Tibetan:སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀུན་འདུས་ཀྱི་བླ་མ་མཆོད་པའི་ཆོ་ག་བྱིན་རླབས་ ་ ་ ་: Difference between revisions

From gDams Ngag mDzod
Jump to navigation Jump to search
m (Text replacement - "==Notes== <references/> </onlyinclude>" to "</onlyinclude> ==Notes== <references/>")
m (Text replacement - "</onlyinclude> ==Notes== <references/>" to "|<ref>=[ref]|</ref>=[/ref]}}| ]]</onlyinclude> ==Notes== <references/>")
Line 113: Line 113:
<div class="folio"><span class="shoglhe">༥༥</span>མ་ལུས་ཡོངས་རྫོགས་མཚོ་ལ་ནོར་བུ་བཞིན། །འཇམ་མགོན་བླ་མ་ཉི་ཟླ་ཟུང་གཅིག་གི །ཐུགས་བསྐྱེད་སྨོན་ལམ་བརྩོན་པའི་སྟོབས་ཀྱིས་བཟུང༌། །སྒྲུབ་བརྒྱུད་བརྒྱད་འདུས་བླ་མ་མཆོད་པ་ཡི། །ཆོ་ག་འཇམ་མགོན་བློ་གྲོས་མཐའ་ཡས་གསུང༌། །དེ་ལ་མཛད་པོ་ཞལ་སྐོང་ཆོས་ཀྱི་རྗེ། །མཁན་ཆེན་བཀྲ་ཤིས་འོད་ཟེར་ཞབས་ཀྱིས་གནང༌། །འདི་ཉིད་ཉམས་སུ་ལེན་པའི་སྐལ་བཟང་ལ། །ཁྱེར་བདེའི་བཙས་སུ་གདམས་མཛོད་ནས་བཀོལ་ཏེ། །མཁན་ཟུར་རྡོར་སློབ་བསླབ་པ་གསུམ་གྱི་བདག །ཆོས་དབྱིངས་བཀྲ་ཤིས་མཆོག་གིས་སྤར་དུ་བསྒྲུབས། །དེ་ལས་རབ་ཐོབ་རྣམ་དཀར་རླབས་པོ་ཆས། །མཁའ་ཁྱབ་མ་རྣམས་ངེས་གསང་སྙིང་པོའི་སྒོར། །ཞུགས་ཏེ་ས་ལམ་ཡོན་ཏན་མྱུར་དུ་རྫོགས། །ཚེ་འདིར་རྡོ་རྗེ་འཆང་ལ་ཉིད་གྱུར་ཅིག །ཅེས་པའི་སྤར་བྱང་སྨོན་ཚིག་འདིའང་སྒྲུབ་བརྒྱུད་བརྒྱད་ཀྱི་རིང་ལུགས་ལ་མཆོག་ཏུ་གུས་པའི་བྱ་བྲལ་བ་ཀརྨ་བཀྲ་ཤིས་ཆོས་འཕེལ་གྱིས་བརྗོད་པ་སུ་ཤྲེ་ཡོབྷ་ཝ་ཏུ། སརྦ་དཱ་མངྒ་ལཾ།</div>
<div class="folio"><span class="shoglhe">༥༥</span>མ་ལུས་ཡོངས་རྫོགས་མཚོ་ལ་ནོར་བུ་བཞིན། །འཇམ་མགོན་བླ་མ་ཉི་ཟླ་ཟུང་གཅིག་གི །ཐུགས་བསྐྱེད་སྨོན་ལམ་བརྩོན་པའི་སྟོབས་ཀྱིས་བཟུང༌། །སྒྲུབ་བརྒྱུད་བརྒྱད་འདུས་བླ་མ་མཆོད་པ་ཡི། །ཆོ་ག་འཇམ་མགོན་བློ་གྲོས་མཐའ་ཡས་གསུང༌། །དེ་ལ་མཛད་པོ་ཞལ་སྐོང་ཆོས་ཀྱི་རྗེ། །མཁན་ཆེན་བཀྲ་ཤིས་འོད་ཟེར་ཞབས་ཀྱིས་གནང༌། །འདི་ཉིད་ཉམས་སུ་ལེན་པའི་སྐལ་བཟང་ལ། །ཁྱེར་བདེའི་བཙས་སུ་གདམས་མཛོད་ནས་བཀོལ་ཏེ། །མཁན་ཟུར་རྡོར་སློབ་བསླབ་པ་གསུམ་གྱི་བདག །ཆོས་དབྱིངས་བཀྲ་ཤིས་མཆོག་གིས་སྤར་དུ་བསྒྲུབས། །དེ་ལས་རབ་ཐོབ་རྣམ་དཀར་རླབས་པོ་ཆས། །མཁའ་ཁྱབ་མ་རྣམས་ངེས་གསང་སྙིང་པོའི་སྒོར། །ཞུགས་ཏེ་ས་ལམ་ཡོན་ཏན་མྱུར་དུ་རྫོགས། །ཚེ་འདིར་རྡོ་རྗེ་འཆང་ལ་ཉིད་གྱུར་ཅིག །ཅེས་པའི་སྤར་བྱང་སྨོན་ཚིག་འདིའང་སྒྲུབ་བརྒྱུད་བརྒྱད་ཀྱི་རིང་ལུགས་ལ་མཆོག་ཏུ་གུས་པའི་བྱ་བྲལ་བ་ཀརྨ་བཀྲ་ཤིས་ཆོས་འཕེལ་གྱིས་བརྗོད་པ་སུ་ཤྲེ་ཡོབྷ་ཝ་ཏུ། སརྦ་དཱ་མངྒ་ལཾ།</div>


</onlyinclude>
|<ref>=[ref]|</ref>=[/ref]}}| ]]</onlyinclude>
==Notes==
==Notes==
<references/>
<references/>
==Other Information==
==Other Information==
{{Nitartha Thanks}} {{དཔེ་ཆ་}} [[Category: sgrub brgyud shing rta chen po brgyad kun 'dus kyi bla ma mchod pa'i cho ga byin rlabs dngos grub yon tan kun gyi 'byung gnas]]
{{Nitartha Thanks}} {{དཔེ་ཆ་}} [[Category: sgrub brgyud shing rta chen po brgyad kun 'dus kyi bla ma mchod pa'i cho ga byin rlabs dngos grub yon tan kun gyi 'byung gnas]]

Revision as of 14:20, 18 February 2019

Upload a file
DOWNLOAD ABOVE:
Click the picture above to view the original manuscript.
སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀུན་འདུས་ཀྱི་བླ་མ་མཆོད་པའི་ཆོ་ག་བྱིན་རླབས་ ་ ་ ་
sgrub brgyud shing rta chen po brgyad kun 'dus kyi bla ma mchod pa'i cho ga byin rlabs dngos grub yon tan kun gyi 'byung gnas
Damngak Dzö Volume 16 (མ་) / Pages 1-55 / Folios 1a1 to 28a5
First Text in VolumeNext Text

Tibetan Text

༄༅། །སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀུན་འདུས་ཀྱི་བླ་མ་མཆོད་པའི་ཆོ་ག་བྱིན་རླབས་དངོས་གྲུབ་ཡོན་ཏན་ཀུན་གྱི་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །
༄༅༅། །ན་མོ་གུ་རུ་བུདྡྷ་ཡ། ཕྱོགས་བཅུའི་རྒྱལ་བ་རྡུལ་སྙེད་བསྐལ་པ་རུ། །བསྙེན་བཀུར་བགྱིས་པའི་བསོད་ནམས་དི་ཀུན་ཀྱང༌། །གང་གིས་སྤུའི་བུ་གར་ཏིལ་མར་གྱི། །ཐིག་པས་བཀུས་པ་ཤིན་ཏུ་འཕགས་པར་བསྔགས། །ཚེ་གཅིག་སྐུ་གསུམ་གོ་འཕང་ལ་སྦྱོར་བ། །རྩ་བའི་བླ་མ་བརྒྱུད་པར་བཅས་པ་ལ། །སྤྱི་བོར་བཏུད་ནས་དེར་བརྟེན་ཚོགས་གསོག་པའི། །རིམ་པ་གོང་མའི་གསུང་ལ་བརྟེན་ནས་དགོད། །གངས་ཅན་འདིར་ཡོངས་སུ་གྲགས་པའི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བླ་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་མཆོད་ཅིང་གསོལ་གདབ་པའི་ཚུལ་ནི། སྤྱིར་བླ་མཆོད་ལ་མདོ་སྔགས་ལུགས་སྤྱི་འགྲེ་གཉིས། སྔགས་ཀྱི་ཐུན་མོངས་མ་ཡིན་པའི་ཆོ་གའི་རིམ་པ་རྣམས་སུ་
ཡོད་པ་ལས། འདིར་མདོ་སྔགས་ཐུན་མོང་བའི་སྤྱི་འགྲོའི་ཕྱག་བཞེས་ལྟར་བཀོད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་སྦྱོར་བ་ནི། གནས་ཁང་ཡིད་དུ་འོང་བ་གཙང་ཞིང་རྒྱན་གྱི་བཀོད་པ་ཇི་ལྟར་འབྱོར་པས་མཛེས་པར་བརྒྱན་པའི་གུང་དུ་དཀོན་མཆོག་གི་སྐུ་གསུང་ཐུགས་ཀྱི་རྟེན་དང༌། འདིར་སྨོས་པའི་བླ་མ་བརྒྱུད་པ་རྣམས་ཀྱི་སྐུ་བརྙན་བྲིས་འབུར་གང་འབྱོར་ལེགས་པར་བཀྲམ་པའི་སྤྱན་སྔར་སྟེགས་མཐོལ་ཡངས་པ་གོས་བཟང་པོས་གཡོགས་པའི་དབུས་སུ་རིན་པོ་ཆེའི་མཎྜལ་དྲིས་བྱུག་པ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་བྲིས་པ་ལ་འབྲུའི་ཚོམ་བུ་བཀོད་པའམ། རྡུལ་ཚུལ་མ་ལྕོགས་ན་མེ་ཏོག་གི་ཚོམ་བུ་དབུས་སུ་གཅིག མཐའ་
བསྐོར་དུ་བརྒྱད་བཀོད་པ་འཕྲུལ་སྟེགས་ལ་བཞག མཆོད་པ་ནི་བརྒྱ་རྩ་སོགས་འབྱོར་པས་གང་ལྕོགས་ནུས་པ་མ་སྲིང་བ་བཤམ་དགོས་པས། ཆུ་གཉིས་ཉེར་སྤྱོད་རྣམས་མར་ན་ཕྱི་ནང་རིམ་པར་བསྐོར་བཤམ་བྱ། མ་མཐའ་ཡང་ཚར་དགུ་མེད་ཐབས་མེད་པས་ཕྱོགས་མཚམས་བརྒྱད་དུ་ཚར་བརྒྱད། མདུན་དུ་གཅིག་ཕྲེང་ཚར་དུ་བཤམ། འདོད་ཡོན་ལྔ། བཀྲ་ཤིས་རྫས་རྟགས། རིན་ཆེན་བདུན་སོགས་ཀྱང་བྲིས་འབུར་གང་བདེར་བཀོད། མཆོད་པའི་མཎྜལ། འབུལ་གཏོར་ཟླུམ་པོ་ཁ་ཟས་བཟང་དགུ་དང་བཅས་པའང་མདུན་ཏུ་བཀོད། རོལ་མོའི་བྱེ་བྲག །འཐོར་ནས་སོགས་ཚོགས་པར་བྱའོ། །གཉིས་པ་ཆོ་གའི་སྔོན་དུ་འགྲོ་བ་ནི། འཁོར་བ་ལ་སྐྱོ་ཤས་དང་ངེས་པར་འབྱུང་བའི་ཤུགས་ཀྱིས་དྲངས་པའི་བླ་མ་དཀོན་མཆོག་ལ་མོས་གུས་ཀྱི་ཡིད་རྩེ་གཅིག་པ་དང༌། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མ་བྲལ་བས། སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་བསྡུས་པའི་བདག་ཉིད་ཆོས་ཀྱི་ཕུང་པོ་སྟོང་ཕྲག་
བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་དག །དྲིན་ཅན་རྩ་བ་དང་བརྒྱད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གྲངས་གསུམ་མམ་བདུན་ལ་སོགས་པ་བརྗོད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་གྲུབ་པར་ཤོག །ཚད་མེད་བཞི་བསྒོམ། བགེགས་བསལ་བ་ནི། རང་ཉིད་སྐད་ཅིག་གིས་དཔལ་ཧེ་རུ་ཀ་འབར་བ་ཆེན་པོའི་སྐུར་གྱུར། ལྷ་དང་ལྷ་མིན་གསང་བ་པ། །ལུས་སྲུལ་ལ་སོགས་གང་ཅིའང་རུང། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེའི་སྟོབས། །བསྲུང་བའི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་བའི་སྐུ་ཡིས་ནི། །ལུས་སྲུལ་ལས་སྐྱེས་བགས་པར་བྱེད། །གལ་ཏེ་གང་ཞིག་བདག་ལས་འདའ། །རྣམ་པར་བརླག་འགྱུར་
གཉན་དུ་མིན། །ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་དང་རོལ་མོ་ཚམ་རྔམ་བྱ། སྣ་ཚོགས་འོད་ཀྱི་འཕྲོ་འདུ་ལས། །ཕྱོགས་ཀུན་རྡོ་རྗེ་འབར་བའི་གུར། །ཕྱི་རོལ་ཡེ་ཤེས་མེད་དཔུང་འབར། །རབ་བརྟན་བསྲུང་བའི་འཁོར་ལོར་གྱུར། །ཨོཾ་བཛྲ་ཙཀྲ་རཀྵ་བྷྲཱུྃ་ཧཱུྃ་ཅེས་པས་ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྒོམ། གནས་ཡོ་བྱིན་རླབས་ནི། ཨམྲྀ་ཏས་བསང༌། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་བརྩེགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ། འདོད་ཡོན་ལྔ། རྒྱལ་སྲིད་བདུན། བཀྲ་ཤིས་རྫས་རྟགས། མཆོག་གི་མདན་དང་རྡོ་རྗེའི་རིགས་བཅུ་དྲུག་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་སྤྲིན་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་རྣམ་པ་བདེ་སྤྱོད་ཀྱི་མཆོད་རྫས་ཡུལ་ནམ་མཁའི་མཐར་ཁྱབ་ཅིང༌། དུས་འཁོར་བ་ཇི་སྲིད་བར་རྒྱུན་མི་འཆད་པར་འབྱུང་བའི་རང་བཞིན་ཅན་དུ་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་
ཨཱ་པརྟ་ཡ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ནས། ཤབྡའི་བར་དང༌། མཆོད་པའི་སྤྲིན། རོལ་མོ་བྱིན་རླབས་སྔགས་རྣམས་བརྗོད། གཉིས་པ་དངོས་གཞིའི་ཐོག་མར་ཚོགས་རྟེན་གསལ་གདབ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ་྅ཧཾ། གཟུང་འཛིན་སྣང་བ་སྟོང་ཉིད་དབྱིངས་སུ་ཐིམ། །འོད་གསལ་ངང་ལས་ཟུང་འཇུག་རོལ་པའི་རྩལ། །ཕྱི་སྣོད་རྣམ་པར་དག་པ་སངས་རྒྱས་ཞིང༌། །མནན་ན་ནེམ་ལ་བཏེགས་ན་འཕར་བ་ཡི། །གསེར་གྱི་ས་གཞིར་བཻཌཱུའི་རེ་ཁཱ་བྲིས། །རིན་ཆེན་རི་བོ་ནོར་བུའི་བྲག་སྐྱིབས་དང༌། །ཡན་ལག་བརྒྱད་ལྡན་བདུད་རྩིའི་ཆུ་ཀླུང་འབབས། །དཔག་བསམ་ནགས་ཚལ་པདྨ་སྣ་ཚོགས་བཀྲ། །སྤྲུལ་པའི་བྱ་དང་རི་དྭགས་མཛེས་སྡུག་རྒྱུ། །མེ་ཏོག་ཆར་འབེབས་འཇའ་ཟེར་ཐིག་ལིར་ཁྲིགས། །ངོ་མཚར་བཀོད་པ་བསམ་ཡས་འདས་པའི་གཞིར། །ཐར་པ་ཆེན་པོའི་གཞལ་ཡས་མཚན་ཉིད་རྫོགས། །སྲིད་གསུམ་ལས་འདས་བདེ་གཤེགས་བཀོད་པའི་གནས། །བྱང་ཆུབ་རྒྱན་དང་རྣམ་པར་ཐར་པའི་སྒོ། །ཚད་མེད་ནམ་མཁའི་ཁྱོན་དང་མཉམ་པའི་དབུས། །སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་སྟེང༌། །སངས་རྒྱས་ཀུན་འདུས་པདྨ་སམ་
བྷ་བ། །དཀར་དམར་ཞི་འཛུམ་ཆོས་གོས་རྣམ་གསུམ་གསོལ། །དབུ་ལ་སྡེ་སྣོད་གསུམ་མཚོན་པཎ་ཞུས་མཛེས། །ཕྱག་གཡས་རྡོ་རྗེ་གཡོན་པ་ཐོད་ཞལ་བསྣམས། །ཞབས་གཉིས་སྐྱིལ་ཀྲུང་འཇའ་ཟེར་ཀློང་དུ་བཞུགས། །དབུས་གཙུག་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང༌། །རིགས་ཀུན་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང༌། །ཐོག་མའི་མགོན་པོ་འོད་མི་འགྱུར་བ་རྣམས། །རིམ་བརྩེགས་ཚུལ་དུ་བཞུགས་པའི་མཐའ་བསྐོར་དུ། །རྒྱལ་བ་དགོངས་དགོངས་བརྒྱུད་རིག་འཛིན་བརྡའ་ཡི་བརྒྱུད། །གང་ཟག་སྙན་བརྒྱུད་ལས་འཕྲོ་གཏེར་བརྒྱུད་སོགས། །ཡོ་ག་རྣམ་གསུམ་སྒྲུབ་སྡེ་བརྒྱད་རྣམས་ཀྱི། །རིག་འཛིན་རྩལ་འཆང་ཚོམ་བུ་དུ་མས་བསྐོར། །དེ་མདུན་གཡས་ཟུར་པད་ཟླའི་དཀྱིལ་འཁོར་སྟེང༌། །བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང༌། །དཀར་སྨུག་ཁྲོ་འཛུམ་ལྷུན་ཆགས་བརྗིད་པའི་ཚུལ། །མཆོག་སྦྱིན་མཉམ་བཞག་རྡོ་རྗེ་དྲིལ་བུ་དང༌། །ཨུཏྤལ་རལ་པོད་སྤྲས་པའི་སྡོང་བུ་བསྣམས། །པཎ་ཞུ་རྣ་རིང་ཆོས་གོས་རྣམ་གསུམ་གསོལ། །ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་ཞུགས། །དེ་ཡི་གཡོན་ཟུར་པད་
དཀར་ཟླ་གདན་དབུས། །བཀའ་གཏེར་མཛོད་ལྔའི་ཤིང་རྟ་འཇམ་པའི་དབྱངས། །ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོའི་གཏེར། །དཀར་གསལ་བསྒྲེས་ཉམས་དྲང་པོའི་བཞུགས་སྟངས་ཅན། །ཕྱག་གཉིས་ཐུགས་ཀར་རྡོར་དྲིལ་བསྣོལ་ཐབས་འཛིན། །པཎ་ཞུ་ཆོས་གོས་སྐུ་ལ་མཛེས་པར་བཀླུབས། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གཡོ་མེད་བཞུགས། །དེ་རྒྱབ་ཕྱོགས་མཚམས་པདྨ་ཟླ་གདན་ལ། །ཤར་དུ་དཔལ་ལྡན་ཇོ་བོ་ཨ་ཏི་ཤ། །དཀར་གསལ་པཎ་ཞུ་ཆོས་གོས་རྣམ་གསུམ་གསོལ། །ཆོས་འཆད་ཕྱག་རྒྱ་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །དབུ་གཙུག་ཟབ་མོ་ལྟ་དང་རྒྱ་ཆེན་སྤྱོད། །ཉམས་ལེན་བྱིན་རླབས་བརྒྱུད་པའི་ཚོགས་རྣམས་དང༌། །འཁོར་དུ་ཁུ་རྔོག་འབྲོམ་དང་སྐུ་མཆེད་གསུམ། །བཀའ་གདམས་དགེ་བཤེས་གསར་རྙིང་ཚོགས་ཀྱིས་བསྐོར། །ཤར་ལྷོར་བརྩེ་བ་ཆེན་པོ་ས་སྐྱ་པ། །སྤྱི་ཐེར་བགྲེས་ཚུལ་ཚངས་སྤྱོད་དགེ་བསྙེན་ཆས། །ཕྱག་གཉིས་མཆོག་སྦྱིན་ཆོས་འཆད་པད་དཀར་བསྣམས། །རོལ་པའི་སྟབས་ཀྱིས་བཞུགས་
༡༠པའི་དབུ་གཙུག་ཏུ། །བིརྦ་པ་དང་ལོ་ཙཱ་རྣམ་པ་བཞི། །ལམ་འབྲས་གྲུབ་ཐོབ་བརྒྱུད་པའི་ཚོགས་རྣམས་བཞུགས། །འཁོར་དུ་འཇམ་དབྱངས་བདུན་བརྒྱུད་རིམ་བྱོན་དང༌། །ངོར་རྫོང་ཚར་པའི་བསྟན་འཛིན་རྣམས་ཀྱིས་བསྐོར། །ལྷོ་རུ་མངའ་བདག་མར་པ་ལོ་ཙཱ་བ། །དམར་སྣུམ་ཧུར་ཆགས་སྔགས་པ་དཀར་པོའི་ཆས། །ས་གནོན་མཉམ་བཞག་ཐོད་ཞལ་བདུད་རྩི་བསྣམས། །རོལ་སྟབས་བཞུགས་པའི་དབུ་གཙུག་ཏཻ་ལོ་པ། །ནཱ་རོ་མཻ་ཏྲི་བཀའ་བཞི་བརྒྱུད་པའི་ཚོགས། །འཁོར་དུ་བཀའ་ཆེན་བཞི་དང་སྒམ་པོ་པ། །ཆེ་བཞི་ཆུང་བརྒྱད་གྲུབ་ཐོབ་བགྲངས་འདས་བསྐོར། །ལྷོ་ནུབ་མཐར་ཐུག་ལྔ་ལྡན་ཁྱུང་པོ་རྗེ། །པཎ་ཞུ་གསོལ་ཞིང་ཆོས་གོས་རྣམ་གསུམ་ཀླུབས། །ས་གནོན་ངལ་གསོའི་ཕྱག་རྒྱས་རོལ་སྟབས་བཞུགས། །དབུ་གཙུག་ཡེ་ཤེས་ཌཱ་ཀི་རྣམ་པ་གཉིས། །ཁྱད་འཕགས་རྣམ་བཞི་མཁས་གྲུབ་བརྒྱ་ལྔ་བཅུ། །འཁོར་དུ་རིན་ཆེན་ཕྲེང་བ་སྔ་ཕྱི་དང༌། །རིང་བརྒྱུད་ཉེ་བརྒྱུད་གྲུབ་ཐོབ་ཚོགས་ཀྱིས་བསྐོར། །ནུབ་ཏུ་རྗེ་བཙུན་དམ་པ་རྒྱ་གར་བ། །ཆར་སྤྲིན་མདོག་ལྡན་བལ་གྱི་
༡༡ཐུལ་བ་མནབ། །ས་གནོན་རྟེན་འབྲེལ་བར་བུ་ཐུགས་ཀར་བསྣམས། །དེ་གཡོན་ལབ་སྒྲོན་དཀར་དམར་མཁའ་འགྲོའི་ཆས། །ཕྱག་གཉིས་ཌཱ་དྲིལ་ཞབས་གཉིས་གར་སྟབས་བསྒྱུར། །དབུ་གཙུག་ཐུགས་དམ་བདེ་གཤེགས་བཅུ་གཉིས་དང༌། །མཁའ་སྤྱོད་སོ་དྲུག་གྲུབ་ཐོབ་ལྔ་བཅུ་སོགས། །འཁོར་དུ་བཀའ་བབས་སྔ་ཕྱི་བར་གསུམ་དང༌། །གཅོད་ཡུལ་བུ་ཆེན་བཅུ་དྲུག་སོགས་ཀྱིས་བསྐོར། །ནུབ་བྱང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་པ། །རབ་བྱུང་ཆས་ལྡན་ལུས་གནད་ཕྱེད་བཅིང་ཚུལ། །ལྟ་སྟངས་རྡོ་རྗེའི་སྐྱིལ་ཀྲུང་སངས་ཀྱི་བཞུགས། །དབུ་གཙུག་ཆོས་རྒྱལ་རིགས་ལྡན་སུམ་ཅུ་གཉིས། །དུས་ཞབས་ཆེ་ཆུང་གྲུབ་པའི་སློབ་དཔོན་ཚོགས། །འཁོར་དུ་རྭ་འབྲོ་ཙ་མི་གཙོར་གྱུར་པའི། །བརྒྱུད་སྲོལ་བཅུ་བདུན་བླ་མ་རྣམས་ཀྱིས་བསྐོར། །བྱང་དུ་མཁས་གྲུབ་ཨོ་རྒྱན་རིན་ཆེན་དཔལ། །སྐུ་ཤ་རྒྱས་ཤིང་སྐུ་ཟིལ་ཤིན་ཏུ་བརྗིད། །རབ་བྱུང་ཆས་ལྡན་ས་གནོན་སྐྱིལ་ཀྲུང་བཞུགས། །དབུ་གཙུག་ཡེ་ཤེས་མཁའ་འགྲོ་སྡེ་ལྔ་དང༌། །མཁས་གྲུབ་བླ་མ་རྣམ་པ་
༡༢བཞི་ལ་སོགས། །འཁོར་དུ་ཟླ་བྲལ་སྲས་མཆོག་རྣམ་བཞི་གཙོས། །བརྒྱུད་འཛིན་སྐྱེས་ཆེན་རིམ་བྱོན་ཚོགས་ཀྱི་བསྐོར། །བྱང་ཤར་གྲུབ་ཆེན་མི་ཏྲ་ཛོ་གིའི་ཞབས། །རྣལ་འབྱོར་ཆས་ལྡན་མདུན་དུ་ཤིང་སྟན་བཙུགས། །ཕྱག་གཉིས་ཅང་ཏེའུ་བདུད་རྩིའི་ཐོད་ཞལ་བསྣམས། །དབུ་གཙུག་འཕགས་པ་འཇིག་རྟེན་དབང་ཕྱུག་དང༌། །རལ་པ་གཅིག་མ་རྣལ་འབྱོར་གྲུབ་པའི་ཚོགས། །འཁོར་དུ་ཤ་རི་པུ་ཏྲ་ཁྲོ་ལོ་སོགས། །རྒྱ་བོད་མཁས་དང་གྲུབ་པའི་ཚོགས་ཀྱིས་བསྐོར། །དེ་རྒྱབ་རྒྱན་དྲུག་ཆེ་བཞི་རྨད་བྱུང་གཉིས། །སྒོ་དྲུག་གྲུབ་ཆེན་བརྒྱད་ཅུ་རྩ་གཉིས་སོགས། །འཕགས་པའི་ཡུལ་དང་བོད་ཀྱི་མཁས་གྲུབ་ཚོགས། །གཡས་ཕྱོགས་དུས་གསུམ་སངས་རྒྱས་ཡི་དམ་ལྷ། །གཡོན་ཕྱོགས་དགེ་འདུན་དཔའ་བོ་རྣལ་འབྱོར་མ། །རྒྱབ་ཏུ་ལུང་རྟོགས་དམ་ཆོས་གླེགས་བམ་ཚུལ། །མདུན་དུ་ཆོས་སྐྱོང་དམ་ཅན་རྒྱ་མཚོར་བཅས། །བྱིན་རླབས་ཐུགས་རྗེའི་གཟི་བྱིན་རབ་འབར་བའི། །འཇའ་ཟེར་ཐིག་ལེ་འོད་ཕུང་འཁྲིགས་པ་ཀློང༌། །དད་ལྡན་བུ་ལ་བརྩེ་བས་དགོངས་ཏེ་བཞུགས། །གདོད་ནས་རྡོ་རྗེའི་སྐུ་གསུང་ཐུགས་སུ་
༡༣གྲུབ། །དེ་ལས་འཕྲོས་པའི་འོད་ཀྱི་སྣང་བ་དང༌། །དད་མོས་གདུང་བས་བླ་མའི་དཀྱིལ་འཁོར་རྣམས། །མདུན་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿ ཚོགས་རྟེན་གསལ་གདབ་པ་ཙམ་གྱི་ཀྱང་ལས་དང་པོ་པའི་བློ་ངོར་འཆར་བདེ་བ་ལྟར་ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཕྱོགས་དུས་ཀུན་ཁྱབ་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །སྐྱེ་མཆོག་གཉིས་མེད་ཡེ་ཤེས་སྤྱན་ཅན་རྣམས། །ཆོས་ཀྱི་སྐུ་ལ་གཤེགས་འབྱོན་མི་མངའ་ཡང༌། །གཟུགས་སྐུ་བརྩེ་བ་ཆེན་པོའི་རྣམ་འཕྲུལ་གྱིས། །དད་ལྡན་མཆོད་པའི་ཞིང་དུ་གཤེགས་སུ་གསོལ། །རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ མཆོད་ཡོན་སྦྲེང་ལ། མགོན་པོ་འགྲོ་བའི་དོན་ལ་བྱོན་པ་ལེགས། །བདག་གི་མཆོད་ཡོན་འདི་ཉིད་བཞེས་ནས་ཀྱང༌། །ཇི་སྲིད་མཆོད་པའི་བྱ་བ་མ་རྫོགས་པར། །ཡིད་འོང་གདན་ལ་བདེ་བར་བཞུགས་སུ་གསོལ། །ཨོཾ་པྲ་ཝ་ར་སཏྐ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། བཞུགས་སུ་གསོལ་བ་ནི། སྟོང་གསུམ་ཀུན་དང་མཉམ་
༡༤པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པ་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ཨོཾ་པདྨ་ཨཱ་ས་ན་སྟྭཾ། འདིར་ཁྲུས་གསོལ་འདོད་ན་ཁྲུས་ཆས་རྣམས་ཚོགས་པར་བྱས་ལ། ཁྲུས་གསོལ་སྐུ་ཕྱི་ན་བཟའ་འབུལ་བ་རྣམས་སྤྱི་ལྟར་བྱས་ཀྱང་རུང༌། ཕྱག་ལེན་ཕལ་ཆེར་ལ་མི་འབྱུང་ངོ༌། །དེ་ནས་བསགས་སྦྱོང་རྣམས་ཀྱི་ཐོག་མར་ཕྱག་འཚལ་བ་ནི། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་རླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཡོན་ཏན་ཀུན་གྱི་གཏེར་གྱུར་པས། །གང་གི་མཚན་ཙམ་དྲན་པས་ཀྱང༌། །བདག་བློའི་རྒུད་པ་ཞི་མཛད་པ། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །དྲི་མེད་ཡོན་ཏན་རབ་རྒྱས་པས། །འགྲོ་ཀུན་གཙུག་གི་རྒྱན་གྱུར་པའི། །དགོས་འདོད་འབྱུང་བའི་རིན་པོ་ཆེ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བླང་དོར་རྟོགས་པའི་སྣང་བ་ཡིས། །འགྲོ་ཀུན་མི་ཤེས་མུན་སེལ་
༡༥བ། །དྲི་མེད་ཉི་མའི་དཀྱིལ་འཁོར་མཆོག །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་བསིལ་ཟེར་གྱིས། །ཕན་བདེའི་ཚར་རབ་རྒྱས་མཛད་པ། །རྣམ་དག་ཟླ་བའི་དཀྱིལ་འཁོར་མཆོག །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དམ་ཆོས་བདུད་རྩིའི་སྨན་མཆོག་གིས། །ཉོན་མོངས་སྡུག་བསྔལ་ནད་སེལ་བ། །ཐབས་མཁས་འགྲོ་བའི་སྨན་པ་མཆོག །བླ་མའི་ཞབས་ལ་༴ ཐབས་དང་ཤེས་རབ་གྲུ་ཆེན་གྱིས། །སྲིད་ཞིའི་རྒྱ་མཚོའི་མཐར་སྒྲོལ་བ། །སྟོབས་ལྡན་འགྲོ་བའི་དེད་དཔོན་མཆོག །བླ་མའི་ཞབས་ལ་༴ གནོད་པ་ཀུན་ལས་སྐྱོབ་བྱེད་ཅིང༌། །ཕན་པ་དཔག་མེད་སྒྲུབ་མཛད་པའི། །བྱམས་མགོན་འགྲོ་བའི་གཉེན་གཅིག་པོ། །བླ་མའི་ཞབས་ལ་༴ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་༴ རང་བཞིན་ལྷུན་གྲུབ་འོད་གསལ་འདུས་མ་བྱས། །མ་བཅོས་ཀ་དག་ཟུང་འཇུག་རོལ་པའི་ངང༌། །དགོངས་པ་བརྡ་དང་སྙན་ཁུངས་གཏེར་ལ་སོགས། །
༡༦དགུ་ལྡན་བརྒྱུད་པ་རྣམས་ལ་༴ སྐྱེས་བུ་གསུམ་གྱི་ལམ་གྱིས་རྒྱུད་སྦྱངས་ནས། །མཐའ་ཡས་སེམས་ཅན་བདེ་ལ་འགོད་མཛད་པའི། །དཔལ་ལྡན་ཇོ་བོ་རྗེ་ལ་སོགས་པ་ཡི། །བཀའ་གདམས་བརྒྱུད་པ་རྣམས་ལ་༴ སྣང་གསུམ་རྒྱུད་གསུམ་སྙན་བརྒྱུད་མན་ངག་གིས། །དབུ་མར་འགྲོས་བཞི་ཐིམ་ནས་མཆོག་བརྙེས་པ། །དབང་ཕྱུག་བིརྦ་པ་ལ་སོགས་པ་ཡི། །ལམ་འབྲས་བརྒྱུད་པ་རྣམས་ལ་༴ །རྡོ་རྗེ་ལུས་ལ་རླུང་སེམས་རྟེན་འབྲེལ་འགྲིགས། །དགའ་བཞིའི་ཡེ་ཤེས་བདེ་སྟོང་གར་གྱིས་རོལ། །ཟུང་འཇུག་འོད་གསལ་འགྲོ་འོང་མེད་པར་རྟོགས། །མར་པ་བཀའ་བརྒྱུད་རྣམས་ལ་༴ སྒྱུ་ལུས་རྨི་ལམ་ཟབ་མོས་རྒྱུད་སྦྱངས་ནས། །ཟུང་འཇུག་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་སོགས་པ། །ཤངས་པ་བཀའ་བརྒྱུད་རྣམས་ལ་༴ ཐབས་ཤེས་རྟེན་འབྲེལ་ལམ་གྱིས་རྒྱུད་སྦྱངས་ནས། །ཕྱི་ནང་འགལ་རྐྱེན་ཆོས་སྐུ་ཆེན་པོར་རྟོགས། །རྗེ་བཙུན་དམ་པ་རྒྱ་གར་ལ་སོགས་པ། །ཞི་བྱེད་བརྒྱུད་པ་རྣམས་ལ་༴ སྦྱང་བྱ་མེད་པའི་དོན་ལ་རྒྱུད་སྦྱངས་ནས། །རོ་སྙོམས་སྤྱོད་པས་གང་བྱུང་ཐད་ཀར་
༡༧གཅོད། །མ་གཅིག་ལབ་ཀྱི་སྒྲོན་མ་ལ་སོགས་པའི། །གཅོད་ཡུལ་བརྒྱུད་པ་རྣམས་ལ། །མི་གཡོ་གསུམ་ལྡན་རྡོ་རྗེའི་རྣལ་འབྱོར་གྱིས། །རླུང་སེམས་དག་པའི་རྟགས་བཅུ་མངོན་དུ་གྱུར། །དྷཱུ་ཏིའི་ལམ་སྦྱངས་འོད་གསལ་ངང་ལ་བཞུགས། །སྦྱོར་དྲུག་བརྒྱུད་པ་རྣམས་ལ་༴ སྐུ་ཡི་རྡོ་རྗེའི་གནད་ཀྱིས་རྒྱུད་སྦྱངས་ནས། །གསུང་གི་རྡོ་རྗེས་རླུང་སེམས་དབུ་མར་ཞུགས། །ཐུགས་ཀྱི་རྡོ་རྗེས་ཡེ་ཤེས་སྐུ་བསྒྲུབས་པ། །བསྙེན་སྒྲུབ་བརྒྱུད་པ་རྣམས་ལ། །བཅིང་གྲོལ་མེད་པའི་དོན་ལ་རྒྱུད་སྦྱངས་ནས། །འོད་གསལ་གཉུག་མ་འགྲོ་འོང་མེད་པར་རྟོགས། །རྗེ་བཙུན་མི་ཏྲ་པ་ལ་སོགས་པ་ཡི། །ངལ་གསོའི་བརྒྱུད་པ་རྣམས་༴ སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱིན་རླབས་དང༌། །གདམས་ངག་ཚིག་དོན་ཀུན་འཛིན་ཡོངས་རྫོགས་ཀྱི། །བསྟན་པ་རིན་ཆེན་སླར་ཡང་གསལ་མཛད་པ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར༴ བཀའ་གཏེར་རིས་མེད་གདམས་ཟབ་ནོར་བུའི་གཏེར། །འཆད་བརྩོམ་བཀའ་བབས་ཡོངས་རྫོགས་བསྟན་པ་སྤེལ། །མཛོད་ལྔའི་ཤིང་རྟ་ཀུན་མཁྱེན་ཆོས་
༡༨ཀྱི་རྗེ། །ངག་དབང་ཡོན་ཏན་རྒྱ་མཚོར༴ རིགས་ཀུན་ཁྱབ་བདག་དང་པོའི་སངས་རྒྱས་ཀྱི། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན། །གང་འདུལ་མོས་ངོར་སྒྱུ་འཕྲུལ་དྲྭ་བའི་ཚུལ། །རྩ་བརྒྱུད་བླ་མ་རྣམས་ལ༴ སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱ་སྤྱོད་རྣལ་འབྱོར་བསྐྱེད་རྫོགས་རྫོགས་པ་ཆེའི། །རྒྱུད་སྡེ་དྲུག་ལས་ལེགས་པར་གསུངས་པ་ཡི། །དངོས་གྲུབ་ཆར་འབེབས་ཞི་དང་ཁྲོ་བོའི་ཚུལ། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་རང་བཞིན་གནས་མཆོག་དམ་པ་ནས། །མངོན་ཤེས་རྫུ་འཕྲུལ་མངའ་བའི་ཐུགས་རྗེ་ཡིས། །སྒྲུབ་པ་པོ་ལ་མ་ཡེངས་བུ་བཞིན་སྐྱོང༌། །གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །གང་གི་འཕྲུལ་དང་མངོན་པར་མཁྱེན་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །
༡༩གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པ། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང༌། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ལ་ཕྱག་༴ ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བྷནྡྷ་ནཾ་ཀ་རོ་མི། ཞེས་པ་རྣམས་ཀྱིས་ཕྱག་བྱ། དེ་ནས་མཆོད་བསྟོད་འབུལ་བ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞི་ལས། དང་པོ་ཕྱི་དངོས་འབྱོར་གྱི་མཆོད་པ་ནི། མདོག་བཟང་དབྱིབས་ལེགས་ཚིམ་པའི་དྲི་བསུང་ཅན། །མནྡ་ར་དང་ཨུཏྤལ་ཀུ་མུད་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མེ་ཏོག་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། རྒྱུ་བཟང་མནམ་ན་ཞིམ་པའི་དྲི་ངད་ཅན། །ཨ་ཀ་རུ་དང་ཙནྡན་སྦྲུལ་སྙིང་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་བདུག་སྤོས་ཀུན། །སྐྱབས་མཆོག༴ བཛྲ་དྷཱུ་པེ༴ མུན་སེལ་དངོས་ཀུན་གསལ་
༢༠བའི་གཟི་བརྗིད་ཅན། །སྒྲོན་མེ་ཉི་ཟླ་ལུས་ཀྱི་འོད་ལ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་སྣང་གསལ་ཀུན། །སྐྱབས་མཆོག་༴ བཛྲ་ཨཱ་ལོ་ཀེ༴ དྲི་ཞིམ་ཐུགས་ན་བདེ་བའི་རིག་མཆོག་ཀུན། །ག་བུར་གླ་རྩི་མནོམ་པའི་དྲི་ལ་སོགས། །དངོས་འབྱོར་ཡིད་ཀྱི་སྤྲུལ་པའི་དྲི་མཆོག་ཀུན། །སྐྱབས་མཆོག་༴ བཛྲ་གནྡྷེ༴ མདོག་བཟང་མྱ་ངན་བདེ་བའི་རོ་བཅུད་ཅན། །འབྲས་ཅན་ཀ་ར་རྒྱ་གཏར་ཁུ་བ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་ཞལ་ཟས་ཀུན། །སྐྱབས་མཆོག་༴ བཛྲ་ནཻ་ཝི་ཏྱ༴ དོན་ཟབ་ཐོས་ན་སྙན་པའི་སྒྲ་དབྱངས་ཅན། །རྔ་ཆེན་དུང་དང་ཕེག་རྡོབ་རྒྱུད་མངས་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་སིལ་སྙན་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཤབྡས་མཆོད་ལ། ཉེས་པའི་སྐྱོན་ཀུན་རབ་སྤངས་ཤིང༌། །ལེགས་པའི་ཡོན་ཏན་ཀུན་ལྡན་པས། །ཕན་བདེ་དཔལ་འབྱོར་ཀུན་འབྱུང་བའི། །དཔལ་ལྡན་བླ་མ་ཁྱེད་ལ་བསྟོད། །གདུལ་བྱ་སྨིན་ཅིང་གྲོལ་བའི་ཕྱིར། །དུས་གསུམ་སངས་རྒྱས་ཐམས་ཅད་ཉིད། །འདྲེན་པའི་ཚུལ་ཅན་
༢༡རྣམ་འཕྲུལ་པའི། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །ཁྱེད་སྐུ་ཤ་དང་རུས་བྲལ་ཡང༌། །ཡེ་ཤེས་གཟུགས་སུ་སྣང་བའི་སྐུ། །དད་པའི་མིག་ཅན་མཆོག་གྱུར་པ། །སྐུ་ཡི་དབང་ཕྱུག་ཁྱེད་ལ་འདུད། །བརྗོད་འདོད་རྩོལ་བ་མི་མངའ་ཡང༌། །ཡན་ལག་དྲུག་ཅུའི་གསུང་དབྱངས་ཀྱིས། །ཟབ་ཅིང་རྒྱ་ཆེའི་དོན་སྟོན་པ། །གསུང་གི་དབང་ཕྱུག་ཁྱེད་ལ་འདུད། །ཤེས་དང་ཤེས་བྱའི་སྤྲོས་བྲལ་ཡང༌། །ཤེས་བྱའི་དཀྱིལ་འཁོར་གསལ་བའི་ཐུགས། །སྙིང་རྗེའི་གཟུངས་སྤོབས་དུ་མའི་གཏེར། །ཐུགས་ཀྱི་དབང་ཕྱུག་དེ་ལ་འདུད། །ཡོན་ཏན་ཆ་ཙམ་འགྲོ་ཀུན་གྱིས། །བསྐལ་པར་བརྗོད་ཀྱང་མི་ཟད་པའི། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས། །ཡོན་ཏན་དབང་ཕྱུག་ཁྱེད་ལ་འདུད། །མཐོང་ཐོས་དྲན་པས་དོན་ལྡན་ན། །བསྟེན་ན་འགྲོ་བ་ཅི་སྨོས་པ། །ལྷུན་གྲུབ་རྒྱུན་ཆད་མི་མངའ་བའི། །ཕྲིན་ལས་དབང་ཕྱུག་ཁྱེད་ལ་འདུད། །ཅེས་པས་བསྟོད། བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་ནི། དཔལ་འབྱོར་ཕུན་ཚོགས་དག་པའི་ཞིང་ཁམས་ན། །འཁོར་ཚོགས་ཡོན་ཏན་ཕྲིན་ལས་
༢༢དཔག་མེད་ཅན། །སངས་རྒྱས་བྱང་སེམས་དུ་མར་རབ་གང་བའི། །ཕུན་ཚོགས་ཞིང་ཁམས་ཀུན་གྱིས་བླ་མ་མཆོད། །རབ་ཡངས་འབྱུང་བཞིའི་དཀྱིལ་འཁོར་བརྟན་པ་ལ། །བཀོད་ལེགས་རི་གླིང་ཁོར་ཡུག་རྒྱ་མཚོས་སྤྲས། །བརྟན་གཡོའི་དཔལ་གྱིས་ཕྱུར་བུར་གཏམས་པ་ཡི། །ཕུན་ཚོགས་འཇིག་རྟེན་ཁམས་ཀྱིས་བླ་མ་མཆོད། ཉི་ཟླ་རྒྱུ་སྐར་རྒྱས་པ་དྭངས་པའི་མཁའ། །ན་བུན་འཇའ་ཚོན་སྤྲིན་གྱིས་མཛེས་གྱུར་ཅིང༌། །ནོར་བུའི་མདོངས་འཕྲོག་ཀུན་གྱིས་གོ་འབྱེད་པའི། །ཕུན་ཚོགས་ནམ་མཁའི་ཁམས་ཀྱིས་བླ་མ་མཆོད། །དགོས་རྒུ་འབྱུང་བའི་རིན་ཆེན་རི་བོ་དང༌། །རྩི་སྨན་རྒྱས་པའི་ནགས་རི་གངས་རི་སོགས། །དབྱིབས་ལེགས་ལྷུན་སྟུག་སྐྱེ་བོའི་རྟེན་གྱུར་པ། །ཕུན་ཚོགས་རི་བོ་ཀུན་གྱིས༴ དྲི་མེད་རྦ་རླབས་གཡོ་བའི་ཆུ་ཀླུང་དང༌། །ཡན་ལག་བརྒྱད་ཀྱིས་གང་བའི་མཚོ་རྫིང་སོགས། །ཡིད་འོང་རྙོག་པ་མེད་པའི་གདུང་སེལ་བ། །ཕུན་ཚོགས་ཆུ་བོ་ཀུན་གྱིས༴ གཡའ་མེད་མཚོ་སྨད་ནགས་ཚལ་ཐང་དང་ལྗོང༌། །ར་བ་འོབས་བཅས་ཕོ་བྲང་ཡུལ་འཁོར་སོགས། །བདེ་ཞིང་ཉམས་དགའི་
༢༣དཔལ་འབྱོར་གྱིས་གང་བའི། །ཕུན་ཚོགས་བསྟི་གནས་ཀུན་གྱིས༴ མུ་ཏིག་མན་ཤེལ་དུང་དང་གསེར་དངུལ་སོགས། །འདོད་དགུ་འབྱུང་བའི་རིན་ཆེན་ཇི་སྙེད་དང༌། །གུར་གུམ་གི་ཧཾ་ཙནྡན་དཀར་དམར་སོགས། །ནུས་ལྡན་ནད་སེལ་སྨན་མཆོག་ཀུན་གྱིས་མཆོད། །གཞན་ཡང་རོ་བཅུད་ལྡན་པ་འཚོ་བའི་རྐྱེན། །འབྲུ་བཅུད་རྩི་ཐོག་ལོ་ཏོག་ལ་སོགས་པ། །མདོར་ན་སྣོད་ཀྱི་དཔལ་འབྱོར་མཆོད་འོས་ཀུན། །བློ་ཡིས་བླངས་ནས་མཉམ་མེད་བླ་མ་མཆོད། །ཁམས་གསུམ་དབང་ཕྱུག་ཚངས་པ་བརྒྱ་བྱིན་དང༌། །མི་དབང་འཁོར་ལོས་བསྒྱུར་རྒྱལ་ཀླུ་དབང་སོགས། །བཙུན་མོ་སྲས་སོགས་མངའ་ཐང་རབ་རྒྱས་ཤིང༌། །ཡིད་འོང་སྐྱེ་དགུའི་དབང་པོ་ཀུན་གྱིས་མཆོད། །རིགས་བཟང་འབྱོར་ལྡན་བློན་པོ་ཁྱིམ་བདག་དང༌། །ཡིད་འོང་གླུ་ལེན་ཁྱེའུ་བུ་མོ་སོགས། །གཟུགས་བཟང་སྙན་ངག་ཡིད་གཞུང་གོས་རྒྱན་ཅན། །ཡིད་འོང་སྐྱེ་བོ་ཀུན་གྱིས་བླ་མ་མཆོད། །རི་ངོས་འགྱིང་པའི་དུང་སེང་ཁྱུ་མཆོག་དང༌། །རི་སུལ་རྒྱུ་བའི་ཀྲྀཥྞ་ཨེནྱ་སོགས། །རྩལ་རྒྱས་
༢༤མདངས་བཀྲག་དེས་པའི་གོམ་སྟབས་ཅན། །ཡིད་འོང་རི་དྭགས་ཚོགས་ཀྱི་བླ་མ་མཆོད། །ནགས་རིར་སྙན་སྒྲོགས་རི་སྐེད་ཁུ་བྱུག་དང༌། །ས་གཞི་རྒྱན་གྱུར་བཞད་དང་ཁྲུང་ཁྲུང་སོགས། །སྐད་སྙན་སྤུ་སྡུག་མཛེས་པའི་གར་སྟབས་ཅན། །ཡིད་འོང་བྱ་ཚོགས་ཀུན་གྱིས་བླ་མ་མཆོད། །མདོར་ན་སྣོད་ཀྱི་ས་ཕྱོགས་ཡིད་འོང་ན། །བཅུད་ཀྱི་སེམས་ཅན་མཆོད་པ་གང་གནས་པ། །བདག་པོས་བཟུང་དང་མ་བཟུང་དེ་དག་ཀུན། །བློ་ཡིས་བླངས་ནས་ཆོས་རྗེ་བླ་མ་མཆོད། །འཁོར་འདས་ཕུན་ཚོགས་ཇི་སྙེད་ཀུན། །དམ་པའི་ཆོས་ལས་བྱུང་བ་སྟེ། །དེ་ཡང་ཁྱེད་ལས་བྱུང་གྱུར་པ། །ཕན་བདེའི་འབྱུང་གནས་ཁྱེད་ལ་བསྟོད། །ཇི་ལྟ་ཇི་སྙེད་ཀུན་མཁྱེན་གྱིས། །ཉོན་མོངས་ཤེས་བྱའི་སྒྲིབ་སྤངས་པས། །རྐང་གཉིས་རྣམས་ཀྱི་མཆོག་གྱུར་པ། །རྫོགས་པའི་སངས་རྒྱས་ཁྱོད་ལ་བསྟོད། །ཁྱེད་ཐུགས་རྟོགས་པའི་དམ་ཆོས་ཏེ། །གསུང་གི་རྒྱུ་མཐུན་ལུང་གི་ཆོས། །རྣམ་གྲོལ་འཇུག་ངོགས་མཆོག་གྱུར་པ། །དམ་ཆོས་རིན་ཆེན་ཁྱོད་ལ་བསྟོད། །རང་བཞིན་འོད་གསལ་མངོན་གྱུར་ཅིང༌། །གཉིས་
༢༥འཛིན་རྟོག་པ་ལས་གྲོལ་བས། །བསོད་ནམས་ཞིང་རབ་མཆོག་གྱུར་པ། །ཚོགས་མཆོག་གཙོ་བོ་ཁྱེད་ལ་བསྟོད། །འདོད་པའི་འཆིང་བ་ཀུན་སྤངས་ནས། །དྲི་མེད་བསླབ་གསུམ་བརྟུལ་ཞུགས་ཅན། །སྡོམ་བརྩོན་ངུར་སྨྲིག་འཛིན་པའི་གཙོ། །ཤཱཀྱའི་སྲས་མཆོག་ཁྱེད་ལ་བསྟོད། །སྟོང་ཉིད་སྙིང་རྗེའི་སེམས་མཆོག་གིས། །གཅིག་ཏུ་གཞན་ཕན་བརྩོན་པ་ཅན། །རྒྱལ་སྲས་སེམས་དཔའ་རྣམས་ཀྱི་ཡབ། །བརྩེ་ལྡན་དཔའ་བོ་ཁྱོད་ལ་བསྟོད། །སྨིན་གྲོལ་ལམ་ལ་རབ་སྦྱངས་པས། །རིམ་གཉིས་རྣལ་འབྱོར་དབང་ཕྱུག་ཅན། །རིག་པ་འཛིན་པ་ཀུན་གྱི་རྗེ། །རྡོ་རྗེ་འཛིན་རྒྱལ་ཁྱོད་ལ་བསྟོད། །རང་ལུས་དང་ཡིད་སྤྲུལ་གྱི་མཆོད་པ་ཕུལ་བའི་ཐོག་མར་མཎྜལ་ཚོམ་བུ་རྒྱས་བསྡུས་གང་འོས་ཚིགས་བཅད་སྤྱི་འགྲོ་བཅས་གྲངས་ཅི་ནུས་སུ་འབུལ། དཀོན་མཆོག་མཆོད་དང་སེམས་ཅན་དོན་བསྒྲུབ་ཕྱིར། །བསོད་ནམས་ལོངས་སྤྱོད་བཅས་པ་བདག་གི་ལུས། །སྐྱེ་མཆོག་ཁྱོད་ཀྱི་བྲན་དུ་ལེགས་འབུལ་ནས། །ཇི་ལྟར་བསྒོ་བའི་དོན་ཀུན་བསྒྲུབ་བགྱིའོ། །དྲི་མེད་བེཌཱུརྻ་ས་གཞི་ཡངས་པ་ལ། །གསེར་དངུལ་
༢༦རྩིག་པ་བ་གམ་དྲྭ་བ་ཅན། །རིན་ཆེན་ཀ་བས་བཏེགས་ཅིང་ཁྱོན་ཡངས་པ། །ཡིད་འོང་ཕོ་བྲང་གཞལ་མེད་དམ་པས་མཆོད། །བླ་བྲེ་རྒྱལ་མཚན་གདུགས་སོགས་སྟེང་ནས་མཛེས། །དར་དཔྱངས་ལྷབ་ལྷུབ་ཡོལ་བས་ལོགས་ནས་བརྒྱན། །ཁྲི་དང་གདན་སོགས་འོག་ནས་བརྗིད་གྱུར་པའི། །ཕུན་ཚོགས་ཉེར་མཁོའི་གཟིམས་ཆ་ཀུན་གྱིས་མཆོད། །ཐར་པའི་རྒྱལ་མཚན་ཆོས་གོས་ངུར་སྨྲིག་དང༌། །སྲབ་འཇམ་ཡངས་པའི་པཉྩ་ལི་ཀ་དང༌། །རྒྱུ་བཟང་དྲི་ཞིམ་ཀ་ཤིའི་རས་ལ་སོགས། །ཕུན་ཚོགས་ན་བཟའ་ཀུན་གྱིས་བླ་མ་མཆོད། །རིགས་ལྔའི་དབུ་རྒྱན་དར་གྱི་པོད་ཅན་དང༌། །མུ་ཏིག་དོ་ཤལ་ནོར་བུའི་ག་ཤ་དང༌། །རིན་ཆེན་ཕྲ་བཀོད་གསེར་གྱི་གདུ་བུ་སོགས། །ཕུན་ཚོགས་རྒྱན་མཆོག་ཀུན་གྱིས་བླ་༴ བསོད་ནམས་དུ་མའི་དཔལ་ལས་གྲུབ་པའི་རྫས། །འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང༌། །གླང་པོ་རྟ་མཆོག་དམག་མི་རིན་ཆེན་ཏེ། །རྒྱལ་སྲིད་རིན་ཆེན་ཀུན་གྱིས་བླ༴ ཉེ་བར་མཁོ་བའི་འདོད་དགུ་འབྱུང་བའི་རྫས། །ནགས་ཚལ་རལ་གྲི་ཁང་བཟང་མལ་སྟན་དང༌། །ལྷ་ཡི་གོས་
༢༧དང་སྦྲུལ་གྱི་པགས་པ་ལྷྭམ། །ཉེ་བའི་སྣ་བདུན་ཀུན་གྱིས༴ སྐྱེ་དགུ་བདེ་ཞིང་དགེ་བར་བྱེད་པའི་རྫས། །དཔལ་བེའུ་འཁོར་ལོ་པདྨ་རྒྱལ་མཚན་དང༌། །གདུགས་དང་བུམ་བཟང་དུང་དཀར་གསེར་ཉ་སྟེ། །བཀྲ་ཤིས་རྟགས་བརྒྱད་ཀུན་གྱི༴ མདོར་ན་འདོད་འཇོའི་བ་དང་དཔག་བསམ་ཤིང༌། །མ་རྨོས་ལོ་ཏོག་ཡིད་བཞིན་ནོར་བུ་དང༌། །འཆི་མེད་བདུད་རྩི་རོ་བརྒྱའི་ཟས་ལ་སོགས། །ལོངས་སྤྱོད་ཕུན་ཚོགས་ཀུན་གྱིས་བླ་མ་མཆོད། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་པས། །སྲིད་ཞིའི་མཐའ་ལ་མི་གནས་པའི། །མྱ་ངན་འདས་པ་མཆོག་བརྙེས་པ། །སྐྱབས་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། །ཕ་རོལ་ཕྱིན་པ་བཅུ་རྫོགས་ཤིང༌། །ཉེ་བཞིའི་རྩ་རླུང་དབང་འདུས་པས། །ཡན་ལག་བཅུ་གཉིས་རྣམ་འགགས་པ། །ས་བཅུའི་མཐར་སོན་ཁྱེད་ལ་བསྟོད། །ཡོད་མིན་མེད་མིན་གཉིས་ཀ་མིན། །གཉིས་ཀ་མིན་པའང་མ་ཡིན་པ། །རྣམ་དག་ཟག་མེད་ཆོས་ཀྱི་དབྱིངས། །སྤྲོས་བྲལ་ཆོས་སྐུ་ཁྱེད་ལ་བསྟོད། །མཚན་དང་དཔེ་བྱད་དཔལ་འབར་བས། །དག་པའི་ཞིང་གི་གདུལ་
༢༨བྱ་ལ། །རྟག་པར་ཐེག་མཆོག་ཆོས་སྟོན་པ། །བདེ་ཆེན་ལོངས་སྐུ་ཁྱེད་ལ་བསྟོད། །སྣ་ཚོགས་གདུལ་བྱའི་བསམ་པ་ལྟར། །སངས་རྒྱས་རྣམ་འཕྲུལ་དཔག་མེད་ཀྱིས། །འགྲོ་ཀུན་ཕན་བདེས་ཚིམ་མཛད་པ། །ཐབས་མཁས་སྤྲུལ་སྐུ་ཁྱེད་ལ་བསྟོད། །གཟུགས་སྐུའི་རྣམ་འཕྲུལ་སྣ་ཚོགས་ཀྱང༌། །དེ་ཡི་རང་བཞིན་འགྱུར་མེད་པ། །ཨེ་མ་ཧོ་བརྗོད་བྲལ་ཟུང་འཇུག་དངོས། །ངོ་བོ་ཉིད་སྐུ་ཁྱོད་ལ་བསྟོད། །རྣམ་ཤེས་ཚོགས་བརྒྱད་གནས་གྱུར་ཅིང༌། །ཉོན་མོངས་སྒྲིབ་པ་ཀུན་སྤངས་པས། །ཕུང་པོ་ལྔ་ལས་ཡོངས་གྲོལ་བའི། །ཡེ་ཤེས་མངའ་བདག་ཁྱོད་ལ་བསྟོད། །སོ་སོ་རིག་བཞིའི་ཐུགས་མངའ་བའི། །སྟོབས་བཅུས་བདུད་ཀྱི་དཔུང་བཅོམ་ནས། །མི་འཇིགས་བཞི་ཡིས་ཆོས་སྟོན་པ། །ཡོན་ཏན་མངའ་བདག་ཁྱེད་ལ་བསྟོད། །སྤྱོད་པ་རྟོགས་པ་ཡེ་ཤེས་དང༌། །ཕྲིན་ལས་གཞན་དང་མ་འདྲེས་པའི། །སངས་རྒྱས་ཡོན་ཏན་བཅོ་བརྒྱད་ཅན། །མཚུངས་མེད་དམ་པ་ཁྱེད་ལ་བསྟོད། །ཅེས་མཆོད་ཅིང་བསྟོད། དེ་ནས་ནང་གི་མཆོད་པ་ནི། རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ཇི་སྙེད་ན། །ཁ་དོག་དབྱིབས་ཀྱི་གཟུགས་མཆོག་
༢༩མཆོད་འོས་ཀུན། །རབ་མཛེས་གཟུགས་ཀྱི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་སྤྱན་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛཿཨཱཿཧཱུྃ། རབ་འབྱམས་༴ ཟིན་དང་མ་ཟིན་སྒྲ་མཆོག་མཆོད་འོས་ཀུན། །རབ་མཛེས་སྒྲ་ཡི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་སྙན་ལ་འབུལ། །ཤབྟ་ཀཱ་མ། རབ་འབྱམས་༴ ལྷན་སྐྱེས་སྦྱར་བའི་དྲི་མཆོག་ཇི་སྙེད་ཀུན། །རབ་མཛེས་དྲི་ཡི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་ཤངས་ལ་འབུལ། །གནྡྷེ་ཀཱ་མ། རབ་འབྱམས་༴ བཟའ་བཅའ་བཏུང་བའི་རོ་མཆོག་མཆོད་པ་ཀུན། །རབ་མཛེས་རོ་ཡི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་ལྗགས་ལ་འབུལ། །ར་ས་ཀཱ་མཿ རབ་འབྱམས༴ སེམས་ཅན་སེམས་ཅན་མིན་པའི་རེག་མཆོག་ཀུན། །རབ་མཛེས་རེག་བྱའི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་སྐུ་ལ་འབུལ། །སྤརྴེ་ཀཱ་མ༴ ཟབ་མེད་བདེ་བས་མྱོང་བྱེད་མ་ད་ན། །སྟོབས་བསྐྱེད་གོ་ཀུ་ལ་སོགས་པ་ལ་དང༌། །བཅུད་ལྡན་བི་ར་ཤུ་སོགས་འཆི་
༣༠མེད་གཏེར། །གསང་བའི་དམ་རྫས་ཀུན་གྱིས་བླ་མ་མཆོད། །གུཧྱ་པཱུ་ཛ་ཨཱཿཧཱུྃ། ཕྱག་རྒྱ་བཞི་དང་མཉམ་པར་སྦྱོར་བ་ལས། །མཆོག་ཏུ་མི་འགྱུར་ལྷན་སྐྱེས་བདེ་བའི་རོ། །ཟག་མེད་ཕུང་ཁམས་སྐྱེ་མཆེད་བརྟས་བྱེད་པའི། །མཆོག་ཏུ་གསང་བའི་མཆོད་པ་ཆེན་པོས་མཆོད། །ཨ་ནུ་རཀྟོ་པཱུ་ཛ་ཨཱཿཧཱུྃ། བདེ་དང་སྟོང་པ་དབྱེར་མེད་པས། །ཐབས་ཤེས་ཟུང་དུ་འཇུག་པའི་དངོས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །འགྲོ་བའི་དཔལ་མགོན་ཁྱེད་ཕྱག་འཚལ། །དབང་པོ་རྣམས་ནི་སེམས་དཔའ་སྟེ། །ཡུལ་དྲུག་སེམས་མའི་ཚོགས་རྣམས་དང༌། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་སྐུ། །འགྲོ་བའི་དཔལ་མགོན་༴ ཡན་ལག་རྣམས་ནི་ཁྲོ་རྒྱལ་ཏེ། །བྱ་བ་རྣམ་བཅུའི་ཁྲོ་མོ་དང༌། །ཟུང་འཇུག༴ འགྲོ་བའི་༴ ཁྱེད་སྐུའི་ཁམས་རྣམས་དཔའ་བོ་སྟེ། །རྩ་གནས་དཔའ་མོའི་ཚོགས་རྣམས་དང༌། །ཟུང་འཇུག༴ འགྲོ་བའི་༴ རྩ་བའི་རླུང་རྣམས་ཡབ་ལྔ་སྟེ། །འབྱུང་བ་ལྔ་ཡི་ཡུམ་
༣༡རྣམས་དང༌། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་གསུང༌། །འགྲོ་བའི་༴ ཁྱོད་ཐུགས་ཡེ་ཤེས་རང་བཞིན་ཏེ། །སྣང་ཡུལ་ཆོས་ཀྱི་དབྱིངས་རྣམས་དང༌། ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་ཐུགས། །འགྲོ་བའི་དཔལ་མགོན་ཁྱེད་ལ་བསྟོད། །གསང་མཆོད་འབུལ་ཞིང་བསྟོད་པ་ནི། ཡིད་འཕྲོག་མཚན་དཔེས་སྤྲས་པའི་འཇོ་སྒེག་ཅན། །སྐུ་མདོག་སྔོན་མོ་པི་ཝཾ་སྒྲ་སྒྲོགས་མ། །མཛེས་མ་རང་འདྲ་དུ་མ་ཚོགས་བཅས་པའི། །ཡིད་འོང་མཆོད་པ་དུ་མས་དགེས་པར་མཆོད། །ཨོཾ་བཱི་ནི་བཛྲི་ནི་ཨཱཿཧཱུྃ། ཡིད་འཕྲོག་མཚན་དཔེས༴ སྐུ་མདོག་སེར་མོ་གླིང་བུའི་སྒྲ་སྒྲོགས་སམ། །མཛེས་མ༴ ཡིད་འོང་༴ ཝཾ་སེ་བཛྲི་ནི༴ ཡིད་འཕྲོག༴ སྐུ་མདོག་སྔོན་མོ་རྫ་རྔའི་སྒྲ་སྒྲོག་མ། མཛེས་མ༴ ཡིད་འོང་༴ མུ་ར་ཛེ་བཛྲི་ནི༴ ཡིད་འཕྲོག༴ སྐུ་མདོག་དམར་པོ་རྔ་ཟླུམ་སྒྲ་སྒྲོགས་མ། །མཛེས་མ༴ ཡིད་འོང་༴ མྲྀ་ཏཾ་གི་བཛྲི་ནི༴ ཡིད་འཕྲོག༴ སྐུ་མདོག་དམར་མོ་བཞད་པའི་ཕྱག་རྒྱ་ཅན། །མཛེས་མ༴ ཡིད་འོང་༴ ཧ་སྱ་བཛྲི་ནི༴ ཡིད་འཕྲོག༴ སྐུ་མདོག་སྔོན་མོ་འགྱིང་བའི་ཕྱག་རྒྱ་མ། །
༣༢མཛེས་མ༴ ཡིད་འོང་༴ ལཱསྱ་བཛྲི་ནི༴ ཡིད་འཕྲོག༴ སྐུ་མདོག་ལྗང་ཁུ་སྙན་པའི་གླུ་ལེན་མ། མཛེས་མ༴ ཡིད་འོང་༴ གིརྟི་བཛྲི་ནི༴ ཡིད་འཕྲོག༴ སྐུ་མདོག་སེར་མོ་མཛེས་པའི་གར་སྒྱུར་མ། །མཛེས་མ༴ ཡིད་འོང་༴ ནྲྀ་ཏི་བཛྲི་ནི༴ ཡིད་འཕྲོག༴ སྐུ་མདོག་དཀར་མོ་མེ་ཏོག་སྣོད་འཛིན་མ། མཛེས་མ༴ ཡིད་འོང་༴ བཛྲ་པུཥྤེ༴ ཡིད་འཕྲོག༴ སྐུ་མདོག་སྔོན་མོ་བདུག་སྤོས་སྣོད་འཛིན་མ། མཛེས་མ༴ ཡིད་འོང་༴ བཛྲ་དྷཱུ་པེ༴ ཡིད་འཕྲོག༴ སྐུ་མདོག་དམར་མོ་སྣང་གསལ་ལེགས་འཛིན་མ། མཛེས་མ༴ ཡིད་འོང་༴ ཨ་ལོ་ཀེ༴ ཡིད་འཕྲོག༴ སྐུ་མདོག་ལྗང་གུ་དྲི་ཆབ་སྣོད་འཛིན་མ། །མཛེས་མ་རང་འདྲ་དུ་མའི་ཚོགས་བཅས་པའི། །ཡིད་འོང་མཆོད་པ་དུ་མས་དགེས་པར་མཆོད། །ཨོཾ་བཛྲ་གནྡྷེ་པཱུ་ཛ་ཨཱ་ཧཱུྃ། བདེ་གཤེགས་སྙིང་པོའི་ས་གཞི་ལེགས་བསྟར་བར། །བྱང་ཆུབ་སེམས་གཉིས་དྲི་མེད་ཡོན་ཆབ་གཏམས། །དཀར་པོ་དགེ་བཅུའི་མེ་ཏོག་སིལ་མར་བཀྲམ། །སྡོམ་གསུམ་རྣམ་དག་སྤོས་སྤྲིན་གཏིབས་པས་མཆོད། །སྤྱན་དང་མངོན་ཤེས་རིན་ཆེན་
༣༣སྒྲོན་མེ་ངར། །ཚངས་པའི་གནས་བཞི་དྲི་མཆོག་ཀུན་ནས་འཁྱིལ། །སྙོམས་འཇུག་རྣམ་དགུའི་རོ་བརྒྱའི་ཞལ་ཟས་སྤུངས། །འཆད་རྩོད་རྩོམ་པའི་སིལ་སྙན་བསྒྲགས་པས་མཆོད། །ཐར་པའི་རིམ་གཉིས་འབྱུང་བཞིའི་དཀྱིལ་འཁོར་ཏེ། །བྱང་ཕྱོགས་སོ་བདུན་རི་གླིང་རབ་མཛེས་ཤིང༌། །སྟོང་ཉིད་སྙིང་རྗེའི་ཉི་ཟླ་ཆེར་གསལ་བས། །ཚོགས་གཉིས་ཁོར་ཡུག་ཀུན་ནས་བསྐོར་བས་མཆོད། །ཚེ་ལ་དབང་བཅུ་རིན་ཆེན་གཏེར་ཕྱེ་ཞིང༌། །ལམ་ལྔ་ས་བཅུའི་མ་རྨོས་ལོ་ཏོག་རྒྱས། །ཕ་རོལ་ཕྱིན་བཅུའི་དཔག་བསམ་སྡོང་ཆེན་འཁྲིགས། །བསྡུ་དངོས་བཞི་ཡི་འོད་འཇོའི་བ་མོས་མཆོད། །གཟུངས་སྤོབས་མཚན་དཔེའི་གོས་རྒྱན་ལྷབ་ལྷུབ་དཔྱངས། །ཟག་མེད་ཕུང་པོའི་འདོད་ཡོན་སྣ་ལྔ་བཀྲམ། །འཕགས་པའི་ནོར་བདུན་རྒྱལ་སྲིད་རིན་ཆེན་མཆོག །རྣམ་ཐར་བརྒྱད་ཀྱིས་བཀྲ་ཤིས་རྫས་ཀྱིས་མཆོད། །སྐུ་བཞིའི་ཏོག་ལྡན་སྟོབས་བཅུའི་རྒྱལ་མཚན་བསྒྲེངས། །མི་འཇིགས་བཞི་ཡི་རིན་ཆེན་གདུགས་དཀར་འཁྱིལ། །མ་འདྲེས་བཅོ་བརྒྱད་སྣ་ཚོགས་བ་དན་འཕྱར། །ཟད་པར་ཟིལ་གནོན་རྔ་ཡབ་
༣༤གཡོ་བས་མཆོད། །རིམ་གཉིས་གསང་སྔགས་དཔལ་གྱིས་རབ་བརྗིད་པའི། །དགའ་བ་བཅུ་དྲུག་དཔའ་བོས་གར་བྱེད་ཅིང༌། །བདེ་སྟོང་རྣམ་འགྱུར་དུ་མ་རབ་ལྡན་པའི། །སྟོང་ཉིད་བཅུ་དྲུག་རིག་མ་མཛེས་པས་མཆོད། །གྲུབ་ཆེན་བརྒྱད་ཀྱིས་རྒྱན་གྱིས་རབ་བརྒྱན་ཅིང༌། །དབང་ཕྱུག་བརྒྱད་ཀྱི་དཔལ་ལ་དབང་འབྱོར་བ། །ཕྲིན་ལས་བཞི་ཡི་འཁོར་བཟང་གིས་བསྐོར་བའི། །མཆོག་གི་དངོས་གྲུབ་འཁོར་ལོས་བསྒྱུར་བས་མཆོད། །གཞན་ཡང་ཐེག་གསུམ་གཞི་ལམ་འབྲས་བུ་ཡི། །སྤངས་རྟོགས་ཡོན་ཏན་ཇི་སྙེད་དེ་དག་ཀུན། །དད་འདུན་བློ་ཡིས་བླངས་ཤིང་སྤྲུལ་བྱས་ནས། །ཆོས་ཀྱི་རྒྱལ་པོ་བླ་མ་མཆོད་པར་བགྱིའོ། །ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་མཛད་འདུད། །སྐུ་ལ་བསྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང༌། །ཁྱེད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོན་མཛད་འདུད། །ཆུ་ཟླ་བཞིན་དུ་གཟུང་དུ་མེད། །ཆོས་རྣམས་གང་ལའང་གནས་པ་མེད། །ང་རྒྱལ་མེད་ཅིང་
༣༥མི་གནས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། །རྟག་པར་མཉམ་པར་འཇོག་གྱུར་པའི། །དམིགས་མེད་ཁྱེད་ལ༴ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཅིང༌། །སྣ་ཚོགས་མིན་ལ་སྙོམས་འཇུག་པའི། །དམིགས་མེད༴ ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང༌། །ནམ་མཁའ་དང་ནི་མཉམ་གྱུར་ལ། །འདོད་པ་རྣམས་ཀྱིས་མ་གོས་པའི། །དམིགས་མེད༴ ཕུང་པོ་རྣམས་དང་ཁམས་རྣམས་དང༌། །སྐྱེ་མཆེད་རྣམས་ལ་མི་བརྟེན་ཅིང༌། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བའི། །དམིགས་མེད༴ རྣམ་རྟོག་མེད་ཅིང་ཀུན་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་ལ། །བསམ་གྱིས་མི་ཁྱབ་པ་ཡིས་ཐུགས། །དམིགས་མེད༴ ཇི་ལྟར་ནམ་མཁའ་གནས་མེད་ཅིང༌། །སྤྲོས་མེད་དོགས་པ་མེད་པ་ལྟར། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ཁོ་ན་ཉིད་མཆོད་བསྟོད་ནི། འགྲོ་བ་ཆུ་ཡི་ཟླ་བ་བཞིན་དུ་
༣༦ལྟ་བ་དང༌། །ཐོས་པ་བྲག་ཆ་དང་ནི་མཚུངས་པར་ཡང་དག་འཇུག །སེམས་ཀྱང་མྱ་ངམ་སྨིག་རྒྱུ་ལྟ་བུར་བལྟ་བྱ་ཞིང༌། །འདི་ལྟར་བཟའ་དང་བཏུང་བ་དག་ནི་ནམ་མཁའ་ལྟ་བུ་སྟེ། །དྲི་ནི་ནམ་མཁའི་མེ་ཏོག་མཚུངས་པར་མནམ་པ་དང༌། །ཡིད་ནི་ཉི་མ་ཟླ་བ་ལྟ་བུར་ཁྱབ་པ་ཉིད། །ཡང་དག་གནས་པ་དེ་ཡང་རི་བོ་མཆོག་དང་མཚུངས་པ་ཡིན། །གཞོན་ནུ་མ་ཡི་རྨི་ལམ་བཞིན་དུ་རྨི་བར་བྱ། །ཐ་སྙད་དག་ནི་སྒྱུ་མ་མིག་འཕྲུལ་ལྟ་བུར་བརྗོད། །འདི་ལྟར་ཇི་བཞིན་ལྷན་སྐྱེས་བདེ་འབྱུང་དེ་བཞིན་ཏེ། །སྲིད་པའི་རང་བཞིན་བྲལ་བ་བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །རྟག་ཏུ་འཆར་བ་བདེ་གཤེགས་ལམ་མཆོག་དག་གིས་མཆོད། ༈ །ཟབ་ཞི་སྤྲོས་དང་བྲལ་བ་གཉུག་མའི་དོན། །སྣང་དང་སྟོང་ལ་གཉིས་དང་གཉིས་མིན་ལ། །ཨེ་མ་ཧོ་འདི་སྙམ་བྲལ་བའི་ལྟ་བ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་པ་ཁྱེད་ལ་འདུད། །སྨྲ་བསམ་བརྗོད་དུ་མེད་པའི་རང་བཞིན་ལ། །བདེ་སྟོང་འཛིན་པ་མེད་པ་བདེ་བའི་ཉམས། །ཨེ་མ་ཧོ་རྩོལ་བྲལ་ལྷུག་པའི་སྒོམ་པ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་པ་ཁྱེད་ལ་འདུད། །
༣༧སྤང་བླང་བྱར་མེད་རང་བཞིན་འོད་གསལ་ལ། །གཟུང་འཛིན་གློ་བུར་དྲི་མ་རྣམ་དག་པ། །ཨེ་མ་ཧོ་རང་བཞིན་ལྷུན་གྲུབ་འབྲས་བུ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་པ་ཁྱེད་ལ་འདུད། །དེ་ནས་ཡན་ལག་ལྷག་མ་རྣམས་ཀྱི་ཐོག་མར་སྤྲོ་ན་སྤྱི་བཤགས་བླ་མ་རྡོར་འཛིན་ཨ་ལན་གསུམ་བརྗོད། བདག་ནི་ཐོག་མེད་དུས་ནས་སུ། །ལས་དང་ཉོན་མོངས་དབང་གྱུར་པས། །ལུས་དང་ངག་དང་ཡིད་སྒོ་ནས། །རང་བཞིན་སྡིག་པ་ཅི་བགྱིས་དང༌། །སྡོམ་པ་གསུམ་དང་འགལ་གྱུར་པའི། །ཉེས་པའི་ཚོགས་ཀུན་རབ་འགྱོད་པས། །མཆོད་འོས་རྣམས་ཀྱི་སྤྱན་སྔ་རུ། །སླན་ཆད་བསྡམ་པའི་སེམས་ཀྱིས་བཤགས། །བླ་མའི་ཕྲིན་ལས་རྨད་བྱུང་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་སོ་སོ་སྐྱེ་བོ་ཡི། །དགེ་བ་ཀུན་ལ་རྗེ་ཡི་རང༌། །འགྲོ་ཀུན་སྨིན་ཅིང་གྲོལ་བྱའི་ཕྱིར། །བླ་མ་རྣམས་དང་སངས་རྒྱས་ལ། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སེམས་ཅན་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟག་བཞུགས་ནས། །འགྲོ་བ་ཀུན་ཀྱི་དོན་
༣༨མཛད་པར། །ཐལ་མོ་སྦྱར་ནས་གསོལ་བ་འདེབས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་མཆོག་དང་སངས་རྒྱས་དང༌། །ཆོས་དང་འཕགས་པའི་དགེ་འདུན་ལ། །རྟག་ཏུ་གུས་པས་བདག་སྐྱབས་མཆི། །སེམས་ཅན་ཀུན་གྱི་དོན་སླད་དུ། །རྫོགས་པའི་བྱང་ཆུབ་ཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སྤྱོད་པའང་སྤྱད་པར་བགྱི། །དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡོམས་བྱས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱིས། །རྗེས་སུ་བདག་ཀྱང་རབ་ཞུགས་ནས། །དགེ་བ་འདི་དང་དགེ་བ་གཞན། །ཐམས་ཅད་ཡོངས་སུ་བསྔོ་བར་བགྱི། །སྡོམ་བཟུང་སྤྲོ་ན། །ཨོཾ་རྣལ་འབྱོར་དབང་པོ་སོགས་དམ་བཅའ་ཉེར་བརྒྱད་པ་དང༌། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །སོགས་རིགས་ལྔའི་སྡོམ་བཟུང་བྱ། བསྡུ་ན། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང༌། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་དམ་ཚིག་དང༌། །སྡོམ་པ་རྒྱ་མཚོ་མཐའ་ཡས་བཟུང་བ་ལྟར། །དེང་ནས་
༣༩བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི། །ལན་གསུམ། དེ་ནས་གསོལ་བ་འདེབས་པ་ནི། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་སོ་སོའི་དབང་ཁྲིད་བརྒྱུད་པའི་གསོལ་འདེབས་དང༌། བརྒྱུད་པ་གཙོ་བོ་རྣམས་ཀྱི་རྣམ་ཐར་གསོལ་འདེབས་ཅི་ནུས་བྱ། མི་ཤེས་ཤིང་མི་ལྕོགས་ན་མདོར་བསྡུས་པ་ནི། ཕྱོགས་དུས་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བདག་ཅག་སྙིགས་དུས་འགྲོ་བ་མགོན་མེད་ལ། །སྐལ་མཉམ་གཟུགས་སུ་སྤྲུལ་ནས་དོན་མཛད་པ། །བླ་མ་སངས་རྒྱས་རྣམས་ལ་གསོལ་བ་འདེབས། །ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིང༌། །པདྨ་ཀ་ར་རྗེ་འབངས་ཉེར་ལྔ་དང༌། །སོ་ཟུར་གནུབ་ཉང་གཏེར་སྟོན་བརྒྱ་རྩ་སོགས། །སྔ་འགྱུར་རིག་འཛིན་རྣམས་ལ༴ དཔལ་ལྡན་མར་མེ་མཛད་དང་ཁུ་རྔོག་འབྲོམ། །སྐུ་མཆེད་རྣམ་གསུམ་འཇམ་དབྱངས་ཙོང་ཁ་པ། །བཀའ་གདམས་གསར་རྙིང་རིང་ལུགས་འཛིན་མཛད་པའི། །དགེ་བའི་བཤེས་གཉེན་རྣམས༴ དཔལ་ལྡན་ཆོས་སྐྱོང་ས་སྐྱའི་གོང་མ་ལྔ། །ངོར་ཆེན་རྫོང་པ་ཚར་ཆེན་ཡབ་སྲས་ཀྱི། །བརྒྱུད་
༤༠འཛིན་མཁས་དང་གྲུབ་པ་རིམ་བྱོན་སོགས། །ལམ་འབྲས་བརྒྱུད་པ་རྣམས་ལ༴ རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་པ་མི་ལ་རྗེ་བཙུན་སྒམ་པོ་པ། །ཆེ་བཞི་ཆུང་བརྒྱད་གྲུབ་ཐོབ་གྲངས་འདས་པ། །དྭགས་པོ་བཀའ་བརྒྱུད་རྣམས་ལ༴ ཡེ་ཤེས་མཁའ་འགྲོ་ཁྱུང་པོ་རྣལ་འབྱོར་སོགས། །རིན་ཆེན་བདུན་བརྒྱད་ཕྲེང་བ་རྣམ་པ་གཉིས། །ཐང་རྒྱལ་ལ་སོགས་ཉེ་བརྒྱུད་ལས་བྱོན་པའི། །ཤངས་པ་བཀའ་བརྒྱུད་རྣམས་ལ༴ དམ་པ་སངས་རྒྱས་མ་གཅིག་ལབ་ཀྱི་སྒྲོན། །རྨ་སོ་ཀཾ་གསུམ་སྒོ་བའི་རྣལ་འབྱོར་བཞི། །བཀའ་བབས་སྔ་ཕྱི་བར་གསུམ་ལ་སོགས་པ། །ཞི་གཅོད་བརྒྱུད་པ་རྣམས་ལ༴ ཆོས་རྒྱལ་རིགས་ལྡན་དུས་ཞབས་ཆེ་ཆུང་དང༌། །རྭ་འབྲོ་ཙ་མི་རང་བྱུང་དོལ་པོ་བ། །མཁས་མཆོག་བུ་སྟོན་ཡབ་སྲས་གཙོར་གྱུར་པ། །སྦྱོར་དྲུག་བརྒྱུད་པ་རྣམས་ལ༴ རྡོ་རྗེ་བཙུན་མོ་མཁས་གྲུབ་ཨོ་རྒྱན་པ། །རང་བྱུང་རྡོ་རྗེ་མཁར་ཆུ་སྤུ་ཏྲ་ལ། །ནེ་རིང་པ་སོགས་རྣལ་འབྱོར་དྲུག་པ་ཡི། །བསྙེན་སྒྲུབ་བརྒྱུད་པ་རྣམས་ལ༴ སྤྱན་རས་གཟིགས་དབང་མི་ཏྲ་ཛོ་ཀིའི་ཞབས། །ཤ་རི་
༤༡པུ་ཏྲ་གྲགས་པ་རིན་ཆེན་དང༌། །བྱམས་པ་དགའ་སོགས་སྙན་བརྒྱུད་ཁྲི་དྲུག་དང༌། །ངལ་གསོའི་བརྒྱུད་པ་རྣམས་ལ༴ ཚེམ་བུ་པ་དང་བོ་དོང་འཇིགས་བྲལ་ཆེ། །རོང་སྟོན་ཆེན་པོ་སྒྲོལ་བའི་མགོན་པོ་སོགས། །ཐུན་མོང་ཁྱད་པར་བླ་ན་མེད་པ་ཡི། །ཁྲིད་བརྒྱུད་འཛིན་མཛད་རྣམས་ལ་༴ སྔོན་སྦྱངས་སྟོབས་ཀྱིས་མཁྱེན་གཉིས་རྩལ་ཆེན་རྫོགས། །ངོ་མཚར་བཀའ་བབས་ཆེན་པོ་བདུན་དང་ལྡན། །སྙིགས་མའི་འགྲོ་འདུལ་བླ་མེད་ཆོས་ཀྱི་རྗེ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་༴ སྐྱེས་རབས་དུ་མར་གོམས་པའི་མཁྱེན་རྟོགས་ཀྱིས། །ངོ་མཚར་མཛོད་ཆེན་རྣམ་ལྔའི་ཤིང་རྟ་དྲངས། །ཡོངས་རྫོགས་བསྟན་པའི་མེ་རོ་རྨིངས་ནས་བསླངས། །བློ་གྲོས་མཐའ་ཡས་ཞབས་ལ༴ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །དཀོན་མཆོག་རིན་ཆེན་རྒྱལ་བ་སྲས་དང་བཅས། །ཡི་དམ་དཀྱིལ་འཁོར་དཔའ་བོ་རྣལ་
༤༢འབྱོར་མ། །ཡེ་ཤེས་སྤྱན་ལྡན་ཆོས་སྐྱོང་སྲུང་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འདི་མན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་ཉིད་བྱིན་རླབས་ཆེ་བས་བཀོད་པའོ། །ཀྱེ་མ་ཀྱི་ཧུད་ཉམ་ཐག་བདག་ལྟ་བུ། །ལས་དང་ཉོན་མོངས་བཟོད་དཀས་ཡུན་རིང་མནར། །འདི་ལ་ཁྱེད་ཀྱིས་ཐུགས་རྗེའི་ཕྱག་རྐྱོང་ལ། །ད་ལྟ་ཉིད་དུ་དྲོང་བར་མཛད་དུ་གསོལ། །རང་ཉིད་ཡེ་ནས་སངས་རྒྱས་ཡིན་མོད་ཀྱང༌། །མ་རིག་དབང་གིས་སྲིད་པའི་འདིར་འཁྱམས་ཏེ། །རྨི་ལམ་ལྟ་བུའི་འཁྲུལ་འཁོར་ཉམ་རེ་ཐག །འདི་ལ་སྐྱབས་དང་སྐྱོབ་པ་མཛད་དུ་གསོལ། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །འཁོར་བའི་རྒྱ་མཚོ་མཐའ་མེད་བརྒལ་དཀའ་བར། །ཡེ་ཤེས་གྲུ་ཆེན་བླ་ན་མེད་པ་ཡིས། །སྡུག་བསྔལ་ཆུ་བོ་སྒྲོལ་བར་མཛད་དུ་གསོལ། །ཡུན་རིང་དུས་ན་གོམས་པའི་བག་ཆགས་གཟུགས། །འཁྲུལ་སྣང་གཟུང་འཛིན་རི་རྒྱལ་ལྷུན་མཐོ་བ། །རྣལ་གྲོལ་མཆོག་གི་ཡེ་ཤེས་རྡོ་རྗེ་ཡིས། །ད་ལྟ་ཉིད་དུ་གཞིག་པར་མཛད་དུ་གསོལ། །མ་རིག་མུན་པ་ཤིན་ཏུ་འཐིབས་པོ་ཆེ། །རྒྱུན་
༤༣རིང་བརྟག་དཀའ་ཕ་མཐའ་མི་མངོན་ཞིང། །འོད་གསལ་སྙིང་པོའི་སྒྲིབ་པ་རླབས་ཆེན་འདི། །ཡེ་ཤེས་ཟེར་གྱིས་བསལ་བར་མཛད་དུ་གསོལ། །ཅི་ཙམ་འབད་ཀྱང་ཉོན་མོངས་སྡུག་བསྔལ་རྒྱུ། །སྙིང་པོ་མེད་པའི་འཇིག་རྟེན་བྱ་བ་ལས། །བདག་གི་ཡིད་འདིར་རབ་ཏུ་བཟློག་ནས་ཀྱང༌། །ཉིན་མཚན་ཆོས་ཀྱིས་འདའ་བར་མཛད་དུ་གསོལ། །ཚུལ་མིན་ཡིད་བྱེད་ཆུ་རླབས་གཉེར་འདྲ་ཞིང༌། །ཀུན་རྟོག་སྣ་ཚོགས་ཡུལ་ལྔའི་རྗེས་སུ་འབྲང༌། །ཚོགས་བརྒྱད་བག་ཆགས་ཀུན་གཞི་བཅས་པ་ཀུན། །ཆོས་ཀྱི་དབྱིངས་སུ་ཞི་བར་མཛད་དུ་གསོལ། །རྟོག་བཅས་བག་ཆགས་འདོད་པའི་སེམས་ཉོན་མོངས། །གསལ་བ་གཟུགས་དང་མི་རྟོག་གཟུགས་མེད་ཀྱི། །སྲིད་པའི་སེམས་གང་བག་ཆགས་རྗེས་འབྲེངས་པ། །དེ་དག་ཐམས་ཅད་དག་པར་མཛད་དུ་གསོལ། །རང་དོན་གོམས་པ་ལྷུར་ལེན་དམན་པའི་བློ། །གཅིག་པུར་ཞི་བར་གཉེར་ལས་ལྡོག་ནས་ཀྱང༌། །ཕྱི་ནང་གསང་བའི་ཆོས་མཆོག་ལམ་ཞུགས་ཏེ། །རླབས་ཆེན་གཞན་དོན་འགྲུབ་པར་མཛད་དུ་གསོལ། །ལམ་
༤༤གོལ་ལམ་ལོག་དམན་པའི་འགྲོ་ཀུན་གྱི། །ལས་དང་ཉོན་མོངས་བག་ཆགས་རབ་སྦྱངས་ཏེ། །སེམས་ཉིད་ཡིད་བཞིན་ཐར་པའི་གྲོང་ཁྱེར་དུ། །མ་ལུས་ཕྱམ་གཅིག་བགྲོད་པར་མཛད་དུ་གསོལ། །སྒྲིབ་པའི་རྒྱ་མཚོ་ཤིན་ཏུ་རྙོག་པ་ཅན། །དུས་རིང་ཐོག་མཐའ་མེད་ནས་ཉེར་གནས་ཀྱང༌། །བདག་ཅག་མཐུ་ཡིས་ཐར་པའི་སྐབས་མེད་པས། །བརྩེ་ཆེན་ཁྱོད་ཀྱིས་དྲོང་བར་མཛད་དུ་གསོལ། །ཤུགས་དྲག་བཟོད་པར་དཀའ་བའི་སེམས་ཉོན་མོངས། །སྡུག་བསྔལ་མང་ལྡན་སྲིད་པའི་ཟུག་རྔུ་ལྡང༌། །བག་མེད་གཞན་དབང་ལེ་ལོའི་འཇིགས་པ་ལས། །དེ་རིང་ཉིད་ནས་ངེས་པར་བསྐྱབ་ཏུ་གསོལ། །སྙིང་ནས་སྙིང་པོ་མེད་པའི་ཆོས་རྣམས་ལ། །མི་རྟག་མི་བརྟན་སྒྱུ་མའི་བསླུ་བྲིད་དུ། །ངེས་པར་རྟོགས་ནས་ངེས་འབྱུང་སྐྱོ་ཤས་ཀྱིས། །ཉིན་མཚན་ཀུན་ཏུ་འདའ་བར་མཛད་དུ་གསོལ། །འཕགས་པའི་རི་ངོགས་དབེན་ཞིང་ཉམས་དགའ་བར། །རིགས་དང་མངོན་ཤེས་ཏིང་འཛིན་འགྲུབ་གྱུར་ནས། །དོན་གཉིས་ལྷུན་གྲུབ་བདེ་ཆེན་མཁའ་དབྱིངས་སུ། །ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །གཅིག་
༤༥པུར་བསྲན་ཚུགས་སྒྲུབ་ལ་བརྩོན་པ་དང༌། །ཚེ་འདིའི་ཕྱོགས་སུ་སྐད་ཅིག་མི་ཡེངས་ཤིང༌། །གོང་མའི་རྗེས་སྙོགས་དངོས་ ་མཐར་ཕྱིན་ནས། །རྟག་ཏུ་བླ་མ་མཉེས་པར་མཛད་དུ་གསོལ། །དམ་ཚིག་སྡོམ་པ་ཉམས་ཆགས་མེད་པ་དང༌། །ལྟ་སྒོམ་སྤྱོད་འབྲས་མ་ནོར་དོན་རྟོགས་ནས། །ཉིན་མཚན་འོད་གསལ་ངང་ལས་མི་གཡོ་ཞིང༌། །རང་གཞན་དོན་གཉིས་འགྲུབ་པར་མཛད་དུ་གསོལ། །སྣང་སྲིད་རྣམ་དག་བསྐྱེད་རྫོགས་མཐར་ཕྱིན་ནས། །མཁའ་འགྲོ་དམ་ཅན་སྤྲིན་བཞིན་འཐིབས་ནས་ཀྱང༌། །དངོས་གྲུབ་རྣམ་གཉིས་ཆར་བཞིན་འབབ་པ་དང༌། །ཕྲིན་ལས་རྣམ་བཞི་གྲུབ་པར་མཛད་དུ་གསོལ། །དག་སྣང་མོས་གུས་ཕྱོགས་མེད་འཆར་བ་དང༌། །བྱམས་དང་སྙིང་རྗེ་རྒྱུན་ཆད་མེད་པ་དང༌། །ལྟ་སྒོམ་ཉམས་རྟོགས་ཡོན་ཏན་འབར་བ་དང༌། །འགྲོ་དོན་ཕྱོགས་མེད་འགྲུབ་པར་མཛད་དུ་གསོལ། །བདག་གི་མོས་དགེ་ཕུན་ཚོགས་འདི་ཡིས་ནི། །འགྲོ་ཀུན་མ་ལུས་ཕྱམ་གཅིག་ཡོངས་གྲོལ་ནས། །བདེ་ཆེན་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ཞིང༌། །ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །ཅེས་མོས་གུས་གདུང་ཤུགས་དང་བཅས་པས་གསོལ་བ་གདབ་ལ། དེ་ནས་འདོད་དོན་སྤྱིར་གསོལ་བ་ནི། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་
༤༦ཆོས་ཀྱི་དབང་ཕྱུག་དཔལ་ལྡན་བླ་མའི་དཀྱིལ་འཁོར་མ་ལུས་པ་རྣམས་དང༌། ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པ་དཔའ་བོ་རྣལ་འབྱོར་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་བདག་ཅག་སེམས་ཅན་རྣམས་ལ་དགོངས་སུ་གསོལ། དཔལ་མགོན་དམ་པར་གྱུར་པ་ཁྱེད་རྣམས་ལ་མཁྱེན་པ་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། བདག་གིས་གསོལ་བ་བཏབ་པའི་དོན་འདི་དག་བསླུ་བ་མེད་ཅིང༌། དུས་ད་ལྟ་སྐད་ཅིག་འདི་ཉིད་ནས་འགྲུབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། དཀོན་མཆོག་སངས་རྒྱས་བསྟན་པ་རིན་པོ་ཆེ། །འདུལ་མདོ་མངོན་པར་རིག་འཛིན་སྡེ་སྣོད་ནི། །ཕྱོགས་རྣམས་ཀུན་ཏུ་དར་ཞིང་རྒྱས་པ་དང༌། །ཉམས་མེད་ཡུན་རིང་གནས་པར་མཛད་དུ་གསོལ། །ཁྱད་པར་ཚེ་གཅིག་སངས་རྒྱས་སར་སྦྱོར་བའི། །སྒྲུབ་བརྒྱུད་ཤིང་རྟ་ཆེན་པོའི་རིང་ལུགས་རྣམས། །མཐའ་དབུས་ཀུན་ཁྱབ་མི་ནུབ་ཡུན་ཏུ་གནས། །ཚུལ་བཞིན་ཉམས་སུ་ལོན་པར་མཛད་དུ་གསོལ། །སྒྲུབ་ལ་ཕྱི་དང་ནང་གི་བར་ཆད་ཞི། །གནས་
༤༧གྲོགས་ཡོ་བྱད་ཆོས་མཐུན་ངང་གིས་འབྱོར། །བདུད་ལས་ཀུན་སྤོང་བརྩོན་འགྲུས་མི་ལྡོག་པས། །སྒྲུབ་པའི་འབྲས་བུ་འགྲུབ་པར་མཛད་དུ་གསོལ། །རྒྱལ་བསྟན་གང་ན་གནས་པའི་ས་ཕྱོགས་སུ། །མི་ནད་ཕྱུགས་ནད་རྒྱུན་གཅོད་ལོ་ཕྱུགས་ལེགས། །དུས་འཁྲུགས་ཀུན་ཞི་མཚོན་གྱི་བསྐལ་པ་ཉམས། །ཡུལ་ལྗོངས་ཐ་གྲུར་བདེ་བར་མཛད་དུ་གསོལ། །ཆོས་སྐྱོང་རྒྱལ་པོའི་སྐུ་ཚེ་ཁྱབ་སྲིད་བརྟན། །མི་རྣམས་ཀུན་ཀྱང་དགེ་བཅུའི་ཁྲིམས་ལ་གནས། །ཕན་ཚུན་མཛའ་གཤིན་དགའ་བདེའི་དཔལ་ལ་སྤྱོད། །སྤྱི་བོ་སྐྱེས་པའི་དུས་བཞིན་མཛད་དུ་གསོལ། །སྔོན་བྱོན་རྒྱལ་བའི་བསྟན་སྒྲོན་ཡོངས་འདྲེན་པ། །ཤིང་རྟ་མཆོག་རྣམས་ཐུགས་ཀྱི་བཞེད་དགོངས་ཀུན། །རྫོགས་པར་བསྐངས་ཤིང་དགྱེས་པར་གྱུར་ནས་ཀྱང༌། །བདག་ཅག་ཐུགས་རྗེས་བཟུང་བར་མཛད་དུ་གསོལ། །བདག་ཅག་རྣམས་ཀྱི་སློབ་དཔོན་བླ་མ་དང༌། །ཚེ་འདི་ཕ་མས་གཙོ་བྱས་དྲིན་ཅན་ཀུན། །དགྱེས་ཤིང་དེ་དག་ཚེ་བསོད་ཡེ་ཤེས་འཕེལ། །ཐུགས་བཞེད་མཐའ་དག་འགྲུབ་པར་མཛད་དུ་གསོལ། །འདིར་འདུས་བདག་ཅག་སློབ་དཔོན་སྦྱིན་
༤༨བདག་བཅས། །རྟོག་ངན་རྒྱུན་ཆད་དད་གུས་ཤེས་རབ་འཕེལ། །ཐུགས་མཐུན་བདེ་སྐྱིད་ཆོས་བཞིན་བསམ་དོན་འགྲུབ། །དངོས་གྲུབ་མ་ལུས་ཐོབ་པར་མཛད་དུ་གསོལ། །འདི་ལྟར་བདག་ཅག་ལྷག་བསམ་རབ་དཀར་བས། །དཀོན་མཆོག་རྣམས་ཀྱི་ཐུགས་དམ་རྒྱུད་བསྐུལ་ནས། །བསྟན་འགྲོར་ཕན་པའི་གསོལ་འདེབས་འདི་དག་ཀུན། །བསླུ་མེད་གེགས་མེད་འགྲུབ་པར་མཛད་དུ་གསོལ། །དེ་ལྟ་ཉིད་ཀྱི་བསོད་ནམས་མཆིས་ཀུན་ཡང༌། །རྩ་བའི་བླ་མ་སངས་རྒྱས་སྲས་བཅས་ལ། །འབུལ་མཐུས་བླ་མའི་སྐུ་ཚེ་མཛད་ཕྲིན་འཕེལ། །བསྟན་འགྲོའི་དོན་ཆེན་འགྲུབ་པར་མཛད་དུ་གསོལ། །བདག་ཅག་རྣམས་ཀྱང་ཚེ་རབས་དུས་རྟག་ཏུ། །རིགས་བཟང་བློ་གསལ་མཐོ་རིས་དབང་ཕྱུག་ཐོབ། །མ་ནོར་ཆོས་སྟོན་བླ་མ་དམ་པ་མཇལ། །དོན་གཉིས་ནོར་བུ་མཆོག་ཐོབ་མཛད་དུ་གསོལ། །བདག་ཅག་བྱ་སྤྱོད་བགྱིས་པ་མ་ལུས་པ། །དཀོན་མཆོག་སྲི་ཞུ་སེམས་ཅན་དོན་གྱུར་ནས། །རྒྱལ་བ་དགྱེས་ནས་བདག་ཅག་འགྲོ་བའི་མགོན། །རྒྱལ་བའི་གོ་འཕང་མྱུར་ཐོབ་བྱིན་གྱིས་རློབས། །ཅེས་ཀ་ཐོག་རིག་འཛིན་
༤༩ཆེན་པོའི་གསུང་ལས་ཅུང་ཟད་ཁ་བསྐངས་བྱ་བའང་བརྗོད། གསུམ་པ་རྗེས་ཀྱི་བྱ་བ་ལ། སླར་ཡན་ལག་བདུན་པ་མདོར་བསྡུས་པ་བྱ་བ་ནི། བླ་མ་མཆོག་དང་ཕྱག་འོས་ཐམས་ཅད་ལ། །ཞིང་རྡུལ་གྲངས་དང་མཉམ་པའི་ལུས་བཏུད་ནས། །ཡོན་ཏན་བརྗོད་པའི་ངག་གིས་བསྟོད་བྱེད་ཅིང༌། །ལྷག་བསམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །བདག་གིས་ལུས་དང་ལོངས་སྤྱོད་དགེ་བ་སོགས། །འཇིག་རྟེན་འཇིག་རྟེན་འདས་པའི་དཔལ་འབྱོར་ཀུན། །ཕྱི་ནང་མཆོད་སྤྲིན་རྒྱ་མཚོར་བློས་སྤྲུལ་ནས། །མཆོད་འོས་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཐོག་མེད་དུས་ནས་ཉོན་མོངས་དབང་གྱུར་ནས། །སྒོ་གསུམ་སྒོ་ནས་རང་བཞིན་བཅས་པའི་སྡིག །བགྱིས་དང་བགྱིས་སྩལ་ཡི་རང་བགྱིས་པ་ཀུན། །གནོད་འགྱོད་སྡོམ་པའི་སེམས་ཀྱིས་མཐོལ་ཞིང་བཤགས། །སྐྱེས་མཆོག་སྲས་དང་བཅས་པའི་རྣམ་ཐར་དང༌། །གཞན་ཡང་འགྲོ་ཀུན་སྒོ་གསུམ་དགེ་བའི་ཚོགས། །བྱས་དང་བྱེད་འགྱུར་ད་ལྟ་མཛད་རྣམས་ལ། །རབ་ཏུ་དགའ་བའི་ཡིད་ཀྱིས་ཡི་རང་ངོ༌། །འགྲོ་ཀུན་ཕན་ཅིང་དགེ་
༥༠བར་བགྱིད་པའི་སླད། །ཆོས་ཀྱི་རྒྱལ་པོ་སྲས་དང་བཅས་རྣམས་ཀྱིས། །གང་ལ་གང་འདུལ་ཟབ་དང་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར་དུ་གསོལ། །ཆོས་ཀྱི་སྐུ་ལ་སྐྱེ་འཇིག་མི་མངའ་ཡང༌། །གཟུགས་སྐུ་ཞིང་གཞན་དོན་ལ་མི་གཤེགས་པར། །མགོན་མེད་སྙིགས་མའི་འགྲོ་ལ་རྗེས་བརྩེ་བས། །མྱ་ངན་མི་འདའ་ཡུན་རིང་བཞུགས་པར་འཚལ། །འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་དོན་དུ། །སྐྱབས་མཆོག་ཁྱེད་ལ་རྟག་པར་སྐྱབས་སུ་མཆི། །ཐུན་མོང་ཁྱད་པར་དམ་ཚིག་སྡོམ་པ་རྣམས། །དེང་ནས་བླངས་ཏེ་ཚུལ་བཞིན་བསྒྲུབ་པར་བགྱིའོ། །བདག་གིས་དུས་གསུམ་བསགས་པའི་དགེ་བའི་མཐུས། །འགྲོ་ཀུན་སྲིད་པའི་འཆིང་བ་ལས་གྲོལ་ཏེ། །དཔལ་ལྡན་བླ་མ་མཆོག་གིས་རྗེས་བཟུང་ནས། །ཀུན་མཁྱེན་མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ནོངས་པ་བཟོད་གསོལ་ནི། བདག་ནི་མི་ཤེས་བག་མེད་དབང་གྱུར་པས། །མ་རིག་ཉེས་པའི་ཚོགས་རྣམས་གང་བགྱིས་པ། །བརྩེ་ལྡན་ཁྱོད་ཀྱི་སྤྱན་སྔར་བཤགས་པར་བགྱི། །ཐུགས་རྗེའི་རང་བཞིན་ཅན་གྱིས་བཟོད་པར་གསོལ། །དབང་
༥༡ལེན་ནི། བླ་མ་དཀོན་མཆོག་རྒྱལ་བ་སྲས་བཅས་ཀྱིས། །མོས་པའི་བུ་ལ་ཐུགས་རྗེས་བརྩེར་དགོངས་ལ། །དབང་བཞི་བསྐུར་ཅིང་བརྒྱུད་བཞི་སྨིན་པ་དང༌། །སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་ལན་གསུམ། གསོལ་བ་བཏབ་པས་སྤྱི་གཙུག་དང་ཕྱོགས་སུ་བཞུགས་པའི་ལྷ་ཚོགས་ཐམས་ཅད་རིམ་གྱིས་འོད་དུ་འདུས་ཏེ་གཙོ་བོ་ལ་ཐིམ། གཙོ་བོ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། བླ་མའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། །རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱ་ལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་
༥༢རྩ་རླུང་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །རང་གི་གནས་གསུམ་དུ་ཐིམ། དབང་བཞི་པ་ཐོབ། སྒོ་གསུམ་ཆ་སྙོམས་ཀྱི་དྲི་མ་སྦྱངས། ལམ་ཟུང་འཇུག་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །རང་ལ་བསྟིམ་པ་ནི། སྐྱབས་མཆོག་ཁྱེད་ནི་འགྲོ་བའི་དོན་རབ་མཛད། །ཆོས་ཀྱི་སྐུ་ལ་འགྱུར་བ་མི་མངའ་ཡང༌། །གཟུགས་སྐུ་བདག་གི་ལུས་ལ་རབ་བསྐྱེད་ནས། །བརྩེ་ལ་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། །བླ་མ་རང་གི་སྤྱི་བོར་བྱོན་ནས་སྙིང་གར་འོད་དུ་ཞུ་སྟེ་ཐིམ་པས། བླ་མ་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པར་གྱུར། བསྔོ་བ་ནི། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་
༥༣ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་མ་གུས་ལྡན། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །དཔལ་ལྡན་བླ་མའི་རྣལ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང༌། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་དང་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་ཐུན་མོང་དང༌། ཐུན་མིན་སྔགས་ཀྱི་ཐེག་པ་དང་འབྲེལ་བའི་སྨོན་ལམ་བཟང་པོ་བླ་མ་ལྔ་བཅུ་པའི་དོན་བསྡུས་སོགས་གང་ཤེས་གདབ། བཀྲ་ཤིས་ནི། རྒྱལ་མཚན་རྩེ་མོར་དབང་གི་རྒྱལ་པོ་ལྟར། །ལྷག་པའི་ལྷ་ཡི་གཙུག་གི་རྒྱན་གྱུར་པའི། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་རྩོལ་བའི། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །ཅེས་པས་མཚོན་དགེ་ལེགས་སུ་འགྱུར་བའི་ཚིག་ཕྲེང་རྒྱས་པར་བརྗོད་ཅིང་རོལ་མོའི་སྒྲ་སྙན་པར་བསྒྲག །མེ་ཏོག་གི་ཆར་བསྙིལ་བར་བྱའོ། །སྒྲུབ་བརྒྱུད་ཆེན་ལོ་བརྒྱད་ཀྱི་ཤིང་རྟ་རྣམས། །གཙོར་གྱུར་མཁས་དང་གྲུབ་པ་རེ་རེ་ཡང༌། །ངོ་མཚར་རྣམ་ཐར་བསམ་གྱིས་
༥༤མི་ཁྱབ་པས། །མཆོད་གསོལ་ཕན་ཡོན་བརྗོད་པའི་ཡུལ་ལས་འདས། །བསོད་ནམས་རིན་ཆེན་རྡུལ་བརྩེགས་རྒྱུ་འདིས་ཀྱང༌། །སྐྱེ་ཀུན་དམ་པའི་མགོན་དང་མི་འབྲལ་བར། །ཆོས་མཐུན་འབྱོར་ལ་འབད་མེད་ལྷུན་གྱིས་གྲུབ། །བླ་མ་སངས་རྒྱས་རྒྱལ་ས་ཆེ་བརྙེས་ཤོག །ཅེས་པའང་མཉམ་མེད་བཀའ་བརྒྱུད་རིན་པོ་ཆེའི་གདན་ས་ཁྱད་པར་འཕགས་པ་དལ་ལ་སྟག་ལུང་མར་ཐང་གི་གྲུབ་པའི་རྒྱལ་རབས་འཛིན་པ་ཡང་དགོན་རྗེ་དྲུང་མཆོག་གི་སྤྲུལ་པའི་སྐུ་ཕྲིན་ལས་བྱམས་པ་འབྱུང་གནས་ཞལ་སྔ་ནས་གཙོས་དགེ་བའི་བཤེས་གཉེན་དགའ་ཞིག་གི་ཐུགས་བཞེད་ལྟར། ཤིང་རྟ་ཆེན་པོ་བརྒྱད་ཀྱི་བཀའ་སྲོལ་ཡོངས་སུ་རྫོགས་པའི་གདམས་ངག་བདུད་རྩིའི་ཆུ་ཀླུང་དད་བློ་སྙིང་གི་བུམ་པར་བསྐྱིལ་བའི་སྐལ་བཟང་ཐོབ་སྟེ། སྙིགས་དུས་ཀྱི་དགེ་སྦྱོང་རྟགས་ཙམ་འཛིན་པར་བློ་གྲོས་མཐའ་ཡས་པའི་སྡེས་གྲུབ་དབང་ལོ་ཙཱ་བ་བློ་གྲོས་དཔལ་གིས་མཛད་པའི་བླ་མཆོད་བྱིན་རླབས་ཅན་གཞིར་བཞག །འཐད་འོས་གཞན་གྱིས་ཁ་བསྐངས་ཏེ་དཔལ་སྤུངས་ཡང་ཁྲོད་ཤྲཱི་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། ཨོཾ་སྭསྟི་སིདྡྷི། ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་ཀྱིས་འཚོས་པ། །བཤད་རྒྱུན་འདོགས་པའི་ཀ་ཆེན་བཅུ་ཕྲག་དང༌། །སྒྲུབ་བརྒྱུད་འདྲེན་པའི་ཤིང་རྟ་ཆེན་པོ་བརྒྱད། །དེ་དག་གངས་ཅན་བསྟན་པའི་དཔལ་མགོན་ཉིད། །ཀུན་གྱི་བཀའ་སྲོལ་སྨིན་གྲོལ་བཤད་པ་བཅས། །
༥༥མ་ལུས་ཡོངས་རྫོགས་མཚོ་ལ་ནོར་བུ་བཞིན། །འཇམ་མགོན་བླ་མ་ཉི་ཟླ་ཟུང་གཅིག་གི །ཐུགས་བསྐྱེད་སྨོན་ལམ་བརྩོན་པའི་སྟོབས་ཀྱིས་བཟུང༌། །སྒྲུབ་བརྒྱུད་བརྒྱད་འདུས་བླ་མ་མཆོད་པ་ཡི། །ཆོ་ག་འཇམ་མགོན་བློ་གྲོས་མཐའ་ཡས་གསུང༌། །དེ་ལ་མཛད་པོ་ཞལ་སྐོང་ཆོས་ཀྱི་རྗེ། །མཁན་ཆེན་བཀྲ་ཤིས་འོད་ཟེར་ཞབས་ཀྱིས་གནང༌། །འདི་ཉིད་ཉམས་སུ་ལེན་པའི་སྐལ་བཟང་ལ། །ཁྱེར་བདེའི་བཙས་སུ་གདམས་མཛོད་ནས་བཀོལ་ཏེ། །མཁན་ཟུར་རྡོར་སློབ་བསླབ་པ་གསུམ་གྱི་བདག །ཆོས་དབྱིངས་བཀྲ་ཤིས་མཆོག་གིས་སྤར་དུ་བསྒྲུབས། །དེ་ལས་རབ་ཐོབ་རྣམ་དཀར་རླབས་པོ་ཆས། །མཁའ་ཁྱབ་མ་རྣམས་ངེས་གསང་སྙིང་པོའི་སྒོར། །ཞུགས་ཏེ་ས་ལམ་ཡོན་ཏན་མྱུར་དུ་རྫོགས། །ཚེ་འདིར་རྡོ་རྗེ་འཆང་ལ་ཉིད་གྱུར་ཅིག །ཅེས་པའི་སྤར་བྱང་སྨོན་ཚིག་འདིའང་སྒྲུབ་བརྒྱུད་བརྒྱད་ཀྱི་རིང་ལུགས་ལ་མཆོག་ཏུ་གུས་པའི་བྱ་བྲལ་བ་ཀརྨ་བཀྲ་ཤིས་ཆོས་འཕེལ་གྱིས་བརྗོད་པ་སུ་ཤྲེ་ཡོབྷ་ཝ་ཏུ། སརྦ་དཱ་མངྒ་ལཾ།

|[1]=[/ref]}}| ]]

Notes

  1. =[ref]|

Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.