་ཞིང་ངམ་རིག་པ་འཛིན་པ་མཁའ་སྤྱོད་ཀྱི་གནས་སུ་སྐྱེས་ནས་དེར་ལམ་ལྷག་མ་བགྲོད་ཅིང་འཚང་རྒྱ་བ་དང་། འབྲིང་སྔགས་ཀྱི་ལམ་ཉམས་སུ་ལེན་པའི་རིགས་ཅན་དུ་སྐྱེས་ནས་སྐྱེ་བ་ཅི་རིགས་པ་རྒྱུད་དེ་འཚང་རྒྱ་བ་དང་། ཐ་མའང་འཆི་བའི་གནད་གཅོད་དང་བར་དོའ་འཇིགས་སྐྲག་གྲོལ་ཏེ་མཐོ་རིས་ཀྱི་རྟེན་ཐོབ་ནས་ལམ་དང་འཕྲད་དེ་རིམ་གྱིས་རྣམ་པར་དག་པ་ཐོབ་པར་བཤད་ལ། ཁ་ཅིག་བསྐྱེད་རིམ་གྱི་འཕོ་བ་འདི་ཁོ་ནས་སྡིག་པོ་ཆེ་ཡང་བཙན་ཐབས་སུ་ཚང་རྒྱ་བ་དངོས་བསྟན་དུ་འཆད་པ་མི་འཐད་དེ། ངན་འགྲོར་འགྲོ་ངེས་པའི་སྡིག་ཅན་ཡང་མན་ངག་འདི་གནད་དུ་ཕོག་ན་མཐོ་རིས་ཀྱི་རྟེན་ལ་སྦྱོར་ཞིང་། དེར་སྨོན་ལམ་གྱི་སྟོབས་ལམ་དང་འཕྲད་ནས་སྡིག་པ་སྦྱངས་ཏེ་རིམ་པས་འཚང་རྒྱ་བ་ལ་དེ་ལྟར་བཏགས་པའོ། །ལས་ཤིན་ཏུ་ངན་པ་འགའ་ཞིག་ནི་འཆི་ཀར་ཡང་རྒྱུ་འབྲས་ཀྱི་ངེས་པ་མི་སྐྱེ་བར་བསག་སྦྱང་དང་སྨོན་ལམ་གྱི་འཕེན་པ་ཞན་པས་རེ་ཞིག་འཕོ་བའི་མཚམས་སྦྱོར་ཙམ་ལ་བརྟེན་ནས་བདེ་འགྲོར་སྐྱེས་ཏེ་སླར་ངན་འགྲོར་འགྲོ་བའང་ཡོད་དོ། །དེས་ན་འཕོ་བ་དང་འཆི་ཀའི་མཚམས་སྦྱོར་ལ་དུག་གསུམ་མི་དགེ་བའི་བསམ་སྦྱོར་སྤོང་བ་དང་། སྡིག་པའི་ལས་ལ་འགྱོད་པ་དྲག་པོས་བཤགས་ཤིང་ཕྱིན་ཆད་སྡོམ་པ་དང་། སྐྱབས་འགྲོ་དང་སེམས་བསྐྱེད་ལ་སོགས་པའི་ཚོགས་བསགས་དང་། ཚེ་རབས་ཀུན་ཏུ་རྟེན་རྣམ་པར་དག་པ་ཐོབ་ནས་སྡིག་སྒྲིབ་སྦྱང་
༣༣༦ཞིང་ས་ལམ་བགྲོད་པ་དང་། མྱུར་དུ་སངས་རྒྱས་ནས་སེམས་ཅན་གྱི་དོན་བྱ་བ་སོགས་སྨོན་ལམ་རྣམ་པར་དག་པའི་སྟོབས་བསྐྱེད་དེ་རྟེན་འབྲེལ་བཟང་པོ་ཐམས་ཅད་བསྒྲིག་པ་གལ་ཆེ་བ་ཡིན་ནོ། ༈ །གསུམ་པ་རྗེས་ཉམས་ལེན་བསྐྱང་ཚུལ་ལ་གསུམ་གདམས་པ་ཉམས་སུ་ལེན་ཚུལ། ལམ་ཁྱེར་བསྲེ་བའི་རྣམ་གཞག །བོགས་འདོན་གྱི་སྤྱོད་པ་བཤད་པའོ། །དང་པོ་ནི། དེ་ལྟར་གདམས་པ་ཟབ་མོ་ཁྲིད་དུ་བསྐྱང་ནས་གོ་བ་དང་མྱོང་བ་སྣ་རེ་སྐྱེས་པས་མི་ཆོག་པས་ཚེ་དང་སྒྲུབ་པ་མཉམ་པར་བྱེད་པའི་གོ་ཆ་བརྟན་པོ་དགོས་ཤིང་། ཁྱད་པར་སྐྱེས་བུ་གསུམ་གྱི་ལམ་རིམ་རྣམས་ལན་རེ་ཙམ་གྱི་གོ་ཡུལ་དུ་ལུས་ན་རྣལ་འབྱོར་པ་ཆོས་བརྒྱད་ཀྱི་སྒྲོག་ཏུ་ཚུད་ནས་བློ་དྲེང་ཅན་དུ་འགྱུར་བས་སྐབས་སྐབས་སུ་བསྒོམ་པ་གལ་ཆེ་སྟེ། དེ་ཡང་ཚེ་འདིར་ལམ་མཐའ་དག་སྒྲུབ་པར་མི་ནུས་པའི་ཞུམ་པ་སྐྱེ་ན་དལ་འབྱོར་རྙེད་དཀའ་བ་དང་རྙེད་པ་དོན་ཆེ་ཚུལ་བསམ། ཚེ་འདིའི་ལོངས་སྤྱོད་དང་ཆགས་སྡང་སོགས་ཀྱི་སྣང་ཤས་ལ་ཞེན་པ་ཆེ་ན་མི་རྟག་པ་བསམ། སྲིད་པའི་བདེ་བ་ལ་ཆགས་པ་དང་ཕྱི་ཤོལ་གྱི་བློ་སྐྱེ་ན་འཁོར་བའི་སྡུག་བསྔལ་བསམ། དགེ་སྡིག་གི་བླང་དོར་ལ་ངེས་ཤེས་ཆུང་ན་ལས་རྒྱུ་འབྲས་བསམ། རང་ཉིད་གཅིག་པུ་ཞི་བདེའི་བློ་སྐྱེ་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སོགས་ཤེས་དགོས་སོ། །དེ་ནས་ཁྱད་པར་གྱི་སྔོན་འགྲོ་རྣམས་ལམ་གྱི་རྩ་བ་ཡིན་པས་ཉིན་རེ་བཞིན་ཐུན་གཉིས་སམ་གཅིག་ཏུ་ངེས་པར་བསྒོམ་དགོས་ཤིང་། གདམས་པ་དངོས་གཞི་ནི་ཞག་རེ་ལ་ཐུན་དྲུག་གམ་བཞིར་བསྒོམ་སྟེ། སད་དུས་གཏུམ་མོ་དང་སྒྱུ་ལུས་གཉིད་དུས་འོད་གསལ་དང་རྨི་ལམ་གྱི་གདམས་པ་བསྒོམ་མོ། །དེ་ཡང་གཏུམ་མོའ་གདམས་པ་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་སྟོང་པ་བཞི་དང་དགའ་བཞི་མ་ཤར་ན། སྒྱུ་ལུས་ཀྱི་སྐབས་སུ་འོད་གསལ་དུ་འཇུག་པ་དང་དེ་ལས་རླུང་སེམས་སྒྱུ་མའི་སྐུར་ལྡང་བ་ཚུལ་བཞིན་མི་ནུས་ཤིང་།
༣༣༧དེ་མ་ནུས་པར་རྨི་ལམ་དང་འོད་གསལ་གྱི་སྐབས་སུ་དེ་དག་རླུང་སྟོབས་ཀྱིས་རང་དབང་ཅན་དུ་ཟིན་པ་དང་དེའི་གདམས་པ་ཚུལ་བཞིན་བསྒོམ་པར་མི་ནུས་ལ། དེ་མ་ནུས་ན་ཚེ་འདི་དང་བར་དོར་འཚང་མི་རྒྱ་བར་མ་ཟད་འཆི་བ་དང་བར་དོ་རང་དབང་ཅན་དུ་ཟིན་པ་དང་དེར་མན་ངག་བསྒོམ་ནུས་པའང་དཀའོ། །དེས་ན་གཏུམ་མོའ་རྟོགས་པ་རྐང་ཚུགས་པ་ཤིན་ཏུ་གལ་ཆེ་བས་ཡུན་དུའང་སད་དུས་ཐུན་གྱི་ཕྱེད་དམ་སུམ་ཆར་གཏུམ་མོ་བསྒོམ་ཞིང་། དེ་ནས་རླུང་སྦྱོར་དང་བཅས་པས་སྒྱུ་ལུས་འོད་གསལ་དུ་འཇུག་ལྡང་བྱ་བའི་ཚུལ་ལ་སོགས་པ་བསྒོམ་མོ། །གཉིད་དུས་སུ་ནི་དང་པོར་གཉིད་ཀྱི་སྟོང་པ་བཞི་ངོས་བཟུང་བ་དང་དེའི་འོད་གསལ་ལ་ཅི་ནུས་མཉམ་པར་འཇོག་པ་བྱ་ལ། ཅི་ནས་ཀྱང་རྨི་ལམ་འཆར་ན་དེ་ནས་རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང་བ་སོགས་ལ་སྦྱང་སྟེ་དེ་དག་གི་ཚུལ་གདམས་པ་སོ་སོའ་སྐབས་སུ་བཤད་ཟིན་ཏོ། །བར་དོའ་གདམས་པ་ནི་ཉིན་རེ་བཞིན་ཐུན་མཚམས་ལ་སོགས་པར་ཡིད་ལ་བྱས་ཏེ་ངེས་པ་བརྟན་པོ་རྙེད་པར་བྱ་དགོས་ཤིང་། འཕོ་བ་ནི་ལམ་མཐའ་དག་ལ་མྱོང་བ་མ་ཐོབ་པར་འཆི་ན་བྱ་དགོས་པས་དང་པོར་འཕོ་བ་འབྱོངས་པར་བྱས་ལ་དེ་ནས་ཟླ་བ་རེ་ལ་ལན་གསུམ་རེའམ་ལན་རེ་སྦྱང་བར་བཞེད་དོ། །གཉིས་པ་ནི། གདམས་པ་འདིའི་བསྲེ་བའི་ཚུལ་ལ་སད་དུས་སུ་གཏུམ་མོ་དང་སྒྱུ་ལུས་ལ་བརྟེན་ནས་ལྟ་སྒོམ་འདོད་ཆགས་དང་བསྲེ་བ་དང་། གཉིད་དུས་སུ་རྨི་ལམ་དང་འོད་གསལ་ལ་བརྟེན་ནས་དགེ་སྦྱོར་གཏི་མུག་དང་བསྲེ་བ་དང་། བར་དོའ་གདམས་པ་དང་སྒྱུ་ལུས་ལ་བརྟེན་ནས་ཉམས་མྱོང་ཞེ་སྡང་དང་བསྲེ་བ་གསུམ་རྩ་བ་ཡིན་ཞིང་། དེ་གསུམ་རེ་རེ་ལའང་སྐུ་གསུམ་གྱི་བསྲེ་བ་གསུམ་ཡོད་དེ། སད་དུས་སུ་རླུང་དབུ་མར་ཐིམ་པའི་སྟོང་པ་བཞིའམ་དགའ་བ་བཞི་བསྐྱེད་དེ་འོད་གསལ་ལམ་ལྷན་སྐྱེས་ལ་མཉམ་པར་འཇོག་པ་ཆོས་སྐུ་དང་། དེ་ལས་རླུང་སེམས་སྒྱུ་མའི་སྐུར་ལྡང་བ་ལོངས་སྐུ་དང་། ལུས་
༣༣༨རགས་པ་ལ་ཞུགས་ཏེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་སྤྲུལ་པ་སྤྲུལ་སྐུའི་བསྲེ་བ་སྟེ་སད་དུས་ཀྱི་བསྲེ་བ་གསུམ་དང་། གཉིད་ཀྱི་སྟོང་པ་བཞི་ངོས་བཟུང་སྟེ་འཐུག་པོའ་འོད་གསལ་ལ་ཅི་ནུས་མཉམ་པར་འཇོག་པ་ཆོས་སྐུ་དང་། དེ་ལས་རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང་བ་ལོངས་སྐུ་དང་། སྣ་ཚོགས་པའི་རྨི་ལམ་གྱི་སྣང་བ་མཐའ་དག་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་སྤྲུལ་པ་སྤྲུལ་པའི་སྐུར་བསྲེ་བ་སྟེ་གཉིད་དུས་ཀྱི་བསྲེ་བ་གསུམ་དང་། འཆི་བའི་སྟོང་པ་བཞི་ངོས་བཟུང་སྟེ་འཆི་བ་འོད་གསལ་ལ་ཅི་ནུས་མཉམ་པར་འཇོག་པ་ཆོས་སྐུ་དང་། དེ་ལས་བར་དོ་སྒྱུ་མའི་སྐུར་ལྡང་བ་ལོངས་སྐུ་དང་། སྤྲུལ་པས་འགྲོ་དོན་བྱེད་པའམ་དག་པའི་ཞིང་ལ་སོགས་པར་སྐྱེ་བ་འཛིན་པ་སྤྲུལ་སྐུའི་བསྲེ་བ་སྟེ་འཆི་བ་བར་དོའ་བསྲེ་བ་གསུམ་མོ། །དེ་ལྟར་ན་རྩ་བའི་བསྲེ་བ་སྒོར་གསུམ་མམ་ཕྱེ་ན་བསྲེ་བ་སྒོར་དགུ་ཡིན་ནོ། །འགའ་ཞིག་ཏུ་བསྲེ་བའི་གདམས་སྐོར་བཅོ་ལྔར་ཕྱེ་བ་ལྟར་ན། བར་དོ་གསུམ་ལུས་གསུམ་མཚམས་སྦྱོར་གསུམ་བསྲེ་བ་གསུམ་མངོན་དུ་བྱ་བ་གསུམ་སྟེ་བཅོ་ལྔ་ཡིན་ལ། དེ་ཡང་སྐྱེ་ཤི་བར་དོར་རྣམ་སྨིན་གྱི་ལུས་ལ་བརྟེན་ནས་གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱིས་མཚམས་སྦྱར་ཏེ་གཏུམ་མོའ་གདམས་པས་དགེ་སྦྱོར་འདོད་ཆགས་དང་བསྲེས་ལ་དཔེ་དང་དོན་གྱི་ཡེ་ཤེས་མངོན་དུ་བྱ་བ་དང་། རྨི་ལམ་བར་དོར་བག་ཆགས་ཀྱི་ལུས་ལ་བརྟེན་ནས་དྲན་འདུན་གྱིས་མཚམས་སྦྱར་ཏེ་འོད་གསལ་དང་རྨི་ལམ་གྱི་གདམས་པས་དགེ་སྦྱོར་གཏི་མུག་དང་བསྲེས་ལ་སྒྱུ་ལུས་མངོན་དུ་བྱ་བ་དང་། སྲིད་པ་བར་དོར་ཡིད་ཀྱི་ལུས་ལ་བརྟེན་ནས་བླ་མའམ་ཡི་དམ་ཡབ་ཡུམ་གྱིས་མཚམས་སྦྱར་ཏེ་སྒྱུ་ལུས་ཀྱིས་གདམས་པས་དགེ་སྦྱོར་ཞེ་སྡང་དང་བསྲེས་ལ་འོད་གསལ་མངོན་དུ་བྱ་བར་བཞེད་དོ། །གཞན་ཡང་གཉིད་ཆོས་སྐུ་རྨི་ལམ་ལོངས་སྐུ་སད་པ་སྤྲུལ་སྐུར་བསྲེ་བ་དང་། འཆི་བ་ཆོས་སྐུ་བར་དོ་ལོངས་སྐུ་སྐྱེ་བ་སྤྲུལ་སྐུར་བསྲེ་བ་དང་ཉམས་མྱོང་ལྟ་བ་དང་བསྲེ་བ་ཞེས་པ་བསྐྱེད་
༣༣༩རྫོགས་ཀྱི་ཉམས་མྱོང་མཐའ་དག་གནས་ལུགས་ཀྱི་ལྟ་བ་དང་བསྲེས་ཏེ་བསྐྱང་བ་དང་། ལྟ་སྒོམ་ཉོན་མོངས་དང་བསྲེ་བ་ཞེས་པ་གཏུམ་མོ་འདོད་ཆགས་དང་བསྲེ། སྒྱུ་ལུས་ཞེ་སྡང་དང་བསྲེ་འོད་གསལ་གཏི་མུག་དང་བསྲེ་བ་སོགས་ཀྱི་རྣམ་བཞག་མང་དུ་བཤད་ཀྱང་གནད་གཅིག་གོ་།གསུམ་པ་ནི། སྤྱིར་གསང་ཆེན་གྱི་སྒོར་ཞུགས་ནས་ལམ་གྱི་རྟོགས་པ་མ་སྐྱེས་པ་བསྐྱེད་པའི་ཕྱིར་དང་སྐྱེས་པ་བོགས་འབྱིན་པའི་ཕྱིར་སྤྱོད་པ་བྱ་དགོས་པར་གསུངས་པ་ལས། སྔ་མ་ནི་སྨིན་བྱེད་ཀྱི་དབང་ཐོབ་ནས་མཆོག་མ་ཐོབ་ཀྱི་བར་དུ་འཇུག་ཅིང་། ཕྱི་མ་ལ་གསང་འདུས་ཀྱི་སྐོར་ནས་བསྐྱེད་རིམ་གྱི་རྟོགས་པ་མཐར་ཕྱིན་ཏེ་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་དོན་དུ་བྱེད་པ་དང་། རྫོགས་རིམ་གྱི་དུས་སེམས་དབེན་ཐོབ་ནས་སྒྱུ་ལུས་འགྲུབ་པའི་དོན་དུ་བྱེད་པ་དང་། སྒྱུ་ལུས་ཐོབ་ནས་འོད་གསལ་གྱི་དོན་དུ་བྱེད་པ་དང་། སློབ་པའི་ཟུང་འཇུག་ཐོབ་ནས་མཆོག་འགྲུབ་པའི་དོན་དུ་བྱེད་པར་བཤད་ལ། སེམས་དབེན་ཐོབ་པ་ནི་འདིར་རླུང་དབུ་མར་ཐིམ་པའི་སྟོང་པ་བཞིའམ་དགའ་བ་བཞི་བསྐྱེད་ནུས་པ་དང་མཚུངས་སོ། །སྤྱོད་པ་ནི་སྒྲུབ་པ་པོའ་གང་ཟག་གི་དབྱེ་བས་སྤྲོས་བཅས་དང་སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་གསུམ་གསུངས་པ་ལས་གང་རུང་ཞིག་སྦྱངས་པས་ཆཽག་པར་བཞེད་ཅིང་ཟླ་བ་དྲུག་ལ་སོགས་པས་དགོས་པ་འགྲུབ་པར་བཤད་དོ། །གྲུབ་སྙིང་གི་སྐོར་ནང་སྤྱོད་པ་བཞིའམ་ལྔར་གསུངས་པ་ལས། དབང་ཐོབ་ནས་རིམ་གཉིས་ཀྱི་རྟོགས་པ་ལ་དྲོད་མ་ཐོབ་ཀྱི་བར་ཀུན་བཟང་གི་སྤྱོད་པ་དང་། དྲོད་ཐོབ་ནས་བརྟན་པ་མ་ཐོབ་ཀྱི་བར་གསང་སྤྱོད་སྦས་པའི་སྤྱོད་པ་དང་། དེ་ནས་སྒྱུ་ལུས་དང་འོད་གསལ་མ་གྲུབ་ཀྱི་བར་ཚོགས་སྤྱོད་དང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཅི་རིགས་དང་། ནུས་པ་མཆོག་ཐོབ་ནས་མི་སློབ་པའི་ཟུང་འཇུག་གི་གོ་འཕང་མ་ཐོབ་པའི་བར་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བྱ་བར་བཞེད་དོ། །གཞན་ཡང་ཨ་བ་དྷཱུ་ཏི་དང་ཀུན་བཟང་གི་སྤྱོད་པ་གཉིས་སམ། ལས་དང་པོ་
༣༤༠པ་དང་ཡེ་ཤེས་ལ་དབང་བ་དང་ཡེ་ཤེས་ལ་ཆེར་དབང་བ་དང་རྣམ་གྲོལ་གྱི་སྤྱོད་པ་བཞི་ལ་སོགས་པ་བཤད་ཀྱང་སྔ་མ་དག་དང་གནད་མཐུན་ནོ། །དེ་ལ་རིམ་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེས་པའི་སྒྲུབ་པ་པོ་སྙིང་སྟོབས་དང་ལྡན་པས་ཚེ་འདིར་མཆོག་སྒྲུབ་པ་ལ་སྔགས་ཀྱི་སྤྱོད་པ་ངེས་པར་བྱ་དགོས་ཀྱང་། དེང་སང་དེ་ལྟ་བུའི་སྒྲུབ་པ་པོ་ཤིན་ཏུ་དཀོན་པར་སྣང་བས་འཕྲལ་དུ་མི་དགོས་པ་དང་ཡེ་གེ་མངས་ཀྱི་དོགས་པས་སྤྱོད་པ་དེ་དག་བྱ་ཚུལ་འདིར་མ་སྤྲོས་ལ་གལ་ཏེ་སྤྱོད་པ་བྱེད་ན་གཞན་དུ་ཤེས་དགོས་སོ། །སྒྲུབ་བརྒྱུད་འདིའི་བཞེད་པ་ལ་ནི་བསྐྱེད་རྫོགས་ཀྱི་རྟོགས་པ་མཐའ་དག་ཐོབ་ནས། སྔགས་ཀྱི་སྤྱོད་པ་འགའ་ཞིག་དང་གནད་མཐུན་ཞིང་རབ་བྱུང་གི་བསླབ་པ་དང་མི་འགལ་བར་རི་བོའ་རྩེ་དང་གཉན་ས་དང་དུར་ཁྲོད་ལ་སོགས་པར་ཀུ་སུ་ལུའི་མཆོད་སྦྱིན་བྱ་ཞིང་ཐ་མལ་གྱི་སྨྲ་བ་བཅད་དེ། འཇིག་རྟེན་ལ་བློ་མི་འཇུག་པ་རི་དྭགས་སྨྲས་མ་ལྟ་བུའི་སྤྱོད་པ། ཅི་བྱུང་ཡང་ཉམ་ང་མེད་པ་སེང་གེ་ལྟ་བུའི་སྤྱོད་པ། གང་ལའང་ཆགས་ཞེན་མེད་པ་བར་སྣང་གི་རླུང་ལྟ་བུའི་སྤྱོད་པ། ཅི་ལའང་བློ་རྟེན་མི་བཅའ་བ་ནམ་མཁའ་ལྟ་བུའི་སྤྱོད་པ། དགག་སྒྲུབ་དང་གཟའ་གཏད་མེད་པ་སྨྱོན་པ་ལྟ་བུའི་སྤྱོད་པ་སྟེ། སྤྱོད་པ་དེ་དག་གིས་ལམ་ལ་བོགས་དབྱུང་བར་བཞེད་དོ། ༈ །གསུམ་པ་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ནི། དེ་ལྟར་ལམ་ཉམས་སུ་བླངས་པས་འབྲས་བུ་དམན་པ་ཕྲིན་ལས་བཞི་དང་འབྲིང་གྲུབ་ཆེན་བརྒྱད་དང་མཆོག་སངས་རྒྱས་འགྲུབ་པ་རབ་དད་པ་ལས། སྔ་མ་གཉིས་ལ་ཐུན་མོང་གི་དངོས་གྲུབ་ཅེས་བྱ་སྟེ་རིམ་པ་དང་པོས་ཀྱང་འགྲུབ་ཡ་ཕྱི་མ་མཆོག་གི་དངོས་གྲུབ་ནི་རིམ་གཉིས་ཟུང་འཇུག་གིས་སྒྲུབ་དགོས་ཏེ། དེ་ལ་གང་ཟག་གི་དབྱེ་བས་ཚེ་འདི་དང་བར་དོ་དང་སྐྱེ་བ་ཕྱི་མ་དང་སྐྱེ་བ་ཅི་རིགས་བརྒྱུད་དེ་འགྲུབ་པའི་ཚུལ་མང་དུ་བཤད་པ་ལས་ཕྱི་མ་རྣམས་བར་དོའ་སྐབས་སུ་བཤད་ཟིན་ཞིང་། གང་ཟག་དབང་པོ་ཡང་རབ་བརྩོན་འགྲུས་ཅན་ཚེ་འདིར་མཆོག་
༣༤༡འགྲུབ་ཚུལ་ལ། གཏུམ་མོའ་གདམས་པ་ཉིད་ཀྱིས་ས་ལམ་བགྲོད་ཚུལ་ནི། དབང་ཐོབ་པ་ནས་བཟུང་སྟེ་རིམ་གཉིས་ལ་སེམས་བརྟེན་ནས་རྐྱེན་མཐའ་དག་ལམ་དུ་བསླངས་ཏེ་ཟག་བཅས་ཀྱི་ཉམས་མྱོང་དང་པོ་སྐྱེས་ཤིང་དྲོད་ཆུང་ངུ་ཐོབ་པས་ཚོགས་ལམ་བགྲོད། དེ་ནས་རླུང་སེམས་དབུ་མར་ཚུད་དེ་ཡས་བབས་ཀྱི་དགའ་བ་བཞིའི་ཚུལ་གྱིས་རླུང་སེམས་ཀྱི་དྭངས་མ་དབུ་མའི་མར་སྣར་བྱོན་པས་བདེ་སྟོང་ལྷན་ཅིག་སྐྱེས་པའི་རྟོགས་པ་སྐྱེས་ཤིང་ཟག་བཅས་རྩ་རླུང་གི་ཡོན་ཏན་རྒྱས་ནས་དྲོད་འབྲིང་པོ་ཐོབ་པས་སྦྱོར་ལམ་བགྲོད། དེ་ནས་མས་བརྟན་གྱི་དགའ་བ་བཞིའི་ཚུལ་གྱིས་ཐིག་ལེའི་དྭངས་མ་གྱེན་དུ་ལོག་སྟེ་སྤྱི་བོའ་བར་དུ་བརྟན་པས། རིམ་བཞིན་དབུ་མའི་མདུད་པ་སོ་གཉིས་གྲོལ། ཡུལ་ཉེར་བཞིའི་རྩ་ཁམས་དྭངས། འཁོར་ལོ་དྲུག་སྒྲིབ་བྲལ་དུ་དག །རླུང་སྟོང་དང་བརྒྱད་བརྒྱ་པ་བཅུ་གཉིས་རིམ་གྱིས་འགགས། ས་བཅུ་གཉིས་རིམ་གྱིས་ཐོབ། དེ་ཡང་ས་དང་པོ་ཐོབ་པའི་སྐབས་སུ་ཟག་མེད་ཀྱི་བདེན་པ་མཐོང་ཞིང་དྲོད་ཆེར་ཐོབ་པས་མཐོང་ལམ་བགྲོད། ས་ལྷག་མ་བཅུ་གཅིག་གི་སྐབས་སུ་ཡོན་ཏན་ཇེ་ཆེར་སྐྱེས་ཏེ་སྒོམ་ལམ་བགྲོད། དེ་ནས་རྩ་རླུང་ཐིག་ལེའི་ཆ་ཕྲ་ཞིང་ཕྲ་བའང་སྒྲིབ་བྲལ་དུ་དྭངས་པས་ཐ་མལ་གྱི་ལུས་དག་ནས་འཇའ་ལུས་ཡེ་ཤེས་ཀྱི་སྐུར་གྱུར། བྱང་སེམས་འབབ་པའི་རྩ་སོ་གཉིས་དྭངས་པས་མཚན་སོ་གཉིས་དང་ལྡན་པ། ཀུན་རྟོག་བརྒྱད་ཅུ་གནས་སུ་དག་པས་དཔེ་བྱད་བརྒྱད་ཅུ་དང་ལྡན་པ། རླུང་སེམས་ཡེ་ཤེས་ཀྱི་སྣང་བར་གྱུར་པས་འོད་ཟེར་གྱི་ཚོགས་དང་ལྡན་པ། ཨ་ཧཾ་གི་སྙོམས་འཇུག་མཐར་ཕྱིན་པས་ཁ་སྦྱོར་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་སྟེ། ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ས་ཐོབ་ནས་མི་སློབ་པའི་ལམ་མངོན་དུ་གྱུར་པ་ཡིན་ནོ། །དེ་ཡང་སྙིང་རྗེ་དང་དབྱེར་མེད་པའི་སྟོང་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལས་མི་གཡོ་བ་ནི་ཆོས་སྐུ། བདེ་བ་ཆེན་པོའ་སྣང་བརྙན་མཚན་དཔེས་བརྒྱན་
༣༤༢པར་སྣང་བ་ནི་ལོངས་སྐུ། གང་ལ་གང་འདུལ་གྱི་སྤྲུལ་པ་སྣ་ཚོགས་ཤར་ནས་འགྲོ་བའི་དོན་བྱེད་པ་སྤྲུལ་སྐུ། སྐུ་དེ་གསུམ་ཟག་མེད་ཀྱི་དབྱིངས་སུ་དབྱེར་མེད་པ་ནི་ངོ་བོ་ཉིད་སྐུ་སྟེ། འཁོར་བ་ཇི་སྲིད་བར་སྐུ་བཞི་ལས་མི་གཡོ་བར་བཞུགས་སོ། །གཞན་ཡང་འདིའི་གདམས་པ་རྣམས་ཀྱིས་ཐུན་མོང་དུ་ས་ལམ་བགྲོད་ཚུལ་ནི། དབང་ཐོབ་པ་ནས་བསྐྱེད་རྫོགས་ལ་སེམས་བརྟན་ཞིང་ཟག་བཅས་ཀྱི་ཡོན་ཏན་མཐའ་དག་སྐྱེས་པའི་བར་གྱིས་ཚོགས་ལམ་བགྲོད། རླུང་དབུ་མར་ཐིམ་པའི་སྟོང་པ་བཞི་བསྐྱེད་ནུས་པ་ནས་དཔེའི་འོད་གསལ་དང་སྦས་དོན་གྱི་སྒྱུ་ལུས་ཐོབ་སྟེ་དོན་གྱི་འོད་གསལ་ཐོབ་པ་ལ་ཉེ་བའི་བར་གྱིས་སྦྱོར་ལམ་བགྲོད། དོན་གྱི་འོད་གསལ་མངོན་དུ་བྱས་པས་ནི་ས་དང་པོ་མཐོང་བའི་ལམ་བགྲོད། དེ་ནས་སློབ་པའི་ཟུང་འཇུག་ཐོབ་པ་ལ་ཉེ་བའི་བར་གྱིས་ས་བདུན་པ་མན་བགྲོད། སློབ་པའི་ཟུང་འཇུག་ཐོབ་པ་ནས་མི་སློབ་པའི་ཟུང་འཇུག་ཐོབ་པ་ལ་ཉེ་བའི་བར་གྱིས་ས་བཅུ་གཉིས་པ་མན་ཆད་ཐོབ་ཅིང་སྒོམ་ལམ་བགྲོད། དེ་ནས་མི་སློབ་པའི་ཟུང་འཇུག་བདེ་བ་ཆེན་པོ་ཡན་ལག་བདུན་ལྡན་གྱི་རྡོ་རྗེ་འཆང་མངོན་དུ་གྱུར་པས་ནི་ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ས་ཐོབ་སྟེ་མི་སློབ་པའི་ལམ་བགྲོད། དེ་ནས་འཁོར་བ་ཇི་སྲིད་བར་མི་སློབ་པའི་ཟུང་འཇུག་གི་སྐུ་དེ་ཉིད་ལས་མི་གཡོ་བར་བཞུགས་ཏེ། ཟུང་འཇུག་གི་སྐུ་ཞེས་པའི་དོན་ནི་དེ་ལྟ་བུའི་དག་པ་གཉིས་ལྡན་གྱི་ཡུལ་དང་ཡུལ་ཅན་གྱི་འོད་གསལ་ནི་ཆོས་ཀྱི་སྐུ་དང་། དེའི་རྟེན་གཟུགས་ཀྱི་སྐུ་རླུང་སེམས་ཙམ་ལས་གྲུབ་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། སྐུ་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་པས་ཟུང་འཇུག་གི་སྐུའམ་ཡེ་ཤེས་ཀྱི་སྐུ་ཞེས་བཤད་ཅིང་། དེས་མཆོག་གི་སྤྲུལ་པའི་སྐུ་ལ་སོགས་པའི་སྤྲུལ་པ་མཐའ་ཡས་པ་མཛད་པ་ནི་སྤྲུལ་པའི་སྐུ་སྟེ། འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ནོ། ༈ །དེ་ལྟར་གསང་ཆེན་ལམ་གྱི་སྙིང་པོ་རྫོགས་རིམ་ཀུན་
༣༤༣གྱི་མཐར་ཐུག་ཟབ་ལམ་ཆོས་དྲུག་གི་ཁྲིད་ཀྱི་རིམ་པ་འདི་ཉིད་སྒྲུབ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་སྐྱེས་བུ་དག་གིས་ཡུན་རིང་མོ་ནས་བསྐུལ་བ་ལས། གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་མཛད་པ་དག་ནི་རྩ་བའི་གཞུང་ཙམ་ལས་ཕྲ་ཞིབ་ཀྱིས་མན་ངག་རྣམས་ཞལ་ལས་ཤེས་དགོས་པར་བཞེད་ལ། མན་ངག་གི་གནད་གོ་བར་འདོད་པ་འགའ་ཞིག་གིས་གླེགས་བམ་དུ་བྱས་པ་སྣང་ཡང་ཡི་གེའི་ཚོགས་མང་བ་ཙམ་ལས་སྒོམ་རིམ་གྱི་གནད་མི་གསལ་ཞིང་ཅུང་ཟད་ཕྱེ་བ་དག་ཀྱང་སྔགས་གཞུང་དང་མི་མཐུན་པའི་བློ་བཟོ་ལྟ་བུར་མཐོང་ནས། དེང་སོང་སྒྲུབ་པ་སྙིང་པོར་བྱེད་པའི་སྐལ་ལྡན་ཆེས་དཀོན་ཞིང་ཅུང་ཟད་ཉམས་ལེན་ལ་གཞོལ་བ་དེས་ཀྱང་ལམ་གྱི་རྐང་གྲངས་ལ་གོ་བ་དང་མྱོང་བ་སྣ་རེ་ཐོབ་ན་ཆོག་ཤེས་བྱེད་པར་སྣང་བས་དེ་དག་ལ་འདིའི་དགོས་པ་དམན་ཡང་། ཟབ་དོན་ལ་སྤྱོད་པའི་སྐལ་ལྡན་གྱི་སྒྲུབ་པ་པོ་རྣམ་དཔྱོད་དང་ལྡན་ཞིང་བརྩོན་འགྲུས་ཀྱི་གོ་ཆ་བརྟན་པོ་དག་གིས་ལམ་གྱི་གནད་བདེ་བླག་ཏུ་རྟོགས་པའི་ཕྱིར་དུ། གདམས་པ་འདིའི་གནད་མཐར་དག་རྒྱུད་འབྲེལ་དུ་འཐོར་ནས་བཞུགས་པ་སྙིགས་དུས་ཀྱི་བཤེས་གཉེན་དག་གི་བློས་དཔག་དཀའ་བར་སྣང་བས་མན་ངག་གི་རྒྱུན་མི་ཆད་པར་བྱེད་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ། གསང་ཆེན་མཐའ་དག་གི་རྒྱུད་འགྲེལ་དང་སྒྲུབ་བརྒྱུད་ཀྱི་གསུང་རབ་རྣམས་ལ་ཐོས་བསམ་བྱས་ཤིང་གྲོལ་བྱེད་ཀྱི་ལམ་རྣམས་བསྒོམས་སྟོབས་ཀྱི་མྱོང་བའང་བཏོན་ནས། རང་བཟོ་སྡངས་ཏེ་རྒྱུད་གཞུང་གི་དགོངས་པ་ཇི་ལྟ་བར་གདམས་པ་འདིའི་གནད་ཕྲ་ཞིབ་ཏུ་བརྗོད་པར་སེམས་པས་གཅེས་སྤྲས་སུ་གྱིས་ཤིག ༈ །འདིར་སྨྲས་པ། གྲོལ་བྱེད་ལམ་བཟང་ཀུན་གྱི་གནད་བསྡུས་པ། །ཟབ་མོའ་ལམ་མཆོག་གདམ་པ་ཆོས་དྲུག་ཞེས། །སྐལ་ལྡན་བདེ་བླག་འདྲེན་པའི་གདམས་པ་འདི། །བླ་མེད་རྒྱུད་སྡེ་རྣམས་ཀྱི་ཡང་སྙིང་ཡིན། །ཚེ་རབས་དུ་མར་འབད་ཀྱང་རྟོགས་དཀའ་བའི། །
༣༤༤གསང་ཆེན་ཟབ་མོའ་ལམ་གྱི་དེ་ཉིད་ནི། །རྣམ་མང་སྔགས་གཞུང་ཐོས་བསམ་སྒོམ་པ་དང་། །སྒྲུབ་བརྒྱུད་བྱིན་རླབས་མཐུ་ཡིས་གསལ་བར་བྱས། །ཚུལ་བྲལ་བློ་བཟོའ་ལམ་གྱིས་མི་ཚིམ་ཞིང་། །བློ་མེད་རྨོངས་པའི་ཕྱོགས་ཞེན་མི་འཛིན་པའི། །གཟུར་གནས་རྣམ་དཔྱོད་ལྡན་པའི་སྐྱེ་བོ་དང་། །མྱོང་ལྡན་སྒྲུབ་ལ་གཞོལ་བའི་དགའ་སྟོན་མཛོད། །རྒྱུད་འགྲེལ་སྒྲུབ་བརྒྱུད་བཞེད་དགོངས་ཇི་བཞིན་ལས། །རྟོག་བརྟགས་བློ་ཡིས་བཤད་པ་མེད་མོད་ཀྱང་། །མ་རིག་དབང་གིས་ནོངས་པར་གང་གྱུར་པ། །ལྷར་བཅས་དམ་པ་རྣམས་ཀྱིས་བཟོད་པར་རིགས། །འདིར་འབད་དགེ་བས་བདག་དང་འགྲོ་བ་ཀུན། །ཚེ་རབས་རྣམས་སུ་རྡོ་རྗེའི་ལུས་ཐོབ་ཅིང་། །རྨད་བྱུང་ལམ་བཟང་མཆོག་འདི་ལེགས་བསྟེན་ནས། །ཟུང་འཇུག་སྐུ་ཉིད་མྱུར་དུ་འགྲུབ་གྱུར་ཅིག །ཅེས་པ་འདི་ཉིད་མཁྱེན་རྟོགས་ཀྱི་ཡོན་ཏན་དང་ལྡན་ཞིང་སྒྲུབ་བརྒྱུད་ཀྱི་རིང་ལུགས་འཛིན་པ་རྒྱ་སྟོན་ནམ་མཁའ་རྡོ་རྗེའི་གསུང་གིས་ཡུན་རིང་མོ་ནས་བསྐུལ་ཞིང་། རིམ་གཉིས་ཀྱི་གནད་ལ་རྣམ་དཔྱོད་ཀྱི་མིག་དང་ལྡན་པ་སློབ་དཔོན་ཉི་མ་གྲགས་ཀྱིས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་སྒམ་པོ་པ་མངྒ་ལའི་མིང་ཅན་གྱིས་བྱ་ལོ་ཟླ་བ་བཞི་པའི་དཀར་ཕྱོགས་ལ་གདན་ས་ཆེན་པོ་དཔལ་དྭགས་ལ་སྒམ་པོའ་སྒྲུབ་སྡེར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་བློ་གྲོས་མཆོག་ཅེས་བྱ་བས་བགྱིས་པ་སྟེ། འདིས་ཀྱང་འགྲོ་བ་མཐའ་དག་ལ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

༄༅། །ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་ཆེན་མོ་གཉུག་མའི་དེ་ཉིད་གསལ་བ་ཞེས་བྱ་བ་བཞུགས་སོ༎ ༎

༣༤༥ཕྱག་རྒྱ་ཆེན་པོའ་ཁྲིད་ཡིག་ཆེན་མོ་གཉུག་མའི་དེ་ཉིད་གསལ་བ་ཞེས་བྱ་བ་བཞུགས་སོ།། །།
༣༤༦ངེས་དོན་ཕྱག་རྒྱ་ཆེན་པོའ་སྒོམ་ཁྲིད་ཀྱི་རིམ་པ་གཉུག་མའི་དེ་ཉིད་གསལ་བ་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་འཆང་ལ་གུས་པས་ཕྱག་འཚལ་ལོ། །ཆོས་དབྱིངས་སྟོང་ཉིད་སྤྲོས་བྲལ་རང་བཞིན་ལས། །སྣང་སྲིད་སྒྱུ་མའི་བཀོད་པ་ཟབ་གསལ་ཅན། །གདོད་ནས་ལྷུན་གྲུབ་བདེ་སྟོང་ཟུང་འཇུག་བདག །ཀུན་ཁྱབ་རྣལ་མའི་སེམས་ལ་གུས་པས་འདུད། །ལམ་གཞན་དག་གིས་ཡུན་རིང་རྟོགས་དཀའ་བའི། །ངེས་གསང་ཁྱབ་བདག་སེམས་ཀྱི་མངོན་རྟོགས་གང་། །ཚོགས་མེད་མཛུབ་ཚུགས་ལྟ་བུར་སྟོན་མཛད་པ། །སྒམ་པོ་པར་གྲགས་སྒྲུབ་བརྒྱུད་བཅས་ལ་འདུད། །དེ་ཡི་ལམ་སྲོལ་ཕྱག་རྒྱ་ཆེན་པོ་ཞེས། །ཉི་ཟླ་ལྟར་གྲགས་གངས་ཅན་གསལ་བྱས་མོད། །འོན་ཀྱང་ཉམས་མྱོང་མན་ངག་གིས་བརྒྱན་ཏེ། །རྟོག་གེ་སྤངས་ནས་སླར་ཡང་གསལ་བརྗོད་བྱ། །དེ་ལ་འདིར་འཁོར་བའི་སྡུག་བསྔལ་མཐའ་དག་གིས་ཡིད་རབ་ཏུ་སྐྱོ་ནས་མྱུར་དུ་སངས་རྒྱས་སྒྲུབ་པའི་ངེས་འབྱུང་དྲག་པོ་དང་ལྡན་ཞིང་། རྟོགས་ལྡན་གྱི་བླ་མ་དང་བྱིན་རླབས་ཀྱི་ལམ་ལ་དད་ཅིང་ཡིད་ཆེས་པའི་སྐལ་པ་ཅན་དག་བདེ་བླག་ཉིད་དུ་གནས་ལུགས་ཀྱི་དོན་ལ་འགོད་པར་བྱ་བ་ངེས་དོན་ཕྱག་རྒྱ་
༣༤༧ཆེན་པོའ་ཁྲིད་ཀྱི་རིམ་པ་ལ་བཞི། ཁྲིད་རིམ་གྱི་སྔོན་འགྲོ། སྒོམ་རིམ་གྱི་དངོས་གཞི། རྗེས་ཉམས་ལེན་སྐྱོང་ཚུལ། སྒོམ་སྦྱངས་པས་ས་ལམ་བགྲོད་ཚུལ་ལོ། །དང་པོ་ལ་གཉིས། ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ནི། ཟུར་དུ་བཤད་པ་ལྟར་དལ་འབྱོར་རྙེད་དཀའ་བ་དང་མི་རྟག་པ་བསམ་པ་སོགས་སྐྱེས་བུ་གསུམ་གྱི་ལམ་རིམ་ཅི་རིགས་པ་བསྒོམ་དུ་བཅུག་ལ་ངེས་འབྱུང་གི་བློ་བརྟན་པོ་བསྐྱེད་པ་གལ་ཆེ་སྟེ། འདིར་ནན་ཏན་མ་བྱས་པར་སླ་ཆོས་སུ་བྱས་ན། ལན་རེ་ཙམ་གྱིས་གོ་ཡུལ་དུ་ལུས་ནས་སྒྲུབ་པ་ལ་བརྩོན་པ་མི་སྐྱེ་ཞིང་ཆོས་བརྒྱད་ཀྱི་དབང་དུ་འགྲོ་བ་ཡིན་ནོ། །གཉིས་པ་ནི། གསང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་རྒྱས་པར་བྱ་བའམ་བྱིན་རླབས་བརྡའི་དབང་ལ་སོགས་པས་སྨིན་པར་བྱས་ལ། དེ་ནས་ཟུར་དུ་བཤད་པ་ལྟར། ལེ་ལོ་བཟློག་ཕྱིར་མི་རྟག་པ་བསམ་པ། བར་ཆད་སེལ་ཕྱིར་སྐྱབས་འགྲོ་སེམས་བསྐྱེད། ཚོགས་བསགས་ཕྱིར་མཎྜལ་དབུལ་བ། སྒྲིབ་པ་སྦྱང་ཕྱིར་རྡོར་སེམས་ཀྱི་སྒོམ་བཟླས། བྱིན་རླབས་འཇུག་ཕྱིར་བླ་མའི་རྣལ་འབྱོར་སྒོམ་པ་རྣམས་
༣༤༨རིམ་པས་ཁྲིད་དེ། དེ་དག་རེ་རེ་ལ་ཞག་ལྔའམ་བདུན་ལ་སོགས་པ་ཅི་རིགས་པར་འབད་དུ་བཅུག་ཅིང་རྣལ་འབྱོར་རེའི་མཇུག་ཏུ་སེམས་ལྷོད་དེ་བ་འབོལ་ལེ་བ་ལ་ཅི་གནས་འཇོག་ཏུ་བཅུག་ལ་ཉམས་ཚད་བྱའོ། ༈ །གཉིས་པ་སྒོམ་རིམ་གྱི་དངོས་གཞི་ལ་གཉིས། ཁྲིད་པའི་རིམ་པ་དང་། ངོ་སྤྲོད་པའི་རིམ་པའོ། །དང་པོ་ལ་གཉིས། ཞི་གནས་ཀྱི་སྒོ་ནས་ཁྲིད་པ་དང་། ལྷག་མཐོང་གི་སྒོ་ནས་ཁྲིད་པའོ། །དང་པོ་ལ་གཉིས། མཚན་བཅས་དང་། མཚན་མེད་དོ། །དང་པོ་ལ་གཉིས། རྟེན་ཅན་དང་། རྟེན་མེད་དོ། །དང་པོ་ནི། ཐུན་བཞི་ལ་སོགས་པར་སྔོན་འགྲོའི་རྣལ་འབྱོར་རྣམས་སྔར་བས་ཐུན་ཆུང་བ་མ་ཆགས་ཙམ་རེ་བྱ་ཞིང་། བླ་མའི་རྣལ་འབྱོར་གྱི་སྐབས་སུ་ཁྱད་པར་ཏིང་ངེ་འཛིན་སྐྱེ་བར་གསོལ་བ་དྲག་ཏུ་བཏབ། དེ་ནས་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ངམ་མ་ནུས་ན་སེམས་དཔའི་སྐྱིལ་ཀྲུང་བྱ། ལག་པ་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་སོར་བཞིའི་ཐད་དུ་བསྡམ། སྒལ་པ་བསྲང་ཞིང་ལུས་ཀུན་བསྒྲིམ། དཔུང་པ་དང་གྲུ་མོ་མ་གུག་པར་བརྒྱང་། མགྲིན་པ་ཅུང་ཟད་བཀུག །ལྕེ་རྩེ་ཡ་རྐན་ལ་གཏད་དེ་སོལ་བར་བག་ཙམ་ཡོད་པ་བྱས་ལ་མཆུ་བཙུམ། མིག་སྣ་རྩེའི་ཐད་ཀར་ཞི་བའི་ལྟ་སྟངས་བྱ་བ་སྟེ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་འདུག་གོ །སྤྱིར་བསམ་གཏན་མཐའ་དག་ལ་ལུས་ཀྱི་འཁྲུལ་འཁོར་གནད་ཆེ་ཞིང་། ཁྱད་པར་སེམས་གནས་པ་ལ་ལུས་གནད་ཤིན་ཏུ་གལ་ཆེ་བས་ནན་ཏན་ཆེར་བྱེད་དུ་བཅུག་ན་འགའ་ཞིག་ལ་འདི་རང་གིས་གནས་ཆ་རྙེད་པ་འོང་ཞིང་། ལུས་གནད་ཉིན་ཞག་འགའ་སྐྱོང་བ་བྱུང་ཡང་ལེགས་སོ། །དེ་ནས་ཉིན་མོ་ལྟ་སྟངས་ཀྱི་ཐད་ཀར་རྡེའུ་འམ་ཤིང་བུ་སོགས་ཀྱི་རྟེན་དཀར་མདངས་ཅན་མིན་པ་ཞིག་བཞག་སྟེ། དེ་ལ་སེམས་ལྷོད་ཀྱིས་གཏད་པ་ཙམ་བྱ་ཞིང་དེ་ཉིད་ལ་ཙིར་འཛིན་དང་བརྟག་དཔྱད་ཀྱང་མི་བྱ། སེམས་གཞན་དུ་ནམ་ཡང་མ་འཕྲོས་མ་ཡེངས་ཙམ་བྱས་ལ་གནས་སུ་འཇུག་པ་དང་།
༣༤༩ཡང་ཉི་གྲིབ་ཀྱི་འཚམས་སུ་རྫས་ཆུང་ངུ་ཞིག་ལ་གོང་ལྟར་སེམས་གཟུང་བ་རྣམས་བྱ། མཚན་མོ་རང་གི་སྨིན་མཚམས་སུ་ཐིག་ལེ་དཀར་པོ་སན་མ་ཙམ་ལ་སེམས་འཛིན་པ་དང་། རེས་རང་གི་འོག་ཏུ་ཐིག་ལེ་ནག་པོ་སྲན་མ་ཙམ་ལ་སེམས་གཟུང་པ་གོང་བཞིན་བྱ། གནས་ཆ་རྙེད་དཀའ་བའི་རིགས་སེམས་འཛིན་པ་དེ་དག་གིས་དུབ་པ་ལ། མདུན་གྱི་ནམ་མཁར་དེ་བཞིན་གཤེགས་པའི་སྐུ་ཚོན་གང་བ་བསྒོམས་པའི་སྐུའི་ཆ་ལ་སེམས་གཟུང་བ་སོགས་སྣ་ཚོགས་པ་བྱ་བར་བཤད་ཀྱང་ཕལ་ཆེར་ལ་འདི་ཙམ་གྱིས་ཆོག་གོ་།གནས་ཆ་རྙེད་ན་གནས་རང་བཞིན་གྱི་ངང་ལས་ཤིགས་བཤིགས་ལ་ཅུང་ཟད་ཙམ་ངལ་གསོ། ཐུན་ཆུང་ལ་གྲངས་མང་དུ་བྱ། ཐུན་བར་དུ་ལྟད་མོ་ལྟ་བ་དང་སྤྱོད་ལམ་དྲག་པོ་དང་སྨྲ་བ་མང་པོ་རྣམས་སྤང་ཞིང་ལུས་སེམས་དལ་དུ་བཅུག་གོ །གཉིས་པ་རྟེན་མེད་ལ་གཉིས། རླུང་ཅན་དང་། རླུང་མེད་དོ། །དང་པོ་ནི། ཐོག་མར་རླུང་བགྲང་བ་ལ་བརྟེན་ནས་སེམས་གཟུང་བ་ནི། རླུང་ཕྱིར་འགྲོ་བ་དང་ནང་དུ་འོང་བ་གཉིས་དྲན་ཙམ་བྱ་ཞིང་གཞན་དུ་སེམས་མ་ཡེངས་པར་བྱས་ཏེ། རླུང་ཁུག་པ་དང་པོར་གསུམ་དེ་ནས་བདུན་སོགས་ཅི་རིགས་ལ་སེམས་བཟུང་ཞིང་། སེམས་འཚུབ་ན་སྐབས་སུ་ཅུང་ཟད་རེ་ངལ་གསོས་ལ་སྦྱང་དུ་བཅུག་སྟེ་ཉམས་བལྟ། དེ་ནས་རླུང་དགང་བ་ལ་བརྟེན་ནས་སེམས་གཟུང་བ་ནི། རླུང་རོ་གསུམ་མམ་དགུ་བུས་ལ་སྣ་གཉིས་ནས་དལ་བུས་རྔུབས་ཏེ་མཆིལ་མ་ཞིག་མིད་པ་དང་བཅས་པས་ཧ་ཅང་མནན་དྲག་པོ་མིན་པར་གསུས་པར་ཆིལ་གྱིས་མནན། དེ་ཅི་ཐུབ་ཀྱི་བར་སེམས་མ་འཕྲོས་ཙམ་ཧད་དེ་སེམས་མེ་འདུག །མི་ཐུབ་ན་སྣ་ནས་དལ་བུས་བཏང་ཞིང་ཕྱིར་འགྲོ་བ་དང་ནང་དུ་འོང་བའི་ཚེ་སྔར་བཞིན་འགྲོའནག་དྲན་སེམས་ཙམ་ལས་སེམས་གཞན་དུ་མ་འཕྲོས་པ་བྱ། ངལ་ན་རླུང་སྣ་བུག་ནས་ཅི་བདེར་འགྲོ་འོང་བྱེད་དུ་བཅུག་ཅིང་སེམས་གཞན་དུ་མ་ཡེངས་པར་ལྷོད་དེ་སང་ངེ་བར་དྲན་པས་
༣༥༠ཟིན་ཙམ་བྱ། ཅུང་ཟད་རེ་ངལ་གསོ་ཞིང་སླར་ཡང་དེ་ལྟར་སྦྱང་དུ་བཅུག་ལ་ཉམས་བལྟ། དེ་ལྟར་བྱས་པས་སེམས་རྒོད་དུ་སོང་ན་ཧ་ཅང་བསྒྲིམས་པའི་སྐྱོན་ཡིན་པས་ཁོང་གློད། སེམས་བན་བུན་མང་ཞིང་ཤིན་ཏུ་འཚུབ་ན་དུབ་པ་ཡིན་པས་ཞག་རེ་ཙམ་ཁམས་གསེང་བྱ། མགོ་འཁོར་བ་དང་སེམས་ཡེར་ན་རླུང་གིས་བསྐྱོད་པས་བཟའ་བཏུང་བཅུད་ཆེ་བ་ལ་བསྟེན་ཞིང་བསྐུ་མཉེ་བྱེད་དུ་བཅུག །འདི་ཡན་ཆད་ལ་སེམས་མ་ཟིན་པ་ཟིན་པར་བྱེད་པ་ཞེས་བྱ་སྟེ་སེམས་ཀྱི་གནས་ཆ་རྙེད་པ་བྱ་དགོས་སོ། །གལ་ཏེ་འདི་དག་གི་ཚེ་སེམས་འགྱུ་བ་མང་དུ་སོང་བ་ལྟར་གྱུར་ནས་གནས་ཆ་ཆུང་ན། སྔར་རྣམ་རྟོག་ལུ་གུ་རྒྱུད་དུ་འཕྲོས་པ་ཐམས་ཅད་མ་རིག་པ་ལ་འདིར་རྣམ་རྟོག་གཅིག་སྐྱེས་གཉིས་སྐྱེས་རིག་པས་འཕྲིག་ཚུད་ཅིང་གནས་ཆ་ཅུང་ཟད་རྙེད་པ་ཡིན་པས་སྐྱོན་དུ་མི་གཟུང་ཞིང་། རྟོག་པའི་སྣ་མི་བསྐྱིལ་རྗེས་མི་འབྲང་བར་ལྷོད་དེ་བཞག་པ་ལ་འབད་དུ་བཅུག་པས་གནས་པ་འཆར་རོ། །གལ་ཏེ་སེམས་འཕྲོས་པ་དང་གནས་པའི་དབྱིབས་གང་ཡང་མ་རིག་པར་ཁུ་འཕྲིག་མ་བྱུང་ན། ཕཊ་ཅེས་པའི་སྒྲ་དྲག་པོའ་རྗེས་སམ་འབོད་སྐད་དྲག་པོ་ལྟ་བུའི་དུས་རྟོག་པ་སྔ་མ་རྒྱུན་ཆད་ཕྱི་མ་མ་སྐྱེས་པའི་བར་གྱི་སེམས་ལྟ་བུ་རྟོག་མེད་ཀྱི་གནས་ཆ་ཡིན་པ་དང་། དེ་ནས་འདི་བྱ་འདི་བྱེད་ཀྱི་བློ་སྐྱེས་པ་སོགས་རྣམ་རྟོག་འཕྲོས་པ་ཡིན་པའི་བརྡ་དོན་སྤྲད་ལ། རེས་བསྒྲིམ་རེས་གློད་པ་སོགས་ཐབས་སྣ་ཚོགས་པའི་སྒོ་ནས་ཁྲིད་མཁས་བྱས་ལ་འཕྲིག་ཚུད་དུ་བཅུག་སྟེ་ནན་གྱིས་སྦྱངས་པས་གནས་ཆ་རྙེད་པར་འགྱུར་རོ། །གཉིས་པ་རླུང་མེད་ནི། དེ་ལྟར་སེམས་ཀྱི་གནས་ཆ་ཅི་རིགས་རྙེད་ནས། ལུས་གནད་སྔར་ལྟར་བྱས་ལ་ཕྱིའི་གཟུགས་སྒྲ་སོགས་དང་ནང་གི་རླུང་འགྲོ་འོང་སོགས་གང་ལ་ཡང་སེམས་རྟེན་མི་བ་ཞིང་། སྔར་འདི་བྱས་འདི་བྱུང་སོགས་འདས་པ་ཡང་མི་སེམས། ཕྱིན་ཆད་འདི་བྱེད་འདི་བྱུང་ན་སོགས་མ་འོངས་པ་ཡང་མི་སྤྲོ། འཕྲལ་འདི་སྣང་འདི་འདུག་སོགས། ད་
༣༥༡ལྟའི་རྟོག་པ་ཡང་ཡིད་ལ་མི་བྱེད་པར། ལྷོད་དེ་ལམ་མེ་ཝལ་ལེ་འབོལ་ལེ་གནས་སུ་བཅུག །གནས་བཞིན་ལས་ཤིགས་བཤིགས་ལ་སླར་གོང་བཞིན་བྱ། ཡུན་མི་རིང་ཙམ་ལ་གྲངས་མང་དུ་བྱའོ། །གནས་ཆ་ཚོལ་བའི་རིགས་ཐམས་ཅད་ལ་ཧ་ཅང་སྒྲིམ་པ་དང་ཧུར་ཕྱུངས་དྲག་ན་སེམས་ལམ་མེར་གནས་པའི་གེགས་སུ་འགྱུར་བས་ཕལ་ཆེར་ལ་ཁོང་ཀློད་པ་བདེའོ། །དེ་ལྟར་བཞག་པས་སེམས་རྒོད་པའམ་ཡེར་ན། དྲོ་སར་བསྡད་བཟའ་བཏུང་བཅུད་ཅན་བསྟེན་བསྐུ་མཉེ་བྱ་ལྟ་སྟངས་སྨད། སེམས་ལྟེ་བའི་འོག་ཏུ་གཏད་ལ་ཕོ་རླུང་དྲག་པོ་མནན་ནོ། །སེམས་བྱིང་བའམ་ཉོག་ན། བསིལ་སར་བསྡད་གདོང་ལ་ཆུ་ཟིལ་བཏབ་རླུང་རོ་བསལ་ལྟ་སྟངས་དཔངས་བསྟོད། སེམས་ངར་བསྐྱེད་ལ་ཧུར་ཕྱུང་། ད་དུང་བྱིང་ན་འགྲོ་འཆག་བྱ་ཞིང་ཁམས་བསེང་ངོ་། །རྨུགས་ཤིང་གཏི་མུག་ན། ཡུལ་ཁྱད་པར་ཅན་ལ་ཕྱག་དང་སྐོར་བ་བྱ། མཆོད་སྦྱིན་དང་སྡིག་བཤགས་སོགས་དྲག་ཏུ་བྱ། ཏིང་ངེ་འཛིན་སྐྱེ་བར་གསོལ་བ་དུང་དུང་བཏབ་སྟེ་ཉམས་བསྐྱང་དུ་བཅུག །འདི་ལ་སེམས་ཟིན་པ་བརྟན་པར་བྱེད་པ་ཞེས་བྱ་སྟེ། གནས་ཆ་རྙེད་པ་དེ་རྟེན་གཏད་མེད་དུ་འཇོག་པ་ལ་བདེ་བར་མ་བྱང་ན་མཚན་མེད་ལ་བོགས་མི་འབྱུང་བས་བྱང་བ་གལ་ཆེ། དེ་ཡང་དྲན་མེད་དུ་སོང་བའི་གནས་པ་ལྟེམས་པོ་ཤར་ན་སྐྱོན་ཅན་ཡིན་པས་ཧུར་ཕྱུང་ལ་ཡུན་ཐུང་ངུ་རེ་ཡང་ཡང་བསྐྱར། བྱིང་བའམ་ལྡོབ་བེ་བ་དྲན་རིག་ཡོད་པ་ཙམ་བྱུང་ན་སྐྱོན་ཤུགས་ཀྱིས་དག་འགྲོ་བས་རེ་ཞིག་དེ་ཉིད་རང་སྦྱང་བའམ། སེམས་ཅུང་ཟད་ངར་བསྐྱེད་ལ་སྦྱང་བ་གང་འཕྲོད་བྱེད་དུ་བཅུག་གོ །གཉིས་པ་མཚན་མེད་ལ་གཉིས། སྒྲིམ་པ་དང་། གློད་པའོ། །དང་པོ་ནི། ལུས་གནད་སྔར་ལྟར་ལས་ལྟ་སྟངས་མིག་རང་གི་ཐད་ཀར་གཏད། སེམས་ངར་བསྐྱེད་ནས་སྐད་ཅིག་ཀྱང་མ་ཡེངས་པར་བསྒྲིམས་ཏེ། འདི་སྒོམ་གྱི་དམིགས་གཏད་མེད་པར་རྩེ་གཅིག་ཏུ་སིང་
༣༥༢ངེ་ཡེ་རེ་བཞག །ཡུན་མི་རིང་ཙམ་ལ་བཤིག་ནས་ཡང་གྲིམ་གྱིས་བསྒྲིམས་ལ་སྐད་ཅིག་ཀྱང་མ་ཡེངས་པར་ཙེན་ནེ་འཇོག་པ་ལ་སྦྱང་དུ་བཅུག་ལ་ཉམས་ལྟ་བྱས་པས། སྔར་གྱི་གནས་པ་སྙོམ་མེ་བ་ལས་སེམས་དྲུང་སོང་ངེ་ནས་གསལ་ལེ་སིང་ངེ་གནས་ཤིང་དྲན་རིག་ཡེ་རེ་འདུག་ན་བོགས་ཐོན་པ་ཡིན་ལ། བློ་རྒོད་པའི་རིགས་འགའ་ལ་དྲུང་ཆ་ཐོན་ཡང་གནས་ཡུན་ཐུང་དུ་སོང་ན་སྐྱོན་དུ་མི་བཟུང་བར་ཡུན་ཐུང་གྲངནག་མང་བྱས་པས་གནས་པ་དྲུང་པོ་འཕེལ་ནས་འོང་ངོ་། །གཉིས་པ་ནི། ལུས་གནད་དང་ལྟ་སྟངས་གོང་བཞིན་བྱ། འདི་སྒོམ་འདི་མི་སྒོམ་དང་གནས་ན་དགའ་འཕྲོ་ན་མི་དགའ་བ་ལ་སོགས་པའི་ཞེ་འདོད་མ་བྱས་པར་སེམས་ལྷོད་གློད་ལ། དགག་སྒྲུབ་དང་བཅས་བཅོས་མ་བྱས་པར་སེམས་རང་བབས་སུ་འབོལ་ལེ་ཆམ་མེ་བཞག་ཅིང་། དེའི་ངང་ནས་མ་ཡེངས་ཙམ་གྱི་དྲན་པ་པུར་པུར་མིན་པའི་རླབས་ཆེ་བས་ལེ་བ་བྱས་ལ་གུ་ཡངས་སང་ངེ་བསྐྱང་ངོ་། །ད་ལྟར་བསྐྱངས་པས་རྣམ་རྟོག་རགས་པ་ཏིལ་གྱིས་འཆར་ན་དགག་ཀྱང་མི་དགག་རྗེས་སུ་ཡང་མི་འབྲང་བར་མ་ཡེངས་པའི་དྲན་པ་རང་ཚོ་བཟུང་། འགྱུ་བ་བན་བུན་ཕྲ་སིམ་མེ་བ་རྣམས་ལའང་དགག་སྒྲུབ་མི་བྱ། དྭང་མ་སིང་ངེ་ལྷན་ནེ་གནས་པ་དང་ཤིགས་བཤིགས་ལ་ཅུང་ཟད་རེ་ངལ་གསོ། ཡང་སྔར་བཞིན་བསྐྱང་དུ་བཅུག་ལ་ཉམས་བལྟ། དེ་ལ་སྔར་རྣམ་རྟོག་ཕྲ་རགས་རྣམས་བཀག་པ་ལྟར་བྱས་ཏེ་རིག་པ་སིང་ངེ་ཡེ་རི་བར་བཅོས་ནས་སེམས་རྩེ་གཅིག་ཏུ་བསྒྲིམ་དགོས་པ་ལྟ་བུས་ཅུང་ཟད་མི་བདེ་ལ། འདིར་མ་ཡེངས་ཙམ་གྱི་ངང་ནས་རང་ལུགས་སུ་བསྐྱང་བས་ཆོག་པ་དང་རྣམ་རྟོག་ཕྲ་རགས་འཆར་ན་ཡང་དྲན་པའི་ཚེ་བཟུང་བས་རྣམ་རྟོག་གིས་དོན་བྱེད་མི་ནུས་པར་ལྷན་གྱིས་ཞི་ནས་གནས་པའི་སྟེང་དུ་འགྲོ་བ་དང་། དྲན་པས་ཁྱབ་ན་གཞན་ཞེ་འདོད་མི་དགོས་པས་གུ་ཡངས་པ་ལྟ་བུ་ཞིག་འབྱུང་བ་དང་། ཤིགས་བཤིག་ལྷོད་ཀློད་དུས་སེམས་ཀྱང་ཤིག་
༣༥༣གེ་ལྷོད་དེ་གནས་པའི་མཚང་རིག་ནས་སྐྱོང་བདེ་ན་བོགས་ཐོན་པ་ཡིན་ཞིང་། གལ་ཏེ་འོག་འགྱུ་ལྟ་བུར་ཤོར་ནས་ཡེངས་པའམ། ཅི་འགྱུས་འདི་འགྱུས་མེད་པར་དྲན་མེད་དུ་ཡེངས་པ་སོགས་བྱུང་ན་དྲན་པ་སྟོབས་ཆུང་བ་ཡིན་ལ། གནས་པ་སན་ནེ་བ་བྲང་ངེ་བ་འཚུབ་པ་བ་བྱུང་ན་གློད་ཞན་པ་དང་དྲན་རིག་བུར་བ་ཡིན་པས་སྐྱོང་ལུགས་ཀྱིས་སྐྱོན་བསལ་ཏེ་སྐྱོང་དུ་བཅུག །བློ་རིགས་བྱིང་ན་དྲན་རིག་གི་ངར་དང་སྟོབས་བསྐྱེད། རྒོད་ན་སེམས་ངར་ཅུང་ཟད་སྨད་དེ་གློད་ཆ་ཆེར་བཏང་ལ་བསྐྱངས་པས་སེམས་གསལ་སིང་ངེ་གནས་ཤིང་། གཟུགས་སྒྲ་སོགས་ཀྱི་སྣང་བ་ཡང་ཝ་ལེ་བ་ཆམ་མེ་བ་སོང་ངེ་བ་བུན་ནེ་བ་ལྟ་བུར་འཆར་ན་ཞི་གནས་སྐྱེས་པ་ཡིན་པས། ཉམས་ཀྱི་བྱེ་བྲག་ཅི་འཆར་ནའང་དེའི་དབང་དུ་མི་འབྲང་བར་གསལ་སིང་ངེ་བ་ལ་མི་རྟོག་པའི་ངང་དུ་རེ་ཞིག་བསྒོམ་དུ་བཅུག །འདིར་རྐང་མ་ཚུགས་ན་སྒོམ་ཉིན་སྲིབ་ཅན་འོང་བས་རྐང་ཚུགས་པར་བྱ་སྟེ། དང་པོར་རྣམ་རྟོག་ཕྲ་རགས་མང་པོ་འཁྲུགས་པའི་བར་ན་མི་རྟོག་པར་གནས་པའི་ཆ་ཅུང་ཟད་ཙམ་རེ་རྙེད་པ་དེ་གཅོང་རོང་གི་འབབ་ཆུ་འདྲ་བའི་ཞི་གནས་དང་པོ་ཡིན། དེ་ནས་རྣམ་རྟོག་ཕལ་ཆེར་ཕྲ་ཉལ་གྱིས་སོང་ཞི་གནས་བདེ་ཆམ་མེ་གནས་ཤིང་། འོན་ཀྱང་རྣམ་རྟོག་གི་གཡོ་བ་དྲག་པོ་བྱུང་ན་མི་ནོན་པར་སྐབས་སྐབས་འཕྲོ་རྒོད་འབྱུང་བ་དེ་ཆུ་བོ་དལ་ཞིང་གཡོ་བ་ལྟ་བུའི་ཞི་གནས་བར་པ་ཡིན། དེ་ནས་རྣམ་རྟོག་ཕྲ་རགས་མི་ལྡང་བར་མི་རྟོག་པའི་ངང་དུ་བདེ་མེ་རེ་ཅི་ཙམ་བཞག་གི་བར་གནས་པའམ། རྣམ་རྟོག་ཕྲ་མོ་ཅུང་ཟད་རོ་ལྡང་ན་ཡང་དེས་རྟོག་པའི་བྱ་བ་མི་ནུས་པར་མི་རྟོག་པའི་ངང་དུ་རང་སར་དག་པ་དེ་ཆུ་མ་བུ་འཕྲད་པ་རྒྱ་མཚོ་ལྟ་བུའི་ཞི་གནས་མཐར་ཐུག་ཡིན་པས། ཞི་གནས་འདེས་ཕྱག་རྒྱ་ཆེན་པོའ་སྒོམ་ངོ་བོའ་གོ་མི་ཆོད་ན་ཡང་སྒོམ་གྱི་གཞི་ལ་ཡོད་པ་ཤིན་ཏུ་གལ་ཆེ་ཞིང་། རྣམ་དཀར་གྱི་ལས་གསོག་པའི་བསམ་གཏན་ཚད་མེད་པ་ཞིག་ཡིན་པས་ཞི་གནས་སྐྱོན་མེད་བརྟན་པོ་བསྒྲུབ་པར་
༣༥༤བྱའོ། ༈ གཉིས་པ་ལྷག་མཐོང་གི་སྒོ་ནས་ཁྲིད་པས་གཉིས། སེམས་སྣང་སྣ་ཚོགས་ཀྱི་ངོ་བོ་གཏན་ལ་དབབ་པ་དང་། གཞི་རྩ་ལ་སྒྲོ་འདོགས་བཅད་པའོ། །དང་པོ་ལ་གཉིས། རྩ་བ་སེམས་ཀྱི་ངོ་བོ་གཏན་ལ་དབབ་པ་དང་། རྩལ་རྣམ་རྟོག་དང་སྣང་བའི་ངོ་བོ་གཏན་ལ་དབབ་པའོ། །དང་པོ་ནི། ལུས་གནད་སྔར་བཞིན་ལས་མིག་ཚམ་ཚུམ་དང་འགྱུར་བ་མེད་པར་ཧར་རེ་གཏད། ཤེས་པ་གསལ་སིང་ངེ་བ་ལ་མི་རྟོག་པའི་ཞི་གནས་ཀྱི་སྟེང་དུ་ལྷང་ངེ་བཞག་ལ། དེའི་ངང་ལ་སེམས་དེ་ཉིད་ལ་རྗེན་ལྷང་གིས་བལྟས་ཏེ་དབྱིབས་དང་ཁ་དོག་ལ་སོགས་པ་ཇི་ལྟ་བུ་ཞིག་འདུག །གནས་དང་རྟེན་གང་ལ་གནས། ངོས་བཟུང་རྣམ་འགྱུར་ཇི་ལྟར་འདུག་རྣམས་རིམ་པས་བརྟགས་ཤིང་དཔྱད། དེ་ཡང་ཟླུམ་པོ་གྲུ་བཞི་སོགས་དང་ས་རྡོ་རི་བྲག་རྩི་ཤིང་སོགས་དང་མི་དང་དུད་འགྲོ་སོགས་ཀྱི་དབྱིབས་སུ་འདུག་གམ། དཀར་པོ་དང་ནག་པོ་སོགས་ཀྱི་ཁ་དོག་ཏུ་འདུག་གམ་རེ་རེ་ཞིང་རྡོ་རུས་འཕྲོད་པར་བརྟག །དེ་བཞིན་དུ་སེམས་ཕྱི་རོལ་སྣོད་བཅུད་ཀྱི་དངོས་པོ་ལ་གནས་སམ་ནང་རྣམ་སྨིན་གྱི་ལུས་ལ་གནས། ལུས་ལ་གནས་ན་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ལྷུ་དང་དུམ་བུ་ལ་གནས་སམ་སྤྱི་ཁྱབ་ཏུ་གནས། སྤྱི་ཁྱབ་ཏུ་གནས་ན་ཕྱི་ནང་གི་ཚུལ་དུ་གནས་སམ་འདྲེས་པའི་ཚུལ་དུ་གནས། འདྲེས་ན་སེམས་ཕྱིའི་ཡུལ་དང་རྫས་ལ་འཕྲོས་པའི་ཚེ་ཇི་ལྟར་སོང་ལ་སོགས་པ་བརྟག །དེ་བཞིན་དུ་སེམས་ཀྱི་ངོ་བོ་དེ་སྟོང་པའི་ངོས་བཟུང་དུ་འདུག་གམ་གསལ་བའི་ངོས་བཟུང་དུ་འདུག །སྟོང་པ་ལ་ཅང་མེད་ཀྱི་སྟོང་པའམ་ནམ་མཁའ་ལྟ་བུའི་སྟོང་པར་འདུག་དང་། གསལ་རིག་ཅན་ལ་ཉི་ཟླའི་འོད་དམ་མར་མེ་ལྟ་བུ་སོགས་ཇི་ལྟར་གསལ་བརྟག་ཏུ་བཅུག །འདི་ལ་རྡོ་རུས་ཐུག་པ་ཁོ་ཐག་མཆོད་ཀྱི་བར་བརྟག་དཔྱད་བྱ། ཐོས་ལོ་དང་གོ་བ་ཙམ་ཞེ་ལ་བཞག་ནས་མ་བརྟགས་ན་ཕུ་ཐག་མི་ཆོད་པས་ཕུགས་གཏུག་ལ་བརྟག་ཏུ་བཅུག །ལོག་ཤེས་བཟུང་ན་གནོད་བྱེད་བཏང་ལ་སླར་གཞིག་
༣༥༥ཏུ་བཅུག་པས་དབྱིབས་དང་ཁ་དོག་དང་གནས་དང་རྟེན་དང་རྫས་སུ་མ་གྲུབ་པར་ཐག་ཆོད་པ་ནི་སླ་ལ། ངོ་བོ་ངོས་བཟུང་གསལ་སྟོང་གི་ངང་དུ་ལྷན་ནེ་གནས་པ་ཞིག་ཏུ་གོ་ན་གནས་པའི་ཉམས་ཡིན་པའི་འཕྲིག་མ་ཚུད་པས། མཎྜལ་དང་གསོལ་བ་དྲག་ཏུ་འདེབས་ཤིང་གསལ་ལུགས་དང་སྟོང་ལུགས་གནས་ལུགས་རྣམས་རེ་རེ་ཞིང་བརྟག་ཏུ་བཅུག་པས། དངོས་པོ་དང་རྫས་སུ་མ་གྲུབ་པས་དབྱིབས་དང་ཁ་དོག་མེད་ཅིང་གནས་དང་རྟེན་ཡང་མེད་ལ། འདི་འདྲ་འདི་ཡིན་གྱི་ངོས་བཟུང་མེད་པར་གསལ་སྟོང་ལྟ་བུའི་བརྗོད་མི་ཚུགས་པ་ཅིག་ལ་མྱོང་རྒྱུ་ཡོད་པ་ཅིག་ཏུ་གོ་ན། མགོ་གཡོགས་ལ་གཅུན་པས་གོ་བའམ་རྣ་ཐོས་ཡིན་ན་མི་མཚུངས་པ་མང་པོ་འབྱུང་ཞིང་རྟག་མི་ཐུབ། མྱོང་བ་ཡིན་ན་ཟེར་ལུགས་མི་ཤེས་ནའང་གོ་དོན་ཐག་གཅིག་ཏུ་འོང་། དེ་བྱུང་ན་མྱོང་བ་སྐྱེས་པ་ཡིན་ནོ། །འོན་ཀྱང་སྨྲ་མཁས་ཤིང་ཚིག་ལེགས་ཀྱང་མྱོང་བ་མེད་པ་དང་། སྨྲ་མི་ཤེས་བཤད་མི་ཚུགས་ཀྱང་མྱོང་བ་སྐྱེས་པ་ཡོང་བས་བླ་མས་མྱོང་ཐོག་ནས་གདར་ཤ་ལེགས་པར་བཅད་ལ་ཕུ་ཐག་ཆོད་པ་དང་། སྔར་གྱི་ཞི་གནས་གསལ་སིང་ངེ་བ་ལ་མི་རྟོག་པའི་ངང་ནས་སེམས་ལ་རྗེན་ལྷག་གིས་བལྟས་པས་ཚིག་གི་བརྗོད་པས་མི་མཚོན་པའི་ཤེས་པ། ངོས་བཟུང་མེད་བཞིན་ཏུ་རང་རིག་པའི་གསལ་སྟོང་སིང་ངེ་བ་ཡེ་རེ་བ་ཧྲིག་གེ་བ་ལྟ་བུ་དེ་མ་ཡེངས་པར་སྐྱོང་དུ་བཅུག་གོ་།གཉིས་པ་ནི། ལུས་གནད་སོགས་གོང་ལྟར་བྱས་ཏེ་ངོས་བཟུང་མེད་པའི་སེམས་གསལ་སྟོང་གི་ངང་ནས་ཞེ་སྡང་ལྟ་བུའི་རྣམ་རྟོག་རགས་ཤིང་ངར་ཆེ་བ་ཞིག་འགྱུར་བཅུག་ལ། དེ་ལྷང་གིས་སྐྱེས་པ་དང་དེ་ལ་རྗེན་ཆར་གྱིས་བལྟས་ནས་དབྱིབས་དང་ཁ་དོག་གནས་དང་རྟེན་ངོས་བཟུང་དང་རྣམ་འགྱུར་སོགས་ཇི་ལྟར་འདུག་སྔར་ལྟར་བརྟག་དཔྱད་བྱ། དེ་བཞིན་དུ་རྣམ་རྟོག་ཕྲ་མོ་ཤར་བའམ་སྤྲོས་ཏེ་དེའི་ངོ་བོ་ལ་བལྟ་ཞིང་བརྟག་དཔྱད་བྱ། དེ་བཞིན་སྣོད་བཅུད་དང་དགྲ་གཉེན་དང་སྐྱིད་སྡུག་ལ་སོགས་པའི་སྣང་བའི་
༣༥༦འཆར་སྒོ་ཕྲ་རགས་ཅི་རིགས་པ་ཤར་བའམ་འཆར་དུ་བཅུག་ལ་དེའི་ངོ་བོ་ལ་བརྟག་ཅིང་དཔྱད། སྔར་བལྟས་པས་ངོས་བཟུང་མ་བྱུང་བའི་རིགས་འགྲེ་བྱས་ན་མ་བརྟགས་ན་མྱོང་བ་ཕྲ་ཞིབ་ཅན་མི་འབྱུང་ཞིང་། རྣམ་རྟོག་དང་སྣང་བ་ཕྲ་རགས་ལ་ངོས་བཟུང་མེད་པའི་གོ་བ་ཙམ་ལས་ཐུག་འཕྲད་དུ་ངོ་ཤེས་འཕྲད་པ་ལྟ་བུའམ། རྫུན་ཕུགས་རྡིབ་པ་ལྟ་བུར་གྲོལ་བའི་མྱོང་བ་རྒྱུན་བརྟན་པོ་མི་འོང་བས་སྙིང་རུས་བསྐྱེད་ནས་ཁོ་ཐག་མ་ཆོད་ཀྱི་བར་བརྟག་དཔྱད་བྱེད་དུ་བཅུག་གོ་།འདིས་བློ་གཅོད་ཁམས་བཟང་ངན་སུ་ལ་ཡང་དོན་གྱི་ཐོབ་པ་ཆེན་པོ་འབྱུང་བས་འོད་གསལ་སྤྱི་ཙམ་ལ་མི་བཞག་གོ་།དེ་ནས་ཉམས་བལྟས་པས། རྣམ་རྟོག་གང་སྣང་བའི་འཆར་སྒོ་རྣམས་བརྟགས་པའི་ཚེ་དབྱིབས་ཁ་དོག་དང་ངོས་བཟུང་མི་འདུག་ཅིང་། སེམས་ཀྱི་ངོ་བོ་གསལ་སྟོང་དེ་ཀར་སོང་ཞེས་པ་ལ་སོགས་པའི་གོ་ཡུལ་ཙམ་ཟེར་ན། གསལ་སྟོང་ཟེར་བའི་ཚིགས་རིགས་ལ་ངེས་པ་མེད་པས་རྣམ་རྟོག་ལ་སོགས་པའི་འཆར་སྒོ་དེ་འགག་པའམ་ཞིག་པ་ལྟ་བུ་མེད་པར་གསལ་སྟོང་དུ་སོང་ངམ། ཡོད་བཞིན་དུ་ནི་གསལ་བ་ཡིན་དུ་ཆུག་ཀྱང་སྟོང་པའི་དོན་མེད་དོ་ཞེས་གཅུན་ལ་བརྟག་དཔྱད་བྱེད་དུ་བཅུག །རྣམ་རྟོག་གང་ཤར་དེའི་འཆར་སྒོ་དེ་ཉིད་མ་འགགས་པར་གསལ་བཞིན་དུ་རྟོག་པའི་བྱ་བ་མི་བྱེད་པའི་ངོས་བཟུང་རྒྱུ་མེད་པ་ཞིག་དང་། སྣང་བ་ཡང་སྣང་ཆ་མ་འགག་པར་སྣང་ཙམ་ལས་ཨ་འཐས་ཀྱི་བདེན་འཛིན་མེད་པ་བཀྲག་མེད་ལྟ་བུ་འདི་འདྲ་ཞེས་བརྗོད་པར་དཀའ་བ་ཞིག་འདུག་པར་གོ་ན་མྱོང་བ་སྐྱེས་པ་ཡིན་པས། གསལ་ལ་ངོས་བཟུང་མེད་པ་གསལ་སྟོང་ངམ་སྣང་ལ་རང་བཞིན་མེད་པ་སྣང་སྟོང་དེ་ཉིད་རང་མ་ཡེངས་པར་སྐྱོང་དུ་བཅུག །ཁ་ཅིག་རྣམ་རྟོག་གམ་སྣང་བ་ལ་ཅེར་བལྟས་པས་དེ་ཞི་གནས་གསལ་སྟོང་དུ་འགྲོ་ཟེར་བ་ནི་རྟོག་པ་དང་སྣང་བ་ཉིད་གཏན་ལ་མ་ཕེབས་པར་དེའི་གཉེན་པོར་གསལ་སྟོང་གི་བློ་བཏང་བའོ། །གཉིས་པ་ལ་བཞི། རྣམ་རྟོག་སེམས་སུ་
༣༥༧ཐག་བཅད་པ། སྣང་བ་སེམས་སུ་ཐག་བཅད་པ། སེམས་གནས་འགྱུའི་རྩ་བ་བཅད་པ། གང་ཤར་སྐྱེ་མེད་དུ་ཐག་བཅད་པའོ། །དང་པོ་ནི། ལུས་གནད་སོགས་སྔར་ལྟར་བྱས་ལ་སེམས་གསལ་སྟོང་དུ་མཉམ་པར་བཞག་པའི་ངང་ནས་ཞེ་སྡང་ལ་སོགས་པའི་རྣམ་རྟོག་ཅིག་ལམ་གྱིས་སྤྲོས་ཏེ། དེ་ལ་ཅེར་གྱིས་བལྟས་ལ་དེ་རྒྱུའམ་གཞི་ཅི་ལ་བརྟེན་ནས་བྱུང་ལེགས་པར་བརྟག །སེམས་གསལ་སྟོང་གི་ངང་དེ་ཉིད་ལས་བྱུང་སྙམ་ན། མ་ལས་བུ་སྐྱེས་པ་ལྟར་བྱུང་ངམ་ཉི་མ་ལས་འོད་ཤར་བ་ལྟར་རམ་སེམས་དེ་རྣམ་རྟོག་དེར་སོང་ལ་སོགས་པ་བརྟག །ཚུལ་ཇི་ལྟ་བུར་གནས་བལྟས་ལ་ཞེ་སྡང་གི་རྣམ་པར་སྣང་ན། ཞེ་སྡང་དེ་ཉིད་ཀུན་དཀྲིས་དྲག་པོའ་བདེན་འཛིན་དང་བཅས་པར་སྣང་ངམ། ཞེ་སྡང་ལྟ་བུའི་རྣམ་པ་ཙམ་ལ་ངོ་བོ་ངོས་བཟུང་རྒྱུ་མེད་པའི་ཕྱལ་ལེ་བ་ལྟ་བུ་ཞིག་འདུག་བརྟག །མཐར་ཇི་ལྟར་སོང་བལྟས་ལ་རྟོག་པ་དེ་བཀག་གམ་སངས། བཀག་ན་སུས་བཀག་རྐྱེན་ཅིས་དགགས། སངས་ན་རྐྱེན་གྱིས་སངས་སམ་རང་སངས་ལ་སོང་བ་བརྟག །དེ་བཞིན་དུ་རྣམ་རྟོག་ཕྲ་རགས་སྣ་ཚོགས་པ་ལ་གོང་བཞིན་བརྟག་དཔྱད་བྱེད་དུ་བཅུག་ལ་ཉམས་བལྟ། ལོག་ཤེས་འདུག་ན་གནོད་བྱེད་བཏང་ཞིང་ཕྱོགས་ཙམ་བསྟན་ལ་སླར་བརྟག་ཏུ་བཅུག །འདི་ན་འདི་བཞིན་བྱུང་དང་དབྱིབས་རྣམ་འགྱུར་འདིར་གནས་དང་ཐ་མ་འདིར་སོང་མི་རྙེད་ཀྱང་རྣམ་རྟོག་དང་སེམས་ཐ་དད་དང་ཕྱི་ནང་ལྟ་བུ་དང་ལུས་དང་ཡན་ལག་ལྟ་བུའི་བློ་ཞི་གནས། རྣམ་རྟོག་སྣ་ཚོགས་པ་རྣམ་པ་ཅིར་སྣང་ཡང་ངོ་བོ་ངོས་བཟུང་མེད་པ་སྣང་སྟོང་དུ་མྱོང་ཞིང་རང་ཤར་རང་གྲོལ་དུ་རིག་སྟེ། སེམས་ཀྱི་གོ་མ་འགག་པས་སེམས་རྣམ་རྟོག་ཏུ་ཤར་བའམ་དེར་སྣང་བ་ཙམ་དུ་ངེས་ནས་རྣམ་རྟོག་དང་སེམས་ཉིད་དབྱེར་མེད་དུ་ཐག་ཆོད་དགོས་ལ། དཔེར་ན་ཆུའི་རླབས་ལྟ་བུ་སྟེ། རླབས་ནི་ཆུ་ལས་མ་འདས་ཤིང་ཆུ་ཉིད་ཀྱང་རླབས་སུ་ཤར་ལ། ཤར་ཡང་ཆུའི་རང་བཞིན་ལས་
༣༥༨མ་གཡོས་པ་ལྟར། རྣམ་རྟོག་སྣ་ཚོགས་པ་ཤར་ཙམ་ཉིད་ནས་ངོས་བཟུང་མེད་པའི་སེམས་གསལ་སྟོང་ལས་མ་འདས་ཤིང་། སེམས་ཀྱང་འཆར་སྒོ་མ་འགག་པས་རྣམ་རྟོག་སྣ་ཚོགས་པར་ཤར་ལ། དེར་ཤར་ཡང་ངོ་བོ་ངོས་བཟུང་མེད་པའི་སེམས་གསལ་སྟོང་ལས་མ་གཡོས་པར་ཁོ་ཐག་ཆོད་ནས་རྣམ་རྟོག་སྣ་ཚོགས་པ་སེམས་སུ་ངེས་པའི་མྱོང་བ་ཐོན་དགོས་ཤིང་། དེ་བཞིན་ཏུ་སྐྱིད་པའི་རྟོག་པ་ཞིག་དང་སྡུག་པའི་རྟོག་པ་ཞིག་སྤྲོས་ལ་དེ་གཉིས་ཀྱི་ངོ་བོ་ལ་ཁྱད་ཅི་འདུག་བལྟ་བ་སོགས་རྒྱབ་བསྣོལ་གྱི་རྟོག་པ་ཡང་ཐག་ཆོད་པར་བྱའོ། །གཉིས་པ་ནི། ལུས་གནད་སོགས་སྔར་ལྟར་བྱས་ཏེ་སེམས་གསལ་སྟོང་གི་ངང་ནས་གཟུགས་སྣང་གང་ཡང་རུང་བ་ཞིག་རྣམ་པ་གསལ་ལམ་གྱིས་འཆར་དུ་བཅུག་ལ། དེའི་བྱུང་གནས་འགྲོ་གསུམ་གོང་བཞིན་བརྟག །གཟུགས་སྣང་དང་སེམས་གཉིས་ཐ་དད་དུ་འདུག་གམ་གཅིག་ཏུ་འདུག །ཐ་དད་ན་ཕན་ཚུན་ནམ་ཕྱི་ནང་ངམ་སྟེང་འོག་ལྟ་བུར་འདུག་གམ། དེ་ལྟར་འདུག་ན་རང་ཚུགས་ཐུབ་པའི་ངོ་བོ་སོ་སོར་གྲུབ་པ་འདུག་གམ་སེམས་དེར་སྣང་བ་ཙམ་དུ་འདུག །སེམས་དེར་སྣང་བ་ཙམ་ལ་སེམས་གཅིག་ལས་མེད་པ་ཐ་དད་དུ་འགལ་བར་བརྟག །གཟུགས་སྣང་དང་སེམས་གཅིག་ན་སེམས་གཟུགས་སྣང་དུ་སོང་ནས་གཅིག་གམ་གཟུགས་སྣང་སེམས་སུ་སོང་ནས་གཅིག་ལ་སོགས་པ་བརྟག་ཏུ་བཅུག་ལ་ཉམས་བལྟ། ལོག་ཤེས་འདུག་ན་གནོད་བྱེད་གཏོང་ཞིང་ཕྱོགས་བསྟན་ཏེ། གཟུགས་ཀྱི་སྣང་བ་གང་སྣང་སེམས་ཀྱི་སྣང་ཆ་ཙམ་དུ་ངེས་ནས་གཟུགས་ཀྱི་རྣམ་པ་སྣ་ཚོགས་པར་སྣང་ཡང་ངོ་བོ་ངོས་བཟུང་དུ་གྲུབ་པ་མེད་པ་སྣང་སྟོང་དུ་མྱོང་ཞིང་། སེམས་ཀྱི་རྩལ་མ་འགགས་པས་གཟུགས་ལ་སོགས་པའི་རྣམ་པར་སྣང་བ་ཙམ་དུ་རིག་ནས། གཟུགས་སྣང་ཕྱིར་མ་ལུས་སེམས་ནང་དུ་མ་ལུས་པར་སྣང་སེམས་དབྱེར་མེད་དུ་ཐག་ཆོད་དགོས་ལ། དཔེ་དོན་གོང་དུ་བཤད་པ་ལྟར་རམ་རྨི་ལམ་ན་ཕྱི་རོལ་གྱི་གཟུགས་སྣ་ཚོགས་པ་ཤར་ཡང་རྨི་ལམ་གྱི་
༣༥༩ཤེས་པ་ལས་མ་འདས་ཤིང་རྨི་ལམ་གྱི་གཟུགས་དང་རྨི་ལམ་གྱི་ཤེས་པ་དབྱེར་མེད་པ་ལྟ་བུའོ། །གནས་སྐབས་སྤྱི་མཐུན་གྱི་ལས་ཀྱིས་སྣང་བའི་ཡུལ་རྐྱེན་གྱིས་སོ་སོ་སྣ་ཚོགས་པར་སྣང་བ་ནི། དཔེར་ན་ཤེལ་དྭངས་པ་ཞིག་ཡུལ་རྐྱེན་སྔོན་པོ་སོགས་དང་འཕྲད་ན་སྔོན་པོ་སོགས་སུ་སྣང་ཙམ་ལས་ངོ་བོ་ཤེལ་དྭངས་པ་དེ་ཉིད་ལས་གཞན་དུ་མ་སོང་བ་ལྟར། སྒོ་མ་འགག་པའི་སེམས་ལས་མ་དག་བར་དུ་ཡུལ་རྐྱེན་སྣ་ཚོགས་དང་འཕྲད་ན་སྣ་ཚོགས་སུ་སྣང་ཙམ་ལས་ངོ་བོ་སེམས་ལས་གཞན་དུ་མ་སོང་བར་ཐག་ཆོད་ནས་སྣང་བ་སྣ་ཚོགས་སེམས་སུ་ངེས་པའི་མྱོང་བ་ཐོན་དགོས། དེ་བཞིན་དུ་མཛེས་མི་མཛེས་སོགས་རྒྱབ་འགལ་གྱི་སྣང་བ་གོང་ལྟར་བརྟག །གཟུགས་ཀྱིས་མཚོན་ནས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཐམས་ཅད་བརྟགས་ནས་ངེས་པ་རྙེད་པར་བྱའོ། །གསུམ་པ་ནི། ལུས་གནད་སྔར་ལྟར་བྱས་ལ་སེམས་གསལ་སྟོང་གི་ངང་དུ་ལྷན་ནེ་གནས་སུ་བཅུག་སྟེ་དེ་ལ་ཅེར་གྱིས་བལྟས་ནས་བརྟག །ཡང་ལྷན་གནས་པའི་ངང་ནས་འགྱུ་བ་ཞིག་ཡེར་གྱིས་འགྱུར་བཅུག་སྟེ་དེ་བ་བལྟས་ནས་བརྟག །དེ་ནས་གནས་པ་དང་འགྱུ་བ་གཉིས་ཀྱི་བྱུང་གནས་འགྲོ་གསུམ་དང་ངོ་བོ་ངོས་བཟུང་གི་ཁྱད་པར་ཅི་འདུག་བརྟག །ལྷན་གནས་པ་དང་ཡེར་ཤར་བའི་ཁྱད་པར་འདུག་ན། དེ་གཉིས་རང་ལ་བཟང་ངན་དང་སྟོང་མ་སྟོང་དང་ངོ་བོ་གྲུབ་མ་གྲུབ་དང་ངོས་བཟུང་ཡོད་མེད་ཀྱི་ཁྱད་པར་ཅི་འདུག་ལ་སོགས་པ་བརྟག །ཁྱད་པར་མེད་ན་གཅིག་ནས་ཁྱད་པར་མེད་དམ་ཐ་དད་ཀྱང་མཚུངས་ནས་ཁྱད་པར་མེད་བརྟག །གཅིག་ན་ཐོག་མཐའ་བར་གསུམ་གང་དུ་གཅིག་བརྟག །མཚུངས་ན་ཇི་ལྟར་མཚུངས་ལ་སོགས་པ་བརྟག་དཔྱད་བྱེད་དུ་བཅུག་ལ་ཉམས་བལྟ། ལོག་ཤེས་འདུག་ན་མཐའ་བཀག་ཅིང་ཕྱོགས་བསྟན་ལ་སླར་བརྟག་ཏུ་བཅུག །ལྷན་ནེར་གནས་པ་དང་ཡར་གྱིས་འགྱུས་པ་གཉིས་རྒྱུད་ཐ་དད་དུ་འཛིན་པ་ལས་ལོག་སྟེ།
༣༦༠གཉིས་ཀ་སེམས་ཉིད་གཅིག་པུ་རྩ་བྲལ་ངོས་བཟུང་མེད་པ་རང་རིག་རང་དག་གསལ་སྟོང་དུ་ངོ་བོ་གཅིག་པ་མྱོང་ནས། དེ་གཉིས་གང་བྱུང་ཡང་དགག་སྒྲུབ་སྤང་བླང་མི་དགོས་པར་གནས་ན་གནས་ཐོག་འགྱུ་ན་འགྱུ་ཐོག་དེ་གསལ་སྟོང་རང་གྲོལ་དུ་ངེས་ཤེས་སྐྱེ་དགོས་པ་ཡིན་ནོ། །བཞི་པ་ནི། སྔར་བཞིན་སེམས་གསལ་སྟོང་གི་ངང་ན་རྣམ་རྟོག་དང་སྣང་བ་སྣ་ཚོགས་ནི་སེམས་འདི་ཀ་མ་འགགས་པའི་རྩལ་སྣང་དུ་འདུག །ད་ནི་སེམས་འདི་ཀའི་རང་བབས་འདི་ཅི་ལྟ་བུ་སྙམ་དུ་ཅེར་གྱིས་བལྟས་ལ་འདིའི་རྒྱུ་གང་ལས་བྱུང་ཚུལ་ཇི་ལྟར་གནས་མཐར་ཇི་འདྲར་སོང་ལེགས་པར་བརྟག་ཏུ་བཅུག །ལོག་ཤེས་འདུག་ན་མཐའ་དགག་ཅིང་ཕྱོགས་བསྟན་ལ་སླར་ཡང་བརྟག་ཏུ་བཅུག་ནས། སེམས་དང་པོར་རྒྱུ་རྐྱེན་ལས་མ་བྱུང་གཞི་གང་ལས་ཀྱང་མ་སྐྱེས་པ་ཡེ་ནས་ཀྱི་རྩ་བྲལ། འཕྲལ་གྱི་དབྱིབས་རྣམ་འགྱུར་སོགས་གང་དུ་མི་གནས་ཤིང་ངོས་བཟུང་རྒྱུ་མེད་པ། མཐར་སུས་ཀྱང་བཀག་པ་མེད་པར་རང་སངས་རང་དག་རང་གྲོལ་ལྟ་བུར་འདུག་པ་མྱོང་སྟེ། གདོད་མ་ནས་སྐྱེ་འགག་གནས་གསུམ་གྱི་ངོས་བཟུང་མེད་པར་རང་རིག་སྟོང་པ་ཉིད་ཡིན་པའི་ཡིན་ལུགས་ལྟར་གང་ཤར་གྱི་སེམས་ལ་བཟང་པོས་བརྒྱན་མི་ཚུགས་ངན་པས་སྦགས་མི་ཚུགས་པས་བཅོས་བསླད་དང་འཕྲི་བསྣན་མི་དགོས་པར་རང་དག་རང་རིག་རང་གྲོལ་ཉིད་དུ་ཐག་ཆོད་དགོས་སོ། །དེ་ལྟར་ལྷག་མཐོང་གི་ལྟ་རྟོག་དང་གཞིག་འགྲེལ་ཐམས་ཅད་ལུས་གནད་དང་སེམས་གསལ་སྟོང་མཉམ་བཞག་གི་སྟེང་ནས་བརྟགས་ཤིང་དཔྱད་ན་ལྷག་མཐོང་གི་ཤེས་རབ་ཀྱིས་མྱོང་ལ། རྟོག་བཏགས་ཀྱི་བློ་ཁོ་ནས་དཔྱད་ན་དོན་སྤྱི་ཙམ་འཆར་སྲིད་ཀྱང་མྱོང་བ་མི་ཐོན་ནོ། །འདི་ལ་ངེས་ཤེས་ཐག་ཆོད་པ་མ་སྐྱེས་ན་ངོ་སྤྲད་ཀྱང་ཕྱིས་དེ་ལ་བློ་མི་ཁེལ་བར་གཞན་ལ་འཇུག་པའམ། སྙིང་རུས་བསྐྱེད་ནས་བསྒོམས་ནའང་ཞི་གནས་ཙམ་པོ་བའི་སྟེང་དུ་འཁོར་ཏེ་དེའི་
༣༦༡ཉམས་སྣང་ལ་ཞེན་པས་ལོ་མང་པོ་འབད་ཀྱང་བྱང་ཆུབ་ཏུ་བགྲོད་པའི་ས་མི་ཆོད་པ་ཡིན་ནོ། །དེ་ལ་བློ་རབ་ཀྱིས་རྟོགས་པ་ཐོབ་པ་འབྲིང་གིས་མྱོང་བ་ཐོབ་པ་ཐ་མས་གོ་བ་བརྟན་པོ་ཐོབ་པ་དགོས་ཟེར་ཡང་གོ་བས་ཅུང་མི་འོང་ངོ་། །འདི་དག་ལ་བཤད་མཁས་ཀྱང་མྱོང་བ་མ་ཐོན་པ་དང་མྱོང་ཡང་བཤད་མི་ཤེས་པ་ཡོང་བས་བླ་མས་མཐའ་གཅུན་ཞིང་ཕྱོགས་སྟོན་པའི་སྒོ་ནས་ཁྲིད་མཁས་དང་མགོ་གཡོགས་ལ་འདྲི་མཁས་བྱ། མྱོང་བ་དགའ་མོ་སྐྱེས་འདུག་ནའང་ཁ་ཡར་གིས་ངོ་སྤྲོད་བྱ་ཤོར་དུ་སོང་བ་ཡེ་མི་བྱ་བར་སོམ་མོ། །རེ་ཞིག་མྱོང་དུ་བཅུག་གོ་།ཁ་ཅིག་ལྷག་མཐོང་གི་ཁྲིད་དང་ངོ་སྤྲོད་སྤེལ་མར་བྱེད་པ་དང་ངོ་སྤྲོད་ཀྱི་སྐབས་སུ་བལྟ་ཉུལ་བྱེད་པ་སྣ་ཚོགས་སྣང་ཡང་། འདི་དག་གི་སྐབས་སུ་དཔྱད་གཞིག་གིས་ཐག་བཅད་ལ་མྱོང་བ་བསྐྱེད་དེ་ངོ་སྤྲོད་ཀྱི་སྐབས་སུ་མྱོང་བ་ངོ་སྤྲད་ལ་སྒོམ་དུ་གཞུག་པ་དེ་ཀ་ལེགས་པ་ཡིན་ལ། འདི་ཅི་ནས་ཀྱང་མྱོང་བ་སྐྱེ་མ་ཚུགས་ན་རེ་ཞིག་ཞི་གནས་དེ་ཉིད་གསལ་རིག་ཐོན་པ་སྐྱོང་དུ་བཅུག་ལ་ཅི་ཞིག་ན་ཁྲིད་པས་དོན་གྲུབ་ནས་མྱོང་བ་བརྟན་པོ་འོང་ངོ་། ༈ །གཉིས་པ་ངོ་སྤྲོད་པའི་རིམ་པ་ལ་གཉིས། ལྷན་སྐྱེས་ངོ་སྤྲོད་པ་ལ་དངོས་དང་། སྐྱོན་སེལ་ཞིང་སྒོམ་པ་ངོས་བཟུང་བའོ། །དང་པོ་ལ་གསུམ། སེམས་ཉིད་ལྷན་སྐྱེས་ངོ་སྤྲད་པ། རྣམ་རྟོག་ལྷན་སྐྱེས་ངོ་སྤྲད་པ། སྣང་བ་ལྷན་སྐྱེས་ངོ་སྤྲད་པའོ། །དང་པོ་ནི། ངོ་སྤྲོད་བྱེད་པའི་ཚེ་བླ་མ་དང་སློབ་མ་མིན་པར་གཞན་ཕག་ཏུ་རང་མི་བཞག་པར་སྤྲོ་ན་མ་ལུས་གནད་སྔར་ལྟར་བྱེད་དུ་བཅུག་སྟེ། ཁྱོད་ཀྱིས་སེམས་མ་བཅོས་པར་རང་ལུགས་སུ་བཞག་པའི་དུས་ན་རྣམ་པར་རྟོག་པ་ཕྲ་རབས་ཐམས་ཅད་རང་སར་ཞི་ནས་སེམས་ཉིད་རང་ལུགས་སུ་གནས་པ་ཞིག་འདུག་གམ་མཉམ་པར་ཞོག་ལ་ལྟོས་དང་ཞེས་བལྟར་བཅུག །དེ་ལ་ཞི་གནས་ཟེར་བ་ཡིན། དེའི་ངང་ནས་རྨུགས་པའམ་ལུང་མ་བསྟན་ནམ་ཕྱལ་བར་མ་སོང་བར་སེམས་ཀྱི་ངོ་བོ་དེ་འདི་འདྲ་ཞེས་ངག་ཏུ་སྨྲར་མ་
༣༦༢ཚུགས་སེམས་ཀྱིས་བསམ་དུ་མེད་པ་ངོས་བཟུང་ཐམས་ཅད་དང་བྲལ་བ་གསལ་ལམ་འགགས་པ་རང་གིས་རང་རིག་པའི་ཤེས་པ་སིང་ངེ་བ་ལྟ་བུ། མྱོང་རྒྱུ་མེད་པའི་མྱོང་རྒྱུ་འདྲ་བ་ཞིག་འདུག་གམ་མཉམ་བཞག་གི་ངང་ནས་ལྟོས་དང་ཞེས་བལྟར་བཅུག །དེ་ལ་ལྷག་མཐོང་ཟེར་བ་ཡིན། དེ་གཉིས་འདིར་བརྗོད་པ་སྔ་ཕྱི་ཡོད་ཀྱང་དོན་ལ་ཞི་གནས་དེ་དང་ལྷག་མཐོང་དེ་ཐ་དད་དུ་མེད་པར་ཞི་གནས་དེ་ཡང་ངོས་བཟུང་མེད་པའི་རང་རིག་རང་གསལ་གྱི་ལྷག་མཐོང་དེར་འདུག་གམ། ལྷག་མཐོང་དེ་ཡང་རང་ལུགས་སུ་གནས་ཤིང་རྣམ་རྟོག་གི་མཚན་མས་མ་གོས་པའི་ཞི་གནས་དེར་འདུག་གམ། མཉམ་བཞག་གི་ངང་ནས་ལྟོས་དང་ཞེས་བལྟར་བཅུག །དེ་ལ་ཞི་ལྷག་ཟུང་འཇུག་ཟེར། གཉིས་ཀ་སེམས་སྐད་ཅིག་མའི་ཐོག་ཏུ་ཚང་བ་ཡིན། འདི་མྱོང་ནས་ངོ་ཤེས་པ་ལ་སྒོམ་སྐྱེས་པ་ཟེར་བ་ཡིན། འདི་ནི་སངས་རྒྱས་ཀྱི་དགོངས་པ་སེམས་ཅན་གྱི་སེམས་ཉིད་སྐྱེ་མེད་ཆོས་སྐུ་གཤིས་ཀྱི་གནས་ལུགས་ལྷན་སྐྱེས་ཀྱི་སེམས་གཉུག་མའི་ཤེས་པ་ཕྱག་རྒྱ་ཆེན་པོ་སོགས་མིང་གི་རྣམ་གྲངས་མང་ཞིང་། མདོ་རྒྱུད་བསྟན་བཅོས་མན་ངག་རྣམ་དག་ཐམས་ཅད་འདིའི་ཐོག་ཏུ་འབབ་ཅིང་གཞོལ་བ་ཡིན་ནོ། །ཞེས་དང་སྤྲོ་ན་ཐོག་ཏུ་བོག་པའི་ལུང་འདྲེན་ཡང་བྱས་ལ་ངེས་ཤེས་བསྐྱེད། གཞན་ནི་རེ་ཞིག་བཤད་པ་མང་ན་བློ་ཆུང་མགོ་འཁོར་སྲིད་པས་མི་དགོས་སོ། །དོན་དྲིལ་བ་ལ་སེམས་རང་བབས་སུ་བཞག་པས་རྟོག་པ་རང་སར་གྲོལ་ནས་ངོས་བཟུང་མེད་པའི་རང་རིག་རང་གསལ་གྱི་སེམས་ལྷན་སྐྱེས་དེའི་ངང་དུ་རྩེ་གཅིག་ཏུ་ཞོག་ལ་མ་ཡེངས་བ་གྱིས། ཐུན་མཚམས་ཀྱི་སྤྱོད་ལམ་རྣམས་སུ་ཡང་དེའི་དྲན་པ་མ་ཡེངས་པ་ཅི་ཐུབ་གྱིས་ལ་ཞག་འགར་འཇུར་ཐོན་པར་སྒོམ་པ་གལ་ཆེ། དེ་མིན་ཐབས་སྣ་ཚོགས་ཀྱིས་བཙལ་བའི་སེམས་ངོ་མཐོང་བ་འདི་ཤོར་དོགས་ཡོད་ཅེས་གཅུན་ལ་ཞག་འགའ་སྒོམ་དུ་བཅུག །གཉིས་པ་ནི། སྔར་བཞིན་མདུན་དུ་ལུས་གནད་བྱེད་དུ་
༣༦༣བཅུག །ཁྱོད་རང་སེམས་རང་ལུགས་སུ་བཞག་སྟེ་རྣམ་རྟོག་ཞི་ནས་ངོས་བཟུང་མེད་པའི་སེམས་གསལ་སྟོང་རྗེན་ནེ་གནས་དུས་ཀྱི་ངོ་བོ་ལ་མ་ཡེངས་པའི་ངང་ནས་ཅེར་གྱིས་ལྟོས། ཡང་དགའ་སྐྱིད་ལྟ་བུའི་རྣམ་རྟོག་ངར་དང་བཅས་པ་ཞིག་འགྱུར་ཆགས་ལ་དེ་ལམ་སྟེ་སྐྱེས་པ་དང་དེའི་ངོ་བོ་ལ་གསལ་སྟོང་གི་ངང་ནས་ཅེར་ལྟོས་ལ། རྣམ་རྟོག་དེ་ཡང་ངོས་བཟུང་མེད་པའི་གསལ་སྟོང་དུ་རྗེན་ནེ་འདུག་གམ། སེམས་ཉིད་ལྷན་སྐྱེས་ཀྱི་ངོ་བོ་དང་ཁྱད་མེད་པ་དེ་ཀར་འདུག་གམ་ལྟོས་དང་ཞེས་དར་ཅིག་བལྟར་བཅུག །གསལ་སྟོང་དུ་འདུག་ཁྱད་མི་སྣང་ཟེར་ཡང་། རྣམ་རྟོག་དེ་སངས་ནས་གསལ་སྟོང་དུ་འདུག་གམ་རྣམ་རྟོག་དེ་ཚུར་སྒོམ་ལ་བཞག་པས་གསལ་སྟོང་དུ་འདུག་གམ་རྣམ་རྟོག་ལམ་མེ་བ་དེ་ཀ་གསལ་སྟོང་དུ་འདུག་དྲིས་པས། སྔ་མ་གཉིས་ལྟར་འདུག་ཟེར་ན་སྔར་སྒྲོ་འདོགས་མ་ཆོད་པ་ཡིན་པས་ཞག་འགའ་ཐག་བཅད་དུ་འཇུག །དང་པོ་གཉིས་མ་དགོས་པར་ཕྱི་མ་ལྟར་འདུག་པ་མྱོང་ན་རྣམ་རྟོག་གི་ངོ་བོ་མཐོང་བ་ཡིན་པས་ངོ་སྤྲོད་པ་ནི། ཁྱོད་ཀྱིས་རྣམ་རྟོག་གི་ངོ་བོ་ལ་བལྟས་པས་རྣམ་རྟོག་སངས་མ་དགོས་ཚུར་སྒོམ་ལ་གཅུར་མ་དགོས་པར་རྣམ་རྟོག་ལམ་མེ་བ་དེ་ཀ་ངོས་བཟུང་མེད་པ་གསལ་སྟོང་དུ་རྗེན་ནེ་འདུག་པ་དེ་ལ་རྣམ་རྟོག་ལྷན་སྐྱེས་ཀྱི་རང་ངོ་མཐོང་བའམ་རྣམ་རྟོག་ཆོས་སྐུར་ཤར་བ་ཟེར། སྔར་རྣམ་རྟོག་གི་ངོ་བོ་གཏན་ལ་ཕབ་དུས་དང་གནས་འགྱུའི་རྩ་བ་བཅད་དུས་ལྟར་ངོས་བཟུང་མེད་པའི་སེམས་རང་རིག་རང་གསལ་གཅིག་པུ་དེ་མིན་པ་མང་པོ་མེད། ཆུ་དང་རླབས་ཀྱི་དཔེ་ལྟ་བུ་ཡིན། དེས་ན་གནས་པ་དང་འགྱུ་བ་ལ་ཁྱད་འདུག་གམ་རྟོག་པ་དང་མ་རྟོགས་པ་ལ་ཁྱད་འདུག་གམ། མི་རྟོག་པར་ལྷན་གནས་པ་ལ་བཟང་རྒྱུའམ་དགའ་རྒྱུ་དང་རྣམ་རྟོག་ཡེར་འཕྲོས་པ་ལ་ངན་རྒྱུའམ་མི་དགའ་བ་དགོས་པ་འདུག་གམ། འདིའི་མཚངས་མ་རིག་ན་སྒོམ་གྱི་མུ་གེ་ཕོག་པ་ཡིན་པས་ད་ཕྱིན་ཆད་རྟོག་པ་མ་སྐྱེས་ནས་སྐྱེས་པའི་ངང་དུ་སྐྱོངས་ཆད་དུ་
༣༦༤སྐྱེད་མི་དགོས། སྐྱེས་ན་སྐྱེས་པའི་ངང་དུ་སྐྱོངས་ཆེད་དུ་དགག་མི་དགོས་པས་གནས་འགྱུ་གཉིས་ལ་ཉེ་རིང་མ་བྱེད། རྣམ་རྟོག་འདིས་རྣམ་རྟོག་ཐམས་ཅད་ལ་འགྲེ་བ་ཡིན། འོན་ཀྱང་རེ་ཞིག་ལ་རྣམ་རྟོག་ཉིད་ལམ་དུ་ཁྱེར་ཞིང་རྣམ་རྟོག་མ་སྐྱེས་ནའང་ཆེད་དུ་སྤྲོས་ལ་དེའི་ངོ་བོ་སྐྱོངས། དེ་མིན་རྣམ་རྟོག་གི་ངོ་བོ་མཐོང་བ་ཤོར་དོགས་ཡོད་པས་འབུངས་ལ་སྐྱོངས་ཞེས་གཅུན་ལ་ཞག་འགའ་སྒོམ་དུ་བཅུག །སྤྲོ་ན་ལུང་འདྲེན་ཡང་བྱས་ལ་ངེས་ཤེས་བསྐྱེད་དོ། །གསུམ་པ་ནི། སྔར་བཞིན་ལུས་གནད་དང་ལྟ་སྟངས་སོགས་ངོ་བོའ་མཉམ་བཞག་གི་ངང་ནས་རིའམ་ཁང་ཁྱིམ་ལྟ་བུའི་གཟུགས་ཀྱི་སྣང་བ་བཀྲ་ལམ་གྱིས་འཆར་དུ་བཅུག་ལ། ཤར་བ་དེ་ལ་ཅེར་བལྟས་པའི་ཚེ་སྣང་བ་ངོས་བཟུང་མེད་པར་གསལ་སྟོང་དུ་འདུག་གམ། སེམས་ཉིད་ཀྱི་ངོ་བོ་གསལ་སྟོང་དུ་འདུག །དེ་གཉིས་ཁྱད་ཅི་འདུག་རེ་ཞིག་ལྟོས་དང་ཞེས་བལྟར་བཅུག །ཁྱད་མེད་པར་ངེས་བཟུང་མེད་པའི་གསལ་སྟོང་དུ་འདུག་ཟེར་ཡང་། སྣང་བ་ཤར་བའི་རྣམ་པ་དེ་འགགས་ནས་གསལ་སྟོང་དུ་འདུག་གམ། རྣམ་པ་དེ་གསལ་སྟོང་དུ་བསྒོམས་པས་གསལ་སྟོང་དུ་འདུག་གམ། རྣམ་པ་སྣང་བ་དེ་ཀ་གསལ་སྟོང་དུ་འདུག་དྲིས་པས་སྔ་མ་གཉིས་ལྟར་ཟེར་ན་སྔར་གདར་ཤ་མ་ཆོད་པ་ཡིན་པས་སླར་སྒོམ་དུ་བཅུག་ལ་ཐག་བཅད། གཟུགས་ཀྱི་རྣམ་པ་ལམ་སྣང་བ་དེ་ཀ་སྣང་ཆ་མ་འགགས་པར་སྣང་ཙམ་ལས་ངོས་བཟུང་མེད་པར་གསལ་སྟོང་དུ་འདུག་པ་མྱོང་ན། ངོ་སྤྲད་པ་ནི། ཁྱོད་ཀྱིས་རི་དང་ཁང་ཁྱིམ་ལྟ་བུའི་སྣང་བ་བཀྲ་ལམ་གྱིས་ཤར་བའི་ཚེ་ཇི་ལྟར་སྣང་བའི་སྣང་ཆ་དེ་ཉིད་ཡལ་བའམ་བཀག་མ་དགོས་པར་སྣང་བ་དེ་ཉིད་སྣང་བཞིན་དུ་ངོས་བཟུང་མེད་པ་གསལ་སྟོང་དུ་འདུག་པ་དེ་སྣང་བའི་ངོ་བོ་མཐོང་བ་ཡིན། སྔར་སྣང་བའི་ངོ་བོ་བལྟ་དུས་དང་སྣང་བ་སེམས་སུ་ཐག་བཅད་དུས་སྒྲོ་འདོགས་བཅད་པ་ལྟར། སྣང་བ་ཕྱིན་མེད་སེམས་ཉིད་ནང་ན་མེད་སེམས་གསལ་སྟོང་དེ་ཉིད་སྣང་བར་ཤར་བ་མ་གཏོགས་གཞན་མེད། རྨི་
༣༦༥ལམ་གྱི་ཡུལ་དང་རྨི་ལམ་གྱི་ཤེས་པའི་དཔེ་ལྟ་བུ་ཡིན། སྣང་བ་ཤར་ཙམ་ཉིད་ནས་ངོས་བཟུང་མེད་པའི་སྣང་སྟོང་རང་གྲོལ་ཉིད་ཡིན། སྣང་ལ་ངོས་བཟུང་མེད་པ་སྣང་སྟོང་དུ་རྗེན་ནེ་བ་འདི་ལ་སྣང་བ་ལྷན་སྐྱེས་རང་ངོ་མཐོང་བའམ་སྣང་བ་ཆོས་སྐུར་ཤར་བ་ཟེར། དེས་ན་སྟོང་པ་བཟང་རྒྱུ་མེད་སྣང་བ་ངན་རྒྱུ་མེད་སྣང་སྟོང་ཐ་དད་དུ་མེད་པས། སྣང་ན་སྣང་ཐོག་ཏུ་སྐྱོངས་ཆེད་དུ་སྣང་ཆ་མ་བཀག །སྟོང་ན་སྟོང་ཐོག་ཏུ་སྐྱོངས་ཆེད་དུ་སྣང་ཆ་མ་བསྒྲུབ་པར་གང་ཤར་སྒོམ་དུ་ཁྱེར། སྤང་བླང་དང་བཅས་བཅོས་བྱ་མི་དགོས་ཉམས་ལེན་གྱི་དྲན་པས་སླེབ་ན་སྣང་སྲིད་ཐམས་ཅད་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པས་ད་ཕྱིན་ཆད་སྣང་སྟོང་ལ་དགག་སྒྲུབ་དང་ཉེ་རིང་མ་བྱེད་པར་སྐྱོངས། འོན་ཀྱང་རེ་ཞིག་སྣང་བའི་འཆར་སྒོ་མི་འདྲ་བ་སྣ་ཚོགས་འཆར་དུ་བཅུག་ལ་སྣང་ལ་ངོས་བཟུང་མེད་པའི་ངོ་བོ་སྐྱོང་བ་ལ་མ་ཡེངས་པ་གལ་ཆེ། ཞེས་ཞག་འགའ་སྒོམ་དུ་བཅུག་ཅིང་སྤྲོ་ན་ལུང་འདྲེན་ཡང་བྱས་ལ་ངེས་ཤེས་བསྐྱེད་དོ། ༈ །གཉིས་པ་སྐྱོན་སེལ་ཞིང་སྒོམ་པ་ངོས་བཟུང་བ་ལ་གཉིས། ནོར་དང་སྒོམ་སྐྱོན་བཤད་པ་དང་། སྒོམ་སྐྱོན་མེད་བསྟན་པའོ། །དང་པོ་ནི། དྭགས་པོ་བཀའ་བརྒྱུད་ལ་སྒོམ་ཕྱག་རྒྱ་ཆེན་པོ་ཞེས་ཉི་ཟླ་ལྟར་གྲགས་ཀྱང་། སོ་སོའ་གོ་ལུགས་ཀྱི་ཁྱད་པར་ལ་བརྟེན་ནས་བློའི་འཛིན་སྟངས་མི་འདྲ་བ་སྣ་ཚོགས་འོང་བར་སྣང་བས། གཞན་དག་ལ་དགག་པ་བྱ་བ་མིན་ཀྱང་རང་ལ་ཡིད་གཏོད་པ་དག་ལ་གོ་བ་བསྐྱེད་པའི་ཕྱིར་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་སེམས་ཀྱི་གནས་ཆ་ཁོ་ན་གཙོ་བོར་བཟུང་ནས་སེམས་གནས་མཚོ་ལ་དར་ཆགས་པ་ལྟར་གྱུར་ཏེ་ཚོགས་དྲུག་གི་སྣང་བ་ཕྲ་རགས་འགགས་པའམ། མ་འགགས་ཀྱང་མི་གསལ་བ་ཝལ་པོ་ལྟ་བུར་སོང་བ་ལ་སྒོམ་དུ་བཟུང་ན། སྔ་མ་ནི་ཤིན་ཏུ་སྐྱོན་ཆེ་ལ་ཕྱི་མའང་ལྟེམ་པོ་ཞེས་བྱ་བ་སྐྱོན་ཅན་ཡིན་ནོ། །ཡང་སྣང་བ་གསལ་མི་གསལ་གྱི་ཚོར་བ་མེད་པའི་དྲན་མེད་དུ་འདུག་པ་ལ་སྒོམ་དུ་བཟུང་ན་ལུང་
༣༦༦མ་བསྟན་དུ་ཡེངས་པ་སྟེ་འདི་ཡིན་མེད་དོ། །ཡང་ན་རྣམ་རྟོག་སྔ་མ་འགགས་ཕྱི་མ་མ་སྐྱེས་པའི་བར་གྱི་ཤེས་པ་ཧད་པོ་ལ་སྒོམ་དུ་བཟུང་ན། དེ་ནི་ལྷག་མཐོང་གིས་མ་ཟིན་པས་སྐྱོན་ཆེ་ལ་ཟིན་ཡང་ཕྱག་ཆེན་སྐྱོང་བ་དེ་ལས་མ་གཡོས་པར་འདོད་དགོས་པས་སྒོམ་གྱི་མུ་གེ་འབྱུང་ངོ་། །ཡང་སེམས་བདེ་ལྷམ་མེ་གནས་པ་ཙམ་ལ་སྒོམ་དུ་ངོས་བཟུང་ན། དེ་ཡང་ལྷག་མཐོང་གིས་མ་ཟིན་འདུག་སམ་སྒོམ་མིན་ལ་ཟིན་ཡང་འཆར་སྒོ་ཐམས་ཅད་དགག་དགོས་ཤིང་མ་བཀག་ཀྱང་དགྲར་ལྡང་བས་ཅུང་ཟད་མིན་ནོ། །ཡང་དུས་གསུམ་གྱི་རྟོག་པ་གང་ཡང་ཡིད་ལ་མི་བྱེད་པར་སྟོང་སང་ངེ་བ་ལ་སྒོམ་དུ་བཟུང་ན། དེ་ཡང་ལྷག་མཐོང་གིས་མ་ཟིན་ཞིང་སྣང་ཆ་བཀག་པའི་སྐྱོན་ཆེན་པོ་ཡིན་ལ་ཟིན་ཡང་འཆར་སྒོ་དང་སྣང་ཆ་མི་འདོད་པས་ཅུང་ཟད་མིན་ནོ། །ཡང་གང་སྣང་ཅི་ཤར་ཅི་ཤར་ཐམས་ཅད་ལ་བདེན་མེད་ཀྱི་འཛིན་སྟངས་དང་མ་བྲལ་བར་སྐྱོང་པ་ལ་སྒོམ་དུ་བཟུང་ན། དངོས་མེད་དུ་འཛིན་པ་ཞེས་སྐྱོན་ཅན་ནོ། །ཡང་དྲན་པ་མེད་པར་སྣང་བ་མཐའ་དག་ལ་དགག་སྒྲུབ་མི་བྱ་བ་སྒོམ་དུ་བཟུང་ན། བཏང་སྙོམས་སུ་གནས་པ་སྟེ་གྱི་ན་ཙམ་མོ། །འདི་རྣམས་ནི་ཕྱག་ཆེན་གྱི་སྒོམ་དུ་བདག་གིས་མ་མཐོང་ལ་སོ་སོའ་ལས་གསོག་ཚུལ་རེ་ཡང་ཡོད་དོ། །ཡང་སེམས་གསལ་སིང་ངེ་བ་ལ་མི་རྟོག་པ་ཁོ་ན་སྒོམ་དུ་བཟུང་ན་རྟོག་པ་རང་སར་ཞི་ནས་རིག་པ་གསལ་ལ་ངོས་བཟུང་མེད་པ་སྒོམ་ཡིན་དུ་ཆུག་ཀྱང་མི་རྟོག་པ་ཅི་ནས་ཀྱང་དགོས་པར་འདོད་སྣང་བས་ཕྱོགས་རེ་བའོ། །དེ་བཞིན་དུ་རྣམ་རྟོག་འཕྲོས་པའི་ཚེ་དེའི་འཕྲོ་བཅད་ནས་གསལ་ལ་མི་རྟོག་པར་འཇོག་དགོས་པའང་ཕྱོགས་རེ་སྟེ། གཉིས་ཀ་འགྱུ་བ་དང་སྣང་ཆ་གཏན་ལ་མ་ཕེབས་པའོ། །ཡང་དྲན་རིག་ཏུར་རེ་བྱས་ནས་སེམས་གསལ་སྟོང་ཧྲིག་གེ་བ་ཁོ་ན་སྒོམ་དུ་བཟུང་ན། དེ་ཉིད་སྒོམ་ཡིན་ཡང་དྲན་པ་རླབས་ཆེ་བའི་རང་བབས་ལྷུག་པར་མི་འདོད་བར་སྣང་བས་ལྷོད་ཆ་མ་རྙེད་པར་ཧ་ཅང་སྒྲིམ་པའི་ཕྱོགས་རེ་བའོ། །དེས་བསྒོམ་མིན་མིན་པ་འཆུགས་པ་ནི་
༣༦༧ཤིན་ཏུ་གལ་ཆེ་ལ། སྒོམ་ཕྱོགས་རེ་བ་ལ་ཡར་འཕེལ་དུ་འགྲོ་བའི་ཡོན་ཏན་ཡོད་ཀྱང་། སྐྱོང་མ་བདེ་ནས་སྒོམ་དང་སྣ་སུན་དོགས་ཡོད་པས་སྣང་ཐོག་སྟོང་ཐོག་གནས་ཐོག་འགྱུ་ཐོག་ཐམས་ཅད་དུ་གྲིམས་ལྷོད་སྣ་ཚོགས་པའི་སྒོ་ནས་གདར་ཤ་ཆོད་ཅིང་ངོ་འཕྲོད་པ་སྐྱོང་བདེ་བ་ཞིག་དགོས་པ་ཡིན་ནོ། །གཉིས་པ་ནི། ཐ་མལ་གྱི་ཤེས་པ་མ་ཡེངས་པ་ལ་སྒོམ་ཞེས་བྱ་བ་ལས། ཐ་མལ་གྱི་ཤེས་པ་ནི་སེམས་ཀྱི་རང་བབས་ཅི་འདུག་དེ་ཀ་ཡིན་ཏེ། དེ་ལ་སྤང་བླང་དང་དགག་སྒྲུབ་ཀྱི་བཅས་བཅོས་བྱས་ན་ཐ་མལ་གྱི་ཤེས་པར་མི་འགྲོའོ། །དེས་ན་སེམས་ཀྱི་རང་བབས་ཅི་འདུག་ཅི་སྣང་ཅི་ཤར་དེ་རང་རིག་གི་དྲན་པས་མ་ཡེངས་པར་སྐྱོང་བ་ལ་སྒོམ་སྐྱོང་བ་ཞེས་མིང་ཙམ་འདོགས་ཀྱི། བློས་བཅོས་ནས་སྒོམ་རྒྱུ་སྤུ་རྩེ་ཙམ་ཡང་མེད་དོ། །དེ་ལ་སྒོམ་རྒྱུ་རྡུལ་ཙམ་མེད་པ་ལ་ཡེངས་སུ་སྐད་ཅིག་ཙམ་ཡང་མེད་ཟེར་བ་དང་། ཐ་མལ་ཤེས་པ་ཡེངས་མེད་འདི་ཞེས་པའང་མ་ཡེངས་པར་སེམས་རང་བབས་སྐྱོང་བ་ལ་ཟེར་རོ། །དེས་ན་རང་རིག་གི་དྲན་པ་མ་ཡེངས་ན་སེམས་སྟོང་སང་ངེ་བའམ་བདེ་ལམ་མེ་བར་གནས་པའམ། རྣམ་རྟོག་འཚུབ་ཟིང་ངེ་འཕྲོ་བའམ་སྣང་བ་སྣ་ཚོགས་བཀྲ་ལམ་གྱིས་འཆར་ཡང་སྒོམ་ཡིན་པས་གནས་ལུགས་ཀྱི་རྩལ་ལ་ཁུ་འཕྲིག་མི་བྱ་བར་ལྷུག་པར་སྐྱོང་བ་ཡིན་གྱི་རྟོག་པ་འཕྲོ་བ་དང་སྣང་བ་བཀུག་པའམ་བཀག་ནས་མི་རྟོག་པར་འཇོག་པ་དོན་མིན་ནོ། །དེའི་རྒྱུ་མཚན་ཡང་སྔར་སྒྲོ་འདོགས་བཅད་ཅིང་ངོ་སྤྲད་པ་ལྟར་སེམས་ཉིད་ཀྱི་ངོ་བོ་དང་རྣམ་རྟོག་དང་སྣང་བའི་འཆར་སྒོ་སོགས་ཐ་དད་པ་མང་པོ་མེད་པར་སེམས་ཉིད་གཅིག་པུ་མ་འགགས་པའི་རྩལ་རྒྱ་མཚོ་ཉིད་རླབས་སུ་ཤར་བ་ལྟ་བུ་ཡིན་པས་སེམས་ཀྱི་རང་བབས་ཅི་ཤར་དེ་ལ་བཟང་ངན་མེད་དོ། །དེས་ན་སེམས་གནས་ན་གནས་ཐོག་འགྱུ་ན་འགྱུ་ཐོག་སྣང་ན་སྣང་ཐོག་དེ་དྲན་པས་སྐྱོང་བ་ཡིན་ཏེ། གནས་ན་ཆེད་དུ་མི་སྤྲོ་འགྱུ་ན་མི་དགག་པར་གསལ་སང་ངེ་བའམ། སྟོང་ཆམ་མེ་བའམ་བདེ་ལྷམ་མེ་བའམ་འཚུབ་ཟིར་པ་ཅི་འདུག་ནའང་མ་
༣༦༨ཡེངས་པ་ལས་བསྒྱུར་དགོད་བཅས་བཅོས་བྱ་མི་དགོས་སོ། །མདོར་ན་རང་རིག་གི་དྲན་པ་དང་ལྡན་ན་ཐམས་ཅད་སྒོམ་ཡིན་ལ་ཡེངས་ན་གང་ཡང་སྒོམ་མིན་པས་རེ་ཞིག་ལ་དྲན་པ་རྩིས་སུ་བྱ་ཞིང་། ཅི་ཞིག་ན་དྲན་པ་དང་སེམས་ཀྱི་ངོ་བོ་ཐ་མི་དད་པས་ཐམས་ཅད་དྲན་པའི་རང་བཞིན་དུ་གྱུར་ནས་བདེ་བ་ཞིག་འོང་ངོ། །འོ་ན་ཁྲིད་རིམ་ལྟར་མི་དགོས་པར་དང་པོ་ཉིད་ནས་སེམས་ཅི་ཤར་དྲན་པས་བཟུང་བས་ཆོག་གམ་སྙམ་ན་ཅིག་ཆར་བའི་ལས་ཅན་ཁ་ཅིག་ཙམ་དེ་ལྟ་བུས་ཆོག་པ་སྲིད་ཀྱང་། གཞན་དུ་ཁྲིད་རིམ་ལྟར་འཁྲིད་པར་སྣང་སེམས་ཀྱི་རྩ་བ་སྒྲོ་འདོགས་མི་ཆོད་ཅིང་། ངོ་བོ་མཐོང་བའི་མྱོང་བ་དང་བཅས་པའི་ངེས་ཤེས་མི་འབྱུང་བས་དྲན་པ་གཞན་ཡོད་ཀྱང་རང་རིག་གི་དྲན་པ་མེད་པས་མི་འོང་ངོ་། །དེ་ན་ཐ་མལ་གྱི་སེམས། མ་བཅོས་པ་གཉུག་མའི་སེམས་ཞེས་པའི་ཚིག་དོན་ཡང་འདིར་གནས་ལ་ལྟ་བ་རྣམ་དག་སྟོན་པའི་མདོ་རྒྱུད་དང་རྒྱ་བོད་ཀྱི་གྲུབ་ཆེན་རྣམས་ཀྱི་གསུང་རྣམས་ཀྱང་འདིར་གཞོལ་བ་ཡིན་ནོ། ༈ །གསུམ་པ་རྗེས་ཉམས་ལེན་སྐྱོང་ཚུལ་ལ་དྲུག །སྤྱིར་སྐྱོང་དགོས་ཚུལ། ཁྱད་པར་མཉམ་རྗེས་མི་བཅད་སྒོམ་སྐྱོང་ཚུལ། གེགས་ཤོར་ས་དང་གོལ་ས་བཅད་པ། སྐྱེ་མེད་དུ་ལ་བཟླས་ཏེ་བོགས་དབྱུང་བ། ལམ་ཁྱེར་སྤྱོད་པའི་སྒོ་ནས་རྩལ་སྦྱོང་བ། རྟོགས་པ་འཆར་ཚུལ་བོགས་འདོན་དང་བཅས་པའོ། །དང་པོ་ནི། སྒོམ་སྐྱེས་པས་མི་ཆོག་ལེགས་པར་སྐྱོང་དགོས་ཏེ། སྒོམ་སྐྱེས་ནས་མ་བསྐྱང་བར་ཐ་མལ་དུ་ལུས་པའམ་དམིགས་བཅས་ཀྱི་བསགས་སྦྱང་གཞན་ལ་འབད་པ་ནི་རྒྱལ་པོས་འབངས་ཀྱི་བྱ་བ་བྱེད་པའམ་སེང་གེ་ཁྱིའི་ཟླ་ལ་སོང་བ་ལྟར་དོན་ལས་ལོག་པའོ། །དེ་ལ་ཞེན་ལོག་སྒོམ་གྱི་རྐང་པའམ། བདག་པོ་ལྟ་བུ་ཡིན་པས་འཁོར་བའི་སྡུག་བསྔལ་བསམ། ཚེ་འདི་མི་རྟག་ཅིང་སྙིང་པོ་མེད་པ་ཞེ་ཕུགས་སུ་བཅུག་སྟེ་འཇིག་རྟེན་གྱི་འཁྲི་བ་བློས་བཏང་ལ་ཚེ་དང་སྒྲུབ་པ་སྙོམ་པར་བྱ་བའི་བློ་བསྐྱེད། མོས་གུས་སྒོམ་གྱི་མགོ་བོའམ་བོགས་འདོན་ལྟ་བུ་
༣༦༩ཡིན་པས་བླ་མ་དང་བཀའ་བརྒྱུད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་མ་བྲལ་བར་རེ་ལྟོས་བཅས་ནས་གསོལ་བ་སྙིང་ནས་འདེབས། དྲན་པ་སྒོམ་གྱི་བྱ་ར་བའམ་དངོས་གཞི་ཡིན་པས་ཐུན་གྱི་དུས་མིན་པ་གཞན་བློས་བཏང་མི་བྱ་བར་དུས་དང་གནས་སྐབས་ཐམས་ཅད་དུ་གནས་ལུགས་ཀྱི་དྲན་པ་དང་མ་བྲལ་བ་ལ་བསླབ། སྒོམ་གྱི་ཕྲིན་ལས་སྙིང་རྗེ་ལ་བྱ་སྟེ་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་ཞིང་བསྔོ་བ་སྨོན་ལམ་གྱི་སྐྱབས་འོག་ཏུ་བཅུག །རང་སྒོམ་མཐར་མ་ཕྱིན་པར་གཞན་ལ་སྟོན་པ་དང་སྤེལ་བའི་གཞན་དོན་ལྟར་སྣང་བདུད་ཀྱི་བར་ཆད་དུ་བཟུང་ལ་དབེན་པ་བསྟེན། སྒོམ་གྱི་གོ་ཆ་ཁྲེལ་དང་ངོ་ཚ་ལ་བྱ་སྟེ་ནང་རང་སེམས་དཔང་པོར་བཞག་ཅིང་ཕྱི་ནས་བླ་མ་དཀོན་མཆོག་དང་མཆེད་གྲོགས་ཀྱིས་མི་ཁྲེལ་བར་ཡིད་ཆེས་པའི་རི་མཚམས་དང་འདག་སྦྱར་དང་ས་བཅད་སོགས་ཀྱི་སྒོ་ནས་བསྒོམ་པ་ལ་ནན་ཏན་བྱའོ། །གཉིས་པ་ཁྱད་པར་མཉམ་རྗེས་སུ་སྒོམ་སྐྱོང་ཚུལ་ནི། སྒོམ་སྣ་ཟིན་ཙམ་ནས་རྩེ་གཅིག་ཆེན་པོའ་བར་དུ་རང་ཁའི་མཉམ་རྗེས་ཙམ་ལས་མཉམ་རྗེས་མཚན་ཉིད་པ་མེད་པར་བཤད་ཅིང་། འོན་ཀྱང་སྒོམ་སྐྱོང་བ་ལ་སྤྱིར་རང་རིག་གི་དྲན་པ་མ་ཡེངས་ན་ཐམས་ཅད་སྒོམ་ཡིན་པས་སྤང་བླང་མེད་ཀྱང་རྟོགས་པའི་མཉམ་རྗེས་མ་འདྲེས་ཀྱི་བར་དུ་ཐུན་གྱི་དངོས་གཞི་མཉམ་བཞག་ཏུ་བྱས་ལ་ངོ་བོ་རྩེ་གཅིག་ཏུ་སྐྱོང་བ་དང་། ཐུན་མཚམས་སུ་རྗེས་ཐོབ་ཏུ་བྱས་ལ་རྟོག་པ་དང་སྣང་བ་ལམ་དུ་འཁྱེར་བ་སྒྲུབ་བརྒྱུད་ཕལ་ཆེར་གྱི་དགོངས་པར་གོ་ཞིག །གང་ཟག་ཤས་ཆེ་བ་ལ་རེ་ཞིག་སྒོམ་སྐྱེད་ཀྱང་འདི་ཆེ་སྣང་བས་དེ་ལྟར་བཤད་པར་བྱ་སྟེ་དེ་ལ། ངོ་བོའ་སྐྱོང་ཐབས་སོ་མ་རང་ཐང་ལྷུག་པ་གསུམ་དུ་བཞག་པར་བཤད་པ་ལས། སོ་མ་ལ་ལུས་གནད་ཁོང་གློད་ངག་གནད་རླུང་མི་བཙིར་སེམས་གནད་གང་ལ་ཡང་རྟེན་མི་བཅའ་བར་རྩིས་གདབ་མེད་པར་བཞག །རང་ཐང་ལ་སེམས་རང་ལུགས་སུ་བཞག་ངོས་བཟུང་མེད་པར་བཞག་མ་ཡེངས་པར་བཞག །ལྷུག་པ་ལ་དགག་སྒྲུབ་མེད་པར་བཞག་འབད་
༣༧༠རྩོལ་མེད་པར་བཞག་ཚོགས་དྲུག་རང་བབས་སུ་བཞག་པ་སྟེ་གནད་དགུར་ཕྱེ་བའམ། རྩིས་གདབ་མེད་པར་རང་ལུགས་སོ་མར་བཞག །དགག་སྒྲུབ་ཀྱིས་མ་བཅོས་པར་རང་གར་བཞག །རྩོལ་སྒྲུབ་མི་བྱ་བར་ལྷུག་པར་བཞག་པ་སྟེ་གནད་གསུམ་དང་ལྡན་པར་བྱའོ། །དེ་དག་དཔེར་ན། ནམ་མཁའ་ལྟར་དཔངས་བསྟོད་དེ་སྣང་བ་གུ་ཡངས་སང་ངེ་བཞག །ས་གཞི་ལྟར་རྒྱ་བསྐྱེད་དེ་དྲན་པ་ཁྱབ་ཆེ་བར་བཞག །རི་བོ་ལྟར་ལྷུན་ཕབ་ལ་སེམས་གཡོ་འགུལ་མེད་པར་བཞག །མར་མེ་ལྟར་གསལ་བ་སྟོང་ལ་རིག་པ་གསལ་སིང་ངེ་བཞག །མན་ཤེལ་ལྟར་དྲི་མ་སྤངས་ལ་ཤེས་པ་རྟོག་མེད་དུ་དྭངས་སང་ངེ་བཞག་པ་སྟེ་ལྔའམ། སྤྲིན་མེད་པའི་ནམ་མཁའ་སྒྲིབ་གཡོགས་དང་བྲལ་བ་ལྟར་ངོས་བཟུང་མེད་པར་གུ་ཡང་སང་ངེ་བཞག །རླབས་དང་བྲལ་བའི་རྒྱ་མཚོ་མི་གཡོ་བ་ལྟར་རྟོག་མེད་དུ་མ་ཡེངས་པར་ལྷམ་མེ་བཞག །རླུང་གིས་མ་བསྐྱོད་པའི་མར་མེ་གསལ་འགྲིབ་མེད་པ་ལྟར་གསལ་སིང་ངེ་ཡེ་རེ་བཞག་པ་སྟེ་དཔེ་གསུམ་ལྟར་མཉམ་པར་བཞག་གོ། །དེ་ཡང་དང་པོར་རྩོལ་སྒྲུབ་དང་བྲལ་བས་ལུས་སེམས་ཁོང་གློད། བར་དུ་ཚོམ་ཚོམ་མི་བྱ་བར་སོམ་མ་བཅོས་པར་བཞག །ཐ་མར་བྱུང་ཚོར་ཐམས་ཅད་སྐྱེ་མེད་རང་གྲོལ་དུ་ཐག་བཅད་དེ་སྐྱོང་བར་བཤད་ལ། ལུས་ཁོང་གློད་པ་ནི་ལུས་ཤིན་ཏུ་སྒྲམ་ཞིང་གཅུན་པའི་རྩོལ་བ་གློད་པ་ཡིན་གྱི། ལུས་གནད་ཀྱི་ཚུལ་ཐམས་ཅད་འདོར་བ་མིན་པས་ལུས་གནད་རང་བབས་ནི་ཤིན་ཏུ་གལ་ཆེའོ། །མ་བཅོས་པ་ལྷུག་པར་འཇོག་པ་ཡང་དམིགས་བཅས་ཀྱི་དགག་སྒྲུབ་དང་ཞེ་འདོད་མི་བྱ་བ་ཡིན་གྱི། ལུང་མ་བསྟན་དུ་སོང་བ་དང་ཉམས་འལ་འོལ་གྱིས་གཡོགས་པའི་ལར་གཏོང་བ་མིན་པས་དྲན་རིགས་ལེ་བའི་སེམས་རྗེན་པར་བསྐྱང་ངོ་། །བྱུང་ཚོར་སྐྱེ་མེད་དུ་ཐག་བཅད་པ་ཡང་རང་རིག་གི་དྲན་པས་བཟུང་མ་ཐག་གང་སྣང་སྐྱེ་འགག་གནས་གསུམ་གྱི་ངོ་བོར་མ་གྲུབ་པར་གྲོལ་བ་དེ་ཉིད་ཡིན་གྱི། སྐྱེ་མེད་རང་གྲོལ་དུ་ཀུན་
༣༧༡ཏུ་རྟོག་པས་རྒྱས་འདེབས་པ་མིན་པས་ངོས་བཟུང་མེད་པར་བསྐྱང་ངོ་། །ཤེས་པ་ལ་བྱིང་རྒོད་ཀྱིས་མཉམ་པར་བཞག་མ་བདེ་ན་སོ་སོའ་གནད་བཅོས་ལ་རེ་ཤིག་མདུང་བྱི་ཁུང་དུ་བཙུག་པ་ལྟར་རྩེ་གཅིག་ཏུ་སྐྱོང་དགོས་པ་ཡིན་ནོ། །དེས་སྐྱོན་ཐུན་མཚམས་སོགས་རྗེས་ཐོབ་ཐམས་ཅད་དུ་རང་རིག་གི་དྲན་པ་རྒྱུན་ཆགས་སུ་བྱས་ཏེ་རྣམ་རྟོག་དང་སྣང་བའི་འཆར་སྒོ་ཅི་སྣང་ཅི་ཤར་དེ་མ་ཡེངས་པར་སྐྱོང་ལ། དཔེར་ན་རྫི་བོ་མཁས་པས་ཕྱུགས་སྐྱོང་བ་ལྟ་བུ་སྟེ། ཕྱུགས་རྣམས་ཅི་བདེར་ཡན་ཡང་བསྡུ་བ་སོགས་མི་དགོས་པར་མིག་ལམ་ནས་མ་བོར་བས་ཆོག་པ་ལྟར། རྣམ་རྟོག་དང་ཚོགས་དྲུག་གི་སྣང་བ་ཅི་ཤར་ཅི་སྣང་ཐམས་ཅད་དགག་པའམ་བཀུག་མི་དགོས་པར། རང་རིག་གི་དྲན་པ་གཞུང་བསླངས་ཏེ་གང་ཤར་ངོས་བཟུང་མེད་པར་ལྷུག་པར་སྐྱང་པ། དེ་ཡང་སྤྱོད་ལམ་རྣམ་བཞི་ལ་སོགས་པར་མ་ཡེངས་པའི་དྲན་པ་ས་ལེ་བ་རྒྱུན་ཆགས་སུ་བརྟེན་པས། དང་པོར་ཡེངས་པ་ཤས་ཆེ་ནའང་རིམ་པས་ཤུགས་འབྱུང་གི་དྲན་པ་འཕེལ་ཏེ་རྟོག་པ་དང་སྣང་བ་ཕལ་ཆེར་གསལ་སྟོང་དུ་ལྷང་ལྷང་འཆར་ལ། ཅི་ནས་ཀྱང་སྐྱོབ་དཀར་ན་མཉམ་བཞག་གི་ངང་ནས་རྟོག་སྣང་གང་ཡང་རུང་བ་འཆར་དུ་བཅུག་ལ་དེའི་ངོ་བོ་བལྟ་བ་སོགས་བྱས་ཏེ་གཏན་ལ་ཕབ་ནས་གོང་ལྟར་སྐྱོང་། མཉམ་རྗེས་སྐྱོང་ཚུལ་དེ་ལྟར་འབད་པས་ཅི་ཞིག་ན་ཐམས་ཅད་རང་རིག་གི་དྲན་པས་ཁྱབ་སྟེ་རྟོག་སྣང་ཅི་ཤར་ཅི་སྣང་ཐམས་ཅད་ཤར་ཙམ་སྣང་ཙམ་ཉིད་ནས་གསལ་སྟོང་ངོས་བཟུང་མེད་པ་འཆར་ཞིང་། མཉམ་བཞག་ཏུ་ངོ་བོ་རྩེ་གཅིག་ཏུ་སྐྱོང་བ་དང་རྗེས་ཐོབ་ཏུ་རྟོག་སྣང་དྲན་པས་སྐྱོང་བ་གཉིས་ངོ་བོ་ཁྱད་མེད་པ་འབྱུང་ལ། བདེ་གསལ་མི་རྟོག་པའི་ཉམས་སྲབ་མཐུག་སྣ་ཚོགས་ཀྱང་འབྱུང་ངོ་། །ཉམས་དང་འགྲོགས་ན་གནས་ལུགས་ལ་སྒྲིབ་པས་དྲན་རིག་ངར་བསྐྱེད་ཧུར་ཕྱུང་ལ་ཡང་དང་ཡང་དུ་ཤེས་པ་ཉམས་ཀྱི་རླན་དང་ཕྲལ་ཏེ་སོ་མ་རྗེན་པ་སྐྱོང་བར་བྱའོ། ༈ །གསུམ་པ་གེགས་ཤོར་ས་དང་གོལ་ས་བཅད་པ་ནི།
༣༧༢ཐོས་པ་དམན་ཞིང་བླ་མ་བསྟེན་ཡུན་ཐུང་བ་དག་ལ་གོ་བ་དང་ཉམས་ལ་བརྟེན་ནས་ཤོར་གོལ་འབྱུང་ཉེན་ཆེ་སྟེ། དེ་ཡང་སྟོང་ཉིད་ལ་ཤོར་ས་བཞིར་བཤད་པའི་ཤེས་བྱའི་གཤིས་ལ་ཤོར་བ་ལ། སྒོམ་སྣང་སྟོང་དབྱེར་མེད་རྣམ་ཀུན་མཆོག་ལྡན་གྱི་གནད་མ་རིག་པར་སྐྱོན་ཡོན་གང་གིས་ཀྱང་མི་དགོས་ཤིང་བདེན་པར་མ་གྲུབ་པའི་སྟོང་པ་ཡིན་སྙམ་དུ་དགེ་སྡིག་ཁྱད་དུ་གསོད་པ་ཡོ་ཤོར་དང་། སྒོམ་གྱི་ངོ་བོའ་དོན་ཇི་ལྟ་བར་གོ་ཞིང་དེའི་ཚུལ་བཤད་ཤེས་ཀྱང་རང་གི་མྱོང་ཐོག་ཏུ་མ་ཁེལ་བའི་འཕྲལ་ཤོར་གཉིས། ལམ་དུ་ཤོར་བ་ལ་སྒོམ་ལམ་འབྲས་དབྱེར་མེད་འབྲས་བུ་རང་ཆས་སུ་ཡོད་པར་མ་རིག་པར་སྒོམ་ལ་ལམ་བྱས་ནས་འབྲས་བུ་གཞན་ཞིག་ཐོབ་པར་འདོད་པ་ཡེ་ཤོར་དང་། སྒོམ་ཇི་ལྟ་བར་རང་ལ་ཡོད་ཀྱང་དེ་ལ་བློ་མ་ཁེལ་བར་དེ་བས་ལྷག་པ་ཡོད་དུ་རེ་ནས་གཞན་དུ་ཚོལ་བའམ་སྒོམ་དེ་ཉིད་ལ་ལྷག་པ་བསྣན་ནས་བསྒོམ་པ་འཕྲལ་ཤོར་གཉིས། གཉེན་པོར་ཤོར་བ་ལ་སྒོམ་སྤང་གཉེན་དབྱེར་མེད་རང་ངོ་རང་རིག་པས་སྤང་བྱ་ཉིད་གཉེན་པོར་འཆར་བ་མ་རིག་པར་སྤང་བྱ་ཉོན་མོངས་དང་སྒོམ་སོ་སོར་བཟུང་སྟེ་ཉོན་མོངས་ཀྱི་གཉེན་པོར་སྒོམ་བྱེད་པ་ཡེ་ཤོར་དང་། རྣམ་རྟོག་འཕྲོ་བའམ་གཞན་ཡང་རྐྱེན་དང་འཕྲད་པའི་ཚེ་དེ་ཉིད་བཤིག་ནས་སྒོམ་དུ་འཇོག་པ་འཕྲལ་ཤོར་གཉིས། རྒྱས་འདེབས་སུ་ཤོར་བ་ལ། སྒོམ་ཐབས་ཤེས་དབྱེར་མེད་ཆོས་ཐམས་ཅད་ངོ་བོ་ཉིད་དུ་གནས་པ་མ་རིག་པར་དམིགས་བཅས་ལ་རང་བཞིན་མ་གྲུབ་པར་རྒྱས་འདེབས་པ་ཡེ་ཤོར་དང་། སྒོམ་ལམ་དུ་མ་བསླངས་པར་ཕྱི་སྙགས་བྱས་ལ་སྒོམ་ཡིན་སྙམ་དུ་རྒྱས་འདེབས་པའམ་སྔ་མ་མཉན་སླར་སྒོམ་སྙམ་དུ་རྣམ་རྟོག་སྒོམ་གྱིས་བཅད་པ་ལྟ་བུའི་འཕྲལ་ཤོར་གཉིས་ཏེ། འདིས་མཚོན་པ་མཐའ་དག་སྒོམ་གྱི་ཤོར་ས་ཡིན་ལ། ཤོར་པ་འགའ་ཞིག་གིས་ངན་སོང་དུ་ལྟུང་བ་ཡོད་ཅིང་གཞན་ཡང་སྒོམ་ལ་མྱོང་བ་རུས་མི་ཐོན་པའི་བློ་དྲེད་ཅན་དུ་འགྱུར་བས་མ་ཤོར་བ་གལ་ཆེའོ། །གོལ་ས་ནི། སྤྱིར་སྒོམ་བསྐྱངས་པས་བདེ་གསལ་མི་
༣༧༣རྟོག་པའི་ཉམས་ཀྱི་བྱེ་བྲག་མཐའ་ཡས་པ་འཆར་ཞིང་། ཁྱད་པར་སྒྲུབ་པ་པོ་རྩ་ཐིག་རླུང་གསུམ་བཟང་བ་དང་རྣམ་གཡེང་དང་ལེ་ལོས་བར་མ་བཅད་པར་སྒོམ་ལ་བརྡུར་བ་དག་ལ་ཉམས་ཀྱི་རིགས་ངོ་མཚར་ཞིང་བརྗོད་ཀྱིས་མི་ལང་བ་སྐྱེ་ལ། སྒོམ་དང་བྱ་བ་གཞན་བསྲེས་ནས་བསྒོམ་པ་ལ་ཉམས་བག་རེ་ལས་མི་འབྱུང་ངོ་། །གང་ལྟར་ནའང་བདེ་ཉམས་ལ་ལུས་བདེ་བས་ཁྱབ་པ་དང་། ཚ་གྲང་གི་རེག་པ་ཡང་བདེ་བར་འཆར་བ་དང་ལུས་ཡོད་མེད་མི་ཚོར་བར་བདེ་བ་དང་དགའ་ཞིང་རྒོད་འདོད་པ་སོགས་དང་སེམས་སྤྲོ་བ་དང་སྐྱིད་སྣང་འཆར་བ་དང་བློ་བདེ་ཞིང་འབོལ་བ་དང་ཉིན་མཚན་ངོ་མི་ཤེས་པ་ཙམ་གྱི་བདེ་བ་སྣ་ཚོགས་པ་འབྱུང་། གསལ་ཉམས་ལ་སེམས་དྭངས་པ་དང་སྣང་བ་ཐམས་ཅད་གསལ་བ་དང་མཚན་མོ་ཡང་ཉེ་རིང་གི་དངོས་པོ་ཐམས་ཅད་རིག་པ་དང་འོད་གསལ་བའི་སྣང་བ་སོགས་དང་གཞན་སེམས་ཤེས་པ་སྙམ་བྱེད་པ་སོགས་སྣ་ཚོགས་འབྱུང་། མི་རྟོག་པའི་ཉམས་ལ་སྟོང་གཟུགས་ཀྱི་རྟགས་སྣ་ཚོགས་འཆར་བ་དང་ཐམས་ཅད་ལ་སྟོང་པའི་འཛིན་སྟངས་སྐྱེ་བ་དང་། སྣང་བ་བཀྲག་མེད་དུ་རང་བཞིན་མེད་པར་སྣང་བ་དང་རང་དང་སྣང་བ་སྟོང་པར་འཆར་བ་དང་སྟོང་པའི་ངེས་ཤེས་སྐྱེ་བ་སོགས་སྣ་ཚོགས་འབྱུང་ངོ་། །བདེ་གསལ་མི་རྟོག་པ་གསུམ་གའི་ཉམས་སམ་ཉམས་ཕྱོགས་རེ་བ་གང་ཡིན་ཡང་འདྲ་སྟེ། ཉམས་དེ་དག་ལ་མཆོག་ཏུ་བཟུང་ནས་ཉམས་ཀྱིས་དཀྲིས་པའི་སྒོམ་དེ་བྱུང་ན་དགའ་མི་དགའ་བར་ཆེད་དུ་བསྐྱང་ན། བདེ་བས་འདོད་ཁམས་གསལ་བས་གཟུགས་ཁམས་མི་རྟོག་པས་གཟུགས་མེད་ཁམས་སུ་སྐྱེ་བའི་རྒྱུ་བྱེད་ལ། ཞེན་འཛིན་མེད་ཀྱང་ཉམས་ཀྱིས་དཀྲིས་པའི་སྒོམ་དེས་ཉན་རང་གི་གོ་འཕང་སྒྲུབ་ཅིང་ངན་འགྲོའི་སྡུག་བསྔལ་ལས་ངལ་གསོ་ཙམ་འཐོབ་ཀྱི་རྫོགས་པའི་སངས་རྒྱས་ཐོབ་པ་ལ་ཅུང་ཟད་ཀྱང་ནུད་ཐུབ་པ་དཀའོ། །གཞན་ཡང་ཤེས་རབ་དམན་ཞིང་ཐོས་པ་ཆུང་ན། ངོ་བོ་གཉུག་མ་སྐྱོང་བ་ལས་ལོག་ནས་སྒོམ་ཕྱོགས་རེ་བ་དང་གནས་པ་འཐུག་པོ་དང་ཉམས་འལ་འོལ་དང་གཉུག་མ་རབ་རིབ་ཅན་གྱི་ཁར་འཁོར་བ་འོང་ངོ་། །དེས་ན་གོལ་ས་འགའ་ཞིག་གིས་ངན་འགྲོར་སྐྱེ་དོགས་ཡོད་ལ་གཞན་དག་ཀྱང་སྲིད་པའི་བདེ་བ་སྒྲུབ་ནུས་པ་ཙམ་ལས་མེད་དེ། དཔེར་ན་ཤར་དུ་འགྲོ་བར་
༣༧༤འདོད་པ་ལ་ནུབ་དང་བྱང་དུ་སོང་བ་ལྟར་དོན་འཆུགས་པ་ཡིན་ནོ། །ཉམས་ལ་ཞི་གནས་ཀྱི་ཉམས་དང་ལྷག་མཐོང་གི་ཉམས་དང་རྟོགས་པའི་རང་ཉམས་གསུམ་ཡོད་པའི་ཕྱི་མ་གོལ་སར་མི་འཛིན་ཞིང་བར་པ་ཡང་ཞེན་མེད་དུ་སྒོམ་ཐད་ཀར་བསྐྱངས་པས་ཉམས་རང་སར་དག་ནས་བོགས་ཐོན་ལ། འོན་ཀྱང་ཉམས་བྱིངས་ཅན་ཕལ་ཆེར་དགེ་སྦྱོར་ན་འཕར་བའི་གེགས་སུ་འགྱུར་ཞིང་གནས་ལུགས་ལ་སྒྲིབ་པས། ཐབས་སྣ་ཚོགས་པས་ཉམས་བཤིག་ནས་བསྒོམ་པ་ཆོད་ཆེ་བ་ཡིན་ནོ། ༈ །བཞི་པ་སྐྱེ་མེད་དུ་ལ་བཟླས་ཏེ་བོགས་དབྱུང་བ་ལ་ལྔ། ལ་བཟླ་བའི་དུས་ཚོད། རྟོག་པ་དང་སྣང་བ་རྩད་གཅོད་པ། སྒོམ་དང་སྒོམ་མཁན་གྱི་སེམས་རྩད་གཅོད་པ། སྐྱེ་མེད་ཟང་ཐལ་དུ་ལ་བཟླ་བ་དངོས། མཉམ་རྗེས་ཉིན་མཚན་རྣམས་བསྲེ་བའོ། །དང་པོ་ནི། སྒྲུབ་པ་པོ་བདེ་གསལ་མི་རྟོག་པའི་ཉམས་འཐུག་པོ་དག་ནས་སེམས་གསལ་དྭངས་ཐོན་ཏེ་གསལ་སྟོང་ནམ་མཁའ་ལྟ་བུའི་སྒོམ་འཁོར་ཡུག་ཏུ་སོང་བའམ། ཉིན་སྣང་ཤས་ཆེ་བ་ཁོར་ཡུག་ཏུ་འགྲོ་ཞིང་རྟོག་པ་འགྱུ་ཐོག་ཏུ་དྲན་པས་ནམ་ཟིན་གསལ་སྟོང་སང་ངེ་ཚོགས་དྲུག་གི་སྣང་ཐོག་ཏུ་དྲན་པས་ནམ་ཟིན་སྣང་སྟོང་ལྷང་ངེ་འཆར་ཞིང་རྟོག་སྣང་གི་ཐོག་ཏུ་ངེས་ཤེས་ཐག་ཆོད་སྐྱེས་པའི་ཚེ་ལ་བཟླའོ། །ལ་བཟླ་སྔས་ན་མྱོང་བ་མི་ཐོན་པར་གོ་ཡུལ་ལ་བརྟེན་པའི་དྲེད་པོ་ཁའི་ལྟ་བ་མཐོ་བ་ཞིག་འབྱུང་ལ། ཧ་ཅང་འཕྱིས་ན་སྐལ་བ་ཅན་དག་ཉམས་མྱོང་གི་ཞེན་འཛིན་རང་དག་ལ་སོང་ནས་རྟོགས་པ་འཁོར་ཡུག་དུ་གྲོལ་བ་མང་ཡང་། འགའ་ཞིག་ལ་བཟང་རྟོག་ངེས་ཤེས་ཀྱི་འཛིན་པ་ཆེར་སོང་ནས་དགེ་སྦྱོར་ལ་མཐོ་དམན་སྣ་ཚོགས་འོང་བ་ཡིན་ནོ། །གཉིས་པ་ནི། སྔོན་འགྲོ་སྤྱི་དང་ཁྱད་པར་བླ་མའི་རྣལ་འབྱོར་གྱི་ཚེ་མོས་གུས་ཀྱི་གདུང་ཤུགས་དྲག་པོས་སྣང་སྲིད་ཆོས་སྐུར་འཆར་བར་གསོལ་བ་འདེབས་པ་ལ་འབད་ཅིང་ངོ་བོའ་བཞག་ཐབས་སྔར་བཤད་པ་ལྟར་རྩེ་གཅིག་ཏུ་བསྐྱངས་ཏེ་སེམས་དྭངས་སྙིགས་ཕྱེད་པ་དང་། སེམས་མ་ཡེངས་ཤིང་གུ་ཡངས་སང་ངེ་བའི་ངང་
༣༧༥ནས་རྣམ་རྟོག་ཕྲ་རགས་དུ་མ་སྤྲོས་ཏེ་དེ་ལ་འཛིན་མེད་དུ་བལྟ་ཞིང་ཕྲ་རགས་དེ་ལ་ཁྱད་པར་ཅི་འདུག་བལྟ། དེ་དང་སེམས་གནས་པའི་ངོ་བོ་ལ་ཁྱད་པར་ཅི་འདུག་བལྟ། དེ་བཞིན་དུ་བདེ་སྡུག་དང་ཉོན་མོངས་པ་དུག་གསུམ་གྱི་རྟོག་པ་སོགས་རྟོག་པ་སྣ་མང་པོ་ཞིག་ལ་བལྟ། རེས་རྟོག་པ་དགག་རེས་མང་དུ་སྤྲོ་རེས་རྐྱང་འདེད་བྱ་བ་སོགས་སྣ་ཚོགས་པ་བྱས་ལ་བལྟ། ཕྱི་རོལ་གྱི་སྣང་བ་མཛེས་མི་མཛེས་སྙན་མི་སྙན་ཕྲ་རགས་སྣ་ཚོགས་ལ་བལྟ། ལུས་ཀྱི་རྣམ་འགྱུར་སྣ་ཚོགས་དང་མིག་འབྱེད་འཛུམ་གཡས་ལྟ་གཡོན་ལྟ་ལ་སོགས་པའི་སྒོ་ནས་སྣང་བའི་འཆར་ལུགས་མི་འདྲ་བ་སྣ་ཚོགས་འཆར་དུ་བཅུག་ལ་དེ་དག་ལ་ཁྱད་པར་ཅི་འདུག་བལྟ། དེ་དག་དང་སེམས་ཀྱི་ངོ་བོ་ལ་ཁྱད་པར་ཅི་འདུག་བལྟ་བ་ཞག་འགའ་བྱེད་དུ་བཅུག་ལ་ཐག་ཆོད་ཀྱི་མྱོང་བ་སྐྱེས་པ་དང་། སྔར་བཤད་པ་ལྟར་རྣམ་རྟོག་དང་སྣང་བའི་ངོ་སྤྲོད་གསལ་འདེབས་བྱས་ཏེ་ངེས་ཤེས་བསྐྱེད་དོ། །གསུམ་པ་ནི། སྒོམ་གྱི་ངོ་བོ་དེ་སྐྱེ་འགག་ངོས་བཟུང་མེད་པ་བློ་འདས་ཡིན་སྙམ་པས་མི་ཆོག་པས་སེམས་མ་ཡེངས་ཤིང་གུ་ཡངས་སང་ངེ་བའི་ངང་ནས་སྒོམ་གྱི་ངོ་བོ་ལ་འཛིན་མེད་དུ་ལྷང་བལྟས་ལ་ཅི་འདྲ་འདུག་ཡང་ཡང་བལྟ། དེ་བཞིན་དུ་སྒོམ་མཁན་གྱི་ཤེས་པ་དང་ང་དང་བདག་ཏུ་འཛིན་མཁན་གྱི་ཤེས་པ་ལ་ཡང་ཡང་བལྟ། གཞན་ཡང་འདས་པ་དང་མ་འོངས་པ་དང་ད་ལྟའི་སེམས་གསུམ་ལ་ཁྱད་པར་ཅི་འདུག །འདས་པའི་སེམས་གར་སོང་མ་འོངས་པའི་སེམས་གང་ལས་བྱུང་ད་ལྟ་བའི་སེམས་ཇི་ལྟ་བུ་འདུག་བལྟ་ཞིང་ཞག་འགའ་སྒྲོ་འདོགས་གཅོད་དུ་བཅུག་ལ་ཐག་ཆོད་ཀྱི་མྱོང་བ་སྐྱེས་པ་དང་། བསྒོམ་པར་བྱ་བའི་ཡུལ་དང་སྒོམ་པར་བྱེད་པའི་མཁན་པོ་དང་དུས་གསུམ་གྱི་སེམས་ཐམས་ཅད་ཀྱང་རྒྱུད་ཐ་མི་དད་པར་ཅིར་ཡང་འཆར་གང་དུའང་མ་གྲུབ་པའི་སེམས་འདི་ཉིད་ཡིན་ལ། འདི་ཡང་ངོ་བོ་ངོས་བཟུང་བཞག་ས་རྟེན་གནས་སྐྱེ་འགག་གནས་གསུམ་དུས་གསུམ་གྱི་དབྱེ་བ་སོགས་སྒྲོ་བཏགས་ཐམས་ཅད་ཀྱིས་མ་གོས་
༣༧༦པ། གདོད་མ་ནས་གཞི་མེད་རྩ་བྲལ་འཁྲུལ་མ་མྱོང་གྲོལ་མ་མྱོང་སྐྱོན་གྱིས་བསླད་མི་ཚུགས་ཡོན་ཏན་གྱིས་བརྒྱན་མི་ཚུགས་རང་བྱུང་རང་དག་ཟླ་མེད་ཟང་ཐལ་ཕྱལ་བ་ཉིད་དུ་ངོ་སྤྲད་ལ། ཞག་འགའ་ཆེད་འཛིན་མེད་པར་རང་བབས་ལྷུག་པར་སྐྱོང་དུ་བཅུག་སྟེ་ངེས་ཤེས་ཐག་ཆོད་བསྐྱེད། གལ་ཏེ་སྒྲུབ་པ་པོ་བློ་རྩལ་ཞན་ན་གོང་དུ་བཤད་པའི་རྟོག་པ་དང་སྣང་བ་དང་སྒོམ་གྱི་ངོ་བོ་དང་སྒོམ་མཁན་དང་དུས་གསུམ་གྱི་ཤེས་པ་རྣམས་སོ་སོར་ཕྲལ་ལ་ཞག་མང་དུ་བལྟ་ཞིང་ཐག་ཆོད་པའི་ངེས་ཤེས་ཐོབ་ངེས་བྱ་བ་གལ་ཆེའོ། །བཞི་པ་ནི། དེ་ནས་བསྒོམ་བྱ་སྒོམ་བྱེད་མྱོང་བྱ་མྱོང་བྱེད་རྟོགས་བྱ་རྟོགས་བྱེད་ཀྱི་བློ་རྣམས་བོར། ཡིན་མིན་གྱི་ཡིད་བྱེད་དང་བསྒོམ་འདོད་དྲན་འདོད་སོགས་ཞེ་འདོད་ཐམས་ཅད་བཏང་། ཅི་ཡང་ཡིད་ལ་མི་བྱེད་སྙམ་པའི་འདུན་པ་ཡང་མེད་པར་ཐ་མལ་གྱི་སེམས་བཅོས་མེད་རང་ཁམ་དེ་ཀར་སྡོད་ལུགས་ཅི་བདེ་བྱས་ལ་འདུག །རང་ཁ་མའི་རྣམ་རྟོག་དང་སྣང་བ་ཅི་ཤར་ཡང་བློས་བཅོས་བསྒྱུར་མི་བྱ་བར་གང་དགར་བཏང་། ཡིད་བྱེད་ཀྱི་རྗེས་སུ་ཡང་མི་འབྲང་། སེམས་དུམ་རེ་ཡེངས་པ་ལ་སྐྱོན་དུ་མི་བཟུང་ཞིང་བརྟག་དཔྱད་མི་བྱ། ནམ་དྲན་གྱི་ཚེ་བསྒོམ་རྒྱུ་མྱོང་རྒྱུ་བྱེད་རྒྱུ་གང་ཡང་མེད་པའི་ཐ་མལ་བཅོས་མེད་དེ་ཀར་བསྒྱུར། ཟ་ཉལ་འཆག་གསུམ་ཡང་བློ་བྲལ་གྱི་ངང་ནས་བྱ་ཞིང་གཞན་བྱ་བ་གང་ཡང་མི་བྱ། གཏོར་མ་དང་གསོལ་འདེབས་ཉུང་ཟད་ཙམ་རེ་མ་གཏོགས་དེ་མིན་དགེ་སྦྱོར་ཐམས་ཅད་བཞག་ལ་སྨྲ་བ་བཅད། ཉལ་བའི་ཚེ་ཡང་ཐ་མལ་བཅོས་མེད་ཟང་མར་ཉལ། དེ་ལྟར་ཞག་འགའི་བར་དུ་ཡིད་བྱེད་ཐམས་ཅད་བོར་ལ་རང་ཁར་འདུག་ཏུ་བཅུག་སྟེ་ཉམས་བལྟ། བཟང་ཞེན་གྱི་འཛིན་པ་གྲོལ་ངན་རྟོག་གི་འཁྲུལ་པ་ཟད་ནས་ཐམས་ཅད་སྒོམ་གྱི་རང་བཞིན་དུ་ངེས་ཤེས་ཐག་ཆོད་པ་སྐྱེས་ན། ཐ་མལ་གྱི་སེམས་གང་འདུག་ཅི་ཤར་སྐྱེ་འགག་མེད་པ་སྤང་བླང་མེད་པ་བྲལ་ཐོབ་མེད་པ། ཡེངས་མ་ཡེངས་དྲན་མ་དྲན་མྱོང་མ་མྱོང་རྟོགས་མ་རྟོགས་མེད་པར་རང་བྱུང་རང་དག་རང་
༣༧༧གྲོལ་ཟང་ཐལ་ཐམས་ཅད་སྒོམ་གྱི་རང་བཞིན་སྒོམ་གྱི་ཁོར་ཡུག་ཏུ་ངོ་སྤྲད་ལ་ཞག་ལྔ་ཙམ་འབྱམས་སུ་བཅུག་ཅིང་སྐབས་རེ་ཙམ་སྒོམ་མིན་པའི་སེམས་བཙལ་དུ་འཇུག་གོ། །ལྔ་པ་ནི། དེ་ལྟར་སྒོམ་ཁོར་ཡུག་དེས་མཉམ་གཞག་དང་རྗེས་ཐོབ་བསྲེ་ཞིང་། རྗེས་ཐོབ་ཏུ་དུམ་རེ་ཡེངས་ན་ཡང་རྗེས་ཤེས་དྲན་པས་ནམ་ཟིན་གནས་ལུགས་དེ་རིག་པས་ཆོག །དེ་བཞིན་དུ་ཉིན་མོའ་ཁོར་ཡུག་དེ་མཚན་མོར་བསྲེ་ཞིང་གཉིད་དང་རྨི་ལམ་དུ་བསླངས་ན་མཆོག་ཡིན། དེ་མིན་འཁྲུལ་ཡང་སད་མ་ཐག་རྗེས་ལ་གནས་ལུགས་རིག་པས་ཆོག །གཞན་མཚན་བཅས་དང་ཡིད་བྱེད་གང་ཡང་མི་བྱ་བར་ཞག་ལྔ་རེ་ཙམ་བཞག །ཡང་ཞག་རེ་ཙམ་གང་བདེར་ངལ་གསོ། །ཡང་ཞག་བདུན་རེ་བཅུ་རེ་ཙམ་དུ་ལ་བཟླ་རེ་དང་ངལ་གསོ་རེ་སྤེལ་ལ་གནས་ལུགས་ཀྱི་རྟོགས་པ་དེས་ཉིན་པར་ཁོར་ཡུག་ཏུ་མ་སོང་བར་དུ་ལ་བཟླ། ཉིན་པར་ཁོར་ཡུག་ཏུ་སོང་ནས་མཚན་མོ་རིམ་གྱིས་འཆར་བ་ཡིན་ནོ། །ལ་བཟླ་འདི་ལ་སྒོམ་ཁོར་ཡུག་གི་མན་ངག་ཀྱང་ཟེར། མཉམ་མེད་དྭགས་པོའ་གབ་པ་མངོན་ཕྱུང་གི་དགོངས་པ་གནས་ལུགས་རྗེན་པ་གཏན་ལ་དབབ་པའི་བོགས་འདོན་ཡིན་པས་མན་ངག་འདི་གནད་འཚམས་ཟོས་ན། གཉུག་མ་བཟང་ཞེན་ཅན་གྱིས་ལོ་མང་དུ་བགྲོད་དགོས་པའི་རྟོགས་པ་ཞག་འགའ་ལ་བགྲོད་ནུས་པ་ཡིན་ནོ། །ཅིས་ཀྱང་བོགས་མ་ཐོན་ན་རེ་ཞིག་མཉམ་རྗེས་ཀྱི་དགེ་སྦྱོར་སྐྱོང་ལུགས་སྔར་བཞིན་བྱའོ། ༈ །ལྔ་པ་ལམ་ཁྱེར་སྤྱོད་པའི་སྒོ་ནས་རྩལ་སྦྱོང་བ་ལ་བདུན། ལམ་ཁྱེར་གྱི་དུས་དང་སྤྱོད་པ། རྣམ་རྟོག་ལམ་ཁྱེར། ཉོན་མོངས་ལམ་ཁྱེར། ལྷ་འདྲེ་ལམ་ཁྱེར། སྡུག་བསྔལ་ལམ་ཁྱེར། ན་ཚ་ལམ་ཁྱེར། འཆི་བ་ལམ་ཁྱེར་རོ། །དང་པོ་ནི། སྒོམ་ངོ་མཐོང་གི་རྟོགས་པ་ཤར་ནས་ཚེ་འདིའི་སྣང་ཤས་ལ་སོང་བ་དང་རྐྱེན་དྲག་པོ་དང་འཕྲད་པ་དང་རྣམ་རྟོག་བག་ལ་ཉལ་ངོ་མ་ཤེས་འོང་བའི་དུས་དང་། མདོར་
༣༧༨ན་དགེ་སྦྱོར་གྱི་རང་ཤུགས་སུ་ལམ་དུ་སློང་དཀའ་བའི་འཁུ་འཕྲིག་གི་འཛིན་པ་ནམ་བྱུང་གི་དུས་དང་། དབེན་པའི་གནས་སུ་སྒོམ་ཁོར་ཡུག་ཤར་ན་དེ་བརྟན་ཞིང་བོགས་དབྱུང་བ་ལ་སྤྱོད་པ་བྱ་བའི་ཚེ་གོང་གི་རྐྱེན་དང་འཁུ་འཕྲིག་བྱུང་བའི་དུས་རྣམས་སུ་ལམ་ཁྱེར་བྱ་སྟེ། གཞན་དུ་ན་སྣང་སྲིད་ལམ་ཁྱེར་གྱི་རྒྱལ་པོ་བློ་བྲལ་གནས་ལུགས་སྐྱོང་བ་དོར་ནས་གཉེན་པོ་ཅན་གྱི་ལམ་ཁྱོར་བསྒོམ་པ་དོན་མིན་ནོ། །དེ་ལ་སྤྱོད་པ་བྱ་བའི་དུས་ནི་མཉམ་རྗེས་ཁོར་ཡུག་ཏུ་གྱུར་ནས་བྱ་ལ། སྤྱོད་པ་ནི་གསང་སྔགས་ཀྱི་ལམ་ནས་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་མམ། ཀུན་ཏུ་བཟང་པོའ་སྤྱོད་པ་གསང་སྤྱོད་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཚོགས་སྤྱོད་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སོགས་མང་དུ་གསུངས་ཀྱང་། འདིར་སྒོམ་བོགས་འདོན་གྱི་སྤྱོད་པ་ལ་རབ་བྱུང་གི་བསླབ་པ་དང་མི་འགལ་བར་ཀུན་བཟང་དང་། སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་དང་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་དང་དོན་མཐུན་པར། རི་བོའ་རྩེ་དང་གཉན་ས་དང་དུར་ཁྲོད་དང་ཤིང་གཅིག་གི་མདུན་དང་བཞི་མདོ་ལ་སོགས་པའི་གནས་རྣམས་སུ་སྨྲ་བ་བཅད་དེ་ཀུ་སུ་ལུའི་མཆོད་སྦྱིན་བྱ་ཞིང་། འཇིག་རྟེན་ལ་བློ་མི་འཇུག་པ་རི་དྭགས་སྨྲས་མ་ལྟ་བུའི་སྤྱོད་པ། ཅི་བྱུང་ཡང་ཉམ་ང་མེད་པ་སེང་གེ་ལྟ་བུའི་སྤྱོད་པ། གང་ལ་ཡང་ཆགས་ཞེན་མེད་པ་བར་སྣང་གི་རླུང་ལྟ་བུའི་སྤྱོད་པ། ཅི་ལའང་བློ་རྟེན་མི་བཅའ་བ་ནམ་མཁའ་ལྟ་བུའི་སྤྱོད་པ། དགག་སྒྲུབ་དང་གཟའ་གཏད་མེད་པ་སྨྱོན་པ་ལྟ་བུའི་སྤྱོད་པ་སྟེ་ལྔའི་སྒོ་ནས་རྐྱེན་མཐའ་དག་ལམ་དུ་སློང་ཞིང་གནས་ལུགས་ལ་བོགས་དབྱུང་བར་བྱའོ། །གཉིས་པ་ནི། དགེ་མི་དགེ་ལ་སོགས་པའི་རྣམ་པར་རྟོག་པ་ཤར་ནས་འཁུ་འཕྲིག་བྱུང་བའི་ཚེ། རྣམ་རྟོག་དེ་ངོས་བཟུང་ནས་གང་ཤར་དེ་མ་བཅོས་ལྷུག་པར་སྐྱོང་སྟེ། དེ་ཡང་རྟོག་པ་དེ་ཡིད་ལ་མི་བྱེད་པར་སེམས་བཀུག་ནས་གཉེན་པོ་ཡེ་ཤེས་བསྒོམ་པ་ཡང་ཡིན། རྟོག་པ་དེའི་ངོ་བོ་ལ་བརྟག་དཔྱད་བྱས་ཏེ་རང་བཞིན་མ་གྲུབ་པར་གཏན་ལ་འབེབས་
༣༧༩པ་ཡང་མིན། རྟོག་པ་དེའི་རྗེས་སུ་འབྲང་ཞིང་དྲན་པས་སྐྱོང་བ་ཡང་མིན་པར། རྟོག་པ་དེ་ངོ་ཤེས་ཙམ་ནས་རྟོག་པ་དེ་ཀ་ལ་སྒོམ་གྱི་ངོ་བོར་བྱས་ཏེ་ཅི་ལྟར་འདུག་པ་དེ་ལ་སྐྱོན་དུ་མི་བཟུང་ཆེད་དུ་མི་དགག་རྗེས་སུའང་མི་འབྲང་བར་དེ་ག་ལ་བློས་མ་བཅོས་པར་གསལ་ལེ་ཡེ་རེ་ལྷོད་དེ་གུ་ཡངས་སང་ངེ་བཞག་པས། རྟོག་པ་གང་ཤར་དེ་ཉིད་སྤང་བླང་དགག་སྒྲུབ་བཅོས་བསྒྱུར་མི་དགོས་པར་སྒོམ་དུ་ལྷངས་ཀྱིས་འཆར་ཏེ། དེ་ལ་རྣམ་རྟོག་ལམ་དུ་སློང་བ་ཞེས་བྱའོ། །ཀློང་དུ་མ་གྱུར་པས་རྣམ་རྟོག་གི་གཡོ་བ་དྲག་པོ་རྣམས་དང་པོར་མི་བདེ་ཁར་རེ་བ་འདྲ་བ་ཞིག་ངང་ངམ་ཤུགས་ཀྱིས་ལམ་དུ་ལོངས་ལ། རིམ་གྱིས་ཀློང་དུ་གྱུར་ནས་མཐར་ངོས་ཟིན་པ་ཙམ་གྱིས་ལམ་དུ་བསླང་བ་ཡིན་ནོ། །གསུམ་པ་ནི། ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ལྔ་གང་ཡང་རུང་བ་སྐྱེས་པའི་ཚེ་དེ་ངོས་བཟུང་སྟེ་དེ་དགག་ཀྱང་མི་དགག་རྗེས་སུ་ཡང་མི་འབྲང་བར་ཉོན་མོངས་པ་དེ་ཀ་བློས་མ་བཅོས་པར་གསལ་སིང་ངེ་བར་གུ་ཡངས་སང་ངེ་བཞག་པས་སྒོམ་དུ་འཆར་རོ། །སྐབས་རེ་ཉོན་མོངས་པའི་དམིགས་རྐྱེན་ཕྱི་རྫས་ནང་སེམས་ཅན་གང་ཡིན་པའི་ཆགས་ཡུལ་སྡང་ཡུལ་ལ་སོགས་སྔར་ལས་མངོན་ཚན་ཆེ་བ་ཡིད་ལ་བྱས་ཏེ་ཉོན་མོངས་པ་ཆེས་ཆེར་བསྐྱེད་ལ། སྐྱེས་པ་དང་སྔར་བཞིན་བསྐྱང་ངོ་། །གཏི་མུག་ལ་གཉིད་བྲོ་བའི་སེམས་དེ་ངོས་བཟུང་ལ་གཉིད་ཐིབས་ཐིབས་ཡོང་བའི་ཚེ་དེ་ཀའི་སྟེང་དུ་བློས་མ་བཅོས་པར་བསྐྱང་བས་གཉིད་འོད་གསལ་དུ་འཆར་བའི་ཐབས་སུ་འགྱུར་ཞིང་། ཀློང་དུ་གྱུར་མ་གྱུར་སྔར་ལྟར་འབྱུང་ངོ་། །བཞི་པ་ནི། ལྷ་འདྲེའི་ཆོ་འཕྲུལ་ལ་སོགས་པས་འཇིགས་ཤིང་བག་ཆ་ཟིང་སྟེ་བྱུང་བའི་ཚེ། འཇིགས་པའི་རྟོག་པ་ངོས་བཟུང་ལ་མི་དགག་རྗེས་མི་འབྲང་བར་འཇིགས་རྟོག་དེ་ཀ་བློས་མ་བཅོས་པར་གསལ་རྗེན་ལྷང་ངེ་བསྐྱངས་པས་སྒོམ་དུ་འཆར། ཆོ་འཕྲུལ་སྨ་དབབ་ན་དེ་ལས་འཇིགས་པའི་ཆོ་འཕྲུལ་བློར་མི་ཤོང་བ་བྱུང་བར་བསམས་ཏེ་འཇིགས་སྣང་ཡང་ཆེར་
༣༨༠བསྐྱེད་ལ་གོང་བཞིན་ཉམས་སུ་བླང་ངོ་། །ལྔ་པ་ནི། སྤྱིར་འཁོར་བར་སྡུག་བསྔལ་བ་དང་ཁྱད་པར་ཡུལ་སེམས་ཅན་ཞིག་སྡུག་བསྔལ་བ་མཐོང་ན། དེ་ལ་སྙིང་རྗེ་མེད་པར་རང་དེ་འདྲར་གྱུར་དོགས་ནས་སྒོམ་ལ་སེམས་སྤྲོ་བ་ཐེག་དམན་གྱི་བློ་དང་། དེ་ལ་སྙིང་བརྩེ་སྐྱེས་ཤིང་དེས་མཚོན་པའི་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་སྐྱེ་བ་ཐེག་ཆེན་གྱི་བློ་གང་སྐྱེས་ཀྱང་། བློ་དེ་ངོས་བཟུང་ལ་དེ་ལ་བློས་མ་བཅོས་པར་གསལ་ལྷང་ངེ་བཞག་ལ་ལམ་དུ་སློང་ཉམས་དེའི་ངང་མ་ཤོར་བར་སེམས་ཅན་ཀུན་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་སྨོན་ལམ་གདབ་བོ། །དྲུག་པ་ནི། རང་ནད་ཀྱི་རིགས་གང་ཡང་རུང་བས་ན་བའི་ཚེ་རྒྱུ་རྐྱེན་སོགས་ཀྱི་བརྟག་དཔྱད་མི་བསམ་ཞིང་དགག་སྒྲུབ་མ་ཤོར་བར་བྱས་ཏེ། ན་ཚ་ཟུག་གཟེར་ལྷང་ངེ་བ་དེ་ཉིད་སྒོམ་གྱི་ངོ་བོར་བྱས་ལ་བློས་མ་བཅོས་པར་གསལ་སིང་ངེ་བཞག །དེ་ཡུན་བསྲིངས་པས་ན་ཚ་སྤོང་མི་དགོས་པར་སྒོམ་དུ་འཆར་ཞིང་བོགས་ཐོན་ནོ། །ནད་སྨ་དབབ་ན་སྔར་དང་འདྲ། གཞན་ཡང་ན་མཁན་གཟེར་མཁན་མྱོང་མཁན་གྱི་བདག་འཛིན་རྩད་གཅོད་པ་དང་ངོ་བོ་ངོས་བཟུང་མེད་པའི་ངང་ལ་མ་བཅོས་པར་འཇོག་པ་སོགས་ཀྱང་བྱའོ། །འདིར་རོ་སྙོམས་པས་སྨན་དཔྱད་སྤང་བར་བཞེད་ཀྱང་རང་གི་ནད་དགེ་སྦྱོར་དུ་འཁྱེར་བ་ཡིན་གྱི། བྱང་ཆུབ་སྒྲུབ་པའི་རྟེན་ལ་ཤི་མ་ཤེ་མེད་པར་བླུན་འཆོས་མི་བྱའོ། །བདུན་པ་ནི། དེ་ལྟར་མི་ཚེ་གང་བྱུང་ལ་རྐྱེན་ཅི་བྱུང་ལམ་དུ་འཁྱེར་ནས་གོམས་པར་བྱས་ལ། འཆི་ཁའི་ཚེ་ཐིམ་རིམ་རིམ་ཅན་ལ་སོགས་པ་ཅི་ཤར་ཡང་ངོ་ཤེས་པ་ཙམ་བྱས་ལ་རེ་དོགས་དང་དགག་སྒྲུབ་ཀྱི་ཁུ་འཕྲིག་མི་བྱ་བར་གང་ཤར་ཤར་དེ་ཀ་ལ་བློས་མ་བཅོས་པར་གསལ་རྗེན་ལྷང་ངེ་བསྐྱངས་པས། ཐིམ་རིམ་རྫོགས་པའི་རྗེས་ལ་རང་བཞིན་གྱི་འོད་གསལ་འཆར་བ་དང་ལམ་དུ་བསྐྱངས་བའི་འོད་གསལ་དེ་མ་བུ་འདྲེས་པས་ཆུ་ལ་ཆུ་བཞག་པའམ་ནམ་མཁའ་དང་ནམ་མཁའ་འདྲེས་པ་ལྟར་གྱུར་ཏེ་སངས་རྒྱ་བར་བཤད་ཅིང་། གལ་ཏེ་གོམས་པ་ཆུང་བས་
༣༨༡སངས་མ་རྒྱས་ཀྱང་བར་དོ་དང་སྐྱེ་བའི་ལམ་ཁྱེར་སྔར་གྱི་ཤུགས་ཀྱིས་རང་དབང་ཐོབ་པར་བཤད་དོ། །ལམ་ཁྱེར་འདི་དག་མཉམ་མེད་དྭགས་པོའ་གསུང་རབས་ལས་འཐོར་བུར་གསུངས་ཤིང་རྐྱེན་སྣང་ཅི་བྱུང་ཅི་ཤར་ཕྱག་རྒྱ་ཆེན་པོར་འཁྱེར་ནས་རོ་སྙོམས་པ་ལ་དོན་ཚང་ཡང་། ཕྱིས་སྒྲུབ་བརྒྱུད་པ་རྣམས་ཀྱིས་ལམ་ཁྱེར་དྲུག་དམིགས་བསལ་དུ་ཕྱེ་བ་རྩལ་སྦྱོང་དུ་ལེགས་པ་འདུག་ཅིང་བློ་རིགས་ཕལ་ཆེར་ལ་ཁྱད་ཆེ་བར་སྣང་བས་དེ་ལྟར་དུ་བྱས་པ་སྟེ་མིང་གཞན་རོ་སྙོམས་ཞེས་ཀྱང་གྲགས་སོ། །དྲུག་པ་རྟོགས་པ་འཆར་ཚུལ་བོགས་འདོན་དང་བཅས་པ་ལ་ལྔ། འཆར་ཚུལ་མི་འདྲ་བའི་ཁྱད་པར། རྩེ་གཅིག་བོགས་འདོན་དང་བཅས་པ། སྤྲོས་བྲལ་བོགས་འདོན་དང་བཅས་པ། རོ་གཅིག་བོགས་འདོན་དང་བཅས་པ། སྒོམ་མེད་བོགས་འདོན་པ་དང་བཅས་པའོ། །དང་པོ་ནི། གང་ཟག་ཅིག་ཆར་བའི་རིགས་ལ་དང་པོར་གནས་པའི་དུས་སམ་ངོ་སྤྲད་དུས་ནས་རྩེ་གཅིག་ཙམ་དང་སྤྲོས་བྲལ་མན་དང་རོ་གཅིག་མན་དང་སྒོམ་མེད་ཕྱིན་ཅིག་ཆར་དུ་སྐྱེ་བ་སོགས་སྣ་ཚོགས་པ་ཡོད་ལ་སྐྱེས་པ་དེ་ཡང་བརྟན་ནོ། །ཐོད་རྒལ་བ་ལ་རྣལ་འབྱོར་བཞི་སྔ་མ་མ་བརྟན་པར་ཕྱི་མ་ཐོལ་གྱིས་སྐྱེ་ལ་སྐྱེས་པ་མི་བརྟན་པར་འཕེལ་འགྲིབ་ཆེ་བས་མཚམས་ལ་རྒྱུན་དུ་གནས་ཤིང་རྩེ་གཅིག་ཏུ་བསྒོམས་ན་རྟོགས་པ་བརྟན་པོ་ཐོབ་ལ། ཚེ་འདིར་སྒོམ་ཡུན་ཐུང་ན་རྟོགས་པ་གཤའ་མ་བར་དོར་འཆར་བར་བཤད་དོ། །རིམ་གྱིས་པ་ལ་རྣལ་འབྱོར་བཞི་རིམ་པས་འཆར་ཞིང་སྔ་མ་བརྟན་ནས་ཕྱི་མ་རིམ་གྱིས་སྐྱེ་ལ་སྐྱེས་པ་ཡང་བརྟན་ཏེ་སྙིང་རུས་བསྐྱེད་པ་གལ་ཆེའོ། །ཐོད་རྒལ་བ་དང་རིམ་གྱིས་པ་གཉིས་ཀྱང་བླ་མ་ལ་མོས་གུས་དང་སྒོམ་ལ་སྙིང་རུས་བསྐྱེད་ན་ཅིག་ཆར་བ་དང་འདྲ་བར་འགྱུར་བ་ལ་ཚོགས་མེད་པར་བཤད་ཅིང་། རིགས་གསུམ་པོ་སོ་སོ་ལའང་བློ་རྩལ་ཆེ་ཆུང་གི་དབྱེ་བས་སྐྱེ་ལུགས་མ་ངེས་པ་སྣ་ཚོགས་འོང་བར་འདུག་པས། རྣལ་འབྱོར་བཞི་རིམ་གྱི་བཤད་ཚོད་ཐམས་ཅད་ཁྲིགས་ཀྱིས་འགྲིགས་པ་རང་གི་
༣༨༢ངེས་བཟུང་མི་སྣང་ལ། འོན་ཀྱང་རིམ་གྱིས་པ་ལ་རིམ་ཅན་ངེས་བཟུང་དུ་འཆར་བའི་ཚུལ་བཤད་ན་མ་ངེས་པའི་འཆར་ཚུལ་ལའང་དགེ་སྦྱོར་གྱི་གནས་སྐབས་དང་བླང་དོར་ཕྱེད་པས་དེ་ལྟར་དུ་བཤད་པར་བྱའོ། །གཉིས་པ་ནི། རྩེ་གཅིག་གི་རྣལ་འབྱོར་ལ་གོམས་པ་ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བས་གསུམ་དུ་ཡོད་དེ། གསལ་སྟོང་བདེ་ཉམས་དང་བཅས་པའི་ཏིང་ངེ་འཛིན་སྐྱོང་དཀའ་བ་ཙམ་ནས་ནམ་སྒོམ་སྒོམ་འོང་བའི་བར་རྩེ་གཅིག་ཆུང་ངུ། རེས་མ་བསྒོམས་ཀྱང་ཏིང་ངེ་འཛིན་དེར་འགྲོ་ཞིང་བསྒོམས་པའི་ཚེ་བརྟན་པོ་འོང་བ་རྩེ་གཅིག་འབྲིང་། མཉམ་རྗེས་དང་སྤྱོད་ལམ་བཞི་དང་ཉིན་མཚན་ཁོར་ཡུག་ཏུ་རྒྱུན་ཆད་མེད་པར་གསལ་སྟོང་གི་ངང་དུ་ཆམ་གྱིས་འགྲོ་བ་རྩེ་གཅིག་ཆེན་པོའོ། །དེ་ཡང་མཐར་ཕྱིན་མ་ཕྱིན་དབྱེ་བ་དྲུག་གིས་བྱེད་དེ། སེམས་གསལ་སྟོང་དེ་ཉིད་ལ་རང་རིག་ཡིད་ཆེས་ཀྱི་ངེས་ཤེས་རྙེད་ན་རྩེ་གཅིག་གི་ངོ་བོ་མཐོང་། བདེ་གསལ་མི་རྟོག་པའི་ངང་དུ་གནས་ཀྱང་ངེས་ཤེས་ཀྱི་འཕྲིག་མ་ཚུད་ན་ངོ་བོ་མ་མཐོང་། གསལ་སྟོང་དེའི་ངང་ལ་ཉིན་མཚན་ཁོར་ཡུག་ཏུ་འགྲོ་ན་རྩལ་རྫོགས། རེས་འཇོག་འོང་ན་རྩལ་མ་རྫོགས། རྟོག་སྣང་ཤར་ཚད་དྲན་པས་ཟིན་ཙམ་ནས་སྤང་མ་དགོས་པར་སྒོམ་དུ་འགྲོ་ན་རྣམ་རྟོག་སྒོམ་དུ་ཤར། རྣམ་རྟོག་བཀུག་ནས་བསྒོམ་དགོས་ན་མ་ཤར། ཆོས་བརྒྱད་ལས་བློ་ལོག་པ་སོགས་ཀྱི་དྲོད་རྟགས་ཐོབ་ན་ཡོན་ཏན་སྐྱེས། བློ་ལས་སུ་མི་རུང་བ་སོགས་འདུག་ན་མ་སྐྱེས། རྗེས་ཤེས་སུ་སེམས་ཅན་ལ་སྙིང་རྗེ་སྐྱེ་ཞིང་གཞན་ཕན་གྱི་སྨོན་ལམ་བཏབ་ན་གཟུགས་སྐུའི་ས་བོན་ཐེབས། སྙིང་རྗེ་སྐྱེ་དཀའ་ན་མ་ཐེབས། རྗེས་ཤེས་སུ་རྒྱུ་འབྲས་ཕྲ་རགས་ལ་མི་སླུ་བའི་འཕྲིག་ཚུད་ན་ཀུན་རྫོབ་ལ་རང་བྱན་ཚུད། རྒྱུ་འབྲས་ཀྱི་རྟེན་འབྲེལ་ལ་ངེས་པ་མ་རྙེད་ན་མ་ཚུད་པའོ། །དེ་ལ་རྩེ་གཅིག་ཆུང་ངུའི་དུས། སེམས་གསལ་སྟོང་བདེ་ཉམས་དང་བཅས་པའི་མཉམ་བཞག་ངེས་བཟུང་ཅན་ཡོད་ཅིང་ཉམས་དེའི་ངང་ནས་རྟོག་སྣང་འཆར་བའི་ཚེ་རང་དྭངས་རང་གྲོལ་དུ་འགྲོ་ཞིང་སྒོམ་ཡིན་སྙམ་དུ་བློས་བྱས་
༣༨༣ཀྱི་ངེས་ཤེས་ཀྱང་འོང་། རྗེས་སྣང་དུ་དགའ་སྤྲོ་དང་བཅས་པའི་སྣང་བ་ཕལ་ཆེར་ཨ་འཐས་སུ་འཆར། རྗེས་ཤེས་སུ་དྲན་པས་ནམ་ཟན་གསལ་སྟོང་གི་ཉམས་དང་བཅས་ཏེ་སྟོང་པ་དང་སེམས་སྣང་ཡིན་སྙམ་པའི་འཛིན་སྟངས་འབྱུང་། རྨི་ལམ་གསལ་དྭངས་ཐོན་ཙམ་ལས་ཁྱད་ཆེར་མི་འོང་། འགའ་ཞིག་ལ་རྨི་གྲངས་མང་ལ་ངེས་བཟུང་ཆུང་བའོ། །རེས་མཉམ་པར་འཇོག་དཀའ་ཞིང་སྒོམ་མི་འོང་བ་འདྲ་སྙམ་པའང་འབྱུང་། འཕེལ་འགྲིབ་ཆེ་མོས་གུས་དག་སྣང་སྙིང་རྗེ་རྣམས་སྐྱེའོ། །རྩེ་གཅིག་འབྲིང་གི་དུས་གསལ་སྟོང་བདེ་ཉམས་དང་བཅས་པའི་སྒོམ་དེ་ནམ་སྒོམ་སྒོམ་བརྟན་པོ་འབྱུང་ཞིང་རིས་མ་བསྒོམས་ཀྱང་དེའི་ངང་དུ་ཚེམ་གྱིས་འགྲོ། ཉམས་དེའི་ངང་ནས་རྟོག་སྣང་འཆར་བ་སྔར་བས་ཉུང་ཞིང་གང་ཤར་རང་དྭངས་སུ་འགྲོ། རྗེས་སྣང་དུ་གསལ་སྟོང་གི་ཉམས་དང་བཅས་པའི་སྣང་བ་གུ་ཡངས་སང་ངེ་བ་འབྱུང་། རེས་ཨ་འཐས་སུ་འཇའ་ཆར། རྗེས་ཤེས་སུ་ནམ་དྲན་སྒོམ་དུ་ཆམ་གྱིས་འགྲོ། རྨི་ལམ་དུ་ཉམས་དེས་རེས་སླ་བ་རེས་མི་སླེབ་འགའ་ཞིག་ལ་རྨི་གྲངས་ཉུང་ངུ་འགྲོ་བ་འོང་། སྒོམ་ལ་སྤྲོ་བ་སྐྱེའོ། །རྩེ་གཅིག་ཆེན་པོའ་དུས་གསལ་སྟོང་བདེ་ཉམས་དང་བཅས་པ་རྒྱུན་ཆད་མེད་པར་འཆར་ཞིང་། རྣམ་རྟོག་ཐམས་ཅད་དེའི་ངང་དུ་ཐིམ་རྗེས་སྣང་ཐམས་ཅད་དེའི་ངང་དུ་སོང་རྨི་ལམ་ཕལ་ཆེར་ཡང་དེའི་ངང་དུ་ཆུད་དེ། བཟང་ཞེན་གྱི་འཛིན་པ་དང་བཅས་པའི་ངེས་ཤེས་ལ་སེམས་བདེ་སྟོང་རིག་སྟོང་རྣམ་རྟོག་གསལ་སྟོང་སྣང་བ་སྣང་སྟོང་སོགས་ཀྱི་སྟོང་ཉམས་དང་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་སོགས་ཀྱི་མྱོང་བ་མང་པོ་འཆར། ཟག་བཅས་ཀྱི་ཡོན་ཏན་འགའ་རེའང་སྐྱེ། སྒོམ་འདི་བས་བཟུང་བ་མེད་སྙམ་པ་འོང་ཞིང་མོས་གུས་སོགས་སྐྱེའོ། །དེ་ཡང་རྩེ་གཅིག་གསུམ་གྱི་དུས་སུ་རི་མཚམས་དང་འདག་སྦྱར་དང་སྨྲ་བཅད་ལ་བརྩོན་པར་བྱ་གྲིབ་ལ་འཛེམ་ཞིང་གྲིབ་ཕོག་ན་གྲིབ་སེལ་བྱ། བྱིང་རྒོད་བྱུང་
༣༨༤ན་སྐྱོན་བསལ་བ་དང་ངོ་ལྟ་བྱ། རྨུགས་ན་སྡིག་བཤགས་བྱ་ཞིང་བླ་མ་ལ་དབང་ཞུ། ཏིང་ངེ་འཛིན་གྱི་དབང་མང་དུ་བླང་། ཚོགས་འཁོར་དང་མཆོད་འབུལ་དང་སྦྱིན་གཏོང་བྱ་ཞིང་བླ་མ་དང་མཆེད་གྲོགས་ལ་ཞུས་ཏེ་བཅོས། ཧ་ཅང་སྐྱོན་ཆེ་ཞིང་བླ་མ་དང་མཆེད་གྲོགས་ལ་ཞུ་མི་འདོད་པ་དང་ལོག་ལྟ་སྐྱེས་པ་བྱུང་ན་བདུད་ཀྱི་བར་ཆད་ཡིན་པས་སྐྱབས་འགྲོ་བྱ། །སྐྱོ་ཤས་ངེས་འབྱུང་མོས་གུས་དག་སྣང་སྙིང་རྗེ་རྣམས་རྩལ་ཕྱུང་སྟེ་བསྒོམ། ཞག་འགའ་ཟུང་དུབ་བསང་བྱས་ལ་སྐྱོན་བཅོས་ཤིང་བསྐྱང་པ་དང་ལུས་སྦྱོང་ཅི་རིགས་བྱའོ། །དེ་ལྟར་ཏིང་ངེ་འཛིན་དེ་སྔར་བཤད་པའི་སྐྱོང་ཐབས་ལྟར་འཇུར་དྲན་ནམ་བཟུང་དྲན་གྱིས་རྩེ་གཅིག་ཏུ་སྐྱོང་། རྟོག་དཔྱོད་ཀྱི་གོ་ཡུལ་དང་མི་རྟོག་པའི་གནས་པ་དང་མྱོང་བའི་ཉམས་དང་རྗེས་ཤེས་ཀྱི་སྣང་ཤས་རྣམས་ཕུ་མ་ཤོར་བར་བྱ། ཉམས་བཟང་བ་ལ་དགའ་ཚོར་གྱི་ཞེན་འཛིན་དང་ངན་པ་ལ་མི་དགའ་བའི་སྐྱོན་བལྟས་མི་བྱ། གང་ཤར་ཡང་སྤང་བླང་མེད་པར་འཛིན་མེད་བཅོས་མེད་དུ་སྐྱོང་། ཉམས་འཐུག་ན་ཉམས་དང་ཕྲལ་ཏེ་ངར་བསྐྱེད་ལ་ཤེས་པ་སོ་མ་ཡང་ཡང་སྐྱང་། སྐབས་སུ་སྒྲུབ་བརྒྱུད་གོང་མས་སྒྲུབ་ཚུགས་བཟུང་བའི་རྣམ་ཐར་དང་རྡོ་རྗེའི་མགུར་ལ་སོགས་པ་ཡང་བལྟས་ཏེ་རང་ཡང་དེ་ལྟ་བུའི་སྙིང་སྟོབས་བསྐྱེད་པ་སོགས་བྱའོ། །དེ་ལྟར་བསྐྱངས་པས་བདེ་གསལ་མི་རྟོག་པ་གསུམ་དབྱེར་མེད་པ་སེམས་ཀྱི་རང་བཞིན་གསལ་སྟོང་དུ་འཇུག་པ་མྱོང་ཞིང་རྟོགས་ཏེ། རྣམ་རྟོག་གསལ་སྟོང་དང་སྣང་བ་སྣང་སྟོང་དུ་རྟོགས་ཤིང་ཐམས་ཅད་སེམས་སུ་ཐག་ཆོད་པ་དང་། སེམས་སྐྱེ་མེད་རང་རིག་དང་རང་གྲོལ་དུ་རྟོགས་ཏེ་རྩེ་གཅིག་གི་རྟོགས་པ་མཐར་ཕྱིན་པར་འགྱུར་རོ། །ཅིས་ཀྱང་བོགས་མ་བྱུང་ན་ཞེན་པ་གསུམ་བཏང་བར་བྱ་སྟེ། བདག་ཏུ་ཞེན་པ་བཏང་བ་ནི། ཚེ་འདིའི་ལྟོས་ཐག་བཅད་མི་ཁྱུ་ནས་བུད་འཇིག་རྟེན་གྱི་འཁྲི་བ་བཏང་། དགྲ་གཉེན་གྱི་ཆགས་སྡང་དང་ལུས་བླ་མ་ལ་དབུལ་ཕུང་པོའ་གཅེས་འཛིན་སྤང་ཀུ་སུ་
༣༨༥ལུའི་མཆོད་སྦྱིན་བྱ། ལོངས་སྤྱོད་ལ་ཞེན་པ་བཏང་བ་ནི། ནོར་རྫས་ཅི་ཡོད་པ་བླ་མ་མཉེས་པའི་འབུལ་བ། ཡི་དམ་ལ་སོགས་མཉེས་པའི་མཆོད་གཏོར་དང་ཚོགས་འཁོར། རྡོ་རྗེ་སྤུན་མཉེས་པའི་སྤོང་དག་བྱས་ལ། སྐྱིད་འདོད་ཟ་འདོད་འབྱོར་འདོད་ཀྱི་འཛོམ་ཤ་བློས་བཏང་། ལྟོ་གོས་གཏམ་གསུམ་ཁྱད་དུ་བསད། སྔར་བཤད་པའི་རི་དྭགས་ལྟ་བུའི་སྤྱོད་པ་ལ་སོགས་པ་བྱ་ཞིང་ཆགས་སྡང་དང་གཡེང་བ་ཅན་གྱི་གནས་ཕ་ཡུལ་སོགས་སྤང་། ཅིས་ཀྱང་སྤང་མ་ཚུགས་ན་ལོ་ཤས་སྨྲ་བཅད་བྱ། ཏིང་ངེ་འཛིན་ལ་ཞེན་པ་བཏང་བ་ནི། དགའ་ཞིང་སྤྲོ་ལ་ཡིད་ཆེས་པའི་བཟང་ཉམས་ཐམས་ཅད་གཏོང་། གནས་ལུགས་གང་ཤར་ལ་བཟང་ངན་མེད་པར་ཐག་བཅད་དེ་ལ་བཟླ། ཤེས་པ་ཉམས་དང་བྲལ་བའི་རྗེན་པ་རྣལ་མ་བསྐྱང་བས་རིམ་གྱིས་བོགས་ཐོན་ཏེ་ཅི་ཞིག་ན་ཉམས་མྱོང་དེ་དག་ནས་ཡུལ་དང་ཡུལ་ཅན་གྱི་གཉིས་འཛིན་ཞིག་སྟེ། སེམས་ཀྱི་ངོ་བོ་སྐྱེ་འགག་གི་སྤྲོས་པ་དང་བྲལ་བར་རྟོགས་ཏེ་སྤྲོས་བྲལ་གྱི་རྟོགས་པ་འཆར་རོ། །གསུམ་པ་ནི། སྤྲོས་བྲལ་ལ་ཡང་གསུམ་སྟེ། རྟོག་སྣང་སེམས་ཀྱི་པ་ངོ་བོ་སྐྱེ་འགག་གི་སྤྲོས་པ་དང་བྲལ་བར་རྟོགས་ཀྱང་སྟོང་པར་འཛིན་པའི་ངེས་ཤེས་ཀྱི་མྱོང་འཁྲིས་དང་མ་བྲལ་ཞིང་འཁོར་འདས་ལ་རེ་དོགས་ཡོད་པ་སྤྲོས་བྲལ་ཆུང་ངུ། སྟོང་འཛིན་ངེས་ཤེས་ཀྱི་མྱོང་འཁྲིས་དག་ཀྱང་སྣང་ཐོག་ཏུ་རེ་དོགས་འོང་ཞིང་སྒྲོ་འདོགས་མ་ཆོད་པ་སྤྲོས་བྲལ་འབྲིང་པོ། སྣང་སྲིད་འཁོར་འདས་ཐམས་ཅད་ལ་སྟོང་འཛིན་ངེས་ཤེས་ཀྱི་འཛིན་པ་གྲོལ་ནས་རེ་དོགས་དང་བྲལ་ཞིང་སྒྲོ་འདོགས་ཆོད་པ་སྤྲོས་བྲལ་ཆེན་པོའོ། །སྤྲོས་བྲལ་མཐར་ཕྱིན་མ་ཕྱིན་གྱི་དབྱེ་བ་ནི། དེ་ལ་སེམས་ཀྱི་ངོ་བོ་སྤྲོས་བྲལ་དུ་མཐོང་བ་ལ་ངེས་ཤེས་ཀྱི་འཛིན་པ་གྲོལ། མྱོང་ཚོར་མཁན་པོའ་རྩ་བ་ཆོད་ནས་སྤྲོས་པ་ཐམས་ཅད་དག་པའི་ངང་དུ་ཕྱལ་གྱིས་སོད་ན་སྤྲོས་བྲལ་གྱི་ངོ་བོ་མཐོང་། སྟོང་འཛིན་ཉམས་ཀྱི་དྲི་མ་ངེས་ཤེས་ཀྱི་ཆ་མ་དག་ན་ངོ་བོ་མ་མཐོང་། རེ་དོགས་དང་སྟོང་འཛིན་
༣༨༦གྱི་ཆ་ཙམ་ཡང་མེད་པར་ཐ་མལ་ཤེས་པ་སྤྲོས་བྲལ་དུ་སྒྲོ་འདོགས་ཆོད་ན་རྩལ་མ་རྫོགས། རང་བཞིན་སྐྱེ་མེད་དུ་ཤེས་ཀྱང་སྣང་ཐོག་ཏུ་རེ་དོགས་འོང་ཞིང་སྟོང་འཛིན་གྱི་འཁྲིས་མ་སངས་ན་རྩལ་མ་རྫོགས། རྟོག་སྣང་ཐམས་ཅད་སྟོང་འགྱུ་སྟོང་སྣང་དུ་རང་ངོ་ཤེས་ནས་རྗེས་སྣང་དུ་མཉམ་གཞག་གི་རྟོགས་པ་ལྟ་བུར་འཆར་ན་རྣམ་རྟོག་སྒོམ་དུ་ཤར། དེ་མི་འཆར་ན་མ་ཤར། ཐབས་ལམ་ལ་གནད་དུ་བསྣུན་ཏེ་གྲུབ་པའི་རྟགས་དང་རྟོགས་པ་འབྲེལ་ན་ཡོན་ཏན་སྐྱེས། གྲུབ་རྟགས་ཀྱི་སྣང་ཆ་མ་ཐོན་ན་མ་སྐྱེས། སྟོང་ཉིད་ཀྱི་མ་འགགས་པའི་རྩལ་ལ་དམིགས་མེད་ཀྱི་སྙིང་རྗེ་སྐྱེས་ནས་སེམས་བསྐྱེད་དང་སྨོན་ལམ་གྱི་རྟེན་འབྲེལ་རྗེས་ཤེས་སུ་སྒྲིག་ན་གཟུགས་སྐུའི་ས་བོན་ཐེབས། སྙིང་རྗེ་སྐྱེ་དཀའ་ཞིང་ཐབས་རྟེན་འབྲེལ་མི་སྒྲིག་ན་ས་བོན་མ་ཐེབས། སྟོང་ཉིད་རྒྱུ་འབྲས་སུ་ཤར་ནས་ངོ་བོ་སྤྲོས་པ་དང་བྲལ་ཡང་རྐྱེན་གྱིས་ཅིར་ཡང་སྒྱུར་བར་གོ་ན་ཀུན་རྫོབ་ལ་རང་བྱན་ཚུད། རྒྱུ་འབྲས་ཀྱི་རྟེན་འབྲེལ་མ་གོ་བར་སྟོང་འཛིན་གྱི་ཁྱད་དུ་གསོད་ན་རང་བྱན་མ་ཚུད་དོ། །དེ་ལ་སྤྲོས་བྲལ་ཆུང་ངུའི་དུས་ཆོས་ཐམས་ཅད་ཀྱི་ངོ་བོ་སྐྱེ་འགག་གནས་གསུམ་གྱི་སྤྲོས་པ་དང་བྲལ་བར་རྟོགས་ཀྱང་ཐམས་ཅད་ལ་སྟོང་པར་འཛིན་པའི་འཛིན་པ་ཅུང་ཟད་ཡོད་ལ། རྗེས་ཤེས་སུ་དྲན་པས་མ་ཟིན་པའི་དུས་དགྲ་གཉེན་ཆགས་སྡང་གི་འཛིན་པ་ཨ་འཐས་འབྱུང་ཞིང་གཉིད་དང་རྨི་ལམ་ཕལ་ཆེར་ཡང་འཁྲུལ་པར་འབྱུང་། དགེ་སྦྱོར་མཐོ་དམན་ཆེ་ཞིང་བླ་མ་མཆེད་གྲོགས་དང་དགེ་སྦྱོར་ལ་རེས་དད་པ་དང་ངེས་ཤེས་སྐྱེ་རེས་ཐེ་ཚོམ་སྐྱེ་བ་སྲིད་དོ། །སྤྲོས་བྲལ་འབྲིང་གི་དུས་སྟོང་འཛིན་ཉམས་ཀྱི་དྲི་མ་དེ་དག་ནས་གང་ལ་ཡང་ཞེན་པ་དང་བྲལ། རྣམ་རྟོག་གི་རྩ་བ་ཆོད་པས་འགྱུ་ཐོག་ཏུ་སྒྲོ་འདོགས་ཆོད་ཀྱང་སྣང་ཐོག་ཏུ་ཨ་འཐས་ཀྱི་རེ་དོགས་དུ་མ་རེ་འོང་། རྗེས་ཤེས་དང་རྨི་ལམ་གྱི་ཚེ་འཁྲུལ་མ་འཁྲུལ་སྣ་ཚོགས་འབྱུང་། དགེ་སྦྱོར་དང་བླ་མ་མཆེད་གྲོགས་ལ་ཡང་དད་པ་དང་ཐེ་ཚོམ་ལ་སོགས་མཐོ་དམན་དུ་མ་རེ་འབྱུང་། རེས་སངས་
༣༨༧རྒྱས་ཐོབ་རྒྱུ་མེད་དམྱལ་བར་སྐྱེ་རྒྱུ་མེད་དམ་སྙམ་པའང་འོང་ངོ་། །སྤྲོས་བྲལ་ཆེན་པོའི་དུས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཆོད་པས་ཐམས་ཅད་ལ་རེ་དོགས་མེད་ཅིང་སྒྲོ་འདོགས་ཆོད་དེ་ཕྱི་ནང་གི་ཆོས་ཐམས་ཅད་ལ་སྟོང་མི་སྟོང་སོགས་ཀྱི་བདེ་མི་བདེ་མེད་པར་ཕྱལ་གྱིས་འགྲོ། སྣང་བ་ཐམས་ཅད་སྟོང་ཞིང་བདག་མེད་པར་འཆར། རྗེས་ཤེས་སུ་སྣང་བ་ཐམས་ཅད་རྟོག་པར་དག་པའི་ཤེས་པ་དྭངས་སེང་ངེ་བ་འབའ་ཞིག་ཅུང་མི་འོང་ཡང་རིག་སྟོང་སྣང་སྟོང་གི་ཉམས་བཟང་པོ་དང་བཅས་པའི་ཉིན་བར་གྱི་སྒོམ་ལ་རྒྱུན་ཆད་མེད། །འོན་ཀྱང་དྲན་པས་རྒྱུན་ཆད་མེད་པར་ཟིན་པ་ཅུང་མི་འོང་བས་བཟུང་དྲན་རེ་ལ་ལྟོས་དགོས་ཤིང་། རྨི་ལམ་དུ་འཁྲུལ་པ་རང་མཚན་པ་དུ་མ་རེ་འོང་། རེས་སངས་རྒྱས་ཐོབ་རྒྱུ་མེད་དམྱལ་བར་འགྲོ་རྒྱུ་མེད་གནས་ལུགས་ཀྱི་དོན་རྟོགས་སྙམ་པའང་འོང་། གཏིང་ཟབ་པའི་ཆོས་རྣམས་ཀྱང་གོ་ཞིང་སེམས་ཉིད་བླ་མར་འཆར་སྣང་བ་དགེ་སྦྱོར་གྱི་གྲོགས་སུ་འགྲོ། གང་ལ་ཡང་ཞེན་པ་ཆུང་ཆོས་བརྒྱད་ལས་བློ་ལྡོག །འོན་ཀྱང་ད་ནི་བླ་མ་མི་དགོས་སྙམ་པ་དང་ང་རྒྱལ་དང་རློམ་སེམས་དང་གཞན་ལ་ཁྱད་དུ་གསོད་པ་སོགས་འབྱུང་དོགས་ཡོད་དོ། །སྤྲོས་བྲལ་གསུམ་གྱི་ཚེ། ཞེན་པ་གསུམ་བཏང་རི་ཁྲོད་ཤིན་ཏུ་དབེན་པ་བརྟེན་ཞིང་སྨྲ་བཅད་དང་འདག་སྦྱར་ལ་ནན་ཏན་བྱ། གཏོར་མ་དང་བླ་མའི་གསོལ་འདེབས་ཙམ་མ་གཏོགས་མཚན་བཅས་ཀྱི་དགེ་སྦྱོར་རྣམས་རེ་ཞིག་དོར་ནས་དྲན་པ་ལ་རྩིས་སུ་བྱ་ཞིང་ཡེངས་མེད་དུ་བསྒོམ་པ་གལ་ཆེ། སྐབས་སུ་མཆོད་སྦྱིན་སོགས་འདུས་བྱས་ཀྱི་དགེ་བ་བསགས་པ་དང་། བླ་མ་ལ་མོས་གུས་མཆེད་གྲོགས་ལ་དག་སྣང་སེམས་ཅན་ལ་སྙིང་རྗེ་བསྒོམ་ཞིང་རྒྱུ་འབྲས་ཀྱི་རྟེན་འབྲེལ་རྣམས་བསམ། བླ་མ་དང་མཆེད་གྲོགས་རྟོགས་དོན་ལ་ཟབ་མོའ་གླེང་མོ་བྱ་བ་དང་གྲུབ་ཐོབ་བརྒྱུད་པའི་རྡོ་རྗེའི་མགུར་བལྟ་བ་དང་དབྱངས་སུ་བླང་བ་སོགས་བྱ། ཕལ་ཆེར་དུ་དྲན་པ་རྒྱུན་ཆགས་ཀྱིས་མ་ཡེངས་
༣༨༨པ་ཉིད་གལ་ཆེ་ཞིང་དམིགས་བཅས་མང་ན་མི་དགའ། ཡང་བདེ་ཤེས་ཆུང་ཞིང་འགྲོ་འདོད་དང་ཟ་འདོད་དང་སྙིང་མི་དགའ་བ་སོགས་བྱུང་ན་ཐབས་ལམ་འབར་འཛག་དང་མཆོག་གི་གཏུམ་མོ་དང་ལུས་སྦྱོང་སོགས་ཅི་རིགས་བྱའོ། །སྤྲོས་བྲལ་ཆེན་པོར་ལོར་བསྐྱངས་ཀྱང་བོགས་མ་ཐོན་ན་ཞེན་པ་གསུམ་གཏོང་བ་དབང་ཞུ་བ་ཉམས་ཆགས་བཤགས་པ་སོགས་བྱ་ཞིང་རྟོགས་པ་འཕེལ་བར་གསོལ་བ་གདབ། རང་ཡི་དམ་དུ་བསྒོམས་ལ་དམྱལ་བའི་སྡུག་བསྔལ་བསམ་ཞིང་དེ་སེམས་སུ་ཐག་བཅད་ལ་སྤྲོས་བྲལ་དུ་མཉམ་པར་བཞག །དེ་བཞིན་དུ་ལྷའི་བདེ་སྐྱིད་དང་འཁོར་བའི་གནས་ཚུལ་དང་མྱང་འདས་ཀྱི་གནས་ཚུལ་རྣམས་བསམ་ཞིང་སྤྲོས་བྲལ་དུ་མཉམ་པར་བཞག །རེས་རི་བོའ་རྩེར་ཕྱིན་ལ་སྤྲོས་བྲལ་དུ་གློད། རེས་མང་པོའ་འདུན་སར་སོང་ལ་སྤྲོས་བྲལ་དུ་གློད། རླུང་ཐུན་རེ་བཟུང་ལ་སྣང་བ་ལ་མིག་ཧ་རེ་བལྟ་ཞིང་སྤྲོས་བྲལ་དུ་གློད་དེ་བསྐྱང་བས་བོགས་འབྱུང་བར་བཤད་དོ། །དེ་ནས་ཅི་ཞིག་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སྐྱེ་འགག་གི་སྤྲོས་པ་དང་བྲལ་མ་བྲལ་སྟོང་མི་སྟོང་སྤང་བླང་སོགས་ཀྱི་དགག་སྒྲུབ་མེད་པར་གྲ་མ་ཆག་ཟུར་མ་མཉམས་པར་ཕྱག་རྒྱ་ཆེན་པོར་རོ་གཅིག་ཏུ་རྟོགས་པའི་རྣལ་འབྱོར་འཆར་རོ། །བཞི་པ་ནི། རོ་གཅིག་ལའང་གསུམ་སྟེ། དྲན་སྣང་ཐམས་ཅད་སེམས་ཉིད་ཕྱག་རྒྱ་ཆེན་པོར་རོ་གཅིག་ཏུ་རྟོགས་ཀྱང་དེར་མྱོང་ཞིང་འཛིན་པའི་ངེས་ཤེས་ཀྱི་འཁྲིས་ཡོད་པ་རོ་གཅིག་ཆུང་ངུ། དུ་མ་རོ་གཅིག་ཏུ་མྱོང་ཞིང་འཛིན་པའི་ངེས་ཤེས་ཀྱི་དྲི་མ་དག་ནས་སྣང་བ་ཕྱིར་མ་ལུས་སེམས་ནང་དུ་མ་ལུས་པར་སྣང་སེམས་དབྱེར་མེད་ལམ་མེ་བ་མངོན་དུ་གྱུར་པ་རོ་གཅིག་འབྲིང་པོ། དུ་མ་རོ་གཅིག་ཏུ་རྟོགས་རོ་གཅིག་དུ་མར་ཤར་ཏེ་ཐམས་ཅད་མཉམ་ཉིད་གཉུག་མའི་ངང་དུ་ཞི་བ་རོ་གཅིག་ཆེན་པོའོ། །རོ་གཅིག་མཐར་ཕྱིན་མ་ཕྱིན་གྱི་དབྱེ་བ་ནི། གང་ཤར་གྱི་སྣང་བ་ལ་སྤང་བླང་དགག་སྒྲུབ་མེད་པར་མཉམ་ཉིད་གཉུག་མ་ཡུལ་མེད་རང་གསལ་དུ་རང་ངོ་ཤེས་ན་རོ་གཅིག་གི་ངོ་བོ་མཐོང་། མཉམ་
༣༨༩ཉིད་དུ་འདྲེས་རྒྱུ་དང་འདྲེས་པའི་མྱོང་འཛིན་ངེས་ཤེས་ཀྱི་འཛིན་པ་འདུག་ན་ངོ་བོ་མ་མཐོང་། གང་ཤར་ཐམས་ཅད་མཉམ་ཉིད་གཉུག་མ་དེའི་རྩལ་དུ་འཆར་ན་རྩལ་རྫོགས། གཉེན་པོའ་འཁྲིས་དང་བཅས་པས་རོ་གཅིག་དུ་མར་མི་འཆར་ན་རྩལ་མ་རྫོགས། སྣང་སེམས་སོགས་གཉིས་སྣང་གི་འཛིན་པ་དག་སྟེ་ཚོགས་དྲུག་གི་འཆར་སྒོ་ལ་འཆིང་གྲོལ་མེད་པར་གང་ཤར་གྱིས་ཆོག་ན་རྣམ་རྟོག་སྒོམ་དུ་ཤར། འཆར་སྒོ་རྣམས་ངོ་ཤེས་ཀྱི་དྲན་པས་གྲོལ་དགོས་ན་མ་ཤར། སྣང་སེམས་འདྲེས་ནས་སྤྲུལ་བསྒྱུར་ལ་སོགས་པའི་རྫུ་འཕྲུལ་ཐོབ་ན་ཡོན་ཏན་སྐྱེས། སད་བྱེད་ལམ་གྱི་རྐྱེན་ཞན་ནས་རྟགས་མ་ཐོན་ན་ཡོན་ཏན་མ་སྐྱེས། ཀུན་ཁྱབ་ཀྱི་སྙིང་རྗེ་རྩོལ་མེད་དུ་འབྱུང་ཞིང་གཞན་དོན་གྱི་གཏེར་ཁ་བྱེ་ན་གཟུགས་སྐུའི་ས་བོན་ཐེབས། སྙིང་རྗེ་སོགས་ཐབས་ཀྱི་ནུས་པ་ཆུང་ཞིང་གཞན་དོན་མི་འགྲུབ་ན་ས་བོན་མ་ཐེབས། རྒྱུ་འབྲས་ཀྱི་རྟེན་འབྲེལ་གསལ་བར་རྟོགས་པས་རིག་པ་སྐད་ཅིག་མའི་འཆར་སྒོས་འཁོར་འདས་ཀྱི་གྱིས་སོ་བྱེད་པར་ཤེས་ཏེ་རྒྱུ་འབྲས་ལ་མཁས་ན་ཀུན་རྫོབ་རང་བྱན་ཚུད། རོ་གཅིག་དུ་མའི་རྒྱུ་འབྲས་སུ་མ་འཆར་ན་རང་བྱན་མ་ཚུད་པའོ། །དེ་ལ་རོ་གཅིག་ཆུང་ངུའི་དུས་ཐམས་ཅད་གཉུག་མའི་ངོ་བོར་རྟོགས་ཀྱང་དེར་མྱོང་རྒྱུ་དང་དེར་འཛིན་པའི་ཆ་ཅུང་ཟད་ཡོད་ལ། རྗེས་ཤེས་སུ་ཡུལ་རྐྱེན་དྲག་པོས་དཀྲུགས་པའི་ཚོགས་དྲུག་གི་སྣང་བ་ལ་དགེ་སྦྱོར་དུ་མི་བདེ་བ་འོང་ཞིང་རང་ཁར་ཡང་གཟུང་འཛིན་ཨ་འཐས་ཀྱི་སྣང་བ་དུ་མ་རེ་འབྱུང་། རྨི་ལམ་ན་ཡང་འཁྲུལ་པ་དང་འཛིན་པ་དུ་མ་རེ་འོང་། རེས་ལུས་སྣང་སེམས་གསུམ་དབྱེར་མེད་པའི་ཉམས་སྐྱེ། འོན་ཀྱང་རྒྱུ་འབྲས་ལ་རྩི་འཇོག་དང་མོས་གུས་དང་སྙིང་རྗེ་ཆུང་དུ་འགྲོ་བ་སྲིད་དོ། །རོ་གཅིག་འབྲིང་གི་དུས་རྟོགས་བྱ་རྟོགས་བྱེད་མྱོང་བྱ་མྱོང་བྱེད་ཀྱི་འཛིན་པ་གྲོལ་སྣང་སེམས་གཉིས་འཛིན་གྱི་རྩ་བ་ཆོད། རྗེས་ཤེས་དང་རྨི་ལམ་ཡང་སྔར་བས་འཁྲུལ་པ་ཆུང་ཞིང་ཨ་འཐས་ཀྱི་འཛིན་པ་ཡང་ཆེར་མི་འོང་། རོ་གཅིག་ཆེན་པོའ་དུས་མཉམ་ཉིད་གཉུག་མ་མ་འགགས་པའི་རྩལ་སྣ་ཚོགས་ལ་བདེན་འཛིན་དང་བྲལ་བའི་གཉིས་མེད་ཀྱི་རྟོགས་པ་དེ་ཉིད་ཉིན་མཚན་འཁོར་མར་འབྱུང་། མི་རྟོག་
༣༩༠པའི་འཆར་སྒོ་སྣང་ལ་མ་ངེས་པའི་གསལ་ཙམ་གྱི་མྱོང་ཚོར་ཅུང་ཟད་རེ་འབྱུང་། རྗེས་ཤེས་སུ་སྣང་བ་འཛིན་མེད་གསལ་སྟོང་སྒྱུ་མ་ལྟ་བུར་སྣང་ཞིང་ཤེས་བཞིན་གཉིས་སྣང་ཕྲ་མོ་འཆར། འཛིན་མེད་ཀྱི་རྨི་ལམ་འལ་འོལ་འགག་མེད་དུ་འབྱུང་། རེས་རྨི་ལམ་མེད་པ་ཡང་འོང་བར་བཤད་དོ། །རོ་གཅིག་གསུམ་གྱི་ཚེ་གནས་ཕལ་ཆེར་དབེན་པ་བསྟེན། རེས་འགའ་ཙམ་ཚོགས་སུ་ཡང་བསྡད་ལ་བོགས་དབྱུང་། བསྒོམ་མ་བསྒོམ་ཁྱད་མེད་སྙམ་ཡང་དབེན་པ་བསྟེན་ཞིང་ཡང་དག་གི་དྲན་མེད་སྒོམ་པ་ཉིད་དུ་གནད་ཆེའོ། །རོ་གཅིག་ཆེན་པོའ་རྟོགས་པ་ཐོབ་ཀྱང་། མངོན་ཤེས་ཕྲ་མོ་དང་མཁའ་འགྲོའི་མཚན་མ་མ་བྱུང་ན་ཉམས་གྲིབ་ཕོག་པ་ཡིན་པས་ཚ་ཚ་སྟོང་རྩ་སོགས་བཏབ་ཅིང་དེ་རེ་རེ་ལ་མེ་ཏོག་རེ་ཕུལ་ལ། བདག་གི་གྲིབ་ཉེ་བར་ཞི་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། གཞན་ཡང་གྲིབ་སེལ་གྱི་གཟུངས་ཆོག་དང་དགེ་བའི་སྣ་ཅི་རིགས་བྱ། མཚན་མ་བྱུང་ནས་དགའ་མི་དགའ་འདུག་ན་བདུད་ཞུགས་པ་ཡིན་པས་ཕན་འདོགས་པ་དང་གནོད་པ་སྐྱེལ་བ་དང་བདུད་ལ་སོགས་པ་ཐམས་ཅད་རང་གི་སེམས་ཡིན་སེམས་ནམ་མཁའ་ལྟར་མཐའ་དབུས་མེད་སྙམ་དུ་བསམ། ལར་རོ་གཅིག་སྐྱེས་ནས་རྟོགས་པ་ལ་མི་འཇིགས་ཡོན་ཏན་ལ་མི་དགའ་སྐྱོན་གྱིས་ཁ་བྲིད་ཀྱང་མི་ནུས་པ་ཡིན། སླར་ལ་ཕྲག་དོག་ཆེ་ཉོན་མོངས་མང་རྣམ་རྟོག་རགས་ཟུར་མགོ་རྣོ་དགའ་མི་དགའ་འདུག་ན་བདུད་སེམས་ལ་ཞུགས་པ་ཡིན་པས་དེ་ངོ་ཤེས་པར་བྱས་ལ་དགེ་སྦྱོར་ལ་རེམ་པར་བྱ། ལར་སྒོམ་དང་མི་མཐུན་པ་ཐམས་ཅད་བདུད་རང་དུ་ཤེས་པར་བྱ་ཞེས་གསུངས་པ་ལྟར་གོ་བར་བྱ་ཞིང་། སེམས་ཅན་ཡང་རང་སེམས་བླ་མ་ཡང་རང་སེམས་སུ་འདུག་པས་སྙིང་རྗེ་དང་མོས་གུས་མི་དགོས་སྙམ་ནས་ཐབས་ཁྱད་དུ་གསོད་སྲིད་པས་སྙིང་རྗེ་དང་མོས་གུས་སོགས་ཀྱི་སྟོབས་བསྐྱེད། །རྟེན་འབྲེལ་བཟང་པོ་ཐམས་ཅད་བསྒྲིག་པ་དང་ངན་པ་ཐམས་ཅད་སྤང་བ་དང་རྒྱུ་འབྲས་ཀྱི་གོ་ཆ་
༣༩༡དང་དུ་བླངས་ཏེ་དགེ་སྡིག་གི་བླང་དོར་ཞིབ་ཏུ་བྱ། གཞན་ལ་ཕན་གནོད་འབྱུང་ཞིང་ལྷའི་བུའི་བདུད་ཀྱིས་ཟིན་དོགས་ཡོད་པས་གཞན་དོན་ལྟར་སྣང་སྤང་། འཁོར་དང་ལོངས་སྤྱོད་དང་སྙན་གྲགས་ལ་མ་ཆགས་པ་གལ་ཆེའོ། །དེ་ལྟར་བསྐྱངས་པས་ཉམས་དང་མྱོང་བའི་དྲི་མ་ཐམས་ཅད་དག་ལམ་གྱི་རྟོགས་པ་དང་རང་བཞིན་གྱི་གནས་ལུགས་འདྲེས་ནས་མཉམ་རྗེས་དང་དྲན་པས་ཟིན་མ་ཟིན་མེད་པའི་སྒོམ་མེད་ཀྱི་རྟོགས་པ་འཆར་རོ། །ལྔ་པ་ནི། སྒོམ་མེད་ལ་ཡང་གསུམ་སྟེ། དྲན་པས་བཟུང་མ་དགོས་ཆེད་དུ་མཉམ་པར་བཞག་མ་དགོས་པར་སྣང་བ་ཐམས་ཅད་སྒོམ་དུ་འཆར་ཞིང་སྒྱུ་མ་ལྟ་བུའི་འཛིན་པ་ཅུང་ཟད་ཙམ་སྐྱེ་བ་ཡོད་ཀྱི་བར་སྒོམ་མེད་ཆུང་ངུ། སྒྱུ་མ་ལྟ་བུའི་འཛིན་པ་དེ་དང་ཡང་བྲལ་ཏེ་ཉིན་མཚན་ཐམས་ཅད་སྒོམ་མེད་ཁོར་ཡུག་ཏུ་སོང་ཞིང་རྗེས་སྣང་དུ་རྣམ་ཤེས་ཀྱི་རྒྱུན་ཕྲ་མོ་རང་གསལ་དུ་འཆར་བ་སྒོམ་མེད་འབྲིང་པོ། རྣམ་ཤེས་ཕྲ་མོ་དེ་ཡང་ཡེ་ཤེས་སུ་གནས་གྱུར་ནས་ཐམས་ཅད་ཡེ་ཤེས་ཀྱི་ཁོར་ཡུག་ཏུ་གྱུར་བ་སྒོམ་མེད་ཆེན་པོའོ། །སྒོམ་མེད་མཐར་ཕྱིན་མ་ཕྱིན་གྱི་དབྱེ་བ་ནི། སྒོམ་མེད་ཀྱི་རྟོགས་པ་དེ་ལ་དྲན་རྒྱུའམ་གོམས་རྒྱུ་མེད་པར་མྱོང་བ་དག་ན་སྒོམ་མེད་ཀྱི་ངོ་བོ་མཐོང་། དེ་ལ་དྲན་རྒྱུའམ་གོམས་རྒྱུ་འདུག་ན་ངོ་བོ་མ་མཐོང་། གཉིས་སྣང་ཕྲ་མོ་དག་ཅིང་ཆོས་ཐམས་ཅད་ཟད་སར་འཁྱོལ་ནས་དུས་ཀུན་ཏུ་ཡེ་ཤེས་དང་དབྱེར་མེད་ན་རྩལ་རྫོགས། གཉིས་སྣང་ཕྲ་མོ་སྣང་ཞིང་ཤེས་བྱའི་ཆོས་མ་ཟད་ན་རྩལ་མ་རྫོགས། ཀུན་གཞིའི་རྣམ་ཤེས་ཐམས་ཅད་མ་སྤངས་པར་ཆོས་དབྱིངས་ཡེ་ཤེས་སུ་དག་ན་རྣམ་རྟོག་སྒོམ་དུ་ཤར། རྣམ་རྟོག་གི་འཛིན་པ་བག་ལ་ཉལ་ཕྲ་མོ་དང་ཉམས་མྱོང་གི་དྲི་མ་ཕྲ་མོ་ཞིག་འདུག་ན་ཡང་རྣམ་རྟོག་སྒོམ་དུ་མ་ཤར། ལུས་འཇའ་ལུས་ཡེ་ཤེས་ཀྱི་གཟུགས་སྐུ་དང་སེམས་འོད་གསལ་ཆོས་སྐུར་ཤར་ནས་ཞིང་ཁམས་དག་པ་རབ་འབྱམས་སུ་སྣང་ན་ཡོན་ཏན་སྐྱེས། ལུས་སེམས་དང་སྣོད་
༣༩༢བཅུད་ལ་མ་དག་པའི་སྣང་བ་ཅུང་ཟད་འདུག་ཀྱང་མ་སྐྱེས། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ཆོས་ཀྱི་སྐུར་བྱང་ཆུབ་ནས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་རྒྱུན་མི་ཆད་པ་འབྱུང་ན་གཟུགས་སྐུའི་ཕྲིན་ལས་གྲུབ། དེ་ལྟར་མ་གྱུར་པར་ཞིང་ཁམས་དག་པ་ལ་ལྟོས་དགོས་ན་ཕྲིན་ལས་མ་གྲུབ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་ན་ཀུན་རྫོབ་དག་ཅིང་བྱན་ཚུད། རྣམ་སྨིན་གྱི་ལུས་རྒྱ་བག་ཆགས་སྣང་རྒྱ་རྣམ་ཤེས་སེམས་རྒྱ་སྟེ་རྒྱ་གསུམ་གྱིས་སངས་རྒྱས་ཀྱི་ཡོན་ཏན་བསྒྲིབས་ན་ཀུན་རྫོབ་མ་དག་ཅིང་བྱན་མ་ཚུད་པ་ཡིན་ནོ། །དེ་ལ་སྒོམ་མེད་ཆུང་ངུའི་དུས་གཉིས་སྣང་ཕལ་ཆེར་དག་ནས་ཆེད་དུ་སྒོམ་མ་དགོས་དྲན་པས་བཟུང་མ་དགོས་པར་སྣང་བ་ཐམས་ཅད་སྒོམ་དུ་ཤར་ཏེ་སྒོམ་ལས་གཡོ་བ་མེད་པ་འབྱུང་ལ། རྗེས་སྣང་དུ་མི་རྟག་ངོ་མ་ཤེས་ཞེས་བྱ་བ་མ་རིག་པའི་ལྷག་མ་ཀུན་གཞིའི་རྣམ་ཤེས་རྟོག་བྲལ་ལུང་མ་བསྟན་དུ་གནས་པ་ཞིག་ཡོང་བ་ལ་གནས་ངན་ལེན་གྱི་དྲི་མ་ཟེར། ལས་མི་གསོག་ཀྱང་ཡེ་ཤེས་སུ་མ་དག་པའི་འཛིན་པ་སྒྱུ་མ་ལྟ་བུ་ཡད་ཡུད་སྐྱེ་བ་དང་། རྨི་ལམ་དུ་ཡང་ངོ་མ་ཤེས་ཀྱི་བདེན་འཛིན་ཅུང་ཟད་འབྱུང་བར་བཤད་དོ། །སྒོམ་མེད་འབྲིང་གི་དུས་སྒྱུ་མ་ལྟ་བུའི་གཉིས་སྣང་ཕྲ་མོ་དེ་ཡང་དག་ནས་ཉིན་མཚན་ཐམས་ཅད་སྒོམ་མེད་ཀྱི་འཁོར་ཡུག་ཏུ་འགྱུར་ཞིང་། རྗེས་སྣང་མི་རྟོག་ངོ་མ་ཤེས་ཀྱི་ཆ་ཕྲ་ཞིང་ཕྲ་བ་རང་གསལ་དུ་ཤར་བ་ཞེས་བྱ་བ་གཤིས་བབས་དང་མཐུན་པར་རྫོགས་པ་ལ་ཟེར་ཏེ་གནས་ངན་ལེན་གྱི་དྲི་མ་ཕྲ་ཞིང་ཕྲ་བ་ཡིན་ལ་མཚན་མོ་ལ་ཡང་དེའི་ཆ་ཡོད་པར་བཤད་དོ། །སྒོམ་མེད་ཆེན་པོའ་དུས་མི་རྟོག་ངོ་མ་ཤེས་ཀྱི་ཆ་ཕྲ་ཞིང་ཕྲ་བ་དེ་ཡང་ཡེ་ཤེས་སུ་དག་ནས་འོད་གསལ་ལམ་བུ་འདྲེས་པས་ཐམས་ཅད་ཡེ་ཤེས་ཀྱི་ཀློང་འབྱམས་སུ་གྱུར་ཏེ་རང་དོན་དུ་ཆོས་སྐུ་རྫོགས་པར་ཐོབ། དེའི་རང་རྩལ་ཕྱོགས་མེད་དུ་འབྱོངས་པས་གཞན་དོན་དུ་གཟུགས་སྐུའི་སྣང་བརྙན་གྱིས་འཁོར་བ་ཇི་སྲིད་པར་འགྲོ་བའི་དོན་ལྷུན་གྲུབ་
༣༩༣ཏུ་འབྱུང་བར་བཤད་དོ། །དེ་ལ་ཚེ་འདིར་འཆར་བའི་སྒོམ་མེད་ནི། སྤང་བྱ་སྤང་དུ་མེད་གཉེན་པོ་བསྟེན་དུ་མེད་དག་བྱ་རྒྱུ་དང་བྲལ་དག་བྱེད་སེམས་དང་བྲལ་ཤི་མ་ཤི་མེད་པའི་ངེས་པ་གཏིང་ནས་ཐོབ་སྟེ་མཉམ་རྗེས་མེད་པའི་སྒོམ་མེད་ཆུང་འབྲིང་ཅི་རིགས་ལས་འཆར་བར་དཀའ་ལ། སྤྱིར་སྒོམ་མཁན་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་སྒོམ་མེད་ཙམ་སྤྲོས་བྲལ་དུ་ཡང་འོང་ཞིང་། སྣང་བ་དང་རྟོག་པ་སོ་མ་སྒོམ་དུ་ཤར་ནས་མཉམ་རྗེས་མེད་པའི་སྒོམ་མེད་ཙམ་རོ་གཅིག་ཏུ་ཡང་འབྱུང་བས་དེ་དག་ཉམས་ཀྱི་སྒོམ་མེད་ཡིན་གྱི་སྒོམ་མེད་དངོས་མིན་ནོ། །དེ་ལ་སྒོམ་མེད་དངོས་མི་རྟོག་ངོ་མ་ཤེས་ཀྱི་ཆ་ཕྲ་མོ་རང་གསལ་དུ་མ་ཤར་བར་དུ་དྲན་པ་ཡེ་ཤེས་ཀྱིས་འཁོར་ལོས་མ་བཅོས་མི་བསྒོམ་པའི་ཐ་མལ་གྱི་ཤེས་པ་རྒྱུན་བསྲིང་བ་གལ་ཆེ་བར་བཤད་ཅིང་། གནས་གང་དུ་གནས་གྲོགས་སུ་དང་འགྲོགས་སྤྱོད་པ་ཅི་བྱས་ནའང་ལས་མི་གསོག་ཀྱང་། སྒོམ་ཆེན་ཆོས་པའི་ཡ་ཚུལ་བསྐྱང་སྟེ་རི་ཁྲོད་བཟུང་སྒྲུབ་པའི་རྒྱལ་མཚན་བཙུག་ཅིང་ཚུལ་མིན་གྱི་སྤྱོད་པ་སྤང་བ་དང་ཀུན་རྫོབ་ཀྱི་བླང་དོར་ཚུལ་བཞིན་བྱ་བ་གལ་ཆེའོ། །མཉམ་བཞག་རྗེས་ཐོབ་རྗེས་ཤེས་སྣང་བ་རྨི་ལམ་གྱི་འཆར་ཚུལ་རྣམས་རིམ་གྱིས་པའི་དབང་དུ་བྱས་པ་ཡིན་ཀྱང་དབེན་པར་སྒོམ་ཉག་གཅིག་སྐྱོང་བ་ལ་བཤད་ཚོད་ལྟར་འབྱུང་མོད་རྗེས་ཐོབ་ཏུ་ཚེ་འདིའི་སྣང་ཤས་ཀྱི་དབང་དུ་བཏང་བ་སོགས་ལ་བཤད་ཚོད་དང་ཁྲིགས་འགྲིགས་པའི་འཆར་ཚུལ་ཐམས་ཅད་ཅུང་མི་འོང་ཡང་རྟོགས་པའི་ངོ་བོ་ཇི་ལྟ་བ་འཆར་རོ། །དེ་ལྟར་རྣལ་འབྱོར་བཅུ་གཉིས་ཀྱི་ཉམས་དང་རྟོགས་པའི་འཆར་ཚུལ་ལ་རྣལ་འབྱོར་ཐ་མ་རྣམས་ཤིན་ཏུ་གཏིང་རྟོགས་པར་དཀའ་ཞིང་བློས་དཔྱད་པའི་ཡུལ་མིན་ཀྱང་། རྗེ་སྒོམ་ཚུལ་གྱི་གསུང་དང་བསྒྲུབ་བརྒྱུད་གོང་མ་འགའི་གསུང་ལ་བརྟེན་པས་ཡིད་ཆེས་པར་བྱའོ། །རྒྱས་པར་བསྒྲུབ་པ་མཐར་བསྐྱལ་ཏེ་ནང་རང་སེམས་ཀྱི་བླ་མ་དང་ཕྱི་གྲུབ་ཐོབ་རྟོགས་ལྡན་གྱི་བླ་མའི་གསུང་དང་མན་ངག་ལས་ཤེས་པར་བྱ་ཞིང་ལར་བློ་ཟད་ཆོས་ཟད་ལ་སྐྱེལ་
༣༩༤དགོས་ཀྱི། རང་ཅག་སྔོན་སྦྱངས་ཀྱི་ལས་འཕྲོ་ཆ་མ་རྫོགས་པར་སྐྱིད་ཆོས་ཀྱིས་སྒོམ་སྒྲུབ་ལོ་འགའ་རེ་བྱས་ནས། རྟོགས་པ་མངོན་དུ་གྱུར་པར་རློམས་ཏེ་དོན་གཉིས་ལྟར་སྣང་གི་རང་གཞན་མགོ་གཡོགས་པར་བྱེད་པ་རྣམས་བློ་གཏན་ལ་དབབ་ཅིང་གཟུ་བོར་གནས་པ་གལ་ཆེ་བར་སྣང་ངོ་། ༈ །བཞི་པ་སྒོམ་བསྐྱངས་པས་ས་ལམ་བགྲོད་ཚུལ་ནི། སྤྱིར་མཚན་ཉིད་ཐེག་པ་ནས་བཤད་པའི་ལམ་རིམ་ཅན་དུ་སྦྱངས་པ་སྣང་ཚུལ་ཡོན་ཏན་གྱི་ཁྱད་པར་དུ་བྱས་པ་དང་། འདིར་སྒོམ་གཉུག་མའི་ལམ་གཅིག་ཆོད་དུ་སྦྱངས་པ་རང་བཞིན་གྱི་ངོ་བོས་ཁྱད་པར་དུ་བྱས་པ་གཉིས་མཐར་ཐུག་ཏུ་འདྲ་ཡང་གནས་སྐབས་སུ་རྣམ་པ་མི་མཐུན་ལ། འོན་ཀྱང་ས་ཚོད་ལམ་ཚོད་བགྲོད་པའི་ཚུལ་ནི། དང་པོར་བྱིན་རླབས་ཀྱི་ལམ་ལ་ཞུགས་པ་ནས་སྒོམ་རྩེ་གཅིག་གི་ངོ་བོ་མཐོང་ཞིང་རྩལ་རྫོགས་པའི་བར་ལས་དང་པོ་པའི་ས་ཚོགས་ལམ་གྱི་སྐབས་དང་། སྒོམ་སྤྲོས་བྲལ་གསུམ་གྱི་བར་ནི་མོས་པས་སྤྱོད་པའི་ས་སྦྱོར་ལམ་གྱི་སྐབས་དང་། སྒོམ་རོ་གཅིག་གསུམ་དང་སྒོམ་མེད་ཆུང་འབྲིང་ནི་ས་དང་པོ་མཐོང་བའི་ལམ་དང་ས་གཉིས་པ་ནས་བཅུ་པའི་བར་གྱི་སྒོམ་ལམ་གྱི་སྐབས་ཅི་རིགས་དང་། སྒོམ་མེད་ཆེན་པོ་ནི་སངས་རྒྱས་ཀྱིས་མཐར་ཕྱིན་པའི་ལམ་དང་འབྱོར་རོ། །འཕྲལ་དུ་གནས་ལུགས་ཀྱི་རང་འགྲོས་སྐྱོངས་པ་ལས་རྒྱུའི་ཐེག་པ་ནས་བཤད་པའི་ལམ་མ་བསྒོམས་ཤིང་། དེ་ལ་བརྟེན་ནས་དེ་ལ་བཤད་པའི་ལམ་རྟགས་ཀྱང་མི་འོང་སྟེ། སྒོམ་མེད་ཆེན་པོའ་རྩལ་རྫོགས་དུས་སྣང་ཚུལ་གྱི་ཡོན་ཏན་ཐམས་ཅད་ཅིག་ཆར་ལྷུན་གྲུབ་ཏུ་འབྱུང་བར་བཞེད་པ་ཡིན་ལ། འོན་ཀྱང་གསང་སྔགས་ཐབས་ཀྱི་ལམ་དང་བསྲེས་ནས་བསྒོམས་ན་སྔགས་ཀྱི་ལམ་རྟགས་ཀྱི་རིམ་པ་འཆར་བར་བཤད་དོ། །སྒོམ་རྣལ་འབྱོར་བཞི་གསུམ་བཅུ་གཉིས་དང་མཚན་ཉིད་ཐེག་པའི་ས་ལམ་ཞིབ་ཆར་སྦྱར་བ་འགའ་རེ་སྣང་ཡང་ཞིབ་ཆར་གུངས་འགྲིགས་པ་དཀའ་བ་ཡིན་ནོ། །དེ་ལྟར་བྱིན་རླབས་
༣༩༥ཀྱི་ལམ་ངེས་དོན་ཕྱག་རྒྱ་ཆེན་པོའ་ཁྲིད་ཆེན་འདི་ཕལ་ཆེར་མྱོང་ཐོག་ནས་དྲངས་ཤིང་མྱོང་བ་མ་ཐོབ་པ་ལ་དག་ཀྱང་སྒྲུབ་བརྒྱུད་གོང་མ་རྣམས་ཀྱི་མན་ངག་ལ་བརྟེན་ནས་རྟོག་གེའི་བརྡ་དང་སྡེབ་སྦྱོར་གྱིས་མ་བཅིངས་པར་གོ་བདེར་བཤད་ཅིང་། རྒྱབ་རྟེན་གྱི་ལུང་སྦྱོར་ལ་སོགས་པའང་མང་བའི་འཇིགས་པས་འདིར་མ་བྲིས་ལ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །ཉམས་སུ་ལེན་པའི་ཚེ་རང་རང་གི་བློ་ཚོད་དང་བསྟུན་པའི་སྒོམ་ལུགས་གཟུ་བོར་གནས་པ་རང་ལ་དྲིན་ཆེ་བ་ཞིག་བྱ་སྟེ། འདིར་བཤད་པའི་ཚིག་རིས་ཀྱི་གོ་བ་ཁྱེར་ནས་དྲེད་པོ་ཁའི་ལྟ་བ་མཐོན་པོ་ཆོས་རྒྱུས་མཁན་ཉམས་ལེན་ལ་མྱོང་བ་མ་ཐོན་པ་གཏན་མི་བྱ་བ་གལ་ཆེའོ། ༈ །འདིར་སྨྲས་པ། གྲུབ་པའི་སྐྱེས་མཆོག་རྣམས་ཀྱི་རྡོ་རྗེའི་གསུང་། །སྙིགས་དུས་བྱིས་པའི་བློ་ལ་འཁྲུགས་པར་གྱུར། །ཕྱོགས་ཙམ་གསལ་བའི་ཁྲིད་གཞུང་ཉུང་ཟབ་རྣམས། །མྱོང་བ་སྐྱེས་ཚེ་འདི་བྱའི་ཕུགས་ཐེབས་བྲལ། །ཐོས་སྟོབས་སྔོན་སྦྱངས་ལྡན་པ་མ་གཏོགས་པས། །མན་ངག་འཐོར་བ་བསྒྲིག་པར་ཤེས་པ་ཉུང་། །དེ་ཕྱིར་ལམ་རིམ་གསལ་བའི་ཁྲིད་གཞུང་འདི། །རྣལ་འབྱོར་བདག་གི་བླ་མེད་མཆོད་སྦྱིན་ཡིན། །སྒྲུབ་བརྒྱུད་འཛིན་པའི་རྩ་བརྒྱུད་བླ་མ་ལ། །བྱིན་རླབས་རྟོགས་པ་སྩོལ་བའི་མཎྜལ་མཛོད། །རྟོགས་པ་མངོན་དུ་གྱུར་པའི་སྒོམ་ཆེན་ལ། །གསལ་འདེབས་ཡིད་ཆེས་བསྐྱེད་པའི་མཆོད་པ་མཛོད། །ཉམས་རྟོགས་མྱུ་གུ་རྒྱས་པའི་སྒོམ་ཆུང་ལ། །ཐེ་ཚོམ་གཅོད་པའི་ངེས་ཤེས་དགའ་སྟོན་མཛད། །མྱོང་ཞེན་ཅན་གྱི་བརྩོན་ལྡན་སྒོམ་ཕྲུག་ལ། །ལྟ་ལོག་སྒོམ་སྐྱོན་སེལ་བའི་སྦྱིན་གཏོང་མཛོད། །མྱོང་བྲལ་ཐོས་ལོ་བསགས་པའི་བྱ་བྲལ་ལ། །གནས་ལུགས་ཡོན་ཏན་ཐོབ་པའི་ཕ་འབབས་མཛོད། །མ་རྟོགས་ལོག་ལྟའི་སྐྱོན་གྱི་ཉེས་ཚོགས་རྣམས། །དམ་པ་རྣམས་ལ་ཀུན་ཏུ་བཤགས་པར་བགྱི། །འདི་ཡི་དགེ་བས་བདག་དང་འགྲོ་བ་ཀུན། །ཕྱག་
༣༩༦ཆེན་རྟོགས་པ་མྱུར་དུ་མཐར་ཕྱིན་ཤོག །ཅེས་པ་ཡང་སློབ་བུ་སྒོམ་ཆེན་འགའ་ཞིག་གིས་ཕྱག་ཆེན་ཁྲིད་ཡིག་ཕུགས་ཐབས་ཆེ་བ་ཞིག་བྱས་ན་ཞེས་བསྐུལ་བ་ལ་བརྟེན་ནས་སྒམ་པོ་པ་མངྒ་ལའི་མིང་ཅན་གྱིས་ལུག་ལོ་ཟླ་བ་བཞི་པའི་དཀར་ཕྱོགས་ལ་གདན་ས་ཆེན་པོ་དཔལ་དྭགས་ལ་སྒམ་པོའ་སྒྲུབ་སྡེར་སྦྱར་བའི་ཡི་གེ་པ་ནི་བཀྲ་ཤིས་དོན་གྲུབ་ཅེས་བྱ་བས་བགྱིས་པ་སྟེ། འདིས་ཀྱང་འགྲོ་བ་མཐའ་དག་ལ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

༄༅། །དྭགས་པོ་རིན་པོ་ཆེའི་ཆོས་བཞི་མདོར་བསྡུས་པ་བཞུགས་སོ༎

༣༩༧ དྭགས་པོ་རིན་པོ་ཆེའི་ཆོས་བཞི་མདོར་བསྡུས་པ་བཞུགས་སོ། །
༣༩༨ ན་མོ་གུ་རུ། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཞིག་དགོས་གསུང་། དེ་ཡང་ཆོས་ཆོས་སུ་འགྲོ་བ་ལ། ཕྱི་ནང་གཉིས་ཀྱི་མི་རྟག་པ་མང་དུ་བསྒོམས་ནས། རྫས། ཡོ་བྱད། ཉེ་བ། འབྲེལ་པ་ཐམས་ཅད་ཤུལ་དུ་བཞག་ནས། རང་གཅིག་པུ་གཤེད་འགྲོ་དགོས། དེ་ཙ་ན་ཆོས་མིན་པ་ཅིས་ཀྱང་མི་སྟོངས་པར་འདུག་སྙམ་ནས། ཅི་ཡང་བྱར་མེད་ཀྱི་བློ་ཞིག་མ་སྐྱེས་པར་ཆོས་ཆོས་སུ་འགྲོ་བ་མི་འོང་། འཆི་བ་དེ་ཡང་ནམ་འོང་ཆ་མེད། སང་ཕོད་ད་ཙམ་གྱི་དབང་མེད། དེ་བས་ཟླ་བ་ཕྱི་མ་དེ་ཙམ་གྱི་དབང་ཡང་བྱར་མེད་སྙམ་ནས། འཆི་ཙ་ན། རང་རིག་པའི་ཡེ་ཤེས་དེ། ལས་དགེ་སྡིག་འབའ་ཞིག་དང་འགྲོགས་པ་ཡིན་ལ། ལས་མ་བྱས་པ་འཕྲད་མི་སྲིད། བྱས་པ་ཆུད་ཟ་མི་སྲིད་པ་ཡིན། ལས་མི་དགེ་བས། ངན་སོང་རྣམ་པ་གསུམ་དུ་སྐྱེས་ན། སྡུག་བསྔལ་ཅི་ཙམ་ཡོད་པ། དྲག་ཤོས་ལྷ་མི་གཉིས་ཡིན་ཏེ། དེ་ལ་ཡང་། སྐྱེ་བ། རྒ་བ། འཆི་བ། མེད་པ་ཚོལ་བ། ཡོད་པ་བསྲུང་བ། དགྲ་སྡང་བ་དང་ཕྲད་པ། གཉེན་བྱམས་པ་དང་བྲལ་བའི་སྡུག་བསྔལ་ལྷ་ལ་ཡང་འཆི་
༣༩༩འཕོའ་སྡུག་བསྔལ་མནར་མེད་པ་ལས་བཅུ་དྲུག་འགྱུར་གྱིས་ཆེ་བ་ཡོད། རིགས་དྲུག་གར་སྐྱེས་ཀྱང་། སྡུག་བསྔལ་འབའ་ཞིག་ཏུ་འདུག་སྙམ་ནས། ཡིད་འབྱུང་བ་ཚད་དུ་སྐྱེལ་བ་ཞིག་མ་བྱུང་གི་རིང་ལ། ཆོས་ཆོས་སུ་འགྲོ་བ་མི་འོང་། ཆོས་ལམ་དུ་འགྲོ་བ་ལ། བྱམས་སྙིང་རྗེ་བདག་པས་གཞན་གཅེས་གྱི་བློ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས། དེའི་སྟེང་དུ། ཕྱི་ནང་གི་ཆོས་ཐམས་ཅད་རྟེན་འབྲེལ་ཚོགས་པའི་སྣང་བ། རྨི་ལམ་སྒྱུ་མ་ལྟ་བུར་གོ་ན། གདོད་ཆོས་ལམ་དུ་འགྲོ་བ་ཡིན། དེ་ལྟར་གོ་ནས་ལམ་འཁྲུལ་པ་སེལ་བྱ་བ་ཡིན་ཏེ། དང་པོ་མི་རྟག་པ་བསྒོམས་པས་ཚེ་འདི་ལ་ཞེན་པའི་འཁྲུལ་པ་སེལ། ལས་འབྲས་བསྒོམས་པས། ལྟ་བ་ངན་པའི་འཁྲུལ་པ་སེལ། འཁོར་བའི་ཉེས་དམིགས་བསྒོམས་པས། འཁོར་བ་ལ་ཆགས་པའི་འཁྲུལ་པ་སེལ། བྱམས་སྙིང་རྗེ་བསྒོམས་པས། ཐེག་དམན་གྱི་འཁྲུལ་པ་སེལ། རྨི་ལམ་སྒྱུ་མ་ལྟ་བུར་བསྒོམས་པས། དངོས་པོར་འཛིན་པའི་འཁྲུལ་པ་སེལ། ལར་ན་གོང་མ་གོང་མས། འོག་མ་འོག་མའི་འཁྲུལ་པ་སེལ་གསུངས། དེ་ནས་འཁྲུལ་པ་ཡེ་ཤེས་སུ་འཆར་བ་བྱ་བ་ཡིན་ཏེ། དོན་དམ་པར་
༤༠༠ཆེས་ཐམས་ཅད་སྐྱེ་འགག་དང་བྲལ་བར་བསྒོམས་པའི་སྟོབས་ཀྱིས། ཅིར་སྣང་ཅིར་རྟོག་ཐམས་ཅད་རང་གི་ངོ་བོར་ཆོད་ཙ་ན། འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཡིན་གསུངས་སོ། །ཞེས་རྗེ་དྭགས་པོ་རིན་པོ་ཆེའི་བཀའ་འབུམ་ལས་བྱུང་བའོ། །མངྒ་ལཾ།། །།

༄༅། །སྒམ་པོ་པ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པ་སྒྲུབ་པའི་ཞལ་བསྐོས་བཞུགས་སོ། །

༤༠༡ སྒམ་པོ་པ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པ་སྒྲུབ་པའི་ཞལ་བསྐོས་བཞུགས་སོ། །
༤༠༢ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་དགེ་སྦྱོར་ཉམས་སུ་ལེན་ལུགས་ཀྱི་སྒྲིག་རིམ་ནི། ཐོག་མར་གཉིད་སད་མ་ཐག་ངོ་ཐོག་གི་དྲན་རིག་ངོས་བཟུང་ནས་དར་ཅིག་དེ་ཀའི་ངང་ལ་སྐྱོང་བ་འདི་ཉིན་མོ་དགེ་སྦྱོར་གྱི་རྩིས་ཟིན་ཐབས་དང་ཕུག་འཁོར་ཡུག་ཏུ་འགྲོ་བ་ལ་ཕན་པའི་གནད་ཆེ་ཤོས་ཤིག་ཡིན། དེ་ནས་ལེ་ལོ་བཟློག་ཕྱིར་མི་རྟག་པ་ལ་སོགས་བསྒོམ་ནས་ངེས་འབྱུང་བསྐྱེད་ལ། སྐྱབས་འགྲོ། ཚོགས་གསོག །སྒྲིབ་སྦྱང་། བླ་མའི་རྣལ་འབྱོར་རྣམས་འདུན་པ་དྲག་པོས་བྱ། དེ་ནས་རླུང་རོ་བསལ་ཏེ་རླུང་ཁ་སྦྱོར་ཅི་རིགས་འཛིན་པ་དང་། རྟོག་མེད་དུ་འཇོག་པ་ཡུན་རིང་ཐུང་སྐབས་དང་སྦྱར་ལ་བྱ། དེ་ནས་སྟོང་ར་དང་རྩ་གསུམ་འཁོར་ལོ་བཞི་གསལ་བཏབ་ནས་གཏུམ་མོའ་མེ་ཆུང་བསྐྱེད་ལ་བརྟེན་ནས་རླུང་སྦྱོར་བ་བཞི་ལྡན་ཅི་རིགས་དང་། འབར་འཛག་གི་ཉམས་བསྐྱང་སྤྲོ་ནའང་ཅུང་ཟད་བསྐྱངས་པའི་མཐར། རྩ་རླུང་ཐིག་ལེ་སོགས་དམིགས་བཅས་ཀྱི་རིམ་པ་ཅི་ཡང་མི་བསྒོམ་པར་འཇམ་རླུང་བུམ་ཅན་འཛིན་པ་དང་། སེམས་ཀྱི་ངོ་བོ་ཅིར་ཡང་གྲུབ་པ་མེད་ཅིང་ཅིར་ཡང་མཐོང་བ་མེད་པ་ནམ་མཁའ་བར་སྣང་ལྟ་བུའི་ངང་ལ་འཇོག་པ་གཉིས་ཕྱོགས་གཅིག་
༤༠༣ཏུ་སྐྱོང་བ་འདིས་ཐུན་གྱི་དངོས་གཞི་བྱེད་དགོས་རྒྱུ་ཡིན། དེ་ལྟ་བུའི་ཉམས་སྐྱོང་མི་བདེ་བར་ཕྱིའི་ཡུལ་སྣང་དང་རྣམ་རྟོག་གི་འཆར་སྒོ་རྒོད་ན། འཆར་སྒོ་བཀག་པས་མི་ཁེགས་ཀྱང་འཆར་སྒོའི་རྗེས་སུ་འབྲངས་ནས་ཨ་འཐས་སུ་འཁྲུལ་བཅུག་ན་མི་འོང་བས། ཞེ་འདོད་ཧ་ཅང་གི་ཏུར་པོ་རང་མིན་ཙམ་གྱི་དྲན་པ་རྒྱ་གང་ཆེ་བསྐྱེད། ཞེ་འདོད་འཚངས་པའི་དགག་སྒྲུབ་རུང་པོ་མི་བྱེད་པར། རིག་པ་མ་ཡེངས་པའི་དྲན་པ་ཕྲ་མོའ་བྱར་མ་ཤོར་ཙམ་དུ་གཞན་པའི་ཞེ་འདོད་མེད་པ། དམིགས་པ་མེད་པ། འདུ་ཤེས་མེད་པ། བསྒོམ་རྒྱུ་མེད་པ། བློ་རྩེ་གཏད་སོ་ཅི་ཡང་མེད་པའི་རྒྱུན་སྐྱོང་། གནད་དྲིལ་ན་མ་ཡེངས་ཙམ་གྱི་ངང་ནས་མི་སྒོམ་པའི་རྒྱུན་བསྲིང་བ་ལ་སྒོམ་སྐྱོང་བའི་མིང་བཏགས་པ་མ་གཏོགས་དོན་ལ་ཅི་ཡང་ཡིད་ལ་མི་བྱེད་པར་དེ་ཀར་སྡོད་པ་གཅིག་ཡིན། དོན་འདི་ཐུན་དངོས་གཞི་དང་ཐུན་མཚམས་ཐམས་ཅད་དུ་སྒོམ་ཞིབ་མོར་དྲན་མཁས་ན་སྒོམ་མཁས་དྲན་པ་འདི་མ་ཤོར་ན་གླུ་ལེན་བྲོ་བརྡུང་བྱས་ཀྱང་མཉམ་བཞག་གི་ངང་ཡིན། དྲན་པ་འདི་ཤོར་ན་མལ་སར་ལུས་གནད་དང་ལྟ་སྟངས་བྱས་རླུང་བཟུང་ནའང་རྗེས་ཤེས་ཅི་རིགས་སུ་ཤར་བ་མ་
༤༠༤གཏོགས་མཉམ་བཞག་མིན། ཡང་དྲན་པ་དེ་རྙེད་ན་དེ་མ་ཐག་ཅི་སྣང་ཅི་ཤར་རྗེས་ཐོབ་ཏུ་འགྱུར་བས་སྒོམ་གྱི་གོ་ཆོད་རྒྱུ་ཡིན་པས་གནད་འདི་གོ་བ་གལ་གྱི་ཆེ་ཤོས་ཡིན། དེ་ནས་ཐུན་མཚམས་ལ་འཇུག་པའི་ཐོག་མར་ཡན་ལག་ལྔ་སྦྱོར་དང་ནཱ་རོ་དྲུག་སྐོར་གྱི་འཁྲུལ་འཁོར་ལ་ཅི་ནུས་འབད་ནས་ལུས་ཀྱི་འབྱུང་བཞི་འདུ་བ་ཆ་སྙོམས། དེ་ལ་བརྟེན་ནས་སེམས་དངས་སྙིགས་ཕྱེད། དགེ་སྦྱོར་གྱི་ཉམས་སྐྱོང་བདེ་བའི་ཁྱད་པར་ཤིན་ཏུ་ཆེ། དེ་ནས་ཆུ་སྦྱིན་དང་། སུ་རཱུ་པའི་གཏོར་མ་བཏང་ལ། ལྟོ་གཡོ་བ་སོགས་ཅི་རིགས་ལ་འཇུག་པའམ། གཏོར་མ་བརྒྱ་རྩ་ཚ་གོང་དུ་གཏོང་བར་འདོད་ཀྱང་གཏོང་། དེ་ནས་དཀོན་མཆོག་རྗེས་དྲན་དང་བཟའ་བཏུང་བྱིན་རླབས་ཅི་རིགས་པས་ནས། ཟས་ཀྱི་རྣལ་འབྱོར་ལ་ལོངས་སྤྱོད་པ་དང་། ཡོན་སྦྱོང་བའི་སྔགས་དང་སྨོན་ལམ་བྱ་ཞིང་བདུད་ཟློག་དང་སྨོན་ལམ་གྱི་རིགས་གང་ལ་གང་འོས་བྱའོ། །དེ་ནས་ཐུན་མཚམས་རྣམས་སུ་ཆོས་སྤྱོད་བཅུ་སོགས་དགེ་བའི་ལས་ཅི་འགྲུབ་ལ་འབད་ཅིང་། ཅི་སྣང་ཅི་ཤར་ཐམས་ཅད་འཁྲུལ་སྣང་དང་། འཁྲུལ་སྣང་ཡང་དོན་ལ་གྲུབ་པ་མེད་པ། རྨི་ལམ་དང་སྒྱུ་མའི་བཀོད་པ་ལྟ་བུ་བདེན་མིན་བརྫུན་མིན་དུ་ཐག་བཅད་ལ། སྡིག་ལས་དང་ཚུལ་མིན་དུ་མ་སོང་བའི་གཉེན་པོ་ཡང་ཡང་འཛིན་པ་ལ་འབད་དོ། །དགོང་ཐུན་གྱི་སྐབས་སུ་གཞན་ཐམས་ཅད་འདྲ་བ་ལ། ཡི་དམ་གྱི་བདག་བསྐྱེད་ཅུང་ཟད་རྒྱས་པ་རེ་སྒོམ་པ་དང་། བཟླས་པ་ཅི་རིགས་བྱ་ཞིང་གསང་སྔགས་སྤྱི་གཏོར་འབུལ། གཞན་ཡང་ཡི་དམ་དང་ཆོས་སྐྱོང་ལ་སྒེར་གྱི་གཏོར་མ་ཀྱང་འབུལ། ཚོགས་གསོག་དང་མཆོད་གཏོར་ཐམས་ཅད་ཀྱི་སྐབས་སུ་དམིགས་པ་རྒྱ་ཆེ་ཞིང་རྣམ་པ་གསལ་བ་དང་། འདོད་དོན་གྱི་ཕྲིན་ལས་བཅོལ་བ་ཞེ་འདོད་ཀྱི་འདུན་པ་དྲག་པོས་གསོལ་བ་འདེབས་ཤིང་ཕྲིན་ལས་འཆོལ་བ་ཡིན། དེ་ནས་སྲོད་ཐུན་གྱི་མཇུག་ཏུ་ཀུ་སུ་ལུའི་མཆོད་སྦྱིན་གྱི་དམིགས་པ་སྐྱོང་བ་བྱུང་ན་དཀོར་དང་ཉམས་ཆགས་དང་ལན་ཆགས་སྦྱོང་བ་ལ་གཞན་
༤༠༥ཅི་ལས་ཀྱང་ནུས་པ་ཆེ་བར་བཤད་འདུག །དེ་ནས་གཉིད་ཉལ་ཁར་རྨི་ལམ་ཅི་ཤར་ཡང་འཁྲུལ་འབྱམས་སུ་མ་ཤོར་བར་རྨི་ལམ་རྨི་ལམ་དུ་ངོ་ཤེས་པར་བྱེད་སྙམས་པའི་དྲན་པ་ཤུགས་ཅན་བསྐྱེད་ནས་ལུས་ཀྱི་བྱང་ཁོག་གི་ནང་སྙིང་དཀྱིལ་ལྟ་བུའི་ཐད་དུ་ངོ་བོ་བླ་མ་ཡིན་པ་ལ། རྣམ་པ་ཐིག་ལེ་དཀར་པོ་ཉུངས་འབྲུ་ཙམ་མམ་སྲན་མ་ཙམ་ཅི་རིགས་ཤེལ་གྱི་རིལ་བུ་ལྟར་དྭངས་ཤིང་གསལ་བའི་འོད་ཀྱིས་ལུས་ཀྱི་ནང་དང་། སྒྲུབ་ཁང་གི་ནང་དང་ཕྱིའི་ཡུལ་ཁམས་གསལ་ནུས་པ་ཙམ་གྱི་ཐིག་ལེ་དེ་ལ་དམིགས་རྟེན་བྱས་ནས་ཉལ་ན་ཉམས་ཀྱི་འོད་གསལ་དང་གཉིད་ཀྱི་སྐབས་སུ་ངོ་ཐོག་གི་དགེ་སྦྱོར་སྐབས་རེ་ཟིན་པའི་གནད་ཆེན་པོ་འབྱུང་བར་བཤད་པས་དེ་ལྟར་དུ་ཉལ། གཉིད་སད་རེས་ཀྱི་རྨི་ལམ་ངོས་ཟིན་མ་ཟིན་དང་དགེ་སྦྱོར་གྱིས་ཟིན་མ་ཟིན་བལྟ་ཞིང་ཡང་གཉིད་སྲབ་མོ་བྱས་ནས་ཉལ། དེ་ལྟ་བུ་ཡང་ཡང་བྱས་པས་གཉིད་དང་རྨི་ལམ་དུ་དགེ་སྦྱོར་ཁྲིད་པ་ལ་ཕན་ཆེན་པོ་ཐོགས་པ་ཡིན་ནོ། །སྤྱིར་གྱི་དགེ་སྦྱོར་བྱེད་པའི་མཚམས་ལ་སྡོད་དུས་དཀོར་ཟས་དང་སྒྲིབ་ཅན་གྱི་བཟའ་བཏུང་ཐམས་ཅད་རྟོག་པ་ཞིབ་མོས་དཔྱད་ལ་སྤང་། རང་ཟས་ཀྱང་ཟ་ཚོད་འཐུང་ཚོད་ཚད་ལ་ཕབ་པའི་སྒྲིག་ལམ་བཅུར་ན་དགེ་སྦྱོར་ལ་སྤྱོད་བདེ་མི་བདེ་དང་། འཕེལ་འགྲིབ་དང་ལྷ་རེས་འདྲེ་རེས་ཀྱིས་སེམས་བཀོལ་དུ་བཏུབ་མི་བཏུབ་ཁྱད་ཆེན་པོ་འབྱུང་བས་རྣམ་པ་ཀུན་ཏུ་མི་དགེ་བཅུ་སྤོང་བའི་ཚུལ་ཁྲིམས་བསྲུང་བ། དབང་པོའ་སྒོ་སྡོམ་པ། བཟའ་བཏུང་གི་ཚོད་འཛིན་པ། སྲོད་ཐོ་རངས་དང་ཉིན་པར་མི་ཉལ་བ་ལ་བསླབ་པ་རྣམས་ཀྱང་རེ་རེ་ལ་གལ་ཆེ་ཞིང་། མཚམས་གཅོད་ལུགས་ཀྱང་དང་པོར་ཞག་གྲངས་དང་ཟླ་གྲངས་ཉུང་ངེ་བ་ཞིག་སྒུས་དག་པར་བྱ། རྗེས་སོར་དེ་ལས་ཞག་གྲངས་མང་དུ་བཏང་ནས་བར་ཆད་ཀྱི་དབང་དུ་མ་སོང་བར་བྱ་དགོས། མཚམས་བཅད་རྒྱ་སྔ་མ་དེ་ལ་མ་གཟབས་པར་བར་ཆད་ཀྱི་དབང་དུ་བཏང་ན་རྟེན་འབྲེལ་འཆུག་ནས་ཕྱིས་ཀྱང་དེ་འདྲ་ཞིག་ལ་བློ་ངན་ཡང་
༤༠༦དང་དྲེད་པོར་འགྲོ་བར་འདུག་པས་མཚམས་བཅད་རྒྱ་ཞག་གྲངས་མང་རུང་ཉུང་རུང་སྔ་མ་རང་ལ་སྟབས་གཟབས་ཤིང་། གཟའ་སྐར་ཚེས་གྲངས་བཟང་བ་ལ་འཇུག །ཞག་གྲངས་ཁ་ཤས་ལ་མཚམས་དམ་པར་བཙན་ཐབས་སུ་མ་ཞུགས་པར་ཞག་རེ་བཞིན་དམ་དུ་དམ་དུ་གཏོང་། དགེ་སྦྱོར་གྱི་ཐུན་ཀྱང་ཞག་རེ་བཞིན་ཡུན་རིང་དུ་གཏོང་། ཡང་མཚམས་གྲོལ་བའི་སྐབས་སུ་བཙན་གྲོལ་དང་དགེ་སྦྱོར་གྱི་སྒྲིག་བཙན་འཇོག་མི་བྱེད་པར་ཇེ་ལྷོད་ཇེ་ལྷོད་དུ་བཏང་ནས། ཐོག་མར་རང་གི་གྲོགས་མཆེད། དེ་ནས་སྤྱིལ་བུའི་སྐོར་དུ་འགྲོ་བ་དང་། དེ་ནས་དགོན་གསེབ་དང་། དེ་ནས་ཡུལ་འཁོར་དུ་རིམ་པས་འགྲོ་དགོས་པ་ཡིན། མཚམས་བཙན་སྡོམ་དང་བཙན་གྲོལ་བྱས་ན་བར་ཆད་འཇུག་པ་ལ་ཚེགས་ཆེན་པོ་མི་དགོས་པར་བཤད་པས། དེ་བཞིན་གོ་བར་བྱས་ན་ལག་ལེན་དུ་འགེལ་ཅི་ཐུབ་བྱེད་པ་གལ་ཆེ། མངྒ་ལཾ།། །།

༄༅། སེམས་ཁྲིད་ཡིད་བཞིན་ནོར་བུའི་ལོ་རྒྱུས་བཞུགས་སོ༎

༤༠༧སེམས་ཁྲིད་ཡིད་བཞིན་ནོར་བུའི་ལོ་རྒྱུས་བཞུགས་སོ། །
༤༠༨ན་མོ་གུ་རུ། བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ལུས་མེད་མཁའ་འགྲོ་མ་ལ་བཟོད་པར་གསོལ། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །ལུས་མེད་མཁའ་འགྲོ་མ་ལ་བཟོད་པར་གསོལ། །ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད། །ལུས་མེད་མཁའ་འགྲོ་མ་ལ་བཟོད་པར་གསོལ། །སྙན་རྒྱུད་ཡི་གེ་མེད་པ་ལ། །བདག་གིས་ཡི་གེར་བྲིས་པ་འདི། །ལུས་མེད་མཁའ་འགྲོ་ཁྱེད་ལ་བཟོད་པར་གསོལ། །བདག་ཤེས་རབ་ཆུང་བ་མ་ལགས་ཀྱང་། །སྙིགས་མར་ཕན་ཕྱིར་ཡི་གེར་བྲིས། །བསྒོམ་ལོང་མེད་པར་སངས་རྒྱས་པའི། །གདམས་ངག་འདི་ཡི་ལོ་རྒྱུས་ནི། །ཏེ་ལོ་སངས་རྒྱས་འགྲོ་བའི་མགོན། །ཕོ་དེ་བདེ་མཆོག་དངོས་སུ་བྱོན། །ཤིང་ཤ་བའི་སྡོང་པོའ་རྩ་ན་བཞུགས་པའི་དུས་སུ། །མཁའ་འགྲོ་མའི་ལུང་བསྟན་བྱུང་སྟེ། །ནུབ་ཕྱོགས་ཨོ་རྒྱན་ནས། །ཡིད་བཞིན་ནོར་བུ་རྣམ་གསུམ་དང་། །ལུས་མེད་མཁའ་འགྲོའི་ཆོས་སྐོར་རྣམས་ལོན་ནས། །ནམ་མཁའ་ལ་འཕུར་ནས་གཙུག་གི་ནོར་བུའི་དགོན་པར་བྱོན་ནས། །ནཱ་རོ་རི་རི་ཀ་སོ་རི་ལ་སོགས་པའི་གྲུབ་ཆེན་རྣམས་ལ། །ཐབས་དང་བརྡའི་སྒོ་ནས་སྙན་བརྒྱུད་ཀྱི་གདམས་ངག་གནང་བས་
༤༠༩བརྡ་དང་དོན་གོ་བས། །ཆོས་ཕྱིར་སྲོག་འདོར་ནུས་པ་བྱུང་སྟེ། །བླ་མ་ཤིན་ཏུ་མཉེས་ཡོད་རྩ་ན་ཉིན་གཅིག་བྱེ་ངོས་ཤིག་ན། །མེའི་འོབས་རྒྱ་ཆེ་ལ་གཏིང་རིང་བ་གཅིག་འདུག་སྟེ། །དེའི་ནང་ན་མི་ཤིན་ཏུ་མང་བ་གྲངས་ཀྱིས་མི་ཆོད་པ་འདུག་པ་ལ། །མི་ལོང་བ་བརྒྱའི་ནང་ན་མ་ལོང་བ་རེ་རེ་ཙམ་འདུག་པ་ལ། །བུད་མེད་མི་སྡུག་པ་ཅིག་ག་ནས་བྱུང་ཆ་མེད་པར་བྱུང་ནས། །མི་མིག་ཡོད་པ་དེ་ཚོ་ལ་ལག་པ་གཡུག་སྟེ། ལག་པས་ལ་ཁ་ཡར་ཅི་སྟེང་དུ་ཐོན་སོང་། ཁ་ཡར་སྟེང་དུ་ཐོན་པའི་གྲབས་འཇུག་གིན་འདུག །བཤད་པ་པ་རེ་བུ་རེ་མང་པོ་གཏོང་ཡིན་འདུག་ཀྱང་དམུས་ལོང་རྣམས་ཀྱིས་མ་གོ་།དེར་མེ་འོབས་ནང་གི་མི་དེ་རྣམས་ལ་སྡུག་བསྔལ་དཔག་ཏུ་མེད་པ་འདུག་པས་བླ་མས་བུད་མེད་དེ་ལ་མི་རྣམས་མི་འདོན་པ་ཅི་ཡིན་བྱས་པས། བུད་མེད་དེ་ན་རེ། མི་དེ་ཚོ་མི་འདོན་པ་དེ་ཁྱོད་ཡིན་མོད་ཟེར་ནས་མོ་ཁྲོས་བསྡད་འདུག་པས། །བླ་མའི་ཐུགས་དགོངས་ལ་འདི་ཚོ་བརྡ་རུ་འདུག་སྙམ་སྟེ། །འོབས་དེ་ཕྱི་སྣོད་ཀྱི་འཇིག་རྟེན་དུ་གོ་།མི་དེ་ཚོ་ནང་བཅུད་ཀྱི་སེམས་ཅན་དུ་གོ་།འོབས་ནང་ཐམས་ཅད་མེས་ཁེབས་པ་དེ་འཁོར་
༤༡༠བའི་སྡུག་བསྔལ་དུ་གོ་།མི་མིག་མ་ལོང་བ་དེ་ཚོ་སྐལ་ལྡན་སྦྱངས་པ་སྔོན་དུ་སོང་བ་རྣམས་སུ་གོ །མིག་ལོང་བ་དེ་ཚོ་སྦྱངས་པ་སྔོན་དུ་མ་སོང་བ་ཆོས་ཀྱི་བག་ཆགས་མེད་པ་དམུས་ལོང་ལྟ་བུར་གོ །མིག་ཡོད་པ་རྣམས་ལ་བུད་མེད་དེས་མཛུབ་གཡུགས་བྱེད་པ་དེ་དང་རང་གི་བརྡ་ཆོས་སུ་གོ །མཛུབ་གཡུག་བྱས་ཀྱང་མི་མཐོང་བ་དེ་ཚོ་སྦྱངས་པ་སྔོན་དུ་མ་སོང་བ་དམུས་ལོང་ལྟ་བུར་གོ །མཛུབ་གཡུག་བྱས་པས་མཐོང་ལ་སྟེང་དུ་ཐོན་པ་དེ་ཚོ་ང་རང་གི་སློབ་མ་གྲུབ་ཆེན་རྣམས་སུ་གོ །མཛུབ་གཡུག་བྱས་ནས་ད་དུང་འདོན་པའི་གྲབས་བྱས་ཀྱིན་འདུག་པ་དེ་ཆོ། སྐལ་ལྡན་མ་ལུས་འདྲེན་པའི་རྟགས་སུ་གོ །འོབས་ནང་གི་མི་ལོང་བ་དེ་ཚོའ་གསེབ་ནས་ཕལ་ཆེ་བ་ཞིག་བུད་མེད་དེ་ལ་རྒྱབ་བརྟེན་འདུག་སྟེ། དེ་ཚོ་སྐལ་མེད་ལོག་ལྟ་མཁན་དུ་གོ །ལར་བློ་དམན་པ་དམུས་ལོང་ལྟ་བུ་ཚོས་བརྡ་ཆོས་དང་བཤད་ཆོས་ཚོ་མི་གོ་སྟེ། བླ་མས་བུད་མེད་དེ་ལ་བརྡ་དང་བཤད་པ་ལ་མ་བརྟེན་པའི་དམུས་ལོང་ལྟ་བུ་ལ། རྟོགས་པ་འཆར་བའི་གདམས་ངག་ཡོད་དམ་བྱས་པས། བུད་མེད་དེ་ན་རེ། ང་ལ་མེད་དེ། དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ་གྱུར་མ་ཆོས་ཀྱི་བདག་མོ་ཁོང་ལ་ཡོད་དེ། དམུས་ལོང་དེ་ཁང་ཐོག་ཏུ་འདྲེན་པ། སྐལ་ལྡན་ལྟ་བུའི་གདམས་ངག་སེམས་ཅན་སངས་རྒྱས་སུ་བཙན་ཐབས་སུ་འདྲོང་བ། རྒོད་པོ་ཚང་བསྙག་པ་ལྟ་བུའི་གདམས་ངག་ཡོད་པས་ཤིང་ཤ་པའི་སྡོང་པོའ་རྩར་ཕྱིན་ནས། མཎྜལ་ཕུལ་ཞིང་གསོལ་བ་བཏབ་ན་གནང་བར་ངེས་ཟེར་ནས་མི་སྣང་བར་ཡལ་སོང་བ་དང་། བླ་མས་ཤིང་ཤ་བའི་རྩར་ཕྱིན་ཏེ་མཎྜལ་ཕུལ་གསོལ་བ་བཏབ་པའི་དུས་སུ། ནུབ་ཅིག་ནམ་མཁའི་མཐོང་ཐམས་ཅད་འཇའ་དང་འོད་ཀྱིས་ཁེངས་མཆོད་པ་དཔག་ཏུ་མེད་པ་ཕུལ་བ་དང་། རོལ་མོའ་སྒྲ་སྣ་ཚོགས་པ་འཁྲོལ་ཞིང་འདུག་པ་གཟིགས། དེའི་དུས་སུ་ནམ་མཁའི་མཐོང་ན་མར་ལ་ལུས་མེད་པའི་བུ་མོ་ལོ་བཅུ་དྲུག་ཙམ་གཅིག་གིས་སྐད་བྱུང་སྟེ། ཀྱེ་ཀྱེ་ཏཻ་ལོ་
༤༡༡སངས་རྒྱས་འགྲོ་བའི་མགོན། །སེམས་ཅན་དམུས་ལོང་མ་ལུས་པ། །ཐར་པའི་ལམ་ལ་འདི་ལྟར་ཁྲིད། །གསུངས་ནས། སེམས་ཁྲིད་ཡིད་བཞིན་ནོར་བུ་དང་། །འཕོ་བ་དོན་གྱི་གྲོང་འཇུག་གནང་། །འདི་ལས་ཟབ་པའི་ཆོས་མེད་པས། །ཁྱོད་ནས་བརྒྱུད་པ་བཞི་ཡི་བར། །ཕྱོགས་ཕྱོགས་རྣམས་སུ་གཅིག་བརྒྱུད་བྱ། །དེ་རྗེས་ཁ་བ་ཅན་གྱི་བྱང་ཕྱོགས་སུ། །བྱང་ཆུབ་སེམས་དཔའ་འཚོ་བྱེད་གཞོན་ནུ་འབྱུང་། །དེ་ནས་སྐལ་ལྡན་དད་ལྡན་རྣམས་ལ་སྤེལ། །ཆོས་བདག་བདེ་སྟེར་མ་ཡིས་བྱེད། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །དེ་དོན་གོ་བ་ཀུན་ལ་གཅེས། །གསུངས་ཏེ། མཁའ་འགྲོའི་ལུས་མི་གསལ་ཡང་། འཇའ་འོད་རོལ་མོའ་སྒྲ་རྣམས་ཨོ་རྒྱན་གྱི་ཕྱོགས་སུ་གཤེགས་སོ། །དེ་ནས་བླ་མ་གཙུག་གི་ནོར་བུའི་དགོན་པར་བྱོན། །ནཱ་རོ་པ་ལ་གདམས་ངག་འདིའི་བཀའ་གཏད་པ་ཙམ་གྱིས་དོན་དམ་པ་ཞིག་གོ་སྟེ། སེམས་ཀྱི་སྤྲོས་པ་དེར་ཆོད་དོ། །བླ་མས་མར་པ་མི་ལ། སྒམ་པོ་པ་རྣམས་སྣོད་ལྡན་དུ་ལུང་བསྟན། དེ་ནས་བྱང་ཆུབ་སེམས་དཔའི་བརྒྱུད་པ་ཟ་བམ་ཚགས་སུ་འོང་བར་མཁྱེན་ཏེ། དགྱེས་པའི་ཚུལ་གྱིས་ཚོགས་འཁོར་བཤམས། གར་མཛད། མགུར་ཡང་མང་ཞིག་ཏུ་གསུངས། རི་རི་པ་ལ་གདམས་ངག་དེ་ཉིད་ཀྱི་བཀའ་གཏད་ནས། སྲིང་མོ་བདེ་སྟེར་མས་རྒྱ་གར་ལི་ཡུལ་ནས་འདི་ལེན་མཁན་ཅིག་པོས་ཡོང་བ་ཡོད་པས། ཁྱོད་ཀྱིས་བྱིན་ཅིག་གསུངས། བླ་མས་ཀ་སོ་རི་པ་ལ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ངོས་ལ། ཁྱོད་ཀྱིས་གདམས་ངག་འདི་གཉིས་བསྐྱལ་དགོས་གསུངས་པས། ག་ནས་བྱུང་ཆ་མེད་པར་རྩ་དེར་བུད་མེད་མི་སྡུག་པ་ཅིག་བྱུང་ནས། གད་མོ་ཆེན་པོ་ཅིག་དགོད་ཅིང་འདུག་སྟེ། ཅི་ལ་དགོད་བྱས་པས། གསེར་གྱི་ཡུལ་དུ་གསེར་དམ་དུ་བསྐྱེལ་དུ་བཏང་
༤༡༢ཡང་། ཡ་མཚན་ཆེར་མི་ཡོང་བ་དེ་ལ་དགོད་པ་ཡིན་ཟེར་བས། དངོས་ལ་སྤེལ་མཁན་མི་དགོས་པར་གོ། །དེ་ནས་བླ་མ་ནཱ་རོ་པ་པུ་ལླ་ཧ་རི་ལ་བྱོན། ཡོན་ཏན་དཔག་ཏུ་མེད་པ་ལ་བརྟེན་ཏེ། ལས་ཅན་གྱི་སློབ་མ་ཡང་མང་དུ་འདུས། ཁྱད་པར་བླ་མ་མར་པ་བོད་ལ་བྱོན་ཏེ། ཞུ་བ་པོས་ཞུ་ཤེས་པ། གསུང་བ་པོས་གསུང་ཤེས་པ་མཛད་ན། གང་ལ་གང་མཁོའ་ཆོས་ཟབ་མོ་རྣམས་བྱིན་ཏེ། བོད་དུ་གདུལ་བྱ་ལ་བཏང་། རྒྱ་གར་ནས་ཟབ་ཆོས་མང་པོ་ལོན་པའི་ཁ་སྐད་ཀྱང་བྱུང་། ལས་ཅན་གྱི་སློབ་མ་ཡང་མང་དུ་འདུས། ཁོང་གི་ཆོས་རྣམས་བོད་དུ་སྤེལ་བས། བླ་མ་ལ་ཕྲག་དོག་བྱེད་པའི་ཆོས་པ་རྣམས་ན་རེ། བསྒོམས་པས་སངས་རྒྱས་པའི་གདམས་ངག་ཁྱེད་མིན་པ་ལ་ཡང་ཡོད། ཁྱེད་ཀྱི་བླ་མ་ནཱ་རོ་པ་མིན་པ་ལ་ཡང་ཡོད། མ་བསྒོམས་པར་སངས་རྒྱས་པའི་གདམས་ངག་ཡོད་ན་ཁྱེད་ཀྱང་ཁྱད་པར་འཕགས། ཁྱེད་ཀྱི་བླ་མ་ནཱ་རོ་ཡང་ཁྱད་པར་འཕགས་ཟེར་བས། བླ་མ་མར་པའི་ཐུགས་དགོངས་ལ། ངའི་བླ་མ་ནཱ་རོ་པ་དེ་གང་ལ་ཡང་མངའ་བརྙེས་པས། མ་བསྒོམས་པར་སངས་རྒྱས་པའི་གདམས་ངག་ཅིག་ཡོད་པར་ཐག་ཆོད་པས། ང་རང་ཞུ་བ་པོས་ཞུ་མཁས་པར་དོད་ཀྱང་ཞུ་མ་ཤེས་པར་འདུག་སྙམ་སྟེ། ཁོང་རང་གི་ཞིང་གཅིག་ཀྱང་བཙོངས། སློབ་མ་ལ་ཡང་གསེར་ཁྲལ་ཅིག་ཀྱང་བཏབ་ནས། གསེར་བྲམ་ཟེའི་བུ་མོ་ལོ་བཅོ་ལྔ་ལོན་པ་ཞིག་གི་ཀ་པཱ་ལ་སྙིང་ཕྱུར་རེ་བ་ཞིག་ཁྱེར་ནས། རྒྱ་གར་དུ་བྱོན་པའི་དུས་སུ། བླ་མ་ནཱ་རོ་པ་སྤྱོད་པ་ལ་གཤེགས་ནས་ཡུན་རིང་དུ་མ་རྙེད། རྙེད་པའི་དུས་སུ་ཕྱག་འཚལ། སྐོར་བ་བསྐོར། ཞབས་སྤྱི་བོས་བླངས་ནས་གསེར་ཀ་པཱ་ལ་གང་པོ་དེ་ཕུལ་བའི་དུས་སུ། བཀའ་བཀྱོན་བྱོན་ཏེ། མར་པ་ལོ་ཙཱ་ཁྱེད་བོད་དུ་འགྲོ་དོན་གྱིས་བྱས་པའི་འདི་ན་ཚུར་ཅི་བྱེད་གསུངས་ནས། ཕྱག་ཀྱང་བཅུག་པ་ལ། ང་ཡོང་བའི་དོན་བྱུང་། ཁྱེད་རང་གིས་ཆོས་ཟབ་མོ་མང་པོ་གནང་བ་ངས་བོད་དུ་སྤེལ་བས། བོད་ཀྱི་ཆོས་པ་ཚོ་ན་རེ། བསྒོམས་ནས་སངས་རྒྱས་པའི་གདམས་ངག་ཁྱོད་མིན་པ་སུ་ལ་ཡང་ཡོད། ཁྱོད་ཀྱི་བླ་མ་ནཱ་རོ་པ་མིན་པ་ལ་ཡང་ཡོད། མ་བསྒོམས་པར་སངས་
༤༡༣རྒྱས་པའི་གདམས་ངག་ཡོད་ན་ཁྱོད་ཀྱང་ཁྱད་པར་འཕགས། ཁྱོད་ཀྱི་བླ་མ་ནཱ་རོ་པ་ཡང་ཁྱད་པར་དུ་འཕགས་པ་ཡིན་ཟེར་བར། ང་ཡི་བསམ་པ་ལ། བླ་མ་རིན་པོ་ཆེ་ཉིད་གང་ལ་ཡང་མངའ་བརྙེས་པས། མ་བསྒོམས་པར་སངས་རྒྱས་པའི་གདམས་ངག་ཡོད་པར་ཐག་ཆོད་པས། ལེན་པ་ལ་ཡོང་བ་ཡིན་ལགས་ཞུས་པས། བླ་མ་ནཱ་རོ་པ་དེ་ཉིད་ཀྱིས་ཀྱང་བོད་ལ་དམིགས་པའི་ཕྱག་དགུ་ཕྲུགས་ཞིག་འཚལ་ནས། ངོ་མཚར་ཆེ་བོད་ན་ཆོས་པ་ཡོད་པར་འདུག །མ་བསྒོམས་པར་སངས་རྒྱས་པའི་གདམས་ངག་ལོས་ཡོད་གསུངས་ནས། པུ་ལ་ཧ་རིར་ཁྲིད་ནས། ཟབ་མོ་ཚོགས་ཀྱི་འཁོར་ལོ་བསྐོར། མཁའ་འགྲོ་རྣམས་ལ་གསོལ་བ་བཏབ་ནས་སེམས་ཁྲིད་ཡིད་བཞིན་ནོར་བུ་འདི་དང་། འཕོ་བ་དོན་གྱི་གྲོང་འཇུག་གཉིས་གནང་། དེའི་དུས་སུ་བུད་མེད་མི་སྡུག་པ་ཞིག་བྱུང་ནས། སྤྲ་བ་གང་བུ་གཅིག་གི་ནང་ན་མེ་ཞིག་བཅུག་སྟེ། བླ་མ་མར་པའི་ཕྱག་ཏུ་བཏད་བྱུང་བས་ནང་གི་མེ་དེ་ཕྱེས་པས་སྦྲ་བ་དེ་ཐུལ་གྱིས་ཚིགས་སོང་བ་དང་། ནཱ་རོ་པའི་གསུང་གིས་གོའམ་གསུང་པ་དང་། སྒྲོ་འདོགས་ནང་ནས་ཆོད་ཟེར་བ་གོ་ལགས་ཞུས་པ་དང་། ཡང་བུད་མེད་དེས། དམུས་ལོང་ཅིག་ལག་པས་ཁྲིད་སོང་སྟེ། སྐས་ལ་རིམ་གྱིས་ཁྲིད་དེ་ཐོག་ཁར་བསྐྱལ་སོང་བས། བླ་མའི་གསུང་གིས་གོའམ་གསུངས། ཁྲིད་འདི་རིམ་པ་ལེགས་པར་བརྩེགས་དགོས་པར་གོ་ལགས་ཞུས་པ་དང་། བླ་མས་ཕྱག་སྤྱི་བོར་བཞག་སྟེ། བཀྲ་ཤིས་བརྗོད་མེ་ཏོགས་འཐོར། དེ་ནས་ཚུར་བོད་ལ་བྱོན་ནས་ཆུ་བོ་གངྒཱ་བརྒལ་བའི་དུས་སུ་དབུ་བསྙུང་བཞེས་པ་ལ། རྒྱ་གར་གྱི་ཆུ་བོ་གངྒཱ་ཚུན་ཆོད་དུ་ཆོས་འདི་ལས་ཟབ་པ་འགྲིམ་རེ། ཕན་ཆོད་དུ་ལྷག་མ་ལུས་རེ་གསུངས། དེ་ནས་བོད་དུ་བྱོན་བྲོ་བོ་ལུང་གི་དགོན་པར་བྱོན་ནས། ལས་ཅན་གྱི་སློབ་མ་མང་དུ་འདུས། མ་
༤༡༤བསྒོམས་པར་སངས་རྒྱས་པའི་གདམས་ངག་འདི་གཉིས། བླ་མས་མི་ལ་ལ་སྟེར་དགོས་པའི་ལུང་བསྟན་ཡོད་ཀྱང་། བླ་མ་མར་པའི་ཐུགས་དགོངས་ལ། ངའི་འདི་དར་མ་མདོ་སྡེ་ལ་སྟེར། དར་མ་མདོ་སྡེས་སྒམ་པོ་པ་ལ་སྟེར་དུ་འཇུག་དགོས་སྙམ་ནས། དར་མ་མདོ་སྡེ་ལ་སྟེར་པར་ཐག་བཅད་པ་དང་། དངོས་དང་རྨི་ལམ་གང་ལ་ཡང་མཁའ་འགྲོ་མའི་བར་ཆད་བྱུང་སྟེ་དར་མ་མདོ་སྡེ་གྲོངས་སོ། །སྒྱུ་ལུས་ཀྱི་གྲོང་འཇུག་དེ་བྱིན་ཡོད་པས། ཡག་པོར་བྱུང་། ཁོང་རང་ཡང་གྲོངས་ལ་ཁད་པའི་བར་ཆད་བྱུང་། སྲས་གྲོངས་པའི་ཐུགས་མི་བདེ་བ་ཆེ་བར་བྱུང་བའི་དུས་སུ། བུད་མེད་ཤིན་ཏུ་མི་སྡུག་པ་ཞིག་བྱུང་ནས། བླ་མའི་བཀའ་བཞིན་མ་བསྒྲུབ་ན། སེམས་ལ་བདེ་བ་ཅི་ལ་ཡོད། །ཟེར་ཏེ་མི་སྣང་བར་ཡལ་སོང་བ་དང་། བླ་མས་དམར་གཏོར་ཆ་ལྔ་བཤམས་ནས། མཁའ་འགྲོ་མ་ལ་བཟོད་གསོལ་དང་བཤགས་པ་བྱས། མི་ལ་ལས་ཅན་གྱི་སློབ་མར་གཟིགས་ཀྱང་། ལོ་གསུམ་ཇོ་མོའ་གཡོག་པོ་བཅོལ་སྙམ་ཡང་། ད་འདི་ལ་གདམས་ངག་ཚོའ་བཀའ་བྱིན་ནས། འགྲོ་དོན་ལ་བརྫང་དགོས་པར་འདུག་དགོངས་ནས། དབང་བཀའ་དང་ཆོས་བཀའ་ཡིད་བཞིན་ནོར་བུ་དང་། གྲོང་འཇུག་གཉིས་ཀྱིས་སྣ་དྲངས་པའི་ཆོས་བཀའ་ཐམས་ཅད་གཏད་པ་ཙམ་གྱིས་རྒྱུད་སྨིན་གྲོལ་དུ་སོང་། སྒྲོ་འདོགས་ཐམས་ཅད་ཆོད། མ་བསྒོམས་པར་སངས་རྒྱས་པའི་གདམས་ངག་འདི་གཉིས་ལ། སྔོན་བསྐལ་པ་གྲངས་མེད་པའི་སྔོན་རོལ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སྨོན་ལམ་ཚན་པོ་ཆེ་བཏབ་པ་ཞིག་ཉི་མ་ཤར་ཕྱོགས་མ་ཀི་ནས་ལེན་མཁན་འོང་བ་ཡོད་པས། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྤེལ་དུ་ཆུག །ཁྱོད་སློབ་མའི་ཚོགས་བསགས་པ་ཡིན་གསུངས། དེར་ཆོས་བཀའ་རྣམས་བྱིན་པ་དང་། བླ་མ་མར་པ་ཡང་སྐུ་ཁམས་དྭངས། དེ་ནས་བླ་མ་མི་ལ་ཡུལ་དུ་བྱོན་ཏེ། རྫོང་དྲུང་ལ་སོགས་པའི་གནས་རྣམས་སུ་བཞུགས། ལ་ཕྱི་ཆུ་བར་གཉིས་ན་བཞུགས་ཡོད་པའི་དུས་སུ། བླ་མ་མི་
༤༡༥ལའི་སྤྱན་སྔར་ལས་ཅན་གྱི་སློབ་བུ་མང་དུ་འདུས་ཀྱང་ནུབ་ཅིག་རྨི་ལམ་ན། བུད་མེད་མི་སྡུག་པ་ཅིག་བྱུང་ནས། ང་འཚོ་བྱེད་གཞོན་ནུ་འབོད་དུ་འགྲོ་ཟེར་ནས། གད་མོ་ཆེན་པོ་དགོད་ཀྱིན་འདུག་པས། བླ་མས་འཚོ་བྱེད་གཞོན་ནུ་སུ་ལ་ཟེར་བྱས་པས། དབུས་པ་སྟོན་པ་ལ་ཟེར་བ་ཡིན་ཅེས་ཡང་གད་མོ་རྒོད་ཀྱིན་འདུག །བླ་མ་རྣལ་སད་ཙམ་ན། རྨི་ལམ་དེ་རྒོད་རེ་བྲོ། ལུང་བསྟན་ཟིན་པའི་བྱང་ཆུབ་སེམས་དཔའ་དེ་འོང་བ་ཡིན་ཏེ་འོང་སྙམ་ནས། དེ་རིང་སང་དབུས་མ་གི་ན་སྟོན་པ་ཞིག་འོང་བར་ཡོད་གསུངས་པས། བླ་མ་ལ་ཡོན་བདག་མོ་ལེགས་སེས་ཆང་དྲངས་ནས། སྟོན་པ་དེ་འགྲོ་དོན་ཡོང་ངམ་ཞུས་པས། བླ་མའི་ཞལ་ནས། བཅོམ་ལྡན་འདས་དེ་ཉིད་ཉི་མ་ལྟ་བུ། དབུས་པ་སྟོན་པ་དེ་ཉིད་ཟླ་བ་ལྟ་བུ་དེ་བཞིན་ཡིན་གསུངས། དེ་ནས་ཐོག་ཅིག་ཏུ་དབུས་པ་སྟོན་པ་བླ་མའི་སྤྱན་སྔར་བྱོན་ནོ། །ཐུགས་ཡིད་གཉིས་སུ་མེད་པར་འདྲེས་ཏེ། དབང་དང་གདམས་པ་ཡང་མང་དུ་གནང་། བླ་མའི་སྤྱན་སྔར་ཡང་ཡུན་རིང་དུ་བསྡད། འབྱོན་ཁར་སེམས་ཁྲིད་ཡིད་བཞིན་ནོར་བུ་འདི་དང་། འཕོ་བ་དོན་གྱི་གྲོང་འཇུག་འདི་གཉིས་གནང་ནས་རྒྱུད་ཐམས་ཅད་སྨིན་གྲོལ་ལ་སོང་། འགྲོ་དོན་ཚད་མེད་པའི་རྟེན་འབྲེལ་ཤར། བླ་མས་འཚོ་བྱེད་གཞོན་ནུ་ལུང་བསྟན། དེ་བཞིན་ཡིན་ཡང་དུས་ངན་པས། ཆོས་པ་གཞན་རྣམས་ཀྱི་བློ་ངོར་སྦས་པའི་ངང་དུ་སྡོད་ཞུས་པས། འོ་ན་དེ་ཚུག་འཐད་གསུངས་ནས། སྒམ་པོ་པ་རུ་བཏགས། སྒམ་པོའ་ལུང་བསྟན་ཞིབ་པར་མཛད། སྒམ་པོ་ལུང་བསྟན་པའི་མགུར་གསུངས། དེ་སྟེང་དབུས་སུ་འོང་སེ་བ་ལུང་ལ་སོགས་པའི་དབེན་གནས་མང་པོ་ཞིག་ཏུ་སྒྲུབ་པ་ལོ་ཤེས་བྱས། དེ་ནས་ཐབས་ཀྱིས་སྒམ་པོར་བྱོན། ལས་ཅན་གྱི་སློབ་མ་མང་པོ་འདུས།
༤༡༦ཡོངས་སུ་རྫོགས་པ་སྟོང་ཁ་བུད་པའི་དུས་སུ། ད་ལྟ་དུས་བཟང་བས་བསྒོམ་ནུས་པར་གདའ། སྙན་བརྒྱུད་དང་ཆོས་དྲུག་འདིས་མཆོག་པ་མི་འདུག །སེམས་ཁྲིད་ཡིད་བཞིན་ནོར་བུ་འདི་དང་། འཕོ་བ་དོན་གྱི་གྲོང་འཇུག་འདི་གཉིས་ཀྱི་བསྟན་སྲུང་ལ་ཏྲག་ཤད་ཐལ་མོ་གཅིག་ཆོག་འདི་དགོས་སོ། །སློབ་དཔོན་པདྨའི་ལུང་བསྟན་འདི་ལ་བལྟས་ན་བསྒོམ་ལོང་མེད་པར་སངས་རྒྱས་པའི་གདམས་ངག་འདི་གཉིས། སྙིགས་མའི་དུས་སུ་དགོས་པར་འདུག་སྙམ་སྟེ། སྒམ་པོ་ག་དར་གྱི་རྒྱབ་ཏུ་མཚོ་མཎྜལ་ནག་པོའ་ནང་དུ་གཏེར་དུ་སྦས། འདི་སྦས་དགེ་བའི་རྩ་བ་དེས་འགྲོ་བ་མ་ལུས་བླ་མེད་བྱང་ཆུབ་ཐོབ་པར་ཤོག །།།།། དགེའོ།

།སེམས་ཁྲིད་ཡིད་བཞིན་ནོར་བུ་བཞུགས་སོ༎

༤༡༦ །སེམས་ཁྲིད་ཡིད་བཞིན་ནོར་བུ་བཞུགས་སོ།། ༈ །།རྒྱ་གར་སྐད་དུ། ཀཱ་ཡ་ཨ་པ་ཎི་ཌཱ་ཀི་ནཱི་སཱ་དྷ་ནཱ་མ། བོད་སྐད་དུ། ལུས་མེད་མཁའ་འགྲོ་ཞེས་བྱ་བའི་སྒྲུབ་ཐབས། །དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །འདི་བཙན་ཐབས་སུ་སྒྲུབ་པ་ཡིན་པས། ཐོབ་པས་སངས་རྒྱས་པའི་སེམས་ཁྲིད་ཡིད་བཞིན་གྱི་ནོར་བུ་དང་། ཐོས་པས་སངས་རྒྱས་པ་འཕོ་བ་དོན་གྱི་གྲོང་འཇུག་གཉིས་ལས། འདིར་སེམས་ཁྲིད་ཡིད་བཞིན་ནོར་བུ་སྟོན་པར་བྱེད་དེ། །དེ་ལ། དང་པོ་གནས་འཇུ་གཏན་ལ་ཕབ། དེ་རྗེས་རིག་པ་ཐེར་ལ་འདོན། །གཉིས་མེད་ཆེན་པོའ་ངོ་སྤྲོད་བྱ། །དགྲ་བཅོམ་དམིགས་པ་རགས་ལ་བསྐོར། །བསྒོམ་མེད་བརྡ་ཡི་ངོ་སྤྲོད་བྱ། །ཤེས་བྱའི་སྒྲིབ་པ་འདག་ལུང་བསྟན། །རྟགས་ཡོན་ཏན་འཆར་དེ་བལྟ་བར་བྱ། །ཞེས་པས། དང་པོ་གནས་པ་གཏན་ལ་དབབ་པ་ནི། གཞི་གཏན་ལ་འབེབ་པ་ཡིན་ཏེ། སྐྱེ་འགག་གནས་གསུམ་དང་བྲལ་བའི་ཏིང་ངེ་འཛིན་གྱི་སྟེང་དུ་ལྷོད་དེ་བཞག །དེ་གང་ཟག་གི་རྒྱུད་ལ་འཇུག་ཙ་ན་གནས་པ་གཏན་ལ་ཕབ་པ་ཡིན་ཏེ། དེའི་སྟེང་དུ་གནས་ན་བསྒོམ་དུ་བཏུབ་ལ། འཕྲོ་ན་བསྒོམ་དུ་མི་བཏུབ་པས། འགྱུ་བ་གཏན་ལ་དབབ། འགྱུ་བ་འདི་ལམ་ཡིན། འགྱུ་བ་ཕྲོལ་གྱིས་སྐྱེས་པ་དེ་རང་ལ་ཅེར་
༤༡༧གྱིས་བལྟ། གཟུགས་དང་ཁ་དོག་འདུག་གམ། འགྲོ་ས་འོང་ས་གནས་ས་འདུག་གམ་བལྟས་པས། ཡེ་ནས་མ་གྲུབ་པའི་དོན་གྱིས་སྐྱེ་མེད་དུ་ཞི་འགྲོ། གནས་པའི་སྟེང་དུ་ལྷན་ནེ་ཕེབས་པ་དེ་འགྱུ་བ་གཏན་ལ་ཕེབས་པ་ཡིན། གནས་པའི་ངོ་བོར་སྐྱེ་མེད་ཆོས་སྐུར་གནས་པ་དེ་དང་། རྣམ་རྟོག་གི་ངོ་བོ་སྐྱེ་མེད་ལས་ཕུལ་ས་མི་འདུག་པས། འདི་གཉིས་གཅིག་པར་འདུག་གམ་བལྟ། གནས་སུ་མ་བཏུབ་ན་དང་པོ་བྱུང་ས་མེད་པའི་ཆེད་དུ་འགྱུ་རུ་བཅུག །འགོལ་སར་ནན་གྱིས་བསྒོམ་དུ་བཅུག་པས་མི་གནས་མི་སྲིད་དོ། །འགྱུ་རུ་མ་བཏུབ་ན་གཅིག་བྱུང་ན་བསྒོམ་དུ་མི་བཏུབ་པས། འགྱུ་བ་གཅིག་ཀྱང་མ་བྱུང་བ་གྱིས་ཤིག་བྱས་ལ་འགོལ་སར་ཁྲིད་ལ་ནན་གྱིས་བསྒོམ་དུ་བཅུག་པས་འགྱུ་བ་ཟིན་འོང་ལ་དེའང་གཉིས་སུ་མེད་པའི་དོན་གྱིས་གཅིག་ཏུ་ཐག་ཆོད་འོང་། དེས་གནས་སྐབས་སུ་འབྲས་བུའི་གོ་བ་རྙེད་པ་ཡིན། གནས་འགྱུ་གཏན་ལ་ཕེབས་ནས། རིག་པ་ཐེར་ལ་འདོན་པ་འདི་ལ། རྣམ་རྟོག་གཅིག་ཆོས་སྐུར་འདུག་ན་ཀུན་ཆོས་སྐུར་འདུག་གམ་བལྟ། གཅིག་ངོ་བོས་སྟོང་ན་ཀུན་ངོ་བོས་སྟོང་པས་འགྱུ་རུ་བཅུག །ཤར་དུ་བཅུག །རྣམ་རྟོག་ཐམས་ཅད་ཆུ་ནང་དུ་ཆར་བབས་པ་བཞིན་དུ་སྐྱེས་གྲོལ་དུས་མཉམ་ལ་འགྲོ། རྣམ་རྟོག་འདུལ་དཀའ་བ་ཡང་བྱུང་ན། དཀའ་ཤོས་དེ་ལ་རྩ་གདར་ནན་གྱིས་བཅད། རྣམ་རྟོག་ཐམས་ཅད་གཅིག་ལ་ཚད་པ་འདྲ་བ་ཐམས་ཅད་བདེ་འཇམ་ལ་དཀྲིགས་ཀྱིས་སོང་ཙམ་ན། རྣམ་རྟོག་བསྒོམ་དུ་ཤར་བ། རིག་པ་ཐེར་འཐོན་པའི་ཚད་ཡིན་ནོ། །གཉིས་མེད་ཆེན་པོའ་ངོ་སྤྲོད་འདི་ལ། དབང་པོ་རབ་ཀྱིས་གནས་འགྱུ་གཉིས་གཅིག་ཏུ་ཤེས་པ་དང་། ཀུན་རྫོབ་ལ་འཕྲིག་ཚུད་ནས་སྐྱོང་ཐོག་ཏུ་ལུས་སེམས་གཉིས་མེད་དུ་ཉམས་སུ་བླངས་པའི་ཤུགས་ཀྱིས་སྣང་སྟོང་གཉིས་མེད་དུ་
༤༡༨རྟོགས། ནང་དུ་རིག་པ་མ་ལུས། ཕྱི་རུ་བེམ་པོ་མ་ལུས། བེམ་རིག་གཉིས་སུ་མེད་པའི་དོན་རྟོགས་ནས་དུ་མ་རོ་གཅིག་ཏུ་ཐག་ཆོད་པ་འོང་། ཐ་མ་རྣམས་ཀྱི་གནས་འགྱུ་གཅིག་པར་གོ་ཡང་། ཀུན་རྫོབ་ལ་འཕྲིག་མ་ཚུད་པས། འདིའི་ཐད་ཀར་བེམ་རིག་གཉིས་མེད་ཀྱི་ངོ་སྤྲོད་བྱ། རྫོགས་རིམ་ཀུན་གྱི་ལུང་ཡང་དྲང་། །ཀྱཻ་ནང་ན་སེམས་མེད་ན། ཕྱི་རུ་གཟུགས་འོང་བའི་དོན་མེད། སྟོང་པ་མེད་ན་སྣང་བ་མེད། །སྣང་བ་ཐམས་ཅད་མེད། བློ་ཆུང་བ་རྣམས་ལྟར་ན། ཀུན་རྫོབ་དོན་དམ་གཉིས་སུ་མེད་པར་འདོགས་ཀྱང་། གནས་སྐབས་སུ་གཟུང་འཛིན་གྱི་བཅིངས་པ་གྲོལ་ནས། གཟུགས་འདི་བཙལ་བས་རྙེད་པ་མེད། བལྟས་པས་མཐོང་བ་མེད། ཀུན་རྫོབ་དང་དོན་དམ་གཉིས་སུ་མེད་དོ། །ལར་འཛིན་མེད་ཀྱི་མཐའ་ལ་སྐྱོལ་ཅིག །འཁོར་འདས་རང་སར་གྲོལ་བར་འགྲོ་བ་ཡིན། །ཆོས་ཐམས་ཅད་གཅིག་ཏུ་རྟོགས་པའོ། །དགྲ་བཅོམ་པའི་དམིགས་པ་ནི། དགྲ་ནི་རྣམ་རྟོག་འཛིན་པ་དང་བཅས་པའོ། །བཅོམ་པ་ནི་འཛིན་མེད་རང་སར་གྲོལ་བའོ། །ས་གདོན་གནོད་པའི་དམིགས་པ་ནི་ཞལ་ལས་ཤེས་སོ། །ཞེས་པ་ནི། དགྲ་བཅོམ་དམིགས་པ་ཡན་ཆད་བདེ་མེར་ཁྱུག་གིས་སོང་བ་དང་། ལུས་ཐ་མལ་དུ་གནས་པའི་ལྟེ་འོག་ཏུ་ཧཱུྃ་མར་མེའི་རང་བཞིན་ཅན་ཅིག་ལ་མེ་དམར་འུ་རུ་རུ་ཆི་ལི་ལི་འབར་ཏེ། ལུས་ཀྱི་ནང་ཐམས་ཅད་ཐུ་ལུ་ལུ་བསྲེག་པར་བསྒོམ། མེ་ལྕེ་ཕྱིར་ཆད་དེ་ཕྱི་ཡང་ཐུལ་བ་སྲེག །དེ་ལས་ཀྱང་མཆེད་པས་གནས་ཁང་ཡང་བསྲེགས་པར་བསམ། སྦལ་སྦྲུལ་ལ་སོགས་ཕྱིར་མ་ཐོན་བར་དུ་ནན་ཏན་བྱའོ། །དེས་ཚུར་གནོད་པའི་རྟགས་བྱུང་ན་ཁྲིད་ཀྱི་དམིགས་པ་སྔར་བཞིན་ཡང་བསྐྱང་བར་བྱ་ཞིང་། ནན་ཏན་བདེ་མོར་སོང་བ་དང་། མེ་དམིགས་གོང་ལྟར་བྱས་པས་ས་གདོན་ཐོན་པའི་རྟགས་འབྱུང་། ཐོན་པའི་རྟགས་མ་བྱུང་གི་བར་ལ་རེས་འཇོག་བྱ། དེ་ལྟར་བྱས་པས་ཐོན་པར་ཐེ་ཚོམ་མེད། གང་ཟག་མཆོག་རྣམས་ཀྱིས་གནས་འགྱུ་གཅིག་ཏུ་རྟོགས་པ་དང་། རྣམ་རྟོག་ཕྲ་རགས་སྒོམ་
༤༡༩གསུམ་སྐྱེ་གྲོལ་ལ་སོང་བ་དུས་མཉམ། རྩལ་འབྲིང་གིས་བེམ་རིག་གཉིས་མེད་དུ་རྟོགས་པ་དང་། རྣམ་རྟོག་ཕྲ་རགས་སྦོམ་གསུམ་སྐྱེ་གྲོལ་ལ་སོང་བ་དུས་མཉམ། གང་ཟག་ཐ་མལ་རྣམས་ལ་ལུས་སེམས་གཉིས་མི་འདུག་ན། ཕྲ་མོ་དང་སྦོམ་པོ་སྐྱེ་གྲོལ་དུ་ཨེ་འགྲོ་བརྟག །འགྲོ་ན་རགས་པ་སྐྱེ་གྲོལ་དུ་མི་འགྲོ་བའི་དོན་མེད། ངོ་བོ་སྟོང་པའི་སྒོ་ནས་ཁྱད་པར་མེད་པས་ནང་དུ་སེམས་ཚོལ་དུ་མི་འདུག་ན། ཕྱི་ན་ལུས་འདུག་གམ་ལྟ་རུ་གཞུག །ལུས་སེམས་མི་འདུག་ན། ཕྱི་རོལ་གྱི་སྣང་བ་ཡོང་འདུག་གམ་བལྟ་རུ་གཞུག །ཐམས་ཅད་ངོ་བོས་སྟོང་ན་རྣམ་རྟོག་རགས་པ་སྐྱེས་ནས་གནས་ས་འགྲོ་ས་འདུག་གམ་བརྟག །དེ་བཞིན་དུ་བརྟགས་པས་ཇི་ལྟར་མི་བདེ་བ་ཚོ་ཡང་སྐྱེས་གྲོལ་དང་སྐྱེ་མེད་དུ་ལྷན་ལྷན་ཞི་འགྲོ། གང་ཟག་གིས་བློ་དང་བསྟུན་ཅིང་ནན་ཏན་དང་ཐབས་སྣ་ཚོགས་ཀྱི་སྒོ་ནས་འཛིན་པ་བཤིག་གོ་།སྒོམ་མེད་ཀྱི་དམིགས་པ་ནི་ཚོགས་དྲུག་སྣང་བ་ཐམས་ཅད་བདེ་ལྷན་ལྷན་འཆར་ཞིང་འདུག་ན། དེ་སྣང་བ་སྒོམ་དུ་ཤར་བ་ཡིན། དེའི་ཐད་ཀ་ན་འཁྲུལ་རྟོག་ནི་མེད། སྣང་བ་སྒོམ་དུ་ཤར་རྒྱུ་དེ་རང་འདག་དགོས་པས་བརྡའི་སྒོ་ནས་ངོ་སྤྲོད་པ་ནི། རང་གི་མིག་གཡས་ཟུར་གྱི་གཟུགས་ཤིག་ལ་ཅེར་བལྟས་སྣང་སྟོང་གཉིས་མེད་གཟུག་འཛིན་དང་སྟོང་འཛིན་གྱི་ཆ་མེད་པར་སྣང་སྟོང་གཉིས་མེད་དུ་བདེ་ཕྲིལ་ལེར་འདུག་ན། མིག་གཡས་སྤོ་གཡོན་སྤོ་དྲག་ཏུ་བྱ། གཡས་སུ་བལྟས་ཙམ་ན་གཡས་ཀྱི་གཟུགས་འཆར་བར་འདུག་གམ། གཡོན་གྱི་གཟུགས་ནུབ་པར་འདུག་གམ་བལྟ། གཡོན་དུ་བལྟས་ཙམ་ན། གཡོན་གྱི་གཟུགས་འཆར་བར་འདུག་གམ། གཡས་ཀྱི་གཟུགས་ནུབ་པར་འདུག་བལྟ། དེ་ལྟར་བལྟས་པས་གཟུགས་འཛིན་དང་སྟོང་འཛིན་གྱི་ཆ་མེད་ཀྱང་ཤར་ནུབ་ཀྱི་ཆ་བག་
༤༢༠རེ་འདུག་ན་འཛིན་པ་ཡིན་པས་ཐད་ཀའི་སྐྱོན་བསལ། གཟུགས་འཛིན་དང་སྟོང་འཛིན་དང་ཕྱོགས་རིས་ཐམས་ཅད་ནམ་མཁའ་དཀྱིལ་བཞིན་དུ་གནས་སྐབས་དང་མཐར་ཐུག་གཉིས་སུ་མེད་པར་ཡོད་པས། ཐད་ཀའི་སྐྱོན་བཙན་ཐབས་སུ་བསལ། གཟུགས་འཛིན་དང་སྟོང་འཛིན་དང་ཕྱོགས་རིས་ཐམས་ཅད་ནམ་མཁའི་དཀྱིལ་བཞི་མ་བདེ་འཇམ་ལ་སོང་ནས། འདི་བཞིན་ཉམས་སུ་བླང་བར་བྱ། མ་རྟོགས་པའི་དུས་ན་གཟུགས་སྣ་ཚོགས་སུ་སྣང་ཡང་། རྟོགས་པའི་དུས་ན་ངོ་བོ་ཅིར་ཡང་མ་གྲུབ། ཤར་ནུབ་དང་ཕྱོགས་རིས་གང་ཡང་མ་གྲུབ་པས་གོང་གི་དམིགས་པ་ཚར་རེ་རེ་བཞིན་ཉམས་སུ་བླང་ཞིང་། སྒོམ་མཁན་འདུག་གམ། བསྒོམ་རྒྱུ་འདུག་གམ། ཉམས་སུ་བླང་བྱ་འདུག་གམ། ཉམས་སུ་མྱོང་བ་འདུག་གམ། དེ་ལྟར་བལྟས་པས། སྣང་བ་རང་སར་དག་ནས་ཀྱང་། བསྒོམ་དུ་འཆར་རྒྱུའི་ཆ་གྱི་ན་ཙམ་གཅིག་ཡོད་པར་བཟུང་འདུག་གམ། ལུས་སེམས་མེད་པའི་བསྒོམ་འཆར་རྒྱུ་མི་འོང་སྙམ་པའི་དོན་རྟོགས་པ་དང་། གཟུགས་ལ་རྟོག་ཅིང་དམིགས་པ་སྤར་ཙམ་བྱ། དེ་ལྟར་བྱས་པས་སྒོམ་གྱི་དོན་རྟོགས་ཤིང་བརྟན་པ་འཐོབ་པར་འགྱུར་རོ། །ཤེས་བྱའི་སྒྲིབ་པ་ལ་དག་པ་ནི། དོན་ལ་བློ་འདས་ཡིན་ཀྱང་། བློ་དང་ཆོས་ཀྱི་ཆ་བག་རེ་ཙམ་ཡོད་པར་ཤེས་པ་དེ་ཤེས་བྱའི་སྒྲིབ་པ་ཡིན། དེ་དག་པར་བྱེད་པ་ལ། གོང་མ་རྣམས་དམིགས་པའི་རྟེན་ཏུ་མ་ཟད་སླར་དམིགས་པས་བོགས་འདོན་ཏེ། འདིར་དམིགས་པ་དང་བསྒོམ་གྱི་བོགས་འདོན་པ་རྣམས་འབྱུང་། དག་པའི་ཆ་ཕྲ་མོ་ཞིག་དགོས་པར་བྱུང་ན། དེ་ལ་ཐབས་ཀྱིས་བོགས་འདོན་ནོ། །འདིའི་ཐད་ཀ་ལ་སྤང་བྱ་མེད་ཀྱང་། ཡུལ་ཁ་བརྒྱུད་རྒྱུའི་གྱི་ན་ཙམ་ཅིག་ཡོད། བློ་དང་ཆོས་ཀྱི་ཆ་ཕྲ་མོ་རེ་སྐབས་སྐབས་སུ་རྒྱད་རྒྱད་འོང་། དེ་དག་པར་བྱེད་པ་ལ། དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་བསམ་མནོ་བཏང་དུ་
༤༢༡བཅུག །དེས་ལས་སོགས་མི་སོགས་དང་། སྒོམ་དུ་འགྲོ་མི་འགྲོའི་ཆ་ཕྲ་མོ་གྱི་ན་ཙམ་འདུག་ན། ཤེས་བྱའི་དམིགས་པ་ཐད་ཀར་མ་རྟོགས་པས། གོང་མའི་དམིགས་པ་ཚོ་རེ་རེ་ལ་ནན་ཏན་བྱེད་དུ་བཅུག །ལས་སོགས་མི་སོགས་དང་། སྒོམ་དུ་འགྲོ་མི་འགྲོའི་རྩིས་གདབ་མི་འདུག་ན། ཟོལ་མི་འཇོག་པར་རིག་པའི་སྣ་ཁྲིད་ནས་རང་འཇུག་འཕྲོས་ན་མཉམ་པར་བཞུག །འདིའི་ཐད་ཀ་ན་སྤང་བྱ་ནི་མེད། ངོ་བོ་གཞི་ཐོག་ན་རྗེན་ནེ་འདུག་ན་རྗེས་ཤེས་ཡིན། །གོང་གི་བསམ་བློ་ལུ་གུ་བརྒྱུད་བྱུང་བས་མི་ཆོག །ཆེད་དུ་འཕྲོ་རུ་འཇུག་པ་ཡིན། །དེ་ལྟར་བྱས་པས་རིག་པའི་རྟེན་འབྲེལ་གྱི་ཆ་ལ། སྒྲིབ་པའི་ཤན་ཤུན་རྣམས་ལྷོད་ཀྱིས་གློད་ནས་སྟོང་ཡང་སྟོང་། ཟད་ཀྱང་ཟད་འགྲོ། དོན་ལ་ལྕགས་ཟད་པ་དར་གསེར་ཟད། རྒྱུ་ཟད་སྤུན་ཟད། རྒྱུ་ཟད་རྐྱེན་ཟད་ལ་གཏོང་བ་ཡིན། དེ་བཞིན་ཉམས་སུ་བླངས་པས། བློ་ཟད་ཆོས་ཟད་རིག་པ་རྟེན་མེད་ནམ་མཁའི་དཀྱིལ་བཞིན་ཁྲོལ་གྱིས་འགྲོ། འགྱུ་བ་ཟད་ལ་གནས་པ་མེད་པ་ཞིག་འོང་། དེ་ཙམ་ན་སྒྲུབ་པ་ལ་རེམ་པ་ཐོན་ན་བྱ་བ་ཡིན། ཆོས་སྐུའི་བཙན་ས་ཟིན་ནོ། །གཟུགས་སྐུ་རྣམ་གཉིས་ཀྱིས་སྣང་ལ་རང་བཞིན་མེད་པའི་སྒོ་ནས་སེམས་ཅན་གྱི་དོན་སྒྲུབ་འོང་ངོ་། །ཨ་ལ་ལ་ཧོ། །རྟགས་དང་ཡོན་ཏན་འདི་ལ་ངེས་པར་འཆར་བའི་གང་ཟག་ཀྱང་འོང་། མི་འཆར་བའི་གང་ཟག་ཀྱང་ཡོད་པས། ཤར་བས་བཟང་དུ་སོང་བ་མེད། མ་ཤར་བས་ངན་དུ་སོང་བ་མེད། དོན་ལ་ཁྱད་མེད་ཀྱང་འཆར་བར་འདོད་པ་རྣམས་ལ་རང་སྣང་ལ་འཆར་རམ། གཞན་སྣང་ལ་འཆར། བློ་ཟད་ཆོས་ཟད་དུ་སོང་བས་རྟགས་གང་ནས་འཆར་གྱི་མཐའ་བརྟག་གོ །མི་འཆར་བར་འདོད་པ་རྣམས་ལ་རང་སྣང་ལ་མི་འཆར་རམ། གཞན་དུ་མི་འཆར། རྒྱུ་རྐྱེན་གང་གི་སྒོ་ནས་མི་འཆར་གྱི་མཐའ་བརྟག་གོ །དེ་ལྟར་བྱས་པས་འཆར་མི་འཆར་གྱི་མཐའ་ཚོ་
༤༢༢འོང་། རྟགས་ནི་འཆར་མི་འཆར་ལ་མ་ལྟོས་པར་ངོ་བོ་མཐའ་བྲལ་དུ་ཁྲེས་སེ་སོང་ནས་སེམས་ཀྱི་ངོ་བོ་མཐོང་བྱ་བ་ཡིན་ཏེ། རྩ་བྲལ་རྟོགས་པ་ཟད་དེ་མཁྱེན་པ་ལྷུན་གྱིས་གྲུབ་པའོ། །ལུས་མེད་མཁའ་འགྲོ་ཞེས་བྱ་བའི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་ནཱ་རོ་པཎ་ཆེན་དང་། བོད་ཀྱི་ལོ་ཙཱ་བ་མར་པ་ལོ་ཙཱས་བསྒྱུར་བའོ། །འདི་འདེབས་པའི་གནས་ནི་གངས་རི་དང་རྫ་རི་དང་དུར་ཁྲོད་དང་མཐའ་འཁོབ་དང་བཞིའོ། །འདི་དགོན་པ་དང་གྲོང་ཡུལ་དུ་བཏབ་ན། སློབ་དཔོན་རྣམས་ཀྱི་ཚེ་སྲོག་ལ་གཟན། འགྲོ་དོན་ལ་བར་ཆད་འོང་བས། ལུང་ནས་ཟིན་པའི་གནས་སུ་བཏང་ངོ་། །དེའང་སྔོན་འགྲོའི་དུས་སུ་སྡེ་ལྔའི་ཕྱོགས་མཚོན་པའི་མཎྜལ་བཤམ། མཆོད་པའི་མཎྜལ་གཅིག་དང་། མཆོད་པ་རྣམ་ལྔ་སང་འབྱོར་བཤམ། གཏོར་མ་ཆ་གསུམ་བཤམ། འབུལ་ལུགས་སྤྱི་དང་མཐུན་པ་ལ། ཁྱད་པར་ཆོས་བདག་མཁའ་འགྲོ་སྡེ་ལྔ་གཏེར་བདག་ཇོ་བོ་རྒྱ་ལྷས་སྣ་དྲངས་པའི་མཚོ་སྨན་རྒྱལ་མོ་ལ་སོགས་པའི་གཏེར་གྱི་ཁ་བྱང་གི་གཏེར་བདག་རྣམས་དང་། ཇོ་བོ་དྭགས་ལྷ་སྒམ་པོ་ལ་སོགས་གཏེར་གྱི་དངོས་གཞིའི་གཏེར་བདག་རྣམས་ལ་འབུལ་ལོ། །རྗེས་ལ་གནས་འབྱུང་ངོ་སྤྲོད་ཀྱི་དུས་སུ་གཏོར་མ་ཆ་ལྔ་བཤམ། འབུལ་ལུགས་གོང་དང་མཐུན། ངོ་སྤྲོད་ཆེན་མོའ་དུས་སུ་གཏོར་མ་གུ་རུ་ལུགས་ཆ་ལྔ་བཤམ། མཁའ་འགྲོ་སྡེ་ལྔ་ལ་དཔལ་གཏོར་ཆ་ལྔ་བཤམ། མ་འབྱོར་ན་གཅིག་བཤམ། གཏེར་བདག་གཉིས་ལ་བཙན་བཤོས་རེ་རེ་བཤམས་ལ་འབུལ། ཡིད་བཞིན་ནོར་བུ་འདི་ལ་ཕྱག་རྟེན་མ་ལེན། ཆོས་སྦྱིན་དུ་ཐོངས། ཁྲིད་ཐོན་པའི་དུས་སུ་སྔ་མ་ལེགས་པའི་གཏང་རག །ཕྱི་མ་ལེགས་པའི་ཞུ་དོན་དུ་གཏོར་མ་ཆ་གསུམ་མམ་ཆ་ལྔ་བཤམས་ལ་འབུལ་ལོ། །འབྲས་བུ་བཙན་ཐབས་སུ་ཉམས་སུ་མྱོང་བའི་གདམས་ངག །སེམས་ཁྲིད་ཡིད་བཞིན་གྱི་ནོར་བུ་འདི། ཁྲིད་ཐོབ་པས་ཆོག་པ་ཡིན་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གདམས་པའི་ཁྲིད་ཡིན། བྱང་ཆུབ་སེམས་དང་མི་ལྡན་ན། །འགྲོ་དོན་མི་འབྱུང་སྲོག་ལ་འབབ། །ཡིད་བཞིན་ནོར་བུའི་
༤༢༣དཔེ་འདི་ནི། །ཁྲིད་མ་ཐོབ་པའི་མིས་མཐོང་ན། །དངོས་སམ་རྨི་ལམ་དག་ཏུ་ནི། །མཁའ་འགྲོའི་བཀའ་ཆད་མང་པོ་འབྱུང་། །དེ་གོ་བར་གྱིས་ལ་གསང་བར་མཛོད། །རང་གི་ཁྲིད་བཏབ་ཀྱི་སློབ་མ་ལས་དང་སྐལ་ལྡན་རེ་རེ་ཙམ་མ་གཏོགས་པ། གཞན་ལ་མ་བསྟན་བཀའ་རྒྱའོ། །རྒྱ་རྒྱ་རྒྱ། སེམས་ཁྲིད་ཞུ་མི་ཁོམས་པའི་བན་བཙུན་དང་། ཡོན་བདག་ཕོ་མོ་བར་དོ་ལ་འཇིགས་པ་རྣམས་ལ་འཕོ་བ་དོན་གྱི་གྲོང་འཇུག་འདི་བྱ། གདམས་པ་འདི་གཉིས་ཀྱིས་སྐལ་མེད་ལོག་ལྟ་ཅན་མ་གཏོགས་པ། དད་པ་དམིག་རེ་ཡོད་པ་རྣམས་བློ་འདྲོང་བ་ཡིན། །དཔེ་མི་ལ་མ་བསྟན་པ་གལ་ཆེ། སེམས་ཁྲིད་ལ་འཕྲི་བསྣན་དང་རང་བཟོ་མ་བྱེད། བླ་མ་མཁའ་འགྲོའི་བཀའ་རྒྱ་ཡོད་དོ། །ཁྲིད་འདེབས་ལུགས་ཚོ་བླ་མའི་ཞལ་ལས་ཤེས་གསུང་ངོ་། །འདི་བྲིས་དགེ་བའི་རྩ་བ་དེས། །མཁའ་མཉམ་སེམས་ཅན་མ་ལུས་པ། །གཉིས་འཛིན་འཆིང་བ་ལས་གྲོལ་ནས། །གཉིས་མེད་ཆེན་པོའ་དོན་རྟོགས་ཤོག །ཤུ་བྷམ། ༈ །འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ལུས་མེད་མཁའ་འགྲོ། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། དྭགས་པོ་ལྷ་རྗེ། སྐྱེས་བུ་ཡེ་རྡོར། དུང་མཚོ་རས་པ། འཁྲུལ་ཞིག་ཆེན་པོ། མཚན་ལྡན་ཆོས་དབྱིངས་དབང་ཕྱུག །རིན་པོ་ཆེ་ཤེས་རབ་བཟང་པོ། དེས་བདག་ལའོ། །ཡང་ཀུན་དགའ་རྒྱལ་མཚན་པ། དེས་བདག་གོ།

།འཕོ་བ་དོན་གྱི་གྲོང་འཇུག་བཞུགས།

༤༢༣ ༈ །འཕོ་བ་དོན་གྱི་གྲོང་འཇུག་བཞུགས། ན་མོ་གུ་རུ། བསྒོམས་པས་སངས་རྒྱས་པ་དོན་ཁྲིད་ཡིད་བཞིན་ནོར་བུ། མ་བསྒོམས་པས་སངས་རྒྱས་པ་འཕོ་བ་དོན་གྱི་གྲོང་འཇུག་གཉིས་ལ། ཕྱི་རབས་ཀྱི་དོན་དུ་ཡི་གེར་བྲིས། །ན་དགུ་ཅོག་ནི་མི་འཆི་སྟེ། །འཆི་དགུ་ཅོག་ནི་ན་ནས་འཆི། །རང་གི་རིག་པ་འདི་གལ་ཏེ་རླུང་དང་འགྲོགས་ནས་ཐུར་ལ་དོན་གྱུར་ན།
༤༢༤ཆོས་བྱས་རྣམས་ཀྱང་འཁོར་བར་ལྟུང་། གལ་ཏེ་རླུང་དང་འགྲོགས་ནས་གྱེན་ལ་དོན་གྱུར་ན། །སྡིག་པོ་ཆེ་ཡང་མངོན་སངས་རྒྱས། །འཕོ་བ་འདི་སེམས་ཁྲིད་ཡིད་བཞིན་ནོར་བུ་ཐོབ་པ་དང་། རྟོགས་པ་མཐོ་བ་རྣམས་ལ་མི་དགོས་ཏེ། འོན་ཀྱང་དགོས་པའི་དུས་གཉིས་པོ་བླ་མའི་ཞལ་ལས་ཤེས་སོ། །འདི་རྟགས་ཚང་བའི་བར་ལ་དྲན་ཙམ་བྱས། རྟགས་ཚང་ནས་བེམ་རིག་བྲལ། རྟགས་མང་ཡང་འདིར་མ་འདུས་པ་མེད་པ་ནི། རང་འོད་མི་འདུག་ན་འཆི་རྟགས་ཚང་། རང་སྒྲ་མི་འདུག་ན་འཆི་རྟགས་ཚང་། རང་གཟུགས་མི་འདུག་ན་འཆི་རྟགས་ཚང་། དེ་ལྟར་ཚང་འདུག་ན་འཆི་བ་ཡིན་པས་དེའི་དུས་སུ་ཐོས་པས་སངས་རྒྱས་པ་འཕོ་བ་དོན་གྱི་གྲོང་འཇུག་འཆི་རྟགས་གསུམ་བླ་མའི་ཞལ་ལས་ཤེས། འདི་དགོས། འདི་ལ་དང་པོ་སྔོན་འགྲོ་སེམས་བསྐྱེད་ཀྱིས་ཟིན་པ་གལ་ཆེ། ལུས་ཅི་བདེར་བཞག །དངོས་གཞི་ལ་རང་གང་མོས་པའི་བླ་མའི་སྐུའམ་ཡི་དམ་གྱི་སྐུར་གསལ་གདབ། དམིགས་པ་གསལ་ན་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་བཀྲ་ལམ་མེ་བསྒོམ། དམིགས་པ་མི་གསལ་ན་བླ་མའི་སྐུ་ཡིན་ནོ་སྙམས་པའི་མོས་པ་དྲག་པོ་བྱ། དེའི་ངང་ནས་རང་གི་སྙིང་ན། རིགས་ལྔའི་སྐུ་ཁྲ་སྤུང་ངེར་འདུག་པར་བསམ། དམིགས་པ་གསལ་ན། དབུས་རྣམ་པར་སྣང་མཛད། ཤར་རྡོ་རྗེ་སེམས་དཔའ། །ལྷོར་རིན་ཆེན་འབྱུང་ལྡན། ནུབ་སྣང་བ་མཐའ་ཡས། བྱང་དོན་ཡོད་གྲུབ་པ་རྣམས་ཁྲ་སྤུང་ངེ་འདུག་པར་བསམ། དམིགས་པ་མི་གསལ་ན། རིགས་ལྔ་ཡིན་སྙམས་པའི་གདིང་བྱ། དེའི་ངང་ནས་སྙིང་ག་ནས་སྤྱི་བོའ་གཙུག་མན་ཆད་བུག་པ་ཟང་ཐལ་ལེ་བ་ཡ་གི་ནས་བལྟས་ན་མ་ཀི་གསལ་བ། མ་ཀི་ནས་བལྟས་ན་ཡ་ཀི་གསལ་བ། མཁར་ཁང་ཐོག་མེད་པ་ལྟ་བུ་སྐྱ་ཧད་དེ་བ་ཞིག་བསམ། དེའི་ངང་ནས་རང་གི་སེམས་མི་དྲན་དགུ་དྲན་
༤༢༥འདི། སྐད་ཅིག་གིས་ཨ་དཀར་པོ་ཆེ་ཆུང་བུང་བ་ཙམ་ཞིག་བསམ། དེའི་ངང་ནས་ཨ་དཀར་པོ་དེས། སྙིང་གར་རྒྱལ་བ་རིགས་ལྔ་བཞུགས་པ་དེ་ལ་གཡས་སྐོར་དུ་སྒ་ར་ར་བསྐོར་བར་བསམ། དེའང་སྐོར་བ་འཁོར་གསུམ་མམ་ལྔའམ་བདུན་ནས་རྫ་ཆག་ནང་ནས་བྱེའུ་འཕུར་བའམ། རྩལ་པོ་ཆེས་ནམ་མཁའ་ལ་མདའ་འཕང་བ་བཞིན་ཏུ། ཨ་དཀར་པོ་དེ་ནམ་མཁའི་མཐོང་ལ་དཀར་རྒྱངས་ཀྱིས་སོང་བར་བསམ། དེའི་ཕྱི་ལ་ཀླད་པ་དོན་སྙིང་རྣམ་པ་ལྔ། ནང་རོལ་དང་བཅས་པ་སངས་ངེ་སོང་བར་བསམ། ཨ་དཀར་པོ་དེ་ཡང་ནམ་མཁའི་མཐོང་ལ་དཀར་རྐྱངས་ཀྱིས་སོང་། ཁོང་ཧིཀ་གྱི་ན་ཙམ་ཞིག་བྱས་པས་འོག་རླུང་འཐེན་གྱིས་སོང་། ཁ་རླུང་སྣ་རླུང་ཐད་ཀ་ན་ཚུར་མི་བཏང་བར་ཧྲིལ་ཧྲིལ་དྲིལ་ལ་སྤྱི་བོའ་ཚངས་པའི་བུ་ག་འཕུལ་ལོ། །དབུགས་ཀྱིས་ཐུབ་ཚད་བསྡུས། འདར་ཕྲི་ལི་ལི་ཚངས་པའི་བུ་ག་ལ་འཕུལ་ལོ། །རླུང་མས་ཡར་འཕུལ་བ་ཙམ་གྱིས་ཨ་དེ་ནམ་མཁའི་མཐོང་ལ་ཇེ་མཐོར་སོང་བར་བསམ། སོ་སྒྲ་ཏོག་ཏོག་སྤྱི་བོ་ཚངས་པའི་བུ་ག་ལ་སི་སྒྲ་ཐོན་པ་ཙམ་དུ་འཕུལ་ལོ། །རླུང་མི་ཐུབ་ཚད་བྱུང་ན་ཁ་རླུང་སྣ་རླུང་ཐད་ཀར་བཏང་། ཡི་གེ་ཨ་དེ་མར་ལོག་པར་བསམ་ཡང་ཆོག །མ་གི་ན་ཨ་གཅིག་ཡོད་པར་བསམ་ཡང་ཆོག །ཡང་རྒྱལ་བ་རིགས་ལྔ་ལ་སྐོར་བ་སྒ་ར་ར་འདུག་པར་བསམ། དེ་ཡང་སྐོར་བ་གསུམ་མམ་ལྔའམ་བདུན་ཙམ་བྱས་ནས། ཡང་ཨ་དེ་ནམ་མཁའི་མཐོང་ལ་རྒྱངས་ཀྱིས་སོང་བར་བསམ། ཡང་རླུང་གྱེན་ལ་མགོ་གས་པ་ཙམ་དུ་འཕུལ་ལོ། །དེ་ལྟར་ལན་ཁ་ཡར་བྱས་པས། ཤེས་པ་ཏི་ཐམ་གྱིས་འགྲོ། མགོ་སྦྲིད་ཆིལ་གྱིས་འོང་། སྤྱིར་མགོ་ཐམས་ཅད་ན། སྒོས་སུ་སྤྱི་གཙུག་ན་ཀམ་འོང་། དེ་འཕོ་བ་ཐེབས་པ་ཡིན། དེ་མང་ན་ཟླ་བ་རེ་རེ་ལ་ལན་གསུམ། ཉུང་ན་ལན་གཉིས། ཇི་ལྟར་ཉུང་ཡང་
༤༢༦ལན་གཅིག་གསལ་གདབ། རྟོགས་པ་མཐོ་བ་རྣམས་ལ་བསྲེ་བ་འདི་མི་དགོས། དམའ་བ་རྣམས་ལ་འདི་ལྟར་དུ་བསླབ་པར་བྱ། གཞན་ཚོ་གོང་དང་འདྲ། ཨ་དཀར་པོ་དེ་ནམ་མཁའི་མཐོངས་སུ་སོང་བར་བསམ། རླུང་གིས་འཕུལ་མི་བྱ། ནམ་མཁའི་མཐོང་ལ་ཨ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ། ཨ་ཡང་མི་དམིགས། ནམ་མཁའ་ཡང་མི་དམིགས། དབྱིངས་དང་རིག་པ་གཉིས་སུ་མེད་པར་ཀྲུག་གིས་བསྲེས། ཀུན་རྫོབ་དོན་དམ་གཉིས་མེད། འཁོར་འདས་གཉིས་མེད། ནམ་མཁའི་དཀྱིལ་བཞིན་དུ་ལྷོད་དེ་བཞག །དབྱིངས་དང་རིག་པ་གཉིས་སུ་མེད་པའི་ངང་ལས་རིག་པ་དབང་གཏོད་ལ་ཇི་ལྟར་གནས་ཀྱི་བར་ལ་བཞག །དེ་ལྟར་བཞག་པའི་ངང་ནས། རྟོག་པ་འཕྲོ་འཕྲོ་བྱུང་ན། ཡང་འབད་ནས་བསྲེ་བར་བྱ། རྟོག་པ་དམའ་བ་རྣམས་ལ་འདི་ནན་ཆེན་དགའ། ཤེས་མི་ཤེས་བྱུང་ན་ཐད་ཀའི་སྐྱོན་བསལ། གོང་གི་འཕོ་བ་དྲགས་ནས་སྐྱོན་བྱུང་ན་འདི་ལྟར་འབད་པའི་དམིགས་པ་སྣ་ཁ་གསུམ་དང་པོ་ལུས་ཡི་དམ་གྱི་ལྷར་བསྒོམ། དེའི་ལྟེ་འོག་གསང་གནས་ཀྱི་གོང་ཙམ་གྱི་ཁོང་པའི་ནང་དུ་མེའི་ཨ་དམར་པོ་ལྕགས་ཞུན་བཏང་བའི་མེ་མའི་མདོག་ལྟ་བུ། ཆེ་ཆུང་ཚོན་གང་བ་ཞིག་ལ་དམིགས་པ་གཏད་པས། ཨ་དེ་ལས་མེ་འབར་ཏེ། ཁོང་པའི་ནང་ཐམས་ཅད་མས་ཐོལ་ཐོལ་ཏེ། ནད་གདོན་དང་སྡིག་སྒྲིབ་ཐམས་ཅད་ཐལ་གྱིས་བསྲེགས་པར་བསམ། དམིགས་པ་དེ་ཡུན་རིང་དུ་བཟུང་། དེ་བཞིན་བྱས་པས་ཕེབས་སོ། །དེས་ཀྱང་མ་ཕེབས་ན། སྤྱི་གཙུག་ཏུ་མར་དཀར་ནག་གང་ཡོང་བྱུགས་ལ་དྲོགས་ཙམ་བྱ། རྐང་མཐིལ་ལ་ཡང་བྱུགས་པ་བྱས་ལ། རྐང་ལག་བར་ལ་མེ་འབར་བདོ་བ་ཙམ་མཉེའོ། །དེས་ཕེབས་འོང་། གོང་གི་ཨ་དམར་པོ་དེ་རང་གི་མཚན་མའི་ནང་ནས་ཐོན་ཏེ། མདུན་གྱི་མཐོ་གང་གི་ཐད་ཀར་ཨ་དེ་དམར་རམ་
༤༢༧གྱིས་བྱུང་བར་བསམ། གསལ་བདོ་ཙམ་ན་རང་གི་མཚན་མའི་ནང་ནས་ཚུར་རྒྱངས་ཀྱིས་བྱུང་བར་བསམས་ལ། ནང་དུ་དྲོ་བས་དྲོས་ལ་ཕྱིར་རྒྱངས་ཀྱིས་སོང་བར་བསམ། ད་ཅིའི་ཤུལ་ན་དམར་ཀྲོང་ངེ་འདུག་པར་བསམ། དེ་བཞིན་ཡུན་རིང་དུ་བྱ། དེ་ལྟར་བྱས་པས་མི་ཕེབས་མི་སྲིད་དོ། །འདི་ལ་ལན་ཅིག་ཐེབས་ནས་མ་བརྗེད་པ་ཙམ་བྱེད་པ་གལ་ཆེའོ། །བྱེད་དྲགས་ནས་ཐལ་བ་ལ་ཚེགས་མེད་པས། ཆང་གིས་བཟི་བ་དང་། རླུང་ཤས་ཆེ་བ་དང་། གངས་ཁྲོད་ལྟ་བུར་གསལ་མི་གདབ། ཡོད་པས་ཆོག་པས་འཕོ་བ་ཡིན་ནོ། །འདིས་དབང་པོ་རབ་འབྲིང་ཐ་གསུམ་ཀར་ཟིན། ཡང་བཙན་ཐབས་སུ་དམིགས་པ་བླ་མའི་ཞལ་ལས་ཤེས་སོ། །དབང་པོ་ཐ་མའི་ཐ་མ་ལ། དམིགས་པ་མི་གདབ་བར་དོའ་ངོ་སྤྲོད་བྱའོ། །མ་ཤིའི་བར་ལ་རང་གི་མིག་ནང་ན་རིགས་ལྔའི་སྐུ་འཇའ་ཚོན་གྱིས་སྐོར་བ་ཞིག་ཡོད་པས། དེ་རང་ལ་ངོ་སྤྲོད་བྱའོ། །ཤི་ནས་བར་དོའ་དུས་ཞག་ཉི་ཤུ་ཚུན་ཚང་བདུན་པ་ན་ཆད། ལུས་མེད་ཀྱང་བར་དོ་ཡིད་ཀྱི་ལུས་ཅན་ཡིན་པས། རང་གི་འདོམ་གང་ཙམ་གྱི་མདུན་གྱི་ནམ་མཁའ་ལ། རིགས་ལྔའི་སྐུ་རང་གི་མིག་གི་ནང་དེ་བས་ཀྱང་གསལ་བ་ཞིག །སྐབས་སུ་འཇའ་དང་འོད་ཀྱི་རྣམ་པ་སྒ་ར་ར་ཡོད། དེ་རིགས་ལྔའི་སྐུར་ཤེས་པ་ཙམ་གྱིས་བར་དོར་སངས་རྒྱས་འཐོབ་བོ། །དེ་ལྟར་རིགས་ལྔ་ཡབ་ཡུམ་གྱི་ངོ་སྤྲོད་སྒོའི་ལམ་ཁྱེར་ཞིབ་ཏུ་བསྟན། བར་དོའ་རིག་པ་དགུ་འགྱུར་གྱིས་གསལ་དུ་འགྲོ་བས། ད་ལྟ་བསྟན་པ་ཙམ་གྱིས་རང་ངོ་རང་གིས་ཤེས་པས་བར་དོ་ཁེགས་སོ། །དུད་འགྲོ་དང་ནད་པ་དམིགས་པ་མི་ཤེས་པ་རྣམས་ལ་འདེབས་ན་དམིགས་པ་ཚོ་རང་གིས་བཟུང་། མི་མིན་ན་མགོ་ཐོག་ཏུ་རྟེན་གྱི་རིགས་སྤྱི་གཙུག་ཏུ་སྦྱར་ལ་བཞག །དམིགས་པ་རང་རེས་ཇི་ལྟར་གསལ་བར་འཕུལ་ལོ། །དབྱུགས་ཆད་འདུག་ན་མགོ་ཐོག་ཏུ་
༤༢༨རྟེན་བཞག་མི་དགོས་སོ། །དྲོད་མ་ཡལ་བར་འདུག་ན་དམིགས་པ་འཕུལ་དྲག་པོ་བྱའོ། །སྤྱི་གཙུག་ཏུ་སྔར་མ་ཐོན་པ་ལ་སེན་བཙུགས་ལ་སོགས་པ་བྱའོ། །དུད་འགྲོ་དཔྲལ་བར་གཙུག་ཡོད་པ་རྣམས་ལ། གཙུག་དེ་རང་ལ་སེན་བཙུག་གམ་ཁུ་ཚུར་བརྡེག་གོ་།གཙུག་མེད་པ་རྣམས་ལ་རྭ་བ་ར་དུ་བྱ། རྭ་མེད་པ་ལ་དེའི་ཐད་ཀར་སེན་ཙག་གམ་ཁུར་རམ། རྡོ་དང་ཤིང་ལ་སོགས་པས་ཏུག་ཏུག་བྱ། དམིགས་པ་མི་དང་འདྲ་སྟེ། གང་ལའང་གསལ་ལ་དྲག་ཏུ་འཕུལ་ལོ། །འདི་ལྟར་བྱས་པས་ཐེབས་པའི་རྟགས་ནམ་མཁའ་ལ་འཇའ་དང་འོད་ཀྱིས་ཁེངས་པའམ། སྤྱི་བོར་རླངས་པ་བུན་པའམ། སྣུམ་པ་ལ་སོགས་པ་འབྱུང་ངོ་། །རོ་གྲང་ཐག་ཆོད་པ་མིན་པ་གང་ལའང་མི་ཐེབས་པ་མི་ཡོང་། འདི་འདེབས་པའི་ཞིང་ནི་འདི་རྣམས་སོ། །འགྲོ་དོན་ཆེན་པོ་འོང་བའི་རིགས་རྣམས་སོ། །གྲྭ་ས་ཆེན་པོའ་བན་བཙུན་གྱི་རིགས་རྣམས་སོ། །ཡོན་བདག་ཕོ་མོ་དད་པ་ཅན་རྣམས་དང་ཨར་ཁྲིད་དང་སྒོམ་མེད་པ་རྣམས་ལ་སྦྱིན་ནོ། །འདི་འདེབས་པའི་དུས་སུ་མཁའ་འགྲོ་སྡེ་ལྔའི་སྐུའམ། རས་བྲིས་སམ། མཎྜལ་གྱི་སྟེང་དུ་ཕྱོགས་ཚོན་ལྟ་བུར་གཅིག་བཤམ་གཏོར་མ་ཚོགས་འཁོར་བྱ། འདི་ལ་གསེར་གྱི་མཎྜལ་ལ་སོགས་རྒྱུ་དང་བསྟུན་ལ་འབུལ་དུ་གཞུག །འདི་སྒུར་སྐྱོན་ཅན་དང་། སྙིང་རླུང་ཅན་དང་། སེམས་གཅོང་ཅན་ལ་མི་སྦྱིན་ནོ། །མཁའ་འགྲོ་རྣམས་ཀྱི་དམིགས་པ་གཅིག་ཏུ་དྲིལ་བ། འཁོར་བ་བཙན་ཐབས་སུ་གཅོད་པ་འཕོ་བ་དོན་གྱི་གྲོང་འཇུག་འདི། སྙིགས་མར་ཕན་ཕྱིར་གཏེར་དུ་སྦས། །འགྲོ་བ་མ་ལུས་དྲང་བར་ཤོག །།།།། རྒྱ་རྒྱ་རྒྱ། སརྦ་དཱ་མངྒ་ལཾ།། །།

༄༅། །སྐྱེ་མེད་ཞང་རིན་པོ་ཆེས་མཛད་པའི་ཕྱག་རྒྱ་ཆེན་པོའི་ལམ་མཆོག་མཐར་ཐུག་བཞུགས་སོ༎ ༎

༤༢༩ སྐྱེ་མེད་ཞང་རིན་པོ་ཆེས་མཛད་པའི་ཕྱག་རྒྱ་ཆེན་པོའ་ལམ་མཆོག་མཐར་ཐུག་བཞུགས་སོ།། །།
༤༣༠དཔལ་ལྡན་བླ་མ་རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི། །ཐུགས་རྗེའི་ཕྲིན་ལས་མཐར་ཐུག་དབང་བསྐུར་བའི། །རྟོགས་ལྡན་བླ་མའི་ཞབས་ལ་གུས་བཏུད་ནས། །སྡེ་སྣོད་རྒྱུད་སྡེ་ཐེག་མཆོག་མཐའ་དག་གི་།བཅུད་ཀྱི་ཡང་སྙིང་བདེ་གཤེགས་ཀུན་གྱི་ཐུགས། །རྣལ་འབྱོར་དབང་ཕྱུག་ཐུགས་ནས་ཐུགས་སུ་བརྒྱུད། །ཟུར་མཚོན་རྩེ་གཅིག་སྐྱོན་བྲལ་སྤྲོ་བས་འགོད། །གཞན་དོན་སྦྱངས་སྟོབས་བདག་ལ་མེད་མོད་ཀྱི། །དམ་ཆོས་རྗེས་འབྲངས་གུས་པའི་བློ་གྲོས་ཅན། །སློབ་མས་རབ་བསྐུལ་བརྩོན་འགྲུས་གྲགས་པ་ཡིས། །རྒྱལ་བ་སྲས་བཅས་མ་ལུས་སྐྱེད་པའི་ཡུམ། །སྦྱངས་ཅན་སྐལ་ལྡན་རྣམས་ཀྱིས་རྟོགས་བྱ་བ། །རྗེ་བཙུན་བརྒྱུད་པ་རྣམས་ཀྱི་ཐུགས་ཀྱི་མཛོད། །ལུང་རིག་མན་ངག་མ་ལུས་ཐེག་པའི་བཅུད། །ངེས་དོན་མཐར་ཕྱིན་སྙིང་པོ་ཆོས་ཀྱི་སྐུ། །ངོ་བོ་ཉིད་ཀྱིས་རྣམ་དག་འོད་གསལ་དབྱིངས། །དུས་གསུམ་རྒྱལ་བ་བྱོན་རུང་མ་བྱོན་རུང་། །འཕགས་པའི་ཚོགས་ཀྱིས་རྟོགས་རུང་མ་རྟོགས་རུང་། །ཐུབ་པ་རྣམས་ཀྱིས་གསུངས་རུང་མ་གསུངས་རུང་། །དགོངས་འགྲེལ་མཁན་པོས་དཀྲོལ་རུང་མ་བཀྲོལ་རུང་། །ཆོས་ཉིད་
༤༣༡འོད་གསལ་སྤྲོས་བྲལ་རྣམ་དག་འདི། །ཡེ་ནས་ལྷུན་གྲུབ་འཕེལ་འགྲིབ་མེད་པར་གནས། །ནམ་མཁའ་དག་ལ་འཇིག་རྟེན་ཆགས་འཇིག་གི་།མེ་ཡིས་བསྲེགས་དང་རླུང་གིས་གཏོར་ལ་སོགས། །བསྐལ་པ་དཔག་མེད་མང་པོར་གནོད་བྱས་ཀྱང་། །མཁའ་ལ་མི་གནོད་འཕེལ་འགྲིབ་མེད་པ་ལྟར། །ཉི་འོད་ཡེ་གསལ་སྤྲིན་གྱིས་རབ་བསྒྲིབས་པས། །མུན་པར་འཐིབས་དང་སྤྲིན་ཚོགས་ཡལ་བའི་ཚེ། །གསལ་བར་གྱུར་བའི་འཕེལ་འགྲིབ་ལྟར་སྣང་གི་།ཉི་མའི་སྙིང་པོ་འཕེལ་དང་འགྲིབ་མི་སྲིད། །དེ་ལྟར་གནས་པའི་འགྱུར་མེད་ཆོས་སྐུ་འདི། །རང་གི་སེམས་ལས་མ་གཏོགས་གཞན་ན་མེད། །སྣ་ཚོགས་འཁོར་འདས་མ་ལུས་སེམས་ལ་ཤར། །རང་སེམས་མ་རྟོགས་ཕྱིན་ལོག་འཁྲུལ་སྣང་གིས། །དཀྲུགས་པས་འཁོར་བའི་སྣོད་བཅུད་སྡུག་བསྔལ་འཕེལ། །རང་སེམས་ངེས་རྟོགས་མྱ་ངན་འདས་པ་ཡི། །ཡེ་ཤེས་མཐའ་ཡས་བདེ་བ་ཆེན་པོ་ཤར། །དེ་ཕྱིར་མ་ལུས་རང་གི་སེམས་ཉིད་ལས། །འཕྲོས་ཕྱིར་རང་སེམས་ཆོས་ཉིད་ངོ་ཤེས་ན། །སེམས་ཅན་ཀུན་གྱི་ཆོས་ཉིད་ཤེས་པར་འགྱུར། །དེ་ཤེས་མྱ་ངན་འདས་སོགས་ཆོས་ཀུན་ཤེས། །ཆོས་ཀུན་ཡོངས་ཤེས་ཁམས་གསུམ་ཀུན་ལས་འདའ། །གཅིག་ཤེས་པས་ནི་
༤༣༢ཀུན་ལ་མཁས་པར་འགྱུར། །རྩ་བ་འགྱེལ་བས་ལོ་འདབ་ངང་གིས་འགྱེལ། །དེ་ཕྱིར་རང་སེམས་གཅིག་པུ་གཏན་ལ་དབབ། །ཀུན་གྱི་ས་བོན་རང་སེམས་གནས་ལུགས་འདི། །རྒྱལ་བ་སྲས་བཅས་ཀུན་གྱི་ཐུགས་དང་ནི། །ཡེ་ནས་ཁྱད་མེད་སྐྱེ་མེད་ཆོས་སྐུར་གནས། །བེམ་པོ་མ་ཡིན་རང་རིག་རང་གིས་གསལ། །དངོས་པོར་མ་གྲུབ་མདོག་དབྱིབས་ཚད་ཀྱིས་སྟོང་། །དངོས་མེད་མ་ཡིན་རྐྱེན་གྱིས་ཅིར་ཡང་འཆར། །རྟག་པར་མི་འགྱུར་ངོ་བོ་ཉིད་ཀྱིས་སྟོང་། །ཆད་པར་མི་འགྱུར་རང་གསལ་ངོ་བོ་ཉིད། །བདག་ཏུ་མ་གྲུབ་བརྟགས་ན་སྙིང་པོ་མེད། །བདག་མེད་མ་ཡིན་སྤྲོས་བྲལ་བདག་ཉིད་ཆེ། །མཐའ་རྣམས་མ་གྲུབ་འཛིན་པ་གང་ཡང་མེད། །དབུ་མར་མ་གྲུབ་ལྟོས་པ་ཀུན་ལས་དབེན། །དཔེ་ཡི་མིང་དང་མཚོན་བྱའི་ངོས་བཟུང་མེད། །དཔེ་མེད་ནམ་མཁའ་ལྟ་བུའོ། ༈ །ཚིག་དུ་མ་གྲུབ་བརྗོད་པས་བསྙད་དུ་མེད། །ཚིག་བྲལ་མ་ཡིན་བརྗོད་པ་ཀུན་གྱི་རྒྱུ། །ཡོད་དང་མེད་དང་བདེན་དང་བརྫུན་པ་དང་། །སྟོང་དང་མི་སྟོང་ཞི་དང་མ་ཞི་དང་། །སྤྲོས་པ་ཡོད་དང་སྤྲོས་པ་མེད་པ་དང་། །བསམ་དུ་ཡོད་དང་བསམ་གྱིས་མི་ཁྱབ་དང་། །བདེ་དང་སྡུག་དང་དམིགས་པ་ཡོད་མེད་དང་། །གཉིས་དང་གཉིས་མེད་བློ་ལས་འདས་མ་འདས། །དབེན་དང་མི་དབེན་གྲུབ་དང་མ་གྲུབ་དང་། །དག་དང་མ་དག་ལྷུན་གྱིས་གྲུབ་མ་གྲུབ། །དེ་འདྲའི་ཚིག་ཚོགས་བརྗོད་པས་ཐུག་པ་མེད། །ཇི་ཙམ་ཟབ་པའི་རྗོད་པའི་ཚིག་ཚོགས་ཀྱིས། །རྣམ་གྲངས་དུ་མར་བརྗོད་པར་བྱས་གྱུར་ཀྱང་། །སེམས་ཀྱི་གནས་ལུགས་ཐོག་ཏུ་ཕེབས་མི་སྲིད། །ཇི་ཙམ་མཁས་ཤིང་ཟབ་པའི་བརྟགས་དཔྱད་ཀྱིས། །བསྐལ་པ་དཔག་མེད་མང་པོར་བརྗོད་བྱས་ཀྱང་། །རང་བཞིན་གཉུག་མ་བརྟག་པའི་ཡུལ་མིན་ཕྱིར། །སེམས་ཀྱི་གནས་ལུགས་རྟོགས་པ་མི་སྲིད་དོ། །དཔེར་ན་རྒྱ་མཚོར་ཤར་བའི་གཟའ་སྐར་དེ། །དར་ཚགས་ཇི་ཙམ་བཟང་བས་བཙགས་བྱས་ཀྱང་། །གཟའ་སྐར་དངོས་པོ་དམིགས་སུ་མེད་
༤༣༣པའི་ཕྱིར། །གཟའ་སྐར་གཅིག་ཀྱང་ཟིན་པ་མི་སྲིད་དོ། །ཇི་སྲིད་ཚིག་ཏུ་བརྗོད་པ་དེ་སྲིད་དུ། །མིང་འདོགས་ཇི་ཙམ་ལེགས་རུང་གནས་ལུགས་མིན། །ཇི་སྲིད་ཡིད་ཀྱིས་དཔྱད་བཟོད་དེ་སྲིད་དུ། །ཇི་ཙམ་ཟབ་པར་རྟོགས་ཀྱང་གནས་ལུགས་མིན། །བལྟ་བྱ་ལྟ་བྱེད་གཉིས་འཛིན་དེ་སྲིད་དུ། །གཉིས་སུ་མེད་པའི་གནས་ལུགས་རྟོགས་མི་སྲིད། །མདོར་ན་ཡིན་སྙམ་མཐའ་དག་ཞེན་པའི་རྩ། །ཞེན་པའི་རྩ་བས་འཁོར་བ་མཐའ་དག་སྤེལ། །སྟོང་པ་ཉིད་ཡིན་སྙམ་དུ་འདུ་ཤེས་དང་། །མཚན་མ་མེད་དང་སྨོན་པ་མེད་སྙམ་དང་། །ངོས་བཟུང་མེད་སྙམ་རྣམ་པར་དག་སྙམ་དང་། །སྐྱེ་བ་མེད་སྙམ་དམིགས་སུ་མེད་སྙམ་དང་། །རང་བཞིན་མེད་སྙམ་སྤྲོས་པས་དབེན་སྙམ་དང་། །ངག་དང་ཡིད་དཔྱོད་ཡུལ་མིན་སྙམ་པ་དང་། །མ་བྱས་ལྷུན་གྱིས་གྲུབ་པ་སྙམ་ལ་སོགས། །ཇི་ཙམ་ཟབ་ཅིང་སྟོང་པར་འདུ་ཤེས་ཀྱང་། །རློམས་སེམས་མཚན་མ་དག་ལས་མ་གཡོས་པས། །མཚན་མའི་ཞེན་པས་ཕྱིར་ཞིང་དམན་པར་ལྷུང་། །དམན་པའི་ལས་ཀྱིས་རྣམ་སྨིན་རྒྱུན་མི་འཆད། །འཁོར་གཅོད་མི་འབྱིན་ཕྱིར་ཞིང་ནད་རབ་ལྡང་། །བློས་བྱས་ལྟ་བ་མཁན་གྱི་སྒོམ་ཆེན་རྣམས། །ཕྱོགས་འཛིན་ཞེན་པའི་ནད་གཅོད་ཞུགས་པར་མཆིས། །སྙམ་བྲལ་ལྷན་ཅིག་སྐྱེས་པར་མཁྱེན་པར་མཛོད། །དྲང་བའི་དོན་དུ་སྒྲོ་བཏགས་ཙམ་དུ་ཟད། །གནས་ལུགས་ངེས་དོན་འདི་ཡིན་ཞེས་བྱ་བ། །ཐུབ་པས་ཀྱང་ནི་གཟིགས་པ་ཡོད་མི་སྲིད། །ཁོ་བོས་སྨྲས་པ་འདིས་ཀྱང་མི་དཔོགས་ཏེ། །མཛུབ་མོས་ཟླ་བ་མཚོན་པ་བཞིན་དུ་རྟོགས། །དེ་ལྟར་ཤེས་ན་ཐ་སྙད་ཚིག་ཚོགས་ཀྱིས། །སྒྲིབ་པར་མི་འགྱུར་ཚིག་གི་སྐྱོན་མི་གོས། །དེ་ཕྱིར་ཚིག་དང་བརྟག་དཔྱད་མི་སྤང་ཞིང་། །དོན་དུ་རློམ་པས་ཞེན་པ་ཡང་མི་བྱ། །དེ་ལྟ་བུ་ཡི་རང་སེམས་ཆོས་ཉིད་དེ། །ཉོན་མོངས་རྣམ་རྟོག་ཕུང་པོ་ཁམས་དང་ནི། །སྐྱེ་མཆེད་ལ་སོགས་སེམས་ཅན་མཐའ་མཉམ་དང་། །ས་རྡོ་རྩི་ཤིང་ལ་སོགས་སྣོད་ཀུན་ཁྱབ། །
༤༣༤མདོར་ན་ཕྱི་ནང་དངོས་པོ་ལ་སོགས་པ། །མ་ལུས་ལུས་པ་མེད་པ་ཀུན་ལ་ཁྱབ། །ཁྱབ་ཀྱང་ཁྱབ་བྱ་ཁྱབ་བྱེད་གཉིས་སུ་མེད། །བདག་ཉིད་ཆེན་པོ་གཅིག་གི་ཆོ་འཕྲུལ་ཡིན། །རྒྱ་མཚོར་ཤར་བའི་གཟའ་སྐར་ཐམས་ཅད་ལ། །རྒྱ་མཚོས་ཁྱབ་མོད་གཉིས་སུ་དབྱེར་མི་ཕྱེད། །ཆུ་ཉིད་འཁྱམས་པའི་རྦ་རླབས་ཐམས་ཅད་ལ། །ཆུ་ཡིས་ཁྱབ་མོད་ཇི་ལྟར་དབྱེ་རུ་མེད། །བར་སྣང་དག་ལ་སྨིག་རྒྱུ་གཡོ་བ་ལ། །བར་སྣང་དག་གིས་ཁྱབ་མོད་དབྱེར་མི་ཕྱེད། །གསེར་ལས་བྱས་པའི་སྐུ་དང་རྒྱན་ལ་སོགས། །གསེར་གྱིས་ཁྱབ་མོད་ཇི་ལྟར་དབྱེར་མི་ཕྱེད། །བུ་རམ་ལས་བྱས་འགྲོ་དྲུག་གཟུགས་བརྙན་ལ། །བུ་རམ་དག་གིས་ཁྱབ་སྟེ་དབྱེར་མི་ཕྱེད། །འཇའ་ཚོན་དག་ལས་ནམ་མཁའ་ལོགས་ན་མེད། །ནམ་མཁའ་ལས་ཀྱང་གཞའ་ཚོན་གཞན་ན་མིན། །གཞའ་ཚོན་ནམ་མཁའ་མཁའ་ཉིད་གཞའ་ཚོན་ནོ། །ཐ་དད་མ་ཡིན་དབྱེར་མེད་བཅད་དུ་མེད། །དེ་བཞིན་སེམས་དང་སྣ་ཚོགས་དབྱེར་མི་ཕྱེད། །སེམས་དང་སྟོང་པ་མི་ཕྱེད་སྟོང་པ་དང་། །བདེ་བ་མི་ཕྱེད་ཆེན་པོ་མཉམ་པ་ཉིད། །དེ་བཞིན་སྲིད་དང་མྱང་འདས་དབྱེར་མི་ཕྱེད། །དེ་ལྟར་ཁྱབ་པའི་སེམས་ཉིད་ཕྱག་རྒྱ་ཆེ། །རང་བཞིན་སྟོང་པས་ཅིར་ཡང་ངོས་བཟུང་མེད། །མཚན་ཉིད་རིག་པའི་ཆོ་འཕྲུལ་ཅིར་ཡང་གསལ། །ངོ་བོ་དབྱེར་མེད་ཟུང་འཇུག་རྡོ་རྗེ་སེམས། །ཟད་མེད་སྟོར་མེད་རླག་མེད་སུས་ཀྱང་ནི། །འཕྲོག་པར་མི་ནུས་ནམ་མཁའ་མཛོད་ཀྱི་སེམས། །དྲི་མས་མ་གོས་ཤེལ་ལྟར་དག་པའི་སེམས། །རང་རིག་རང་གསལ་མར་མེ་ལྟ་བུའི་སེམས། །རང་བཞིན་འོད་གསལ་བྱང་ཆུབ་སྙིང་པོའ་སེམས། །རྒྱུན་ཆད་མེད་པ་ཆུ་བོ་ལྟ་བུའི་སེམས། །ངོས་བཟུང་མེད་པ་བར་སྣང་ལྟ་བུའི་སེམས། །ཕྱི་ནང་མེད་པ་ཡེ་ཤེས་ཟང་ཐལ་སེམས། །འཁར་གཞོང་གཙང་མ་ཆུ་ཡིས་བཀང་བ་འདྲ། །བག་ཆགས་གཟུགས་བརྙན་མ་ལུས་འཚང་བའི་སེམས། །མེ་ལོང་གཡའ་མེད་ཕྱིས་པའི་ངོས་དང་འདྲ། །ལྟ་བའི་ལེའུའོ། ༈ །དེ་ལྟར་གནས་པའི་རང་སེམས་གཉུག་
༤༣༥མ་དེ། །མ་རྟོགས་ལོག་པར་རྟོག་པའི་རྐྱེན་དབང་གིས། །བདག་དང་བདག་གིར་འཛིན་པའི་སྒྲོ་བཏགས་ནས། །ཕྱིན་ཅི་ལོག་པའི་མཐུ་ཡིས་ཉོན་མོངས་དང་། །རྣམ་པར་རྟོག་པའི་ཚོགས་རྣམས་རབ་ཏུ་འཕེལ། །དེ་ཡིས་ལས་བསགས་ལས་ཀྱི་རྣམ་སྨིན་གྱིས། །འཁོར་བའི་ཆུ་བོ་མི་བཟད་རྦ་ཀློང་དུ། །སྐྱེ་ཤི་ལ་སོགས་སྡུག་བསྔལ་མི་བཟད་པས། །གཡེངས་ཤིང་གཡེངས་ཤིང་རྒྱུན་ཆད་མེད་པར་མནན། །འགྲོ་བ་རིགས་དྲུག་སྣང་བ་སྣ་ཚོགས་ལ། །ལོག་པར་མཐོང་བའི་བག་ཆགས་སྣ་ཚོགས་ཀྱིས། །སེམས་ལ་ཚང་བྱས་རྣམ་པར་རྟོག་པ་སྤེལ། །ཕྱིན་ཅི་ལོག་གི་སྤྱོད་ངན་སྣ་ཚོགས་ཀྱིས། །བཟོད་གླགས་མེད་པའི་སྡུག་བསྔལ་སྣ་ཚོགས་ལ། །རྒྱུན་ཆད་མེད་པར་ཡང་དང་ཡང་དུ་མྱོང་། །མྱོང་བ་ཉིད་ཀྱིས་གཏི་མུག་ཕྱིར་ཕྱིར་འཕེལ། །མ་གོ་ལུས་ཀྱིས་འདོད་ཆགས་ཁོང་ཁྲོ་དང་། །ང་རྒྱལ་ཞེ་འདོད་སེར་སྣ་ལ་སོགས་ཀྱིས། །རང་སེམས་ཡང་ནས་ཡང་དུ་དཀྲུགས་པར་བྱེད། །ཀྱེ་མ་འཁོར་བ་འདི་ལ་སུ་ཡིད་གཏོད། །རང་སེམས་གཉུག་མའི་གནས་ལུགས་རྟོགས་གྱུར་ན། །ལོག་པར་རྟོག་པའི་མུན་པ་སངས་པར་འགྱུར། །བདག་འཛིན་ཉོན་མོངས་ཞེན་པ་ལས་གྲོལ་ཏེ། །ལས་དང་སྡུག་བསྔལ་ཀུན་ལས་ངེས་པར་ཐར། །ཡེ་ནས་གནས་པའི་ཆོས་སྐུ་མངོན་དུ་གྱུར། །སྨོན་ལམ་འཕེལ་བས་གཞན་དོན་འབད་མེད་འགྲུབ། །རྒྱུ་བདེ་ལམ་བདེ་འབྲས་བུའི་དུས་སུ་བདེ། །མྱ་ངན་འདས་པའི་རྟེན་འབྲེལ་དང་རེ་སྤྲོ། །རྒྱུ་དང་ལམ་དང་འབྲས་བུར་སྡུག་བསྔལ་བའི། །ཁམས་གསུམ་འཁོར་བའི་སྡུག་བསྔལ་ཞེ་རེ་འཇིགས། །དེས་ན་འཁོར་བའི་འདམ་ལས་བྲོས་ནས་ནི། །མྱ་ངན་འདས་པའི་སྐམ་སར་ཅིས་མ་བསྙག །མྱ་ངན་འདས་པའི་ཆོས་ལ་གང་སྤྲོ་དེས། །དང་པོར་ཆོས་ལ་ཞུགས་མ་ཐག་ནས་ཀྱང་། །དད་པ་དགེ་བའི་ཕྱོགས་སུ་བློ་སོང་བས། །བཞིན་མདོག་ངན་ཡང་ཀུན་གྱི་ཡིད་འོང་ན། །བཞིན་ལྡན་ཆོས་ལ་ཞུགས་རྣམས་སྨོས་ཅི་དགོས། །སྙན་གྲགས་སྤངས་ཀྱང་ཀུན་གྱིས་
༤༣༦སྙན་པ་སྒྲོག །བཀུར་བསྟི་སྤངས་ཀྱང་ཀུན་གྱིས་བཀུར་བསྟི་བྱེད། །དམའ་ས་བཟུང་ཡང་ཀུན་གྱིས་གོང་དུ་འཁུར། །སྡུག་བསྔལ་བསྒྲུབས་ཀྱང་མི་ཚེ་སྐྱིད་ལ་སྐྱེལ། །དབུལ་པོར་གྱུར་ཀྱང་ལོངས་སྤྱོད་ཡོ་ལང་བྱེད། །ལྟོ་གོས་འབད་པ་མེད་པར་ཤུགས་ལ་འབྱུང་། །གཅིག་པུར་བྲོས་ཀྱང་འཁོར་སློབ་ཚོགས་དང་འཕྲད། །སྐྲོད་པ་མེད་ཀྱང་ལོག་འདྲེན་བགེགས་རྣམས་འབྲོས། །བོས་པ་མེད་ཀྱང་ལྷ་དང་ཆོས་སྐྱོང་འདུ། །ཆགས་སྡང་ང་རྒྱལ་སོགས་ཀྱིས་ཀུན་བསླངས་ནས། །ཁྲམ་ཟོལ་གཡོ་སྒྱུ་གཙོ་བོར་སྤྱད་བྱས་ཀྱང་། །ཐོས་པ་ལ་སོགས་ཡོན་ཏན་དམ་དུམ་ཀུན། །ཆུད་མི་ཟ་བར་ཡོན་ཏན་ཚོད་ཀ་ལ། །ལོངས་སྤྱོད་བྱེད་པ་རྣམས་ལ་མངོན་སུམ་གཟིགས། །ང་རྒྱལ་ལ་སོགས་ཉོན་མོངས་མཉམ་པོ་ལ། །ཐོས་པ་བག་ཙམ་བྱས་དེས་མི་ཆེན་བྱེད། །དགེ་བའི་གཟུགས་བརྙན་དམ་དུམ་སྤྱོད་པ་ཀུན། །ཡོན་ཏན་དམ་དུམ་ཀུན་ཀྱང་མི་སླུ་ན། །དམ་ཆོས་གཤའ་མར་སྤྱོད་རྣམས་སྨོས་ཅི་དགོས། །བདག་པོ་མེད་པའི་རི་བྲག་ལུང་སྟོང་ན། །ཚུལ་འཆོས་མེད་པའི་སྤྱོད་པ་བག་རེ་ཡངས། །མི་དྲན་མེད་པའི་སྐྱིད་ཤ་ཨ་རེ་མནོག །འཕྱ་ལྟོས་མེད་པའི་རི་དྭགས་འགྲོགས་རེ་བདེ། །ཚུལ་ཁྲིམས་གཙང་མའི་ཟས་གོས་དྲོ་ལ་མཛེས། །མ་ཆགས་ཆོག་ཤེས་ནོར་རྫས་ཟད་པ་མེད། །བཟོད་པའི་གོ་ཆ་འཐུག་ཅིང་སྲ་ལ་ཡང་། །ཤུགས་ཀྱིས་མགྱོགས་པའི་བརྩོན་འགྲུས་རྟ་རེ་བཟང་། །བྱིན་ཅན་བླ་མ་དཀོན་མཆོག་སྐྱབས་རེ་བཟང་། །ཐབས་ལམ་གནད་ཀྱི་གདམས་ངག་ཉམས་རེ་དགའ། །བདེ་གསལ་མི་རྟོག་ཏིང་འཛིན་ཞེ་རེ་ཞིམ། །རང་རིག་དྲི་མེད་སྟོང་པ་འོད་རེ་གསལ། །གཞི་མེད་ཅིར་ཡང་འཆར་བ་རྒོད་རེ་བྲོ། །གང་ཤར་དབྱིངས་ལ་མ་གཡོས་བློ་རེ་བདེ། །ཉམས་མྱོང་བདུད་རྩིས་ཚིམས་པས་ཁ་རེ་ངོམས། །སྤྲོས་བྲལ་ནང་ནས་ཤར་བས་སེམས་རེ་གཙང་། །རྟོག་པའི་རང་བཞིན་ཤེས་པས་ཐག་རེ་ཆོད། །རིག་པའི་མཛོད་ལ་དབང་ཕྱུག་ཞེ་རེ་ཕྱུག །སྣང་སྲིད་ཆོས་སྐུར་ལོངས་སྤྱོད་ཨ་རེ་སྐྱིད། །སྣང་
༤༣༧གྲགས་ཁ་ལ་སྒྱུར་བས་དབང་རེ་ཆེ། །ལོག་རྟོག་བདུད་དམག་ཐུལ་བས་ཁ་རེ་དྲག །འཁོར་བའི་དོང་ནས་ཐེན་པས་ཕོ་རེ་ཤོར། །འགྲོ་དོན་ཤུག་ཀྱིས་འགྲུབ་པས་ཕན་རེ་ཆེ། །བདེ་ཆེན་ཐང་ལ་རྒྱུག་པས་བང་རེ་མགྱོགས། །དེ་སོགས་སྒྲུབ་ལ་བརྩོན་པའི་ཡོན་ཏན་རྣམས། །བསྐལ་པར་བརྗོད་ཀྱང་ཟད་མེད་བརྗོད་མི་ལང་། །སྒྲུབ་ལ་བརྩོན་པའི་ཡོན་ཏན་དེ་འདྲ་ན། །དྲོད་རྟགས་ཐོབ་པའི་ཡོན་ཏན་སྨོས་ཅི་དགོས། །རྫུ་འཕྲུལ་སྟོབས་དང་མངོན་ཤེས་ལ་སོགས་པའི། །ཡོན་ཏན་བསྐལ་པར་བརྗོད་ཀྱང་ཐུག་པ་མེད། །དྲོད་རྟགས་ཐོབ་པའི་ཡོན་ཏན་དེ་འདྲ་ན། །སྐུ་གསུམ་མངོན་གྱུར་ཡོན་ཏན་སྨོས་ཅི་དགོས། །བླ་མེད་ཡེ་ཤེས་བསམ་ཡས་ལ་སོགས་པའི། །རྒྱལ་བའི་ཡོན་ཏན་བརྗོད་པས་ཟད་མི་སྲིད། །འཁོར་འདས་སོ་མཚམས་ཤན་དབྱེ་བའི་ལེའུའོ། ༈ །ཇི་ཙམ་ཚིག་ལ་མནོ་ཞིང་དཔྱོད་མཁས་ཀྱང་། །ཉམས་སུ་མ་བླངས་ནང་ནས་མ་ཤར་བས། །བློ་ཡི་བརྟགས་པས་གནས་ལུགས་རྟོགས་མི་སྲིད། །གནས་ལུགས་མ་རྟོགས་བག་ཆགས་འབྱོང་མི་སྲིད། །དེ་ཕྱིར་ཚིག་དང་རྟོག་གེའི་ཤེས་རབ་ལ། །མ་ཞེན་བླ་མའི་གདམས་ངག་ཉམས་སུ་ལོང་། །ནེ་ཚོའ་འདོན་པ་སག་ཤིའི་གླུར་སོང་ནས། །བདག་གཞན་མ་མཐོང་གཡང་སར་ལྷུང་ཉེན་གདའ། །དམ་པའི་གདམས་ངག་ཉམས་སུ་བླང་བའི་ཚེ། །ལུས་དང་སྲོག་ལ་མ་ཆགས་བྱ་བ་ཐོང་། །ལྟོག་འཁྱགས་ནའམ་མུ་གེས་ཤི་ཡང་བླའི། །ཐམས་ཅད་རྨི་ལམ་ཡིན་གྱིས་བོར་ལ་ཐོབ། །ཀུན་གྱིས་བརྙས་དང་གྲགས་ངན་ཕོག་ཀྱང་རུང་། །དམན་ས་བཟུང་ལ་སྒྲུབ་པ་སྙིང་པོར་འབུངས། །འཇིག་རྟེན་བྱ་བ་མ་ཐེངས་པ་ཡི་རྒྱུ། །འཁྱགས་གྲིར་ལྟོགས་གྲིར་ཤི་ཡི་དོགས་པས་ལན། །སྤྲང་བན་ཞང་གི་ཡོན་ཏན་བག་ཙམ་འདི། །ལུས་སྲོག་འབེན་དུ་བཙུགས་པའི་བཀའ་དྲིན་ལགས། །ནོར་རྫས་ཁབ་སྐུད་ཡན་ཆད་སྤངས་གྱུར་ཀྱང་། །འཚོ་བའི་སེམས་ཁྲལ་བྱེད་ན་སྤངས་པ་མིན། །ང་མི་འདོད་ཀྱི་བསམ་པ་མ་སྤངས་ན། །འཇིག་རྟེན་བྱ་བ་
༤༣༨ཐོངས་པའི་དུས་མི་མཆི། །འཇིག་རྟེན་མཐའ་དག་བློ་ཡིས་མ་བཏང་ན། །གཏོང་ཕོད་བྱས་དང་ཚུལ་ཁྲིམས་བསྲུངས་པ་དང་། །བླ་མ་མཆོད་དང་དབེན་པ་བསྟེན་པ་དང་། །བསམ་གཏན་འབད་དང་ཉམས་མྱོང་བཟང་སྙམ་དང་། །ཤེས་རབ་ཆེ་དང་རྟོགས་པ་མཐོ་ལ་སོགས། །དགེ་སྦྱོར་ཅི་བྱས་ངལ་བ་དོན་མེད་ཡིན། །འཇིག་རྟེན་བློ་ཡིས་གཏོང་བ་མ་གོ་ན། །ལྷ་མིའི་བདེ་སྐྱིད་ལ་ཡང་མི་བསམ་ན། །ཚེ་འདིའི་སྐྱིད་སྡུག་བསམ་པ་སྨོས་ཅི་འཚལ། །ཇི་སྲིད་རྣམ་རྟོག་མ་ཟད་བར་དུ་ནི། །སང་བྱ་གནང་བྱའི་བྲེལ་བ་ཤོར་མེ་སྲིད། །ལིངས་ཀྱིས་བོར་ལ་དམ་པའི་ཕྱག་ཕྱིར་འབྲེང་། །གདམས་པའི་མཛོད་ལ་རང་བུན་ཚུད་པ་དང་། །ཕྱི་ནང་བདུད་ཀྱི་དཔུང་གིས་མི་ཚུགས་དང་། །ཚུལ་ཁྲིམས་གཙང་མ་ངོ་ལྐོག་མེད་ལ་སོགས། །ཆིག་རྐྱ་ཐུབ་ནས་གཅིག་པུར་རི་ཁྲོད་འགྲིམ། །ཚུལ་འཆོས་མེད་པའི་ཚུལ་ཁྲིམས་གཙང་ལྡན་པས། །ཞེན་འཁྲིས་ཉེ་རིང་མེད་པའི་ཕན་སེམས་ཀྱིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །ཐང་ལྷོད་མེད་པའི་སྒྲུབ་པ་གཤའ་མར་འབད། །ཚ་གྲང་བཀྲེས་སྐོམ་སྲོག་གི་བར་ཆད་སོགས། །སྙན་གྲགས་ཟང་ཟིང་ཕྱོགས་སུ་མ་ཤོར་བར། །ཇི་ལྟར་གསུངས་པའི་གདམས་ངག་ཉམས་སུ་བླང་། །བྱ་བ་བཏང་བའི་ལེའུའོ། ༈ །སེམས་ཅན་ཤེས་པ་བསམ་ཡས་ཤིང་། །དབང་པོའ་བྱེ་བྲག་བསམ་མི་ཁྱབ། །སྦྱངས་པ་ཆེ་ཆུང་ཁྱད་པར་གྱིས། །རྒྱལ་བའི་ཐོག་མཐའ་ཟད་པ་མེད། །མདོར་བསྡུས་གདམས་ངག་རྣམ་པ་གསུམ། །སྦྱངས་པ་ཆེ་ཆུང་ཁྱད་པར་གྱིས། །རིམ་གྱིས་པ་དང་གཅིག་ཆར་དང་། །ཐོད་རྒལ་བ་ཡི་གང་ཟག་གོ། །རིམ་གྱིས་པ་ཡི་ལམ་མཆོག་དེ། །གཅིག་ཆར་བ་ཡི་ཆོས་ལོག་ཡིན། །གཅིག་ཆར་བ་ཡི་ལམ་མཆོག་དེ། །རིམ་གྱིས་པ་ཡི་ཆོས་ལོག་ཡིན། །རྨ་བྱའི་ཟས་མཆོག་བཙན་དུག་ཡིན། །གཞན་གྱིས་ཟོས་ན་འཆི་བར་འགྱུར། །ཉ་ཡི་གནས་མཆོག་ཆུ་ཡིན་ཏེ། །མི་སོགས་ཆུ་ཡིས་སུབས་ནས་འཆི། །ཉ་ནི་སྐམ་ལ་ཕྱུང་ན་འཆི། །ཚད་པའི་ནད་ལ་གང་ཕན་དེ། །
༤༣༩གྲང་བའི་ནད་ལ་གནོད་པར་འགྱུར། །གྲང་བའི་ནད་ལ་གང་ཕན་དེ། །ཚད་པའི་ནད་ལ་ཤིན་ཏུ་གནོད། །གང་ཟག་གཅིག་ལའང་གནས་སྐབས་ཀྱི། །སྔ་ཕྱིའི་ཐེག་པ་སོ་སོར་བསྟན། །དམན་པའི་དུས་སུ་གང་ཕན་དེ། །མཆོག་གི་དུས་སུ་འཆིང་བར་བྱེད། །མཆོག་གི་དུས་སུ་གང་ཕན་དེ། །དམན་པའི་དུས་སུ་ལྟུང་བར་བྱེད། །ཚད་པའི་ནད་གཞི་གཅིག་པ་ལ། །ཞུགས་མ་ཐག་ཏུ་བསིལ་ཐང་ཕན། །སོས་ལ་ཁད་ལ་ཤིན་ཏུ་གནོད། །དེ་ཕྱིར་གནས་སྐབས་དུས་ཚོད་དང་། །དབང་པོ་མཐོ་དམན་ཤེས་བྱས་ལ། །ཕན་ཚུན་ལམ་ལ་སྨད་མི་བྱ། །རིམ་གྱིས་པ་ཡི་གང་ཟག་གིས། །དང་པོ་དལ་འབྱོར་རྙེད་དཀའ་བས། །ངན་འགྲོའི་འཇིགས་ལ་སྐྱོ་བ་བསྐྱེད། །དལ་འབྱོར་མི་རྟག་བསམ་བྱས་ལ། །མྱུར་དུ་གསུམ་ལ་སྐྱབས་འགྲོ་བྱ། །དེ་རྗེས་བསྙེན་གནས་ཡན་ལག་བརྒྱད། །དེ་རྗེས་བསམ་གཏན་ཁྲིམས་ལྔ་དང་། །དགེ་ཚུལ་དགེ་སློང་ཁྲིམས་ཀྱི་བསླབ། །འཁོར་བའི་ཆོས་ལ་ཡིད་ཕྱུང་ནས། །མྱ་ངན་འདས་ལ་བློ་བརྟན་ཅིང་། །ངེས་པར་འབྱུང་བའི་ཁྲིམས་ལྡན་པས། །བྱེ་བྲག་མདོ་སྡེའི་གྲུབ་མཐའ་སློབས། །དེ་རྗེས་དམན་པའི་བྱང་ཆུབ་དེ། །སྤང་ཕྱིར་འགྲོ་བའི་དྲིན་ལན་བསམ། །བྱམས་དང་སྙིང་རྗེ་གོམས་པ་ཡིས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སྦྱོར་བ་དངོས་གཞི་རྗེས་གསུམ་གྱིས། །ཟིན་པའི་ཕར་ཕྱིན་དྲུག་དང་ནི། །ཚོགས་གཉིས་དག་ཏུ་བསྡུས་བྱས་ལ། །སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་ལས། །ཞི་གནས་ལྷག་མཐོང་གོམས་བྱ་ཞིང་། །རང་རྒྱུད་ལེགས་པར་སྦྱང་བར་བྱ། །རང་འདོད་མེད་པའི་ཕན་སེམས་ཀྱིས། །རྒྱུན་ཆད་མེད་པའི་གཞན་དོན་འབད། །དེ་ལྟར་སྦྱངས་པའི་སྐྱེས་བུ་ཡིས། །ཡན་ལག་བདུན་ལྡན་སྐུ་སྒྲུབ་ཕྱིར། །རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ། །རྒྱུད་སྡེ་བཞི་ལ་རིམ་གྱིས་སློབས། །དེ་རྗེས་རྣལ་འབྱོར་བླ་མེད་ཀྱི། །རྒྱུད་དུ་བུམ་པའི་དབང་སོགས་ལ། །དམ་ཚིག་གཙང་མར་བསྲུང་ལྡན་པས། །བསྐྱེད་པའི་རིམ་པས་སྦྱང་བར་བྱ། །དེ་རྗེས་གསང་བའི་དབང་དག་གིས། །རྩ་རླུང་
༤༤༠རྩོལ་བ་བདག་བྱིན་རློབས། །དེ་རྗེས་གསུམ་པའི་བདེ་སྟོང་སྒོམས། །བཞི་པ་མཐར་ཐུག་གོམས་པར་བྱ། །རིམ་གྱིས་གང་ཟག་ཟུར་ཙམ་སྨོས། །གང་ཟག་རིགས་ནི་བརྗོད་མི་ལང་། །ཐེག་པ་མས་འཛེག་དགོས་པ་ཡོད། །ཆེ་ལོང་སློབ་པས་ཆོག་པ་ཡོད། །སློབ་མི་དགོས་པ་དག་ཀྱང་ཡོད། །དབང་མ་བསྐུར་བར་ཐོབ་པ་ཡོད། །བསྐུར་ཡང་མ་ཐོབ་ཤིན་ཏུ་མང་། །བསྐུར་ན་ཐོབ་ལ་མ་བསྐུར་ན། །མི་ཐོབ་པ་ཡི་རིགས་ཀྱང་ཡོད། །ཡེ་ནས་དབང་དང་ལྡན་པའང་ཡོད། །དེ་ལྟར་སྣོད་ཀྱི་རིགས་ཤེས་ནས། །སྣོད་དང་འཚམས་པའི་ལག་ལེན་བྱ། །རིམ་གྱིས་པའི་ལམ་དང་གང་ཟག་གི་རིགས་བསྟན་པའི་ལེའུའོ། ༈ །དམ་ཆོས་རྗེས་འབྲང་གུས་པའི་བློ་གྲོས་ཅན། །སློབ་མས་རབ་བསྐུལ་བརྩོན་འགྲུས་གྲགས་པ་ཡིས། །གལ་ཏེ་ཕན་པ་སྲིད་མཐའ་མི་ཁེགས་སྙམ། །སྦྱངས་ཅན་སྐལ་ལྡན་རྣམས་ཀྱི་རྟོགས་བྱར་བཀོད། །གཅིག་ཆར་བ་ཡི་གང་ཟག་གིས། །ལུས་སོགས་དངོས་པོ་ཅི་ཡོད་ཀྱིས། །བརྒྱུད་ལྡན་བླ་མ་མཉེས་པར་བྱ། །དབང་ངམ་བྱིན་རླབས་ལྡན་པ་ཡི། །བྱང་ཆུབ་སེམས་ཀྱིས་རབ་འཕངས་ལ། །ཐོག་མ་ཉིད་ནས་ངེས་པའི་དོན། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ། །རྟོགས་པའི་བཅུད་ལྡན་བླ་མ་ཡིས། །རང་ལ་ཡོད་པའི་ཡེ་ཤེས་དེ། །ལག་པའི་གཏེར་བཞིན་ངོ་སྤྲོད་ལ། །བསྒོམ་བྱ་སྒོམ་བྱེད་མེད་མོད་ཀྱི། །སྒོམ་མེད་ངང་ལས་ཡེངས་མི་བྱ། །སྤྲས་སྤྲོས་མང་པོའ་ཞི་འདོད་ཀྱིས། །ལྷུན་གྲུབ་ཡེ་ཤེས་སྒྲིབ་བར་མཆིས། །ཕྱག་རྒྱ་ཆེན་པོ་སྒོམ་པ་ལ། །འདི་བྱའི་ཏིག་པོ་མི་དགོས་སོ། །སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི། །གོ་རིམ་མེད་ཅིང་གྲངས་ངེས་མེད། །དུས་ཚོད་ཚེས་གྲངས་བརྩི་མི་དགོས། །ནམ་དྲན་འདྲོགས་ལ་གློད་ལ་ཞོག །དང་པོ་བར་དང་ཐ་མ་མེད། །རང་སེམས་སྐྱེ་མེད་རྒྱུན་མི་འཆད། །ཆུ་རླབས་རྙོགས་པའི་ལང་ལོང་དེ། །མ་རྙོགས་རང་སར་བཞག་ན་དྭངས། །རང་སེམས་རྟོག་པའི་སྒྲིབ་གཡོགས་འདི། །མ་བཅོས་རང་བཞག་ཆོས་སྐུར་དྭངས། །བཅས་བཅོས་མ་བྱེད་གློད་ལ་ཞོག །ཤེས་པ་མ་བཀུག་ཡན་
༤༤༡པར་ཐོང་། །ཞེ་འདོད་མ་བྱེད་ཕྱལ་སར་ཞོག །དམིགས་གཏད་མ་འཆའ་ཏལ་བར་ཐོང་། །བྱ་བྱེད་མ་མང་ཙེན་ནེ་ཞོག །སེམས་ཀྱི་བཞག་ས་མ་འཚོལ་བར། །རྟེན་མེད་བར་སྣང་ལྟ་བུར་གྲོལ། །འདས་དང་མ་འོངས་ད་ལྟར་ལ། །མི་བསམ་ཤེས་པ་རང་སར་ཞོག །རྣམ་རྟོག་འཕྲོས་རུང་མ་འཕྲོས་རུང་། །ཆེད་དུ་མ་སྒོམས་ལྷུག་པར་ཞོག །མདོར་ན་ཅི་ཡང་མ་སྒོམས་པར། །ཤེས་པ་ཅི་དགར་ཐོད་ལ་ཐོང་། །གང་ལའང་ཉམ་ང་བྱ་མི་དགོས། །ཆོས་སྐུའི་ངང་ལས་གཡོས་རི་ཤི །ཤེས་པ་ལྷོད་ཀྱིས་གློད་ཙམ་ན། །གསལ་ལ་རྟོག་པ་མེད་པའི་ཉམས། །བར་སྣང་དག་པའི་དཀྱིལ་འཁོར་གནས། །དེ་ནི་འོད་གསལ་ཆོས་སྐུ་ཡིན། །དེ་ལྟར་བཞག་པའི་ངང་ཉིད་ལས། །རྣམ་རྟོག་ཏལ་གྱིས་བྱུང་བ་དེ། །དེ་ཉིད་འོད་གསལ་ཆོས་སྐུ་ལས། །གཞན་ཞིག་ཡིན་སྙམ་མ་སེམས་ཤིག །གཡོ་མེད་རྒྱ་མཚོ་དྭངས་པ་ལ། །རྦ་རླབས་ཆིལ་གྱིས་ལངས་པ་དེ། །གཞན་ཞིག་མིན་པ་ཇི་བཞིན་དུ། །རྟོག་པའི་གཞི་མ་སེམས་ཡིན་ལ། །སེམས་ཀྱི་མཚན་ཉིད་གསལ་རིག་ཡིན། །གསལ་རིག་རང་བཞིན་སྟོང་པ་སྟེ། །སྟོང་པའི་ངོ་བོ་བདེ་ཆེན་ཡིན། །སེམས་ཀྱི་རང་བཞིན་དེ་ལ་ནི། །མཚན་མའི་མུན་པ་གཏན་མེད་པས། །འོད་གསལ་བྱ་བ་མིང་དུ་བཏགས། །ཆོས་རྣམས་ཀུན་གྱི་བདག་ཉིད་དེ། །རང་སེམས་རིག་པའི་ངོ་བོ་ཡིན། །རང་སེམས་རིག་པའི་ངོ་བོ་དེ། །མཚན་མའི་ལུས་ཀྱིས་སྟོང་པས་ན། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་མེད་ཆོས་ཉིད་ལུས་ཡིན་ཕྱིར། །ཆོས་ཀྱི་སྐུ་ཞེས་བཏགས་པ་ཡིན། །ཕྱི་རུ་རྣམ་རྟོག་འཕྲོས་པ་དེ། །ཆོས་སྐུ་ལས་ནི་ཆོས་སྐུ་འཕྲོ། །ཟུང་འཇུག་ལས་ནི་ཟུང་འཇུག་འཕྲོ། །ཆོས་དབྱིངས་ལས་ནི་ཆོས་དབྱིངས་འཕྲོ། །རྣམ་དག་ལས་ནི་རྣམ་དག་འཕྲོ། །རྡོ་རྗེ་སེམས་ལས་རྡོར་སེམས་འཕྲོ། །བྱང་ཆུབ་སེམས་ལས་བྱང་ཆུབ་འཕྲོ། །གདམས་ངག་གཤའ་མས་མ་ཟིན་ཅིང་། །སྦྱངས་པའི་འཕྲོ་མེད་རྨོངས་པའི་མིས། །འཕྲོས་པ་དང་ནི་མ་འཕྲོས་པ། །རྟོག་པ་དང་ནི་མི་རྟོག་དང་། །
༤༤༢སེམས་དང་ཆོས་སྐུ་གཉིས་སུ་ཕྱེ། །རྣམ་རྟོག་སྐྱོན་དུ་བལྟས་ཤིང་བཀག །མི་རྟོག་འདོད་ཅིང་ཆེད་དུ་སྒྲུབ། །ཆུ་རླབས་ཕྱགས་པས་ཕྱིར་མི་འཁྱོངས། །རྟོག་པ་བཀག་པའི་མི་རྟོག་པ། །དེ་ཉིད་རྣམ་རྟོག་འཁྲུལ་པ་སྟེ། །ཆོས་སྐུར་སྒྲིབ་པའི་མུན་ཆེན་ཡིན། །རྟོག་པ་འཕྲོ་བར་མི་འདོད་གང་། །མི་རྟོག་གནས་པར་འདོད་པ་ཡིན། །ཞེ་འདོད་འགོང་པོ་ཕུགས་སུ་ཞུགས། །གཉུག་མའི་སྐོར་མཛོད་ཟད་པར་བྱེད། །རྣམ་རྟོག་འགེགས་པའི་སྒོམ་ཆེན་དེ། །མར་འདོད་ཆུ་ལ་བསྲུབ་པ་བཞིན། །བསྐལ་པར་བསྒོམས་ཀྱང་དོན་མི་མཐོང་། །དེ་ཕྱིར་རྣམ་རྟོག་དགག་མི་དགོས། །འདུག་ན་ཆེད་དུ་སྤྲོ་མི་དགོས། །འཕྲོས་ཀྱང་ཆོས་སྐུ་འདུག་ཀྱང་ནི། །ཆོས་སྐུའི་ངང་ལས་གཡོས་པ་མེད། །བླ་མ་དམ་པས་ཟིན་གྱུར་ན། །འཕྲོས་ཀྱང་གྲོལ་ལ་འདུག་ཀྱང་གྲོལ། །བླ་མ་དམ་པས་མ་ཟིན་ན། །འཕྲོས་ཀྱང་འཆིང་ལ་འདུག་ཀྱང་འཆིང་། །དེ་ཕྱིར་གདམས་པས་ཟིན་པར་མཛོད། །གྲོགས་སུ་འཆར་བར་གདོན་མི་ཟ། །བརྟག་དཔྱད་ཙབ་ཙུབ་མ་མང་བར། །ལྷོད་ཀྱིས་གློད་ལ་ཙེན་གྱིས་ཞོག །ཕྱི་ལོག་རྗེས་སུ་མ་འབྲང་བར། །ཤེས་པ་ཅི་དགར་ཐོད་ལ་ཐོང་། །ཕྱི་རོལ་ཡུལ་ལ་མ་ལྟ་ཞིག །རང་གི་སེམས་ལའང་མ་ལྟ་ཞིག །ལུས་ཀྱང་སྟོང་ལ་སེམས་ཀྱང་སྟོང་། །ཉམ་ང་བག་ཚ་བྱ་མི་དགོས། །འདི་ཡིན་སྙམ་པ་གང་བྱུང་ཡང་། །དམིགས་ཞེན་ས་བོན་ཐེབས་པ་ཡིན། །རློམས་སེམས་མྱུ་གུ་སྐྱེས་གྱུར་ན། །འཁོར་བའི་སྡོང་པོ་འཕེལ་བར་མཆིའོ། །སེམས་ཉིད་ཡེ་དག་འོད་གསལ་ལ། །སྒོམ་པའི་མུན་པས་མ་སྒྲིབས་ཤིག །རྩོལ་མེད་འབྲས་བུ་སྟོར་བར་མཆིའོ། །སེམས་ཉིད་རྒྱ་མཚོ་དྭངས་པ་ལ། །ཞེ་འདོད་རྙོགས་པ་མ་སློངས་ཤིག །ཆོས་སྐུའི་ནོར་བུ་སྒྲིབ་པར་མཆིའོ། །སེམས་ཉིད་མེ་ལོང་གཡའ་མེད་ལ། །བསམ་གཏན་དྲི་མས་མ་བྱུགས་ཤིག །ཡེ་ཤེས་གཟུགས་བརྙན་མི་མཐོང་ངོ་། །སེམས་ཉིད་ནོར་བུ་རིན་ཆེན་འདི། །མཚན་མའི་འཇིམས་ས་མ་གཏུམས་ཤིག །འབྲས་བུ་དགོས་འདོད་འགགས་པར་མཆིའོ། །མདོར་ན་ཡིན་སྙམ་མེད་པར་ཞོག །མ་ཡིན་སྙམ་པ་མེད་པར་
༤༤༣ཞོག །ཡིན་སྙམ་སེམས་དང་མིན་སྙམ་སེམས། །ཕན་ཚུན་ལྟོས་པའི་འཛིན་པ་ཡིན། །འཛིན་པ་གང་ཡང་མེད་པས་ན། །མ་ཡིན་པ་ནི་གང་ཡང་མེད། །མཉམ་བྲལ་ངང་དུ་ཕྱམ་གྱིས་ཐོང་། །བཞག་དང་མི་བཞག་མི་བསམ་ཞིང་། །བཏང་དང་མི་བཏང་ཡང་མི་བསམ། །བསམ་དང་མི་བསམ་ཡང་མི་བསམ། །འགྲོའམ་འདུག་གམ་འགྲེང་ཡང་རུང་། །སྒོམ་མམ་ཉལ་ལམ་ཟ་ཡང་རུང་། །ཅལ་ཅོལ་སྨྲ་དང་ཉལ་ལ་སོགས། །གཉུག་མའི་ཡིད་ཀྱིས་ཟིན་པ་གཅེས། །བཞག་ཐབས་ཀྱི་ལེའུའོ། ༈ །རང་སེམས་ལྷུན་གྲུབ་ཆོས་སྐུ་འདི། །མ་བཅོས་རང་གར་བཞག་པ་ལས། །ཉམས་ཀྱི་ཁྱད་པར་ངེས་པར་འཆར། །རིམ་གྱིས་པ་དང་ཐོད་རྒལ་བ། །གཅིག་ཆར་བ་དང་གསུམ་དུ་འདོད། །རིམ་གྱིས་པ་ཡི་འཆར་ལུགས་ནི། །དང་པོ་གནས་པ་ཙམ་དུ་འབྱུང་། །དེ་ནས་ཉམས་མྱོང་ངེས་པར་འཆར། །དེ་རྗེས་རྟོགས་པ་ལྷག་གིས་འཆར། །གནས་པ་དང་པོ་བྱུང་དུས་སུ། །རི་གཟར་འོ་གསལ་རྦབ་འགྲིལ་བཞིན། །རྣམ་རྟོག་བར་མ་ཆད་པར་ལྡང་། །སྒོམ་སྐལ་མེད་དམ་སྙམ་པ་འོང་། །རྣམ་རྟོག་བྱུང་ཚད་ཚོར་བ་དེ། །ཤེས་པ་ཅུང་ཟད་གནས་པ་ཡིན། །གནས་པ་མེད་པའི་གོང་རོལ་དུ། །རྣམ་རྟོག་རང་གར་ཤོར་བ་ཡིན། །རྟོག་པ་འགྱུས་ཀྱང་ངོ་མ་ཤེས། །དེ་ནས་དལ་འབབ་ཆུ་བོ་བཞིན། །ཤེས་པ་དལ་ཞིང་རྣམ་རྟོག་ཉུང་། །དེ་ནས་རྒྱ་མཚོའ་གཞི་བཞིན་དུ། །ཤེས་པ་མི་གཡོ་བརྟན་པར་གནས། །དེ་ནས་ཉམས་སུ་མྱོང་བ་འཆར། །བར་སྣང་དག་པའི་དཀྱིལ་བཞིན་དུ། །གསལ་ལ་མི་རྟོག་བདེ་བ་མྱོང་། །མར་མེ་རླུང་གིས་མ་བསྐྱོད་བཞིན། །རང་གི་རང་གསལ་ཡེངས་པ་མེད། །མེ་ཏོག་མཛེས་པ་ཆར་བབ་བཞིན། །གསལ་ལེ་ཧྲིག་གེ་ཡལ་ལེ་བ། །སྤྲིན་མེད་མཁའ་ལ་ཉི་ཤར་བཞིན། །སིང་ངེ་ཕྱལ་ལེ་དངོས་པོ་མེད། །མཁར་ཕོར་ཆུ་ཡིས་གང་བ་བཞིན། །ཕྱི་ནང་མེད་པར་སང་ངེ་བ། །དེ་འདྲའི་མིང་ལ་ཐུག་པ་མེད། །གཞི་མེད་རྨི་ལམ་ལྟ་བུར་འཆར། །
༤༤༤དངོས་མེད་འཇའ་ཚོན་ལྟ་བུར་འཆར། །འཛིན་མེད་ཆུ་ཟླ་ལྟ་བུར་འཆར། །ནམ་མཁའི་འདོད་ཡོན་ལོངས་སྤྱོད་བཞིན། །ཅི་ཡང་མྱོང་བ་མེད་པར་མྱོང་། །མ་མྱོང་བ་ནི་མྱོང་བའི་མཆོག །མྱོང་བ་ཐམས་ཅད་བྲལ་ཏེ་འགྲོ། །མ་མྱོང་བ་ལ་འབྲལ་རྒྱུ་མེད། །ཉམས་མྱོང་གི་ལེའུའོ། ༈ །དེ་ལྟར་ཉམས་སུ་མྱོང་གྱུར་ནས། །རྟོགས་པའི་ཡེ་ཤེས་ལྷག་གིས་འཆར། །རྟོགས་པའི་ཡེ་ཤེས་མ་ཤར་ན། །ཉམས་མྱོང་ཇི་ལྟར་བཟང་གྱུར་ཀྱང་། །ཤིང་བཅད་རྩ་བ་མ་ཕྱིན་ནོ། །ཕྱིར་ཞིང་ཉོན་མོངས་ཟུར་བུ་འཕེལ། །དེ་ཕྱིར་རྟོགས་པ་ཤར་བ་གཅེས། །རྟོགས་པའི་ཡེ་ཤེས་འཆར་བ་དེ། །ཨ་རེ་འདོད་ཀྱིས་འཆར་བ་མིན། །བརྟགས་དཔྱད་མཁས་པས་འོང་བ་མིན། །ཐོས་པ་ཆེ་བས་འོང་བ་མིན། །རྟོག་གེ་བ་ཡི་སྤྱོད་ཡུལ་མིན། །རྟོག་པ་བཀག་པའི་མི་རྟོག་པ། །ཇི་ཙམ་འཐུག་ཅིང་ཚན་ཆེ་ཡང་། །ཡེ་ཤེས་སྐྱེ་བའི་སྒྲིབ་ཆེན་ཡིན། །རྟོག་པའི་ཡེ་ཤེས་ཤུགས་འབྱུང་དེ། །ཨ་རེ་འདོད་དང་གློད་པ་དང་། །བརྟག་དཔྱད་མཁས་དང་མི་མཁས་དང་། །ཐོས་པ་ཆེ་དང་ཆུང་བ་དང་། །ཉམས་མྱོང་བཟང་དང་ངན་པ་དང་། །རྩོལ་བ་དྲག་དང་ཞན་ལ་སོགས། །གང་གིས་ཀྱང་ནི་མི་འཆར་སྟེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །བླ་མའི་དུས་ཐབས་བསྟེན་ཞེས་པ། །རྟོགས་ལྡན་བླ་མ་མཉེས་པ་ཡི། །བྱིན་རླབས་སྟོབས་ཀྱིས་འཆར་བ་ཡིན། །བདག་གི་བསོད་ནམས་ཞེས་པ་ནི། །སྦྱངས་པའི་འཕྲོ་ཅན་རྣམས་ལ་འཆར། །དེ་ཕྱིར་རྟོགས་པའི་ཡེ་ཤེས་དེ། །བྱིན་རླབས་ལམ་ལ་གནས་པའི་ཕྱིར། །དད་པ་ཅན་གྱི་སྤྱོད་ཡུལ་ཡིན། །གུས་པ་ཅན་ལ་འཆར་བ་ཡིན། །སྦྱངས་པ་ཅན་གྱིས་རྟོགས་པ་ཡིན། །ཀུན་གྱི་གྲོགས་ནི་བརྩོན་འགྲུས་ཡིན། །སྐལ་ལྡན་དབང་པོ་རབ་ཀྱིས་མཐོང་། །ཚིག་མཁན་རྣམས་ཀྱི་བློར་མི་ཤོང་། །དེ་འདྲའི་གང་ཟག་རྟོག་ལྡན་ལ། །གཉིས་མེད་རྟོགས་པ་འཆར་བ་དེ། །བླ་མ་དམ་པའི་བྱིན་རླབས་ཀྱིས། །རྟོག་པའི་དཀྱིལ་ནས་ཆོས་སྐུ་མཆེད། །སེམས་ཉིད་དཀྱིལ་ནས་གཉིས་མེད་འཆར། །ཉོན་མོངས་དཀྱིལ་ནས་ཡེ་
༤༤༥ཤེས་འཆར། །ཉམས་མྱོང་དཀྱིལ་ནས་རྟོགས་པ་འཆར། །གཉིད་ལོག་སྐྱེས་བུ་སད་པ་བཞིན། །གཉིས་འཛིན་འཁྲུལ་པ་སངས་ཀྱིས་སོང་། །གཉིས་མེད་ཡེ་ཤེས་སྤྲད་ཀྱིས་སད། །འ་པ་དེ་ཙུགས་འདུག་པ་ལ། །སྔ་ན་མ་རྟོགས་རྡུག་སོང་སྙམ། །གཉིས་མེད་ཡེ་ཤེས་ཨ་རེ་དགའ། །སྔན་ཆད་སྤྱོད་པ་ངོ་རེ་ཚ། །རྟོགས་དང་མ་རྟོགས་ཟེར་བ་ཡི། །འཁོར་འདས་སོ་མཚམས་དེ་རུ་ཕྱེད། །སྔན་ཆད་མ་རྟོགས་གོང་རོལ་དུ། །དཔེར་ན་མི་ཞིག་གཉིད་ལོག་པའི། །རྨི་ལམ་རྨིས་པའི་དུས་ཙམ་ན། །འཁོར་བའི་རྒྱ་མཚོར་འཁྱམས་པ་རྨིས། །དམྱལ་སོགས་སྡུག་བསྔལ་མྱོང་བ་རྨིས། །སུན་པས་བླ་མ་བསྟེན་པ་རྨིས། །གདམས་ངག་ཉམས་སུ་བླངས་པ་རྨིས། །ཉམས་མྱོང་སེམས་ལ་ཤར་བ་རྨིས། །འོད་གསལ་ཆོས་སྐུ་ཤར་བ་རྨིས། །རྟོགས་པའི་མུན་ནག་སངས་པ་རྨིས། །མཉམ་བཞག་རྗེས་ཐོབ་མེད་པ་རྨིས། །དེ་ནས་རྟོགས་པ་ཤར་བ་རྨིས། །མ་རྟོགས་པ་ཡི་སེམས་ཅན་ལ། །དམིགས་མེད་སྙིང་རྗེ་ཤར་བ་རྨིས། །ཕྱག་རྒྱ་ཆེན་པོ་མཆོག་ཐོབ་ནས། །གཟུགས་སྐུས་འགྲོ་དོན་ལྷུན་གྲུབ་རྨིས། །གཉིད་མེད་སྤྲད་དེ་སད་དུས་སུ། །འཁོར་བའི་སྡུག་བསྔལ་མྱོང་བ་མེད། །སུན་པས་བླ་མ་བསྟེན་པ་མེད། །གདམས་ངག་ཉམས་སུ་བླངས་པ་མེད། །ཉམས་མྱོང་སེམས་ལ་ཤར་བ་མེད། །འོད་གསལ་ཆོས་སྐུར་ཤར་བ་མེད། །རྣམ་རྟོག་མུན་ནག་སངས་པ་མེད། །མི་རྟོག་པ་ལ་གནས་པ་མེད། །ཡེ་ཤེས་རྟོགས་པ་ཤར་བ་མེད། །སེམས་ཅན་མེད་ཅིང་སྙིང་རྗེ་མེད། །བྱང་ཆུབ་མེད་ཅིང་ཐོབ་པ་མེད། །འགྲོ་བ་མེད་ཅིང་དོན་བྱེད་མེད། །བདེན་པ་མེད་ཅིང་རྫུན་པ་མེད། །རྨི་ལམ་སྣང་བ་ཙམ་དུ་ཟད། །རྨི་ལམ་རྨིས་པའི་འཁོར་བ་དེ། །ག་ནས་བྱུང་ཞིང་གང་དུ་སོང་། །འཁོར་སྤངས་མྱ་ངན་འདས་པ་དེ། །ག་ནས་བྱུང་ཞིང་གང་དུ་སོང་། །དེ་སོགས་རྨི་ལམ་ཆོས་རྣམས་ཀུན། །ག་ནས་བྱུང་ཞིང་གང་དུ་སོང་། །དཔེར་ན་རྒྱལ་པོ་ཆེན་པོ་ཞིག །གདན་ལས་སྐད་ཅིག་མ་བསྐྱོད་པར། །སྒྱུ་མའི་རྟ་ཕོས་ཁྱེར་བ་དེ། །ལ་དགུ་ལུང་དགུ་བརྒལ་
༤༤༦བ་དང་། །བདེ་སྡུག་སྣ་ཚོགས་ཉམས་མྱོང་ཞིང་། །ལོ་ཟླ་མང་པོ་ལོན་མོད་ཀྱང་། །རྒྱལ་པོས་གདན་ལས་མ་གཡོས་ཤིང་། །སྔ་དྲོ་ཙམ་ཡང་ལོན་པ་མེད། །རྟོགས་པ་དེ་ལྟར་ཤར་བ་ཡི། །ཤེས་རབ་ཆེན་པོའ་སྐད་ཅིག་ལ། །ཆོས་ཀུན་མ་ལུས་ཁོང་དུ་ཆུད། །ཆུད་དོ་སྙམ་པའི་རློམ་སེམས་མེད། །གཉིས་མེད་ཡེ་ཤེས་མངོན་དུ་གྱུར། །གྱུར་སྙམ་དུ་ཡང་རློམ་སེམས་མེད། །ཁམས་གསུམ་ཐེག་པ་དམན་ལས་གྲོལ། །གྲོལ་སྙམ་དུ་ཡང་རློམ་སེམས་མེད། །གཉིས་མེད་རྟོགས་པའི་སྐད་ཅིག་ལ། །སྣང་གྲགས་སེམས་སུ་ཐག་ཆོད་པས། །རྣམ་བཅས་གྲུབ་མཐའ་མངོན་དུ་གྱུར། །སེམས་ཉིད་གསལ་བར་ཐག་ཆོད་པས། །རྣམ་མེད་གྲུབ་མཐའ་མངོན་དུ་གྱུར། །རང་རིག་སྒྱུ་མ་ལྟར་ཤེས་པས། །སྒྱུ་མར་སྨྲ་བའི་གྲུབ་མཐའ་རྫོགས། །སྒྱུ་མ་སྟོང་པར་ཤེས་པ་ཡིས། །རབ་ཏུ་མི་གནས་གྲུབ་མཐའ་རྫོགས། །སྟོང་པ་སྙིང་རྗེར་ཤར་བ་ཡི། །གཉིས་མེད་ཟུང་འཇུག་ལྟ་བ་རྫོགས། །ཟུང་འཇུག་ཡིད་ལ་མི་བྱེད་པས། །ཕྱག་རྒྱ་ཆེན་པོ་མངོན་དུ་གྱུར། །གྱུར་སྙམ་དུ་ཡང་འདུ་ཤེས་མེད། །དེ་ལྟར་རྟོགས་པའི་ཡེ་ཤེས་དེ། །གང་ནས་ཀྱང་ནི་མ་འོངས་ལ། །གང་དུ་ཡང་ནི་མི་འགྲོ་སྟེ། །གར་ཡང་གནས་པ་མེད་པའོ། །རྟོགས་བྱ་རྟོགས་པའི་ཡེ་ཤེས་གཉིས། །མི་རྟོག་ཆོས་ཀྱི་དབྱིངས་སུ་ཐིམ། །དབྱིངས་ལས་འདུ་ཤེས་རློམ་པ་མེད། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །སྨྲ་བསམ་ཐམས་ཅད་འཆར་བའི་རྒྱུ། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ང་ཡིས་རྩེད་མོ་བྱས་པ་ལ། །བྱིས་པ་ཐམས་ཅད་ཨ་ཐང་ཆད། །ཡོད་ན་བླ་མ་རྗེ་བཙུན་མཆོད། །མེད་ན་ཤེས་པ་གློད་ལ་ཉོལ། །དེ་ཚེ་རིམ་གྱིས་འཆར་ལུགས་ཡིན། །ཐོད་རྒལ་བ་ཡི་གང་ཟག་གི་།གནས་པ་ཉམས་མྱོང་རྟོགས་པ་གསུམ། །སྔོན་དུ་རྟོགས་པ་ལྷག་གི་འཆར། །རྟོགས་ཀྱང་མི་བརྟན་རྦ་རླབས་འདྲ། །རེས་འགའ་ཉམས་མྱོང་རེས་འགའ་ནི། །གནས་པ་འོང་སྟེ་ངེས་པ་མེད། །ཉམས་ཀྱི་མཐོ་དམའ་སྐས་ཁའི་རྩལ། །
༤༤༧གཅིག་ཆར་བ་ཡི་གང་ཟག་ལ། །རྟོགས་པའི་བཅུད་ལྡན་བླ་མ་ཡིས། །གདམས་ངག་བསྟན་མ་ཐོག་ཏུ་ཡང་། །ཉམས་མྱོང་རྟོགས་པ་གནས་པ་གསུམ། །སྒོམ་ལོང་མེད་པར་དུས་གཅིག་འཆར། །ཉམས་མྱོང་འཕེལ་འགྲིབ་ཡོད་གྱུར་ཀྱང་། །རྟོགས་པ་འགྱུར་བ་མེད་པར་གནས། །སྤྲེའུ་ཡར་རྒྱུག་མར་རྒྱུག་ཀྱང་། །ལྗོན་ཤིང་འགྱུར་བ་མེད་པར་གནས། །རྦ་རླབས་ཞི་རུང་མ་ཞི་རུང་། །རྒྱ་མཚོའ་གཏིང་ལ་འགྱུར་བ་མེད། །རང་སེམས་ཆོས་སྐུ་ལྷུན་གྲུབ་ལ། །ཉམས་མྱོང་ཁྱོད་རང་གང་དགར་སོང་། །ཉམས་ཀྱི་མྱང་འདས་གསལ་བར་བས། །རྟོགས་པ་ཉམས་དང་མ་འབྲེལ་ན། །རླུང་དམར་གསེབ་ཀྱི་མར་མེ་བཞིན། །དང་པོའ་ལས་ཅན་ཕུང་བར་མཆིའོ། །བརྟན་པ་ཐོབ་པའི་སྒོམ་ཆེན་ལ། །བཟང་རུང་ངན་རུང་གྲོགས་སུ་འཆར། །དང་པོ་པ་རྣམས་མ་འགྲན་ཅིག །སྒྲོན་མེ་ཆུང་ངུའི་དུས་སུ་ནི། །བསེར་བུ་ཕྲ་མོ་ཙམ་ཡང་གནོད། །ནགས་ལ་མེ་ཆེན་འབར་བའི་ཚེ། །རླུང་དམར་ཆེ་ཡང་གྲོགས་སུ་འགྱུར། །རྟོག་པ་ཉག་ཉུག་ཤར་གྱུར་ཀྱང་། །བརྟན་པ་མ་ཐོབ་སྒོམ་ཆེན་རྣམས། །ཉམས་སུ་མྱོང་བའི་ཤིང་སྐམ་གྱིས། །རྟོགས་པའི་སྒྲོན་མེ་གསོ་བ་གཅེས། །ཤིང་རློན་མང་ན་བསད་པར་མཆིའོ། །རྟོགས་པ་ཇི་ལྟར་མཐོ་གྱུར་ཀྱང་། །གནས་པ་ཉམས་མྱོང་མ་བརྟན་ན། །སེམས་ལ་རང་དབང་མ་ཐོབ་ན། །ཉོན་མོངས་དགྲ་བོས་བཅིངས་པར་མཆིའོ། །ཇི་ལྟར་སྐྱེས་བུ་གཅེས་པ་ཞིག །དགྲས་བཟུང་མཚོན་ཆས་གཏམས་གྱུར་ན། །རང་ཁྱིམ་ལམ་ངོ་ཆ་ཡོད་ཀྱང་། །འགྲོ་དབང་མེད་པ་ཇི་བཞིན་ནོ། །དེ་ཕྱིར་ཉམས་མྱོང་བརྟན་པོ་ཡིས། །རྟོགས་པའི་སྒྲོན་མེ་གསོ་བར་གཅེས། །སེམས་ལ་རང་དབང་མ་ཐོབ་ན། །རྟོགས་པའི་གཏེར་དང་བྲལ་བར་མཆིའོ། །སྨྲ་ཁམ་ཆེ་བའི་ཁ་ན་མེད། །གཟབས་ཀྱིན་མཛོད་ཅིག་སྒོམ་ཆེན་རྣམས། །ཁ་ཚོ་ཉམས་དང་འགལ་བར་མཆིའོ། །གཉིས་མེད་རྟོགས་པའི་ལེའུའོ། ༈ །ཕྱག་རྒྱ་ཆེན་པོའ་རྣལ་འབྱོར་པས། །རྟོགས་པའི་
༤༤༨ཡིད་བཞིན་ནོར་བུ་ལ། །ཉམས་སུ་མྱང་བས་མདོག་ཕྱུང་སྟེ། །སྤྱོད་པའི་ནུས་པས་དགོས་འདོད་སྐོང་། །རིམ་གྱིས་པ་ཡི་གང་ཟག་ནི། །གསང་སྔགས་ལམ་ལ་ཞུགས་མ་ཐག །མི་དགེའི་བསམ་པ་ཐག་བསྲིངས་ལ། །འཁོར་བའི་ཆོས་ལ་ཡིད་ཕྱུངས་ཏེ། །བྱང་ཆུབ་ཆེན་པོར་བློ་བརྟན་པས། །རང་འདོད་མེད་པའི་བསམ་པ་ཡིས། །འགྲོ་བའི་དོན་དུ་སེམས་བསྐྱེད་ལ། །ལྷ་ཡི་ང་རྒྱལ་མ་བྲལ་བས། །བཟླས་བརྗོད་མཎྜལ་གཏོར་མ་དང་། །མཆོད་སོགས་ཡན་ལག་བདུན་པ་དང་། །ཡི་དྭགས་རྣམས་ལ་གཏོར་མ་དང་། །ཆུ་སྦྱིན་ཀླུ་རྣམས་གསོ་བ་དང་། །ཡོད་ན་བླ་མ་མཉེས་པར་བྱ། །དགེ་འདུན་སྟོན་མོ་ཚོགས་འཁོར་དང་། །སློང་བ་ཀུན་ལ་ཕོངས་མེད་སྦྱིན། །ཕྱི་དང་ནང་གི་སྦྱིན་སྲེག་བྱ། །ཚྭ་ཚྭ་མཆོད་རྟེན་སྐུ་གཟུགས་བཞེངས། །སྲོག་ཆགས་ཚེ་བསྐྱབ་གསུང་རབ་བཀླག །མདོར་ན་བསྐྱེད་རྫོགས་ཐུན་བར་དུ། །སྙིང་རྗེ་ཆེན་པོས་ཀུན་བསླངས་ནས། །དགེ་བ་འབའ་ཞིག་མ་གཏོགས་པ། །ལུང་མ་བསྟན་དུའང་མི་བསྡད་ན། །མི་དགེའི་སྤྱོད་པ་སྨོས་ཅི་དགོས། །ཤིན་ཏུ་བཙུན་པའི་དགེ་སློང་མ། །བག་མ་གསར་པའི་ཚུལ་བཟུང་ནས། །སྤྱོད་ལམ་བག་དང་ལྡན་པ་ཡིས། །བྱེད་དགུ་དགེ་བའི་ཆོས་དང་བསྟུན། །ཕྱི་ནང་སྒྲིབ་པ་སྦྱང་བྱ་ཞིང་། །བསོད་ནམས་གསོག་ལ་འབད་པར་བྱ། །ཡོན་ཏན་གསང་ལ་ལྐོག་ཏུ་སྤེལ། །ལས་འབྲས་ཁྱད་དུ་གང་གསོད་དེས། །ཀུན་རྫོབ་ཐབས་ལ་སྐུར་བ་འདེབས། །འདབ་གཤོག་བྲལ་བའི་བྱ་བཞིན་དུ། །ངན་འགྲོའི་གཡང་སར་ངེས་པར་ལྷུང་། །དེ་ཕྱིར་མི་དགེ་ཕྲ་ནས་སྤང་། །དགེ་བ་ཕྲ་ནས་བསྒྲུབ་པར་བྱ། །དེ་ལྟར་དགེ་བའི་སྦྱོར་བ་ལ། །རྒྱུན་མི་འཆད་པར་བརྩོན་ལྡན་པས། །ཅུང་ཟད་བརྟན་པ་ཐོབ་གྱུར་ནས། །སྤྱོད་པ་ཕྱི་ནང་གཉིས་སུ་ཕྱེ། །ཚོགས་སྤྱོད་སྐྱེ་བོ་རྣམས་དང་བསྟུན། །དབེན་པ་ནང་སྤྱོད་ཏིང་འཛིན་སྤེལ། །ནང་སྤྱོད་ཏིང་འཛིན་སྤེལ་བའི་ཚེ། །དང་པོའ་ལས་བས་མ་ཚོར་བར། །ཏིང་འཛིན་རྟོགས་པ་གོང་འཕེལ་བའི། །སྤྱོད་པ་ཉམས་དང་བསྟུན་ཅིང་བྱ། །མི་འཆི་བཅུ་
༤༤༩ཕྱེད་སྤྱད་བྱ་ཞིང་། །སྟོབས་ལྔ་དག་ཀྱང་བསྟེན་པར་བྱ། །འདོད་ཡོན་བཅུ་ཕྱེད་མི་སྤང་ཞིང་། །ཞེན་པ་སྤངས་ལ་གྲོགས་སུ་ཁྱེར། །ཞིང་སའི་འབྲས་ཀྱི་མྱུ་གུ་དེ། །ཆུ་ལུད་འཛོམ་པས་རྒྱས་པར་བྱེད། །རྣལ་འབྱོར་ཡེ་ཤེས་མྱུ་གུ་དེ། །འདོད་ཡོན་བསྟེན་པས་རྒྱས་པར་བྱེད། །སྐྱེ་མེད་ཉམས་དང་མ་བྲལ་བས། །གང་ལའང་ཞེན་པ་མེད་པར་སྤྱོད། །ཚོགས་སྤྱོད་རང་སྤྱོད་ལྷུག་པ་ཡི། །གཉིས་མེད་རྟོགས་པས་ཟིན་བྱས་ལ། །འདི་བྱ་འདི་མི་བྱ་མེད་པར། །སྤྱོད་པ་གང་དགར་བཏང་བར་བྱ། །གཉིས་མེད་རྟོགས་པའི་ཉམས་མྱོང་གིས། །གོས་ལ་འདི་གོན་མི་གོན་མེད། །བཟང་རུང་ངན་རུང་བགོ་བར་བྱ། །ཟས་ལ་འདི་ཟ་འདི་མི་ཟ་མེད། །གཙང་རུང་རྩོག་རུང་བཟའ་བར་བྱ། །མི་རྟོག་ཡེ་ཤེས་འཕེལ་བར་འགྱུར། །ངག་ལ་འདི་སྨྲ་འདི་མི་སྨྲ་མེད། །བླ་བརྡོལ་ལྟ་བུར་སྨྲ་བར་བྱ། །གང་ལའང་ཆེད་དུ་བཅོས་མི་བྱ། །རང་བྱུང་ལྷུག་པར་གནས་པར་བྱ། །ཆོས་སྐུའི་ཉམས་དང་འབྲལ་མི་བྱ། །གང་ལའང་ཞེན་པ་མེད་པར་བྱ། །རང་གི་འཁོར་རམ་གཞན་དག་གིས། །ལེགས་ཉེས་ལ་སོགས་ཅི་བྱས་ཀྱང་། །སྐད་ཅིག་ཙམ་ཡང་འཁྲུགས་མི་བྱ། །བེམ་པོ་བཞིན་དུ་གནས་པར་བྱ། །སེམས་ལ་གནོད་པའི་བྱ་བ་རྣམས། །ནམ་དུ་ཡང་ནི་མི་བྱའོ། །རི་དྭགས་མི་ལ་འབྲོས་པ་བཞིན། །རྟག་ཏུ་མི་ལ་འབྲོས་པར་བྱ། །བདག་བཟང་སྙེམས་པས་གཞན་དག་ལ། །ཁོ་བཟང་ཁོ་ངན་བཤད་མི་བྱེད། །ཁྲམ་པས་རང་མཚང་སྦེད་པ་བཞིན། །རང་གི་ཡོན་ཏན་རྟག་ཏུ་སྦ། །མི་ཆེན་འདིར་དགའ་མི་བྱ་ཞིང་། །རྟག་ཏུ་དམན་ས་བཟུང་བར་བྱ། །མཐོ་དམའ་མེད་པའི་དོན་རྟོགས་ཀྱང་། །བླ་མ་མཁའ་འགྲོ་རྟག་ཏུ་མཆོད། །མདོར་ན་རང་འདོད་གཡོ་སྒྱུ་དང་། །བཅོས་མ་ཐམས་ཅད་སྤང་བར་བྱ། །ཇི་སྲིད་མཉམ་བཞག་རྗེས་ཐོབ་གཉིས། །ཡོད་པ་དེ་སྲིད་མཉམ་བཞག་ལ། །ཤེས་པ་བརྟན་ནམ་མི་བརྟན་བརྟག །མཉམ་བཞག་ཤེས་པ་མི་བརྟན་ན། །མག་མ་མོག་མས་མགོ་གཏུམས་ནས། །བླུན་སྒོམ་བྱས་པས་
༤༥༠དོན་གོ་མེད། །བྱམས་དང་སྙིང་རྗེས་ཀུན་བསླངས་ནས། །ལུས་ངག་དགེ་ལ་འབད་པར་བྱ། །འོན་ཏེ་མཉམ་བཞག་བརྟན་གྱུར་ན། །ལུས་ངག་དགེ་སྦྱོར་གང་ཡང་བླའི། །མཉམ་བཞག་འབའ་ཞིག་གོམས་སུ་གཞུག །མཉམ་བཞག་རྗེས་ཐོབ་ཟེར་བ་དེ། །ལངས་འདུག་གཉིས་ལ་ཟེར་བ་ཡིན། །དང་པོ་ལངས་པའི་མཉམ་བཞག་ནི། །དགེ་བའི་དམིགས་པ་གང་རུང་ལ། །རྩེ་གཅིག་མི་གཡོ་སེམས་བརྟན་ན། །འགྲོ་འདུག་བྱས་ཀྱང་མཉམ་བཞག་ཡིན། །དམིགས་པ་རྩེ་གཅིག་མི་གནས་པར། །རྣམ་རྟོག་གང་དགར་ཤོར་གྱུར་ན། །མལ་དུ་སྒོམ་ཀྱང་རྗེས་ཐོབ་ཡིན། །རང་སེམས་རྟོགས་པའི་མཉམ་བཞག་ནི། །རྣལ་འབྱོར་བཞི་ཡི་རིམ་པས་ཤེས། །རྩེ་གཅིག་རྣལ་འབྱོར་ཤར་དུས་སུ། །རང་གི་སེམས་ཀྱི་རང་བཞིན་རྟོགས། །བར་སྣང་དག་པའི་དཀྱིལ་ལྟ་བུ། །གསལ་སྟོང་མ་འགགས་སལ་ལེ་བ། །སིང་ངེ་ཡེ་རེ་འདུག་པ་དེ། །རྣལ་འབྱོར་དང་པོའ་མཉམ་བཞག་ཡིན། །དེ་ལས་རྣམ་རྟོག་འཕྲོས་པ་དེ། །མལ་ན་སྒོམ་ཡང་རྗེས་ཐོབ་ཡིན། །གསལ་སྟོང་སིང་ངེ་ཡེར་རེ་བ། །གནས་ན་ལབ་བོབ་འགྲོ་འདུག་ཀྱང་། །མཉམ་བཞག་ངང་ལ་གནས་པ་ཡིན། །སྤྲོས་བྲལ་རྣལ་འབྱོར་ཤར་དུས་སུ། །རང་གི་སེམས་ཀྱི་ངོ་བོ་རྟོགས། །རིག་པ་སྤྲོས་བྲལ་རྒྱུན་ཆད་མེད། །སྐྱེ་འགག་བླང་དོར་མེད་པ་ཡི། །རང་སེམས་ཆོས་སྐུར་གནས་པ་དེ། །རྣལ་འབྱོར་གཉིས་པའི་མཉམ་བཞག་ཡིན། །མཉམ་བཞག་དེ་ལ་གནས་པ་ན། །འགྲོའམ་ལབ་ལོབ་སྨྲ་བྱེད་ཀྱང་། །མཉམ་བཞག་ངང་ལ་གནས་པ་ཡིན། །སྤྲོས་པའི་མཚན་མས་གཡེངས་པས་ན། །མལ་ན་སྒོམ་ཡང་རྗེས་ཐོབ་ཡིན། །རོ་གཅིག་རྣལ་འབྱོར་ཤར་དུས་སུ། །རང་གི་སེམས་ཀྱི་མཚན་ཉིད་རྟོགས། །རང་སེམས་སྤྲོས་བྲལ་ཆོས་སྐུ་ལས། །འཁོར་འདས་དུ་མར་ཤར་བ་རྟོགས། །རྣམ་པར་རྟོག་དང་མི་རྟོག་དང་། །སྣང་དང་སྣང་མེད་གནས་པ་དང་། །མི་གནས་སྟོང་དང་མི་སྟོང་དང་། །གསལ་དང་མི་གསལ་སྣ་ཚོགས་ཀུན། །འོད་གསལ་ཆོས་སྐུར་རོ་གཅིག་པས། །ཆོས་སྐུ་མིན་པའི་
༤༥༡སྣང་མ་མཐོང་། །འོད་གསལ་མིན་པའི་རྟོགས་མ་མཐོང་། །དེ་ལྟར་རོ་མཉམ་རྟོགས་པ་དེ། །ཡིད་ཀྱིས་ཟིན་པའི་དུས་ཚོད་དེ། །རྣལ་འབྱོར་གསུམ་པའི་མཉམ་བཞག་ཡིན། །གཉུག་མའི་ཡིད་ཀྱིས་ཟིན་གྱུར་ན། །མཆོངས་རྒྱུག་ལབ་ལོབ་སྨྲ་བྱེད་ཀྱང་། །མཉམ་བཞག་ངང་ལ་གནས་པ་ཡིན། །གཉུག་མའི་ཡིད་དང་བྲལ་གྱུར་ན། །མལ་ན་སྒོམ་ཡང་རྗེས་ཐོབ་ཡིན། །སྒོམ་མེད་རྣལ་འབྱོར་ཤར་དུས་སུ། །རིག་པའི་ངོ་བོ་རྟེན་དང་བྲལ། །རྣལ་འབྱོར་པ་ལ་བསྒོམ་རྒྱུ་མེད། །སྒོམ་མཁན་མི་འདུག་ཕྱལ་བར་སོང་། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི། །སངས་རྒྱས་རང་ལ་ཚང་ངོ་ཟེར། །འདི་རང་ཡིན་པར་ད་བཟོད་ཤེས། །ཕྱག་རྒྱ་ཆེན་པོའ་དངོས་གྲུབ་དེ། །འདི་རང་ཡིན་པར་དོན་ཐག་ཆོད། །ཡེ་ནས་གནས་པའི་དངོས་གྲུབ་ལ། །ཐོབ་བོ་སྙམ་པའི་རློམ་སེམས་མེད། །དྲན་པས་ཟིན་དང་མ་ཟིན་མེད། །ཉི་མ་འོད་དང་བཅས་པ་ཡིན། །རྣལ་འབྱོར་མཉམ་བཞག་འབའ་ཞིག་ཡིན། །གཉིས་མེད་མངོན་གྱུར་དེ་ལ་ཟེར། །རྩེ་གཅིག་དུས་ཀྱི་རྗེས་ཐོབ་ནི། །དང་པོ་ཨ་འཐས་ཉིད་དུ་སྣང་། །སྣང་ཡང་སྒྱུ་མར་བསྒོམ་པར་བྱ། །སྤྲོས་བྲལ་དུས་ཀྱི་རྗེས་ཐོབ་ནི། །རས་འགའ་སྒྱུ་མར་སྣང་ཡང་ནི། །རེས་འགའ་ཨ་འཐས་ཉིད་དུ་སྣང་། །སྣང་ཡང་ཆོས་སྐུར་བསྒོམ་པར་བྱ། །རོ་གཅིག་དུས་ཀྱི་རྗེས་ཐོབ་ནི། །དྲན་པས་ཟིན་ཚེ་ཆོས་སྐུར་འཆར། །མ་ཟིན་ཨ་འཐས་ཡད་ཡུད་ཙམ། །སྒོམ་དུ་མེད་ལ་མཉམ་བཞག་དང་། །རྗེས་མེད་ཆོས་སྐུ་འབའ་ཞིག་ཡིན། །གཟུགས་སྐུ་གཉིས་པོ་ཉམས་སྣང་ངོ་། །སྨྲ་ཁམས་ཆེ་བའི་ཁ་ན་མེད། །ཕྱེ་གཏོར་འགམ་པའི་ཁ་ན་མེད། །རང་མགོ་རང་གིས་མ་གཏུམས་ཤིག །སྒོམ་དུ་མེད་པའི་དུས་ཚོད་ནི། །གཉིད་ལོག་མ་ལོག་མེད་པར་གསལ། །རྟོག་དཔྱོད་བྱས་རུང་མ་བྱས་རུང་། །དྲན་པས་ཟིན་རུང་མ་ཟིན་རུང་། །བདག་མེད་གཞན་མེད་ཆོས་སྐུར་གསལ། །དམིགས་མེད་ཐུགས་རྗེའི་འབད་རྩོལ་གྱིས། །རྣམ་རྟོག་མེད་པར་ཤུགས་ཀྱིས་འཆར། །དེ་འདྲའི་དུས་ལ་མ་ཕྱིན་བར། །ཁ་ལྟ་ཡུག་པའི་
༤༥༢སྒོམ་ཆེན་གྱིས། །རང་གིས་རང་ཉིད་བསླུས་ཉེན་ཆེའོ། །དེ་ལྟར་སྐལ་ལྡན་སྒོམ་ཆེན་རྣམས། །སྒོམ་མེད་པ་ལ་སླེབས་ཀྱི་བར། །བླ་མ་བཀུར་ཞིང་བསོད་ནམས་བསགས། །ཁ་ལྟ་ཡུག་པོས་མ་བསླུས་ན། །བསོད་ནམས་ཚོགས་ཀྱིས་བསླུས་པ་མེད། །རྟོགས་ལྡན་རྣམས་ཀྱི་སྙིང་གཏམ་ཡིན། །ཚོགས་དང་དབེན་པའི་ཁྱད་པར་ནི། །ཆོས་སྐུ་ཡེ་ནས་འབྲལ་མེད་ཅིང་། །གཉིས་འཛིན་ཤེས་པ་དང་བྲལ་བ། །ཆོས་བརྒྱད་ཕྱོགས་སུ་མ་ལྷུང་ན། །ཚོགས་སུ་འཁྱམས་རུང་དབེན་པ་ཡིན། །གཉིས་འཛིན་ཞེན་པ་དང་བཅས་པས། །བདེ་སྡུག་ལ་སོགས་ཡིད་བྱེད་ན། །དབེན་སར་བསྡད་ཀྱང་ཚོགས་པ་ཡིན། །དེ་ཕྱིར་དབེན་དང་ཚོགས་ཀྱང་རུང་། །གཉིས་མེད་རྟོགས་དང་མ་བྲལ་བས། །སྐྱིད་སྡུག་ཡིད་ལ་མི་བྱེད་པས། །གང་ལའང་ཞེན་པ་མི་བྱེད་ཅེས། །ཚོགས་དང་དབེན་པ་ཕྱེ་བ་དང་། །མཉམ་བཞག་རྗེས་སོགས་ཕྱེ་བ་གཉིས། །ལས་དང་པོ་ཡི་གང་ཟག་རྣམས། །དྲང་ཕྱིར་དགོངས་ཏེ་གསུངས་པ་ཡིན། །ངེས་པའི་དོན་ལ་ཚོགས་དབེན་དང་། །མཉམ་རྗེས་ལ་སོགས་གཉིས་སུ་མེད། །ཅི་ཕྱིར་ཞེ་ན་སེམས་ཉིད་འདི། །ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་སྐྱེས་ཆོས་སྐུའི་འོད། །མར་མེ་དང་མར་མེའི་འོད་བཞིན་ནོ། །རིག་པ་ཆོས་སྐུའི་ངོ་བོ་ལ། །རྒྱུན་ཆད་འཕེལ་འགྲིབ་མི་སྲིད་ཕྱིར། །མཉམ་རྗེས་ལ་སོགས་ག་ལ་སྲིད། །དེ་རྟོགས་བརྟན་པའི་སྒོམ་ཆེན་ལ། །མཉམ་རྗེས་ལ་སོགས་སུ་ཡིས་ཁགས། །དེ་ཕྱིར་གང་ཟག་ཚོད་མ་བཟུང་། །ཉམས་མྱོང་རྟོགས་པ་གང་གཅེས་ན། །ཉམས་མྱོང་མི་གཅེས་རྟོགས་པ་གཅེས། །ཉམས་མྱོང་ཇི་ལྟར་བཟང་གྱུར་ཀྱང་། །རྟོགས་པ་མེད་ན་གྲོལ་མི་སྲིད། །རྟོགས་པ་ཇི་ལྟར་མཐོ་གྱུར་ཀྱང་། །སྙིང་རྗེ་མེད་ན་ཉན་ཐོས་ལམ། །བསམ་གཏན་བཞི་ལ་སོགས་རྣམས་ལ། །ཉམས་མྱོང་ཏིང་འཛིན་ཡོད་མོད་ཀྱི། །རྟོགས་པ་མེད་པའི་སྐྱོན་ཆེན་གྱིས། །ཉམས་མྱོང་ཟད་ནས་ཕྱིར་ལ་ཡང་། །ངན་སོང་གསུམ་སོགས་ལྷུང་ནས་ནི། །སྡུག་བསྔལ་མི་བཟད་མྱོང་ལ་ལྟོས། །ཉམས་མྱོང་ཐམས་ཅད་འདུས་བྱས་ཡིན། །
༤༥༣འདུས་བྱས་ཐམས་ཅད་མི་རྟག་འཇིག །དེ་ཕྱིར་ཉམས་ལ་མ་ཞེན་པར། །གཉིས་མེད་ཡེ་ཤེས་རྟོགས་པར་གྱིས། །མི་གནས་མྱ་ངན་འདས་པ་དེ། །རྟོགས་པ་ཁོ་ནའི་སྤྱོད་ཡུལ་ཡིན། །བློ་ཡིས་བྱས་པའི་གཉིས་མེད་དེ། །ཐོས་པ་ཆེ་བས་རྟོགས་འགྱུར་ཏེ། །རྟོག་པ་ཁོ་ནའི་སྤྱོད་ཡུལ་ཡིན། །ནང་ནས་ཤར་བའི་གཉིས་མེད་འདི། །བླ་མའི་བྱིན་རླབས་འབའ་ཞིག་ཡིན། །དཔལ་ལྡན་བླ་མ་ལ་གུས་ཏེ། །ནང་ནས་རྟོགས་པའི་ངེས་ཤེས་སྐྱེ། །བརྟགས་དཔྱད་མཁན་ལ་ཅི་ཆ་ཡོད། །ཚིག་ཏུ་ཤེས་པ་ངས་ཀྱང་ཤེས། །རྐྱེན་ངན་ཐུབ་བམ་མི་ཐུབ་བརྟག །གཡས་ནས་སྟྭ་གྲིས་གཤོག་བྱེད་ཅིང་། །མི་སྙན་སྣ་ཚོགས་སྒྲོག་པར་བྱེད། །གཡོན་ནས་ཙན་དན་དྲིས་མཆོད་ཅིང་། །གུས་པས་སྙན་པ་སྣ་ཚོགས་སྒྲོག །དེ་འདྲའི་བདེ་སྡུག་མྱོང་དུས་སུ། །ཆེད་དུ་བསྲན་པ་མ་ཡིན་པས། །བདེ་སྡུག་དགའ་མིན་དགག་མེད་ན། །སྨྱོན་སྤྱོད་ཚོགས་སུ་ཕྱུང་བས་ཆོག །འོན་ཀྱང་མ་དད་སྐུར་ལ་སོགས། །ནུས་པ་ཐོགས་མེད་མ་ཐོབ་བར། །གསང་བར་བཤད་པའི་སྤྱད་པ་རྣམས། །ཚོགས་སུ་བཤད་ན་བདག་གཞན་བརླག །གཞན་དོན་འགྲུབ་མི་འགྲུབ་སོགས་ཀྱི། །མངོན་མཁྱེན་སྣ་ཚོགས་ཤར་བ་དང་། །ནུས་པ་ཐོགས་མེད་ཐོབ་གྱུར་ནས། །གསང་སྤྱོད་ཚོགས་སྤྱོད་དབྱེ་བ་མེད། །རྗེ་བཙུན་མི་ལའི་ཞལ་ནས་ཀྱང་། །དགེ་བཅུ་སྤྱད་དུ་མེད་པར་གདའ། །སྡིག་བཅུ་སྤང་དུ་མེད་པར་གདའ། །མ་བཅོས་ལྷུག་པར་གནས་པར་གདའ། །རྗེ་བཙུན་ལོ་རོའ་ཞལ་ནས་ཀྱང་། །མཐོ་ལ་གཉན་པའི་དཀོན་མཆོག་གསུམ། །བཀུར་མེད་རིག་པའི་ངང་དུ་རྫོགས། །སྐྱབས་འགྲོ་བྱ་བ་ངས་མ་རྙེད། །རྗེ་བཙུན་རྣམ་པའི་དགོངས་པ་དེ། །ཞང་གི་སྤྲང་བན་བདག་དང་ནི། །རྟོགས་ལྡན་རྡོ་རྗེའི་སྤུན་རྣམས་ལ། །བུམ་ནང་མར་མེ་བཞིན་དུ་གསལ། །བཤད་ན་ཁྱེད་ཀྱིས་གོ་བ་དཀའ། །དད་ལྡན་བླ་མ་མཉེས་བྱེད་ཅིང་། །བྱིན་རླབས་སྙིང་ལ་ཞུགས་པ་ཡི། །རང་ཤར་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཕྱོགས་ལས་རྣམ་རྒྱལ་སྤྱོད་པ་སོགས། །གང་གིས་དོགས་ནས་འདིར་མ་གླེངས། །
༤༥༤རྒྱ་མཚོ་ལྟ་བུའི་རྒྱུད་མཆོག་ལྟོས། །བབ་ཅོལ་ཐེ་ཚོམ་མ་བྱེད་པར། །སྤྱོད་པ་དུས་དང་འབྲེལ་བར་གྱིས། །སྒྲུབ་པ་ཐང་ལྷོད་མེད་པར་གྱིས། །ལྟ་བ་ཕྱོགས་རིས་མེད་པར་གྱིས། །སྤྱོད་པ་ཚུལ་བཅོས་མེད་པར་གྱིས། །སྒོམ་པ་ཡེངས་པ་མེད་པར་གྱིས། །ཡོན་ཏན་ཟད་པ་མེད་པར་འབྱུང་། །འགྲོ་དོན་དཔག་ཏུ་མེད་པ་འགྲུབ། །གཉིས་མེད་རྟོགས་པས་མ་ཟིན་པའི། །བཙན་ཐབས་བཅོས་མ་ཐོ་ཆོ་ཡིན། །དགྲ་ཟིན་གསེར་དང་བོང་བ་སྙོམས། །ཡ་ཚུལ་སྤྱི་ཚིས་མ་བྱས་པས། །གྲོལ་ན་བུ་ཆུང་ཅིས་མི་གྲོལ། །གཉིས་མེད་རྟོགས་པས་མ་ཟིན་པའི། །གཟའ་གཏད་མེད་པས་གྲོལ་གྱུར་ན། །སྨྱོན་པ་རྣམས་ཀྱང་གྲོལ་བར་རིགས། །གཉིས་མེད་རྟོགས་པས་མ་ཟིན་པའི། །གཙང་རྩོག་མེད་པས་གྲོལ་གྱུར་ན། །ཁྱི་ཕག་རྣམས་ཀྱང་གྲོལ་བར་རིགས། །གཉིས་མེད་རྟོགས་པས་མ་ཟིན་པའི། །སྤྱོད་ལམ་མཁས་པས་གྲོལ་གྱུར་ན། །བག་མ་རྣམས་ཀྱང་གྲོལ་བར་རིགས། །གཉིས་མེད་རྟོགས་པས་མ་ཟིན་པའི། །རང་བྱུང་ལྷུག་པས་གྲོལ་གྱུར་ན། །གླན་གླེན་རྣམས་ཀྱང་གྲོལ་བར་རིགས། །གཉིས་མེད་རྟོགས་པས་ཟིན་གྱུར་ན། །སྤྱོད་པ་རྩིང་རུང་མི་རྩིང་རུང་། །ཇི་ལྟར་བྱས་ཀྱང་གྲོལ་བར་འགྱུར། །གཉིས་མེད་རྟོགས་པས་མ་ཟིན་ན། །ཞིབ་རུང་རྩིང་རུང་འཆིང་བར་འགྱུར། །ཕྱོགས་མེད་སྙིང་རྗེས་ཁྱབ་གྱུར་ན། །ཇི་ལྟར་བྱས་ཀྱང་མཆོག་གི་ལམ། །ཕྱོགས་མེད་སྙིང་རྗེས་མ་ཁྱབ་ན། །ཇི་ལྟར་བྱས་ཀྱང་དམན་པའི་ལམ། །སྤྱོད་པའི་ལེའུའོ། ༈ །དམ་ཚིག་ཇི་ལྟར་བསྲུང་ཞེ་ན། །དང་པོའ་ལས་པའི་དུས་ཚོད་ན། །སོ་སོར་ཐར་པའི་སྡོམ་ལ་སོགས། །བདེ་བར་གཤེགས་པའི་བཀའ་མི་བཅག །རྩ་རླུང་སྒོམ་པའི་དུས་ཚོད་ན། །བདེ་དྲོད་མི་མཐུན་ཕྱོགས་རྣམས་སྤོང་། །གཉིས་མེད་རྫོགས་པ་ཤར་དུས་ན། །ཆེད་དུ་བྱ་བ་ཐམས་ཅད་སྤང་། །ཀུན་ལ་རང་སེམས་དབང་པོར་བཞག །དབྱིངས་ལས་མི་འདའི་དོན་རྟོགས་ནས། །བསྲུང་དུ་མེད་པའི་དམ་ཚིག་མཆོག །དཀར་པོ་ཅིག་ཐུབ་བྱ་བ་ཡིན། །དམ་ཚིག་གི་ལེའུའོ། ༈ །ལྟ་བ་ཕྱིན་ཅི་མ་ལོག་ཅིང་། །གདམས་ངག་ནོད་ཚོགས་མ་འཆུགས་ན། །སྒོམ་པ་མ་ནོར་ཐང་ལྷོད་མེད། །སྤྱོད་པ་མི་ནོར་ཞེན་པ་མེད། །དམ་ཚིག་ལྷ་ཡིས་མ་ཁྲེལ་ན། །འབྲས་བུ་དགོས་འདོད་གདོན་མི་
༤༥༥ཟ། །དཔེར་ན་སྨན་གྱི་སྡོང་པོ་ཞིག །ཞིང་ས་ས་བོན་དུས་ཚོད་དང་། །ཆུ་ལུད་རྟེན་འབྲེལ་རྣམས་ཚོགས་ན། །མྱུ་གུས་ཀྱང་ནི་ནད་སེལ་ན། །སྡོང་པོ་ཡལ་ག་ལོ་འདབ་དང་། །མེ་ཏོག་འབྲས་བུ་ཐམས་ཅད་ཀྱི། །ཚོད་ཀ་ཚོད་ཀའི་ཡོན་ཏན་གྱིས། །ནད་རྣམས་སེལ་བ་ཇི་བཞིན་ནོ། །ལོག་པའི་རྟེན་འབྲེལ་རྣམས་ཀྱིས་ཀྱང་། །འབྲས་བུ་སྡུག་བསྔལ་འབྱིན་ནུས་ན། །མ་ནོར་ལེགས་པའི་རྟེན་འབྲེལ་གྱིས། །བདེ་ལེགས་ཐམས་ཅད་འགྲུབ་པར་ངེས། །ཤིན་ཏུ་བརྩོན་ལྡན་རྣལ་འབྱོར་པས། །མན་ངག་ཟབ་མོས་ཟིན་གྱུར་ན། །གཉིས་མེད་རྟོགས་པ་མ་ཤར་ན། །རྣམ་ཤེས་གཞན་གྱི་གྲོང་འཇུག་དང་། །གོང་དུ་འཕོ་བའི་སྦྱོར་བ་ཡིས། །མངོན་སུམ་ཉིད་དུ་འགྲུབ་པར་འགྱུར། །མ་ནུས་ཀྱང་ནི་བར་དོར་འཆར། །རབ་ཀྱི་འོད་གསལ་མངོན་དུ་བྱེད། །མཐོང་ལམ་མིན་ཞེས་སུ་ཞིག་སྨོད། །ནངས་པར་ཉི་མ་ཤར་མ་ཐག །ཆབ་རོམ་ཞུ་བར་མ་ནུས་ཤིང་། །ས་རྡོ་དྲོས་པར་མ་གྱུར་ཀྱང་། །ཉི་མ་མིན་ཞེས་སུ་ཞིག་སྨོད། །ས་དང་ལམ་གྱི་ཁྱད་པར་དང་། །དྲོད་རྟགས་ཁྱད་པར་སོ་སོ་ཀུན། །རིམ་འཇུག་གདུལ་བྱ་དྲང་དོན་དུ། །ཐུབ་པས་ལྡེམ་པོར་གསུངས་པ་ལ། །རྨོངས་རྣམས་ཉི་ཚེའི་ཕྱོགས་ཆར་ཞེན། །གདུལ་བྱའི་མཐོ་དམའ་བསམ་མི་ཁྱབ། །སངས་རྒྱས་གསུང་རབ་བསམ་མི་ཁྱབ། །རང་རང་གཞུང་དང་མ་མཐུན་ཡང་། །སྨད་ཅིང་སྤང་བར་མི་བྱ་ཞིང་། །ནམ་ཞིག་གོ་བར་སྨོན་ལམ་གདབ། །ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། །པ་ན་ས་ཡི་འབྲས་བུ་བཞིན། །རྒྱུ་དང་འབྲས་བུ་དུས་མཚུངས་ཤིང་། །མཚན་མ་རང་སར་གྲོལ་བ་ཡིན། །སྤྲེའུ་རྣམས་མས་འཛེག་ཤིང་ཐོག་ལེན། །ཁྭ་ཏས་ཡལ་ག་མ་མཐོང་སྟེ། །ཤིང་ཐོག་ལེན་པར་སྨྲ་ཅི་ཡོད། །དེ་བཞིན་གཅིག་ཆར་གང་ཟག་གིས། །ས་ལམ་དྲོད་རྟགས་མ་མཐོང་ཡང་། །ཆོས་སྐུ་ཐོབ་པར་སྨྲ་ཅི་ཡོད། །སྦྱངས་དང་ནུས་པ་སོ་སོ་ཡིན། །གཉུག་མ་རྟོགས་པའི་སྐད་ཅིག་ལ། །མྱ་ངན་འདས་པའི་རྒྱལ་སྲིད་ཐོབ། །ཐོག་མེད་སེམས་ཉིད་དག་པ་འདི། །འབྲས་བུ་ཡིན་པ་ད་གདོད་ཤེས། །ཤེས་པའམ་རྟོགས་པའི་འདུ་ཤེས་མེད། །འབྲིང་
༤༥༦གིས་སྒྱུ་ལུས་ཟུང་འཇུག་འགྲུབ། །ཐ་མས་མངལ་གྱི་གྲོང་ཁྱེར་ཁེགས། །ཡང་ན་གར་སྐྱེ་རང་དབང་ཐོབ། །དེ་ནས་སྐུ་གསུམ་གདོན་མི་ཟ། །ཕྱག་རྒྱ་ཆེན་པོའ་རྣལ་འབྱོར་པ། །ཤེས་པ་ལྷོད་ཀྱིས་གློད་པའི་ཚེ། །གསལ་ལ་རྟོག་མེད་པ་ཡི་ཉམས། །བར་སྣང་དག་པའི་དཀྱིལ་ལྟར་འཆར། །དེ་ལྟར་འཆར་བའི་དུས་ཉིད་དུ། །སྡིག་པ་དཔག་མེད་ངེས་པར་འཛད། །ངེས་པའི་ཤེས་པ་མ་སྐྱེས་ཀྱང་། །ཆོས་ཀྱི་སྐུ་དང་མཇལ་བ་ཡིན། །གཉིས་མེད་ལྷན་ཅིག་སྐྱེས་པ་ཡི། །རྟོགས་པ་ལྷག་གིས་ཤར་བ་ཡི། །སྐད་ཅིག་ཉིད་ལ་ཐོག་མེད་ནས། །བསགས་པའི་སྡིག་པ་ཇི་སྙེད་རྣམས། །མ་ལུས་གཏན་ནས་འཇོམས་པར་བྱེད། །མུན་པའི་ནང་གི་སྒྲོན་མེ་བཞིན། །ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། །རྨོངས་པས་ས་ལམ་རྩིས་པས་འཁྲུལ། །འོན་ཀྱང་རྨོངས་རྣམས་དགའ་བའི་ཕྱིར། །མཚན་ཉིད་ཐེག་པའི་ས་ལམ་རྣམས། །འདིར་ཡང་དོད་པོ་བརྩི་བར་བྱ། །རྟོགས་པ་ལྷག་གིས་ཤར་བ་དེ། །མཐོང་ལམ་རབ་ཏུ་དགའ་བའི་ས། །རོ་མཉམ་རྟོགས་པ་དེ་ཉིད་ལ། །གོམས་པར་བྱེད་པ་སྒོམ་པའི་ལམ། །གོམས་སུ་མེད་པ་མཐར་ཕྱིན་ལམ། །གཉིས་མེད་རྟོགས་མ་ཐག་ཉིད་དུ། །སྡུག་བསྔལ་སངས་པར་མ་གྱུར་ཅིང་། །ཡོན་ཏན་ནུས་པ་མ་སྐྱེས་ཀྱང་། །རང་གྲོལ་མཉམ་རྗེས་སྐྱེ་ཤི་མེད། །སྐུ་ལྔ་ལྷུན་གྱིས་གྲུབ་པ་ཡི། །རྡོ་རྗེ་འཆང་ཆེན་ཉིད་དུ་གྲོལ། །དེ་ལྟ་བུ་ཡི་མཐུན་རྐྱེན་དེ། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱངས། །བྱང་བའི་སྟོབས་ཀྱིས་ཐོབ་པར་བཤད། །འདི་ཡང་ཚོགས་གཉིས་རྫོགས་པ་སྟེ། །སྒྲིབ་པ་གཉིས་ཀྱང་ཤུགས་ཀྱིས་འབྱོངས། །གཉིས་མེད་རྟོགས་པའི་སྐད་ཅིག་ལ། །བླ་མ་སངས་རྒྱས་ཀུན་མཉེས་པས། །བསོད་ནམས་ཚོགས་ཆེན་དེ་རུ་རྫོགས། །སེར་སྣ་རྣམ་སྨིན་ལ་སོགས་ཀྱི། །སྒྲིབ་པའི་ས་བོན་གཏན་ནས་བྱང་། །རྫོགས་པའི་བྱང་ཆུབ་ཅེས་བྱའོ། །ཕྱག་རྒྱ་ཆེན་པོའ་དངོས་གྲུབ་ཡིན། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །སྐད་ཅིག་ཉིད་ལ་རྫོགས་སངས་རྒྱས། །འབྲས་བུའི་
༤༥༧ལེའུའོ། ༈ །དེ་ལྟར་ལྟ་བའི་གནས་ལུགས་དང་། །སྒོམ་པའི་སྤྱོད་པ་དམ་ཚིག་དང་། །འབྲས་བུ་ལ་སོགས་ཆོས་རྣམས་ཀུན། །རང་གི་སེམས་ཀྱི་རྣམ་འཕྲུལ་ཡིན། །སེམས་ཉིད་རང་རིག་གསལ་བའི་ངང་། །གསལ་བ་ཉིད་ནས་རང་བཞིན་སྟོང་། །མཁའ་ལྟར་རིས་སུ་ཆད་པ་མེད། །ཕྱོགས་ཆ་མཐའ་དབུས་ངོས་བཟུང་མེད། །དེ་ལྟ་བུ་ཡི་སེམས་ཉིད་ལ། །བལྟ་བྱ་ལྟ་བྱེད་གཉིས་མེད་པས། །ལྟ་བ་མེད་ཅིང་རྟོགས་པ་མེད། །བསྒོམ་བྱ་སྒོམ་བྱེད་གཉིས་མེད་པས། །སྒོམ་པ་མེད་ཅིང་ངོས་བཟུང་མེད། །གོམས་བྱ་གོམས་བྱེད་གཉིས་མེད་པས། །གོམས་པ་མེད་ཅིང་མ་གོམས་མེད། །ཡེངས་བྱ་ཡེངས་བྱེད་གཉིས་མེད་པས། །མ་ཡེངས་མེད་ཅིང་ཡེངས་པའང་མེད། །སྤྱད་རྒྱུ་སྤྱོད་མཁན་གཉིས་མེད་པས། །སྤྱོད་པ་མེད་ཅིང་སྤྱད་པའང་མེད། །འཐོབ་བྱ་ཐོབ་བྱེད་གཉིས་མེད་པས། །གྲུབ་པ་མེད་ཅིང་ཐོབ་པ་མེད། །ནམ་མཁའ་སྟོང་པའི་དཀྱིལ་ལྟ་བུ། །རྒྱུ་དང་འབྲས་བུ་གཉིས་མེད་པས། །བསྐྱེད་པ་མེད་ཅིང་སྨིན་པའང་མེད། །ཡེ་ནས་སྟོང་པ་ཆོས་ཉིད་ལ། །སྒྲིབ་པ་མེད་ཅིང་བྱང་བའང་མེད། །སེམས་མེད་རིག་སྟོང་དབྱེར་མེད་ལས། །ཡེ་ཤེས་མེད་ཅིང་མི་ཤེས་མེད། །དེ་ལྟར་ལྟ་སྒོམ་སྤྱོད་པ་དང་། །དམ་ཚིག་དང་ནི་འབྲས་བུ་རྣམས། །སེམས་ཉིད་འོད་གསལ་ངོ་བོར་ནི། །མཉམ་པར་ཤེས་པའི་སྒོམ་ཆེན་ལ། །བལྟ་བྱ་ལྟ་བྱེད་ཞེན་མེད་པས། །ཞེན་མེད་ལྟ་བའི་རྒྱལ་པོ་ཡིན། །བསྒོམ་བྱ་སྒོམ་བྱེད་ཞེན་མེད་པས། །ཞེན་མེད་སྒོམ་པའི་རྒྱལ་པོ་ཡིན། །སྤྱད་བྱ་སྤྱོད་བྱེད་ཞེན་མེད་པས། །ཞེན་མེད་སྤྱོད་པའི་རྒྱལ་པོ་ཡིན། །འཐོབ་བྱ་ཐོབ་བྱེད་ཞེན་མེད་པས། །ཞེན་མེད་འབྲས་བུའི་རྒྱལ་པོ་ཡིན། །མཉམ་པ་ཉིད་ཀྱི་ལེའུའོ། ༈ །རང་སེམས་རྟོགས་པའི་སྐད་ཅིག་ལ། །དཀར་པོའ་ཡོན་ཏན་མ་ལུས་པ། །སྒྲུབ་པ་མེད་པར་དུས་གཅིག་རྫོགས། །སེམས་ཉིད་བར་སྣང་ལྟ་བུ་ལ། །སྐུ་གསུམ་ཡེ་ནས་ལྷུན་གྲུབ་ཀྱི། །སངས་
༤༥༨རྒྱས་དཀོན་མཆོག་དེ་རུ་རྫོགས། །སེམས་ཉིད་སྤྲོས་བྲལ་འདོད་ཆགས་བྲལ། །དམ་ཆོས་དཀོན་མཆོག་དེ་རུ་རྫོགས། །རང་བཞིན་སྐྱེ་མེད་ཕྱིར་མི་ལྡོག །དགེ་འདུན་དཀོན་མཆོག་དེ་རུ་རྫོགས། །དེ་ལྟར་དཀོན་མཆོག་གསུམ་པོ་ཡང་། །རང་སེམས་རིག་པར་རྫོགས་པས་ན། །གཞན་ལ་སྐྱབས་སུ་འགྲོ་མི་དགོས། །ངེས་པའི་སྐྱབས་འགྲོ་དེ་རུ་རྫོགས། །སེམས་ཉིད་སྤྲོས་དང་བྲལ་བ་ལ། །ཞེ་འདོད་རང་བཞིན་ཡེ་མེད་པས། །སྨོན་པ་བྱང་སེམས་དེ་རུ་རྫོགས། །ཐམས་ཅད་འཁྲུལ་པར་གོ་བ་ཡིས། །དམིགས་པ་མེད་པའི་སྙིང་རྗེ་ཤར། །གཞན་དོན་ལྷུན་གྱིས་གྲུབ་པ་ཡི། །འཇུག་པའི་བྱང་སེམས་དེ་རུ་རྫོགས། །སེམས་ཉིད་བར་སྣང་ལྟ་བུ་ལ། །འཛིན་ཆགས་ཀུན་དང་བྲལ་བས་ན། །སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས། །མཚན་མའི་དྲི་མ་རྣམ་དག་པས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས། །སྟོང་པ་ཉིད་ལ་མི་སྐྲག་ཅིང་། །ཁོང་ཁྲོའི་ས་བོན་བཅོམ་པས་ན། །བཟོད་པའི་ཕ་རོལ་ཕྱིན་པ་རྫོགས། །རིག་སྟོང་རྒྱུན་ཆད་མེད་པའི་ཕྱིར། །བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས། །རྩེ་གཅིག་ཡེ་ནས་ལྷུན་གྲུབ་པས། །བསམ་གཏན་ཕ་རོལ་ཕྱིན་པ་རྫོགས། །ལོག་རྟོག་མཚན་མ་རང་གྲོལ་བས། །ཤེས་རབ་ཕ་རོལ་ཕྱིན་པ་རྫོགས། །ཅིར་སྣང་གྲོགས་སུ་ཤར་བ་ཡིས། །ཐབས་ཆེན་བསོད་ནམས་ཚོགས་ཆེན་རྫོགས། །གཉིས་སུ་མེད་པའི་དོན་རྟོགས་པས། །ཡེ་ཤེས་ཚོགས་ཆེན་དེ་རུ་རྫོགས། །སེམས་ཉིད་བར་སྣང་ལྟ་བུ་ལ། །ལུས་ཀྱི་མཚན་མ་གཏན་མེད་པས། །བུམ་པའི་དབང་མཆོག་དེ་རུ་རྫོགས། །ངག་གི་དྲི་མ་ཡེ་དག་པས། །གསང་བའི་དབང་མཆོག་དེ་རུ་རྫོགས། །ཡིད་ཀྱི་དྲི་མ་ཡེ་དག་པས། །ཤེས་རབ་ཡེ་ཤེས་དབང་མཆོག་རྫོགས། །ཆ་མཉམ་དྲི་མ་གནས་མེད་པས། །བཞི་པའི་དབང་མཆོག་དེ་རུ་རྫོགས། །རང་རིག་རང་གསལ་གོ་མ་འགགས། །སྐུ་མདོག་ཕྱག་མཚན་ཅིར་ཡང་སྣང་། །བསྐྱེད་རིམ་མཐའ་དག་དེ་རུ་རྫོགས། །གསལ་ལ་ངོས་བཟུང་མེད་པ་ཡི། །རྫོགས་པའི་རིམ་པ་དེ་རུ་རྫོགས། །རང་སེམས་འོད་གསལ་གཉིས་མེད་དུ། །
༤༥༩ལྷན་ཅིག་རྟོགས་པ་མཐོང་བའི་ལམ། །རྒྱུན་ཆད་མེད་པ་སྒོམ་པའི་ལམ། །འབད་རྩོལ་མེད་པ་མཐར་ཕྱིན་ལམ། །གར་ཡང་འགག་མེད་དྲོད་རྟགས་མཆོག །ས་ལམ་དྲོད་རྟགས་དེ་རུ་རྫོགས། །ཅིར་ཡང་མ་ཡིན་ཆོས་ཀྱི་སྐུ། །ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །ཅིར་ཡང་ཆོས་སྐུར་ལོངས་སྤྱོད་པས། །འབྲས་བུ་སྐུ་གསུམ་དེ་རུ་རྫོགས། །རང་རིག་བར་སྣང་ལྟ་བུ་ལ། །ཕྱོགས་རིས་མེད་པས་ལྟ་བ་རྫོགས། །དམིགས་ཞེན་མེད་པས་སྒོམ་པ་རྫོགས། །བླང་དོར་མེད་པས་སྤྱོད་པ་རྫོགས། །ཉམས་པ་མེད་པས་དམ་ཚིག་རྫོགས། །ལྷུན་གྱིས་གྲུབ་པས་འབྲས་བུ་རྫོགས། །སེམས་ཉིད་འོད་གསལ་སྟོང་པ་ལ། །སྔ་ཕྱི་དུས་གསུམ་ཕྱོགས་ཆ་མེད། །ཇི་སྲིད་བདག་འཛིན་ཡོད་ཀྱི་བར། །ལྟ་སྒོམ་སྤྱོད་འབྲས་དམ་ཚིག་ཡོད། །ལས་དང་ལས་ཀྱི་རྣམ་སྨིན་ཡོད། །སྡིག་སྤང་བསོད་ནམས་བསགས་པ་གཅེས། །དཀར་པོ་ཆིག་ཐུབ་བསྟན་པའི་ལེའུའོ། ༈ །ཞང་གི་སྤྲང་བན་བདག་ལ་ནི། །ཉེ་གནས་ཆོས་ཀྱི་བློ་གྲོས་ཀྱིས། །བསྐུལ་ནས་རང་གི་སེམས་ཉིད་ཀྱི། །གནས་ལུགས་སྒྲོ་སྐུར་ཡེ་མེད་པར། །གདུལ་བྱ་འགའ་ཞིག་དྲང་བའི་ཕྱིར། །སྒྲོ་བཏགས་ནས་ནི་ཡི་གེར་བཀོད། །རྐྱེན་ངན་ཅིར་ཡང་སྣང་བའི་ཕྱིར། །བརྩེ་བས་བྲིས་པས་ཉེས་པ་མེད། །དགེ་བ་འདི་དང་དགེ་གཞན་རྣམས། །མ་ལུས་གཅིག་ཏུ་གྱུར་ནས་ནི། །ནམ་མཁའི་མཐའ་མཉམ་འགྲོ་དོན་དུ། །གཉིས་མེད་ཆོས་སྐུ་མངོན་གྱུར་ཤོག །འབད་པ་མེད་པའི་འགྲོ་དོན་དུ། །ཞེན་བྲལ་དམིགས་མེད་ཐུགས་རྗེ་ཡི། །གཟུགས་སྐུས་ནམ་མཁའི་མཐའ་ཁྱབ་པས། །གང་འདུལ་དེ་ལ་དེ་སྟོན་ཤོག །དེང་ནས་བརྩམས་ཏེ་དུས་ཀུན་ཏུ། །དལ་འབྱོར་ཕུན་སུམ་ཚོགས་ཐོབ་ནས། །དད་དང་ཤེས་རབ་སྙིང་རྗེ་ཡིས། །སྟོབས་ཆེན་དགེ་ཕྱོགས་འབའ་ཞིག་ཤོག །ཀུན་ཏུ་རྡོ་རྗེ་ཐེག་ཆེན་སྣོད། །རབ་གྱུར་བླ་མའི་གདམས་ངག་དང་། །རྟོགས་མཆོག་ཐུགས་རྗེའི་བྱིན་རླབས་ཅན། །རྙེད་ནས་རྟག་ཏུ་མཉེས་བྱེད་ཤོག །ཀུན་ཏུ་བླ་མའི་ཡོན་ཏན་མཐོང་། །སྐྱོན་རྣམས་
༤༦༠སྐད་ཅིག་མི་མཐོང་བར། །རྡོར་འཛིན་ཉིད་དུ་རྟག་མཐོང་སྟེ། །དད་གུས་རྒྱུན་ཆད་མེད་པར་ཤོག །ཀུན་སློང་ངན་པས་མ་སྦགས་པའི། །དམིགས་མེད་སྙིང་རྗེ་ཆེན་པོ་ཡིས། །བླ་མ་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་མ་ལུས་བདག་པོར་ཤོག །རྟག་ཆད་མུ་མཐའ་ལ་སོགས་པའི། །ཕྱོགས་བྲལ་ལྟ་བ་རྣམ་དག་པའི། །ཞེན་མེད་བདེ་གསལ་མི་རྟོག་དང་། །རོ་སྙོམས་སྤྱོད་པ་མཆོག་ཐོབ་ཤོག །ཀུན་ཏུ་གཡོ་སྒྱུའི་ཚུལ་འཆོས་དང་། །ཉོན་མོངས་དྲི་མས་མ་གོས་པའི། །དམ་ཚིག་མཁའ་འགྲོ་མ་ཁྲེལ་བ། །སྲུང་ཞིང་བསྒྲུབ་ལ་རྟག་བརྩོན་ཤོག །རྟག་ཏུ་རི་ཁྲོད་འགྲིམས་བྱེད་ཅིང་། །འཇིགས་སྐྱོ་བར་ཆད་གཏན་མི་འབྱུང་། །ཉམས་མྱོང་རྟོགས་པ་དྲོད་རྟགས་སོགས། །ཡོན་ཏན་རྫུ་འཕྲུལ་མཐུ་ལྡན་ཤོག །བདག་གིས་སྤྱོད་པ་ཅི་བྱས་ཀུན། །བླ་མ་ཀུན་དང་མཆེད་ཀུན་དང་། །སེམས་ཅན་གཞན་དག་མ་ལུས་པ། །ཀུན་གྱི་ཡིད་དུ་འོང་བར་ཤོག །བདག་གི་ལུས་ངག་ཡིད་གསུམ་དང་། །གནས་དང་གོས་དང་མིང་རུས་དང་། །མཐོང་ཐོས་དྲན་རེག་ལ་སོགས་ཀྱིས། །གཞན་ཕན་འདོད་པ་ཀུན་རྫོགས་ཤོག །དངོས་ཀུན་ཆགས་མེད་གཏོང་མེད་ཅིང་། །རེ་འདོད་ལ་སོགས་སྐྱོན་དང་བྲལ། །རྣམ་དག་ཁྲིམས་ལྡན་སེམས་མི་འཁྲུགས། །བརྟན་སྤྲོ་མི་གཡོ་མཁའ་རྟོགས་ཤོག །བསྐྱེད་རྫོགས་གཉིས་ལ་བརྟན་ཐོབ་ནས། །འོད་གསལ་ཟུང་འཇུག་མཐར་ཕྱིན་ཏེ། །བདག་གི་བྱིན་རླབས་ལྷུན་གྲུབ་ཀྱིས། །འགྲོ་དྲུག་རེ་བ་སྐོང་བར་ཤོག །བདག་གི་དམིགས་མེད་སྙིང་རྗེ་དང་། །མཐུ་སྟོབས་རྫུ་འཕྲུལ་དཔག་ཡས་ཀྱིས། །ལྷ་ཀླུ་གནོད་སྦྱིན་བདུད་ལ་སོགས། །མཐུ་ཆེན་དྲེགས་པ་ཀུན་འདུལ་ཤོག །བདག་གི་མགོ་དང་རྐང་ལག་དང་། །ཤ་ཁྲག་སྲོག་དབུགས་ལ་སོགས་པ། །གཞན་ཕན་དུས་ལ་བབ་གྱུར་ན། །སྤྲོ་ཞིང་ལེགས་གཏོང་མི་འགྱོད་ཤོག །ཟས་སྐོམ་བུ་ནོར་བཞོན་པ་སོགས། །ལོངས་སྤྱོད་སྣ་ཚོགས་གང་འདོད་ལ། །བདག་གིས་ཅི་འདོད་ཟད་མེད་ཀྱི། །ཕན་ཐོགས་ང་རྒྱལ་མེད་པར་ཤོག །དགྲ་དང་གདོན་གྱིས་གང་ཉེན་དང་། །ནད་དང་མུ་གེ་ལ་སོགས་
༤༦༡པའི། །སྡུག་བསྔལ་གང་གིས་ཉེན་པ་རྣམས། །བདག་གི་མཐུ་དཔལ་གྱིས་སྐྱོབ་ཤོག །དེང་ནས་བརྩམས་ཏེ་དུས་ཀུན་ཏུ། །གཞན་དོན་འབའ་ཞིག་སྤྱོད་བྱེད་ཅིང་། །གཞན་གྱིས་མི་རིགས་གང་བྱས་ལ། །ཡིད་འཁྲུགས་སྐྱོ་མེད་ཕན་ཐོགས་ཤོག །རློམ་སེམས་ང་རྒྱལ་ཕྲག་དོག་དང་། །རང་འདོད་ཉེ་རིང་ཕྱོགས་རིས་སོགས། །མི་དགེའི་དྲི་མས་མ་གོས་པར། །འགྲོ་བ་ཀུན་ལ་ཕན་ཐོགས་ཤོག །གཞན་གྱིས་བསྟོད་སོགས་དགའ་བ་མེད། །སྨད་སོགས་སྐྱོན་ལ་མི་དགའ་མེད། །འབད་མེད་བཏང་སྙོམས་སྙིང་རྗེ་ཡིས། །ཆགས་སྡང་དྲི་མས་མ་གོས་ཤོག །སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་། །འཇམ་པའི་དབྱངས་ཀྱི་ཤེས་རབ་དང་། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་རྣམས། །མ་ལུས་བདག་ལ་རྫོགས་པར་ཤོག །ཀླུ་སྒྲུབ་སྙིང་པོའ་མཁྱེན་པ་དང་། །ས་ར་ཧ་ཡི་རྟོགས་པ་དང་། །བིར་ཝ་པ་ཡི་ནུས་མཐུ་རྣམས། །མ་ལུས་བདག་གིས་ཐོབ་པར་ཤོག །སྔགས་རྒྱུད་མ་ལུས་སྦྱོར་བ་ཤེས། །ལས་ཚོགས་མཐའ་དག་ཐོགས་མེད་འགྲུབ། །མན་ངག་དཔག་མེད་མངའ་བདག་བྱེད། །མཁའ་འགྲོ་མ་ལུས་མཉེས་བྱེད་ཤོག །ཆོས་ཀུན་གང་ནས་མ་འོང་ཞིང་། །གང་དུ་ཡང་ནི་མི་འགྲོ་ལ། །གར་ཡང་མི་གནས་མཉམ་པའི་དོན། །ངེས་རྟོགས་རབ་བརྟན་གཞན་ཕན་ཤོག །ཞེ་འདོད་སྐྱོན་བྲལ་གཞན་དོན་དུ། །བཟོ་དང་བསྟན་བཅོས་ཐམས་ཅད་དང་། །སྙན་དངགས་ལ་སོགས་ཕྱོགས་མེད་མཁས། །རྒོལ་བ་ཀུན་གྱིས་མི་ཐུབ་ཤོག །རིགས་དང་ཡོན་ཏན་ལ་སྤྱོད་དང་། །མ་ནོར་ཚིག་དོན་ཤེས་རབ་དང་། །མཐུ་རྩལ་སྤོབས་པ་ལ་སོགས་པ། །མཐུན་རྐྱེན་ཚོགས་ཀྱིས་མི་ཕོངས་ཤོག །སྨོན་ལམ་གྱི་ལེའུའོ། ༈ །དེང་སང་དུས་ན་ཆོས་པ་རྣམས། །ཚིག་ཚོགས་མཁས་ཀྱང་དོན་མ་རྟོགས། །སྤྱིར་ཡང་རྒྱལ་རྩོད་པ་འཕེལ། །སྒྲུབ་བརྒྱུད་བླ་མ་རྗེ་བཙུན་རྣམས། །དོན་གྱི་རྗེས་སུ་འབྲངས་ཏེ་སྒྲུབ། །ང་རྒྱལ་ལ་སོགས་གཏན་སྤངས་ཏེ། །དོན་རྟོགས་ལུང་རིགས་དགོངས་པ་རྫོགས། །
༤༦༢ཏཻ་ལོ་པས་ནི་ནཱ་རོ་ལ། །ཚིག་གཅིག་ཙམ་ཡང་མ་གསུངས་ཏེ། །ལུང་རིགས་མན་ངག་ཐམས་ཅད་ཀུན། །མ་ལུས་ནཱ་རོའ་ཐུགས་ལ་རྫོགས། །དེ་ཕྱིར་ཁོ་བོའ་ལབ་ལོབ་འདི། །སེངས་བསྐྱུངས་ལ་སོགས་སྦྱངས་པ་དང་། །འགལ་འབྲེལ་རྩིས་ན་ཟློས་པའི་སྐྱོན། །མ་བརྟགས་མུ་ཅོར་སྨྲས་པ་ཡིན། །རང་གི་གདུལ་བྱར་བབས་པ་ལ། །འདིས་མི་ཕན་པ་སྲིད་པའི་མཐའ། །མི་ཁེགས་སྙམ་ནས་བྲིས་པ་ཡིན། །ལུང་རིགས་གདམས་དང་མ་མཐུན་པ། །ཚིག་གཅིག་བྱུང་ན་མགོ་བོ་ཁོས། །སྤྲང་བན་ཞང་གི་རྟོགས་ཚོད་འདི། །སྤང་བུ་ཐུལ་གྱི་བྲག་སྔོན་དུ། །ཉེ་གནས་མར་པས་བསྐུལ་ནས་བྲིས། །ཕྱི་མ་ལ་བསྟེན་སྡིག་པ་གསོག །བཀའ་དང་བསྟན་བཅོས་རྣམས་དང་ནི། །བླ་མ་དམ་པའི་དགོངས་པ་དང་། །རང་གི་རྟོགས་ཚོགས་གླེངས་པ་ཡིན། །གུ་ཧྱ་ས་མ་ཡ།། །།

༄༅། །ཕྱག་རྒྱ་ཆེན་པོ་སྒོམ་མ་མོ་ཆེན་མོའི་སྔོན་འགྲོ་དངོས་གཞི་ཞང་རིན་པོ་ཆེ་ཞེས་འགྲན་གྱི་དོ་མེད་དེའི་མན་ངག་བཞུགས་སོ༎ ༎

༤༦༣ ཕྱག་རྒྱ་ཆེན་པོ་སྒོམ་མ་མོ་ཆེན་མོའ་སྔོན་འགྲོ་དངོས་གཞི་ཞང་རིན་པོ་ཆེ་ཞེས་འགྲན་གྱི་དོ་མེད་དེའི་མན་ངག་བཞུགས་སོ།། །།
༤༦༤བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་སྤྲོས་མེད་བདེ་ཆེན་ངང་ཉིད་ལས། །ཐུགས་རྗེའི་ཕྲིན་ལས་འགྲོ་བ་ཀུན་ལ་ཤར། །བྱིན་རླབས་སྟོབས་ཀྱིས་གདུལ་བྱ་གྲོལ་བར་མཛད། །བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །དམ་ཆོས་སྙིང་པོ་ཐེག་པ་ཀུན་གྱི་རྩེ། །བཀའ་བརྒྱུད་གོང་མའི་ཚོགས་རྣམས་གཤེགས་པའི་ཤུལ། །རྗེ་ཡི་ཕྱག་ལེན་གདུལ་བྱ་འདྲེན་པའི་ལམ། །བླ་མའི་ཞལ་གདམས་གསུང་བཞིན་ཡི་གེར་བཀོད། །དེ་ཡང་ཆོས་རྗེ་དཔལ་ལྡན་ལྷ་རི་པའི་གདམས་ངག་གི་གཙོ་བོ། །ཕྱག་རྒྱ་ཆེན་པོ་ལག་བཅངས་སུ་སྟོན་པར་བྱེད་པའི་ཐབས་སློབ་མ་ལས་ཅན་རྣམས་ལ་འདེབས་པར་བྱེད་པའི་ཁྲིད། དྭགས་པོ་བཀའ་བརྒྱུད་ཐམས་ཅད་ཀྱི་ཕ་ཕོག་གི་ཆོས། སེམས་ཉིད་རིན་པོ་ཆེ་གཅེར་མཐོང་དུ་ངོ་སྤྲད་ནས་བྱིན་རླབས་ཞུགས་པས། ནང་ལྷན་སྐྱེས་ཀྱི་རྟོགས་པ་ཁང་ནས་རྡོལ་བར་བྱེད་པའི་གསང་ལམ་དམ་པ། སྔོན་འགྲོ་དངོས་གཞི་ཁྲིད་འདེབས་པའི་ལུགས་འདི་ཡིན་པས། དེ་ཡང་བླ་མ་དམ་པ་དེ་ཉིད་གདུལ་བྱར་གྱུར་པའི་སློབ་མ་ལ་སྡོམ་པ་གསུམ་གྱི་གཞི་བཏིང་ནས། དབང་གིས་རྒྱུད་སྨིན་པར་བྱས་པའི་རྗེས་ལ་འདི་བཞིན་དུ་འཁྲིད་པ་ཡིན་ནོ། །དེ་ལ་བླ་མ་རིན་པོ་ཆེའི་ཞལ་ནས། འོ་སྐོལ་ད་ལྟ་དལ་འབྱོར་གྱི་མི་ལུས་རིན་པོ་
༤༦༥ཆེ་ཐོབ། དབང་པོ་ལྔ་ལ་སྐྱོན་མ་ཞུགས། རང་དབང་རང་གིས་ཐོབ་པའི་དུས་འདིར། ནམ་བཞག་གཏན་གྱི་བདེ་བ་ཞིག་སྒྲུབ་དགོས། །དེ་ལ་དམ་པའི་ཆོས་བྱེད་དགོས། །ཆོས་བྱེད་པ་ལ་དད་པ་ཕུན་སུམ་ཚོགས་པ་གཅིག་མེད་པའི་ཐབས་མེད། དང་བ་སྐྱེ་བར་བྱེད་པ་ལ་འཁོར་བའི་ཉེས་དམིགས་བསམ་ཞིང་འཆི་བ་མི་རྟག་པ་སྒོམ་དགོས་པ་ཡིན་ཏེ། དེ་ཡང་སྔར་སྐྱེས་པ་ལ་མ་ཤི་བ་གཅིག་ཀྱང་མེད། ད་གདོད་སྐྱེ་བ་རྣམས་ཀྱང་འཆི་བར་ངེས། ད་ལྟ་ཡོད་པ་རྣམས་ཀྱང་གཅིག་ཤི་གཉིས་ཤི་ལས་ཐམས་ཅད་ལུས་མི་སྲིད། ལར་ནི་སྐྱེས་ཕན་ཆད་འཆི་བའི་ཆོས་ཅན་མི་རྟག་པའི་མཚན་ཉིད་ཡིན་ཏེ། མདོ་ལས་ཀྱང་། སའམ་འཇིག་རྟེན་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །གང་ཞིག་ཁྱོད་ཀྱིས་དེ་མཐོང་ངམ། །འོན་ཏེ་ཐོས་སམ་ཐེ་ཚོམ་ཟ། །ཞེས་གསུངས་པས། ཐམས་ཅད་རུབ་རུབ་འཆི་བ་འདི་འཇིགས་མོ་ཡིན། །དེ་ཐག་རིང་པོ་ཞིག་ན་ཡོད་པ་མ་ཡིན་ཏེ། རང་རེའི་སྟེང་དུའང་རྒྱངས་ཀྱི་མི་ཡོང་མི་སྲིད་པས། ངེས་པར་སང་ནང་མོ་ཚུན་ཆད་ལ་མི་འཆི་བའི་གདིང་ཐོབ་པའང་མེད་པ་ཡིན་ཏེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བ་ཞིག །དེ་ནི་གདོན་མི་ཟ་བར་འབྱུང་། །ཞེས་གསུངས་པས།
༤༦༦རང་རེ་ཡང་འཆི་ངེས་པར་ཐག་ཆོད་ཅིང་ནམ་འཆིའི་ཚོད་མི་ཤེས། ན་སོ་གཞོན་པས་གདིང་སྦྱར་མི་གཏུབ་སྟེ། སྤྱིར་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པའི་སྟོབས་ཀྱིས་རིག་གཅིག་བུ་ཆུང་ལ་འཆི། རིགས་གཅིག་བྱིས་པ་ལ་འཆི། ཕལ་ཆེར་དར་ལ་བབས་ནས་རུབ་རུབ་འཆི་ཡི་ཡོད་པ་ཡིན་མོད། རྒས་ནས་འཆི་བ་རེ་རེ་ཙམ་ཡིན། ཁྱད་པར་སྙིགས་མའི་དུས་འདིར་ཚེ་ཡི་སྙིགས་མར་སོང་བས་ཚེ་ཐུང་བའི་སྟོབས་ཀྱིས་ཚེ་མཐར་བསྐྱོལ་ཡང་ལོ་དྲུག་ཅུ་ཙམ་རེ་ལས་མི་ཐུབ་པ་ཐག་ཆོད་པ་ཡིན་མོད། དེ་བས་ན་རང་རེ་རྣམས་ཀྱང་སང་འཆིའམ་གནང་འཆིའམ། སང་ཕོད་འཆི་ཚོད་མི་ཤེས། བསམ་པ་བརྒྱའི་སྟེང་དུ་མི་ཕེབས་པར་མ་བསམས་པ་གཅིག་གིས་འུབ་ཀྱིས་བསྡུས་ནས་མིག་རིག་རིག་འཆི་བ་འདི་འཇིགས་མོ་ཡིན་ནོ། །མདོ་ལས་ཀྱང་། སང་ཙམ་འཆི་བའི་དུས་ཤེས་ཀྱང་། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་བོང་ཆེན་དེ་དག་ནི། །ནམ་འོང་ཤེས་པ་མ་ཡིན་ནོ། །ཞེས་གསུངས་པས། རང་ཅག་རྣམས་ཀྱང་མ་ལ་སྐྱེས་ནས་འཆི་བའི་ཕྱོགས་སུ་ཞག་གཅིག་པས་ཞག་གཅིག་ཉེར་སོང་། ཁར་སོང་བས་ཀྱང་དེ་རིང་ཉེར་སོང་། །དེ་ཉེ་ཇེ་ཉེ་ལ་སོང་བ་མ་གཏོགས་པས་བཟུང་ནས་ཡོད་པ་མ་ཡིན། ཁར་སང་མི་རྟག་དེ་རིང་། དེ་རིང་མི་རྟག་སོང་དུ་འགྲོ། །ཟླ་བ་སྔ་མ་མི་རྟག་ཕྱི་མར་སོང་། ན་ནིང་མི་རྟག་དུས་གཅིག་དུ་སོང་བ་འདི་ཐམས་ཅད་རང་གི་ཚེ་ལ་མ་ཚོར་བར་རྦད་རྦད་གཅོད་ཅིང་ཡོད་པ་ཡིན་ཏེ། མདོ་ལས། ཆུ་ཀླུང་དྲུག་པ་འབབ་པའི་རྒྱུན། །ལྡོག་པ་མེད་པར་འགྲོ་བ་ལྟར། །མི་ཡི་སྲོག་ཀྱང་དེ་བཞིན་ནོ། །སོང་བ་པས་ཀྱང་ལྡོག་པ་མེད། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་དག་སྨོས་ཅི་དགོས། །ཅེས་གསུངས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ཐུབ་པ་ཆེན་པོ་ལྟ་བུ་དང་། བླ་མ་གྲུབ་ཐོབ་གོང་མ་རྣམས་ལྟ་བུ་ཡང་འདས་ཤིང་གཤེགས་ན། རང་ཅག་རྣམས་རྟག་ཏུ་རེ་བས་ཅི་ཕན། ཀུན་གྱི་འགྲོ་ས་འདི་རང་ཡིན། །བདག་ཀྱང་འཆི་བ་འདི་མི་ཐུབ། །མཆུ་བདེ་ཡང་ཤགས་མི་ཐེབ། །ལོངས་སྤྱོད་ཆེ་ཡང་བསླུ་རུ་མེད། །ཡུལ་མཁར་བཙན་ཡང་མི་ཐུབ། ལར་ཚེའི་མཐུན་
༤༦༧རྐྱེན་ཟད་ན་ཅི་བྱས་ཀྱང་མི་ཕན་པར་ཁྱོད་མེད་ཐབས་མེད་དར་གཅིག་སྡོད་དགོས་བྱས་ཀྱང་ཡུག་གཅིག་སྡོད་པའི་བཤོལ་མི་ཐེབས་པར་ནོར་ལོངས་སྤྱོད་མང་པོ་བསགས་ཀྱང་ཐམས་ཅད་ཤུལ་དུ་བཞག་ནས་རང་དེ་གཅིག་པུར་གཅེར་བུ་ལག་སྟོང་དུ་ཀྱུར་གྱིས་འགྲོ་བ་ཡིན་ཏེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། ཡུན་རིང་དུས་སུ་བསགས་སྤྱད་དེ། །རྙེད་པ་མང་པོ་རྙེད་གྱུར་ཀྱང་། །ཆོམ་པོས་ཕྲོགས་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ། །ཅེས་གསུངས་ཏེ། སྒྲེན་མོ་ལག་སྟོང་དུ་ཐག་རུལ་གཅིག་གིས་ཧྲིལ་གྱིས་བསྡམས་ནས་ཧམ་ཧྲིལ་གྱིས་བོར་གཏོང་བ་འདི་འཇིགས་མོ་ཡིན་ནོ། །ངེས་པར་འཆི་བ་ལ་བསམས་ན་བསྲན་པའི་གླགས་ཅང་ཡོད་དམ། ཉེ་བ་དང་འཁོར་གཡོག་མང་པོ་ཡོད་ཀྱང་ཚབ་བཏང་ས་མེད། མགོར་མི་གཏུབ་འགྲོགས་ཟླ་བཏང་ས་ཡང་མེད་པར་རང་རེ་གཅིག་པུ་མར་གྱི་གསེབས་ནས་སྤུ་བཏོན་པ་བཞིན་དུ་ཞུལ་གྱིས་འགྲོ་བའི་དུས་གཅིག་བྱུང་ཙ་ན། བསགས་པའི་ནོར་གྱིས་མི་སྟོངས། ཉེ་བ་དང་འབྲེལ་བས་མི་སྟོངས། སྔར་བྱས་པའི་ལག་རྗེས་ཀྱིས་མི་སྟོངས། ཚེ་འདིར་བྱས་པའི་ལག་རྗེས་ཀྱིས་མི་སྟོངས། ཚེ་འདིའི་མཐུན་རྐྱེན་ཐམས་ཅད་ཁྲེས་ཀྱིས་བཞག །རང་རེ་རྣམ་སྨིན་གྱི་ཁུར་ཚ་ཁུར་ནས་འགྲོ་དགོས་པ་དེ་ནི་ངེས་པར་འོང་བ་ཡིན་ཏེ། སྤྱོད་འཇུག་ལས། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་ཡང་། །སྲོག་གཅཽད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །ཞེས་གསུངས་པས། ངེས་པར་འཆི་ངེས། ནམ་འཆི་ཚོད་མི་ཤེས་ཏེ། དུས་ལ་ལོང་མེད། ངེས་ན་འཆི་བ་ལ་ཆོས་མིན་པ་གཞན་གང་གིས་ཀྱང་མི་སྟོངས་པས། དེ་བསམས་ལ་དམ་པའི་ཆོས་ལ་འབུངས་འཚལ། དེ་ཡང་མ་གོ་བ་རྣམས་སྙམ་ན། ཆོས་བྱས་ཀྱང་འཆི་བ་ནི་ཡོང་། ནམ་ཡང་ཐམས་ཅད་འཆི་བ་ལ་སྔ་འཆི་ཕྱི་འཆི་ཡིན། དེ་གཅིག་པུས་སྡུག་བསྔལ་བྱ་རྒྱུ་ཅི་ཡོད་སྙམ་པ་བྱས་ནས་ཚེ་འདིའི་དབང་དུ་ཕྱད་ཕྱད་གཏོང་བ་རྣམས་མ་གོ་བ་ཡིན། མི་འཆི་བ་ག་ན་འོང་། འཆི་
༤༦༨བ་ལ་སྐྱིད་སྡུག་གི་ཁྱད་ཡོད་པ་ཡིན་མོད། དམ་པའི་ཆོས་མི་བྱེད་པ་སྔ་འཆི་ཕྱི་འཆི་ཡིན་ཟེར་ཏེ། ཤི་བའི་ཡུལ་ན་སྐྱིད་པ་གཅིག་མེད་པར་གདའ་འོ། །ཤི་ནས་མེད་དུ་མི་འགྲོ་སླར་སྐྱེ་དགོས་ཏེ། ཆོས་མ་བྱས་ན་ངན་སོང་གསུམ་དུ་སྐྱེ་སྟེ་སྡུག་བསྔལ་བསམ་གྱིས་ག་ལ་ཁྱབ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་དཔག་ཏུ་མེད་དེ། ཚ་བའི་དམྱལ་བ་ན་ལུས་གཤགས་པ་དང་། གཏུབས་པ་དང་། མེས་སྲེག་པ་དང་། འཚོད་པ་དང་། བརྡུང་བའི་སྡུག་བསྔལ་བཟོད་པའི་གླགས་མེད་པ་བསྐལ་པ་མང་པོར་མྱོང་བར་བཤད། གྲང་བའི་དམྱལ་བ་ན་ཡང་། ལུས་འཁྱག་ནས་ཆུ་བུར་བརྡོལ་བ་དང་། གས་པ་དང་། གྱེས་པ་ལ་སོགས་པ་ཡོད་པར་བཤད། ཡི་དྭགས་ལ་བསྐྲེས་སྐོམ་གྱི་སྡུག་བསྔལ་ཟས་སྐོམ་ལོ་ཟླ་བར་ཡང་མིག་གིས་མི་མཐོང་། གལ་ཏེ་སྲིད་པ་ཙམ་མཐོང་ཞིང་རྙེད་ན་ཡང་གཞན་གྱིས་འཕྲོག་པ་དང་རྣག་ཁྲག་ཏུ་འགྱུར་ཞིང་། སྟེང་ནས་མཚོན་ཆའི་ཆར་བབ་པ་ལ་སོགས་པས་སླར་སྡུག་བསྔལ་བསྐྱེད་ཅིང་ལས་ངན་མ་ཟད་པས་འཆི་རུ་མི་གཏུབ་པས་སྡུག་བསྔལ་དཔག་ཏུ་མེད་པ་གསུངས། དུད་འགྲོ་ལ་བླུན་ཞིང་གཏི་མུག་པའི་སྡུག་བསྔལ་དང་། གཞན་ཡང་གཅིག་གིས་གཅིག་ཟ་བའི་སྡུག་བསྔལ་དང་། ཆེ་བས་ཆུང་ཟ། ཆུང་བས་ཆེ་ཟ། མང་བས་ཉུང་ཟ། ཉུང་བས་མང་ཟ་བའི་སྡུག་བསྔལ། དུད་འགྲོ་རྣམས་ཀྱི་སྐྱིད་ཤོས་མི་ལ་བརྟེན་པ་འདི་རྣམས་ཡིན་ཏེ། འདི་རྣམས་ལ་ཡང་མི་ཐེག་བཞིན་དུ་འགལ། མི་ནུས་བཞིན་དུ་བཀོལ། སྤུ་འབལ། སྣ་འབུགས། ཞོ་འཇོ་བ་ལ་སོགས་པའི་སྡུག་བསྔལ། རྟག་ཏུ་བཀོལ་ཞིང་སྤྱད་ནས་མཐར་ཁྲེས་ཀྱིས་གསོད་དེ། མི་རྣམས་སྐྱིད་ན་ཡང་དུད་འགྲོ་རྣམས་ཀྱི་སྟེང་དུ་འོང་། སྡུག་ན་སྡུག་སྟེ་དུད་འགྲོ་རྣམས་ཀྱི་སྟེང་དུ་འོང་། རྒས་ཐུག་ཐུག་ཏུ་བཀོལ་ཞིང་གཡོག་བྱས་ནས། མཐར་ཤད་མར་ཤག་གིས་ཕྱེས་ནས། མིག་ཧྲག་གི་དམར་ལོང་གི་བཏང་ནས་ཟ་བའི་སྡུག་བསྔལ་དེ་མ་མཐོང་ངམ། ངན་སོང་གསུམ་ན་ནམ་དུ་ཡང་སྡུག་བསྔལ་གྱི་རང་བཞིན་ཡིན་ཏེ། མཐོ་རིས་གསུམ་ནའང་སྡུག་
༤༦༩བསྔལ་དཔག་ཏུ་མེད་པ་ཡོད་པར་གསུངས་ཏེ། ལྷ་ལ་ལྟུང་བའི་སྡུག་བསྔལ། ཚེ་ཟད་པ་ལུས་ཀྱི་རྒྱན་རྣམས་ནི་རྙིངས། །འོད་རྣམས་ནི་ཡལ། ལྷ་ཟླ་བོ་རྣམས་ཀྱིས་གླེས་ལ་བོར། འཆི་བར་ནི་ཤེས། ཕྱི་མ་གནས་ངན་པར་ལྷུང་ནས་སྡུག་བསྔལ་མྱོང་བ་ནི་མངོན་ཤེས་ཀྱིས་མཐོང་། སྡུག་བསྔལ་བཟོད་པའི་གླགས་མེད། ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུ་ཡོད་པར་གསུངས། ལྷ་མ་ཡིན་ལ་འཐབ་རྩོད་ཀྱི་སྡུག་བསྔལ་གསོད་པ་དང་། གཅོད་པ་དང་། མཐུབ་པ་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པར་ཡོད་པར་བཤད། མི་ལ་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་བཞིའི་སྟེང་དུ། ཡོད་པ་འཚོ་སྐྱོང་། མེད་པ་བཙལ་གྱིས་མི་རྙེད་པ་དང་། དགྲ་སྡང་བ་འཕྲད་དམ་འཕྲད་ཀྱི་དོག་པའི་སྡུག་བསྔལ། གཉེན་བྱམས་པ་དང་བྲལ་ལམ་བྲལ་གྱིས་དོགས་པའི་སྡུག་བསྔལ། ཁྱད་པར་དུ་སྙིགས་མའི་དུས་འདིར་ཧོར་གསེར་ཡིག་པ་དང་། མི་དཔོན་གདུག་པ། ཁྲལ་འུ་ལས་དང་། དེ་ལ་སོགས་པས་གཙེར་ཏེ། བཟང་ངན་མེད་པའི་སྡུག་ལ་གཏད་དེ། བཟང་བ་བཟང་ན་སྡུག་བསྔལ། ངན་ན་ངན་པས་སྡུག་བསྔལ། ཡོད་པ་ཡོད་ན་སྡུག་བསྔལ། མེད་པ་མེད་ན་སྡུག་བསྔལ། ལར་ན་འཁོར་བ་འདིར་སྐྱེས་ཕན་ཆད་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་བསྐོར་ཟློག །སྡུག་བསྔལ་གྱི་མཚན་ཉིད་ལས་མ་འདས་པ་ཡིན་ཏེ། བྱམས་མགོན་གྱིས། རྒྱུད་བླ་མར་ཡང་། འཁོར་བ་སྡུག་བསྔལ་རང་བཞིན་ཏེ། འཁོར་བ་པ་ལ་བདེ་བ་མེད། །འདི་ཡི་རང་བཞིན་མེ་བཞིན་ནོ། །ཞེས་གསུངས་སོ། །དེ་བས་ན་ད་ལྟ་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་ཏོག་ཙམ་འདིར། འཁོར་བའི་གཡུལ་ངོ་མ་བཟློག་ཅིང་། ནམ་བཞག་གཏན་གྱི་དོན་གཅིག་མ་འགྲུབ་ན། དེ་ནས་མི་ཟློག་སྟེ། ཕྱི་མ་གར་སྐྱེ་མི་ཤེས་པས་དེས་ན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ་པ་ཤིན་ཏུ་དཀོན་པ་ཡིན་ཏེ། གྱང་འཇམ་པོ་མེ་ལོང་འདྲ་བའི་ལོགས་ལ་སྲན་མ་
༤༧༠གཏོར་ན་གཅིག་ཀྱང་ཆགས་པ་དཀའ་བ་ཡིན་པར་འདུག །དེ་བས་ཀྱང་མི་ལུས་ཐོབ་པ་དཀའ་བ་ཡིན་པར་འདུག །དེ་ཡང་མེ་ལོང་ངོས་ལ་སྲན་མ་གཏོར་ན་གཅིག་ཆགས་སྲིད་དམ། དེ་ཡང་མི་ཆགས་ཐམས་ཅད་ལྷུང་ནས་འགྲོ་ཞེས་པ་དང་། སྤྱོད་འཇུག་ལས། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི་།བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་དཀར་གསུངས། །ཞེས་པས། རྒྱ་མཚོ་ཆེན་པོའ་སྟེང་ན་ཕར་གཉའ་ཤིང་གཅིག་འཕྱོར་བཅུག་པས། ལོ་བརྒྱ་ན་རུས་སྦལ་གཅིག་རྒྱ་མཚོའ་སྟེང་དུ་མགོ་རྡོག་པ་ཞིག་ལན་གཅིག་འོང་བས། རུས་སྦལ་གྱི་མགོ་དེ་གཉའ་ཤིང་གི་བུ་ག་དར་ཚུད་པ་ཤིན་ཏུ་དཀའ་བ་ལགས་པར་གདའ། དེ་བས་ཀྱང་མི་ལུས་ཐོབ་པ་ཤིན་ཏུ་དཀའ་བ་ལགས་པར་གདའ། དེའི་ཕྱིར་སློབ་དཔོན་བློ་གྲོས་མི་ཟད་པའི་ཞལ་ནས་ཀྱང་། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་པས་ཐོབ་པར་དཀའ་ཞིང་། འཇིག་པར་སླ་བའི་མི་ལུས་ཡུད་ཙམ་ཐོབ་པའི་དུས་འདིར་འཁོར་བར་མི་འཁྱམས་པའི་གདིང་ཐོབ་པ་གཅིག་རང་གིས་བྱས་ན་བྱར་ཡོད་པས་བྱེད་དགོས། རང་ལ་རང་དྲིན་ཆེ་བར་བྱེད་དགོས། རང་གིས་རང་མ་བསླུས་པ་ཞིག་བྱེད་པ་གལ་ཆེ་བས། ཅི་ནས་ཀྱང་ཆོས་མི་བྱེད་པའི་གླགས་མེད། ཆོས་བྱེད་པ་ལ་ཐོག་མར་སྡོམ་པ་དང་ལྡན་པ་ཞིག་དགོས་པ་ཡིན་ཏེ། སྔར་ཐོབ་པ་དེ་ཡིན། ད་འཁོར་བར་འཁྱམས་པ་དང་སངས་རྒྱས་ཐོབ་པར་བྱེད་པའི་རྩ་བ་རང་གི་སེམས་འདི་ཡིན། འདིའི་རང་བཞིན་མ་ཤེས་པས་འཁོར་བར་འཁྱམས། ཤེས་པས་སངས་རྒྱས་པ་ཡིན་པས་འདིའི་རང་བཞིན་ཤེས་དགོས། འདིའི་རང་བཞིན་མ་ཤེས་པ་ཅིས་ལན་ན་སྡིག་པ་མ་དག་པས་ལན་པ་ཡིན་པས། སྡིག་པ་དག་པར་བྱེད་པ་ལ་དང་པོ་ཡི་གེ་བརྒྱ་པའི་ཁྲིད་འདི་གལ་ཆེ་བས་འདི་ཤིན་ཏུ་ཉམས་སུ་བླང་འཚལ། །དེ་ཡང་དབེན་
༤༧༡པའི་གནས་སུ་མཚམས་དང་འདག་ཅར་ལ་སོགས་པ་དམ་སྤྲིང་གི་བྱས་ལ། སྟན་བདེ་བ་ལ་འདུག་སྟེ་བསམ་པ་འདི་བཞིན་དུ་བྱ། ཨ་པ། ང་ཁར་སོང་ཕན་ཆད་མ་ཤི་བས་ང་རེ་འཚེངས། མདོ་མེད་དུ་དེའུ་སོང་ནས་འདུག །ད་ནི་ཚེ་མཇུག་ལྷག་མ་ཏོག་ཙམ་ཡུད་ཙམ་འདིར་ནམ་བཞག་གཏན་གྱི་དོན་ཅིག་མི་བསྒྲུབ་རེ། དམ་པའི་ཆོས་བཤའ་མ་ཞིག་མི་བྱེད་རེ། ད་ནི་ཚེ་མཇུག་ལྷག་མ་ཏོག་ཙམ་འདི་ཚེ་འདིའི་དབང་དུ་གཏང་རེ། བླ་མ་དང་དཀོན་མཆོག་དཔང་པོར་མི་འཛུགས་རེ་སྙམ་དུ་ཞེ་གནའ་ལིང་གི་བསྐྱལ། འཆི་བ་མི་རྟག་པ་དང་འཁོར་བའི་ཉེས་དམིགས་ཡུད་ཙམ་གཅིག་བསྒོམ། དེས་ལེ་ལོ་དང་སྙོམས་ལས་སུ་མི་ལུས་པའི་དགོས་པ་ཡོད། དེ་ནས་སེམས་བསྐྱེད་པ་ཡིན་པས། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱས་ལ། སེམས་ཅན་ཐམས་ཅད་ཀྱང་རྫོགས་པའི་སངས་རྒྱས་ལ་འགོད་པར་བྱ། དེའི་ཆེད་དུ་ཡི་གེ་བརྒྱ་པའི་སྒོམ་བཟླས་བྱ་སྙམ་དུ་ཞེ་ཐག་པ་ནས་བསམས་ལ། ངག་ཏུ་སངས་རྒྱས་ཆོས་དང་ལ་སོགས་པའི་སེམས་བསྐྱེད་ལན་གསུམ་བྱ། དེའི་རྗེས་ལ་རང་ཡི་དམ་ལྷར་ཝལ་གྱིས་བསྒོམས་པའི་སྤྱི་བོར་མཐོ་གང་ཙམ་གྱི་ནམ་མཁའ་འདི་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ། གཡོན་དངུལ་གྱི་དྲིལ་བུ་དཀུར་བསྟེན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པ་ཝལ་གྱིས་བསྒོམ། དེའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ཉ་གང་བ་ལྟ་བུའི་སྟེང་དུ། སངས་རྒྱས་ཐམས་ཅད་ཀྱི་ཐུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ཡི་གེ་ཧཱུྃ་དངུལ་ཆུའི་མདོག་འདྲ་བ་དཀར་ལ་འཚེར་བ་གཅིག་བསམ། དེ་ལས་འོད་ཟེར་ཕྱོགས་མཐའ་དག་ཏུ་འཕྲོས་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་
༤༧༢སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཞུ་བཞུ་སྔབ་སྔབ་ས་ཕྱོགས་མཐའ་དག་ནས་བདུད་རྩིའི་ངོ་བོར་བཀུག་པས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་དབུའི་གཙུག་ཚངས་པའི་བུ་ག་ནས་མར་བབས་པས་སྐུ་ལུས་དཀར་མེར་གྱིས་ཁེངས། ཞབས་གཡས་པའི་མཐེ་བོང་གི་སེན་མོའ་ནང་ན་མར་བརྡོལ་བས་རང་གི་སྤྱི་གཙུག་ན་མར་བབས། ཕྱི་ནས་མར་སོང་ཕྱིའི་སྡིག་སྒྲིབ་ཐམས་ཅད་སོལ་བའི་ཁུ་བ་ཆུས་དེད་པ་བཞིན་ནག་ཉིལ་གྱིས་རྐང་སོར་བཅུ་དང་གཤང་ལམ་ནས་མར་བདས་པར་བསམས་ཞིང་། ཡི་གེ་བརྒྱ་པ་ཚར་སྟོང་ཙམ་རེ་བགྲང་ངོ་། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སྟྭ་ཨཱཿ ཞེས་པ་འཕྲོ་གཅོད་པ་དང་དཔལ་རྡོ་རྗེ་སེམས་དཔའ་དེ་རང་གི་ལུས་ལ་ཆིལ་གྱིས་ཐིམ་པར་བསྒོམ། ཐིམ་པ་དང་ལུས་སེམས་ཁོང་ནས་ཤིགས་ཀྱིས་གཤིབ་ལྷོད་ཀྱིས་གློད་ལ་ཅོན་གྱིས་ཞོག་ཅིག །རྗེས་ལ་བསྔོ་བས་རྒྱས་ཐོབ། དེ་ལྟ་བུའི་བསྒོམ་བཟླས་དེ་ནི། སྤྱིར་སྒོམ་ཆེན་པ་བྱ་བ་དགེ་སྦྱོར་བྱེད་པ་ལ་ཐུན་བཞིར་རྦད་ཀྱིས་བཅད་དེ། ཐོ་རངས་ནམ་སུམ་ཆ་ཙམ་རེ་ཡོད་པའི་དུས་སུ་འདི་སྙམ་དུ་བསམ་སྟེ། ཨ་པ། ང་གཉིད་མ་ཕེབ་ནས་དགོན་པ་འདིར་འོངས་པ་མིན། གཉིད་མ་ཕབས་ནས་རི་ཁྲོད་དུ་འོངས་བ་མིན། གཉིད་མ་ཕེབས་ནས་མཚམས་འདག་སྦྱར་བྱས་པ་མིན། འཁོར་བ་ཐོག་མ་མེད་པ་ནས་ཇི་ཙམ་གཉིད་ལོག་ནས་ཡོད། དེས་མ་ངོམས་ན་ད་ཉལ་བ་གཅི་གིས་ངོམས་པ་མི་ཡོང་སྙམས་པ་བྱས་ནས། ཡར་ཧག་གིས་ལངས་ནས་དགེ་སྦྱོར་ལ་གོང་བཞིན་དུ་ཞུགས། ཚ་བ་མི་རན་གྱི་བར་དུ་བསྒོམ། ཚ་བ་རན་པ་དང་། བསྔོ་བ་རྣམ་པར་དག་པ་རེས་རྒྱས་གདབ་ནས། ཟས་ཀྱི་རྣལ་འབྱོར་
༤༧༣དང་ལྡན་པས་ཚ་བ་བྱའོ། །ཚ་བ་ཐོན་པ་དང་མལ་དུ་སུར་གྱིས་ཞུགས་ནས། དྲོ་མི་རན་བར་དུ་དགེ་སྦྱོར་བྱ། དྲོ་རན་པ་དང་བསྔོ་བ་བྱས་ལ་དྲོ་བྱ། དྲོ་ཐོན་པ་དང་ཡང་མལ་དུ་ཆིལ་གྱིས་སྡོད། དགོངས་མོ་རྒྱུན་གཏོར་མི་རན་གྱི་བར་དུ་དགེ་སྦྱོར་ལ་འབད་པར་བྱའོ། །དེ་ནས་གཏོར་མ་དང་དཀོན་མཆོག་ལ་མཆོད་པ་འབུལ་བ་སོགས་པའི་དགེ་བའི་ལས་འགྲུབ་ཚད་བྱ། གཏོར་མ་ཐོན་པ་དང་མལ་དུ་སུར་གྱིས་ཞུགས་ལ་སྲོད་ཀྱི་ནམ་སུམ་ཆ་ཙམ་དུ་སོང་སོང་དུ་མི་ཉལ་བ་དགེ་སྦྱོར་ལ་འབུངས་ཡིན། དེ་ནས་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་རེས་རྒྱས་ཐེབས་པར་བྱས་ལ། ནམ་གུང་སུམ་ཆ་ཙམ་ཞིག་ཁམས་གསོ་བའི་ཆེད་དུ་ལུས་གནད་དང་ལྡན་པས་གཉིད་ལོག་སྟེ། ཐོ་རངས་ལ་སོགས་པ་གོང་བཞིན་དགེ་སྦྱོར་ལ་འབུང་བར་བྱའོ། །དེ་ལྟར་སྲོད་ཐོ་རེངས་གཉིས། སྔ་དྲོ་ཕྱི་དྲོ་གཉིས་ཏེ་ཐུན་བཞིའི་བསྲང་དུ་བཅུག་སྟེ་མ་ཆགས་པར་བྱའོ། །དེས་ཞག་བསྐྱེལ། དེས་ཟླ་བ་བསྐྱེལ། དེས་ལོ་བསྐྱེལ། དེས་མི་ཚེ་ཧྲིལ་གྱིས་དགེ་སྦྱོར་ལ་བསྐྱེལ་བའི་དགོས་པ་ཡོད། དེ་ལྟར་ཐུན་བཞིར་གྱིས་ལ་ཡི་གེ་བརྒྱ་པའི་བསྒོམ་བཟླས་འབུངས་ཤིག་གསུངས། ད་སྔོན་འགྲོ་བླ་མ་ལ་གསོལ་བ་འདེབས་པ་འདི་ཕྱག་ལེན་གྱི་གཙོ་བོ་ཡིན་པས་འདི་བཞིན་དུ་ཉམས་སུ་བླང་། དེ་ཡང་ཐོ་རངས་ལ་སོགས་པ་སྔར་ལངས་ལ་འཆི་བ་མི་རྟག་པ་སྒོམ་པ་དང་། སྐྱབས་འགྲོ་སེམས་བསྐྱེད་དང་ཡི་གེ་བརྒྱ་པའི་བཟླས་པ་ཕྲེང་བསྐོར་རེ་ཙམ་བགྲངས་ནས། རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པ་ཡན་ཆད་གོང་བཞིན་བྱས་ལ། དེ་ནས་རང་གི་མདུན་དུ་མེ་ལོང་གི་མཎྜལ་ལམ། སའི་མཎྜལ་ལམ། ཤིང་གི་མཎྜལ་ལམ་གཡམ་པ་ལ་སོགས་པ་གང་འབྱོར་བའི་མཎྜལ་ལ་ནས་ཀྱི་ཚོམ་བུ་ཉི་ཤུ་རྩ་གསུམ་དགྲམ་སྟེ། རང་ལྷར་གསལ་བའི་སྤྱི་བོའ་གཙུག་ཏུ་རང་གི་རྩ་བའི་བླ་མ་བསྒོམ། དེའི་སྤྱི་བོའ་གཙུག་ཏུ་དེའི་རྩ་བའི་བླ་མ། དེའི་སྤྱི་བོའ་གཙུག་ཏུ་དེའི་རྩ་བའི་བླ་མ་ནས། ཡ་གི་དྲུག་པ་རྡོ་རྗེ་འཆང་ལ་ཐུག་བར་བསྒོམ། ནམ་མཁའ་
༤༧༤དང་མཐོང་ཡུལ་ཐམས་ཅད་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་ལ་སོགས་ཡུལ་གོང་མ་རྣམས་ཐམས་ཅད་སྤྲིན་འཐིབས་པ་བཞིན་གང་བར་བསྒོམས་ལ། དེ་དག་གི་སྤྱན་སྔར་བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་སྡིག་པ་མི་དགེ་བའི་ལས་བགྱིས་པ་ཐམས་ཅད་གནོང་ངོ་འགྱོད་དོ། །བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་དུ་སྡིག་པ་བཤགས། དེ་ན་མཐོར་གཏོང་དམར་གཏོང་ཁྱེད་རང་ཤེས་སོ་སྙམ་དུ་བློ་ལིང་གིས་བཀལ་བའི་རྗེས་ལ། མཎྜལ་དེ་ལ་དམིགས་པའི་རྟེན་ཙམ་བྱས་ལ་མཎྜལ་གྱི་གཞི་མ་དེ་ཉིད་རྒྱ་མཚོ་ཆེན་པོ་གསེར་གྱི་ས་གཞི་དང་བཅས་པ་ལ། དབུས་ཀྱི་རི་བོ་མཆོག་རབ། གླིང་ཆེན་པོ་བཞི། གླིང་ཕྲན་བརྒྱད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གཏེར་གྱི་བུམ་པ་ཁ་བྱེ་དང་བརྒྱད། ཉི་ཟླ་ཟུང་གཅིག །རྒྱ་མཚོ་དང་། གླིང་དང་། རིན་པོ་ཆེ་སྣ་ཚོགས། འབྲུ་སྣ་ཚོགས། རྟ་དང་གླང་པོ་ཆེ་ལ་སོགས་པ་སྟེ། བཞོན་པ་སྣ་ཚོགས། འདོད་པ་འཇོ་བའི། ཁྲུས་ཀྱི་རྫིང་བུ། མ་རྨོས་ཀྱི་ལོ་ཐོག །རིན་པོ་ཆེ་གསེར་གྱིས་གང་བ། དངུལ་དང་མུ་མེན། མུ་ས་གརྦྷ་དང་། རིན་པོ་ཆེ་རྡོའི་སྙིང་པོ་ལ་སོགས་པ་སྟེ་རིན་པོ་ཆེའི་རིགས་སམ། བྱེ་བྲག་བསམ་གྱིས་མི་ཁྱབ་པ་དཔག་ཏུ་མེད་པ། གཞན་ཡང་མཆོད་པའི་ཁྱད་པར་ཡིན་ཏེ། གདུགས་དང་རྒྱ་མཚན་དང་བ་དན་དང་། འཕན་རིང་དང་། དར་ཟབ་ཀྱི་རྒྱན་སྣ་ཚོགས་དང་། རྔ་དང་དུང་དང་ཆ་ལང་དང་། པི་ཝཾ་དང་། རོལ་མོའ་སྒྲ་སྣ་ཚོགས། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་འདོད་ཡོན་སྣ་ཚོགས། འཇིག་རྟེན་ན་གཅེས་པའི་ལོངས་སྤྱོད་གསེར་གཡུ་རྟ་ཁྲབ་གོས་སྣམ་གནག་ལུག་ཤ་མར་ལ་སོགས་པའི་ལོངས་སྤྱོད་ཀྱིས་འཇིག་རྟེན་ཁམས་མེར་གྱིས་ཁེངས་པ་ཕུལ། གཞན་ཡང་མཆོད་པའི་རིགས་སམ་བྱེ་བྲག་བསམ་གྱིས་མི་ཁྱབ་པ་རེ་རེས་ཀྱང་ནམ་མཁའ་ཁེངས་པ་དང་། མཆོད་པའི་ལྡ་མོའ་རིགས་མང་པོ་སོ་སོ་རང་རང་གི་མཆོད་པ་ཐོགས་པ། རིན་པོ་
༤༧༥ཆེའི་རིགས་རེ་རེའི་ཕུང་པོས་ཀྱང་ནམ་མཁའ་ལ་སླེབས་པ། དར་ཟབ་ལ་སོགས་པས་ཁྲ་ཆིལ་ལ་སོང་བ་དང་། རོལ་མོ་ལ་སོགས་པའི་སྒྲས་སིལ་སྒྲ་ལ་སོང་བ་དང་། ལར་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མཆོད་པའི་རྣམ་པས་ཁེངས་པར་བསམས་ལ་དབུལ་ལོ། །ཡིད་ཀྱིས་མཆོད་དུ་འོས་པའི་དངོས་པོ་རྣམས་ཀྱང་བསམས་ལ་དབུལ་ལོ། །རང་གི་ལུས་ལོངས་སྤྱོད་དངོས་པོ་ཐམས་ཅད་ལ་མ་ཆགས་པར་ཕུལ་བའི་རྗེས་ལ། མོས་གུས་ཆེན་པོ་ཁ་ཙམ་ཚིག་ཙམ་མ་ཡིན་པ་ཞེ་ཐག་པ་ནས་སྙིང་ཁུང་རུས་པའི་གཏིང་ནས་ཏུང་གིས་བྱས་ལ། ཞེ་ཐག་པ་ནས་གསོལ་བ་འདི་བཞིན་དུ་གདབ། འོ་ཁྱེད་ཀྱིས་བདག་གི་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་འདུག་ས་འདི་རང་། ཐུན་འདི་རང་། གདན་ཐོག་འདི་རང་། སྐད་ཅིག་མ་འདི་རང་ལ་བྱང་ཞིང་དག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཐུན་མོང་མ་ཡིན་པ་འདུག་ས་འདི་རང་། གདན་ཐོག་འདི་རང་། ཐུན་འདི་རང་། སྐད་ཅིག་མ་དང་པོ་འདི་རང་ལ་བསྐྱེད་དུ་གསོལ། རྟོགས་པའི་ཡེ་ཤེས་དང་། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱང་དེས་འགྲེའོ། །གསོལ་བ་བསྐྱར་ཞིང་བསྐྱར་ཞིང་ཞེ་ཐག་པ་ནས་བཏབ་པས། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ནམ་མཁའི་ལྷ་ཚོགས་རྣམས་ཀྱིས་ཀྱང་དགྱེས་པ་དང་བཅས་ནས་ཞལ་གྱིས་ཏོག་གིས་བཞེས་ནས་མགྲིན་གཅིག་ཏུ་འདི་སྐད་གསུང་ངོ་། །དེང་ལབ་རྒྱུ་སེམས་ཅན་གྱི་དོན་ལས་མེད་པ་ཡིན་པ་ལ། སྔ་མ་ཕན་ཆད་གསོལ་བ་འདེབས་མཁན་མ་བྱུང་ནས་རྡུགས་པ་ཡིན་པ་ལ། ད་རེས་བུ་ཁྱོད་གསོལ་བ་འདེབས་ན་བྱིན་གྱིས་རླབ་ཅེས་གསུངས་ནས། སྐུ་གསུང་ཐུགས་ཀྱི་གནས་གསུམ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་བྱིན་རླབས་ཐུགས་རྗེའི་རང་བཞིན་གྱི་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས་རང་གི་ལུས་ངག་ཡིད་གསུམ་ལ་ཕོག་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ་ཞིང་གསོལ་བ་བཏབ་པས། ཐུགས་རྗེས་མ་བཟོད་པའི་
༤༧༦སྟོབས་ཀྱིས་རང་ལ་བྱིན་གྱིས་བརློབ་པའི་ཆེད་དུ། ནམ་མཁའི་སངས་རྒྱས་ཐམས་ཅད་བླ་མ་ལ་བརྒྱུད་པ་རྣམས་ལ་ཐིམ། བླ་མ་བརྒྱུད་པ་རྣམས་ཀྱང་ཡ་ཀི་རྡོ་རྗེ་འཆང་ནས་གཅིག་ལ་གཅིག་ཐིམ་གཅིག་ལ་གཅིག་ཐིམ་ནས་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་སློབ་དཔོན་རིན་པོ་ཆེ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་དེ་རང་གི་སྤྱི་གཙུག་ན་རང་ལ་བརྩེ་ཞིང་དགྱེས་པའི་ཆ་བྱེད་དུ་འོད་དང་གཟི་བརྗིད་དང་བཅས་ནས་བཞུགས་པ་ལ། ཤིན་ཏུ་ཡུས་ཆེ་ཞིང་འདོད་ཐག་ཉེ་བའི་བསམ་པས་མོས་གུས་ཀྱི་གདུང་བ་དྲག་པོ་བསྐྱེད་ལ། བུ་ཕ་ལ་མི་རེ་སུ་ལ་རེ། བུ་ཕས་མི་སྐྱོབ་ན་སུས་སྐྱོབ། ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ཐལ་མོ་སྙིང་ཁར་སྒྱུར་ཞིང་བཞིན་སྨིན་ཕྲག་ཏུ་བསྡུས་ནས་ཁོང་པ་ཡུས་ཀྱིས་བརྣངས་ནས། གདོང་མཆི་མས་གང་བའི་གདུང་བས། དུང་ལྷོག་ལྷོག་གིས་གསོལ་བ་བཏབ་པས། རྩ་བའི་བླ་མའི་ཞལ་ནས་འོད་གསོལ་བ་འདེབས་རིན་ཆོག་པའི་བླ་མ་ཡིན་ནོ། །བུ་གསོལ་བ་ཐོབ་ཅིག་གསུང་བར་བསམ་ཞིང་མཆི་མ་ཅི་འོང་བྱས་ལ་གསོལ་བ་བཏབ། ཐུན་གྱི་དངོས་གཞི་གསོལ་བ་འདེབས་པ་ལ་བསྐྱལ། འཕྲོ་གཅོད་པ་དང་བླ་མ་ཡང་ཐུགས་རྗེས་མ་བཟོད་པའི་སྟོབས་ཀྱིས། རང་ལ་བྱིན་གྱིས་བརླབ་པའི་ཆེད་དུ་འོད་དུ་ལྡེམ་གྱིས་ཞུ་ནས་རང་གི་ལུས་ལ་ཆིལ་གྱིས་ཐིམ་པར་བསྒོམ། ཐིམ་པ་དང་ལུས་སེམས་ཁོང་ནས་ཤིགས་ཀྱིས་བཤིག །ལྷོད་ཀྱིས་གློད་ལ་བཞག་གོ་།མི་འཕྲོ་བར་འདུག་ན། མི་འཕྲོ་བའི་བར་དུ་དེ་ཀའི་ངང་ལ་བཞག །འཕྲོ་བར་འདུག་ན་མཎྜལ་གཅིག་ཕུལ་ལ། ཡིད་མཆོད་འབུལ་བ་དང་གསོལ་བ་འདེབས་པ་གོང་དུ་བསྟན་པ་ལྟར་དེ་ཁོ་ན་ལ་བསྐྱར་ཞིང་བསྐྱར་ཞིང་བྱའོ། །མོས་གུས་བསྐྱེད་ལ་གསོལ་བ་གདབ། འཕྲོ་གཅོད་ཙ་ན་བླ་མ་རང་ལ་ཐིམ་པར་བསམ། དེ་ཡང་བཀའ་བརྒྱུད་ཀྱི་བྱིན་བརླབས་འཇུག་མི་འཇུག་དང་སྒོམ་སྐྱེ་མི་སྐྱེ་ཐམས་ཅད་རང་གི་མོས་གུས་ལ་རགས་ལས་པས། མོས་གུས་བསྐྱེད་ལ་མཆི་མ་ཅི་འོང་ཅི་འོང་བྱ། གསོལ་བ་སྐམ་འདེབས་ལ་བྱིན་རླབས་
༤༧༧ཀྱང་སྐམ་པོ་ལས་མི་འབྱུང་། དེ་ལ་སྒོམ་ཡང་སྐམ་པོ་ལས་མི་སྐྱེ་བས་མཆི་མ་ཅི་འོང་ཅི་འོང་བྱ། མོས་གུས་ཁོ་ན་རྐྱང་འདེད་ཀྱི་ལག་ལེན་གྱི་མཐིལ་འདི་ཁོ་ན་ཡིན། དེ་ཆོས་ཀྱི་སྐད་དུ་ཐབས་ཀྱི་ཚ་ཟེར། འདིར་སྔོན་འགྲོ་ཞེས་སུ་བཏགས་པ་ཡིན། གལ་ཆེ་ཤོས་དག་འདི་ཡིན་པས། ཟླ་བ་ཕྱེད་ཀྱི་བར་དུ་མོས་གུས་ལ་འབུངས་ཤིག་གསུངས་སོ། །དངོས་གཞིའི་མན་ངག་ནི། སངས་རྒྱས་ཀུན་གྱི་ཏིང་ངེ་འཛིན། །སྟོང་པ་ཉིད་ཅེས་རྒྱལ་བས་བཤད། །དེ་ནི་སེམས་ངོ་ཤེས་པ་ལས། །ཐོབ་པར་འགྱུར་གྱིས་གཞན་དུ་མིན། །ཞེས་པ་དང་། འདའ་ཀ་ཡེ་ཤེས་ཀྱི་མདོ་ལས་ཀྱང་། །སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་ནས་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་སོ། སེམས་ཞེས་ཀྱང་བྱ། རིག་པ་ཞེས་ཀྱང་བྱ། རྣམ་རྟོག་ཞེས་ཀྱང་བྱ། དྲན་པ་ཞེས་ཀྱང་བྱ་སྟེ། དོན་ལ་ང་ཡི་སེམས་ང་ཡི་སེམས་ཟེར་བ་མི་དྲན་དགུ་དྲན་རིག་རིག་པོ་འདི་ཉིད་ཁོ་ན་ལ་ཟེར་བ་ཡིན། འདིའི་རང་བཞིན་ཤེས་པ་ལ་བསྟེན་ནས་སངས་རྒྱས་པ་ཡིན་ལ། འདིའི་རང་བཞིན་མ་ཤེས་པ་ལ་བསྟེན་ནས་འཁོར་བར་འཁྱམས་པ་ཡིན་པས། དེས་ན་སེམས་འདིའི་རང་བཞིན་ཤེས་པ་བྱེད་དགོས། དེ་ཡང་ཆོས་སྤྱིའི་སྐད་དུ་ཤེས་རབ་ཀྱི་ཆ་ཟེར། འདིར་དངོས་གཞིའི་མན་ངག་ཏུ་བཏགས་པ་ཡིན་པས། འདི་བཞིན་དུ་ཉམས་སུ་བླང་འཚལ། དེ་ཡང་གོང་དུ་བསྟན་པ་བཞིན་དུ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས། ཡི་གེ་བརྒྱ་པ་འདྲེན་པ་ནས་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ལ་སོགས་པ་བྱས་པའི་རྗེས་ལ། དད་གུས་གདུང་བས་གསོལ་བ་བཏབ་སྟེ། རང་སེམས་རྙོགས་མ་དྭངས་སུ་གཞུག་ཅེས་པ་དང་། བརྟག་དཔྱད་རབ་རིབ་མ་མང་བར། །མ་བཅོས་རང་དགར་གློད་ལ་བཞག་གོ་།ཅེས་གསུངས་པས། བླ་མ་ལ་མོས་གུས་བཅོས་མ་མ་ཡིན་པ་མཆི་མ་འདུར་གྱིས་བྱུང་བའི་རྗེས་ལ། བླ་མ་ཡང་ཐུགས་རྗེས་མ་བཟོད་དེ་འོད་དུ་
༤༧༨ཞུ་ནས་རང་གི་ལུས་ལ་ཆིལ་གྱིས་ཐིམ་པར་བསྒོམ། ཐིམ་པ་དང་ལུས་སེམས་ཁོང་ནས་ཤིགས་ཀྱིས་བཤིག །ལྷོད་ཀྱིས་གློད་ལ་ཙེན་གྱིས་བཞག་གོ་།ཆེད་དུ་གང་ཡང་མི་བསྒོམ། རང་བཞིན་དག་པའི་སེམས་ཉིད་ལ། །བསམ་གཏན་དྲི་མས་མི་བསླད་འཚལ། །ཞེས་གསུངས་པས། ཆོས་ཀྱི་སྐུ་སྒོམ་པར་འོང་ངོ་མི་བསྒོམ། བློ་ལས་འདས་པ་མི་བསྒོམ། སྟོང་པ་ཉིད་མི་བསྒོམ། སྐྱེ་བ་མེད་པ་མི་བསྒོམ། འོད་གསལ་མི་བསྒོམ། ཕྱག་རྒྱ་ཆེན་པོ་བསྒོམ་པར་འོང་ངོ་མ་བསྒོམས་ཤིག །འོ་ན་ཇི་ལྟར་བྱ་ན། ལུས་མི་འགུལ། མིག་མི་འཛུམ། འདས་པའི་ཤེས་པའི་རྗེས་མི་གཅོད། མ་འོངས་པའི་ཤེས་པའི་སྔུན་མི་བསུ། ད་ལྟར་བ་ལ་རྩིས་གདབ་གང་ཡང་མ་བྱེད་པར་སྣང་བ་བཀྲ་ལམ་མེ། རིག་པ་སྟོང་སང་ངེ་། ཤེས་པ་རྣལ་མ་རྗེན་ཁྲེས་སེ་བ་འདི་ཉིད་ཁོ་ན་ལ་ཙེན་གྱིས་བཞག་གོ་།དེ་ཡང་རང་བབས་སུ་ཆིལ་ལེ་བཞག་གོ་མ་བསྒྲིམ་པར་ལྷོད་དེ་བཞག་གོ་།དེ་ལ་ལེགས་ཉེས་ཀྱི་བརྟགས་དཔྱད་མ་བྱེད། ཡིན་མིན་གྱི་ཐེ་ཚོམ་མ་ཟ། རྣམ་པར་རྟོག་པ་སྤྲོས་ཏེ་སྤྲོས་པ་མང་པོའ་རྗེས་སུ་མ་འབྲེང་བ། ཚ་ལ་དོས་ཐག་ཆད་པ་བཞིན་དུ་ཁྲེས་སེ་བཞག་གོ་།སོག་ཕོན་ཕོན་ཐག་ཆད་པ་བཞིན་དུ་ཤིགས་སེ་བཞག་གོ་།དེ་ཡང་ཤེས་པ་རྣལ་མར་ལྷོད་དེ་བཞག་པས། རྣམ་པར་རྟོག་པ་སྔ་མ་ནི་འདས། ཕྱི་མ་མ་སྐྱེས། ད་ལྟ་བ་གློད་པའི་བར་འདི་ན། སེམས་ལ་སེམས་མ་མཆིས་སྟེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་གསུངས་པས། སེམས་སྟོང་སང་ངེ་། ས་ལེ་རིག་གེ་ཧྲིག་གེ་རྗེན་ནེ་ཁྲེས་སེ་བ་འདི་ཁོ་ན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ། དབུ་མ་རབ་ཏུ་མི་གནས་པ་ཞེས་བྱ། འོད་གསལ་ཞེས་བྱ། ཕྱག་རྒྱ་ཆེན་པོ་ཞེས་བྱ། རྫོགས་པ་ཆེན་པོ་ཞེས་བྱ། ཆོས་ཀྱི་སྐུ་ཞེས་པ་ཡང་འདི་ལ་ཟེར་བ་ཡིན་པས། གཅེར་རེ་མཐོང་ནས་མེ་ལོང་ཞིག །འགྲོ་སར་ཕྱིན་ནས་མ་འཁྱམས་ཅིག །དེ་ཉིད་མཐོང་ནས་མ་སྒྲིབ་ཅིག །གནས་ལུགས་ཡིན་ནོ་མ་
༤༧༩བཅོས་ཞོག །ཅེས་གསུངས་པས། རང་ངོ་ཙིར་གྱིས་བཟུང་ལ་རིག་པ་དྲི་མ་མེད་པ་སྟོང་སང་ངེ་བ་འདི་ཁོ་ནའི་སྟེང་དུ་མ་བཅོས་པར་གློད་ལ་བཞག་པས། བཏང་སྙོམས་ཙམ་དུ་མ་སྒོམ་རང་སར་བཞག་ན། ཐ་སྙད་ཙམ་དུ་སྒོམ་ཞེས་དེ་ལ་བཏགས་ཞེས་གསུངས་པས་སྒོམ་ཞེས་པ་ཡང་དེ་ལ་བྱ། དགེ་སྦྱོར་ཞེས་པ་ཡང་དེ་ལ་ཟེར། ངོ་བོ་ཞེས་པ་ཡང་དེ་ལ་ཟེར་ཏེ། དེ་ཁོ་ནའི་སྟེང་དུ་མ་བཅོས་པར་རང་བབས་སུ་ལྷོད་དེ་བཞག །དེ་ཉིད་ལས་རྣམ་པར་རྟོག་པ་མི་འཕྲོ་བར་འདུག་ན། ཇི་སྲིད་མི་འཕྲོ་བའི་བར་དུ་བཞག །དེ་ལྟར་བཞག་པའི་དུས་སུ་སེམས་ཞེས་ཀྱང་བྱ། རིག་པ་ཞེས་ཀྱང་བྱ། འགྱུ་བྱེད་མི་དྲན་དགུ་དྲན་འདི་ཏོལ་ཏོལ་འཕྲོ་བར་འདུག་ན། འཇུར་བུས་བཅིངས་པའི་སེམས་ཉིད་འདི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུང་པས། ཕྱི་ཡུལ་ལ་འཕྲོ་འམ། ནང་སེམས་ལ་འཕྲོ་འམ། གང་འགྲོ་བ་དེ་ཁོ་ནའི་སྟེང་དུ་གློད་ལ་བཞག་པས། འཕྲོ་བ་དེ་ཉིད་འཕྲོ་ཆད་ནས་རང་བཞིན་ཅིའི་ངོ་བོར་ཡང་མ་གྲུབ་པར་སྟོང་པ་ཉིད་དུ་ལྷན་གྱིས་སོང་ནས་ནམ་ཟླ་སྟོན་གྱི་སྤྲིན་མེད་པའི་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ་དྭངས་སང་ངེ་བ་ཞིག་མི་འཆར་མི་སྲིད་དེ། དེ་ཡུན་རིང་བ་ལ་དགའ་བར་མི་བྱ། ཐུང་བ་ལ་མི་དགའ་བར་མི་བྱ། ཕྱག་རྒྱ་ཆེན་པོ་དགག་སྒྲུབ་གཉིས་དང་བྲལ་བའི་གནད་ཀས་གསུངས། དེ་ལྟར་གློད་བཞག་ཀྱང་སེམས་མི་གནས་ཤིང་རིག་རིག་འཕྲོ་ན་སྒོམ་འདོད་ཀྱི་བློ་དང་མ་བྲལ་བས་ལན་པ་ཡིན་པས། དེ་ལྟར་ཆེད་དུ་བྱེད་པའི་བློ་དེ་དང་ཕྲལ་ལོ། །སེམས་གནས་མ་གནས་ལ་དགག་སྒྲུབ་མ་བྱེད། ཕུ་ཆུ་དྲག་པོ་བརྡབས་ཀྱིན་དྭངས། །དངུལ་དཀར་མེ་ལོང་ཕྱིས་ཀྱིན་གསལ། །རྣལ་འབྱོར་གྱི་སྒོམ་པ་བཤིགས་ཀྱིན་བདེ། །ཞེས་གསུངས་པས། མ་བསྒོམ་པར་རང་ལུགས་སུ་ལྷོད་དེ་བཞག་གོ་།དྲན་རིག་རྒྱ་མཚོའ་རྙོགས་མ་འདི། །གློད་ནས་བཞག་ན་དྭངས་ཀྱིན་གདའ། །ཞེས་གསུངས་པས། གློད་ཤེས་པ་གཅིག་པོས་ཆོག་
༤༨༠པ་ཡིན། གློད་ཤེས་པ་རབ་ལ་སྒོམ་རབ་སྐྱེ། གློད་ཤེས་པ་འབྲིང་ལ་སྒོམ་འབྲིང་སྐྱེ། གློད་ཤེས་པ་ཐ་མ་ལ་སྒོམ་ཐ་མ་ལས་མི་འོང་བས། རྣམ་པར་རྟོག་པ་གང་སྐྱེས་པ་དེ་ཉིད་ཀྱི་སྟེང་དུ་འཇོག་པ་དེ་ཁོ་ན་གདམས་ངག་གི་རྩ་བ་ཡིན་པས། རྣམ་རྟོག་ཏོལ་གྱིས་སྐྱེས་པ་དེ་ཉིད་ངོས་ཙིར་གྱིས་བཟུང་ལ། དེ་ཁོ་ནའི་སྟེང་དུ་ལྷོད་ཀྱིས་གློད། ཡང་གཅིག་སྐྱེས་པའི་དུས་སུ་དེ་ཉིད་ཀྱི་ངང་དུ་གློད་ལ་བཞག་གོ་།ཐུན་ཆུང་བ་ལ་གྲངས་མང་དུ་བསྒོམ། ཐུན་ཆུང་བས་ནི་སྐྱོན་མེད་ལ། །གྲངས་མང་བས་ནི་སྐྱོན་མི་འཐུང་། ཅེས་གསུངས་པས། རྣམ་རྟོག་གཅིག་སྐྱེ་འདོད་བྱེད་པ་དང་། མ་སྐྱེས་ཙམ་གྱི་གོང་ནས་ཀློད། དེ་ལྟར་དེ་ནས་དེར་གློད་པས་དྲན་རིག་འདི་ཉིད་ཁོ་ན་ཆོས་སྐུར་མི་འཆར་མི་སྲིད་དེ། སྡོམ་པ་རྒྱ་མཚོའ་རྒྱུད་ལས། མ་བཅོས་མ་ཡེངས་རང་སར་གྲོལ། །སྣང་བ་རང་གྲོལ་བདེ་ཆེན་ཀློང་། །སོ་མ་ལྷུག་པ་གྱི་ན་ཙམ། །མི་སྒོམ་པ་ཡི་སྒོམ་ཞིག་བྱ། །ཅེས་གསུངས་སོ། །རྣམ་རྟོག་འདི་ཉིད་ཆོས་སྐུར་ལྷག་གིས་ཤར་ནས་རྟོག་པ་སྤང་མི་དགོས་པ་ཞིག་འོང་བ་ཡིན། ཆོས་སྐུ་སྒྲུབ་མི་དགོས་པ་ཞིག་ཡིན་པས། ཀློད་ཤེས་པ་གཅིག་པུས་ཆོག་པ་ཡིན་ནོ། །དེ་ལྟར་གློད་པ་དང་རང་སེམས་མ་བཅོས་པར་བཞག་ཀྱང་། སེམས་མི་གནས་ཤིང་འཕྲོ་བར་འདུག་ན། ལིང་གིས་བཞག་ལ། མཎྜལ་གཅིག་ཕྱིས་ནས་ཕུལ་ཏེ། གོང་དུ་བསྟན་པ་བཞིན་དུ་ཡིད་ཀྱི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ་ལ། མོས་གུས་ཀྱི་གདུང་བ་ཆེན་པོས་ཐང་མ་ཆད་ཀྱི་བར་དུ་གསོལ་བ་ཁོ་ན་གདབ། ཐང་ཆད་པ་དང་སེམས་མ་བཅོས་པའི་ངང་དུ་ཁྲེས་ཀྱིས་བསྐྱུར་ལ་བཞག་གོ་།རྣམ་རྟོག་མི་འཕྲོ་བར་འདུག་ན་མི་འཕྲོ་བ་དེ་ཉིད་ཀྱི་སྟེང་དུ་ཁྲེས་སེ་བཞག་གོ་།དེ་ལྟར་གློད་པ་དང་བལྟས་པས་དེ་ཉིད་ཀྱང་རྣམ་རྟོག་ཏུ་གྱུ་གྱུ་བྱུང་ན། དྲན་པ་བཀག་པས་ལན་པ་ཡིན་པས། རྣམ་པར་རྟོག་པ་བཀག་པས་མི་ཁེགས། སྤངས་པས་མི་སྤངས། བཀུག་པས་མི་ཁུག །བཟུང་བས་མི་ཐུང་། གཟིངས་ལས་འཕུར་བའི་བྱ་རོག་
༤༨༡བཞིན། །ཡུལ་ལ་འཕོ་བའི་སེམས་མི་བསྡུ། །མཁས་པས་བ་གླང་སྐྱོང་བ་བཞིན། །རྣལ་འབྱོར་ཤེས་པ་ཡན་དུ་ཆུག །ཞེས་པ་དང་། ཡེ་ཤེས་གསང་བ་སྒྲོན་མེའི་རྒྱུད་ལས། འཛིན་མེད་རང་གསལ་བརྟེན་མ་འཆའ། །ཟང་ཐལ་རིག་པ་རྗེན་པར་བཞག །ཅེས་གསུངས་པས། བཀག་པ་བཞིན་དུ་འཕྲོ་བ་ཟུང་བ་བཞིན་དུ་འགྲོ་བས་ཆེད་དུ་གང་ཡང་མི་དགག་པར་གར་འགྲོར་བཏང་བས། གར་ཡང་འགྲོ་ས་མི་རྙེད། ལྷན་གྱིས་འོང་བ་ཡིན་པས་ཆེད་དུ་གང་ཡང་མི་དགག །མི་བསྡུ། མི་སྐྱོད། ཆེད་དུ་མི་སྤྲོ། མི་བསམ། མི་སྒོམ། མ་བཅོས་པར་རང་ལུགས་སུ་ལྷོད་དེ་གློད་ཅིང་ཁོ་ན་བཞག་པའི་ངང་ལས། སྐབས་སུ་དགའ་མི་དགའི་རྣམ་པར་རྟོག་པ་ཐོལ་ཐོལ་སྐྱེ་བར་འདུག་ན། རྣམ་རྟོག་གང་སྐྱེས་པ་དེ་ལ་ཅེར་གྱིས་བལྟས་ཏེ་འདི་དང་པོ་གང་ནས་བྱུང་། ད་ལྟ་གང་ན་གནས། མཐར་གང་དུ་འགྲོ་བར་འདུག །དེ་དབྱིངས་ཅི་འདྲ་བ་འདུག །གྲུ་བཞིར་འདུག་གམ། སྒོར་མོར་འདུག་གམ། ཟུར་གསུམ་དུ་འདུག་གམ། ནར་མོར་འདུག་གམ། དེ་ལ་ཁ་དོག་ཅི་འདྲ་བ་ཞིག་འདུག་གམ། དཀར་པོར་འདུག་གམ། དམར་པོར་འདུག་གམ། སེར་པོར་འདུག་གམ། སྔོན་པོར་འདུག་གམ། ནག་པོར་འདུག་བལྟ། གནས་གང་ན་གནས། སྤྱི་གཙུག་ན་འདུག་གམ། དེ་བཞིན་དུ་མགོ་དང་རོ་སྟོད་དང་། ཡན་ལག་གང་ན་གནས་འདུག་བལྟ། ད་ལྟ་གང་ན་འདུག་ཅེར་གྱིས་བལྟའོ། །དེ་ལྟར་བླ་མ་ལ་མོས་གུས་བསྐྱེད་ཅིང་སེམས་མ་བཅོས་པའི་ངང་དུ་གླད་ཅིང་སེམས་ལ་བལྟ་བ་དེ་ཁོ་ན་ལ་བོངས་སྐོར་དུ་བྱ་ཞིང་ཉམས་སུ་བླངས་པས། ཡིན་ལུགས་ཞིག་ནང་ནས་འཆར་བར་གདའ་གསུངས་པས། དུས་ཇི་ཞིག་ཙམ་ན་འདིའི་རང་བཞིན་འདིར་འདུག་པ་ལ་ང་སྔར་ཕན་ཆད་འཁྲུལ་འདུག །ད་ནི་འདི་ལས་འཆུགས་ས་མི་འདུག་སྙམ་དུ་བློ་ཐག་རྦད་ཀྱིས་ཆོད་ནས་མཆི། དེའི་དུས་སུ་རང་གི་སེམས་ཉིད་རིན་པོ་ཆེ་འདི་ཁོ་ན་ཆོས་ཀྱི་སྐུར་ལྷག་གིས་ཤར་བས་རྣམ་རྟོག་སྤང་མ་དགོས་ཏེ་རང་
༤༨༢སར་གྲོལ། སྟོང་ཉིད་སྒྲུབ་མ་དགོས་ཏེ་རང་ཆས་སུ་ཤར་བས། རྟོག་པ་དེ་ཉིད་ཆོས་ཉིད་དུ་ཤེས་ན། ཆོས་ཀྱི་དབྱིངས་ཉིད་གཞན་ནས་བཙལ་མི་དགོས། །ཞེས་གསུངས་པས། མི་དྲན་དགུ་དྲན་གྱི་རྣམ་པར་རྟོག་པ་འདི་ཉིད་ཁོ་ན་ཆོས་ཀྱི་སྐུར་ལྷག་གིས་འཆར་བ་ཆོས་ཉིད་ཡིན། དེ་ཙམ་ན་མིག་བཙུམ་པ་ལ་སྒོམ་རེ་མི་དགོས། སྣང་བ་བཀག་པ་ལ་སྒོམ་རེ་མི་དགོས། མིག་གི་ཡུལ་དུ་སྣང་སྟོང་ཟུང་འཇུག །རྣ་བར་གྲགས་སྟོང་། སེམས་བདེ་སྟོང་ཡིན་ཏེ། སྣང་བའི་རང་བཞིན་ཡེ་ནས་སྟོང་པ་ལ། །བཤིག་བཅོམ་མིང་སྟོད་ཙམ་ལ་སྟོང་མི་གདགས། །ཞེས་གསུངས་སོ། །མིག་གི་ཡུལ་ན་གཟུགས་སྣང་མོད། སྣང་ཙམ་ཉིད་ན་རང་བཞིན་ཅིའི་ངོ་བོར་ཡང་མ་གྲུབ་པས་སྣང་སྟོང་དབྱེར་མེད་ཅེས་བྱ། རྣ་བའི་ཡུལ་དུ་སྒྲ་གྲགས་མོད། གྲགས་ཙམ་ཉིད་ན་རང་བཞིན་མ་གྲུབ་པས། གྲགས་སྟོང་དབྱེར་མེད་ཅེས་བྱ། སེམས་ལ་སྣ་ཚོགས་འཆར་མོད་རང་བཞིན་ཅིར་ཡང་མ་གྲུབ་པས། རིག་སྟོང་དབྱེར་མེད་ཅེས་བྱ། དེ་ཙམ་ན་ཕའི་ཕོགས་ཐོབ་བཞེས་བྱ་བ་ཡིན། བཀའ་བརྒྱུད་ཀྱི་བྱིན་བརླབས་ཞུགས་པ་ཞེས་བྱ་བ་ཡིན། ནོར་བུ་རིན་པོ་ཆེ་ཨམ་འཕྲག་ཏུ་ནུད་པ་བྱ་བ་ཡིན། བླ་མའི་བཀའ་དྲིན་ལོན་པ་བྱ་བ་ཡིན་པས། དེ་མ་བྱུང་རིན་ལ་འབུང་འཚལ་གསུང་ངོ་། །དེ་ལྟར་ངོ་སྤྲོད་རྒྱས་པ་དེ་རྣམས་ནི་སྔར་ཡང་ཡང་གསུང་གིན་འདུག །དུས་ཕྱིས་དངོས་གཞིའི་མན་ངག་ནི། དོན་བརྒྱུད་སངས་རྒྱས་ན་བརྡོལ་བྱ་བ་ཡིན་པས། བླ་མས་ངོ་སྤྲད་མི་དགོས་པར་རང་ལ་ནང་དུ་ལྷག་གིས་འཆར་བ་ཡིན་པས། བླ་མ་ལ་མོས་གུས་གྱིས་ལ་སེམས་མ་བཅོས་པར་གློད་ཀྱིན་བཞག་གོ་།འཁོར་འདས་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་འདི་ཡིན་པས། འདིའི་རང་བཞིན་ཅི་འདྲ་ཞིག་འདུག་ཚོལ་ཤོག་ཅིག་ཅེས་པ་ཁོ་ན་གསུང་གི་འདུག་གོ། །བཅོམ་ལྡན་ཐུབ་པའི་བསྟན་པའི་མར་གཤམ་འདིར། །ས་བཅུའི་དབང་ཕྱུག་ཟླ་འོད་གཞོན་ནུ་ཡི། །སྤྲུལ་པའི་ཕྲིན་ལས་བོད་ཁམས་འདིར་བཀྱེ་བས། །དྭགས་ལྷ་སྒོམ་པོར་དྭགས་པོ་ལྷ་རྗེ་
༤༨༣བྱོན། །མོས་གུས་ལམ་གྱིས་དད་ལྡན་ཁྲིད་པ་ཡིས། །སློབ་མ་གྲུབ་ཐོབ་དཔག་ཏུ་མེད་པ་བྱོན། །བོད་ཁམས་ཆོས་པས་གང་བ་ཁོང་གི་དྲིན། །བླ་མ་དེ་ཡིས་ཆོས་འདིའི་སྲོལ་གཏོད་ཅིང་། །ཉམས་སུ་ལེན་པའི་བུ་བརྒྱུད་བསམ་མི་ཁྱབ། །དེ་རྗེས་ལྷས་རྣམ་གཉིས་འཚལ་དང་གུང་ཐང་དུ། །སྤྲུལ་པའི་སྐྱེས་བུ་སྐྱེ་མེད་ཞང་སྒོམ་དེས། །ཐུགས་རྗེས་འདུས་པའི་གདུལ་བྱ་སྣོད་ལྡན་ལ། །འདི་ཉིད་ཁོ་ནའི་འཁྲིད་ལུང་བཏབ་པ་ཡིས། །མཆོག་གི་གྲུབ་ཐོབ་རྟོགས་ལྡན་མང་པོ་ཐོན། །སྒྲུབ་བརྒྱུད་བསྟན་པ་དར་བ་རྗེ་ཡི་དྲིན། །བླ་མ་དེ་ཡིས་འདི་ཉིད་དར་བར་མཛད། །དེ་རྗེས་སྤང་གཤོངས་ལྷ་རིའི་དགོན་པ་དེར། །ཞང་གི་སྤྲུལ་པ་མཉམ་མེད་ཆོས་ཀྱི་རྗེ། །འགྲན་གྱི་དོ་མེད་བླ་མ་དེ་བྱོན་ནས། །ཚོགས་པའི་བུ་སློབ་མ་ལུས་ཐམས་ཅད་ལ། །དམ་ཆོས་འདི་ཉིད་ཁོ་ན་བཏབ་པ་ཡིས། །ལོ་རེ་ལ་ཡང་རྟོགས་ལྡན་ཟད་མེད་ཐོན། །གདུལ་བྱ་མ་ལུས་གྲོལ་བར་འདི་ཡིས་མཛད། །བླ་མ་དེ་ཡི་ཕྱག་ལེན་སྙིང་པོ་ཡིན། །དེ་ཕྱིར་འདི་་ལྷ་རི་བ་ནམ་མཁའ་འོད། ཉིད་གཞན་ལས་ཁྱད་འཕགས་ཤིང་། །བཀའ་བརྒྱུད་འདི་ཡི་གདམས་ངག་གཙོ་བོ་ཡིན། །དེས་ན་ཆོས་ཀྱི་ཡང་སྙིང་ཌཱ་ཀིའི་སྲོག་སྙིང་འདི། །བླ་མའི་གསུང་སྒྲོས་ཡང་ཡང་ཐོབ་པ་ཡིས། །བློ་ལ་གསལ་ཞིང་རྗེན་པར་གནས་པ་དེས། །བརྗེད་པར་ཕོངས་ནས་མ་འཆུགས་ཇི་བཞིན་བཀོད། །སྙན་བརྒྱུད་དམར་ཁྲིད་ཞལ་གདམས་ཡིན་པའི་ཕྱིར། །ཡི་གེར་བྲིས་པས་བྱིན་རླབས་ཉམས་སྲིད་དེ། །གུས་ཤིང་བརྩེ་བའི་བསམ་པ་རྣམ་དག་ལས། །རང་འདོད་མེད་པས་ཉེས་པ་མེད་པར་རིགས། །རྗེ་དེའི་བུ་ཆེན་ཡོན་ཏན་སྨིན་པ་ཡིས། །ཚོགས་པ་སྐྱོང་བའི་བརྒྱུད་འཛིན་བྱུང་ན་ཡང་། །གསུང་བཞིན་མ་ནོར་ཇི་བཞིན་ཡོད་པའི་ཕྱིར། །འདི་ཉིད་བཟུང་ནས་གདུལ་བྱ་སྐྱོང་བར་རིགས། །ཕ་དེའི་ཐུགས་རྗེའི་ལྕགས་ཀྱུས་རབ་བཟུང་ཡང་། །སྔོན་སྦྱངས་ལས་དང་བརྩོན་འགྲུས་ཆུང་བ་
༤༨༤ཡིས། །ཡོན་ཏན་སྐྱེད་མེད་པོ་ལ་ལུས་པ་ཡིས། །སྤྲང་པོ་བདག་ཀྱང་འདི་ལ་འབུང་བ་འཐད། །འདི་བྲིས་འགལ་འཁྲུལ་ནོངས་པ་ཅི་མཆིས་དང་། །གསུང་སྒྲོས་ཟུར་ཉམས་ལ་སོགས་ཉེས་པ་རྣམས། །མཚན་ལྡན་བླ་མ་དེ་ཡིས་གཙོར་བྱས་པའི། །ཡེ་ཤེས་སྤྱན་ལྡན་རྣམས་ལ་བཟོད་པར་གསོལ། །འདི་བྲིས་དགེ་བས་མཁའ་མཉམ་སེམས་ཅན་རྣམས། །མ་ལུས་དམ་ཆོས་འདི་ཉིད་ཉམས་བླངས་ནས། །ཆོས་སྐུ་མཉམ་ཉིད་ཐིག་ལེ་ཉག་གཅིག་དེ། །སྐྱེ་བ་གཅིག་གིས་མངོན་དུ་འགྱུར་བར་ཤོག །བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པའི་དཔལ་ལྷ་རི་བའི་སྔོན་འགྲོ་དངོས་གཞིའི་ཁྲིད་འདེབས་པའི་ལག་ལེན་རྣམས། བླ་མ་རིན་པོ་ཆེའི་གསུང་བཞིན་མ་འཆུགས་པར་བྲིས་པ་རྫོགས་སོ།། །།དེ་ཝ་ཀུ་མཱ་རས་སྤང་གཤོངས་ལྷ་རིའི་ཁར་སྦྱར་བ་ཨི་ཐི།། །།མངྒ་ལམ། །

རྗེ་བཙུན་རས་ཆུང་པ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་ཡན་ལག་བདུན་ལྡན་གྱི་ཁྲིད་ཡིག་བཞུགས་སོ།

༤༨༥

རྗེ་བཙུན་རས་ཆུང་པ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་ཡན་ལག་བདུན་ལྡན་གྱི་ཁྲིད་ཡིག་བཞུགས་སོ། །ཕྱག་རྒྱ་ཆེན་པོ་ལ་ཕྱག་འཚལ་ལོ། སེམས་ཉིད་ཆོས་ཐམས་ཅད་ལ་ཡང་དག་པར་བཙལ་བས་མ་རྙེད་པ་ནི་སྟོང་པའི་གཤིས་པོ། །རིག་པ་རྩལ་མདངས་དེ་དབྱེར་མེད་པ་ནི་སེམས་ཉིད་ལྷན་སྐྱེས་རྣམ་དག་ཡེ་ཤེས་སོ། །དེ་ལས་གཞན་དུ་རྣམ་པར་སྣང་བ་ཅུང་ཟད་ཀྱང་མེད་དེ། གཟུགས་སོགས་ཇི་སྙེད་པ་རྣམས་ཀྱི་སྣང་བ་ནི་ཡེ་ཤེས། སྟོང་པ་ནི་དབྱིངས། དབྱེར་མེད་པ་ནི་སྣང་བ་ལྷན་སྐྱེས་རྣམ་དག་ཡེ་ཤེས་སོ། །དེ་ལྟར་རྣམ་པ་གཉིས་པོ་འདིས་ངོ་སྤྲད་དེ་ལུས་མི་སྒྲིམ། ངག་མི་དགག །ཡིད་མི་བཅིངས་པ་སྟེ་ཐ་མལ་རྣམ་པ་གསུམ་ལ་གནས་པར་བྱའོ། ༡་གློད་དེ་བཞག །རང་དགར་བཏང་། ཐུག་ཕྲད་ལམ་དུ་ཁྱེར་བ་སྟེ་ཉམས་ལེན་རྣམ་པ་གསུམ་པ་གསུམ་དང་མ་བྲལ་བར་བྱའོ། ༢་།སྣང་བ་མི་དགག །ཐབས་ལམ་མི་འདོར། སྙིང་རྗེ་མི་སྤང་བ་སྟེ་བོགས་འདོན་རྣམ་པ་གསུམ་ལམ་དུ་བྱའོ། ༣་།མི་རེ། མི་དོགས། མི་འཛིན་པ་སྟེ་གོལ། གེག་རྣམ་གསུམ་ཡང་ཡང་དུ་གསལ་གདབ་པར་བྱའོ། ༤་།རྗེས་ལ་བླ་མ་ལ་གདུང་བ་བསྐྱེད། ཀུན་ལ་དག་སྣང་བསྒོམ། མཉམ་རྗེས་གཅིག་ཏུ་བསྲེ་བ་སྟེ་དམ་ཚིག་རྣམ་གསུམ་ལས་ནམ་དུའང་མི་འདྲལ་བར་བྱའོ། ༥། ལྷུན་གྲུབ་རང་བཞག །གཏད་མེད་དེ་ལྟ་སྒོམ་རྣམ་གསུམ་མཐར་དབྱུང་ངོ་། ༦་།རྒྱུ་འབྲས་དབྱེར་མེད་བདེན་ན་གཉིས་དབྱེར་མེད། འཁོར་འདས་དབྱེར་མེད་དེ་དབྱེར་མེད་རྣམ་གསུམ་གདོད་མའི་གཤིས་ཞེས་མཐར་ཕྱིན་པའོ། ༧་།དེ་ལྟར་ཡན་ལས་གསུམ་ཚན་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་རྣམ་དག་ཡེ་ཤེས་ཞེས་ཀྱང་བྱ། ཡན་ལག་བདུན་ལྡན་ཞེས་ཀྱང་བྱ་སྟེ། མངའ་བདག་མཻ་ཏྲི་བས། ཏི་ཕུ་པ། བཛྲ་། དཔལ་ཆེན་པོ་ལས་བྱུང་བ་མཁའ་སྤྱོད་པས་བྲིས་སོ། །མངྒ་ལཾ་བྷ་བ་ཏུ།། །།

  1. དབང་པོ་ཐམས་ཅད་ཚང་བ།
  2. མངལ་དང་རྡོ་རྗེ་གདན་གཉིས་མ་གཏོགས་གཞན་གང་ལ་མི་ཐོགས་སོ།
  3. བར་དོ་རང་ས་ཕན་ཚུན་དང་ལྷའི་མིག་གིས་མཐོང་བར་བཤད།
  4. མི་ལྡོག་དེ་ནི་དྲི་ཟའོ།
  5. སྔོན་ཕྱིན་ཅི་ལོག་ལ་གོམས་པས།
  6. སྐྱེ་བ་ལེན་པ་པདྨའི་མཚོ་ལ་ངང་མོ་བརྩེ་བ་ལྟར་འགྲོ་བའོ།
  7. དང་པོ་ལ་སྒོམ་པ་ནི།
  8. གཉིས་པ་སྐྱོན་བསལ་བ་ནི།
  9. དགོས་པ།
  10. དང་པོ་དབབས་ལ་མཁས་པ།
  11. གསུམ་པ་དྲང་བ་ལ་མཁས་པ།
  12. བཞི་པ་བཀྲམ་པ་ལ་མཁས་པ།
  13. སྐྱོན་སེལ་བ་ལ་མཁས་པ།
  14. མཇུག་ལ་མཚན་ཕན་ཡོན་དང་བཅས་པའོ།
  15. །རྡོ་རྗེ་ལ་ཆིང་ཡང་ཟེར།
  16. །སྣང་བ་སེམས་སུ་བསྟན།
  17. །སེམས་སྟོང་པར་བསྟན།
  18. སྤྱི་བོའི་རླངས་པ།
  19. ལྕེས་རོ་མི་ཚོར།
  20. སྣའི་ཀ་བ་ཉམས་པའོ།
  21. སྣ་བའི་འུར་སྒྲ།
  22. རེ་རེས་མནན་ཟེར།
  23. རྒྱུས་ཅན་གཅིག་གིས་
  24. གཏུམ་མོ་སྒྱུ་ལུས་གྲུབ་པར་