Tibetan:རྗེ་བཙུན་རས་ཆུང་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པ་སྙན་བརྒྱུད་གྱི་གཞུང་ཆུང་ཏིལླི་པ་ ་ ་ ་
(Redirected from Tibetan:རྗེ་བཙུན་རས་ཆུང་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པ་སྙན་བརྒྱུད་གྱི་གཞུང་ཆུང་ཏིལླི་པ་ ་ ་ ་)
Jump to navigation
Jump to search
སྙན་བརྒྱུད་ཡིད་བཞིན་ནོར་བུའི་གཞུང་གི་བསྡུས་དོན་རྣམ་པར་བཤད་པ་
rje btsun ras chung pa'i lugs kyi dpal 'khor lo sdom pa snyan brgyud gyi gzhung chung til+li pas mdzad pa
Damngak Dzö Volume 7 (ཇ་) / Pages 467-475 / Folios 1a1 to 5a4
rje btsun ras chung pa'i lugs kyi dpal 'khor lo sdom pa snyan brgyud gyi gzhung chung til+li pas mdzad pa
Damngak Dzö Volume 7 (ཇ་) / Pages 467-475 / Folios 1a1 to 5a4
Previous Text[[|Next Text ]]
Tibetan Text
༤༦༧རྗེ་བཙུན་རས་ཆུང་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པ་སྙན་བརྒྱུད་ཀྱི་གཞུང་ཆུང་ཏིལླི་པས་མཛད་པ་བཞུགས་སོ།
༤༦༨།རྒྱ་གར་སྐད་དུ། །ཤྲཱི་ཙཀྲ་སམྦ་རོ་པ་དེ་ཤ་མུ་ཁ་ཀརྞ་པ་རམྤ་ར་ཙིནྟཱ་མ་ཎི་ནཱ་མ། །བོད་སྐད་དུ། །དཔལ་འཁོར་ལོ་སྡོམ་པའི་མན་ངག་ཞལ་ནས་སྙན་དུ་བརྒྱུད་པ་ཡིད་བཞིན་ནོར་བུ་ཞེས་བྱ་བ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྐུ་གསུམ་བདག་ཉིད་དགོས་འབྱུང་བླ་མ་དམ་པའི་ཞབས་པད་ཟེའུ་འབྲུ་དྲི་མེད་འོད་ཟེར་ལ་ཕྱག་འཚལ། །གསང་སྔགས་མཐར་ཐུག་སྙིང་པོའ་བཅུད་ཕྱུང་ཡིད་བཞིན་ནོར་བུ་མཁའ་འགྲོའི་གསུང་བཞིན་རྟོགས་པས་འདིར་གསལ་བཀོད། །བདེ་གཤེགས་ཐུགས་ལ་སྣང་བ་དྲི་མེད་པཉྩ་པ་ནས་རྟོགས་པས་ཀོ་རི་ལི་རུ་གསང་བདག་མཉེས། །སྤྱོད་པས་ཟིལ་མནན་ལུས་ཀྱི་བཀོད་པས་རྣལ་འབྱོར་རྗེས་བཟུང་མཛད་པ་ཐ་མས་འགྲོ་རྣམས་སྟོང་པར་བྱས། །བསླབ་པ་གསུམ་དང་བརྒྱུད་པར་ལྡན་པ་ཉམས་སུ་མྱོང་བས་འཇུག་ཚུལ་ཤེས་པས་བླ་མ་དམ་པར་ཤེས། །སེན་དྷ་བ་དང་རིགས་ཅད་བྲན་ལྟར་རུས་སྦལ་སྤུ་སྟེ་མོ་གཤམ་བུ་ལྟར་སློབ་མ་སྐྱོན་ལྔ་བྲལ། །མཆོག་གི་དོན་འདོད་གང་གི་དེ་བསྟེན་ཐོག་མར་དབང་བཞིས་རྒྱུད་སྨིན་ཐབས་དང་ཤེས་རབ་འབྲེལ་བ་ཉིད། །འདི་དོན་རིམ་པར་བརྒྱུད་པ་རྣ་བར་འཕོ་བྱེད་དེ་ཚེ་སངས་རྒྱས་བསྟན་གནས་གུས་པས་མཉན་པར་གྱིས།
༤༦༩ས་ཡི་ཆོ་ག་ལྷག་པར་གནས་པ་རིག་བྱེད་སློབ་དཔོན་རིག་སྦྱོར་སོགས་ཀྱིས་བུམ་པའི་དབང་བསྐུར་བྱ། །བསླབ་པས་རྒྱུད་མཛེས་ཐོས་བསམ་ནོར་ལྡན་བླ་མར་འོས་པ་ཕུལ་བ་བླ་མས་གསལ་སྟོང་ལ་སོགས་བསྐུར། ཉེར་ལྔ་ལྷག་སྤངས་རིགས་ལྡན་རྒྱན་སྤྲས་ཟག་བཅས་བསྐུལ་སོགས་གསུམ་པ་བྱིན་ནས་བརྟུལ་ཞུགས་བརྟན་པར་བྱ། །དགའ་བ་གསུམ་སོན་ལྷན་ཅིག་སྐྱེས་པ་རྙོགས་པ་དང་བྲལ་ཡུལ་དུ་བྱ་སོགས་འབྲས་བུར་ཤེས་པར་གྱིས། དབང་བཞི་དང་འབྲེལ་བརྡ་ཡིས་མཚོན་པ་ཤེས་རབ་བདག་ཉིད་སིནྡྷཱུ་ར་ལ་མཉེས་སོགས་སྟོན་མོས་བརྒྱན། །སློབ་དཔོན་བཞི་ལ་དབང་བཞི་དུས་བཞི་བྱེད་པ་བཅུ་གཉིས་ཆོས་ཉིད་དབང་ལ་མཚོན་དུ་མེད་པར་བྱོས། །དབང་གིས་སྨིན་ནས་རིམ་པ་གཉིས་ཤེས་རྣལ་འབྱོར་དབང་ཕྱུག་ཟུང་དུ་འཇུག་པ་རྒྱལ་བའི་སྐུ་སྒྲུབ་ཕྱིར། །དབང་པོའ་རིམ་པས་དབྱེ་དང་བསྡུ་བའི་རིམ་པ་ཤེས་ནས་འདུ་འཇི་མེད་པར་རྒྱུན་དུ་འབད་པས་སྤྱད། །ཚངས་པའི་གནས་བཞི་གསོལ་དང་ཁམས་སོགས་བསླབ་པ་འཁོར་ལོ་ཚོགས་བརྟེན་རྒྱུ་འབྲས་ཉིད་དང་ཕྲ་མོར་བརྗོད། །གོ་ཆ་ཡེ་ཤེས་རྒྱས་བཏབ་སྐུ་གསུང་མཆོད་དང་བཟླས་པ་རྫོགས་རིམ་ཕྲིན་ལས་ཕྱོགས་དང་ཐུབ་པ་ཉིད། །བསྡུས་པའི་སྦྱོར་བ་ཚད་
༤༧༠མེད་བཞི་ལྡན་རྫུས་ཏེ་སྐྱེས་པ་སྐད་ཅིག་རྣལ་འབྱོར་བཟླས་པ་བཅས་པ་ཉིད། །བརྟན་གཡོའ་དངོས་པོ་ལྷན་ཅིག་སྐྱེས་པ་སྣང་སེམས་དབྱེར་མེད་རྣོན་པོའ་སྤྱོད་ཡུལ་ཟུང་འཇུག་རྡོ་རྗེའི་སྐུ། །ཀུན་ལ་ཁྱབ་པའི་ངོ་བོ་ཉིད་སྟོན་གསལ་རིག་མཚན་ཉིད་ཐུབ་པའི་དབང་པོ་བདེ་གཤེགས་ཀུན་གྱི་གཙོ། །གསུམ་གསལ་བདག་གིས་མངོན་སུམ་ཉིད་དུ་ལེགས་པར་རྟོགས་ནས་བསྒོམ་དང་བཟླས་པ་གསལ་པོར་རབ་ཏུ་ཕྱེ། །ཆོས་དབྱིངས་སྐྱེ་མེད་རྒྱལ་བའི་ཡུམ་གཅིག་རྒྱལ་དང་རྒྱལ་བ་ཉིད་དེ་ནམ་མཁའི་རི་མོ་ལྟ། །བརྟན་དང་གཡོ་བརྟེན་དང་བརྟེན་པ་ལྷ་ཡི་རང་བཞིན་རང་ལ་བཅུག་ནས་སྣ་ཡི་རྩེ་མོར་རྡོ་རྗེ་བཟླས། །གཏོར་མ་སྦྱིན་ནས་དབང་པོ་འབྲིང་པོས་འོད་གསལ་བསྒོམས་ཏེ་དབང་སོགས་ལམ་དང་དམ་ཚིག་འབྲས་བུར་བསྲེ། །བདག་འཇུག་དབང་དང་བླ་མ་མཆོད་བྱེད་ཉམས་ཆགས་བསྐང་ཕྱིར་རྡོ་རྗེ་སེམས་དཔའ་བརྟན་པའི་ཆོ་ག་བཟླས། །རྒྱལ་པོ་བློན་པོ་དམངས་ཀྱི་བྱེད་པས་མཚམས་ཀྱི་ཀུན་སྤྱོད་ཟ་ཉལ་འགྲོ་དང་ཁྲུས་སོགས་རྣལ་འབྱོར་བྱ། །རྣམ་རྟོག་དང་བྲལ་ཟླ་བ་དྲུག་ཏུ་ངེས་པར་བསམས་ནས་གྲུབ་པའི་མཚན་མ་མཐོང་ནས་རོལ་པར་གནས། །ཐུབ་པའི་བསྟན་པ་རྒྱས་མཛད་དངོས་གྲུབ་མཐར་ཕྱིན་ཟབ་དང་རྒྱ་ཆེ་བ་དང་གཉིས་མེད་དམ་ཚིག་ཀུན་གྱི་གཞི། །བག་ཡོད་བསྒོམ་ཞིང་རྟེན་དང་གསང་བ་མི་བསག་མི་འབྲལ་བཟའ་བསྲུང་མཆོག་གྱུར་ཐུབ་པས་རབ་ཏུ་གསུངས། །བསླབ་པ་གསུམ་དང་རྒྱུ་འབྲས་ཞེན་མེད་དབང་སོགས་འབྲས་བུ་རྒྱུད་གཞན་ལས་གསུངས་རང་སེམས་བརྟན་པས་བསྲུང་། །སྐུ་གསུམ་ལ་བརྟེན་ཏིང་འཛིན་གསུམ་གྱིས་རྒྱ་ཆེར་ར་རབ་གསལ་གཞི་ལམ་འབྲས་བུས་ལྟ་བ་མཚོན་པར་གྱིས། རྣལ་འབྱོར་སྲོག་རྩོལ་སངས་རྒྱས་མངའ་བདག་གཡོན་དང་གཡས་སུ་རིམ་པ་ཇི་བཞིན་རྒྱུ་བ་ངེས་པ་སྟེ། །མཉམ་པར་བཞག་པས་འཇུག་པའི་རླུང་ཉིད་བུམ་པ་ཅན་དུ་བྱས་ནས་བརྟན་པའི་གོ་འཕང་སོ་སོར་ཐོབ།
༤༧༡རླུང་གི་སྦྱོར་བ་འདི་ཉིད་མི་ཤེས་ལས་དང་ལས་མིན་མི་འགྲུབ་རླུང་རིག་པས་ནི་འབྲས་བུ་སྟེར། གདམས་པས་ཚེ་དང་བཟླས་པའི་རིམ་པ་གོམས་པས་དགེ་དང་མི་དགེ་འཆི་བཟློག་རླུང་རིག་པས་ནི་ཤེས། །བྱ་དང་བྱེད་ལས་ཆོས་མཚུངས་རྒྱུ་མཚན་གདམས་པའི་སྦྱོར་བ་བསྐྱེད་རིམ་གོམས་པས་མཐུན་པའི་རྐྱེན་དང་ལྡན། །གསང་སྤྱོད་ལ་གནས་སྡུག་བསྔལ་བཟོད་པས་ལུས་གནད་གསུམ་ལྡན་དམིགས་པ་བཞི་ལས་སྦྱོར་བའི་སྐྱོན་བསལ་ཏེ། །སྟེང་འོག་བར་དུ་འབུགས་པའི་སྦྱོར་བ་ལི་རེའི་ཚུལ་དུ་སྒོ་གསུམ་སྦྱང་བར་བྱ་ཕྱིར་ངེས་པར་རོལ། །རྡོ་རྗེ་བཟླས་པ་ཡིག་འབྲུ་གསུམ་ལ་གོམས་ཤིང་སངས་རྒྱས་ལྔ་ལ་ཁ་དོག་སོ་སོར་བསླབ་པར་བྱ། །འབྱུང་བ་ལྔ་ཡི་རླུང་ཟིན་པས་ནི་དུ་བ་སྨིག་རྒྱུ་མེ་ཁྱེར་མར་མེ་སྤྲིན་མེད་ནམ་མཁའ་འབྱུང་། །བརྟན་པའི་རྟགས་སུ་ཟླ་ཟེར་ཉི་ཟེར་གློག་གི་ཟེར་དང་འཇའ་ཚོན་ཉི་ཟླར་བསྲེས་པ་དངོས་སུ་མཐོང་། །སྤྱོད་ལམ་དང་ནི་སྦྱོར་བ་མཁས་པས་དུག་སོགས་གཞོམ་དང་འཆི་བ་བརྟག་པ་ལ་སོགས་སྣ་ཚོགས་རྒྱུར། རྩ་དང་རླུང་དང་ཐིག་ལེ་འདྲེས་པས་བདེ་གསལ་མི་རྟོག་རྒྱུན་མི་འཆད་པར་རྒྱལ་པོར་འགྱུར་རོ་ཀྱེ། །རིམ་པ་འདི་ཉིད་འཕེལ་བར་བྱ་ཕྱིར་སྣང་དམིགས་དངོས་པོ་སྒྱུ་མར་བསམས་ལ་དབེན་པའི་གནས་སུ་ནི། །རྡོ་རྗེ་སེམས་དཔའ་མཚན་དཔེས་སྤྲས་པའི་གཟུགས་བརྙན་ལ་ནི་རབ་ཏུ་དམིགས་ལ་དངོས་པོ་ཆུ་ཟླ་ལྟར། །བཅུ་གཉིས་སྒྱུ་མའི་དཔེ་ཡིས་མཚོན་ཏེ་མཉམ་རྗེས་ལ་ནི་ཆོས་བརྒྱད་ལས་འདས་མཁའ་བཞིན་སྙོམས་པར་འཇུག །དེ་ལྟར་ཤེས་པས་མི་བྱ་བ་མེད་སྔགས་ཟློས་བསྲུང་སོགས་མི་དགོས་དགེ་སློང་སོགས་ལ་ཕྱག་མི་བྱ། །ཉིན་དང་མཚན་དུས་བསྲེ་ཞིང་སྦྱང་དང་གོམས་པས་གྱེན་དུ་འབངས་ཏེ་བདེ་གཤེགས་བལྟས་ལ་ཆོས་སོགས་མཉན། །རྨི་ལམ་མེད་དུས་གནད་དང་ལྡན་པས་འདོད་ཆགས་ལ་སོགས་བརྒྱད་ཅུ་དགག་ནས་སྣང་བ་གསུམ་འདས་ཏེ། །རྒྱུན་མི་འཆད་པའི་འོད་
༤༧༢གསལ་ཆེན་པོས་ས་བཅུར་གྱུར་པ་ལམ་མ་བགྲོད་ན་རྣམ་ཤེས་གང་དུ་འཕོ། །སྣ་ཚོགས་དོན་ཆེན་མཐོང་ནས་ཤེས་པ་སྤོང་སྟེ་རིམ་པ་གཉིས་ལྡན་འཇུག་ཕྱིར་གཞན་གྱི་མི་འགྱུར་རོ། །ཆགས་དང་ཆགས་བྲལ་འདི་མ་ཤེས་པར་གཞན་ནི་དོན་མེད་དུས་གསུམ་སངས་རྒྱས་བགྲོད་པ་གཅིག་པའི་ལམ། །རི་བོང་རྒྱུག་དང་ཟླ་བ་ཆུ་འཛིན་དུས་དང་འབྲེལ་པ་བསླབ་བཅས་སངས་རྒྱས་དགོངས་པ་མི་ཤེས་ཕྱིར། །སྒོ་གསུམ་གནད་ཀྱིས་སྦྱང་བར་བྱ་ཞིང་ངལ་ན་སྣད་རྩེར་བལྟས་ལ་ངེས་ཤེས་སྐྱེས་ནས་ཆེན་པོར་བལྟ། །དང་པོའ་ལས་ཀྱིས་ཡིད་འོང་ལ་བརྟོན་གོམས་པས་སྔགས་ལས་ཞིང་དང་ལྷན་ཅིག་སྐྱེས་སོགས་རྩ་བསྙེན་བྱ། །གཅིག་ཅར་མགོན་པོ་བསྒོམས་ནས་མཐར་གནས་རྡོ་རྗེའི་བཟླས་པ་རྩལ་མཁས་པ་པདྨའི་སྐྱོན་བཞི་བསལ། །བདེ་བའི་ལམ་དྲངས་ཡེ་ཤེས་མཚོན་པ་མར་ལ་འདུ་བར་རྒྱུ་འབྲས་ཤེས་ནས་ཞེས་བྱའི་དཀྱིལ་འཁོར་བལྟ། །ཐུར་སེལ་གཅུད་ནས་གླང་ཆེན་སེང་གེ་རྨ་བྱའི་འདྲེན་དང་བྱ་རྒོད་སྟག་མོས་སྣང་དམིགས་བདེ་བར་འཆར། །སྦྱོར་བར་དྭངས་མས་རླུང་དང་མཉམ་ཞིང་རིག་མའི་བདེ་བ་ལུས་ལ་སྤྲོས་ནས་རྩ་མདུད་དགྲོལ་བར་བྱ། །བདེ་བའི་ཉམས་སྐྱེས་ཚོགས་དྲུག་ཀུན་ལ་རོ་མཉམ་ལུགས་ལས་འབྱུང་དང་བཟློག་པས་དགའ་བཞི་མཚོན་པར་བྱ། །དགའ་བ་གསུམ་དང་དཔེ་དོན་བསྲེས་ནས་རྒྱུ་ཚོགས་གཟུང་འཛིན་ཆོས་ཉིད་གོམས་ནས་རྩོལ་མེད་འབྲས་བུ་འཆར། །ཡེ་ཤེས་གསལ་བྱེད་དབང་གི་འབྲས་བུར་རྡོ་རྗེའི་ལུས་ལ་འཁོར་ལོར་མདུད་པ་སྤྱི་བོར་གྲོལ་བའི་གནས། །སྒོ་དགུ་བགགས་ནས་སྒོ་བཞི་ཐིམ་པ་གཉིས་ཀྱི་རྣམ་གྲོལ་ཡེ་ཤེས་ལུས་ཅན་སྒྲ་བརྙན་ལྟ་བུར་བྲལ། །མིག་སོགས་སྟོང་དང་བཏུད་བཞི་གྲོལ་བ་ཆོས་ཉིད་ལ་མཁས་གསུམ་པོ་གཅིག་གྱུར་ཡེ་ཤེས་རྒྱུན་ཆད་མེད། །གཞི་ལམ་འབྲས་བུ་གཅིག་གྱུར་བདེ་ཆེན་དངོས་པོ་རོ་མཉམ་ཡི་གེ་བཞི་དོན་འབྲས་བུ་
༤༧༣མངོན་དུ་འགྱུར། །མཐར་མ་སྐྱོལ་ན་ཉེ་བར་སྤྱོད་པ་ལུས་ལྷན་བཞི་དང་ངས་ཤེས་བརྟགས་ཏེ་ངོ་སྤྲོད་ཤེས་པར་བྱ། །སྐྱེ་ཤི་བར་དོ་ཤེས་བསྔ་ཕྱིར་ཉིད་དུ་དྲན་མཚམས་འཆི་བའི་དུས་སུ་ཕྲ་རགས་ཐིམ་ནས་ནི། །འོད་གསལ་ཆེན་པོ་དེ་མ་རྟོགས་ནས་བླ་མ་སོགས་ཀྱི་སྐྱེ་ལ་བསུ་ཉིད་མཚམས་རླུང་གསུམ་བཅིང་བའི་ཕྱིར། །ཡོན་ཏན་རྫོགས་པ་བར་དོར་ལོངས་སྐུ་ཡོན་ཏན་བདུན་ལྡན་དེ་མ་བརྟན་ན་དུག་གསུམ་ལས་གྱུར་པའི། །རྟོག་པར་བཅས་ལ་དབང་དུས་ཉམས་དང་ལྷ་སོགས་སྒྱུ་མ་ཟུང་དུ་འཇུག་པ་སློབ་དང་མི་སློབ་པ། །བདུན་ཕྲག་རེ་ལ་བརྒྱལ་བར་གྱུར་བ་དེ་མ་ཁེགས་ན་སྐྱེ་བ་སྣ་ཚོགས་སྤྲུལ་སྐུ་ཉིང་མཚམས་སྦྱོར། །བར་དོ་གསུམ་ལ་འདོད་ཆགས་ལ་སོགས་དུག་གསུམ་ཤེས་པ་ཟག་མེད་འོད་གསལ་སྒྱུ་མར་བསྲེས་ལ་སྒོམ། །འདི་དོན་རིམ་པ་འཁོར་བ་དང་ནི་མྱ་ངན་འདས་ལས་རྒྱལ་བ་གཉིས་མེད་ཟུང་འཇུག་ཕྱག་རྒྱ་ཆེན་པོར་འགྱུར། །དབང་དང་དམ་ཚིག་འབྲེལ་བར་ཤེས་པ་གདོད་ནས་དག་པ་རྐྱེན་གྱིས་བསྐུར་ཚུལ་ཉམས་སུ་བླང་དང་རྟོགས། །བུམ་སོགས་དམ་ཚིག་མཉམ་གཞག་རྗེས་སྤྱོད་མི་འབྲལ་བཟའ་བསྲུང་སྤྲོས་བཅས་སྤྲོས་མེད་ཡན་ལག་བཤགས་བྱ་ཉིད། །དབང་དུས་ལྟ་སོགས་མཚོན་པར་བྱས་ལ་བདུད་རིགས་ངོས་བཟུང་ཟིལ་གྱིས་མནན་ནས་སྒོམ་དང་རྟགས་སུ་འབྲེལ། །ཐ་མ་འབྲིང་དང་རབ་དང་མཆོག་གྱུར་འཇུག་སྒོ་ཤེས་པས་བསྒོམས་ལ་སྦྱར་ཏེ་གང་དང་གང་ལ་སོགས། །མཆོག་གི་དངོས་གྲུབ་ཚེ་འདིར་འདོད་པ་དུས་དང་འབྲེལ་པར་སྤྱོད་པ་བྱས་ནས་གོལ་ས་བཅད་པར་བྱ། །བྱ་དང་སྤྱོད་སོགས་ཚོགས་སུ་བསྒྱུར་ལ་ཕྲིན་ལས་བྱེད་པར་རབ་གནས་སྦྱིན་སྲེག་རྣམ་བཞིས་འདོད་དགུར་བསྒྱུར། །འཁོར་ལོ་བཞི་ལ་སྐུ་བཞིར་ཡན་ལག་བདུན་ལྡན་རྡོ་རྗེ་སེམས་དཔའ་སྒོ་གསུམ་ངོ་སྤྲོད་མཚོན་དཔེས་སྤྲས། །རྒྱུད་རྣམས་སྙིང་ཕྱུང་མན་ངག་བཅུད་བསྡུས་ལམ་གྱི་རིམ་པ་བདེ་
༤༧༤གཤེགས་ཀུན་ཐུགས་ཡིད་བཞིན་ནོར་བུ་ཉིད། མི་མཐུན་ཕྱོགས་ལས་རྒྱལ་བར་བྱ་ཕྱིར་འཇུག་པའི་ཚུལ་དང་ཞུགས་པའི་འབྲས་བུ་གསལ་བའི་ཐབས་ཉིད་དོ། །ལུས་ལ་གོ་གྱོན་ངག་གིས་གཡུལ་སྤྲོད་སེམས་ཀྱིས་མཚོན་བསྣུན་སྐུ་གསུང་ཁྲུས་བཅུད་རླུང་དང་འཁོར་ལོ་བསྐོར། རྩ་བ་དྲུག་ལ་ཡན་ལག་སོ་དགུས་ནད་ལ་སྨན་དཔྱད་བར་ཆད་སྲུང་འཁོར་གནད་བྲལ་གེགས་བསལ་ཏེ། ས་ལ་སོགས་པའི་རོ་བཞི་ངོས་བཟུང་འཁོར་ལོ་བཞི་ཡིས་ར་བཞི་མཉམ་ལ་ཞི་གནས་ཕྱོགས་ལ་ནི། ཐབས་དང་ལྡན་པ་པི་ཝང་སྒྲ་སོགས་རྩ་རླུང་ལ་ནི་ཤེས་རབ་སྐུ་གསུམ་མཐུན་སྦྱོར་རྫས་སོགས་ལྔ། ཟིན་དང་མ་ཟིན་ལེགས་པར་ཤེས་ནས་ལུས་ཀྱི་གནད་ལ་ཉི་མ་ཟླ་སོགས་བརྫིས་ནས་རྡུལ་སྤྲུགས་བྱེད། འབྱུང་བཞི་རླུང་ལ་ལྟེ་བ་ལ་སོགས་སྟོང་ར་བཅས་ནས་ན་ཚ་བོགས་འདོན་འགགས་འཁྱིལ་ལ་སོགས་བསལ། བཅུ་བའི་རླུང་ཤེས་ཏིང་འཛིན་རང་གྲོལ་སྨན་པ་ལྟ་བུས་བརྒྱད་པོ་བསལ་ནས་དངུལ་ཆུ་ལྟར་སྤྲང་བྱ། དྭངས་མ་བསྲུབས་ནས་སྐྱོན་རྣམས་སེལ་ཕྱིར་བདག་ཏུ་ལྟ་བའི་བུད་ཤིང་བསྲེགས་ནས་འོད་གསལ་ཆོས་སྐུར་བསྒྲལ། འདི་དོན་རིམ་བརྒྱུད་བླ་མ་ལ་བསྟེན་གུས་པས་བླང་ཕྱིར་བྱིན་རླབས་ལམ་ཁྱེར་སྙན་ནས་སྙན་དུ་བརྒྱུད། མཆོག་གི་བློ་ཅན་བརྩེ་བ་ཆེན་པོས་ཐེག་གཞན་སྤངས་པ་སྨིན་དང་གྲོལ་བ་རིམ་པ་གཉིས་ལ་འབད། སྣོད་བཅུད་ལ་སོགས་གཞལ་ཡས་ཁང་དང་ཕུང་པོ་ཁམས་སོགས་ལྷ་རུ་དག་པས་རྒྱལ་བ་ཐམས་ཅད་བསྡུ་བའོ། །རྡོ་རྗེའི་ལུས་ལ་བདེ་ཆེན་གནས་པས་ཕོ་ཉ་ལ་སོགས་སྤྲོས་དང་སྤྲོས་མེད་འཁོར་ལོ་ཟུང་དུ་འཇུག །རིམ་པ་འདི་ལ་མོས་པ་བརྟན་པས་སྤྲུལ་པ་མཐོང་ཞིང་སྐྱོན་ཡོན་དང་བཅས་ཆུང་ངུ་ཡིན་ཕྱིར་ཚོགས། སྐད་ཅིག་བཞི་ཡིས་དགའ་བ་གསུམ་སོན་འབྲིང་པོའ་དྲོད་དེ་ལྷན་ཅིག་སྐྱེས་པ་དྷཱུ་ཏཱིའི་ལམ་ཞུགས་ནས། འཇིག་རྟེན་ལས་འདས་བརྒྱ་ཕྲག་བདུན་
༤༧༥པོ་ཡོན་ཏན་གྱིས་སྤྲས་གནས་དང་ཉེ་གནས་ཉི་ཤུ་བཞི་ལ་སོགས། །དྭངས་མ་ཡས་བྱོན་་སོགས་ཁྱབ་རྒྱུ་བ་མས་བརྟན་བདེ་ཆེན་བརྟོལ་ནས་མ་ཆགས་པདྨའི་ས། །རབ་བཀྲམ་ཆེན་པོ་ཕྲག་བདུན་ཡོན་ཏན་ཡེ་ཤེས་གསལ། །བྱེད་ཆོས་སྐུ་བདག་ཉིད་རྡོ་རྗེ་འཛིན་པར་འགྱུར། །འཁོར་ལོ་སྡོམ་པའི་བསྐྱེད་རྫོགས་ལ་སོགས་གཏིང་དཔག་དཀའ་བ་གསལ་པོར་རབ་ཕྱེ་སྙན་བརྒྱུད་མཁའ་འགྲོའི་གསང་། །དྲི་མེད་བསགས་པའི་དགེ་བ་དེས་ནི་ས་གསུམ་གནས་པ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་ཤོག །ཡིད་བཞིན་ནོར་བུ་ཞེས་བྱ་བ་མཁའ་འགྲོ་མའི་གསང་ཚིག་ཏིལླི་པས་བཀོད་པ་རྫོགས་སོ། །གཙིགས་ཀྱི་རྒྱ་མདུད་དང་བཅས་པ་ནཱ་རོ་པཎྜི་ཏའི་ཞལ་སྔ་ནས་དང་། །ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུཥྤ་ཧ་རིའི་གནས་སུ་བསྒྱུར་བའོ།། ༈ །སྙན་བརྒྱུད་ཡིད་བཞིན་ནོར་བུའི་གཞུང་གི་བསྡུས་དོན་རྣམ་པར་བཤད་པ་བཞུགས་སོ། །དུས་གསུམ་སངས་རྒྱས་ཀུན་གྱི་གསང་བ་ཡི། །གནས་འགྱུར་བདེ་ཆེན་མཁའ་འགྲོ་མ་ཡི་གསུང་། །བསྙན་བརྒྱུད་སྙིང་པོ་གསལ་བའི་སྒྲོན་མེ་འདི། །སྟོན་པའི་བླ་མ་ཡི་དམ། ཟུར་མང་སྙན་བརྒྱུད་ལས་སོ། །ལྷ་ལ་འདུད། ཡིད་བཞིན་ནོར་བུ་ཞེས་བྱ་བའི་གཞུང་ཆུང་རྡོ་རྗེའི་ཚིག་ལེའུར་བྱས་པ་འདི་འཆད་པ་ལ། བརྗོད་བྱ་ནི་གང་། དགོས་པ་ནི་ཅི། འབྲེལ་པོ་ནི་དུ་ཞེ་ན། དང་པོ་ནི། རྡོ་རྗེ་ཐེག་པའི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའོ། །གཉིས་པ་ནི། དབང་པོ་རྣོན་པོ་ཚེ་འདི་ཉིད་ལ་མཆོག་ཐོབ་པར་བྱེད་པའོ། །གསུམ་པ་ནི། དོན་དེ་ཉིད་མཚོན་པ་དབང་བཞི་དང་འབྲེལ་པ་རྒྱུན་ཆགས་སུ་སྟོན་པ་གཞུང་ཆུང་གསལ་བར་བྱེད་པ་ལ། །དང་པོ་སྐུ་གསུམ་བདག་ཉིད་ཅེས་པ། རྐང་པ་གཅིག་གིས་བླ་མ་གསུམ་ལ་ཕྱག་འཚལ་བ་བསྟན། །གསང་སྔགས་ཅེས་པ་རྐང་པ་གཅིག་གིས་གཞུང་བརྩམ་པ་དམ་བཅའ་བར་བསྟན། །བདེ་གཤེགས་ཞེས་པ་རྐང་པ་གཉིས་ཀྱིས་སློབ་དཔོན་
༤༧༦གྱི་ཆེ་བ་བསྟན། བསླབ་པ་གསུམ་ཞེས་པ་རྐང་པ་གཅིག་གིས་ཡོན་ཏན་དྲུག་བསྟན། སོན་རྡ་ཞེས་རྐང་པ་གསུམ་གྱིས་སློབ་མའི་མཚན་ཉིད་ལྔ་བསྟན། སའི་ཆོ་ག་ཞེས་པས་བུམ་དབང་བསྟན། བསླབ་པ་ཞེས་པས་གསང་དབང་བསྟན། །ཉེར་ལྔ་ཞེས་པས་ཤེས་རབ་ཡེ་ཤེས་བསྟན། དགའ་བ་ཞེས་པས་དབང་བཞི་པ་བསྟན། དབང་བཞི་ཞེས་པས་བྱིན་རླབས་དང་ཚོགས་འཁོར་བསྟན། སློབ་དཔོན་བཞི་ཞེས་པས་དབང་མདུད་གྲོལ་བ་བསྟན། དབང་གི་ཞེས་པ་རྐང་པ་བཞིས་འཁོར་ལོ་རྒྱས་པ་རྣལ་འབྱོར་བཅུ་དྲུག་དུ་བསྒོམ་པ་བསྟན། བསྡུས་པའི་ཞེས་པ་རྐང་པ་གསུམ་གྱིས་བསྡུས་ཏེ་བསྒོམ་པ་ལྔ་པོ་བསྟན། གསུམ་གསལ་ཞེས་པས་ངེས་པ་རྒྱུ་མཚན་བསྟན། ཆོས་དབྱིངས་ཞེས་པ་རྐང་པ་གསུམ་གྱིས་རྒྱལ་པོ་ཆོས་ཉིད་བསྟན། བདག་འཇུག་གི་ཅེས་པས་བློན་པོ་རགས་གསུམ་བསྟན། རྒྱལ་པོ་ཞེས་པས་འབངས་ཕལ་པའི་བྱེ་བ་བསྟན། རྣམ་རྟོག་དང་ཞེས་པས་བསྒྲུབ་པའི་དུས་བསྟན། ཐུབ་པའི་ཞེས་པས་དམ་ཚིག་མདོར་བསྟན། བག་ཡོད་ཅེས་པ་རྐང་པ་གཉིས་ཀྱིས་ཟབ་པའི་དམ་ཚིག་བསྟན། སྐུ་གསུམ་ཞེས་པས་རྒྱ་ཆེ་བ་དང་གཉིས་མེད་བསྟན། རྣལ་འབྱོར་ཞེས་པ་རྐང་པ་བཞིས་རྡོ་རྗེ་བཟླས་པའི་དགོས་པའི་རྒྱུ་མཚན་བསྟན། །བྱ་དང་ཞེས་པས་རྐང་པ་གསུམ་གྱིས་རླུང་བསྡོམ་པའི་རིམ་པ་བྱ་བ་དང་བཅས་པ་བསྟན། རྡོ་རྗེའི་ཞེས་པས་རླུང་འགོགས་པའི་རྡོ་རྗེའི་བཟླས་པ་བསྟན། །འབྱུང་བ་ལྔ་ཞེས་པ་རྐང་པ་གསུམ་གྱིས་ཉམས་ཀྱི་འཆར་ཚུལ་བསྟན་པའི་རྟགས་ཕན་ཡོན་དང་བཅས་པ་བསྟན། རྩ་དང་ཞེས་པས་འབྲས་བུ་བསྟན། །རིམ་པ་ཞེས་པ་རྐང་པ་བཞིས་སྒྱུ་མ་ལྟ་བུའི་ལམ་བསྟན། ཉིན་དང་ཞེས་པས་སྒྱུ་མ་དེ་གོམས་པར་བསྟན། རྨི་ལམ་ཞེས་པ་རྐང་པ་ཕྱེད་གཉིས་ཀྱིས་འོད་གསལ་གྱི་རིམ་པ་བསྟན། ལམ་ཞེས་པ་རྐང་པ་ཕྱེད་དང་གཉིས་ཀྱིས་
༤༧༧ལམ་སྟེགས་མམ་ཆ་རྐྱེན་བསྟན། །ཆགས་དང་ཞེས་པས་དབང་གསུམ་པའི་གང་ཟག་བསྟན། །རི་བོང་ཞེས་པས་དུས་དང་དགོས་པ་བསྟན། །སྒོ་གསུམ་ཞེས་པས་སྦྱོང་བའི་ཐབས་བསྟན། །དང་པོ་ཞེས་པས་ལས་རྒྱའི་རིགས་བསྟན། །གཅིག་ཅར་ཞེས་པས་དབང་བསྒོམ་པའི་ཚུལ་དང་རྩའི་བྱེ་བྲག་བསྟན། །བདེ་བའི་ཞེས་པས་དབང་དང་བཟུང་བ་བསྟན། །ཐུར་སེལ་ཅེས་པས་དྲང་ཞིང་དགྲམ་པ་བསྟན། །སྦྱོར་བ་ཞེས་པས་རྗེས་སྤྱོད་ཀྱི་ཚུལ་བསྟན། །བདེ་བའི་ཞེས་པས་ཉམས་ཀྱི་རྟོགས་པ་དགའ་བ་བཞི་བསྟན། །དགའ་བ་ཞེས་པས་དཔེ་དོན་དང་ས་ལམ་བསྟན། །ཡེ་ཤེས་ཞེས་པས་དགའ་བཞི་དང་ཕྱག་རྒྱ་ཆེན་པོའ་ཆ་ནས་བསྟན། སྒོ་དགུ་ཞེས་པས་དེའི་བྱ་བ་བསྟན། མིག་སོགས་ཞེས་པས་ཕྱག་རྒྱ་ཆེན་པོའ་དུས་སམ་བྱེད་པ་བསྟན། །བཞི་ལམ་ཞེས་པས་དེའི་ངོ་བོ་བསྟན། མཐར་མ་ཞེས་པས་ཉེ་བར་སྤྱོད་པའི་བར་དོ་མདོར་བསྡུས་ཏེ་བསྟན། སྐྱེ་ཤི་ཞེས་པས་ཤེས་པ་སྔ་ཕྱིའི་བར་དོ་བསྟན། །འོད་གསལ་ཞེས་པས་སྐྱེལ་བསུ་དང་མཚམས་སྦྱར་བསྟན། །ཡོན་ཏན་ཞེས་པས་བར་དོ་དང་པོ་ལ་སངས་རྒྱས་པར་བསྟན། རྟོག་པར་ཞེས་པས་གཉིས་པ་ལ་སངས་རྒྱས་པར་བསྟན། བདུན་ཕྲག་རེ་ལ་ཞེས་པས་ཉིད་མཚམས་སྦྱོར་བ་བསྟན། །བར་དོ་ཞེས་པས་དུས་གསུམ་རིག་གསུམ་བསྟན། །འདི་དོན་ཞེས་པས་འབྲས་བུ་བསྟན། །དའང་དང་ཞེས་པས་སྨིན་པར་བྱ་བའི་ལམ་བསྟན། བུམ་སོགས་ཞེས་པས་དེའི་དམ་ཚིག་བསྟན། དབང་དུས་ཞེས་པས་བདུད་ངོས་བཟུང་བ་དང་ལྟ་བ་བསྟན། ཐ་མ་ཞེས་པས་བསྒོམ་ཚུལ་བསྟན། མཆོག་ཅེས་པས་སྤྱོད་པ་བྱེད་ཐམས་བསྟན། བྱ་དང་ཞེས་པས་ཚོགས་བསྒྱུར་དང་ཕྲིན་ལས་བསྟན། འཁོར་ལོ་ཞེས་པས་སྐུ་བཞིའི་བྱུང་ཚུལ་བསྟན། རྒྱུ་རྣམས་ཞེས་པས་མཚན་
༤༧༨པས་མཚན་བསྟན། །མི་མཐུན་ཞེས་པས་གེགས་འབྱུང་བའི་རྒྱུ་དང་བྱུང་བའི་རྟགས་བསྟན། ལུས་ལ་ཞེས་པས་དེ་བསལ་ཐབས་བསྟན། རྩ་བ་ཞེས་པས་འཁྲུལ་འཁོར་གྱི་བྱེད་པ་བསྟན། ས་ལ་སོགས་ཞེས་པས་རོ་མཉམ་པ་བསྟན། ཐབས་ཞེས་པས་ཐབས་ཤེས་རབ་ཀྱི་གེགས་སེལ་བསྟན། ཟིན་དང་ཞེས་པས་འདྲ་གཉིས་ནོར་ལ་རེ་བསྟན། འབྱུང་བ་བཞི་ཞེས་པས་རླུང་དང་ཕྲིན་ལས་བསྟན། བཅུ་པའི་ཞེས་རླུང་བཅུ་གནས་ཀྱི་བྱེ་བྲག་དང་དྭངས་མའི་སྐྱོན་སེལ་བ་བསྟན། དངས་མ་ཞེས་པས་འོད་གསལ་དུ་སྐྱེ་བ་བསྟན། འདི་དོན་ཞེས་པས་གུས་པས་མཉན་པར་གདམས་པ་བསྟན། མཆོག་ཅེས་པས་འདི་མ་ཡིན་པས་སྤངས་པ་ལ་རིམ་པ་འདི་ལྡན་པར་བསྟན། སྣོད་བཅུད་ཅེས་པས་དཀྱིལ་འཁོར་གཅིག་ལ་དཀྱིལ་འཁོར་ཐམས་ཅད་བསྡུས་པར་བསྟན། རྡོ་རྗེ་ཞེས་པས་ཤེས་རབ་ཀྱི་ལམ་ཐམས་ཅད་གཅིག་ཡིན་པར་བསྟན། རིམ་པ་ཞེས་པས་ཚོགས་ལམ་བསྟན། འཇིག་རྟེན་ཞེས་པས་མཐོང་ལམ་བསྟན། དྭངས་མ་ཞེས་སྒོམ་ལམ་བསྟན། རབ་བཀྲམ་ཞེས་པས་མཐར་ཕྱིན་པའི་ལམ་བསྟན། འཁོར་ལོ་ཞེས་པ་རྐང་པ་གཉིས་ཀྱིས་གཞུང་གི་དགེ་བ་བསྔོ་བ་བསྟན་ཏོ། །ཡིད་བཞིན་ནོར་བུའི་གཞུང་ཆུང་གི་རྣམ་བཤད་རྫོགས་སོ།། །།།།ཨི
Notes
Other Information
Information about Unicode Tibetan and the digitization of this text |
---|
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion. |