Tibetan:ལམ་འབྲས་བུ་དང་བཅས་པའི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་སྦས་དོན་ཀུན་གསལ་: Difference between revisions

From gDams Ngag mDzod
Jump to navigation Jump to search
m (Text replacement - "[[TibetanContent::{{#replaceset:" to "{{TibetanContent|")
m (Text replacement - "<onlyinclude>{{TibetanContent| " to "<onlyinclude>{{TibetanContent|content= ")
 
(One intermediate revision by the same user not shown)
Line 1: Line 1:
{{Text Tibetan}}
{{Text Tibetan}}
==Tibetan Text==
==Tibetan Text==
<onlyinclude>{{TibetanContent|
<onlyinclude>{{TibetanContent|content=


<div class="folio"><span class="shoglhe">༣༢༩</span>ལམ་འབྲས་བུ་དང་བཅས་པའི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་སྦས་དོན་ཀུན་གསལ་ཞེས་བྱ་བ་བཞུགས་སོ། །
<div class="folio"><span class="shoglhe">༣༢༩</span>ལམ་འབྲས་བུ་དང་བཅས་པའི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་སྦས་དོན་ཀུན་གསལ་ཞེས་བྱ་བ་བཞུགས་སོ། །
Line 288: Line 288:
</div>  
</div>  


|<ref>=[ref]|</ref>=[/ref]}}| ]]</onlyinclude>
}}</onlyinclude>
==Notes==
==Notes==
<references/>
<references/>

Latest revision as of 14:47, 19 February 2019

Upload a file
DOWNLOAD ABOVE:
Click the picture above to view the original manuscript.
ལམ་འབྲས་བུ་དང་བཅས་པའི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་སྦས་དོན་ཀུན་གསལ་
lam 'bras bu dang bcas pa'i gzhung ji lta ba bzhin dkri ba'i khrid yig sbas don kun gsal
Damngak Dzö Volume 5 (ཅ་) / Pages 329-423 / Folios 1a1 to 48a6
Previous Text[[|Next Text ]]

Tibetan Text

༣༢༩ལམ་འབྲས་བུ་དང་བཅས་པའི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་སྦས་དོན་ཀུན་གསལ་ཞེས་བྱ་བ་བཞུགས་སོ། །
༣༣༠ༀ་སྭ་སྟི། །ལམ་འབྲས་བུ་དང་བཅས་པའི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་སྦས་པའི་དོན་གསལ་བ་ཞེས་བྱ་བ། བླ་མ་དང་རྡོ་རྗེ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། །མཐུ་སྟོབས་དབང་ཕྱུག་བིརྦ་པ་ཡི་གསུང་། །སྙན་ནས་སྙན་དུ་བརྒྱུད་པ་རྡོ་རྗེའི་ཚིག །གསང་མཛོད་སྒྱུར་བྱེད་གཞན་ལ་ལེགས་སྟོན་པའི། །བླ་མ་ལྷག་པའི་ལྷར་བཅས་ལ་བཏུད་ནས། །གདམས་པ་མཆོག་འདི་ནུབ་པར་མི་འགྱུར་ཞིང་། །རང་དགའི་དྲི་མས་གོས་པ་བསལ་བའི་ཕྱིར། །གཞན་ལ་བརྩེ་བའི་བསམ་པས་གསོལ་བཏབ་ནས། །བརྒྱུད་པའི་སྲོལ་བཞིན་ཁྲིད་རིམ་གསལ་བར་བྱ། །དེ་ལ་སློབ་མ་དད་པ་དང་སྙིང་རྗེ་དང་ལྡན་ཞིང་དབང་ལེགས་པར་ཐོབ་པ་འཁོར་བའི་དུཿཁ་ལས་ཐར་བར་འདོད་ཅིང་། གསང་སྔགས་རྡོ་རྗེ་ཐེག་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པས་བླ་མ་ལ་ཚོགས་གཏོར་སྔོན་དུ་འགྲོ་བས་ཁྲིད་ཡོན་ཕུལ་ཏེ། མཎྜལ་སྔོན་དུ་འགྲོ་བས་གསོལ་བ་གདབ་སྟེ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་སྐྱོབས། །ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོས་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །བློ་མཆོག་བདག་ལ་གནང་བར་མཛོད། །
༣༣༡ཅེས་པའི་ཚིག་ལན་གཅིག་གིས་སོ། །ཡང་ལག་ཏུ་མེ་ཏོག་བྲིམ། ཕྱག་གསུམ་འཚལ་ལ་མེ་ཏོག་བླ་མའི་ཕྱག་ཏུ་ཕུལ་ལ་གསོལ་བ་ལན་གཅིག་གདབ། ཡང་དེ་ལྟ་བུ་གཅིག་སྟེ་ལན་གསུམ་གྱི་རྗེས་ལ། བླ་མ་རིན་པོ་ཆེའི་སྤྱན་སྔ་ནས་བདག་ཅག་འདིར་འདུས་པ་གདུལ་བྱར་གྱུར་པའི་སློབ་མ་རྣམས་ལ་ཤིན་ཏུ་ཟབ་པའི་ཁྲིད་ཀྱི་རིམ་པ་རྗེས་སུ་བཟུང་སྟེ་བཀའ་དྲིན་ནོད་པར་འཚལ་ལོ་ཞེས་བརྗོད། མཎྜལ་ཕྱག་ཏུ་ཕུལ་ནས་གྲལ་དུ་འཁོད་པ་ལ། བླ་མས་གསོལ་བ་གདབ་པ་ལ་སོགས་པ་འདི་རྣམས་སློབ་དཔོན་གྱི་ཆེ་ཐབས་ཚོལ་བའམ། གེ་བློ་ལྟ་བུ་གཅིག་མིན་གྱི། སངས་རྒྱས་ཀྱིས་རྒྱུད་སྡེ་རྣམས་ནས་གསུངས་པའི་དོན་གྲུབ་པ་བརྙེས་པའི་སློབ་དཔོན་བརྒྱུད་པ་དང་བཅས་པ་རྣམས་ཀྱི་མན་ངག་ལས་འབྱུང་བ་ཡིན་ཏེ། རིམ་ལྔ་ལས། དེ་ཉིད་མི་ཟབ་འདོད་པ་ཡིས། །ཤིན་ཏུ་གཅེས་པ་གང་དང་གང་། །ཤིན་ཏུ་ཁྱད་པར་ཅན་ཉིད་དག །དེ་དང་དེ་ནི་བླ་མར་དབུལ། །ཡང་། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་འཐོབ་པར་འགྱུར། །ཞེས་དང་། དེ་ཉིད་དུ། གང་གིས་སློབ་དཔོན་གསོལ་མ་བཏབ། །འདིར་ནི་རིགས་སུ་སྐྱེ་བ་མེད། །ཅེས་དང་། བླ་མ་ལྔ་བཅུ་པ་ལས། དཀྱིལ་འཁོར་མེ་ཏོག་བཅས་ཐལ་མོས། །
༣༣༢ཉན་སོགས་འདོད་པས་གསོལ་གསུམ་གདབ། ཅེས་གསུངས་པས་སོ། །ཞེས་བརྗོད་དོ། །དེའི་ཚེ་བླ་མས་ལྟས་བརྟག་པར་བྱ་སྟེ། དཔོན་སློབ་གཉིས་ཀའི་རླུང་གཡས་ནས་རྒྱུ་བའི་དུས་སུ་མན་ངག་བསྟན་ན་ཉམས་མྱུར་དུ་སྐྱེ་ཡང་མི་བརྟན་ཞིང་བར་ཆད་འབྱུང་ལ། གཉིས་ཀ་ནས་རྒྱུ་ན་མ་ནིང་གི་རླུང་ཞེས་པ་འཕོ་མཚམས་ཡིན་པས་དེའི་ཚེ་ཏིང་ངེ་འཛིན་གཤའ་མ་མི་སྐྱེ་བས་མི་བརྟན་ཞིང་། གཡོན་ནས་རྒྱུ་བའི་ཚེ་བསྟན་ན་ཉམས་སྐྱེ་བུ་ལ་ཡང་སྐྱེས་པ་བརྟན་ཞིང་བར་ཆད་ཆུང་བས་དེ་དུས་བསྟན་ནོ། །དེའང་ཡུན་རིང་པོར་གཡས་སུ་རྒྱུ་ན་གཡོན་དུ་འཕོ་བར་བསྒོམ་པས་འཕོ་སྲིད་ལ། མ་འཕོས་ན་ནུ་མ་གཅུད་ལ་བོར་བ་ཞེས་བྱ་བ། ལག་གཡས་པའི་གྲུ་མོས་ནུ་མ་མཉེ། ལག་མཐིལ་གྱིས་འགྲམ་པ་གཡས་ལ་མཉེ་ཞིང་གཉིས་ཀའང་དྲག་ཏུ་བྱས་པས་འཕོ། །དེས་ཀྱང་འཕོར་མ་ཉན་ན། ཞག་གཅིག་གཉིས་ལ་སོགས། །ཞོག་གཡས་འོག་ཏུ་བཅུག་སྟེ་ནུ་མ་གཅུད་ལ་བོར་བའི་སྦྱོར་བ་བྱས་པས་འཕོའོ། །དེའི་ཚེ་ཁྲིད་ཀྱི་རིམ་པ་བསྟན་པར་བྱ་སྟེ། འདི་ལ་སྔོན་དུ་འགྲོ་བ་དང་། དངོས་གཞི་ལམ་སྒོམ་པ་གཉིས་ཀྱི་དང་པོ་ལ་ཁྲིད་ཀྱི་སྔོན་འགྲོ་དང་། ཐུན་གྱི་སྔོན་འགྲོའོ། །དང་པོ་ལའང་བསག་སྦྱང་གཉིས་བསྒོམ་པ་དང་། སྦྱོང་བ་གསུམ་ཉམས་སུ་བླང་བའོ། །དང་པོ་ལ་གཉིས་ལས། ཚོགས་བསགས་པའི་ཕྱིར་མཎྜལ་དབུལ་བ་ནི། གསང་འདུས་ལས། ཞིང་འདི་རིན་ཆེན་བདུན་རྣམས་ཀྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པས་དངོས་གྲུབ་ཕྱིར། །ཤེས་རབ་ཅན་གྱིས་ཉིན་རེ་དབུལ། །ཞེས་པ་ལྟར་ཉམས་སུ་བླང་སྟེ། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལན་གསུམ་སྔོན་དུ་སོང་ནས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། །དེའི་དོན་དུ་བསོད་ནམས་ཀྱི་ཚོགས་བསགས་སྙམ་པའི་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། དེ་ནས་སྭ་བྷཱ་བའི་སྔགས་ཀྱིས་རང་འདུག་པའི་གནས་སྟོང་
༣༣༣པར་བསྒོམ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་རིན་པོ་ཆེའི་ཁྲི་ཆེན་པོའ་སྟེང་དུ་པདྨ་དང་ཉི་ཟླ་བརྩེགས་པའི་གདན་སྟེང་ན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་ཧེ་རུ་ཀའི་རང་བཞིན་དུ་བཞུགས་པར་བསམ། དེའི་མཐའ་མར་བླ་མ་བརྒྱུད་པ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་བཞུགས་པར་བསམ། དངོས་པོ་རྣམ་པར་དག་པ་མེ་ཏོག་གཙང་མས་ཚོམ་བུ་བདུན་བྱས་པའི་དབུས། རིའི་རྒྱལ་པོ་རི་རབ། ཤར་ཤེལ། ལྷོར་བཻ་། ནུབ་པདྨ་རཱ་ག་།བྱང་གསེར་ལས་གྲུབ་པ། ཅོག་ཆེན་པོ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ་དང་། ཡང་ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་དང་དབུས་ཀྱི་བར་དུ་ཉི་མ། དབུས་དང་ནུབ་ཀྱི་བར་དུ་ཟླ་བ། སྟེང་དུ་ལྷ་དང་མིའི་ལོངས་སྤྱོད། རིན་ཆེན་སྣ་བདུན། འདོད་འཇོའ་བ། མ་རྨོས་པའི་ལོ་ཏོག །དཔག་བསམ་གྱི་ཤིང་། གསེར་དངུལ། འབྲུ་དང་ཟས་གོས་ལ་སོགས་པ་དངོས་པོ་བཟང་ལ་གྱ་ནོམ་པ་བསམ་གྱིས་མི་ཁྱབ་པས་གང་བར་བསམ་ཞིང་། དེ་ལྟོས་པ་མེད་པར་མདུན་གྱི་མགྲོན་རྣམས་ལ་ཕུལ་བར་བསམས་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་བླ་མ་དམ་པས་བདག་གི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ། དེ་ལྟ་བུ་བསྐྱར་ལ་ལན་མང་དུ་དབུལ་གྲངས་བཟུང་། བླ་མ་ལ་མོས་གུས་དྲག་ཏུ་བྱའོ། །གཉིས་པ་འགལ་རྐྱེན་སྡིག་པ་སྦྱོང་བ་ནི། ཡི་གེ་བརྒྱ་པའི་བསྙེན་པ་བྱེད་དུ་གཞུག་སྟེ། དེའང་སྤྱི་བོར་རྡོ་རྗེ་སེམས་དཔའ་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང་ཡུམ་རྡོ་རྗེ་སྙེམས་མ་གྲི་གུག་དང་ཐོད་པ་
༣༣༤འཛིན་པ། གཉིས་ཀའང་སྐུ་མདོག་དཀར་པོ་རིན་པོ་ཆེའི་རྒྱན་ཅན་སྐྱིལ་ཀྲུང་གིས་སྙོམས་པར་ཞུགས་པ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་དཀར་པོ་བསྒོམས་ལ་དེ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་སྟེ། བཅོམ་ལྡན་འདས་ཡབ་ཡུམ་གང་དེ་ལས་ཆར་བབ་པ་བཞིན་རང་གི་སྤྱི་བོ་ནས་མར་བྱུང་སྟེ། སྡིག་པ་ཐམས་ཅད་ནག་པོའ་རྣམ་པར་བདུད་རྩིའི་རྒྱུན་གྱིས་དེད་པས་དྲི་མའི་ལམ་གཉིས་དང་རྐང་མཐིལ་གཉིས་ནས་འཐོན། ཤུལ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་བེངས་པར་བསམས་ལ་ཡི་གེ་བརྒྱ་པ་བཟླའོ། །དེ་ལྟར་བསགས་སྦྱང་གཉིས་ཐུན་རེ་ལ་བརྒྱ་སྟོང་ལ་སོགས་པའི་ཚུལ་གྱིས་ཐུན་གསུམ་མམ་བཞིའི་རིམ་པས་རབ་ཀྱིས་ལོ། །འབྲིང་གིས་ཟླ་བ། ཐ་མས་ཀྱང་ཞག་གསུམ་ལྔ་བདུན་གྱི་བར་རམ་སྡིག་པ་དག་པའི་རྟགས་ཁྲུས་བྱས་པ་དང་། ལུས་ལ་རྣག་ཁྲག་དང་། མི་གཙང་བ་དང་། སེམས་ཅན་ལ་སོགས་པ་འཐོན་པ་དང་། གོས་དཀར་པོ་གོན་པ་དང་། རྒྱན་དང་མེ་ཏོག་དཀར་པོས་བརྒྱན་པ་དང་། ནམ་མཁའ་ལ་འཕུར་བ་ལ་སོགས་པ་རྨི་བ་དང་། དངོས་སུ་ལུས་ཡང་བ་དང་། ཁམས་བདེ་བ་དང་། ཤེས་པ་དྭངས་ཤིང་ཏིང་ངེ་འཛིན་གསལ་བ་འགྱུང་ངོ་། །བསོད་ནམས་འཕེལ་བའི་རྟགས་ནི། རང་ཁྲི་ཆེན་པོ་ལ་འདུག་པ་དང་། གོས་གསར་པ་བཟང་པོ་གྱོན་པ་དང་། ཟས་བཟང་པོ་ཟོས་པ་དང་། རྒྱན་བཟང་པོས་བརྒྱན་པ་དང་། ཉི་ཟླ་ཤར་བ་དང་། རི་བོ་ཆེན་པོ་ལ་འཛེག་པ་དང་། རྔ་བརྡུང་བ་དང་། དུང་འབུད་པ་དང་། ཀུན་གྱིས་བསྟོད་པ་ལ་སོགས་པ་རྨི་ལམ་དུ་མ་བྱུང་བར་དུ་བྱ་ཞིང་། བསག་སྦྱང་གཉིས་མང་གིན་ཏིང་ངེ་འཛིན་སྐྱེ་སླ་ཞིང་གེགས་ཆུང་བ་ཡིན་ནོ། །དེ་ལྟར་བསག་སྦྱང་གཉིས་ཀའི་གྲངས་བཟུང་ལ་གྲངས་དང་མེ་ཏོག་བླ་མ་ལ་དབུལ། བླ་མས་ལྟས་བརྟག་སྟེ་གྲངས་ཁ་འཆམ་ན་བར་ཆད་ཆེ་ཞིང་ཏིང་ངེ་འཛིན་ངན་པས་
༣༣༥སླར་བསག་སྦྱང་ལ་འབད་དུ་གཞུག །ཁ་ཡར་ན་བར་ཆད་ཆུང་ཞིང་ཏིང་ངེ་འཛིན་བཟང་བས་ཐུན་སྤོའོ།། །།གཉིས་པ་སྦྱང་བ་གསུམ་ཉམས་སུ་བླང་བ་ལ་གསུམ་ལས། ལུས་སྦྱང་བ་ནི། ལུས་ཐམས་ཅད་ཆང་ངམ་དྲི་ཆུས་བཀྲུས་ལ། བཀུ་མཉེ་བྱ། ཉི་མ་ལ་བདུག །གནས་ཁང་དབེན་སར་བསྡད་ཅིང་རྡུལ་མི་ཐོན་ཙམ་དུ་རན་པར་བཅག །བསྐོར་བ་བྱ། དེ་ནས། མགོ་བོ་མཇིང་པ་བསྒྱུར་བྱ་ཞིང་། །ལག་པ་གཉིས་ནི་སོ་སོར་བསལ། །རྐང་པ་གཉིས་ཀྱང་དྲག་ཏུ་སྤྲུག །ཡན་ལག་ལྔ་ཡི་སྦྱང་བའོ། །ཞེས་པ་ལྟར་ཉམས་སུ་བླང་སྟེ། མགོ་བོ་ལ་གཡས་གཡོན་དུ་བསྐོར་བ་གཉིས། ཕྱོགས་བཞིར་འཕང་བ་དང་། གཡས་གཡོན་དུ་འཕང་བ་གཉིས་ཏེ་བཞིའོ། །དེའང་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ་ནས་མིག་མི་འཛུམ་པར་བྱ་སྟེ། བཙུམ་ན་མིག་ལ་སྐྱོན་འོང་བས་སོ། །ལག་པ་ལ་སོ་སོར་སྤྲུག་པ། མགོ་བོ་ལ་བསྐོར་ནས་རུས་གཅིག་ཏུ་སྤྲུགས་པ་དང་། མ་བསྐོར་བར་མདུན་ཏུ་པུས་མོའ་སྟེང་དུ་དུས་གཅིག་སྤྲུགས་པ་དང་། མདའ་གཞུ་འགེངས་པ་སྟེ་བཞིའོ། །རྐང་པ་ཕྱོགས་བཞིར་སྤྲུགས་པ་རེས་མོས་སུ་བྱེད་པ་བཞི་སྟེ། ཚུལ་དེ་ལྟ་བུ་ལུས་དུབ་དུབ་ཀྱི་བར་དུ་བྱས་པས་རྩ་ཐམས་ཅད་མཉེན་ཏུ་འགྲོ་བས་རྩ་རླུང་གི་ཟུག་དྲག་པོ་མི་འབྱུང་བ་ཡིན་ནོ། །དེ་ནས་ལུས་ངག་ཁོང་ཀློད་དེ་གསལ་བ་རང་སོ་བཟུང་། ལྷུག་པ་རང་སོ་བཟུང་བར་བྱའོ། །དང་པོ་ནི། སེམས་ཀྱི་མཚན་ཉིད་ངོས་བཟུང་ནས་དེའི་སྟེང་དུ་འཇོག །གཉིས་པ་ནི། སེམས་ཀྱི་ངོ་བོའ་སྟེང་དུ་ཟུང་འཇུག་ཏུ་ཤེས་པས་ཀློད་ནས་བཞག་གོ །ངག་སྦྱང་བ་ནི། ཁ་ཏོན་དང་བཟླས་བརྗོད་གླེང་སློང་ལ་སོགས་པ་ངག་གི་ལས་བསྐྱུངས་ལ་མི་སྨྲ་བར་འདུག་པ་སྟེ། དེས་དབུགས་འཇམ་ཞིང་བདེ་བར་འགྱུར་རོ། །ཡིད་སྦྱོང་བ་ནི། ལྷ་སྒོམ་པ་ལ་སོགས་པ་ཆོས་ཀྱི་བསམ་མནོ་དང་
༣༣༦མོས་གུས་དང་སྙིང་རྗེ་ལ་སོགས་པ་ཡིད་ལ་ལས་མི་འཆོལ་བར་སྐྱོ་སེ་བཞག །དེས་སེམས་དམིགས་པ་ལ་འཇུག་པར་འགྱུར་ཏེ། མདོར་ན་ལུས་ཀྱི་འཕྲུལ་འཁོར་གྱིས་ལུས་དང་། ངག་དབེན་པར་གནས་པས་ངག་དང་། སེམས་དལ་བར་གནས་པས་སེམས་སྦྱང་སྟེ། དེ་གསུམ་ནི་རྟ་རྒྱུག་པའི་སྔོན་དུ་སྦྱང་ཁུག་བྱེད་པ་དང་འདྲ་སྟེ། དེ་ལྟ་བུ་ལོ་དང་ཟླ་བའི་བར་དུ་བྱས་པས་ཏིང་ངེ་འཛིན་རང་ཤུགས་ཀྱིས་སྐྱེ་བའང་སྲིད་དེ། །ཐ་མལ་པ་ཡི་ལུས་ངག་ཡིད། །སྦྱངས་པས་ཡེ་ཤེས་འཆར་བར་འགྱུར། །ཞེས་སོ། །དེ་ལྟར་བྱས་པས་ལུས་འབྱོངས་པའི་རྟགས་ལུས་བདེ་བ་དང་། ལྡང་བ་ཡང་བ་དང་། ལུས་གནད་གང་བྱས་པ་ལ་ཡུན་རིང་དུ་འདུག་ཚུགས་པ་ལ་སོགས་པ་འབྱུང་ལ། ངག་འབྱོངས་པའི་རྟགས་རླུང་འགྲོ་འོང་མི་ཚོར་བ་དང་། ཕྱི་ནང་དུ་མི་རྒྱུ་བ་ལ་མི་བདེ་བ་མེད་པ་ལ་སོགས་པ་དང་། སེམས་འབྱོངས་པའི་རྟགས་གསལ་ཞིང་དྭངས་ལ་གཞན་ཏུ་མི་འཕྲོ་བ་ལ་སོགས་པ་འབྱུང་བས་རྟགས་དེ་དག་མ་བྱུང་གི་བར་སྦྱང་བ་ལ་འབད་པར་བྱའོ།། །།གཉིས་པ་ཐུན་མོང་གི་སྔོན་འགྲོ་ལ་གཉིས་ཀྱི། དང་པོ་གནད་ལ་དབབ་པ་རྣམ་པ་གསུམ་ལས། ལུས་གནད་ལ་དབབ་པ་ནི། ལུས་སྐྱིལ་ཀྲུང་ངམ་ཙོག་པུ་གང་བདེ་བ་ལས་སྐྱིལ་ཀྲུང་ལྟར་ན། སེམས་དཔའམ་རྡོ་རྗེ་སྐྱིལ་ཀྲུང་ངམ། ལག་པ་མཉམ་བཞག་གི་ཕྱག་རྒྱ་བཅའ། ཙོག་བུ་ལྟར་ན་རྐང་པ་གཉིས་བསྣོལ་ནས། རྐང་པ་གཉིས་སྣག་པོ་ཆེ་དང་གསུམ་སྒྱེད་པུ་བཙུགས་པ་བཞིན་མཉམ་ཐངས་བཏང་། གཅིག་ལ་ཁལ་བཀུར་ན་མི་ཟུག་པ་ཡིན། ལག་པ་སྒོམ་ཐག་གི་ཕྱག་རྒྱའམ་ཐབ་འགལ་གྱི་ཕྱག་རྒྱ་བཅའ། དེ་གཉིས་ཀ་ལ་མགོ་ཅུང་ཟད་རྒུ། མིག་སྣ་རྩེར་དབབ། ལྕེ་རྐན་ལ་སྦྱར། སོ་དང་མཆུ་མཉམ་པར་སྦྱར་རོ། །དེ་དག་ཀྱང་ན་སོ་རྒན་པ་དང་། ནམ་ཟླ་སྟོན་དཔྱིད་དང་། ནད་ཁྲག་མཁྲིས་དང་། དྲོ་
༣༣༧བ་དང་། ཚ་བ་ཤས་ཆེ་བའི་དུས་ཐམས་ཅད་དུ་གཙོར་སྐྱིལ་ཀྲུང་བྱ། གཞོན་པ་དང་། ནམ་ཟླ་དགུན་དང་། །ནད་གྲང་བ་དང་། བད་ཀན་ཤས་ཆེ་བ་དང་། གྲང་བ་ཐམས་ཅད་དུ་ཙོག་པུ་ལ་བསླབ་པོ། །དེའང་ལུས་གནད་ལ་ཕབ་པས་རྩ་མི་འཁྲུགས། དེས་སེམས་གནས་པས་ཏིང་ངེ་འཛིན་རང་ཤུགས་ཀྱིས་སྐྱེ་སྟེ་ཁང་པ་རྩིགས་པའི་འགྲམ་དང་འདྲའོ། །ངག་གནད་ལ་དབབ་པ་ནི། མགྲིན་པ་མི་བདེ་བ་སངས་ཀྱིས་བར་དུ་སྣ་སྒོ་ནས་རླུང་དྲག་ཏུ་ཕྱིར་འབུད་པ་སྟེ་ཁང་པའི་མི་གཙང་བ་ཕྱག་དར་བྱེད་པ་དང་འདྲའོ། །སེམས་གནད་ལ་དབབ་པ་ནི། དར་ཅིག་སེམས་ལྷོད་གློད་ནས་འཇོག་པ་སྟེ་རྟ་བང་འདོན་ཁར་དབུགས་འདོན་པ་དང་འདྲའོ། །གཉིས་པ་སྒོམ་པ་ལ་གསུམ་ལས། དང་པོ་བསགས་པའི་ལས་ཐམས་ཅད་གཞན་དོན་དུ་འགྱུར་བ་དང་། ཐེག་པ་ཆེན་པོའ་ལམ་དུ་སྒྲུབ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་བདག་གིས་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཏིང་ངེ་འཛིན་བསྒོམ་སྙམ་དུ་བསམ་པའོ། །གཉིས་པ་ཚོགས་རྫོགས་པའི་ཡན་ལག་ཏུ་བླ་མ་བསྒོམ་པ་ནི། སྤྱི་བོར་པད་ཟླ་ཉི་མའི་སྟེང་དུ་བླ་མ་བསྒོམས་ལ་མོས་གུས་དྲག་ཏུ་བྱས་ཤིང་། བདག་གི་རྒྱུད་ལ་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཐག་པ་ནས་ཡང་དང་ཡང་དུ་གསོལ་བ་གདབ། མཐར་མོས་གུས་བྱས་ལ་བླ་མ་སྤྱི་བོར་བསྟིམ་མོ། །གསུམ་པ་ཐ་མལ་གྱི་རྟོག་པ་སྤང་བའི་དོན་དུ་ལྷ་བསྒོམ་པ་ནི། ཧཱུྃ་ཞེས་བརྗོད་པས་སྲུང་བའི་འཁོར་ལོ་དང་། ཡང་ཧཱུྃ་ཞེས་བརྗོད་པས་དལ་རྒྱས་པའམ། ཧེ་རུ་ཀ་ཕྱག་གཉིས་པ་གང་རུང་བསྒོམས་ལ་ལུས་ལ་བར་ཆད་མི་འཇུག་པར་བྱ་བའི་ཕྱིར་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། ངག་ལ་བར་ཆད་མི་འཇུག་པར་བྱ་བའི་ཕྱིར་
༣༣༨མགྲིན་པར་པདྨ་ལ་ཨཱཿདམར་པོ། ཡིད་ལ་བར་ཆད་མི་འཇུག་པར་བྱ་བའི་ཕྱིར་སྙིང་གར་ཉི་མ་ལ་ཧཱུྃ་ནག་པོ་བསམས་ལ། ངག་ཏུ་ༀ་ཨཱཿཧཱུྃ་ཞེས་ལན་གསུམ་བརྗོད་དེ་གསལ་བཏབ་པས་བར་ཆད་བསྲུང་ངོ་། །སྦྱང་བ་གསུམ། གནད་ལ་དབབ་པ་གསུམ། སྒོམ་པ་གསུམ་སྟེ་བསམ་གཏན་གྱི་ཡན་ལག་དགུ་པོ་དེ་ནི་བསམ་གཏན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་ནོ། །གཉིས་པ་ལམ་གྱི་དངོས་གཞི་ལ། སྣང་བ་གསུམ་གྱིས་དཀྲི་བ་དང་། གཞུང་ཐམས་ཅད་རྒྱུད་གསུམ་དུ་འདུ་བས་རྒྱུད་གསུམ་གྱིས་དཀྲི་བ་དང་གཉིས་ཀྱི་དང་པོ་ལ་མ་དག་པའི་སྣང་བ་ཉམས་ཀྱི་སྣང་བ་དག་པའི་སྣང་བས་དཀྲི་བ་གསུམ་གྱི་དང་པོ་ནི། རྡོ་རྗེའི་ཚིག་རྐང་ལས། སེམས་ཅན་ལ། ཞེས་གསུངས་པས། སེམས་ཅན་གྱི་ཁམས་ལ་བརྟགས་པས་འཁོར་བའི་ཉེས་དམིགས་ཤེས་པས་ཐོག་མར་འཁོར་བའི་ཉེས་དམིགས་བསམ་པ་དང་། ཉོན་མོངས་པ་ལ། ཞེས་པས་ཉོན་མོངས་པ་དུག་གསུམ་ཆེ་འབྲིང་ཆུང་གསུམ་དུ་སྤྱད་པས་ངན་སོང་གསུམ་དུ་ཁྲིད་ལ། དེ་ལས་ཐར་བའི་དལ་འབྱོར་ནི་རྙེད་པར་དཀའ་བས། དེ་ནས་དལ་འབྱོར་རྙེད་དཀའ་བསྒོམ་པ་དང་། མ་དག་པའི་སྣང་བ་ཞེས་པས་མ་དག་པ་འཁྲུལ་སྣང་ལ་བརྟེན་ནས་ལས་སགས་པས། དེ་ནས་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་བསྒོམ་པ་དང་གསུམ་གྱི་དང་པོ་ནི། འཁོར་བ་པའི་སྡུག་བསྔལ་གྱི་རྣམ་པ་བསམ་གྱིས་མི་ཁྱབ་ཀྱང་། རིགས་བསྡུ་ན་སྡུག་བསྔལ་གསུམ་དུ་འདུས་པས་དུཿཁ་གྱི་དང་། འགྱུར་བའི་དང་། འདུ་བྱེད་ཀྱི་སྡུག་བསྔལ་སྒོམ་པ་གསུམ་གྱི་དང་པོ་ལ་དམྱལ་བ། ཡི་དགས། དུད་འགྲོའི་སྡུག་བསྔལ་བསམ་པ་གསུམ་གྱི་དང་པོ་ལ། ཚ་དམྱལ། གྲང་དམྱལ། ཉི་ཚེ་ཉི་འཁོར་གྱི་བསམ་པ་གསུམ་གྱི་དང་པོ་ནི། བཤེས་སྤྲིང་དུ། སེམས་ཅན་ཉེས་པར་སྤྱད་པ་སྤྱོད་རྣམས་ལ། །ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང་། །བསྡུས་
༣༣༩འཇོམས་ངུ་འབོད་མནར་མེད་ལ་སོགས་པ། །དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་གྱུར། །ཞེས་པ་ལྟར། ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་པ་རྣམས་ཀྱི་སྡུག་བསྔལ་བཟོད་བླག་མེད་དེ། ཡང་སོས་པ་རྣམས་ཕན་ཚུན་དགྲ་མི་ཤ་བོའ་འདུ་ཤེས་ཀྱིས་ལག་ཏུ་གང་བླངས་པ་མཚོན་ཆར་གྱུར་ཏེ་གཅིག་ལ་གཅིག་བརྡེག་པས་སྲོག་ཆད་པ་དང་། རླུང་གྲང་མོ་ལངས་པའམ། ནམ་མཁའ་ལས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲས་ལུས་སྔར་བཞིན་དུ་སོས་པ་དང་། ཡང་གཅིག་ལ་གཅིག་རྡེག་པ་ལ་སོགས་པ་སྔ་མ་བཞིན་དུ་བྱེད་པས་སྡུག་བསྔལ་ལོ། །ཐིག་ནག་ནི། དམྱལ་བ་པའི་ལུས་ལ་ཐིག་བཞིའམ་བརྒྱད་ལ་སོགས་པ་བཏབ་སྟེ། དེའི་སྟེང་ནས་སྤྱི་གཙུག་ནས་རྐང་མཐིལ་བར་དུ་སོག་ལེས་འདྲ་བ་དང་། སྟ་རེས་གཅོད་ཅིང་དེའི་ཚེའང་ལུས་ཀྱི་སྨད་གཏུབས་པ་དང་། སྟོད་ཀྱི་རྨ་རྣམས་འཚོ་ཞིང་སྟོད་གཞོགས་པ་ན་སྨད་ཀྱི་རྨ་འདྲུབ་ཅིང་དེ་ལྟ་བུའི་སྡུག་བསྔལ་ལས་མ་ཟད་བར་དུ་མྱོང་ངོ་། །བསྡུས་འཇོམས་ནི། རི་ལུག་དང་། ར་དང་། རྟའི་གདོང་པ་ཅན་ལ་སོགས་པའི་བར་དུ་དམྱལ་སྲུང་རྣམས་ཀྱིས་དམྱལ་བ་བའི་སེམས་ཅན་རྣམས་བཙངས་པ་དང་རི་གཉིས་འདུས་ཏེ་ཏིལ་མར་བཞིན་དུ་འཚིར་ཞིང་ཕྱེ་མར་བྱེད་ལ་ཡང་རི་གཉིས་ཕྱིར་གྱེད་པ་དང་ལུས་སྔར་བཞིན་དུ་གྱུར་ནས། ཡང་ཕྱེ་མར་བྱེད་པའི་སྡུག་བསྔལ་མྱོང་ངོ་། །ངུ་འབོད་ནི། ཁང་པ་ཞིག་ཏུ་ཕྱིན་པ་ན་ལས་ཀྱི་དབང་གིས་ལྕགས་ཁང་སྒོ་མེད་དུ་གྱུར་ནས་དེའི་ནང་མེ་འབར་བས་བསྲེགས་ཏེ་ཤིན་ཏུ་ཉེན་པས་ངུ་ཞིང་ཆོ་ངེས་འདེབས་པའི་སྡུག་བསྔལ་མྱོང་ངོ་། །ངུ་འབོད་ཆེན་པོ་ནི། ལྕགས་ཁང་ཉིས་རིམ་མེ་འབར་བས་བསྲེགས་པས་ཆེར་ངུས་ཤིང་ཆོ་ངེས་འདེབས་པའི་སྡུག་བསྔལ་མྱོང་ངོ་། །ཚ་བ་ནི། ལྕགས་ཀྱི་
༣༤༠གསལ་ཤིང་མེ་འབར་བས་གཤང་ལམ་ནས་སྤྱི་བོའ་བར་ཐལ་བྱུང་དུ་ཕུག་ནས། བུ་ག་རྣམས་ནས་དུ་བ་འཐུལ་བ་དང་མེ་འབར་བ་ལ་སོགས་པའི་སྡུག་བསྔལ་མྱོང་ངོ་། །རབ་ཏུ་ཚ་བ་ནི། ལྕགས་གྱི་གསལ་ཤིང་མེ་འབར་བ་རྩེ་གསུམ་ཡོད་པས་དཔུང་པ་གཉིས་དང་སྤྱི་བོར་ཕུག་ནས་ལུས་ཀྱི་ནང་མེར་འབར་ཏེ་མགྲིན་པ་དང་ཁ་ནས་མེ་ལྕེ་འབར་བ་དུ་བ་དང་བཅས་པ་བཏུད་མར་འབྱུང་ཞིང་ལྟོ་བ་གས་ནས་ནང་ཁྲོལ་རྣམས་ལུག་པ་ལ་སོགས་པའི་སྡུག་བསྔལ་མྱོང་ངོ་། །མནར་མེད་ནི། ཕྱོགས་བཞི་སྟེང་འོག་ནས་མེ་འབར་བས་དམྱལ་བའི་ལུས་མ་དང་ཐ་མི་དད་གྱུར་ནས་སྲེག་པའི་སྡུག་བསྔལ་མྱོང་ལ་དེ་ན་སེམས་ཅན་ཡོད་པ་ཡང་ཉམ་ཐག་པའི་སྐད་འབྱིན་པ་ལས་རྗེས་སུ་དཔོག་པ་མ་གཏོགས་རྣམ་དབྱེ་ཐ་དད་དུ་མཚོན་པར་མི་ནུས་ལ། གཞན་ཡང་ལྕགས་ཞིབ་ཏུ་འདགས་མ་མེ་འབར་བ་དང་ལྷན་ཅིག་ཏུ་བཀྲབ་པ་དང་། ལྕགས་ཀྱི་སྣོད་དུ་འབྲུ་མར་མེ་འབར་བའི་ནང་དུ་འཚོད་པ་དང་། ལྕགས་ཀྱི་ཐང་མེ་འབར་བར་ལྕེ་བརྒྱངས་ནས་ཕུར་པས་འདེབས་པ་དང་། ཁྲོ་ཆུ་བཞུས་པའི་ཁུ་བ་ལྡུད་པ་དང་། བྱེ་མ་མེ་སྟགས་འཕྲོ་བའི་ས་གཞིར་འགྲོར་འཇུག་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་སྟེ། དམྱལ་བ་ཕྱི་མ་ཕྱི་མ་རྣམས་ལ་སྔ་མ་སྔ་མའི་སྡུག་བསྔལ་དེ་སྙེད་འབྱུང་བའི་སྟེང་དུ་རང་རང་གི་སྡུག་བསྔལ་ཡ་ཐོན་དུ་མྱོང་ལ། དེ་དག་ཡུན་ཇི་སྲིད་གཅིག་ཏུ་ཉམས་སུ་མྱོང་ན། མཛོད་དུ། མི་རྣམས་ལོ་ནི་ལྔ་བཅུ་ན། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པར་ཞེས་འབྱུང་བས་རྒྱལ་ཆེན་རིགས་བཞི་པས་མི་ལོ་ལྔ་བཅུ་ལ་ཞག་རེར་བྱས་
༣༤༡པའི་ལོ་ལྔ་བརྒྱ། སུམ་ཅུ་རྩ་གསུམ་པས་མི་ལོ་བརྒྱ་ལ་ཞག་རེར་བྱས་པའི་ལོ་སྟོང་། འཐབ་བྲལ་བས་ཉིས་བརྒྱ་ལ་ཞག་རེར་བྱས་པའི་ལོ་ཉིས་སྟོང་། དགའ་ལྡན་པས་བཞི་བརྒྱ་ལ་ཞག་རེར་བྱས་པའི་ལོ་བཞི་སྟོང་། འཕྲུལ་དགའ་བས་བརྒྱད་བརྒྱ་ལ་ཞག་རེར་བྱས་པའི་བརྒྱད་སྟོང་། གཞན་འཕྲུལ་དབང་བྱེད་པས་མི་ལོ་སྟོང་དྲུག་བརྒྱ་ལ་ཞག་རེར་བྱས་པའི་ལོ་ཁྲི་དྲུག་སྟོང་ཐུབ་ཅིང་། ལྷ་དེ་རྣམས་ཀྱི་ཚེ་ལ་ཞག་རེར་བྱས་པའི་ལོ་གྲངས་དེ་སྙེད་རེ་ཡང་སོས་ལ་སོགས་པ་དྲུག་གིས་རིམ་པ་ལྟར་ཐུབ་ལ། རབ་ཏུ་ཚ་བས་བར་བསྐལ་ཕྱེད། མནར་མེད་ཀྱིས་བར་བསྐལ་གཅིག་ཐུབ་བོ། །གྲང་དམྱལ་ལ། ཆུ་བུར་ཅན། ཆུ་བུར་རྡོལ་བ་ཅན། ཨ་ཆུ་ཟེར་བ། ཀྱི་ཧུད་ཟེར་བ། སོ་ཐམ་ཐམ་པ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པ་སྟེ་བརྒྱད་ཡོད་ལ། འདི་རྣམས་ཚ་དམྱལ་རྣམས་ཀྱི་ཐད་ཀ་ན་ཡོད་ཅིང་སྡུག་བསྔལ་གྱི་ཁྱད་པར་ཡང་། དང་པོ་ལ་ཁང་ཁྱིམ་དང་གོས་ཉི་མ་ལ་སོགས་པ་དྲོ་བའི་རྐྱེན་མེད་གངས་རི་ཆེན་པོའ་ཁྲོད་ན་འདུག་ཅིང་། རླུང་དང་བུ་ཡུག་གྲང་བས་བཏབ་སྟེ་ཉེན་པས་ལུས་ཆུ་བུར་གྱིས་གང་བར་གྱུར་བའི་སྡུག་བསྔལ་མྱོང་ངོ་། །གཉིས་པ་ནི། གྲང་དྲག་པས་ཆུ་བུར་ཡང་རྡོལ་ཏེ་དེའི་ནང་ནས་སྐྱེས་པའི་ལྕགས་ཀྱི་འབུ་མཆུ་རྣོན་གྱིས་པགས་པ་འདྲལ་ཏེ། དེ་ནས་ཁྲག་དང་ཆུ་སེར་འཛག་པའི་སྡུག་བསྔལ་མྱོང་ངོ་། །གསུམ་པ་ནི། གྲང་བས་ཉེན་ནས་བསྲན་མ་བཟོད་པར་ཨ་ཆུ་ཟེར་བའི་སྐད་དྲག་པོས་ཆོ་ངེས་འདེབས་པའོ། །བཞི་པ་ནི། གྲང་བས་ཉེན་ནས་ལུས་སེམས་འབྲལ་བ་ལྟར་གྱུར་ཅིང་མིག་སྣ་ནས་ཆུ་སེར་འཛག་ཅིང་ལྐོག་མ་སྐམས་ཏེ་སྐད་ཤིབ་ཤིབ་པོས་ཀྱི་ཧུད་ཟེར་བའི་སྨྲེ་སྔགས་འདོན་པའི་སྡུག་བསྔལ་མྱོང་ངོ་། །ལྔ་པ་ནི། གྲང་དྲག་པས་སྐད་ཀྱང་
༣༤༢མི་ཐོན་པར་ཤིན་ཏུ་ཉེན་ནས་ཀོས་ཐག་ཐག་སོ་ཏམ་ཏམ་བྱེད་པའི་སྡུག་བསྔལ་དང་། དྲུག་པ་ནི། དེ་བས་ཀྱང་ཉེན་པས་ལྷགས་པའི་ཤུགས་ཀྱིས་ལུས་སྔོན་པོར་གྱུར་ཏེ་ཁ་ལྔའམ་དྲུག་ཏུ་གྱེས་པའི་སྡུག་བསྔལ་དང་། བདུན་པ་ནི། དེ་བས་ཀྱང་ཆེར་ལྷགས་པས་གདུངས་པས་པགས་པའི་མདོག་དམར་པོ་ཁྲག་ཟད་ལ་ཁད་པར་འགྱུར་ཏེ། ཚལ་པ་བརྒྱད་དམ་བཅུར་གྱེས་པའི་སྡུག་བསྔལ་དང་། བརྒྱད་པ་ནི། དེ་བས་ཀྱང་གྲང་བས་པགས་པ་ཤུས་ཏེ་དམར་པོར་གྱུར་པ་ཁ་བརྒྱའམ་སྟོང་ལ་སོགས་པར་གས་ནས་དེ་དག་ལས་ཞག་ཆུ་སེར་རྐང་མར་ལ་སོགས་པ་འཛག་པའི་སྡུག་བསྔལ་མྱོང་སྟེ། སློབ་སྤྲིང་དུ། ལྷགས་པ་དཔེ་མེད་རུས་པ་ལ་ཡང་ཐིམ་པ་ཡིས། །ལུས་བྲེད་འདར་ཤིང་བསྐུར་བ་ཀུམ་ཀུམ་པོར་འདུག་པ། །ཆུ་བུར་བརྒྱ་བྱུང་བ་རྡོལ་བ་ལས་བྱུང་སྲོག་ཆགས་ཀྱིས། །རལ་གྲིས་དབང་ནས་ཞག་དང་ཆུ་སེར་རྐང་བཅས་འཛག །ཀོས་ཐག་སོ་འཐམས་སྐྲ་དང་སྤུ་རྣམས་མེད་གྱུར་པ། །མིག་དང་རྣ་བ་ལྐོག་མ་གནོད་པས་ཀུན་གཟིངས་ཤིང་། །ལུས་དང་སེམས་ཀྱི་བར་དག་རབ་ཏུ་གླང་གྱུར་ནས། །གྲང་བའི་དམྱལ་བར་གནས་ཤིང་ཤིན་ཏུ་འོ་དོད་འབོད། །ཅེས་སོ། །དེ་དག་གི་ཚེའི་ཚད་ཀྱང་། མཛོད་དུ། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་འགྱུར། །ཞེས་པའི་འགྲེལ་པར། བཅོམ་ལྡན་འདས་ཀྱིས་དེ་དག་གི་ཚེའི་ཚད་དཔེ་ཙམ་དུ། དགེ་སློང་དག །དཔེར་ན་འདི་ན་ཡུལ་མ་ག་དྷའི་ཏིལ་གྱི་སྦྱང་ཁལ་བརྒྱད་ཅུ་པ་ཞིག་ཏིལ་གྱིས་ཕྱུར་བུར་བཀང་ཏེ། དེ་ནས་ལ་ལ་ཞིག་གིས་ལོ་བརྒྱ་བརྒྱ་འདས་ཤིང་ཏིལ་རེ་རེ་བོར་ན། དགེ་སློང་དག་རིམ་པ་དེས་ན་ཡུལ་མ་ག་ཏའི་ཏིལ་གྱི་སྦྱང་ཁལ་བརྒྱད་ཅུ་པོ་དེ་མ་ལུས་པར་ཡོངས་སུ་ཟད་པར་འགྱུར་བ་ནི་ཆེས་མྱུར་གྱི། ཆུ་བུར་ཅན་དུ་སྐྱེས་པའི་ཚེ་ཡོངས་སུ་གཏུགས་པར་ནི་ང་མི་སྨྲའོ་ཞེས་པའི་མདོ་དྲངས་ཤིང་།
༣༤༣གཞན་ཕྱི་མ་ཕྱི་མ་རྣམས་ཉི་ཤུ་འགྱུར་དུ་འགྲེས་པ་ཐུབ་པར་བཤད་དོ། །ཉེ་ཚེ་ཉི་འཁོར་གྱི་སྡུག་བསྔལ་བསམས་པ་ནི། ཚ་དམྱལ་བརྒྱད་ཀྱི་ཕྱོགས་བཞི་ན། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲིའི་ཐང་། རལ་གྲི་ལོ་མའི་ནགས་ཚལ། ཤལ་མ་རིའི་སྡོང་པོ་ལ་སོགས་པའི་མཚོན་ཆ་དང་། ཆུ་ཀླུང་རབ་མེད་རྣམས་སུ་ཚ་བའི་དམྱལ་བ་པ་རྣམས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་སྟེ། མཛོད་དུ། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་འདམ། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཞེས་སོ། །སྡུག་བསྔལ་ཇི་ལྟ་བུ་མྱོང་ན། ཚ་བའི་དམྱལ་བ་པ་རྣམས་ཀྱི་ཚ་དམྱལ་དངོས་གཞི་ལས་ཐར་ནས་ཕྱོགས་གཞན་དུ་ཕྱིན་པ་དང་། མེ་མ་མུར་གྱིས་གང་བའི་འོབས་ནང་དུ་ལྷུང་ནས་རྐང་པ་མནན་པ་ན་ཤ་ཐམས་ཅད་ཚིག་ནས་རུས་པར་འགྱུར་ཞིང་། བཏེགས་པ་ན་སོས་ལ། ཡང་བཞག་པ་ན་འཚིག་སྟེ་དེ་ལྟ་བུས་ཡུན་དུ་གནས་སོ། །དེ་ནས་ཐར་བ་ན་ཕྱི་སའི་འདམ་རུལ་པ་དྲི་ང་བས་གང་བའི་རོ་མྱགས་ཀྱི་འདམ་དུ་བྱིང་སྟེ་འབུ་ལྕགས་ཀྱི་མཆུ་ཅན་གྱིས་ཟ་བས་སྡུག་བསྔལ་ལོ། །དེ་ལས་ཐར་བ་དང་སྤུ་གྲིའི་སོ་རྣོན་བལྟམས་པའི་ཐང་ལ་ཕྱིན་ཏེ་རྐང་པས་མནན་པ་ན་དུམ་བུར་བྱེད་ཅིང་བཏེགས་པ་ན་སོས་པར་འགྱུར་ལ། དེ་ནས་ཐར་ནས་ལྗོན་ཤིང་ཡིད་དུ་འོང་བར་སྣང་བའི་དྲུང་དུ་ཐང་ཆད་ནས་རྒྱུག་པ་དང་། ལོ་མ་རྣམས་མཚོན་ཆར་གྱུར་པ་ལྷུང་ནས་ལུས་གཅོད་པའི་སྡུག་བསྔལ་མྱོང་ལ། དེ་ནས་ཐར་པ་དང་ལྕགས་ཀྱི་ཁྱི་དང་བོང་བུ་ལྕེ་སྤྱང་ལ་སོགས་པས་དེད་ནས་བྲེད་དེ་ཤལ་མ་རིའི་རྩེར་མཐོང་བ་ན་མྱུར་ཏུ་འཛེགས་པས་ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག་པ་ཁ་ཐུར་དུ་བལྟས་པས་ལུས་དབང་ཅིང་ཁོང་དུ་ནུབ་པས་སྡུག་བསྔལ་ཏེ་རྩེ་མོར་ཕྱིན་པ་དང་། ཁྭ་ཏ་དང་། བྱ་དཀར་དང་། རྒོད་ལྕགས་ཀྱི་མཆུ་ཅན་གྱིས་མིག་དག་འདྲུ་ཞིང་ཤ་འཐོག་པ་རྣམས་ཉམ་ཐག་
༣༤༤པས་བར་འབྱིན་ཞིང་། ཐུར་དུ་བབ་པ་ན་ཚེར་མ་རྣམས་ཁ་གྱེན་དུ་བལྟས་ཏེ་ལུས་ཕུག་སྟེ་དྲན་པ་ཉམས་པ་ལ་སོགས་པའི་སྡུག་བསྔལ་མྱོང་ལ། དེ་ལས་ཐར་བ་དང་། ཐལ་སྐྱོ་མེ་འབར་བས་གང་བའི་ཆུ་བོ་རབ་མེད་དུ་དམྱལ་སྲུང་གིས་བཏབ་སྟེ་དེར་ཡུན་རིང་དུ་སྡུག་བསྔལ་ལོ། །མདོར་ན་དེ་དག་ཏུ་སྐྱེ་བའི་ཐབས་མི་འདུག་པས་མི་སྐྱེ་བའི་ཐབས་ལ་འབད། ཐབས་ཀྱང་ལམ་ཉམས་སུ་ལེན་པ་ཡིན་ལ། ལམ་རྣམས་ཀྱི་ནང་ནས་ཀྱང་མཆོག་ལམ་འབྲས་བུ་དང་བཅས་པའི་གདམས་ངག་འདི་ཉིད་ཡིན་པས་འདི་ཉིད་རྩེ་གཅིག་ཏུ་ཉམས་སུ་བླང་སྙམ་དུ་བསམ། དེ་ལྟར་བསྒོམས་པས་ལུས་སེམས་ཀྱི་ཤུགས་ཆད་པ་དང་ཁོང་ཀློད་ལ་བཞག་གོ །གཉིས་པ་ཡི་དྭགས་ཀྱི་དུཿཁ་བསམ་པ་ནི། དམྱལ་བ་ལས་ཐར་ནས་གཤིན་རྗེའི་འཇིག་རྟེན་དུ་སྐྱེས་ན་ཡང་དུཿཁ་དཔག་ཏུ་མེད་དེ། འདི་ལ་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན་གསུམ་གྱི་དང་པོས་ཟས་སྐོམ་ཅི་མཐོང་བ་ཐམས་ཅད་རྣག་ཁྲག་ལ་སོགས་མི་གཙང་བས་གང་བའི་ཆུ་དང་། མ་ལ་ཡའི་ཚལ། ཡང་ནགས་བསྲེགས་པའི་ཚལ་ལ་སོགས་པ་ཕྱིན་ཅི་ལོག་འབའ་ཞིག་ཏུ་སྣང་སྟེ། སློབ་སྤྲིང་དུ། ཤིན་ཏུ་མི་བཟད་ལས་ཡོངས་སྨིན་པས་རྣམ་རྨོངས་པ། །འདི་ལ་སྣ་ཚོགས་འདི་ཀུན་ཕྱིན་ཅི་ལོག་ཏུ་སྣང་། །ཞེས་སོ། །གཉིས་པ་ནི། ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་ཙམ་འཇིགས་པའི། །ལྟོ་ཆེན་ཉམ་ཐག་རྒྱ་མཚོ་ཆེན་པོའ་ཆུ་འཐུངས་ཀྱང་། །མགུལ་ཕུག་ཡངས་པ་ཉིད་དུ་ཕྱིན་པར་མི་འགྱུར་པ། །ཁ་ཡི་དུག་གིས་ཆུ་ཐིགས་པའང་སྐོམ་པར་འགྱུར། །ཞེས་པ་ལྟར་དུཿཁ་མྱོང་ལ། གསུམ་པས་ནི། བཤེས་སྤྲིང་དུ། ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། ཟས་སུ་འབར་བའི་ཁར་འབབ་བྱེ་མ་འཚལ། ཞེས་པ་ལྟར་ཟས་ཅི་མྱོང་བ་ཐམས་ཅད་མེ་འབར་བར་གྱུར་ནས་རྒྱུ་ལྟོ་ལ་སོགས་པ་ཚིག་པའི་དུཿཁ་ལ་སོགས་དུ་མ་མྱོང་སྟེ། དེ་དག་ཀྱང་ཟླ་བ་ལ་ཞག་ཏུ་བརྩིས་པའི་ལོ་བརྒྱ་ཐུབ་སྟེ། མཛོད་དུ། ཡི་དྭགས་རྣམས་
༣༤༥ཟླ་བ་ཉིན་ཞག་གི་ལྔ་བརྒྱ། ཞེས་པ་ལྟར་དུཿཁ་སྟེ། དེར་སྐྱེ་བའི་ཐབས་མེད་པས་སྔ་མ་བཞིན་བསམ་མོ། །གསུམ་པ་དུད་འགྲོའི་དུཿཁ་བསམ་པ་ནི། དུད་འགྲོ་ལ་གཉིས་ལས། བྱིང་ན་གནས་པ་རྒྱ་མཚོ་དང་གླིང་བར་གྱི་མུན་པ་ན་ཡོད་ལ། ཁ་འཐོར་བ་ནི། ལྷ་དང་མའི་གནས་ན་ཡོད་དེ། དེ་དག་ལའང་བཤེས་སྤྲིང་དུ། དུད་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང་། །བཅིངས་དང་བརྡེག་སོགས་དུཿཁ་སྣ་ཚོགས་དང་། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་བཟའ་ཤིན་ཏུ་མི་བཟད་པ། །ཁ་གཅིག་མུ་ཏིག་བལ་དང་རུས་པ་དང་། །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྔོག་པ་ལག་པ་དང་། །ལྕགས་དང་ལྕགས་ཀྱུས་གདབ་པས་བཏབ་སྟེ་བཀོལ། །ཞེས་སོ། །དེ་དག་གི་ཚེ་ཚད་ཀྱང་། དུད་འགྲོ་རྣམས་མཆོག་རིང་བསྐལ་པའོ། །ཞེས་མཛོད་དུ་གསུངས་པ་ལྟར་དུཿཁ་སྟེ། དེར་སྐྱེ་བའི་ཐབས་མེད་པ་སྔ་མ་བཞིན་བསམ་མོ། །གཉིས་པ་འགྱུར་བའི་དུཿཁ་བསམ་པ་ལ་གཉིས་ཀྱི་སྤྱིར་ཐུན་མོང་དུ་འགྱུར་བའི་དུཿཁ་བསམ་པ་ནི། འཁོར་བའི་བདེ་བ་ཇི་ཙམ་ཐོབ་ཀྱང་མི་བརྟན་པས། སླར་དེ་དང་བྲལ་ནས་དུཿཁ་དུ་མ་མྱོང་དགོས་པའི་ཕྱིར་སྙིང་པོ་མེད་དེ། བརྒྱ་བྱིན་དུ་སྐྱེས་ནས་སླར་ས་སྟེང་དུ་ལྷུང་སྟེ་དུཿཁ་ལང་ལས་ནུ་ལྟ་བུ་དང་། འཁོར་ལོས་སྒྱུར་བར་སྐྱེས་ནས་ཀུན་གྱི་ཐ་མར་སྐྱེ་བ་དང་། འདོད་གཟུགས་ཀྱི་ལྷའི་བདེ་བ་ཐོབ་ནས་དམྱལ་བར་སྐྱེ་བ་དང་། ཉི་ཟླར་སྐྱེས་ནས་ཀྱང་མུན་པར་འཇུག་པ་ལ་སོགས་པ་འགྱུར་བའི་དུཿཁ་དཔག་ཏུ་མེད་དེ། བཤེས་སྤྲིང་དུ། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་དང་། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་
༣༤༦ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །དུཿཁ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཉི་མ་ཟླ་བ་ཐོབ་ནས་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱང་དེའང་མཐོང་མི་འགྱུར། །ཞེས་པ་ལྟར་དེར་སྐྱེ་བའི་ཐབས་མེད་པ་སོགས་སྔ་མ་བཞིན་ནོ། །གཉིས་པ་བྱེ་བྲག་ཏུ་མིའི་འགྱུར་བའི་དུཿཁ་བསམ་པ་ནི། སྤྱིར་འཁོར་བ་ན་འགྱུར་བའི་དུཿཁ་དེ་ལྟ་བུ་ཡོད་ཀྱང་མངོན་དུ་མ་གྱུར་པས་ཡིད་མི་ཆེས་སུ་ཆུག་ནའང་། སྒོས་སུ་མི་ལ་ལེགས་པར་བརྟགས་ན་ཕྱུགས་པོ་སྤྲང་པོར་འགྲོ་བ་དང་། ཁ་དྲག་པོ་ཞན་པོར་སོང་བ། དགྲར་གྱུར་པ་བཤེས་དང་། བཤེས་སུ་གྱུར་པ་དགྲར་སོང་བ་ལ་སོགས་པ་ཡུལ་མི་དང་ཉེ་འབྲེལ་དང་། རྒྱལ་ཁམས་ཀྱི་མི་ལ་བལྟས་པས་སྔར་གྱི་ས་ན་མེད་པར་རིམ་པ་བཞིན་འགྱུར་ནས་འགྲོ་སྟེ། མདོར་ན་བསགས་པ་ཀུན་གྱི་མཐར་འཛད་ཅིང་། །མཐོན་པོའ་མཐའ་ནི་དམའ་བ་ཡིན། །འདུས་པའི་མཐའ་ནི་འབྲལ་བ་ཡིན། །ཞེས་པ་ལྟར་དེར་སྐྱེ་བའི་ཐབས་མེད་པ་སོགས་སྔ་མ་བཞིན་ནོ། །གསུམ་པ་འདུ་བྱེད་ཀྱི་དུཿཁ་བསམ་པ་ནི། འཁོར་བར་དུཿཁ་སྤངས་ཏེ་བདེ་བ་བསྒྲུབ་པའི་ཆེད་དུ་ལོངས་སྤྱོད་དང་འཁོར་འདབ་བསྒྲུབ་པའི་བྱ་བ་ལ་འབད་དོ་སྙམ། འདོད་པ་ལ་ཆོག་མི་ཤེས་པས་གཅིག་གྲུབ་ཀྱང་གཞན་དང་གཞན་ཡང་དོན་དུ་གཉེར་བས་རྒས་རྒས་ཤི་ཤི་ལས་བྱས་ཀྱང་ཚིམས་པ་མེད་ལ་ཚེ་རབས་བརྒྱུད་མར་ལས་བྱས་སུ་ཟིན་ཡང་། ལས་ལ་ཟིན་པ་ངང་ཚིམ་པ་མེད་དེ། བཞི་བརྒྱ་པར། ལས་ནི་འབད་པས་བྱེད་འགྱུར་ཞིང་། །བྱས་ཟིན་འབད་པ་མེད་པར་འཇིག །དེ་ལྟར་གྱུར་ཀྱང་ཆོས་ལ་ཀོ །ལས་ལ་ཆགས་བྲལ་འགའ་ཡོད་མིན། །ཞེས་སོ། །དེར་སྐྱེ་བའི་ཐབས་མེད་པ་སོགས་སྔ་མ་བཞིན་ཏེ། དེ་ལྟར་བསམ་པས་འགྲོ་བ་
༣༤༧གང་དུ་སྐྱེས་ཀྱང་སྐྱིད་མེད་པའི་བསམས་པ་ལ་ཐག་ཆོད་ན་ཅི་བྱས་ཆོས་སུ་འགྲོ་བ་ཡིན་ནོ། །གཉིས་པ་དལ་འབྱོར་རྙེད་དཀའ་བ། ཕན་འདོགས་ཆེ་བ། ཡུན་རིང་དུ་མི་གནས་པ་བསམ་པ་གསུམ་གྱི་དང་པོ་ནི། དུཿཁ་ཅན་གྱི་འཁོར་བ་དེར་མི་སྐྱེ་བའི་ཐབས་ལ་འབད་དགོས་ཤིང་། དེ་སྒྲུབ་པའི་རྟེན་ཡང་དལ་འབྱོར་གྱི་ལུས་འདི་ཉིད་ཡིན་ལ། དལ་འབྱོར་ཡང་། བཤེས་སྤྲིང་དུ། །ལོག་པར་ལྟ་བ་འཛིན་པ་དུད་འགྲོ་ཉིད། ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་ཉིད། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམས་སྐྱོན་བརྒྱད་དོ། །ཞེས་པ་རྣམས་སྤངས་ཤིང་། མི་ཉིད་དང་། ཡུལ་དབུས་སུ་སྐྱེས་པ་དང་། དབང་པོ་ཚང་བ། གནས་ལ་དད་པ་སྟེ་འདུལ་བ་ལ་གུས་པ་དང་། ལས་མཐའ་མ་ལོག་པ་ནི་མཚམས་མེད་པ་ལྔ་རང་གིས་མ་བྱས་ཤིང་གཞན་བྱེད་དུ་མ་བཅུག་པ་སྟེ་རང་འབྱོར་ལྔ་དང་། སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་ཆོས་གསུངས་པ། དེའི་བསྟན་པ་གནས་པ། བསྟན་པ་ལ་འཇུག་པ་གཞན་ཡང་ཡོད་པ། གཞན་གྱི་ཕྱིར་སྦྱིན་བདག་སོགས་རྗེས་སུ་སྙིང་བརྩེ་བའི་གཞན་འབྱོར་ལྔ་ནི། འབྱོར་པ་བཅུ་དང་ལྡན་པའོ། །འདི་ཉིད་ཤིན་ཏུ་རྙེད་དཀའ་སྟེ། སྤྱོད་འཇུག་ཏུ། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུ་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས། །ཞེས་སོ། །རྙེད་དཀའ་བའི་རྒྱུ་མཚན་ཡང་། སེམས་ཅན་གྱི་ཁམས་ལ་བལྟས་ན་ལུས་མ་ཐོབ་པ་བསམ་གྱིས་མི་ཁྱབ། ལུས་ཐོབ་པ་ལའང་མི་ལུས་མ་ཐོབ་པ་བསམ་གྱིས་མི་ཁྱབ། མི་ལུས་ཐོབ་པ་ལའང་དལ་འབྱོར་ཐོབ་པ་
༣༤༨སྲིད་པ་ཙམ་ཡིན་པས་སོ། །དེ་བས་རྙེད་དཀའ་བའི་དལ་འབྱོར་ཐོབ་པའི་དུས་འདིར་སྙིང་པོ་བླང་དགོས་ཤིང་དེའང་ལམ་ཉམས་སུ་ལེན་པ་ཉིད་ཡིན། ལམ་གྱི་མཆོག་ལམ་འབྲས་བུ་དང་བཅས་པའི་མན་ངག་འདི་རྩེ་གཅིག་ཏུ་ཉམས་སུ་བླང་བསམ་པའོ། །གཉིས་པ་ཕན་ཐོགས་ཆེ་བ་བསམ་པ་ནི། དལ་འབྱོར་རྙེད་དཀའ་ཡང་ཐོབ་པ་ལ་དགོས་པ་ཅི་ཡོད་སྙམ་ན་ཕན་ཡོན་ཤིན་ཏུ་ཆེ་སྟེ། དལ་འབྱོར་གྱི་ལུས་འདིས་ཚེ་ཕྱི་མའི་མཐོ་རིས། ཐེག་པ་འོག་མའི་མྱང་འདས། རྣམ་མཁྱེན་གྱི་སངས་རྒྱས་ཀྱང་སྒྲུབ་པར་ནུས་པས་ཤིན་ཏུ་ཕན་འདོགས་ཆེ་སྟེ། སློབ་སྤྲིང་དུ། བདེ་གཤེགས་ལམ་རྟེན་འགྲོ་བའི་འདྲེན་པར་ཆས་གྱུར་ཞིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ནི་བསྟུན་ཏེ་བསྒྲུབ། ཅེས་པ་ལྟར་རོ། །གསུམ་པ་ཡུན་དུ་མི་གནས་པ་བསམ་པ་ལ། ངེས་པར་འཆི་བ། ནམ་འཆི་ཆ་མེད་པ། འཆི་བ་ལ་ཅིས་ཀྱང་མི་ཕན་པ་བསམ་པ་དང་གསུམ་གྱི་དང་པོ་ནི། རྙེད་དཀའ་བའི་དལ་འབྱོར་དེ། རྟག་པའི་ཆོས་ཅན་ཡིན་པས་ཡུན་རིང་དུ་གནས་པའི་ཕྱིར་ལམ་སྒྲུབ་པ་ལ་རིངས་ཅི་དགོས་སྙམ་ན། དལ་འབྱོར་ལ་རྟག་པའི་དངོས་པོ་ཅུང་ཟད་ཀྱང་མེད་དེ། སྤྱོད་འཇུག་ཏུ། ཉིན་མཚན་སྡོད་པར་ཡོངས་མེད་པར། །ཚེ་ནི་རྟག་ཏུ་གུད་འགྱུར་ཞིང་། །བསྣོན་པའང་གུད་ནས་ཡོད་མེད་པས། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་པ་ལྟར། ངེས་པར་འཆི་བའི་ཆོས་ཅན་ཡིན་ཏེ། འགའ་ཞིག་ཕྱི་ནང་གི་འབྱུང་བ་འཁྲུགས་པས་འཆི། འགའ་ཞིག་ལོག་འདྲེན་གྱི་བགེགས་འཁྲུགས་པས་འཆི། །འགའ་ཞིག་སྐྱོབས་པའི་ལྷ་ལ་སོགས་པ་འཁྲུགས་པས་རྐྱེན་བྱས་ནས་འཆི་བས་ན་སེམས་ཅན་གྱི་རིགས་ལ་མཐར་མི་འཆི་བ་ཅུང་ཟད་ཀྱང་མེད་དོ། །གཉིས་པ་མཐར་འཆིའང་རེ་ཞིག་མི་འཆི་བར་གནས་པས་ད་ལྟ་ཉིད་དུ་དལ་འབྱོར་ལ་སྙིང་པོ་
༣༤༩བླང་ཅི་དགོས་སྙམ་ན། །སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་པ་ལྟར་ནམ་འཆི་ཆ་མེད་པས་ད་ལྟ་ཉིད་དུ་ལམ་ཉམས་སུ་བླང་དགོས་ཏེ། དེའི་རྒྱུ་མཚན་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པ་དང་། མི་མཐུན་པའི་ཕྱོགས་ཀྱི་རྐྱེན་མང་བ་དང་། མཐུན་པའི་རྐྱེན་དཀོན་པས་ནམ་འཆི་ཆ་མེད་དེ། མཛོད་དུ། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཅུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་རིན་ཆེན་ཕྲེང་བ་ལས་སོ། །གསུམ་པ་ནི་འཆི་བ་ན། ཚེ་འདིར་བསགས་པའི་ཟས་ནོར་དང་། བསྐྱངས་པའི་གཡོག་འཁོར་དང་མཛའ་བཤེས་ལ་སོགས་པ་རྣམས་ཀྱིས་ཕན་ཡོང་སྙམ་ན། ངེས་པར་འཆི་བའི་དུས་ལ་བབ་པའི་ཚེ་ཟས་ནོར་ལ་སོགས་པའི་རྫས་ཀྱིས་མི་བཟློག་སྔགས་ཀྱིས་མི་བཟློག །རྟེན་འབྲེལ་གྱིས་མི་བཟློག་སྟེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ན་བ་ནི་ནད་མེད་པ་འཇོམས་ཤིང་འང་། རྒ་བ་ནི་དར་ལ་བབ་པ་འཇོམས་ཤིང་འོང་། རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་། །འཆི་བ་ནི་སྲོག་འཇོམས་ཤིང་འོང་། དེ་དག་ལ་མགྱོགས་པས་འབྲོས་པའམ། ནོར་གྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་བྱ་སླ་བ་མ་ཡིན་ནོ་ཞེས་སོ། །གསུམ་པ་ལས་རྒྱུ་འབྲས་ལ་ཡིད་ཆེས་བསྒོམ་པ་ནི། མི་དགེ་བ་དང་། དགེ་བ་དང་། ལུང་མ་བསྟན་གྱི་ལས་འབྲས་བསམ་པ་གསུམ་གྱི་དང་པོ་མི་དགེ་བའི་ལས་བསམ་པ་ནི། སྲོག་གཅོད། མ་བྱིན་ལེན། འདོད་ལོག་སྟེ་ལུས་ཀྱི་ལས་གསུམ་དང་། རྫུན། ཕྲ་མ། །ཚིག་རྩུབ། ངག་འཁྱལ་ཏེ་ངག་གི་ལས་བཞི་དང་། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་སྟེ་མི་དགེ་བཅུ་དང་། དེས་ཐོག་དྲངས་པའི་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ཐམས་ཅད་མི་དགེ་བ་སྟེ། འདོད་ཆགས་
༣༥༠ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་པ་ལྟར་རོ། །འབྲས་བུ་བསམ་པ་ནི། མཛོད་དུ། དུཿཁ་ཕྱིར་དང་གསད་ཕྱིར་དང་། །ཟི་བྱིན་མེད་ཕྱིར་འབྲས་རྣམ་གསུམ། །ཞེས་པ་ལྟར། སྲོག་གཅོད་པས་གསད་བྱ་དུཿཁ་བསྐྱེད་པ་དང་། གསད་པ་དང་། གཟི་བྱིན་མེད་པར་བྱས་པས་རྣམ་སྨིན་གྱི་འབྲས་བུ་ངན་སོང་གསུམ་དུ་དུཿཁ། རྒྱུ་མཐུན་གྱི་འབྲས་བུ་ལ། བྱེད་པ་རྒྱུ་མཐུན་གང་དུ་སྐྱེས་པར་སྲོག་གཅོད་པ་ལ་དགའ། མྱོང་བ་རྒྱུ་མཐུན་ཚེ་ཐུང་། བདག་པོའ་འབྲས་བུ་ཕྱི་ཡི་སྨན་གཟི་མཐུ་ཆུང་བར་འགྱུར་རོ། །དེ་བཞིན་དུ་མ་བྱིན་ལེན་སོགས་ལ་ཡང་འབྲས་བུ་གསུམ་གསུམ་འབྱུང་སྟེ་མི་དགེ་བ་ཆེ་འབྲིང་ཆུང་གསུམ་དུ་སྤྱད་པས་རིམ་པ་ལྟར་ངན་སོང་གསུམ་དུ་དུཿཁ་རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ་ལས་གང་སྐྱེས་སུ་མི་དགེ་བ་དེ་དང་དེ་སྤྱོད་པ་ལ་འགའ་བ་བྱེད་པ་རྒྱུ་མཐུན་དང་། རིན་ཆེན་ཕྲེང་བར། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བོ་བྲེད་པ་དགྲ་ཟླར་བཅས། །རྫུན་དུ་སྨྲ་བས་སྐུར་པ་མང་། །ཕྲ་མ་ཡིས་ནི་བཤེས་དང་དབྱེ། །ཚིག་རྩུབ་པོས་ནི་མི་སྙན་ཐོས། །མ་འབྲེལ་པས་ནི་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་པ་རྣམས་སོ། །བདག་པོའ་འབྲས་བུ་ནི། རིམ་པ་བཞིན། ཕྱི་རོལ་མཐུ་ཆུང་སེར་ཆར་མང་། །རྡུལ་འཁྲིགས་དྲི་ང་མཐོ་དམན་ཅན། །ཚ་སྒོ་ཅན་སོགས་དུས་ལོག་དང་། །འབྲས་བུ་ཕྲ་ཁ་ཆུང་བའམ་མེད། །ཅེས་པ་རྣམས་སོ། །གསུམ་པ་དེ་སྤང་བར་བསམ་པ་ནི། དེ་ལྟར་མི་དགེ་བ་ལས་འབྲས་བུ་དུཿཁ་འབྱུང་བར་འདུག་པས། དུས་རིང་བ་དེ་ནས་སངས་རྒྱས་མ་ཐོབ་ཀྱི་བར་དང་། ཇི་སྲིད་མ་ཤིའི་བར་དང་། ཐུང་བ་ཇི་སྲིད་སང་པ་ཙམ་གྱི་བར་ལ་སྒོ་གསུམ་གྱི་མི་དགེ་བ་སྐད་ཅིག་ཀྱང་མི་སྤྱད་བསམ་མོ། །གཉིས་པ་ལ་དགེ་བའི་ལས་བསམ་པ་ནི། གསད་བྱ་ནས་སྐུར་པ་གདབ་པའི་བར་མངོན་
༣༥༡དུ་གྱུར་ཀྱང་། མི་གསོད་པ་ནས་སྐུར་པ་མི་འདེབས་པའི་བར་བཅུ་ནི་དགེ་བ་བཅུ་སྟེ། དེས་གཙོར་བྱས་པའི་མ་ཆགས་པ། ཞེ་སྡང་མེད་པ། གཏི་མུག་མེད་པའི་དགེ་རྩ་གསུམ་གྱིས་ཀུན་ནས་བསླངས་པའི་ལུས་ངག་ཡིད་གསུམ་གྱི་ལས་ཐམས་ཅད་དགེ་བ་སྟེ། ཆགས་སྡང་གཏི་མུག་མེད་ལས་སྐྱེས། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །ཞེས་ལ་ལྟར་རོ། །གཉིས་པ་འབྲས་བུ་བསམ་པ་ནི། །དགེ་བ་སྤྱད་པའི་རྣམ་སྨིན་གྱི་འབྲས་བུས་བདེ་འགྲོར་སྐྱེ་བ་དང་བྱང་ཆུབ་གསུམ་ཐོབ་པ་ཡིན་ལ། རྒྱུ་མཐུན་གྱི་འབྲས་བུ་ལ་བྱེད་པ་རྒྱུ་མཐུན་གང་དུ་སྐྱེས་པ་དེར་དགེ་བ་སྤྱོད་པ་ལ་དགའ་བ་དང་མྱོང་བ་རྒྱུ་མཐུན་ཚེ་རིང་བ་ལ་སོགས་པ་བཅུ་པོ་ཡིན་ཞིང་། བདག་པོའ་འབྲས་བུ་ས་ཕྱོགས་གཟི་མདངས་ཆེ་བ་ལ་སོགས་པ་བཅུའོ། །གསུམ་པ་དེ་བསྒྲུབ་པར་བསམས་པ་ནི། དགེ་བ་ལ་ཕན་ཡོན་དེ་ལྟ་བུ་འདུག་པས། སྤྱིར་ད་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དང་། ཁྱད་པར་ཇི་སྲིད་འཚོའ་བར་དང་། ཡང་དགོས་སང་ད་ཙམ་གྱི་བར་དུ་སྒོ་གསུམ་དགེ་བ་དང་མི་འབྲལ་བར་བྱ་སྙམ་དུ་བསམ་མོ། །གསུམ་པ་ལུང་མ་བསྟན་གྱི་ལས་བསམ་པ་ནི། ཀུན་སློང་དགེ་མི་དགེའི་བསམ་པ་གང་གིས་ཀྱང་མ་ཟིན་ལ། འབྲས་བུ་དགེ་མི་དགེར་ལུང་བསྟན་དུ་མེད་པའི་ལས་ཟས་ཟ་བ་དང་། འགྲོ་འཆག་ལ་སོགས་པའོ། །གཉིས་པ་དེའི་འབྲས་བུ་བསམ་པ་ནི། ལས་དེ་སྤྱད་ཀྱང་འབྲས་བུ་དགེ་མི་དགེ་ཡིད་དུ་འོང་མི་འོང་གོང་ཡང་འབྱིན་མི་ནུས་སོ། །གསུམ་པ་དེ་དགེ་བར་བསྒྱུར་བ་ནི། ལས་དེ་སྤྱད་ཀྱང་རྣམ་སྨིན་མི་བསྐྱེད་པས་འཁོར་བ་ལས་ཐར་པའི་རྒྱུར་མི་འགྱུར་བར་འདུག་པས། ཅི་ནས་ཀྱང་དགེ་བར་བསྒྱུར་སྙམ་དུ་བསམས་ལ། སྒོ་གསུམ་གྱི་ལས་ཅི་བྱེད་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ཏེ། བཞི་བརྒྱ་པར། བསམ་པ་བྱང་ཆུབ་སེམས་དཔའ་ལ། །དགེ་བའམ་གལ་ཏེ་མི་དགེའང་རུང་། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་དེའི་དབང་གྱུར་ཕྱིར། །ཞེས་པ་ལྟར་རོ། །གཉིས་པ་ཉམས་ཀྱི་སྣང་བ་ནི། །རྣལ་འབྱོར་པ་ལ་ཏིང་ངེ་འཛིན་ལ་ཉམས་ཀྱི་སྣང་བ་ཞེས་པས་ཉམས་ཀྱི་སྣང་བ་
༣༥༢བསྒོམ་པ་དང་། ཐུན་མོང་གི་རྣལ་འབྱོར་པས་ཐུན་མོང་གི་ཉམས་སྣང་རྒྱུད་ལ་སྐྱེས་སྐྱེས་སྒོམ་པ་དང་། ཐུན་མོང་མ་ཡིན་པའི་རྣལ་འབྱོར་པས་ཉམས་སྐྱེ་འགྱུར་ལ་ངེས་ཤེས་སྐྱེས་སྐྱེས་བསྒོམ་པ་གཉིས་ཀྱི་དང་པོ་ལ། བྱམས་པ། སྙིང་རྗེ། བྱང་ཆུབ་ཀྱི་སེམས་བསྒོམ་པ་གསུམ་གྱི་དང་པོ་ནི། འཇུག་པར། འགྲོ་ལ་ཕན་པར་ཉེར་སྒྲུབ་པ། །བྱམས་པ་ཆེན་པོ་ཞེས་བྱའོ། །ཞེས་པ་ལྟར་བསམས་ལ། གཉེན། དགྲ། ཐ་མལ་པ་ལ་བྱམས་པ་བསྒོམ་པ་གསུམ་གྱི་དང་པོ་ནི། ད་ལྟར་ལུས་བསྐྱེད་པའི་མ་དེ་ཉིད་མདུན་དུ་དམིགས་ནས། མ་འདིས་དང་པོར་མངལ་དུ་ཉིང་མཚམས་སྦྱར་ཏེ། དཀའ་བ་བརྒྱས་ཀྱང་མི་རྙེད་པའི་དལ་འབྱོར་གྱི་ས་ལ་བཞག །དེ་ནས་ཟླ་བ་དགུའམ་བཅུའི་བར་དུ་ལྟོར་བཟུང་ནས་གནོད་པའི་སྤྱོད་ལམ་སྤང་། མཐུན་པའི་རིམ་གྲོ་བརྟེན། མངལ་ནས་ཕྱིར་ཐོན་པ་ན་བརྩེ་སེམས་ཀྱིས་བག་ཟོན་བཅས་ཏེ་བླངས་ནས་ནུ་ཞོ་བསྣུན། བཟའ་བཏུང་ཁས་བསྙོད། མི་གཙང་བ་ལག་གིས་ཕྱིས། བདག་གི་དོན་དུ་སྡིག་སྡུག་གཏམ་ངན་དུ་མ་བསགས་ནས། མ་རང་ལ་ཡོད་པའི་དངོས་པོ་ཅི་ཡོད་པ་ཐམས་ཅད་བདག་ལ་བྱིན་ཏེ། མདོར་ན་གཅེས་པའི་ལུས་གསོས། འཆི་བའི་སྲོག་བསྐྱབས། ཕོངས་པའི་ཡོ་བྱད་བྱིན་པས། མ་འདི་ཤིན་ཏུ་དྲིན་ཆེ་སྙམ་དུ་བསམ། དེ་ཤེས་ན་དྲིན་ཅན་འདི་ལ་དྲིན་ལན་ལན་གྱིས་བླན་དགོས་ལ། མ་བླན་ན། བདག་ལས་ཁྲེལ་བོར་བ་སུ་ཡང་མེད་དེ། སློབ་སྤྲིང་དུ། བྱིས་པ་པང་ན་བཙའ་བ་ཅི་ཡང་མི་ནུས་པས། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱི་གཟག་འཐུངས་པ། །དལ་བ་མང་བརྟེན་བྱམས་ལ་བརྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཞིག་ནའང་སུ་ཞིག་སྤང་བར་སྤྲོ། །གང་གིས་ཁོང་ན་འདི་སྐབས་རྙེད་ནས་གནས་བཅས་ཤིང་། །གང་གིས་བརྩེ་བག་ཟོན་བཅས་སེམས་ཀྱིས་འདི་བླངས་པ། །ཉོན་མོངས་དེ་དག་སྡུག་བསྔལ་སྐྱབས་མེད་འདི་བོར་ནས། །
༣༥༣འགྲོ་བར་མ་རབས་ཐ་ཤལ་ཞིག་ནའང་སུ་ཞིག་སྤྲོ། །ཞེས་སོ། །དེ་ལྟར་བྱས་པས་དྲིན་ལན་ལེན་ན། བདེ་བ་ཕུན་སུམ་ཚོགས་པ་ལ་སྦྱར་ན་དྲིན་ལོན་པས། མ་འདི་གནས་སྐབས་ལྷ་མི་དང་མཐར་ཐུག་སངས་རྒྱས་ཀྱི་བདེ་བ་དང་འཕྲད་ན་དགའ་སྙམ་དུ་བསམ། བདེ་བ་དེ་ཡང་རྒྱུ་དགེ་བ་མ་བསགས་ན་མི་ཐོབ་པས། བདེ་བའི་རྒྱུ་དགེ་བའི་ལས་དང་འཕྲད་ན་ཅི་མ་རུང་སྙམ་དུ་བསམས་ལ། བདག་གི་མ་འདི་བདེ་བ་དང་བདེ་བའི་རྒྱུ་དང་འཕྲད་པར་གྱུར་ཅིག་ཅེས་སྒོ་གསུམ་གྱི་འཇུག་པ་རྩེ་གཅིག་ཏུ་དྲིལ་ལ་བརྒྱའམ་སྟོང་ལ་སོགས་པ་བགྲང་། ཡང་དྲིན་བསམ་ཞིང་བགྲང་བ་ལ་སོགས་པ་སྔ་མ་བཞིན་བྱ་སྟེ། ལུས་ཀྱི་བ་སྤུ་ལྡང་བའམ་མཆི་མ་འཁྲུགས་པའི་བར་དུ་བྱའོ། །དེ་ནས་ཕ་མ་ལ་སོགས་པའི་གཉེན་རྣམས་ཀྱང་མདུན་དུ་དམིགས་ལ། འདི་རྣམས་ཀྱང་ད་ལྟ་ཉེ་དུ་འབྲེལ་བའི་སྒོ་ནས་བདག་ལ་ཕན་བཏགས་པས་དྲིན་ཆེ་ལ། དེར་མ་ཟད་སྐྱེ་བ་སྔ་མར་བདག་གི་མ་མང་དུ་བྱས་ཤིང་། མ་བྱས་རེས་ཀྱིས་རྩ་བའི་མ་བཞིན་དུ་ཕན་བཏགས་པ་ལ་སོགས་པ་བསམ་ནས་སྔར་བཞིན་དུ་བགྲང་། དེ་ལ་རྩ་བའི་མ་བཞིན་དུ་མར་འདུ་ཤེས་ནས། བྱམས་པ་བཅོས་མ་མ་ཡིན་པ་སྐྱེས་པ་ན། བདག་ལ་དངོས་དང་བརྒྱུད་པས་གནོད་པ་བྱེད་པའི་དགྲ་བོ་གང་ཡིན་མདུན་དུ་དམིགས་ལ། འདི་སྨྱོན་པ་དང་། རང་དབང་མེད་པར་གྱུར་ནས། བདག་བུར་མ་ཤེས་པར་ད་ལྟ་བདག་ལ་གནོད་པ་བྱེད་ཀྱང་། སྐྱེ་བ་སྔ་མའི་མ་ཡིན་པ་སོགས་བསམ་ལ་སྔ་མ་ལྟར་བྱམས་པ་བསྒོམ། དེ་ལ་སྐྱེས་པ་དང་དགྲ་གཉེན་དུ་མ་གྱུར་པའི་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་རྣམས་དམིགས་ཡུལ་དུ་བྱས་ལ། བཤེས་སྤྲིང་དུ། རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོའ་མཉམ་པ་ཉིད་ཅིག་འདས་གྱུར་ཏེ། །མ་ཡི་ཐུག་མཐའ་རྒྱ་ཤུགས་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལངས་མི་འགྱུར། །ཞེས་པའི་ཚུལ་གྱིས་སེམས་ཅན་རེ་རེས་མ་བྱས་པའི་ལན་གྲངས་ལ་ཐུག་པ་མེད་ཅིང་། མ་བྱས་
༣༥༤རེས་ཀྱིས་ཕན་བཏགས་པ་ལ་སོགས་པའི་རྒྱུ་མཚན་སྔར་བཞིན་བསམས་ལ་བྱམས་པ་བསྒོམ་མོ། །གཉིས་པ་སྙིང་རྗེ་ནི། འཇུག་པར། དུཿཁ་ཅན་རྣམས་ཡོངས་སྐྱོབ་པ། ཐུགས་རྗེ་ཆེན་པོའ་ཞེས་བསྒོམ་པ་ལ། སེམས་ཅན་དང་། །ཆོས་ལ་དམིགས་པའི་དང་། དམིགས་པ་མེད་པོའ་སྙིང་རྗེ་བསྒོམ་པ་གསུམ་གྱི་དང་པོ་ནི། སེམས་ཅན་མར་གྱུར་པ་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་འཕྲད་ན་དགའ་བ་ལས། སེམས་ཅན་གྱི་ཚུལ་དེ་ལས་ལོག་ནས་དངོས་སུ་དུཿཁ་གསུམ་གྱིས་གདུངས་ཤིང་དུཿཁའི་རྒྱུ་ལས་མི་དགེ་བ་ལ་སྤྱོད་པ་འདི་རྣམས་སྙིང་རེ་རྗེ་ན་སྙམ་དུ་ཞེ་ཐག་པ་ནས་བསམས་ལ་སེམས་ཅན་མར་གྱུར་པ་དུཿཁ་ཡིས་གདུངས་པ་འདི་རྣམས་སྙིང་རེ་རྗེ་ན་ཞེས་བརྒྱ་སྟོང་གི་བར་དུ་བགྲང་། ཅིས་སྙིང་རྗེ་ན་དུཿཁ་ཡིས་གདུངས་པས་སྙིང་རྗེ་བ་ཡིན་པས་དུཿཁ་གསུམ་དང་། དེའི་རྒྱུ་མི་དགེ་བ་སྤྱོད་པ་དང་བྲལ་ན་ཅི་མ་རུང་སྙམ་པ་དང་། བདག་གི་མ་འདི་རྣམས་དུཿཁ་དང་། དུཿཁའི་རྒྱུ་དང་བྲལ་བར་གྱུར་ཅིག་ཅེས་བརྒྱའམ་སྟོང་ལ་སོགས་པ་བགྲང་ངོ་། །གཉིས་པ་ནི། བདག་གི་མ་འདི་རྣམས་སེམས་ཅན་ནམ་གང་ཟག་གི་བདག་ཏུ་མ་གྲུབ་ཀྱང་མ་རིག་པ་ལས་བདག་དང་སེམས་ཅན་དུ་བཏགས་ཏེ་དུཿཁ་བར་གྱུར་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་བསམ་པ་ལ་སོགས་པ་སྔར་བཞིན་སྙིང་རྗེ་བསྒོམ་མོ། །གསུམ་པ་ནི། སེམས་ཅན་འདི་དག་རང་བཞིན་གྱིས་བདེན་པར་གྲུབ་པ་མ་ཡིན་ཡང་། གང་ཟག་དང་ཆོས་སུ་བདེན་པར་མངོན་པར་ཞེན་པས་འཁོར་བར་འཁྱམས་ཏེ་དུཿཁ་བ་འདི་དག་སྙིང་རེ་རྗེ་ན་ཞེས་སོགས་སྔར་བཞིན་དུ་བསྒོམ་པའོ། །གསུམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ། སྨོན་པ། འཇུག་པ། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གསུམ་གྱི་དང་པོ་ནི། མངོན་རྟོགས་རྒྱན་དུ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་ལྟར་མར་གྱུར་པའི་སེམས་ཅན་འདི་ཐམས་ཅད་དུཿཁ་རྒྱུ་བཅས་ལས་སྒྲོལ་བ་བདག་བུ་ལ་འབབ་སྟེ། མ་མ་
༣༥༥བསྒྲལ་བར་བདག་གཅིག་པུ་ཐར་བར་བྱེད་ན་ཁྲེལ་ལས་འདས་པར་གྱུར་པའི་ཕྱིར་ཏེ། སློབ་སྤྲིང་དུ། ཉེ་དུ་འཁོར་བའི་རྒྱ་མཚོའ་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་སོ། །དེ་དག་སྒྲོལ་བའི་ནུས་པ་རང་ལ་ཡོད་པ་ལྟ་ཅི་སྨོས་ཏེ། ཚངས་པ་བརྒྱ་བྱིན་ཉན་རང་རྣམས་ལ་ཡང་མེད་ལ། འོ་ན་སུ་ལ་ཡོད་ན། སངས་རྒྱས་ཁོ་ན་ལ་ཡོད་པས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པ་དང་། སངས་རྒྱས་ཐོབ་ནས་སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱི་སྒོ་ནས་མྱ་ངན་ལས་འདས་པའི་ས་ལ་བཞག་སྙམ་པ་དང་། རིགས་ཅན་གསུམ་ཀའང་རིམ་གྱིས་སྦྱངས་ནས་སངས་རྒྱས་ཀྱི་ས་ལ་དགོད་སྙམ་དུ་བསམ་སྟེ། སྐོམ་པ་ཆུ་འདོད་པ་ལྟ་བུ་སངས་རྒྱས་ལ་འདོད་པའི་འདུན་པ་མ་སྐྱེས་ཀྱི་བར་དུའོ། །གཉིས་པ་ལ། བདག་གཞན་མཉམ་པ་དང་། བརྗེ་བ་བསྒོམ་པ་དང་། དེ་དག་གི་སྤྱོད་པ་ལ་བསླབ་པ་གསུམ་གྱི་དང་པོ་ནི། སྤྱོད་འཇུག་ཏུ། བདག་དང་གཞན་དུ་མཉམ་པ་ནི། དང་པོ་ཉིད་དུ་འབད་དེ་བསྒོམ། ཞེས་པ་ལྟར་ཏེ་ཚུལ་ཇི་ལྟར་ན། གང་ཚེ་བདག་དང་གཞན་གཉིས་ཀ །བདེ་བ་འདོད་དུ་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་བདག་ཅིག་བདེ་བར་བརྩོན། །གང་ཚེ་བདག་དང་གཞན་གཉིས་ཀ་།དུཿཁ་མི་འདོད་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་སྲུང་བྱེད། །ཅེས་པ་ལྟར་བསམ་སྟེ། སེམས་ཅན་བདག་གི་མ་ཡིན་པས་དེའི་འདོད་པ་ཅི་ཡོད་བདག་གིས་བསྒྲུབ་དགོས་པར་འདུག་པ་ལ་སེམས་ཅན་རྣམས་བདག་དང་མཚུངས་པར་བདེ་བར་འདོད་དུ་དུཿཁ་མི་འདོད་པར་འདུག་པས། ད་ཕྱིན་རང་ཉིད་ལ་ཇི་ལྟར་སྒྲུབ་པ་ལྟར་སེམས་ཅན་གྱི་དུཿཁ་ཐམས་ཅད་བདག་གིས་སྤང་བདེ་བ་ཐམས་ཅད་བདག་གིས་སྒྲུབ་སྙམ་དུ་ཞེ་ཐག་པ་ནས་བསམས་ལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །ཅེས་
༣༥༦བརྗོད་ཅིང་བློ་བཅོས་མ་མ་ཡིན་པ་སྐྱེས་སྐྱེས་སུ་བསྒོམ་མོ། །གཉིས་པ་ནི། སྤྱོད་འཇུག་ཏུ། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་ཏུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་ནི། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་པ་ལྟར་ཏེ་ཚུལ་ཇི་ལྟར་ན། བདག་ཉིད་གཞན་ལ་བཏང་བྱ་དང་། །གཞན་རྣམས་བདག་བཞིན་བཟུང་བར་བྱ། །ཞེས་པ་ལྟར་ཏེ། བདག་ལ་གཅེས་འཛིན་འདོད་པའི་དོན་དུ་སེམས་ཅན་མདུན་དུ་དམིགས་ནས་བདག་བཞིན་དུ་གཅེས་པར་བཟུང་ཞིང་བདག་ལ་གཅེས་འཛིན་གྱི་བློ་དོར་ནས་བདག་གི་རྒྱུད་ལ་སེམས་ཅན་གྱི་རྒྱུད་ཀྱི་དུཿཁ་དང་ལས་ངན་ཐམས་ཅད་སྨིན། བདག་གི་ལུས་ལོངས་སྤྱོད་དགེ་བ་དང་། བདེ་བ་ཐམས་ཅད་སེམས་ཅན་ལ་ལྟོས་མེད་དུ་བཏང་སྙམ་དུ་བསམས་ལ། སེམས་ཅན་ཀུན་གྱི་དུཿཁ་བདག་ལ་སྨིན་པར་གྱུར་ཅིག །བདག་གི་བདེ་བ་དང་དགེ་བ་ཐམས་ཅད་སེམས་ཅན་གྱི་རྒྱུད་ལ་སྨིན་པར་གྱུར་ཅིག་ཅེས་བརྒྱའམ་སྟོང་ལ་སོགས་པ་བགྲང་ཞིང་བློ་བཅོས་མ་མ་ཡིན་པ་སྐྱེས་སྐྱེས་ཀྱི་བར་བསྒོམ་མོ། །གསུམ་པ་ནི། སྤྱོད་འཇུག་ཏུ། འདི་ནི་བདེ་ལས་ཉམས་བྱ་ཞིང་། །བདག་གི་གནོད་དང་རྟག་སྦྱར་བྱ། །ཞེས་པ་ལྟར་བསམས་ཏེ། ཅི་ལྟར་ན་བདག་གི་ལུས་ལོངས་སྤྱོད་དགེ་བ་ཐམས་ཅད་སེམས་ཅན་ལ་རྒྱངས་ཀྱིས་བཏང་བས་སེམས་ཅན་རེ་རེས་ཀྱང་ཡོངས་སུ་རྫོགས་པར་ཐོབ་སྟེ་བདེ་ཞིང་སྐྱིད་པར་བསམ། སེམས་ཅན་གྱི་རྒྱུད་ལ་ཡོད་པའི་གསོད་གཅོད་རྡེག་འཚོག་ཚ་གྲང་། བཀྲེས་སྐོམ། ངལ་དུབ་ལ་སོགས་པའི་མི་འདོད་པ་ཐམས་ཅད་བདག་གི་ཐོག་ཏུ་སྨིན་ནས་ན། འཆི། ཟུག་རྔུ། བཀྲེས་སྐོམ་དཔག་ཏུ་མེད་པས་དུཿཁ་བར་བསམས་ཏེ། གཙོ་བོར་གང་དུཿཁ་བར་མཐོང་བའི་སེམས་ཅན་དེ་ཉིད་ཀྱི་དུཿཁ་གྱིས་ཐོགས་དྲངས་པ་བླང་ངོ་། །བསམ་པ་ད་ལྟ་བུས་རྗེས་ཐོབ་ཏུ་གཞན་གྱི་ཁུར་ཁུར་བ་ལ་སོགས་པ་དགའ་བའི་སྤྱོད་པ་ལ་བསླབ་བོ།། །།གསུམ་པ་ནི། གསང་འདུས་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་
༣༥༧རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་པ་ལྟར་བསྒོམ་པ་སྟེ། ཅི་ལྟར་ན་བདག་གཞན་བརྗེ་བའི་ཡུལ་སེམས་ཅན། རྗེ་བ་པོ་བདག་ཉིད། བརྗེ་བའི་བདེ་སྡུག་རྣམས་ཀྱིས་ཐོག་དྲངས་པའི་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ཡིན་ཞིང་། དེ་སེམས་སུའང་མ་གྲུབ་སྟེ་སེམས་འདས་པ་འགགས་མ་འོངས་པ་མ་སྐྱེས་ད་ལྟ་བ་སྐད་ཅིག་གཉིས་སུ་མི་གནས་པས་རང་བཞིན་གྱིས་སྟོང་པ་ཡིན་སྙམ་དུ་ཐག་བཅད་དེ། དེའི་ངང་དུ་བློ་གནས་ཚད་དུ་ལྷོད་ཀྱིས་ཀློད་ནས་འཇོག་པའོ། །གཉིས་པ་ཐུན་མོང་མིན་པའི་རྣལ་འབྱོར་པས་ཉམས་སྐྱེ་འགྱུར་ལ་ངེས་ཤེས་སྐྱེས་སྐྱེས་བསྒོམ་པ་ནི། གུར་དུ། དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་འདྲ་བ་ཡིན། །གསུམ་པ་མེ་ཁྱེར་རྣམ་པ་ཡིན། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་འགྱུར་བ་ཡིན། །ཞེས་དང་། རྡོ་རྗེའི་ཚིག་རྐང་ལས། སྒོམ་པ་མི་འཆོར་བའི་མཐོང་སྣང་། རྨི་ལམ། ཉམས་གསུམ་གསུམ་ནི་རྣམ་རྟོག་མངོན་དུ་སོང་བ་ལྟར་ཁམས་གསུམ་ཀུན་ཏུ་སྣང་ངོ་། །ཞེས་པ་ལྟར་རྣལ་འབྱོར་པ་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ལ་ཞུགས་ནས་ཉམས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པ་ཞིག་སྐྱེ་ཡང་། བསྡུ་ན་བཅོ་ལྔར་འདུ་སྟེ། འཇུག་པ་སེལ་བ། ཆགས་པ་གཅོད་པ། བྱང་ཆུབ་ཆེན་པོའ་ལམ་སྟེ་ལམ་གསུམ། ལུས། སེམས། རྨི་ལམ་ཉམས་ཏེ་ཉམས་གསུམ། རླུང་ལོག །མཐོང་སྣང་། རྨི་ལམ་ཉམས་ཀྱི་རྟེན་འབྲེལ་ཏེ་རྟེན་འབྲེལ་གསུམ། རྣམ་རྟོག་སྔོན་སོང་། ཁམས་དགུ་འདུས་པ། ཐིག་ལེ་འབར་ཞིང་བརྟན་པའི་དྲོད་དེ་དྲོད་གསུམ། མཚན་ཉིད་སྣ་ཚོགས། རང་བཞིན་སྟོང་པ། ངོ་བོ་ཟུང་འཇུག་སྟེ་ཏིང་ངེ་འཛིན་གསུམ་སྟེ་དེ་དག་ཏུ་འདུའོ། །བཅོ་ལྔ་པོའང་ཏིང་ངེ་འཛིན་འབའ་
༣༥༨ཞིག་ཏུ་འདུ་ལ། དེ་རྣམས་ཀྱང་རང་གི་ལུས་ཀྱི་རྩ་དང་། རྩ་ཡི་གེ་དང་། ཁམས་བདུད་རྩི་དང་། སྙིང་པོ་ཡེ་ཤེས་རླུང་གི་རྟེན་འབྲེལ་སེམས་ཀྱིས་དབང་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན་པས་དེ་རྣམས་ཀྱིས་མཐུན་པའི་རྐྱེན་ལ་དགའ་བ་བྱ་རྒྱུ་ཡང་མེད། མི་མཐུན་པའི་ཕྱོགས་ལ་མི་དགའ་བ་བྱ་རྒྱུ་ཡང་མེད་སྙམ་དུ་སྤྲོས་པ་ཆོད་པར་བྱས་ལ་ཡང་ཡང་བསྒོམ། ལན་ཅིག་ཉམས་སྐྱེས་པའི་ཚེ་འདི་ནི་ལུས་ཉམས་སོ་འདི་ནི་སེམས་ཉམས་སོ་ཞེས་པ་ལ་སོགས་པ་ངོ་ཤེས་པར་བྱས་ལ་བྱུང་རྒྱལ་དུ་བསྐྱང་ངོ་། །གསུམ་པ་དག་པའི་སྣང་བས་དཀྲི་བ་ནི། འོན་ཏེ་ཉམས་སྣང་འདི་ལྟ་བུ་སྣ་ཚོགས་སྐྱེས་པ་ལམ་དུ་བསྲེལ་བ་ལ་ཕན་ཡོན་ཅི་ཡོད་སྙམ་ན། དེ་དག་ལམ་དུ་བསྲེལ་ཏེ་བསྒོམ་པས་ཁམས་འདུས་པ་གསུམ་གྱི་ལམ་ཆོད་དེ་གྲུབ་མཐའ་སྙོགས་ནས་ས་རྣམས་རིམ་གྱིས་བགྲོད་དེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་འགྱུར་རོ། །དེ་ཡང་སྐུ་མི་ཟད་པ་ནི་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་གཙུག་ཏོར་ལྟར་མི་མངོན་པ་སོགས་དང་། སྐུ་ཐམས་ཅད་པ་གང་ལ་ཅི་འདུལ་དེ་ལ་དེའི་རྣམ་པར་སྣང་བ་དང་། གསུང་མི་ཟད་པ་ནི་གསུང་བསམ་གྱིས་མི་ཁྱབ་པ་ཉེ་རིང་མེད་པས་ཐོས་པ་དང་། གསུང་ཐམས་ཅད་པ་གདུལ་བྱ་རང་རང་གི་སྐད་དུ་ཆོས་སྟོན་པ་དུས་གཅིག་ཏུ་ཐམས་ཅད་ཀྱིས་གོ་བ་དང་། ཐུགས་མི་ཟད་པ་ནི་ཐུགས་བསམ་གྱིས་མི་ཁྱབ་པ་ཅི་སྙེད་པ་མཁྱེན་པའོ། །རྒྱན་གྱི་འཁོར་ལོ་ནི་རང་གཞན་གཉིས་ཀ་མཛེས་པར་བྱེད་པའི་མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་འཆད་པས་སོ། །གདུལ་བྱ་གྲོལ་བར་མཛད་པ་སྟེ་དེ་ལྟ་བུ་ལ་སོགས་པ་སངས་རྒྱས་ལ་ཡོན་ཏན་དཔག་ཏུ་མེད་པ་མངའོ་སྙམ་དུ་བསྒོམ། དེ་ནས་ངས་ཉམས་སུ་བླངས་པས་འབྲས་བུ་འདི་ལྟ་བུ་འཐོབ་པ་ཡིན་སྙམ་དུ་འབྲས་བུ་ལ་སྤྲོ་བ་ཁྱད་པར་ཅན་སྐྱེས་སྐྱེས་སུ་བསྒོམ་མོ། །གཉིས་པ་རྒྱུད་གསུམ་གྱིས་དཀྲི་བ་ལ། རྒྱུ་རྐྱེན་འཁོར་བའི་གནས་ལུགས། ལམ་བསྒོམ་པའི་ཚུལ། འབྲས་བུ་སངས་རྒྱས་ཀྱི་ས་དང་གསུམ་གྱི་དང་པོ་ནི།
༣༥༩མ་དག་པའི་སྣང་བའི་སྐབས་ལྟར་རྒྱས་བསྡུས་ཅི་རིགས་པ་ཞིག་བསྟན་ལ་ཡིད་ཆེས་བསྐྱེད་དོ། །གཉིས་པ་ལ། གཞི་དམ་ཚིག་ལ་གནས་པར་བྱ་བ། གང་ཟག་ཅི་ལྟར་དཀྲི་བའི་ཚུལ། ངེས་ཤེས་ཁྱད་པར་ཅན་བསྐྱེད་ལ་ཏིང་ངེ་འཛིན་ངོ་ཤེས་པར་བྱ་ཞིང་ལམ་གྱི་ས་མཚམས་རྣམ་པར་གཞག་པའོ། །དང་པོ་ནི། ལམ་ཐམས་ཅད་ཀྱི་རྩ་བ་དང་གང་ཟག་འབྲིང་གི་ལམ་གྱི་གཙོ་བོ་དབང་དང་དམ་ཚིག་ལ་གནས་པ་ཡིན་ཏེ་དེ་ལ་གནས་པས་གང་ཟག་ཐམས་ཅད་དཀྲིར་རུང་བས་སོ། །དེས་ན་དམ་ཚིག་ཉམས་ན་དབང་བླང་ཞིང་ཡན་ལག་གི་ཉེས་པ་རྣམས་བཤགས་བསྡམས་ལ་སོགས་པས་དག་པར་བྱས་ནས་དམ་ཚིག་སོར་ཆུད་པར་བྱས་ཏེ་ཚུལ་བཞིན་དུ་སྐྱོང་བྱ་ཡིན་ནོ། །གཉིས་པ་ལ་གསུམ། ལྟ་བས་སྤྲོས་པ་བཅད་པའི་ཕྱིར་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་བསྒོམ། ལམ་གྱི་ཉམས་བསྐྱེད་པའི་ཕྱིར་ལུས་ཐབས་རྒྱུད་བསྒོམ། འབྲས་བུ་སྐུ་ལྔ་མངོན་དུ་འགྱུར་ཚུལ་ལོ། །དང་པོ་ལ་ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱི་སྒོ་ནས་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་མདོར་བསྟན། ཉམས་སུ་བླང་བའི་གནད་གསུམ་གྱིས་རྒྱས་པར་བཤད། རྒྱུད་གསུམ་གྱི་སྒོ་ནས་ཤིན་ཏུ་རྒྱས་པར་བཤད་པ་དང་གསུམ་གྱི་དང་པོ་ལ་གཉིས་ལས། ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱི་སྒོ་ནས་ཉམས་སུ་བླང་ཚུལ་དངོས་ནི་སྒོམ་པ་གསུམ་གྱི་སྐབས་དང་འདྲ་བར་བླ་མ་ལ་མོས་གུས་ཞག་འགའ་བྱེད་དུ་བཅུག་ལ། དེའི་བར་དུ་ཤེས་པ་ཀློད་ནས་ངོས་འཛིན་དུ་གཞུག །དེ་ནས་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་སུ་འདུས་ཏེ། སེམས་ལས་མ་གཏོགས་པའི་ཕྱི་རོལ་ན་ཆོས་འགའ་ཡང་མེད་ལ། སེམས་ཀྱང་རང་གི་ངོ་བོ་གྲུབ་ཙམ་ནས་གསལ་བ་མི་འདོར་བས། གསལ་བ་སེམས་ཀྱི་མཚན་ཉིད་དོ་ཞེས་ངོས་བཟུང་། གསལ་བ་དེའང་བརྟགས་ན་རིགས་ཁ་དོག་དབྱིབས་སོགས་གང་དུ་ཡང་མི་རྙེད་དེ། རང་བཞིན་གྱིས་སྟོང་པས་གསལ་བ། བཙལ་བས་མ་རྙེད་པ་ལ་སྟོང་པ་ཅེས་
༣༦༠བྱ་ལ། དེ་ལྟ་བུའི་གསལ་བའི་དུས་ཉིད་ན་སྟོང་ལ། སྟོང་པའི་དུས་ཉིད་ན་གསལ་བས་གསལ་སྟོང་གཉིས་སོ་སོར་སུས་ཀྱང་དབྱེར་མེད་པ་དེ་ལ་གཉིས་མེད་ཟུང་འཇུག་བརྗོད་བྲལ་བཅོས་མིན་སེམས་ཀྱི་ངོ་བོ་ཅེས་བྱ་སྟེ། ཚུལ་དེ་ལྟར་བློས་ཐག་བཅད་ནས་དེའི་ངང་ལ་མ་ཡེངས་པར་འཇོག་པའོ། །དེའི་ཚེ་རྟོག་པ་འཕྲོ་ན་རྒྱུན་མི་མཐུད་པར་དྲན་འཛིན་གྱི་རྟོག་པ་གང་སྐྱེས་དེའི་ངོ་བོ་གསལ་སྟོང་ཟུང་འཇུག་ཏུ་དྲན་པར་བྱས་ལ་མཉམ་པར་བཞག་གོ །དེ་ལས་དོན་སྤྱི་ཙམ་མ་ཡིན་པར་ཟུང་འཇུག་ཏུ་རང་གི་བློས་ཉམས་སུ་མྱོང་བ་ན་ལྟ་བ་ལ་ཉམས་སུ་མྱོང་བ་ཅེས་བྱ་སྟེ། སྣང་ཕྱོགས་སྟོང་ཕྱོགས་ཟུང་འཇུག་གི་ངོ་བོ་ཉིད་གསུམ་གང་སྐྱེས་ངོས་ཟིན་པར་བྱའོ། །དེ་ནས་གཉིས་པ་ལྷན་ཅིག་སྐྱེས་པའི་ཆོས་ཉི་ཤུ་རྩ་བདུན་གྱི་སྒོ་ནས་ཉམས་སུ་བླང་བ་ནི་དེ་ལྟ་བུའི་ཆོས་གསུམ་པོ་དེ་མ་རྟོགས་པའི་དབང་གིས་འཁོར་བར་འཁྱམས་ཏེ། རང་བཞིན་གསལ་བ་ལ་བདེན་པར་འཁྲུལ་པས་འདོད་ཆགས་དང་། རླུང་ནང་འཇུག །ཡི་གེ་ༀ། རྩ་རྐྱང་མ། ཁམས་ཁུ་བ། ནད་ཁྲག་མཁྲིས། གདོན་མོ་རིགས། རགས་པ་ལུས་སྐྱེ་བ། རང་བཞིན་སྟོང་པ་ལ་འཁྲུལ་ནས་མི་སྟོང་པར་བརྟགས་པས་ཞེ་སྡང་། རླུང་ཕྱིར་འགྲོ། ཡི་གེ་ཧཱུྃ། རྩ་རོ་མ། ཁམས་རཀྟ། ནད་རླུང་། གདོན་ཕོ་རིགས། རགས་པ་དག་སྐྱེ་བ། ཟུང་འཇུག་ལ་འཁྲུལ་ནས་གསལ་སྟོང་ཐ་དད་དུ་བརྟགས་པས་གཏི་མུག་དང་། རླུང་གནས་པ། ཡི་གེ་ཨཱཿ རྩ་དབུ་མ། ཁམས་ཁུ་ཁྲག་འདྲེས་པ། ནད་བད་ཀན། གདོན་ཀླུ་རིགས། རགས་པ་ཐམས་ཅད་ཀྱི་རྩ་བ་སྐྱེད་བྱེད་དུ་གྱུར་པ་ཡིན་པར་འདུག་སྙམ་དུ་སྤྲོས་པ་བཅད་དེ། དེའི་ངང་ལ་མཉམ་པར་གཞག །འཕྲོ་ན། གསལ་བ། མི་སྟོང་བ། གསལ་སྟོང་ཐ་དད་གང་ལ་བདེན་པར་འཛིན་བརྟགས་ལ་སྔར་ལྟར་འཁོར་བའི་ཆོས་འདི་དང་འདིའི་རྩ་བར་འདུག་པས་ཐར་པ་དོན་གཉེར་གྱིས་འདི་ལྟ་བུའི་སྤྲོས་པ་བྱར་མི་རུང་སྙམ་དུ་དྲན་པར་བྱས་ལ་འཕྲོ་བ་བསལ་ཏེ་རྩེ་གཅིག་ཏུ་མཚན་ཉིད་གསུམ་གང་རུང་ལ་མཉམ་པར་བཞག་གོ །
༣༦༡གཉིས་པ་ལ་ཆོས་ཐམས་ཅད་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པར་སྒྲུབ་པ་གསུམ་གྱི་དང་པོ་ལ་གཙོ་བོའ་དཔེ་བཞི། ཡན་ལག་གི་དཔེ་བཞིས་སེམས་སུ་སྒྲུབ་པ་གཉིས་ཀྱི་དང་པོ་ལ་བཞི། གཉིད་ཀྱིས་བསླད་པའི་དཔེས་སེམས་སུ་སྒྲུབ་པ་ལ་གསུམ་གྱི་སྦྱོར་བ་སྒོམ་པ་གསུམ་སྔོན་དུ་འགྲོ་བས་དངོས་གཞི་ལ་དཔེ་དྲན་དུ་གཞུག་པ་ནི། རང་གི་རྨི་ལམ་ཤིན་ཏུ་གསལ་བ་ཞིག་ཡིད་ཡུལ་དུ་བྱས་ལ་འདི་ལྟར་བསམ་སྟེ། སྔར་གྱི་རྨི་ལམ་གྱི་སྣང་བ་སྣ་ཚོགས་པ་འདི་དག་ནི་རྨི་བའི་དུས་ན་ཉིན་པར་གྱི་སྣང་བ་འདི་འདྲ་བར། བདེན་པ་ལྟར་སྣང་ཡང་གཉིད་སད་པའི་གནས་སྐབས་ན་རྨི་ལམ་གྱི་དོན་གང་ཡང་མ་གྲུབ་པར་འདུག་པས་ཕྱིའི་དོན་ཡང་མིན་ལ་བདག་ཉིད་ཀྱིས་གསལ་བར་མྱོང་བས་གཏན་མེད་ཀྱང་མིན་པའི་ཕྱིར་སེམས་ཉིད་འཁྲུལ་པའི་དབང་གིས་དེ་ལྟར་སྣང་བའོ་ཞེས་ངེས་ཤེས་སྐྱེད་དོ། །དེ་དང་སྣང་བ་བསྲེ་བ་ནི། རྨི་ལམ་གྱི་སྣང་བ་དེ་དང་ད་ལྟར་གྱི་སྣང་བ་འདི་ལ་ཁྱད་ཅི་ཞིག་ཡོད་ཉམས་སུ་ནི་རྨི་ལམ་ཡང་བདག་གིས་མྱོང་ལ། བདེན་ནི་ད་ལྟར་གྱི་སྣང་བ་འདིའང་མི་བདེན་ཏེ། བདེན་ན་སྣང་ཚུལ་གཅིག་ཏུ་སྣང་དགོས་པ་ལ། སྣང་བ་གཅིག་ཀྱང་རྐྱེན་གྱི་བྱེ་བྲག་གིས་ཡིད་དུ་འོང་མི་འོང་དུ་མར་ཉིན་ཞག་ཕྲུག་གཅིག་ལའང་སྣང་བས་སོ། །ཞེས་ངེས་ཤེས་བསྐྱེད། དེའི་ངང་ལ་བཞག་པ་ནི་ངེས་ཤེས་བསྐྱེད་པ་དེ་ཀའི་ངང་ལ་ཤེས་པ་ཀློད་ནས་འཇོག་ལ། འཕྲོ་བ་ན་འདི་དང་རྨི་ལམ་ན་ཁྱད་པར་ཅི་ཡོད་སྙམ་དུ་དྲན་འཛིན་གྱིས་བཟུང་ལ་མི་རྟོག་པར་བཞག་གོ །རྗེས་ལ་གསུམ་གྱི་བསྔོ་བ་ནི། དགེ་བའི་རྩ་བ་རྒྱ་ཆེན་པོ་དེ་ལ་བརྟེན་ནས་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ཅེས་སྨོན་ལམ་འདེབས་པའོ། །དེ་མ་རྟོགས་པ་ལ་སྙིང་རྗེ་ནི། ཆོས་ཀུན་རྨི་ལམ་ལྟར་མ་རྟོགས་པའི་སེམས་ཅན་བདག་དང་བདག་གིར་འཛིན་པ་དམ་པོས་བཅིངས་ནས་འཁོར་བར་རང་གིས་སྡུག་བསྔལ་བར་བྱེད་པ་འདི་དག་སྙིང་རེ་རྗེ་ན་སྙམ་དུ་བསྒོམ་པའོ། །དཔེ་དོན་རྟག་ཏུ་དྲན་པར་བྱ་བ་ནི།
༣༦༢ཉིན་པར་གནས་གྲོགས་ལོངས་སྤྱོད་ལ་སོགས་གང་དང་གང་སྣང་བ་ཙམ་ཉིད་ན་རྨི་ལམ་གྱི་སྣང་བ་ཡིན་སྙམ་དུ་རྒྱུན་མ་ཆད་པར་བྱེད་པའོ། །དེ་ལྟར་སྦྱོར་དངོས་རྗེས་དགུའི་སྒོ་ནས་དཔེ་དང་པོ་ལ་ངེས་ཤེས་སྐྱེས་སྐྱེས་བསྒོམ་གྱི། ཡུན་རིང་དུ་འགོར་ཡང་དཔེ་དང་པོ་ལ་ངེས་ཤེས་མ་སྐྱེས་པར་གཉིས་པ་མན་ཆད་ཀྱི་དམིགས་པ་མི་སྤོའོ། །སྦྱོར་དངོས་རྗེས་ཀྱི་ཆོས་དགུ་པོ་འདི་དག་འོག་མ་རྣམས་ལའང་སྦྱར་ཞིང་ཉམས་སུ་བླང་ངོ་། །འདིར་དཔེའི་ངོ་བོ་རྣམས་རིམ་པ་བཞིན་བསྟན་ན། གཉིས་པ་རྫས་ཀྱིས་བསླད་པས་སེམས་སུ་བསྒྲུབ་པ་ནི་ཆང་གིས་བཟི་བ་ན་གང་ལའང་འཇིགས་པ་མེད་པའམ། དགའ་བ་དང་གདུང་བའི་རྒྱུར་སྣང་བ་ལྟ་བུ་དང་། གསུམ་པ་ནད་ཀྱིས་ནི་མིག་སེར་གྱི་ནད་ཀྱི་དབང་གིས་སྣང་བ་སེར་པོ་དང་། བདག་ཉིད་དུ་མར་སྣང་བ་དང་། བཞི་པ་གདོན་གྱིས་ནི། བདག་ཉིད་འདྲེས་མནན་པའམ། གཞན་གདོན་གྱིས་ཟིན་པ་ན་མེད་བཞིན་དུ་འཇིགས་པ་སྣ་ཚོགས་གསལ་བ་ལྟ་བུའོ།། །།གཉིས་པ་ཡན་ལག་ལ་བཞི་ལས་མིག་ཡོར་ནི། མིག་བཙིར་བ་ན་ཀ་བུམ་སོགས་ཀྱི་དངོས་པོ་གཅིག་ཉིད་གཉིས་སུ་མཐོང་བ་དེ། མིག་གང་རུང་ཅིག་བཙུམ་པ་ན་མེད་པར་འགྱུར་བས་ཕྱི་རོལ་ན་མེད་ཅིང་། བདག་ཉིད་ཀྱིས་མཐོང་བས་གཏན་མེད་ཀྱང་མིན་པའི་ཕྱིར། རང་གི་སེམས་ཉིད་འཁྲུལ་པའི་དབང་གིས་དེར་སྣང་བའོ། །གཉིས་པ་རབ་རིབ་ནི། མིག་གི་དབང་པོ་རབ་རིབ་ཀྱིས་ཟིན་པས་ནམ་མཁའ་ལ་བལྟས་པའི་ཚེ་སྐྲ་ཤད་དམ་སྦྲང་བུའི་ཚོགས་མེད་བཞིན་དུ་མཐོང་བ་ལྟ་བུ་དང་། གསུམ་པ་མགལ་མེ་ནི། ཤིང་བུ་ཕྲ་མོའ་རྩེ་ལ་མེ་སྦར་ཏེ་མྱུར་ཏུ་བསྐོར་བ་ན་འཁོར་ལོ་ལྟར་སྣང་ཡང་། མེ་དེ་ཕྱོགས་གཅིག་ན་ཡོད་པའི་ཚེ་ཕྱོགས་གཞན་ན་མེད་པ་ལྟ་བུའོ། །བཞི་པ་མྱུར་ཏུ་འཁོར་བ་ནི། ལག་པ་བརྐྱངས་ཏེ་ལུས་ཕྱོགས་ཀུན་ཏུ་བསྐོར་བས་ས་ནམ་མཁའ་དང་། ནམ་མཁའ་སར་འགྲོ་བ་སོགས་སུ་སྣང་བ་ལྟ་བུའོ། །དེ་དག་ལ་བརྟེན་ནས་ཕྱི་
༣༦༣རོལ་གྱི་སྣང་བ་འདི་ཕྱྭའམ་དབང་ཕྱུག་གམ་རྡུལ་ཕྲན་ལ་སོགས་པས་བྱས་པ་མིན་གྱི། རང་གི་སེམས་ཀྱི་རྣམ་འཕྲུལ་ལོ། །ཞེས་སྤྲོས་པ་གཅོད་པའོ། །དེ་དག་ཀྱང་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དོན་ནམ། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་དང་། ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ཡིན་སེམས་དེ་ཉིད། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་དང་། ཚིག་རྐང་ལས། ཆོས་རྣམས་སེམས་ཉིད་སྣང་བ་ཅེས་པའི་དོན་ཏོ། །གཉིས་པ་སེམས་སྒྱུ་མར་སྒྲུབ་པ་ལ་གཉིས་ལས། གཙོ་བོའ་དཔེ་བཞི་ལས་སྒྱུ་མ་བདེན་ནམ་སྙམ་ན་མ་ཡིན་གྱིས། དཔེར་ན་སྒྱུ་མའི་རྫས་གྱོ་མོ་དང་སྤྲེ་མཇུག་ལ་སོགས་པ་ལ་སྔགས་ཀྱིས་བཏབ་པ་ལས། མེད་བཞིན་དུ་རྟ་གླང་དང་ཁང་ཁྱིམ་ལ་སོགས་པ་དུ་མར་སྣང་བ་བཞིན་དུ། སེམས་ཉིད་སྣ་ཚོགས་སུ་འཁྲུལ་པའི་བག་ཆགས་ཀྱི་རྒྱུ་ལས། ད་ལྟར་རང་གི་སེམས་ཉིད་སྣ་ཚོགས་སུ་སྣང་བར་སྐྱེའི། བག་ཆགས་མེད་ན་མི་སྐྱེ་བས་དོན་དམ་དུ་གྲུབ་ཅིང་རང་དབང་ཅན་དུ་འབྱུང་བ་འགའ་ཡང་མེད་དོ། །གཉིས་པ་སྨིག་རྒྱུ་ནི་སའི་རླངས་པ་རླུང་གིས་བཏབ་པ་ཐག་རིང་པོ་ནས་ལུང་པ་ཆུས་གང་བར་མཐོང་བའོ། །གསུམ་པ་ཆུ་ཟླ་ནི། ནམ་མཁའ་སྤྲིན་གྱིས་མ་བསྒྲིབས་པ། ཟླ་བའི་དཀྱིལ་འཁོར་ཤར་བ་དང་། ཆུ་དྭངས་པའི་རྐྱེན་གསུམ་ཚོགས་པ་ན་ཆུ་ནང་དུ་ཟླ་བའི་གཟུགས་བརྙན་སྣང་ལ་མ་ཚོགས་ན་མི་སྣང་བའོ། །བཞི་པ་གློག་ནི་བར་སྣང་གི་ཆུ་བུར་དང་རླུང་གི་རྐྱེན་ཚོགས་པ་ན་ཤིན་ཏུ་གསལ་བའི་འོད་ཟེར་འཁྱུག་པར་སྣང་བའོ། །གཉིས་པ་ཡན་ལག་གི་དཔེ་བཞི་ལས་འཕྲོག་པའི་ཟླ་བ་ནི། ཤར་ལྷོ་ཧ་རི་ཀེལླ་ན་མཚན་མོ་ཆར་བབ་པའི་ནང་པར་སྤྲིན་དེངས་ན་རྒྱ་མཚོའ་ནང་དུ་གྲོང་ཁྱེར་གྱི་དངོས་པོ་མེད་བཞིན་དུ་སྣང་བའམ། ཡང་ན་རྒྱལ་པོ་སེང་གེ་ཟླ་བའི་གྲོང་
༣༦༤ཁྱེར་གྱི་ལོགས་ཤིན་ཏུ་དྭངས་པར་ཡོད་པ་ལ་ཁང་ཁྱིམ་མི་དང་རྟ་གླང་ལ་སོགས་པའི་གཟུགས་བརྙན་ཤར་བ་ཡིན་ནམ་སྙམ་པའོ། །གཉིས་པ་དྲི་བའི་གྲོང་ཁྱེར་ནི། ཡུལ་གྱི་ཁྱད་པར་དང་སྤྲིན་ཉེ་བའི་རྒྱུད་ལས་གྲོང་དུ་སྣང་བའོ། །གསུམ་པ་སྤྲིན་ནི། མཁའ་ལ་སྤྲིན་ཕུང་སྣང་བ་དེ་དང་པོ་སྐྱེ་བ་ན་གང་ནས་འོང་བ་དང་། དེངས་པ་ན་གང་དུ་སོང་བའི་ས་མི་རྙེད་ཀྱང་སའི་རླངས་ནམ་མཁར་ཆགས་པའི་རྒྱུ་ལས་སྣང་བའོ། །བཞི་པ་འཇའ་ཚོན་ནི། ཉི་ཟེར་དང་སྤྲིན་གྱི་གྲིབ་མ་ཚོགས་པ་ལས་ཁ་དོག་སྣ་ཚོགས་སུ་ཐག་རིང་པོ་ནས་སྣང་ལ་དྲུང་དུ་ཕྱིན་ན་གང་ཡང་མི་སྣང་བའོ། །དེ་དག་གིས་ནི་སེམས་རང་ལའང་བདེན་པའི་རང་བཞིན་མེད་དེ་སེམས་ཉིད་ཀྱི་འགྱུར་བ་སྣ་ཚོགས་ཀྱི་སྟོབས་ཀྱིས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་འབྲས་བུ་སྣ་ཚོགས་སྐྱེ་བས་སོ་ཞེས་སྤྲོས་པ་གཅོད་པ་སྟེ། བརྟག་གཉིས་ལས། རང་བཞིན་གདོད་ནས་མ་སྐྱེས་པ། །བདེན་མིན་རྫུན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །ཞེས་དང་། སམྦུ་ཊིར། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྒྱུ་མ་སྨིག་རྒྱུ་འདྲ་བ་དང་། །འཕྲོག་པ་ཟླ་བའི་གྲོགས་མཚུངས་དང་། །རྨི་ལམ་རྩེ་བ་ལྟ་བུར་བལྟ། །ཞེས་དང་། ཡུམ་ལས་གཟུགས་ནས་རྣམ་མཁྱེན་གྱི་བར་སྒྱུ་མ་ལྟ་བུར་གསུངས་པ་དང་། སློབ་དཔོན་གྱིས་གཟུགས་བརྙན་ཡིན་ཕྱིར་ཞེས་པའི་དོན་ཏོ། །གསུམ་པ་སྒྱུ་མ་རང་བཞིན་མེད་པར་སྒྲུབ་པ་ལ། སྣང་བ་རྟེན་འབྲེལ་དང་། རྟེན་འབྲེལ་བརྗོད་བྲལ་དུ་སྒྲུབ་པ་གཉིས་ཀྱི་དང་པོ་ལ། །གཉིས་ཀྱི་གཙོ་བོའ་དཔེ་བཞི་ལས། ཁ་ཏོན་ནི། རྒྱུ་རྐྱེན་ཚོགས་པ་ལས་བྱུང་བར་བདེན་ནམ་སྙམ་ན་མ་ཡིན་ཏེ། བླ་མའི་ཁ་ཏོན་ལས་སློབ་མའི་ཁ་ཏོན་བྱུང་བའི་ཚེ་བླ་མའི་ཁ་ཏོན་ལ་མ་བརྟེན་པར་ཡང་སློབ་མའི་ཁ་བཏོན་མི་འབྱུང་ལ། སློབ་མར་འཕོས་པ་ལ་མ་ཡིན་པ་བཞིན་དུ་བརྗོད་པ་སྔ་
༣༦༥ཕྱི་དང་། སྐྱེ་འཆི་དང་། སྐད་ཅིག་གོང་འོག་གི་གནས་སྐབས་ཀུན་ཏུ་སྔ་མ་སྔ་མ་ལ་མ་བརྟེན་པར་ཕྱི་མ་ཕྱི་མ་མི་འབྱུང་བས་འགག་པ་མེད་པ་ཞེས་བྱ་ལ། སྔ་མ་ཕྱི་མར་འཕོས་པ་མེད་པས་སྐྱེ་བ་མེད་པ་སྟེ། དེས་ན་དབུས་སུ་གནས་པ་མེད་པས་སྐྱེ་འཇིག་འགྲོ་འོང་མཐའ་དབུས་མེད་པའི་ཕྱིར་སྒྲོ་སྐུར་གྱི་མཐའ་ལས་གྲོལ་བའོ། །ཞེས་ངེས་ཤེས་བསྐྱེད་དོ། །གཉིས་པ་མར་མེ་ནི། སྡོང་བུ་རླན་དང་བྲལ་བ་དང་། འབྲུ་མར་དང་། མེའི་རྐྱེན་ཚོགས་པ་ལས་སྣང་བའོ། །གསུམ་པ་མེ་ལོང་ནི། མེ་ལོང་གཡའ་ཡོངས་སུ་དག་པ་བྱད་བཞིན་གྱི་གཟུགས་དང་འཕྲད་པ་ལས་མེ་ལོང་གི་ནང་དུ་གཟུགས་བརྙན་འཆར་བའོ། །བཞི་པ་རྒྱ་ནི། ར་ལ་སོགས་པ་ལ་བྱས་པའི་རྒྱ། ལ་ཆའམ་འཇིམ་པ་ལ་བཏབ་པས་རྒྱའི་ནང་གི་རི་མོ་དང་འདྲ་བའི་གཟུགས་བརྙན་འབྱུང་བའོ། །གཉིས་པ་ཡན་ལག་གི་དཔེ་ལ་བཞི་ལས། མེ་ཤེལ་ནི། སྒྲིབ་བྱེད་སྤྲིན་དང་བྲལ་བ། མེ་ཤེལ་ཤིན་ཏུ་དྭངས་པ། ཉི་མའི་འོད་ཟེར་ཤིན་ཏུ་གསལ་བ་གསུམ་འཚོགས་པ་ན་སྤྲ་བ་རླན་མེད་པ་ལས་མེ་མྱུར་ཏུ་སྐྱེ་བའོ། །གཉིས་པ་ས་བོན་ནི། སཱ་ལུ་ལྗང་པའི་མདོའ་ཡང་དོན་ཏེ། ཞིང་ས་གཤིན་པ་རྐྱེན་ནམ་ཟླ་དྲོད་གཤེར་འཛོམ་པ་ས་བོན་སྐྱོན་མེད་པ་གསུམ་འཚོགས་པས་མྱུ་གུ་སྡོང་པོ་སྙེ་མ་ནས་ཀྱི་བར་དུ་སྐྱེ་བའོ། །གསུམ་པ་སྐྱུར་ནི། ཤིང་ཐོག་སྐྱུར་པོ་འགའ་ཞིག་རང་གིས་ཟོས་པའི་བག་ཆགས་རྒྱུད་ལ་ཡོད་པ་ཕ་རོལ་པོས་རང་གིས་ཟོས་པ་དེའི་རིགས་ཅན་གྱི་ཤིང་ཐོག་སྐྱུར་པོ་ཟ་བ་མཐོང་བས་སད་པར་བྱས་པ་ན་བདག་འགྲམ་ཆུ་ལྡང་ཞིང་ཁར་ཆུ་འབྱུང་བའོ། །བཞི་པ་བྲག་ཆ་ནི། ཁང་པའམ་བྲག་དཔང་མཐོན་པོའ་དྲུང་དུ་སྐད་གསལ་པོ་གཅིག་བརྗོད་པ་ལས། དེ་དང་འདྲ་བའི་སྒྲ་གྲགས་པར་འགྱུར་བའོ། །དེ་ཐམས་ཅད་ཀྱང་རང་རང་གི་རྒྱུ་ལ་མ་བརྟེན་པར་མི་འབྱུང་བས་འགགས་མེད། རྒྱུ་སྔ་མ་སྔ་མ་འབྲས་བུ་
༣༦༦ཕྱི་མ་ཕྱི་མར་འཕོས་པ་མིན་པས་སྐྱེ་མེད་དོ་ཅེས་སྔ་མ་བདུན་པོ་ཀུན་ལ་སྦྱར་རོ། །དེ་དག་ནི་སྒྱུ་མ་ཞེས་བྱ་བའི་རྒྱུ་རྐྱེན་བདེན་པར་གྲུབ་པ་གཅིག་ཀྱང་མེད་ལ། རྒྱུ་འབྲས་བུར་འོངས་པའང་མེད་ཅིང་། རྒྱུ་ལ་མ་བརྟེན་པར་འབྲས་བུ་འབྱུང་བའང་མེད་པས་འགྲོ་འོང་སྐྱེ་འགག་མེད་པའོ་ཞེས་སྒྲུབ་པའི་དོན་ཏེ། བརྟག་གཉིས་ལས། འདི་ལྟ་སྟེ། གཙུབས་ཤིང་དང་གཙུབས་སྟན་དང་། སྐྱེས་བུའི་ལག་པའི་རྩོལ་བ་ལས་མེ་སྐྱེ་བར་འགྱུར་རོ། །མེ་འདི་གཙུབས་ཤིང་ལ་ཡང་མི་གནས། གཙུབས་སྟན་ལ་ཡང་མ་ཡིན་སྐྱེས་བུའི་ལག་པ་དག་ལ་ཡང་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་གཅིག་ན་ཡང་ཡོད་པ་མ་ཡིན་པས། མེ་དེ་ཡང་བདེན་པ་ཡང་མ་ཡིན་རྫུན་པ་ཡང་མ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་རྣལ་འབྱོར་མས་ཡིད་ལ་གྱིས་ཤིག་ཅེས་དང་། །སཱ་ལུ་ལྗང་པའི་མདོ་ལས། ཆུ་ཟླའི་གཟུགས་བརྙན་ཇི་བཞིན་པ། །དེ་བཞིན་འདི་ནས་འཆི་འཕོ་བ། །འགའ་མེད་འགྲོ་བར་སྐྱེ་བར་སྣང་། །ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། །ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་དག །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་དང་། སློབ་དཔོན་གྱིས་ཕྱི་ནང་རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་གྱིས་ཞེས་པའི་དོན་ཏོ། །གཉིས་པ་བརྗོད་བྲལ་དུ་བསྒྲུབ་པ་ལ་གཉིས་ཀྱི་རྩ་བའི་དཔེ་ལ་བཞིའི་གཞོན་ནུའི་རྒོད་པ་ནི། བུ་ཆུང་སྨྲ་མི་ཤེས་པར་རྒོད་པའི་ཚེ། རྒོད་པའི་རྒྱུ་མཚན་ཅིག་ཡོད་ཀྱང་དེའི་རང་བཞིན་སྨྲ་མི་ཤེས་པའོ། །གཉིས་པ་ལྐུགས་པའི་རྨི་ལམ་ནི། ལྐུགས་པ་ལ་རྨི་ལམ་བྱུང་ཡང་འདི་ལྟ་བུ་ཞེས་སྨྲ་མི་ཤེས་པའོ། །གསུམ་པ་གནད་ལ་ཕྲུགས་པ་ནི་མཆན་ཁུང་ལ་སོགས་པ་གཡའི་གནས་འགའ་ཞིག་ཏུ་གཞན་གྱིས་ཕྲུགས་པ་ན་གཡའ་བ་དེ་ཉམས་སུ་མྱོང་ཡང་འདིའོ་ཞེས་སྨྲ་མི་ཤེས་པའོ། །བཞི་པ་དབང་པོའ་བདེ་བ་ནི། འཁྲིག་པའི་བདེ་བ་མྱོང་ཡང་
༣༦༧སྨྲ་མི་ཤེས་པའོ། །གཉིས་པ་ཡན་ལག་གི་དཔེ་ལ་བཞིའི་གསུམ་པའི་ཡེ་ཤེས་ནི། དབང་གསུམ་པའི་དུས་སུ་མྱོང་བའི་ཡེ་ཤེས་སོ། །གཉིས་པ་གསང་བའི་སྙོམས་འཇུག་ནི། འོག་དཀྱིལ་འཁོར་འཁོར་ལོའ་སྐབས་སུ་འཆད་པ་ལྟར་ལག་པའི་ཕྱག་རྒྱ་ལ་བརྟེན་པའི་ཡེ་ཤེས་སོ། །གསུམ་པ་ལོངས་སྤྱོད་ཀྱི་རླབས་ནི། མགྲིན་པ་ནས་རྩ་གསུམ་རྒྱུ་བའི་ཐིག་ལེ་དང་ཁྲག་རྒྱུ་བའི་སྲང་བོར་ནས་རླུང་རྒྱུ་བའི་སྲང་མནན་པ་ལས་སྐྱེས་པའི་ཡེ་ཤེས་སོ། །བཞི་པ་དཀྱིལ་འཁོར་འཁོར་ལོ་ནི། འོག་ལྟར་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་ཏེ། དེ་དག་ཉམས་སུ་མྱོང་ཡང་འདིའོ་ཞེས་བརྗོད་པར་མི་ནུས་པ་བཞིན་དུ། ཆོས་ཐམས་ཅད་ཟུང་འཇུག་གམ་རང་བཞིན་མེད་བཞིན་དུ་རྒྱུ་རྐྱེན་འཚོགས་པའི་རྟེན་འབྲེལ་ལས་བྱུང་བར་ངེས་ཤེས་སྐྱེས་ཀྱང་འདིའོ་ཞེས་བརྗོད་མི་ཤེས་པས་བརྗོད་བྲལ་དུ་འདུག་སྙམ་དུ་ངེས་ཤེས་བསྐྱེད་ལ་མཉམ་པར་བཞག་གོ །དེ་དག་ཀྱང་བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །ཅེས་དང་། མདོ་བདེན་གཉིས་བསྟན་པར། ལྷའི་བུ་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་ཤིན་ཏུ་འདས་པ་སྟེ། བྱེ་བྲག་མེད་པ། མ་སྐྱེས་པ་མ་འགགས་པ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང་། ཤེས་པ་དང་ཤེས་བྱ་དང་བྲལ་བའོ་ཞེས་དང་། ཏོག་ཙེ་བས། གཉིས་སུ་མེད་པ་མིང་ཙམ་སྟེ། །དེ་ལ་མིང་ནི་ཡོད་མ་ཡིན། །གཉིས་མེད་མིང་དུ་བཟུང་བ་ལ། །བདག་ལ་རྣལ་འབྱོར་པས་བཟོད་མཛོད། །ཅེས་དང་། རྡོ་རྗེའི་ཚིག་རྐང་ལས། དེ་ཁོ་ན་ཉིད་མཚོའ་དོན་དང་མ་བྲལ་བ་ཞེས་སོ། །དེ་དག་གིས་ནི་ཚུལ་བཞི། དཔེ་སུམ་ཅུ་རྩ་གཉིས་ཀྱིས་གཏན་ལ་ཕབ་ནས། ཡང་གསལ་བར་འདོད་པས་དཔེའི་གཙོ་བོ་བཞི་བཏུས་ལ། དེ་རེ་རེའང་ཆོས་བཞི་བཞིས་གཏན་ལ་ཕབ་པའི་ཚུལ་གྱིས་
༣༦༨ཉམས་སུ་བླང་ན། སེམས་སུ་བསྒྲུབ་པའི་དཔེའི་ནང་ནས་རྨི་ལམ་གྱི་དཔེས་ཆོས་བཞི་གཏན་ལ་དབབ་པ་ནི། རྨི་ལམ་གང་གསལ་བ་ཅིག་དྲན་དུ་བཅུག་ལ། དེ་ཉིད་ནི་སེམས་ལས་མ་གཏོགས་པ་ཕྱི་རོལ་ཏུ་གྲུབ་པ་མེད་པས་སེམས། དེ་ཉིན་མོའ་རྟོག་པ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བས་སྒྱུ་མ་རྨི་ལམ་དང་། གཉིད་སད་པའི་གནས་སྐབས་སུ་སྔ་མ་ལ་མ་བརྟེན་པར་ཕྱི་མ་མི་འབྱུང་ལ། སྔ་མ་ཕྱི་མར་མ་འཕོས་པས་འགྲོ་འོང་མེད་པའི་ཕྱིར་རྟེན་འབྲེལ། དེ་དག་འགལ་བ་ལྟར་མྱོང་ཞིང་མྱོང་ཡང་འདི་ལྟ་བུ་ཞེས་བརྗོད་དུ་མི་བཏུབ་པས་བརྗོད་བྲལ་ལོ། །དེ་བཞིན་དུ་སྒྱུ་མའི་དཔེའི་ནང་ནས་ཆུ་ཟླ་དང་། རྟེན་འབྲེལ་གྱི་དཔེའི་ནང་ནས་ས་བོན་དང་། བརྗོད་བྲལ་གྱི་དཔེའི་ནང་ནས་གནད་ལ་ཕྲུགས་པའི་བདེ་བ་དྲན་དུ་བཅུག་ལ། དེ་རེ་རེའང་། སེམས། སྒྱུ་མ། རྟེན་འབྲེལ། བརྗོད་བྲལ་དུ་གཏན་ལ་ཕབ་ལ་ངེས་ཤེས་སྐྱེད་དེ། དེ་དང་སྣང་བ་བསྲེ་བ་སོགས་སྔར་བཞིན་སྦྱར་ཞིང་ཉམས་སུ་བླང་ངོ་། །དཔེའི་གཙོ་བོ་གཅིག་ཏུ་བཏུས་པ་ལའང་ངེས་ཤེས་བསྐྱེད་པ་ནི། ལོངས་སྤྱོད་ཀྱི་རླབས་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་བསྐྱེད་ལ་དེ་ཉིད་སེམས་སོགས་བཞིར་གཏན་ལ་ཕབ་པ་ལ་སོགས་པ་སྔར་ལྟར་ཉམས་སུ་བླང་ངོ་། །དེ་ལྟར་སྣང་བ་སེམས་སུ་བསྒོམས་པས་ཕྱི་རོལ་ཏུ་ཞེན་པའི་བློ་ལྡོག །སེམས་སྒྱུ་མར་བསྒོམ་པས་སེམས་སུ་བདེན་འཛིན་གྱི་བློ་ལྡོག །སྒྱུ་མ་རྟེན་འབྲེལ་དུ་བསྒོམས་པས་འགྲོ་འོང་རྟག་ཆད་དུ་འཛིན་པའི་བློ་ལྡོག །རྟེན་འབྲེལ་བརྗོད་བྲལ་དུ་བསྒོམས་པས་སེམས་ཉིད་ཀྱང་ནམ་མཁའ་ལྟར་མཐའ་དང་བྲལ་བར་ཁོང་དུ་ཆུད་དོ། །གསུམ་པ་རྒྱུད་གསུམ་གྱི་སྒོ་ནས་རྒྱས་པར་བཤད་པ་ལ་ཀུན་གཞི་རྒྱུ་རྒྱུད། །ལུས་ཐབས་རྒྱུད། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་ཀྱི་ཁྲིད་དོ། །དང་པོ་ནི། དེ་ལྟར་བརྟེན་ངལ་བཞི་ལ་མེ་ཏོག་དང་མེ་ཏོག་གི་དྲིའི་ཚུལ་གྱིས་བརྟེན་པའི་སེམས་ཀུན་གཞི་འདི་ཉིད་ལ་འཁོར་འདས་རྒྱུ་ལམ་འབྲས་བུས་བསྡུས་པའི་ཆོས་ཐམས་ཅད་བག་ཆགས་
༣༦༩སམ་ས་བོན་གྱི་ཚུལ་དུ་ཚང་ལ། དེའང་། སད་བྱེད་ཀྱི་རྐྱེན་དང་འཕྲད་པས་མཚན་ཉིད་སྣ་ཚོགས་སུ་སྣང་ཡང་། སྣང་བ་ལྟར་བདེན་པར་མ་གྲུབ་པས་རང་བཞིན་སྟོང་པ། སྟོང་བཞིན་དུ་སྣང་། སྣང་བཞིན་དུ་སྟོང་པས་རང་བཞིན་ཟུང་དུ་འཇུག་པའོ་ཞེས་ངེས་ཤེས་བསྐྱེད་དེའི་ངང་ལ་རྩེ་གཅིག་ཏུ་བཞག་གོ །དེ་དག་ཀྱང་བརྟག་གཉིས་སུ། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །ཅེས་དང་། ཀླུ་སྒྲུབ་ཀྱིས། འཁོར་བ་སྤངས་བར་གྱུར་པ་ཡི། །མྱ་ངན་འདས་ཁྱེད་མི་བཞེད་ཀྱིས། །འཁོར་བ་མི་དམིགས་པ་ཉིད་ནི། །ཞི་ཉིད་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་དང་། རྡོ་རྗེའི་ཚིག་རྐང་ལས། ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་ཚང་། ཞེས་སོ། །གཉིས་པ་ལ། དབང་། ལམ། ཉམས་ལ་ངེས་ཤེས་བསྐྱེད་པའོ། །དང་པོ་ལ་གསུམ་ལས། དལ་ལ་འཁོར་འདས་བསྲེ་བ་ནི། བུམ་དབང་རྒྱ་ཆེ་བའི་དབང་དུ་བྱས་ན། སངས་རྒྱས་ཀྱིས་ཕུང་པོ་ལྔ། རིག་མས་འབྱུང་བ་ལྔ། བྱང་སེམས་ཀྱིས་ནང་གི་སྐྱེ་མཆེད། ལྷ་མོས་ཕྱིའི་སྐྱེ་མཆེད། ཁྲོ་བོ་ཁྲོ་མོས་ཚིགས་ཆེན་བརྒྱད། །སྤྱི་བོ་དང་རྐང་གཉིས་ཏེ་བཅུ་སྦྱོང་ལ། དེ་དག་ཀྱང་སྦྱང་གཞི་འཁོར་བ། སྦྱོང་བྱེད་མྱ་ངན་ལས་འདས་པ་སྟེ། སྦྱང་གཞི་རྣམས་སྦྱོང་བྱེད་དེ་དང་དེའི་ངོ་བོར་གསལ་བཏབ་ནས་བསྒོམས་པས་འཁོར་འདས་དབྱེར་མེད་དོ། །མཆོག་དབང་ཟབ་པའི་དབང་དུ་བྱས་ན་ཡི་གེ་བྷ་གའི་དལ་ལ། སྙིང་གའི་བུ་ཨཱཾ་ཛྲཱིཾ་ཁཱཾ་ཧཱུྃ་སངས་རྒྱས་ནི། ལཱཾ་མཱཾ་ཨཱཾ་ཏཱཾ་ཡུམ་བཞིའི། པུ་ཛ་ལ་སོགས་པའི་ཡི་གེ་ཡུལ་ཉི་ཤུ་རྩ་བཞི་དང་། ཨཱ་ལི་ཀཱ་ལི་ལྔ་བཅུ་བྱང་སེམས་ལྷ་མོ། ཚིག་བརྒྱད་རྐང་མཐིལ་སྤྱི་བོ་རྣམས་ན་ཧཱུྃ་བཅུ་གནས་པ་ཁྲོ་བོ་ཁྲོ་མོའོ། །བྱང་ཆུབ་སེམས་ཀྱི་དལ་ལ་བདུད་རྩི་ལྔའི་དྭང་མ་སངས་རྒྱས། འབྱུང་བཞི་བདེ་བ་ནམ་མཁའི་རང་བཞིན་དང་བཅས་པ་ལྔ་རིག་མ། མིག་སོགས་དབང་པོ་རྣམས་དང་སོ་དང་སེན་མོ་སོགས་ཡུལ་ཉི་ཤུ་རྩ་བཞིའི་དྭངས་མ་བྱང་ཆུབ་སེམས་དཔའི། བདག་གི་ལུས་ཀྱི་ཡུལ་གཟུགས་སོགས་རྣམས་ཀྱི་དྭངས་
༣༧༠མ་ལྷ་མོ། །ལུས་ཀྱི་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་དྭངས་མ་ཁྲོ་བོ་ཁྲོ་མོའོ། །སྙིང་པོ་ཡེ་ཤེས་རླུང་གི་དབང་དུ་བྱས་ན། གཞི་རྩ་བའི་རླུང་ལྔ་རེ་རེ་གཙོ་བོར་གྱུར་པ་དགུ་བརྒྱ་པ་ཕྲག་རེ་རེ་སངས་རྒྱས། དེ་རེ་རེ་ལ་སོགས་འབྱུང་བཞིས་ཕྱེ་བ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་པ་རེ་རེ་མཉམ་པར་གྱུར་པ་རིག་མ་དེ་ཉིད་མིག་སོགས་ནས་རྒྱུ་བ་དང་། ཡན་ལག་གི་རླུང་དགུ་བརྒྱ་པ་ཕྲག་ཉི་ཤུ་རྩ་བཞི་པོ་བྱང་སེམས་དང་ལྷ་མོ། ཡན་ལག་གི་རླུང་ཁྱབ་བྱེད་པགས་པ་དང་བ་སྤུའི་ཚོགས་ལ་གནས་པ་ཁྲོ་བོ་ཁྲོ་མོའོ། །གཉིས་པ་དབང་ལ་འཁོར་འདས་བསྲེ་བ་ནི། བུམ་དབང་གི་དབང་དུ་བྱས་ན་དབང་རྫས་བུམ་པ་ལ་སོགས་པ་དང་། བསྐུར་བྱ་སློབ་མའང་རིགས་ལྔ་ཡབ་ཡུམ་དུ་བསྐྱེད། སྐྱེ་མཆེད་བྱིན་གྱིས་བརླབས་པ་ལ་སོགས་པ་བྱ་སྟེ། གདན་གསུམ་ཚང་བའི་ལྷས་དབང་བསྐུར་བས་འབྱུང་ལྔ་ཕུང་ལྔ་ཉོན་མོངས་ལྔ་ཡུམ་ལྔ་སངས་རྒྱས་ལྔ་ཡེ་ཤེས་ལྔར་བྱིན་གྱིས་རློབས་པ་དང་། གསང་དབང་ལ་ཡང་གདན་གསུམ་ཚང་བའི་བླ་མས་བསྒྲུབས་པའི་ཐིག་ལ་བྱང་ཆུབ་ཀྱི་སེམས་ཀྱིས་གདན་གསུམ་ཚང་བའི་སློབ་མ་ལ་དབང་བསྐུར་བ་ན་ཕུང་པོ་དང་བདུད་རྩི་ལྔའི་དྭངས་མ་སངས་རྒྱས། སྐྱེ་མཆེད་ཀྱི་དྭངས་མ་བྱང་སེམས། འབྱུང་བའི་དྭངས་མ་ལྷ་མོ། །ཚིགས་སྤྱི་བོ་རྐང་མཐིལ་བཅུའི་དྭངས་མ་ཁྲོ་བོ་ཁྲོ་མོའ་གདན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ལ་ཡང་སློབ་མའི་ལུས་བྷ་ག་བྱང་སེམས་ལ་གདན་གསུམ་ཚང་བ་དེ་ལ་ཕྱག་རྒྱ་གདན་གསུམ་ཚང་བ་གཏད་དེ། འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་རྟེན་ཀུན་རྫོབ་ཀྱི་བྱང་སེམས་གདན་གསུམ་ཚང་བ་དེ་དབབ་བཟུང་ལྡོག་ཁྱབ་མི་ཉམས་པར་བཟུང་བའི་ཚུལ་གྱིས་བསྐུར་བའོ། །བཞི་པའི་དབང་ལའང་སློབ་དཔོན་གདན་གསུམ་ཚང་བས་སློབ་མ་གདན་གསུམ་ཚང་བ་ལ་བཞི་པ་ལྔ་གང་རུང་བསྐུར་བའི་སྒོ་ནས་འཁོར་འདས་དབྱེར་མེད་དུ་ངོ་སྤྲོད་པ་བྱེད་པའོ། །དེ་དག་ཀྱང་སྦྱང་གཞི་འཁོར་བ་སྦྱང་བྱེད་མྱ་ངན་ལས་འདས་པ། དེ་གཉིས་རོ་གཅིག་རྟོགས་པ་འཁོར་འདས་དབྱེར་མེད་དོ། །
༣༧༡གསུམ་པ་དབང་གི་ཡེ་ཤེས་ལ་འཁོར་འདས་བསྲེ་བ་ནི། བུམ་དབང་ལས་སྐྱེས་པའི་ཡེ་ཤེས་ཡུལ་སྣང་སྟོང་ཟུང་འཇུག །གསང་དབང་ལས་སྐྱེས་པའི་ཡེ་ཤེས་གསལ་སྟོང་ཟུང་འཇུག །དབང་གསུམ་པ་ལས་སྐྱེས་པའི་ཡེ་ཤེས་ལུས་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན། དབང་བཞི་པ་ལས་སྐྱེས་པའི་ལྟ་བ་ཤིན་ཏུ་རྣམ་དག་བདེ་སྟོང་མཆོག་གི་ཏིང་ངེ་འཛིན་ཏེ། དེ་དག་སྦྱང་གཞི་ཕུང་པོ་དང་། འབྱུང་བ་ལྔ་སྦྱོང་བ་དང་། དེ་དག་གི་དྭངས་མ་དང་རླུང་བཅུ་ཟིན་པ་ལས་སྐྱེས་པའི་ཆ་ནས་སངས་རྒྱས་དང་རིག་མ། སྐྱེ་མཆེད་དང་ཡུལ་དྲུག་སྦྱོང་ཞིང་དེ་དག་གི་དྭངས་མ་དང་ཡན་ལག་གི་རླུང་དགུ་བརྒྱ་པ་ཕྲག་ཉི་ཤུ་པོ་ཟིན་པ་ལས་སྐྱེས་པའི་ཆ་ནས་བྱང་སེམས་དང་ལྷ་མོ། ཚིགས་སྤྱི་བོ་རྐང་མཐིལ་གྱི་དྭངས་མ་དང་། ཁྱབ་བྱེད་ཀྱི་རླུང་པགས་པ་དང་བ་སྤུ་ལ་གནས་པ་ཟིན་པའི་ཆ་ནས་ཁྲོ་བོ་དང་ཁྲོ་མོའ་གདན་ཡིན་ལ། དེ་ལྟར་གདན་གསུམ་ཚང་བའི་ཡེ་ཤེས་དེ་རྣམས་ཀྱིའང། སྣང་བ། གསལ་བ། དགའ་བ་དང་པོ་གསུམ་འཁོར་བ། སྟོང་པ་དང་ལྷན་སྐྱེས་མྱང་འདས། དེ་དག་ཤེས་པ་གཅིག་གི་ངོ་བོར་རོ་གཅིག་པ་དབྱེར་མེད་དོ། །དེ་དག་ཀྱང་གསང་འདུས་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་ནི་རབ་ཏུ་བཤད། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་ད་ལ་མཆོག །ས་ནི་སྤྱན་ཞེས་བྱ་བ་སྟེ། །ཆུ་ཡི་ཁམས་ནི་མ་མཱ་ཀི །དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་གྲགས། །ཞེས་དང་། རྡོ་རྗེའི་ཚིག་རྐང་ལས། གདན་སོགས་གསུམ་པ་བཞིས་རྒྱུའི་དབང་བསྟན་ཞེས་སོ། །གཉིས་པ་ལམ་ལ་ངེས་ཤེས་བསྐྱེད་པ་ལ་གསུམ་ལས། བསྐྱེད་རིམ་ལ་འཁོར་འདས་བསྲེས་ལ་ངེས་ཤེས་བསྐྱེད་པ་ནི། སྔོན་འགྲོ་ཚོགས་བསགས་པ་ལ་སྦྱང་བྱ་སྔ་མའི་ལས། སྦྱོང་བྱེད་ཚོགས་གཉིས་ནི་འཁོར་འདས་ཀྱི་རྒྱུ། དེ་གཉིས་ཀྱི་སྒྲུབ་པ་པོའ་སེམས་རྒྱུད་གཅིག་གིས་བསྡུས་པས་དབྱེར་མེད། ཆོས་འབྱུང་གིས་རྣམ་ཐར་སྒོ་གསུམ་མཚོན་ལ། རྣམ་ཐར་ལས་འཁོར་འདས་གཉིས་ཀ་བྱུང་བ་དང་། གཞལ་ཡས་
༣༧༢ཁང་གིས་སྣོད་སྦྱོང་ལ། གཉིས་ཀའང་འབྱུང་བཞི་ལས་བྱུང་ཞིང་འཁོར་འདས་ཀྱི་སྣང་བ་ཡིན་ལ། དེ་གཉིས་རོ་གཅིག་ཏུ་རྣལ་འབྱོར་པས་བསྒོམས་པས་དབྱེར་མེད་དོ། །བསྐྱེད་ཆོག་ལ་ཡང་མངོན་བྱང་ལྔ་ལས་དྲོད་གཤེར་སྐྱེས་ཐིག་ལེ་ལས་བཞེངས་པས་སྒོང་སྐྱེས། མངལ་ནས་འབྱིན་པས་མངལ་སྐྱེས། སྙིང་པོ་ཚིག་ཙམ་ལས་སྐྱེས་པས་བརྫུས་སྐྱེས་སྦྱོང་བ། ལྷའི་སྐུ་མདོག་ཕྱག་མཚན་ལ་ཡང་། དག་བྱ་ཉོན་མོངས་ལྔ། དག་བྱེད་ཡེ་ཤེས་ལྔའི་རང་བཞིན། སངས་རྒྱས་ལྔའི་སྐུ་མདོག་ཕྱག་མཚན་དུ་བསྒོམས་པས་དག་པར་བྱེད་ལ། ཕྱག་ཞབས་ལ་ཡང་གཡས་གཡོན་འཁོར་འདས། ཕྱེད་ཀྲུང་དང་སྐྱིལ་ཀྲུང་སོགས་སུ་བཞུགས་པ་ཟུང་འཇུག །མཉམ་བཞག་མྱང་འདས། ཐུན་མཚམས་ཀྱི་རྣལ་འབྱོར་འཁོར་བ་དང་ཆོས་མཐུན་ལ། དེ་དག་སྒྲུབ་པ་པོ་གཅིག་གི་རྒྱུད་ལ་ཡང་དབྱེར་མི་ཕྱེད་པས་འཁོར་འདས་དབྱེར་མེད་དོ། །གཉིས་པ་རང་བྱིན་རླབས་ལ། འཁོར་འདས་བསྲེས་ལ་ངེས་ཤེས་བསྐྱེད་པ་ནི། རླུང་ནང་དུ་འཇུག་པ་ཡི་གེ་ༀ། སྦྱང་བྱ་འདོད་ཆགས། ཉམས་གསལ་བའི་ཆ། འབྲས་བུ་སྤྲུལ་སྐུ། རླུང་གནས་པ་ཡི་གེ་ཨཱཿ དག་བྱ་གཏི་མུག །ཉམས་ཟུང་འཇུག །འབྲས་བུ་ལོངས་སྐུ། རླུང་ཕྱིར་འགྲོ་ཡི་གེ་ཧཱུྃ། དག་བྱ་ཞེ་སྡང་། ཉམས་སྟོང་ཆ། འབྲས་བུ་ཆོས་སྐུ་སྟེ། དེ་དག་རོ་གཅིག་པར་རྟོགས་པ་འཁོར་འདས་དབྱེར་མེད་དོ། །གསུམ་པ་དལ་འཁོར་ལོ་ལ་འཁོར་འདས་བསྲེས་ལ་ངེས་ཤེས་བསྐྱེད་པ་ནི། བདག་དང་ཕྱག་རྒྱའི་ཕུང་པོ་ལྔ་ཉོན་མོངས་ལྔ། སྐྱེ་མཆེད་ཡུལ་རྣམ་རྟོག་སོགས་འཁོར་བ། འདུ་ཤེས་གསུམ་གྱིས་བྱིན་གྱིས་བརླབས་ནས། སྙོམས་པར་ཞུགས་ནས་དགའ་བ་བཞིའི་ཡེ་ཤེས་སྐྱེ་བ་མྱང་འདས། དེ་གཉིས་སྒྲུབ་པ་པོ་གཅིག་གི་རྒྱུད་ལ་དབྱེར་མི་ཕྱེད་པར་ཉམས་སུ་ལེན་པས་དབྱེར་མེད་དོ། །བཞི་པ་རྦ་རླབས་གྱི་ལམ་ལ་འཁོར་འདས་བསྲེས་ལ་ངེས་ཤེས་བསྐྱེད་པ་ནི།
༣༧༣བདག་དང་ཕྱག་རྒྱ་པདྨ་ཅན་གྱི་རྟེན་དལ་བཞི་འཁོར་བ། བརྟེན་པ་བདེ་སྟོང་མཆོག་གི་ཡེ་ཤེས་མྱང་འདས། ཟུང་དུ་འཇུག་པས་དབྱེར་མེད་དོ། །གསུམ་པ་ཉམས་ལ་ངེས་ཤེས་བསྐྱེད་པའི་ཐབས་གསུམ་ལས། མ་དག་པའི་ཉམས་ཀྱི་སྣང་བ་ལ་བརྟེན་ནས་ལས་རྒྱུ་འབྲས་ལ་ངེས་ཤེས་ཁྱད་པར་ཅན་བསྐྱེད་པ་ནི། བདག་རྒྱུད་ལ་རྟེན་དལ་བཞིའི་རྟེན་འབྲེལ་གྱིས་འཁོར་བ་ཁམས་གསུམ་རིགས་དྲུག་སྐྱེ་གནས་བཞི་སྣོད་བཅུད་གཉིས་ཀྱིས་བསྡུས་པའི་ཉམས་དུ་མ་སྐྱེས་པའི་ཚེ་ད་ལྟར་བདག་གི་ལུས་འདི་ལས་རྣམ་ཤེས་མ་འཕོས་བཞིན་དུ་རིགས་དྲུག་གི་ཉམས་སྣང་སྣ་ཚོགས་འདི་ལྟ་བུ་འཆར་ན། ཤི་ནས་ལས་ཀྱི་དབང་གིས་རིགས་དྲུག་སོ་སོའ་ལུས་བླངས་ནས་རིགས་དྲུག་གི་ཉམས་སྣ་ཚོགས་ཅི་ལྟར་མི་འཆར་ཏེ་འཆར་ངེས་ལ། དེ་ཐམས་ཅད་དུང་ལས་ཀྱིས་བསླད་པའི་རང་གི་སེམས་ཀྱི་སྣང་བ་ཡིན་ཏེ། བདག་འདུག་ས་གཅིག་ན་འདུག་བཞིན་དུརིགས་དྲུག་གི་སྣང་བ་ཐ་དད་དུ་འབྱུང་བའི་ཕྱིར་སྙམ་དུ་ངེས་ཤེས་བསྐྱེད་དོ། །དེ་ལ་བརྟེན་ནས་ལས་རྒྱུ་འབྲས་ལ་ཡིད་ཆེས་ཤིང་ལོག་ལྟ་སྤང་བར་འགྱུར་རོ། །གཉིས་པ་ལམ་གྱི་ཉམས་ལ་བརྟེན་ནས་ལམ་ཐམས་ཅད་ཐེག་པ་གཅིག་ཏུ་སྒྲུབ་པ་ནི། དལ་བཞིའི་འདུ་འཕྲོད་ལ་རྟེན་ནས་རྟག་ཆད་དུ་བལྟ་བ་དང་། བེམ་པོའ་བདག་ཏུ་བལྟ་བ་དང་། ཚངས་པ་དབང་ཕྱུག་སོགས་འཇིག་རྟེན་གྱི་བྱེད་པ་པོར་འཛིན་པ་དང་། རྡུལ་ཕྲན་དང་འབྱུང་བ་རྒྱུར་གྱུར་དང་། བརྗོད་དུ་མེད་པའི་བདག་དང་། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ། སེམས་ཙམ་པའི་ལྟ་བ་ལ་སོགས་པ་ཉམས་ཀྱི་སྣང་བ་དུ་མ་སྐྱེས་པའི་ཚེ་འདི་ཐམས་ཅད་དལ་བཞིའི་རྒྱུད་ཚུལ་ལ་བརྟེན་ནས་རང་གི་ཉམས་ལ་སྐྱེས་པ་ཙམ་ཡིན་པས་འཁྲུལ་པའི་སྣང་བ་ཡིན་གྱི་ཡང་དག་པར་ན་བདེན་པར་མ་གྲུབ་པས་ཐེག་པ་ཐ་དད་པ་ཅུང་ཟད་ཀྱང་མེད་སྙམ་དུ་ངེས་ཤེས་བསྐྱེད་ཅིང་བསྒོམ་མོ། །དེ་ལ་བརྟེན་ནས་ཐེག་པ་གཅིག་ཏུ་རྟོགས་པར་འགྱུར་
༣༧༤རོ། །གསུམ་པ་ཡིག་འབྲུའི་ཉམས་ཀྱི་སྣང་བ་ལ་བརྟེན་ནས་སངས་རྒྱས་ལ་མོས་གུས་དང་སྤྲོ་བ་ཁྱད་པར་ཅན་བསྐྱེད་པ་ནི། སྙིང་པོའ་ཨར་རླུང་སེམས་འདུས་པས་ཆོས་སྐུ་དང་། སྙིང་གའི་རིགས་ལྔའི་ཡི་གེར་རླུང་སེམས་འདུས་པས་ལོངས་སྤྲུལ་གྱི་ཉམས་སྐྱེས་ཏེ་འདི་ཉིད་སྐུ་གསུམ་གྱི་རང་བཞིན་ནོ་ཞེས་འདུ་ཤེས་པའི་ཚེ་འདི་སངས་རྒྱས་དངོས་མིན་གྱི་ཉམས་སྣང་ཡིན་ལ། སངས་རྒྱས་པ་ན་འདི་བས་ཀྱང་མཆོག་ཏུ་གྱུར་པའི་ཡོན་ཏན་བསམ་མི་ཁྱབ་པའི་འབྱུང་གནས་སུ་འདུག་སྙམ་པའི་མོས་གུས་དང་། བདག་གིས་ཀྱང་དེ་ཐོབ་ན་ཅི་མ་རུང་སྙམ་པའི་སྤྲོ་བ་ཡང་ཡང་དུ་བསྐྱེད་དོ། །གསུམ་པ་གནས་གྱུར་ལྷུན་གྲུབ་མི་འགལ་བའི་སྒོ་ནས་འབྲས་བུ་འཁོར་འདས་དབྱེར་མེད་ལ་ངེས་ཤེས་བསྒོམ་པ་ནི་རྒྱུ་རྟེན་དལ་བཞི་ལ་རང་བཞིན་གྱིས་སྐུ་བཞིའི་ས་བོན་གནས་པ་ནི། མངོན་དུ་གྱུར་པ་ན་སྐུ་བཞིར་ལྷུན་གྱིས་གྲུབ་པས་འབྲས་བུ་ལྷུན་གྲུབ་སྟེ། རྒྱུ་དེ་འཁོར་བའི་ཆོས་ཉིད་དང་ཚུལ་མཚུངས་པས་འཁོར་བ། རང་བཞིན་དེ་ལྟར་ཡིན་བཞིན་དུ་སྐུ་བཞིའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངོན་དུ་འགྱུར་བ་ནི། གནས་བརྟེན་དལ་བཞི་ལམ་གྱིས་སྐུ་བཞིར་སྒྱུར་བའི་ཡོན་ཏན་ཡིན་པས་གནས་གྱུར་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། ཆོས་ཉིད་ལ་ལྟོས་ནས་ལྷུན་གྲུབ། ཡོན་ཏན་ལ་ལྟོས་ནས་གནས་གྱུར་ཡིན་པས་མི་འགལ་ཞིང་འབྲས་བུ་ཡང་ཆོས་ཉིད་དང་གནས་གྱུར་གྱི་སྒོ་ནས་དབྱེར་མེད་དུ་ངེས་ཤེས་བསྐྱེད་དོ། །དེ་ལ་ངེས་ཤེས་སྐྱེས་ན་ཐོས་བསམ་གྱི་ལྟ་བ་མཐར་ཕྱིན་ཅིང་། སྒོམ་བྱུང་གི་ཡེ་ཤེས་ཅུང་ཟད་སྐྱེས་པ་ཞེས་བྱ་བ་ཡིན་ནོ། །ཀུན་གཞི་རྒྱུ་རྒྱུད་ཀྱི་ཁྲིད་བསྟན་ཟིན་ཏོ། །གཉིས་པ་ལམ་གྱི་ངེས་ཤེས་བསྐྱེད་པའི་ཕྱིར་ལུས་ཐབས་རྒྱུད་བསྒོམ་པ་ལ། བུམ། གསང་། ཤེས་རབ་ཡེ་ཤེས། བཞི་པའི་དབང་གི་ལམ་བསྒོམ་པའོ། །དང་པོ་ལ་བསྐྱེད་རིམ་གྱི་བྱ་བ་དང་། དེ་ལ་སེམས་བཟུང་བ་གཉིས་ཀྱི་དང་པོ་ནི། སྒྲུབ་པ་ལ་འཇུག་པའི་སྔོན་དུ། བླ་མ་ལས་ལམ་དུས་ཀྱི་དབང་བླང་སྟེ་དམ་ཚིག་གསོ། བླ་མ་མི་བཞུགས་ན་བདག་ཉིད་ཀྱིས་སྒྲུབ་པའི་དལ་བྲིས་ལ་བདག་འཇུག་
༣༧༥རྒྱས་པར་བྱ། མི་མཐུན་པའི་རྐྱེན་སྤངས་ནས་མཐུན་པའི་ཆས་འགྲིགས་པའི་ཚེ་སྒྲུབ་པ་ལ་འཇུག་སྟེ། དེའང་ཕྱི་ནང་གི་བསྐྱེད་པའི་རིམ་པ་བསྒོམས་ནས་བསྙེན་པ་བཞི་འབུམ་ལ་སོགས་པ་ཅི་འགྲུབ་བཟླ། དེའི་བཅུ་ཆ་ཞི་བའི་སྦྱིན་སྲེག་བྱེད་པའོ། །གཉིས་པ་ནི། ཕྱི་ནང་གི་བསྐྱེད་རིམ་ཐ་མལ་རྣམ་རྟོག་གིས་བར་མ་ཆོད་པར་གསལ་ཞི་དྲག་ལ་ཡུན་ཐུང་བར་བསྒོམ་པ་ཡོངས་སུ་རྫོགས་པའི་མཐར། །གནད་ལ་དབབ་པ་གསུམ་སྔོན་དུ་སོང་བས་ལྷ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བཏབ། ཁྱད་པར་དུ་སྤྱན་དབུ་མ་གསལ་བཏབ་སྟེ། དེ་ལ་སེམས་རྩེ་གཅིག་ཏུ་བཟུང་། གསལ་ན་གསལ་ཏེ་འཕྲོ་བཅད་ལ་དངོས་པོ་གཞན་ཞིག་ལ་སེམས་ཡོངས་སུ་གཞུག །ཡང་གསལ་བཏབ་ལ་བསྒོམ། མི་གསལ་ན་མི་གསལ་ཏེ་འཕྲོ་བཅད། ཅུང་ཞིག་རྩོལ་བ་ཀློད། ཡང་བསྒོམ། དེས་ཀྱང་མི་གསལ་ན་བྲིས་པའི་སྤྱན་དབུ་མ་ལ་བལྟ་ཞིང་གསལ་བཏབ། དེས་ཀྱང་གསལ་བར་མ་གྱུར་ན་རང་གི་དཔྲལ་བའི་དབུས་སུ་སྤྱན་དབུ་མ་བྲིས་ནས་མདུན་གྱི་ཉེ་རིང་དང་མཐོ་དམན་རན་པར་མེ་ལོང་ཤིན་ཏུ་གསལ་བ་ཅིག་བཞག་ནས་བལྟ། ཡང་མིག་བཙུམ་ཞིང་བསྒོམ། ཡང་བལྟ། ཡང་བསྒོམ། དེ་ལྟ་བུ་ཡང་ཡང་བྱས་པས་དམིགས་པ་གསལ་བར་འགྱུར་རོ། །དེ་ལྟར་བསྒོམ་པས་གང་ལ་གསལ་བར་འདོད་པ་དེ་ལ་གསལ་བ་བྱུང་ན་ལྷ་སོ་སོའ་དག་པ་སོ་རུ་སླེབས་པ་ཡིན། གསལ་འཕྲོ་ལ་མེད་པར་འདོད་ན་མེད་པར་བྱ་བར་ནུས་ན་དེ་བཞིན་ཉིད་ཀྱི་དག་པ་སོ་རུ་སླེབ། དེ་དག་ལ་བརྟེན་ནས་ཞི་གནས་ཀྱི་ཉམས་ཁྱད་པར་ཅན་སྐྱེས་པ་ནི་རང་རིག་པའི་དག་པ་སོ་རུ་སླེབ་པའོ། །ཚུལ་དེ་ལྟ་བུས་ལམ་སྦྱང་། དེ་ལ་བརྟེན་ནས་སྐྱེས་པའི་ལྟ་བ་ངོ་བོ་ཉིད་གསུམ་བསྐྱང་སྟེ། སྤྱན་ལ་སོགས་པ་ཡུལ་གྱི་སྟེང་དུ་སེམས་ཟིན་ན་སྣང་ཕྱོགས། དམིགས་པ་ཅི་ཡང་མི་སྣང་བར་སྟོང་ཉམས་འབའ་ཞིག་སྐྱེ་ན་སྟོང་ཕྱོགས། དུ་སོགས་ཀྱི་རྟགས་ལ་སེམས་ཟིན་ན་ཟུང་འཇུག་གི་ངོ་བོ་ཉིད་དོ། །དེ་ལས་
༣༧༦སྐྱེས་པའི་རྗེས་ཐོབ་ཀྱི་ངོ་བོ་ཉིད་ཉམས་སུ་ལེན་ཚུལ། མ་སྐྱེས་ན་བསྐྱང་ཚུལ་རྣམས་གཞུང་ཅི་ལྟ་བ་བཞིན་དུ་ཉམས་སུ་བླང་ངོ་། །དེ་ནས་སྤྱན་གསུམ་ཀ་ལ་དམིགས་པ་གཏད་ལ་སྔ་མ་བཞིན་བསྒོམ། དེ་ནས་དབུ་རིལ་པོ། དེ་ནས་སྐུ་རིལ་པོ། དེ་ནས་གདན་དེ་ནས་དལ་གྱི་ལྷ་རྣམས་དང་། གཞལ་ཡས་ཁང་སྲུང་བའི་འཁོར་ལོ་དང་བཅས་པ་སྔ་མ་བཞིན་དུ་བསྒོམ་ཞིང་། སྤྱན་དབུ་མའི་ཏིང་ངེ་འཛིན་གོམས་པ་བཞིན་དུ་གོམས་པར་མ་གྱུར་གྱི་བར་དུ་བསླབ་པར་བྱའོ། །དེ་ལྟར་བདག་བསྐྱེད་ཀྱི་ལྷ་ལ་དམིགས་པ་གསལ་བ་དང་ཕྱི་རོལ་གྱི་དངོས་པོ་གང་ཡང་རུང་བ་ཞིག་རང་གིས་ལྷར་བསྒོམ་སྟེ་མཉམ་པར་བཞག་གོ །དེ་ལ་གོམས་པ་དང་རིམ་གྱིས་རྒྱ་བསྐྱེད་ཅིང་རང་གིས་མཐོང་ཚད་ཀྱི་སྣང་བ་རྣམས་ལྷར་བསྒོམ་ཞིང་གོམས་པར་བྱའོ། །དེ་ནས་རང་གིས་བསྒོམས་པའི་ལྷ་དང་དལ་གྱི་ཚད་ཀྱང་རྒྱ་བསྐྱེད་ཅིང་མཐར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བསྒོམ་པར་བྱའོ། །དེ་ནས་ལྷ་དང་དལ་ཚད་ཇེ་ཆུང་ཇེ་ཆུང་བསྡུས་ནས་ཡུངས་འབྲུའི་ཚད་ཙམ་གྱི་ནང་དུ་ལྷའི་དལ་རྫོགས་པར་བསྒོམ་ཞིང་གདབ། དམིགས་པའི་རིམ་པ་དེ་རྣམས་ཀྱང་སྤྱན་དབུ་མའི་དམིགས་པ་ལྟར་གོམས་ཀྱི་བར་དུ་བསྒོམ། དེ་རྣམས་ལ་གོམས་པ་དང་ཡུངས་འབྲུའི་ཚད་ཙམ་གྱི་ལྷ་དང་དལ་གྱིས་འཇིག་རྟེན་གྱི་ཁམས་རྒྱ་ཆེན་པོ་ཁྱབ་པར་བསྒོམས་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་ཆུང་ངུ་མི་འགྲོ་ཞིང་ལྷའི་སྐུ་ཆེར་མི་འགྲོ་བར་བསྒོམ་ཞིང་གོམས་པར་བྱའོ། །ལྷའི་རྣམ་པ་དེ་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པའི་ངོ་བོ་ཟུང་འཇུག་ཏུ་བསྒོམ་མོ། །གཉིས་པ་གསང་དབང་གི་ལམ་ལ། ཁྱབ་བྱེད་མན་ངག་གི་གནད་དོ། །དང་པོ་ལ་གཉིས་ལས། ཁྱབ་བྱ་མན་ངག་གི་གནད་དོ། །བསམ་གཏན་གྱི་སྔོན་འགྲོ་ནི། གྲུབ་ན་བླ་མ་ལས་དབང་བླང་། མ་གྲུབ་ན་བདག་འཇུག་བྱ། དེའང་མ་གྲུབ་ན་མཎྜལ་དང་ཡིག་བརྒྱ་ལ་བརྟེན་ནས་མཐུན་པའི་
༣༧༧པའི་རྐྱེན་ཚོགས་བསགས་པ་དང་། འགལ་བའི་རྐྱེན་སྒྲིབ་པ་སྦྱངས་ལ། ལུས་སྦྱོང་རྒྱས་པ་ཕྲིན་ལས་སུམ་ཅུ་རྩ་གཉིས་སམ་བསྡུས་པ་ཡན་ལག་ལྔ་སྦྱོང་ཅི་འགྲུབ་བྱས་པས་ལུས་སྦྱོང་འབྱོངས་འབྱོངས་སྦྱངས་ཏེ། རེ་ཞིག་འབྱོངས་པའི་ཚད་ནི་དཀའ་ལས་མི་འབྱུང་ཞིང་ན་ཚ་མེད་ལ་ལུས་བདེ་ཞིང་ཡངས་པ་ཡིན་ནོ། །ཁ་ཅིག་ལ་སྐབས་དེར་ཏིང་ངེ་འཛིན་ཤུགས་ཀྱིས་སྐྱེ་བ་ཡང་སྲིད་ལ། གང་ལྟར་ཡང་ལུས་སྦྱོང་ཡུན་རིང་དུ་བྱས་ན་ཏིང་ངེ་འཛིན་ཡུན་རིང་དུ་སྐྱེ་ཞིང་བར་ཆད་མི་འབྱུང་བ་ཡིན་ནོ། །དེ་ནས་སྦྱང་བ་གཞན་གཉིས་དང་གནད་དབབ་གསུམ་སྒོམ་པ་གསུམ་ཀྱང་སྔ་མ་བཞིན་བྱའོ། །གཉིས་པ་བསམ་གཏན་གྱི་དངོས་གཞི་ལ། དམིགས་པའི་ལུགས་མང་ན་ཡང་རྣལ་འབྱོར་གྱི་དབང་ཕྱུག་འདི་ནི་ཁམས་འདུས་པ་དང་པོ་གཏུམ་མོ་རླུང་དྲོད་རྟགས་ཀྱིས་ལམ་ཁྲིད་པ་ཡིན་པས་རླུང་གི་རྣལ་འབྱོར་གཙོ་བོར་བཞེད་ལ། དེའི་མན་ངག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང་། བསྡུ་ན་རླུང་ལྡང་འཇུག་གནས་པར་འདུ་ལ། དེ་ལམ་དུ་བྱེད་པ་ལ་སྲོག་རྩོལ་ལམ་རྡོ་རྗེའི་བཟླས་པ། ཕྱིར་བཏང་བའི་མན་ངག་གསུམ། ནང་དུ་དགང་བའི་མན་ངག་གཉིས། གནས་པ་ལམ་དུ་བྱེད་པ་ཁ་སྦྱོར་ཏེ་བདུན་གྱི་དང་པོ་ལ་བཞི་ལས། ཉམས་སུ་བླང་བའི་ཐབས་ནི། བསམ་གཏན་གྱི་ཡན་ལག་དགུ་སྔོན་དུ་སོང་ནས་འཁོར་གཅིག་གཉིས་སྣ་གཡས་བཀག་ནས་གཡོན་རྒྱུར་གཞུག །དེ་ནས་གོང་ལྟར་བདེ་བར་རྒྱུར་གཞུག་སྟེ། དེའང་སྐྱོན་ཅན་ཕྱིར་འདོན་པ་དང་འདྲ་བས་ཐོག་མར་རྩོལ་བ་ནས་མགོ་འཛིན་ཏེ་ཡིད་སྣ་རྩེ་གཡས་པར་གཏད་ལ་རླུང་ཕྱིར་རྒྱུ་བའི་དུས་སུ་ཕྱིར་རྒྱུས། ནང་དུ་འཇུག་པའི་ཚེ་ནང་དུ་རྒྱུས། ཅུང་ཟད་གནས་པའི་ཚེ་གནས་ཞེས་དྲན་པར་བྱ། དེ་ཉིད་ལ་སེམས་རྩེ་གཅིག་ཏུ་ཟིན་ནས་རྟོག་པ་གཞན་མི་རྒྱུ་ན་འཇུག་པ་སེལ་བའི་ལམ། དམིགས་
༣༧༨མེད་ཀྱི་ངང་དུ་རྩེ་གཅིག་ཏུ་གནས་ན་ཆགས་པ་གཅོད་པའི་ལམ། དུ་སོགས་ཀྱི་རྟགས་ལ་སེམས་ཟིན་ན་བྱང་ཆུབ་ཆེན་པོའ་ལམ་ཞེས་བྱ་སྟེ། ཏིང་ངེ་འཛིན་དེ་དག་གང་རུང་སྐྱེས་ནས་བོགས་དབྱུང་བའི་ཕྱིར་རྩོལ་བ་ལ་རྔན་དགས་རིམ་གྱིས་བྱིན་ཏེ། །ཕྱིར་འགྲོ་ཇེ་རིང་། འཇུག་གནས་སུ་ཐུང་ངུ་བྱ་ཞིང་སེམས་ཀྱིས་ཕྱིར་རིང་དུ་རྒྱུས། ནང་དུ་ཐུང་ངུ་རྒྱུས། ནང་དུ་གནས་ཞེས་དྲན་པར་བྱས་པས་ཕྱིར་ཇེ་རིང་འགྲོ། དེའི་ཚེ་གཡོན་ནས་མི་རྒྱུ་ནས་གཡས་ནས་རྒྱུ་ན་སྣ་གཡས་རས་བལ་ལ་སོགས་པས་བཀག་ལ་གཡོན་ནས་རྒྱུ་བ་ལ་བསླབ། བཀག་ཀྱང་མ་འགྱུར་ན་གཡོན་ནས་རྒྱུ་བར་བསམས་ལ་བསླབ་བོ། །དེ་ལ་ཏིང་ངེ་འཛིན་སྐྱེས་པ་དང་གོ་བཟློག་པའི་གནད་ཡིན་པས་སྲོག་ནས་མགོ་བཟུང་སྟེ་ནང་དུ་རྒྱུས། གནས། ཕྱིར་རྒྱུས་སྙམ་དུ་དྲན། རྡོ་རྗེའི་བཟླས་པ་བྱེད་ན་ནང་དུ་རྒྱུ་བར་ༀ། གནས་པ་ཨཱཿ ཕྱིར་འགྲོ་བ་ཧཱུྃ་ཞེས་དྲན་པར་བྱས་ཀྱང་གཏུབ་བོ། །དེ་ལ་ཏིང་ངེ་འཛིན་སྐྱེས་པ་ན་དེ་བརྟན་པའི་ཡན་ལག་ཏུ་སྲོག་ལ་རྔན་དགས་རིམ་གྱིས་བྱིན་ཏེ། ནང་དུ་འཇུག་ཇེ་རིང་། ཕྱིར་འགྲོ་ཇེ་ཐུང་བཏང་ལ་དེ་དང་མཐུན་པར་ཡིད་ཀྱིས་ཀྱང་ནང་དུ་རིང་དུ་རྒྱུས། ནང་དུ་གནས། ཕྱིར་ཐུང་ངུ་རྒྱུས་ཞེས་དྲན་པར་བྱས་ཏེ། འདི་ནང་དུ་ཡུན་རིང་དུ་གནས་ཤིང་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་སྐྱེའོ། །རྗེས་ལ་རླུང་སེམས་ཀྱི་རྩོལ་བ་ཀློད་ལ་ལྟ་ཁྲིད་ཀྱི་སྐབས་ལྟར་ཆོས་གསུམ་གྱིས་ལྷ་བ་བསྐྱངས་པས་ཉམས་མཆོག་ཏུ་གྱུར་པ་སྐྱེའོ། །གཉིས་པ་སྲོག་རྩོལ་མཐར་ཕྱིན་པའི་ཚད་ལ་གཉིས་ལས། རྒྱུ་བ་གསལ་བ་ཞེས་བྱ་བ་ནི་རླུང་ལྔ་སྣ་བུག་གང་ནས་རྒྱུ་ཡང་གཡས་གཡོན་སྟེང་འོག་གི་སྦུགས་ལ་འཁྲིས་ནས་རྒྱུ་བ་ལ་སོགས་པ་འབྱུང་བ་བཞིའི་རླུང་འབྱུང་བའི་གནས་དང་། ཁ་དོག་དབྱིབས་དང་རིང་ཐུང་གི་ཚད་མིག་གིས་མཐོང་བ་ཡིན་ནོ། །རྣམ་པ་ངེས་པ་ཞེས་བྱ་བ་རླུང་གཡས་གཡོན་སྤོ་བ་དང་། དབང་པོ་གཞན་གྱི་སྒོ་ནས་
༣༧༩བཏོང་བ་དང་བཟློག་པར་ནུས་པ་ཡིན་ནོ། །བསྒོམ་པའི་ཡོན་ཏན་ནི། ཕྲིན་ལས་བཞི་འགྲུབ་པ་སྟེ། དེའང་ས་རླུང་རྒྱུ་བ་གསལ་བའི་དུས་སུ་སྔགས་ཙམ་མམ་བསམ་པའམ། སྨོན་ལམ་བཏབ་པ་ཙམ་གྱིས་རྒྱས་པའི་ལས་འགྲུབ། དེ་བཞིན་དུ་ཆུ་རླུང་གིས་ཞི་བ། མེ་རླུང་གིས་དབང་། རླུང་གི་རླུང་གིས་མངོན་སྤྱོད་ཀྱི་ལས་རྣམས་འགྲུབ་པ་ཡིན་ནོ། །ཡང་ཕ་རོལ་གྱི་སྲོག་གི་རླུང་གི་ལམ་ནས་བཅུག་ནས་ཕ་རོལ་གྱི་ནང་དུ་ཀུན་ཏུ་བལྟས་ན་ཕ་རོལ་ཀྱི་སེམས་ཤེས་པའི་མངོན་ཤེས་ཀྱང་འབྱུང་ངོ་། །སྐྱོན་གང་སེལ་ན། གཡང་ས་དང་རྡིབ་རི་དང་ཐོག་ལ་སོགས་པ་གློ་བུར་གྱིས་འཆི་བའི་རྐྱེན་གང་གིས་ཀྱང་བར་ཆད་མི་འབྱུང་སྟེ། ཚེ་ལ་ཅུང་ཟད་དབང་བ་ཡིན་ནོ། །འདི་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པས་རྟགས་མ་བྱུང་གི་བར་དུ་བསྒོམ་པ་གལ་ཆེའོ། །དེ་ནས་རླུང་བརྟན་ཞིང་བོགས་དབྱུང་བའི་ཕྱིར་བཏང་བའི་ཡན་ལག་གསུམ་ལས། དང་པོ་རྩོལ་བ་བཀག་སྟེ་སྲོག་ནས་བཏང་བའི་མན་ངག་ལ་བཞི་ལས་ཉམས་སུ་བླང་བའི་ཐབས་ནི། ལུས་ཙོག་པུར་གཏན་ལ་དབབ་པའི་བསམ་གཏན་གྱི་ཡན་ལག་དགུ་སྔོན་དུ་སོང་བར་བྱས་ནས། མགོ་ཅུང་ཟད་བསྟོད་པ། སེམས་སྣ་རྩེའམ་སྣ་བུག་གཡོན་དུ་གཏད་ལ། སྡིགས་མཛུབ་གཡས་ཀྱི་གུང་མཛུབ་བརྩེགས་པས་སྣ་བུག་གཡས་པ་བཀག་ལ་རླུང་ནང་དུ་རྔུབ་སྟེ། གཡོན་ནས་ཕར་གུས་ལ་གཏོང་ངོ་། །ཕྱིར་མ་རྫོགས་པར་ནང་དུ་མི་རྔུབ་པ་དང་ཕྱིར་ལྷག་མ་མེད་པར་སངས་བཏང་བ་དང་། རྗེས་ལ་དམིགས་པ་དང་རྩོལ་བ་མེད་པར་དལ་བུས་འོང་དུ་གཞུག་པ་གསུམ་མན་ངག་ཡིན་ཞིང་བཏང་བའི་ཡན་ལག་ལ་རླུང་ནང་དུ་འོང་དུ་མི་གཞུག་པ་གནད་དུ་ཆེའོ། །འདི་ནི་སྐྱོན་ཅན་ཕྱིར་བཏོན་པ་ཡིན་པས་མི་རྟོག་པའི་ཏིང་ངེ་འཛིན་ཤུགས་ལ་སྐྱེའོ། །ཐུན་འཇོག་ཁར་ཅིར་ཡང་མི་རྟོག་པའི་ངང་ལ་མཉམ་པར་གཞག་གོ །མཐར་ཕྱིན་པའི་ཚད་ནི་ཕྱིར་བཏང་
༣༨༠རྒྱུ་མེད་པས་ན་ཅི་ཙམ་འདོད་པར་ཕྱིར་བཞག་ནས་ནང་དུ་འོང་དུ་མི་གཞུག་པར་ཁེགས་པ་ཡིན་ནོ། །ཡོན་ཏན་ལུས་བདེ་བས་ཁེངས་པ་དང་། མི་རྟོག་པ་མྱུར་ཏུ་སྐྱེའོ། །སྐྱོན་ནི་རོ་སྟོད་གཟེར་བ་དང་། སྙིང་མི་བདེ་བ་སེལ་ལོ། །འདི་ལམ་བསྒོམ་པའི་ཚེ་ཡང་ཉམ་ང་བའི་གནས་སུ་འགྲོ་བའམ། ཆུ་ལས་བརྒལ་བའི་ཚེ་རྩོལ་བ་བཀག་སྟེ་སྲོག་ནས་བཏང་བ་འཁོར་བདུན་བདུན་ཙམ་བྱས་ན་བར་ཆད་ངེས་པར་སེལ་ལོ། །གཉིས་པ་ཤུགས་བསྐྱེད་དེ་གཉིས་ཀ་ནས་བཏང་བ་ལ་བཞི་ལས། ཉམས་སུ་བླང་བའི་ཐབས་ནི་སྔར་ལྟར་བསམ་གཏན་གྱི་ཡན་ལག་ཚང་བར་བྱས་ལ། རང་གི་ཤེས་པ་མཛོད་སྤུར་གཏད། རླུང་གི་གནད་གཉིས་ཀ་ནས་ཤུགས་བསྐྱེད་དེ་དྲག་ཏུ་བུས་ལ་བཏང་། ཕྱིར་ཐུབ་ཚད་གཅིག་བཞག །བཏང་བ་ལ་འོང་དུ་མི་གཞུག་པ་གནད་དུ་ཆེ། ནང་དུ་འཇུག་པའི་ཚེ་དམིགས་པ་དང་རྩོལ་བ་མེད་པར་འོང་དུ་གཞུག །ཡང་སྔ་མ་ལྟར་བཏང་། རླུང་གི་གནད་སྔ་མ་དང་འདྲ། དེ་ལ་ཞག་གསུམ་ཙམ་བསྒོམ། དེ་ནས་རང་གི་མདུན་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་ཡིད་གཏད། དེ་ནས་འདོམ་གང་ཙམ། དེ་ནས་མདུང་གང་ཙམ། དེ་ནས་རྒྱ་ཆེ་བའི་ལུང་པ་ཙམ། དེ་ནས་ས་སྐོར་ཅིག་ཙམ། དེ་ནས་གླིང་བཞི་དེ་ནས་སྟོང་གསུམ། མཐར་འཇིག་རྟེན་གྱི་ཁམས་ཀྱི་ནམ་མཁའ་ཐམས་ཅད་ལ་ཡིད་གཏད་པའམ། ཡང་ན་ཤིས་པ་ཅི་ཡང་མི་རྟོག་པ་ལ་གཏད་ལ་བསྒོམ། རྗེས་ལྟ་བ་གསལ་སྟོང་གི་ཏིང་ངེ་འཛིན་ངོས་བཟུང་ལ་མཉམ་པར་བཞག་གོ །མཐར་ཕྱིན་པའི་ཚད་འདྲ། ཡོན་ཏན་གསལ་བའི་ཉམས་སུ་མྱོང་བ་མཐར་ཐུག་པ་སྐྱེ། སྐྱོན་མགོ་ན་བ་དང་མིག་ཁྲག་ཏུ་འོང་བ་ལ་སོགས་པ་ཐམས་ཅད་སེལ་བར་ནུས་སོ། །གསུམ་པ་ཁ་ནས་སྒྲ་བཅས་སུ་བཏང་བ་ནི། སྔར་ལྟར་བསམ་གཏན་གྱི་ཡན་ལག་རྣམས་ཚང་བར་བྱས་ལ་སོ་བསྒྲིགས་ནས། སེམས་ཀྱི་གནད་རང་གི་འདོམ་གང་ཙམ་གྱི་འཁོར་ཡུག་གི་ནམ་མཁའ་ལ་སེམས་
༣༨༡གཏད་པའམ། སིའི་སྒྲ་ལ་སེམས་གཏད་ལ། རླུང་གི་གནད་སོ་བར་ན་སིའི་སྒྲ་དང་བཅས་པས་བུས་ལ་བཏང་། ཕྱིར་ཐུབ་ཚད་མནན། བཏང་བ་ལ་ནང་དུ་འོང་དུ་མི་གཞུག་པ་གནད་དུ་ཆེ། ནང་དུ་འཇུག་པ་ན་དམིགས་པ་མེད་པར་རིམ་གྱིས་འོད་དུ་གཞུག་སྟེ། ཁྲག་མཁྲིས་ཤས་ཆེ་ན་སྒྲ་བཅས། གྲང་རླུང་ཤས་ཆེན་སྒྲ་མེད་དུ་དྲང་། མཐར་ཕྱིན་པའི་ཚད་སྔ་མ་དང་འདྲ། ཡོན་ཏན་ལུས་ལྡང་བ་ཡང་བ་དང་ཟོ་བདོག་བདེ་བ་འབྱུང་ངོ་། །སྐྱོན་ཁྲག་རོ་དང་རིམས་གློ་བུར་བ་ལ་སོགས་པ་ཚད་ནད་མཐའ་དག་སེལ་བར་ནུས་སོ། །དེ་གསུམ་ལ་བོགས་དབྱུང་བ་ནི་ཐབས་འགལ་གྱི་ཕྱག་རྒྱ་བཅས་ལ། དཔུང་པ་གྱེན་དུ་རེ་མོས་ཀྱིས་བཏེགས། སྟེང་རླུང་ཤུགས་བསྐྱེད་དེ་བཏང་ལ་འོག་རླུང་དྲག་ཏུ་དྲངས་ལ་རྒྱུ་ཞབས་དྲག་ཏུ་བསྐུམ། དེ་ལ་བོགས་དབྱུང་བ་ནི་སྤྱོད་ལམ་དེས་སྤྱི་བོ་ནས་རླུང་སྤོས་ཀྱི་དུད་པ་ལྟ་བུ་བྱུང་། གཤང་ལམ་ནས་ཐོན། འོག་གི་ཁྲུ་གང་གང་ཙམ་དུ་འཁྱིལ་བ་ལ་ཤེས་པ་གཏད། སྟེང་རླུང་ཐུབ་ཚད་མནན། འོག་རླུང་ཅུང་ཟད་བསྐུམ། དེའི་ཚེའང་གསུས་པ་ཕྱིར་འཕེལ་དུ་མི་གཞུག་གོ །གསུམ་པ་ནང་དུ་དགང་བའི་མན་ངག་གཉིས་ཀྱི་དང་པོ་རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་ནི། ལུས་གནད་སྐྱིལ་ཀྲུང་དུ་གཏན་ལ་ཕབ་པའི་བསམ་གཏན་གྱི་ཡན་ལག་དགུ་ཚང་བར་བྱས་ལ་ལྟེ་བར་སྒོ་ངའི་ལྐོག་པ་འདྲ་བ་ཕྱི་དཀར་ལ་ནང་སེར་བ་ཅིག་གི་ནང་ན་མར་ལ་རླུང་སིབ་སིབ་འགྲོ་བར་བསམ། མགོ་ཅུང་ཟད་མདུན་དུ་སྒུ་བར་བྱ་སྟེ་གཡས་ཀྱི་གུང་མཛུབ་བརྩེགས་པས་སྣ་གཡས་པ་བཀག་ལ་གཡོན་ནས་རིམ་གྱིས་རླུང་རྔུབས་ནས་རྫོགས་པ་དང་མགོ་གཡས་བསྐོར་དུ་ལན་ཅིག་བསྐོར་ཞིང་གསིག །རླུང་གི་རྟ་མཆིལ་མ་སྒྲ་མེད་པར་མིད་ལ་རླུང་ཐུབ་ཚད་དུ་བསྣན། ལན་ཅིག་ལ་རླུང་རྫོགས་པར་རྔུབ་ཀྱི་ཡང་ཡང་མི་རྔུབ་པ་དང་། མི་ཐུབ་པའི་ཚེ་སེམས་དམིགས་པ་མེད་པར་དལ་བུས་ཕྱིར་གཏོང་བ་གནད་དུ་ཆེའོ། །མཐར་ཕྱིན་
༣༨༢པའི་ཚད་ཅི་ཙམ་འདོད་ཚང་ཐུབ་ཅིང་ན་ཚ་མེད་པ་ཡིན། ཡོན་ཏན་དྲོད་དང་བདེ་བ་བསམ་གྱིས་མི་ཁྱབ་པ་སྐྱེ་སྟེ། རྣལ་འབྱོར་དབང་ཕྱུག་གི་ཉམས་ཀྱང་འདི་ལ་སྐྱེས་པ་ཡིན་གསུང་ངོ་། །སྐྱོན་གྲང་བ་དང་། སྐྲན་དང་། མ་ཞུ་བའི་ནད་རྣམས་སེལ་ལོ། །གཉིས་པ་ཁ་ནས་སྒྲ་མེད་དུ་དགང་བ་ལ། ཉམས་སུ་བླང་ཚུལ་ནི། སྔར་ལྟར་བསམ་གཏན་གྱི་ཡན་ལག་རྣམས་ཚང་བར་བྱས་ནས། ལྟེ་བར་ཆོས་འབྱུང་གྲུ་གསུམ་སྔོན་པོའ་ནང་ན་མར་རླུང་ཐམས་ཅད་སིབ་སིབ་འགྲོ་བར་བསམ་ཞིང་ཁ་ཕྱེ་ལ་རླུང་ཁ་ནས་སྒྲ་མེད་དུ་དལ་བུས་རིང་བར་རྔུབ། རྫོགས་པ་དང་མཆིལ་མ་སྒྲ་མེད་དུ་མིད་ལ་མགོ་གསིག །ནོར་བུ་ལྐོག་མས་མནན་ལ་ཐུབ་ཚད་དུ་བཟུང་། གཏོང་དུས་དམིགས་པ་མེད་པར་དལ་བུས་བཏང་། རྗེས་ལྟ་བ་བསྐྱང་། མཐར་ཕྱིན་པའི་ཚད་ཉིན་མཚན་མེད་པར་མནན་ཡང་ན་ཚ་མེད་པར་ཐུབ་པ་ཡིན། ཡོན་ཏན་དྲོད་དང་བསྡོངས་ནས་བདེ་གསལ་སྐྱེ། སྐྱོན་དམུ་ཆུ་ལ་སོགས་པའི་ལྟེ་བའི་ནད་སེལ་བ། ཁྱད་པར་དུ་གང་ན་སར་རླུང་མནན་ལ་འབིགས་པ་ལྟ་བུ་བྱས་ན་འབྱུང་བ་ལུས་འཁྲུགས་ཐམས་ཅད་སེལ་ལོ། །དེ་གཉིས་ཀྱི་ཐུན་མོང་དུ་གཉིས་ཀའི་དམིགས་པ་སྔ་མའི་མཇུག་ཐོག་ཏུ་བསྒོམ་བྱའི་དམིགས་པ་ནི་ལྟེ་བར་འོད་དཀར་པོ་གཅིག་གི་ནང་ན་ཨ་དམར་པོ་མཚལ་གྱི་ཤད་ལྟ་བུ་ཞིག་ལ་རླུང་སིབ་སིབ་འགྲོ་བར་དམིགས་པའམ། འོད་དཀར་པོ་མེད་པར་དམར་པོ་ཉིད་ལ་སིབ་སིབ་སོང་བས་མེ་སོར་གཉིས་སམ་བཞིའི་བར་ལ་དམིགས་པའམ། ལྟེ་བར་ཆོས་འབྱུང་དམར་པོའམ་སེར་པོ་དམིགས་ལ་དེ་ས་གཞི་ལྟར་རྒྱ་བསྐྱེད་དེ་རླུང་མནན་པས་ཆོས་འབྱུང་དེ་རྒྱ་ཇེ་ཆེ་ལ་སོང་མཐར་ས་གཞི་ཐམས་ཅད་ཁྱབ། དེའི་ནང་སྟོང་པར་སོང་བའི་ནང་དུ་རླུང་འཇུག་པ་དང་། ཡང་རྒྱ་མཚོ་ལྟར་གཏིང་ཟབ་པར་བསྒོམས་ཏེ་ཚུལ་ཡང་རླུང་མནན་པས་གཤང་ལམ་གྱི་ནང་དུ་ཆོས་འབྱུང་གི་ཞབས་ཟངས་དུང་གི་ཁ་
༣༨༣ལྟར་དམར་སང་ངེ་བ་གཏིང་མི་མངོན་པའི་ནང་དུ་རླུང་ཐམས་ཅད་སོང་བར་བསམས་ལ་རླུང་བཟུང་། ཡང་ནམ་མཁའ་ལྟར་དབང་བསྟོད་དེ་ཚུལ་ཡང་རླུང་ཐམས་ཅད་འཇུག་པའི་དམིགས་པ་བྱས་པས་སེམས་དང་ནམ་མཁའ་འདྲེས་ནས་རོ་གཅིག་ཏུ་གྱུར་ཏེ་སྟོང་ཉིད་ཀྱི་ཏིང་ངེ་འཛིན་མཐའ་དབུས་མེད་པ་མཆོག་ཏུ་གྱུར་པ་སྐྱེའོ། །སྐབས་སུ་བྱི་ལའི་སྤྱོད་པ་བྱའོ། །དེ་གཉིས་ལ་བོགས་དབྱུང་བ་ནི། སྐྱིལ་ཀྲུང་བཅས་ཏེ་ལག་པ་གཉིས་ཀྱིས་རྐང་པའི་བསྣོལ་མཚམས་ནས་བཟུང་སྟེ། སྒུལ་ཞིང་འོག་རླུང་མི་བསྡམ་པར་སྟེང་རླུང་དྲངས་ལ་མནན། སྨད་ཀྱི་གསུས་པ་བཏུབ་ཚད་ཀྱིས་ཕྱིར་ཕུལ་ལ་བསྒོམ། གཉེར་མ་མེད་པ་དང་། མ་ཞུ་བ་སེལ་བ་འགྲུབ། དེ་ལ་བོགས་དབྱུང་བ་ནི། སྔར་ལྟར་བྱས་ལ་གསང་གནས་ཀྱི་རྩ་རུ་འདོམ་ནས་རླུང་སྤོས་ཀྱི་དུད་པ་ལྟ་བུ་བུན་གྱིས་བྱུང་ནས་ཡང་ཡང་སོང་ནས་སྤྱི་གཙུག་ནས་འཐོན་ནས་ཁྲུ་གང་ཙམ་དུ་སྔོ་རྒྱང་ངེ་འཕུར་བ་ལ་ཤེས་པ་གཏད་དེ་འོག་རླུང་ཐུབ་ཚད་བསྐུམ་སྟེ་སྟེང་རླུང་ཅུང་ཟད་མནན་ལ་བསྒོམ། དེའི་དུས་སུ་ཡང་གསུས་པ་ཚུར་ལ་ཞུམ་དུ་མི་གཞུག་གསུངས། དེ་ལ་ལུས་ཐམས་ཅད་དྲོད་ཀྱིས་ཁྱབ་པ་འབྱུང་སྟེ། དྲོད་བྱུང་རྒྱལ་དུ་བསྐྱང་ངོ་། །དེ་ལྟར་རླུང་གོམས་པ་དང་དམིགས་པ་སྣ་རྩེ་ལས་མི་རིང་བར་བཞག །སེམས་ཀློད་ལ་གནས་པར་བྱའོ། །དེ་ནི་རིག་པ་སེམས་ཀྱི་རང་སོ་བཟུང་བའོ། །ད་ནི་བཞི་པ་ཁ་སྦྱར་ཞེས་བྱ་བ་ལམ་ཐམས་ཅད་ཀྱི་རྩ་བ། ཡོན་ཏན་ཐམས་ཅད་སྐྱེད་པའི་རྒྱུ་ཡིན་པས་འདི་སྒོམ་པའི་ཚུལ་ལ་བཞི་ལས། ཉམས་སུ་ལེན་པའི་ཚུལ་ནི། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་མནན་པའམ་པུས་མོ་ལ་བཀབ་པའི་བསམ་གཏན་གྱི་ཡན་ལག་དགུ་ཚང་བར་བྱས་ལ་ལྟེ་བར་གཏུམ་མོའ་མེ་ཨ་ཤད་ཀྱི་རྣམ་པ་ལྟ་བུ་ཕྲ་ཞིང་ཚ་ལ་རྣོ་བ་ངར་དང་ལྡན་པར་བསམ། དེ་ནས་དང་པོར་འོག་རླུང་ཅུང་ཟད་བསྐུམ། དེ་ནས་
༣༨༤སྟེང་རླུང་སྒྲ་མེད་པར་མགོ་ས་ལ་ཐུག་པ་ཙམ་གྱི་རྩོལ་བས་རིམ་གྱིས་དྲངས་ལ་རླུང་ཐམས་ཅད་ལྟེ་བའི་མེ་ལ་ཐིམ་པར་བསྒོམ་པའམ་དམིགས་པ་ཅི་ལའང་མི་གཏད་པར་བསྒོམ། སྟེང་རླུང་རྫོགས་པ་དང་མཆིལ་མ་ཅིག་མིད་ལ་འོག་རླུང་དྲག་ཏུ་འཐེན་ནས་རླུང་ལྟེ་བའི་གནས་སུ་ཁ་སྦྱོར་ལ་ཕོ་བ་ཚིགས་པ་ལ་གཅེར། གསུས་པོ་ཆེ་ཕྱིར་ཕུལ་ལ་མགྲིན་པ་ཅུང་ཟད་དགུག །ནོར་བུ་ཨོག་མས་ནོན་ཙམ་བྱས་ལ་རླུང་ཐུབ་ཚད་དུ་བཟུང་། དེའི་ཚེ་འོག་རླུང་བསྐུམ་པས་སྟེང་རླུང་རང་འགགས་སུ་འགྲོ་བ་དང་། སྟེང་རླུང་མནན་པས་འོག་རླུང་ཤུགས་ཀྱིས་འཐེན་པར་འགྲོ་ཞིང་ཕྱིར་བཏང་ཡང་འགྲོར་མ་འདོད་ན་ཡོན་ཏན་རིན་པོ་ཆེ་སྐྱེ་བའི་མཆོག་ཡིན་ནོ། །དེའང་རླུང་ནོན་པའི་ཚད་ནི། རྩོལ་བ་ཡང་རབ་རྒྱུན་མི་ཆད། །རྩོལ་བ་རབ་ལ་དྲུག་ཅུ་བཞི། །རྩོལ་བ་འབྲིང་ལ་སུམ་ཅུ་གཉིས། །རྩོལ་བ་ཐ་མ་ངེས་པ་མེད། །ཅེས་བྱ་སྟེ་ཐུན་ལ་སྦྱར་ན། ཡང་རབ་ཀྱིས་ཁ་སྦྱར་རྒྱུན་མི་ཆད་པར་འོང་། རབ་ཀྱིས་ཐུན་རེ་ལ་ཁ་སྦྱར་དྲུག་ཅུ་རྩ་བཞི་རེ་འོང་། འབྲིང་གིས་ཐུན་རེ་ལ་སུམ་ཅུ་རྩ་གཉིས། ཐ་མས་ངེས་པ་མེད་པར་བསྒོམ་ཞེས་གསུང་ཞིང་འདི་ནི་གཙོར་མི་མཛད་དོ། །ཁ་སྦྱར་རེའི་ཚད་ལ་སྦྱར་ན། པུས་མོ་ལ་བསྐོར་བ་རེ་དང་སེ་གོལ་གཏོགས་པ་རེ་སྤེལ་བ་སྟེ། དེའང་ཁམས་དང་ཟས་བཟང་བ། དད་བརྩོན་ཆེ་བའི་གང་ཟག་གིས་ཐུན་གྱི་ངེས་པ་མེད་པར་ཉིན་མཚན་རྒྱུན་མི་འཆད་པར་འོང་། དེ་བས་ཁམས་དང་རྩོལ་བ་ཞན་པའི་གང་ཟག་གིས་དབྱུ་གུ་དྲུག་ཅུ་རྩ་བཞི་དག་པའི་དབང་དུ་བྱས་ནས་ཐུན་གཅིག་ལ་ཁ་སྦྱར་དྲུག་ཅུ་རྩ་བཞི་འོང་། དེ་ལས་ཁམས་དང་རྩོལ་བ་ཞན་པའི་གང་ཟག་འབྲིང་པོས་ཆུ་ཚོད་སུམ་ཅུ་རྩ་གཉིས་དག་པའི་དབང་དུ་བྱས་ནས་ཐུན་གཅིག་ལ་ཁ་སྦྱར་སུམ་སེ་གོལ་ཅུ་རྩ་གཉིས་འོང་། དད་པ་དང་བརྩོན་འགྲུས་ཐ་མས་ཐུན་རེ་ལ་བདུན་ནམ་བཅུ་སེ་གོལ། འམ་ཉེར་གཅིག་ལ་སོགས་པ་ངེས་པ་མེད་པར་འབྱུང་བ་ཡིན་ནོ། །དེ་ལ་ཉི་མ་རེ་རེའམ་ཐུན་རེ་རེ་ལ་རེ་རེ་འཕེལ་དུ་
༣༨༥བཅུག་ནས་ཐ་མ་ཡང་རབ་ཏུ་འགྱུར་བ་ཡིན་ནོ། །དེ་ལྟར་ལུས་སྐྱིལ་ཀྲུང་ལ་ཅི་ཙམ་འདོད་པ་ཐུབ་ནས་སྤྱོད་ལམ་གྱི་སྒོ་ནས་སྦྱང་བར་བྱ་སྟེ། ཙོག་པུར་སྦྱང་། དེ་ལ་འབྱོངས་ནས་ལངས་ལ་སྦྱང་། དེ་ནས་ལས་བྱེད་པ་ལ་སོགས་པ་བྱ་བ་ཐམས་ཅད་ཀྱི་སྒོ་ནས་ཀྱང་སྦྱང་བར་བྱའོ། །རྗེས་ལ་ལྟ་བ་བསྐྱང་བ་ནི། གསལ་བ་རང་སོ་བཟུང་བ་དང་། ལྷུག་པར་རང་སོ་བཟུང་བར་བྱའོ། །མཐར་ཕྱིན་པའི་ཚད་ཉིན་མཚན་དུ་མ་ཁ་སྦྱར་ཐུབ་ཅིང་ལུས་ཀྱི་འཕྲུལ་འཁོར་བཅས་པ་ཙམ་གྱིས་ཏིང་ངེ་འཛིན་དུ་འགྱུར་བའོ། །འོག་རླུང་དྲན་པ་ཙམ་གྱིས་ཐམས་ཅད་རང་འགགས་སུ་འགྲོ་བའོ། །སྐྱོན་འབྱུང་བ་ལུས་འཁྲུགས་ལ་སོགས་པའི་སྐྱོན་སེལ། ཡོན་ཏན་བདེ་སྟོང་གི་ཏིང་ངེ་འཛིན་མཉམ་རྗེས་མེད་པར་སྐྱེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འགྲུབ་པ་ཡིན་ནོ། །དེ་དག་གི་གེགས་བསལ་བ་གཞུང་ཉིད་དུ་ཤེས་པར་བྱའོ། །གཉིས་པ་ཁྱབ་བྱ་མན་ངག་གི་གནད་ནི། སྤྱིར་ཙཎྜ་ལཱི་སྒོམ་པའི་རྣལ་འབྱོར་པ་ལ་དམིགས་པ་གསལ་བ་གཅེས། རླུང་ནོན་ཆུང་ཡང་དམིགས་པ་གསལ་ན་ཉམས་བཟང་པོ་སྐྱེ། མི་གསལ་ན་རླུང་ནོན་ཆེ་ཡང་དམིགས་པ་མི་གསལ་བ་ལྟར་ཉམས་སྐྱེ་བ་བུལ་ལ། འདིར་འབར་འཛག་ཐམས་ཅད་སྙིང་ག་ཡན་ཆད་དུ་དམིགས་པ་གཏད་ན་ཉམས་གསལ་བའི་ཏིང་ངེ་འཛིན་སྐྱེ། རླུང་ནོན་ཆུང་། ལྟེ་བ་མན་ཆད་ལ་གཏད་ན་དྲོད་བདེ་བ་གཙོར་སྐྱེ། རླུང་ནོན་ཆེ་བ་ཡིན་ནོ། །དམིགས་པ་ཐམས་ཅད་ཡང་ཡང་སྤོང་པ་བས། དམིགས་པ་གཅིག་ལ་གནད་ཟིན་པ་གལ་ཆེ་ཞིང་། རླུང་དང་གཏུམ་མོ་དེ་དག་ཀྱང་། །ནམ་ཟླ་དང་། ན་ཚོད་དང་། ནད་གཞི་དང་སྦྱར་དགོས་ཏེ། རླུང་དབྱར། གཏུམ་མོ་དགུན། མི་རྟོག་པ་དཔྱིད། བདེ་བའི་ཉམས་མྱོང་སྐྱེ་བར་འདོད་ན་སྟོན་སྒོམ་པ་ཡིན་ནོ། །ཡང་གཞོན་དུས་རླུང་། དར་ལ་བབ་པ་ན་གཏུམ་མོ། །རྒས་པ་ན་མི་རྟོག་པ། ཡང་ཁྲག་མཁྲིས་ཆེ་བ་ལ་རླུང་། རླུང་ཤས་ཆེ་
༣༨༦ན་གཏུམ་མོ་བསྒོམ་པའོ། །དེ་དག་གི་ཉམས་སུ་བླང་བའི་མན་ངག་མདོར་བསྡུ་ན་དགུར་འདུས་ཏེ། འཁོར་ལོ་ལ་མ་བརྟེན་པ་ལྔ། བརྟེན་པ་གསུམ། མན་ངག་གི་གནད་ལ་བརྟེན་པ་མྱུར་བའོ། །དང་པོ་ལ་ལྔའི། མར་མེ་གསོ་བ་ལ་བརྒྱད་ལས། ལམ་སྦྱང་བ་ནི། ལུས་ཙོག་པུ་ལག་པ་སྒོམ་ཐག་གི་ཕྱག་རྒྱར་གནད་ལ་ཕབ་པའི་བསམ་གཏན་གྱི་ཡན་ལག་དགུ་སྔོན་དུ་སོང་བས་སྲོག་རྩོལ་གྱི་རླུང་གང་རུང་གིས་བསམ་གཏན་གྱི་ལམ་བཙལ་ཏེ་ལྟེ་བའི་འོག་སོར་བཞིར་ཀྵ་ཡིག་དམར་ནག་མགོ་ཐུར་ལ་བལྟ་བ་མེའི་རང་བཞིན་དུ་གནས་པ་དང་། ལྟེ་བར་ཨཾ་ཁ་དོག་དམར་སྐྱ་མགོ་གྱེན་དུ་བལྟ་བ་གསལ་བཏབ་ལ་འོག་སྒོ་འབྱེད་འཛུམ་གྱི་སྦྱོར་བ་ལན་གསུམ་གྱི་ཐ་མ་ལ་བསྡམས་པས་རླུང་མར་རྩེ་སྤྲད་པས་སུམ་མདོའ་མེ་འབར་བ་ཀྵ་ཡིག་ལ་ཕོག་པས་མེ་ཆེར་འབར། དེ་ལྟེ་བའི་ཨཾ་ལ་ཕོག་པ་ལས་ཁམས་བདུད་རྩིའི་རྒྱུན་ཆ་ཕྲ་བ་བབས་པས་མར་མེའི་སྡོང་བུ་ལ་འབྲུ་མར་བླུགས་པ་ལྟར་ཀྵའི་མེ་གསོས་པར་བསམ། དམིགས་པ་དེ་དག་བསྒོམ་པའི་ཚེ་མི་གསལ་ན་མིག་བཙུམ་སྟེ་བསྒོམས་ཀྱང་ཆོག་ལ། གསལ་ཞིང་དྲག་ལ་ཡུན་ཐུང་བ། །གཏུམ་མོའ་སྦྱོར་བ་དག་ལ་བསླབ། །ཅེས་པ་ལྟར་བསླབ་སྟེ། དམིགས་པ་འཛིན་པའི་བར་ལ་རླུང་མི་འཇུག་པ་ཡིན་ནོ། །དེ་ལྟར་དམིགས་པ་གསལ་བ་དང་སྟེང་རླུང་རྔུབས་ཏེ་རླུང་གི་རྟ་མཆིལ་མ་གཅིག་ཀྱང་སྒྲ་མེད་དུ་མིད་ལ་ཀོས་ཀོས་ཨོལ་མདུད་ནོན་པར་བྱ་སྟེ་འབར་འཛག་སྒྲ་ཤད་འཛིང་པ་ལྟ་བུའི་རྣམ་པ་ལ་དྲག་ཏུ་དམིགས་ཤིང་འོག་སྒོ་འཐེན་ནས་རླུང་རན་ཚད་དུ་ཁ་སྦྱོར་རོ། །གཉིས་པ་ལྟ་བ་བསྐྱང་བ་ནི་ཏིང་ངེ་འཛིན་དངོས་ཏེ་སྔར་གྱི་དམིགས་པ་དེ་ལས་ལུས་སེམས་ལ་ཉམས་ཅི་སྐྱེས་བརྟགས་པས་ཉམས་བཅོ་ལྔ་པོ་གང་རུང་ཞིག་སྐྱེས་ནས་དེ་ལ་སེམས་རྩེ་གཅིག་ཏུ་གནས་ན་རླུང་སེམས་ཀྱི་རྩོལ་བ་ཀློད་དེ། ལུས་སེམས་ཁོང་ལྷོད་ཀློད་ལ་གསལ་བའམ་ལྷུག་པ་ངོས་བཟུང་ལ་མི་གཡོ་བར་བཞག་གོ །
༣༨༧ཡང་སེམས་འཕྲོ་ན་ལམ་སྦྱང་བའི་རླུང་སེམས་ཀྱི་རྩོལ་བ་དེ་ཉིད་དྲག་ཏུ་བསྒོམ་པའོ། །དེ་ལྟར་ལམ་སྦྱང་བ་དང་། ལྟ་བ་བསྐྱང་བ་གཉིས་སྤེལ་ཞིང་བྱ་བའམ། ཡང་ན་ལམ་སྦྱང་བ་གཙོ་བོར་བྱས་ནས་ཐུན་ཞབས་སུ་ལྟ་བ་སྐྱོང་བ་བློ་ལ་གང་བདེ་བྱའོ། །གསུམ་པ་དྲོད་བྱུང་རྒྱལ་དུ་བསྐྱང་བ་ནི། མཚན་ཉིད་སྣ་ཚོགས་ལ་སོགས་པ་ཉམས་མཐོ་དམན་བདེ་སྡུག་ཅི་སྐྱེས་ཀྱང་ནང་གི་རྟེན་འབྲེལ་ལས་བྱུང་བའི་ཏིང་ངེ་འཛིན་དུ་ངོ་ཤེས་པར་བྱས་ལ་སྐྱོན་ཡོན་དུ་མི་ལྟ་ཞིང་དགའ་མི་དགའི་རྣམ་རྟོག་སྤངས་ཏེ་ལམ་དུ་བསྲལ་ལོ། །བཞི་པ་ཐུན་གྲངས་མེད་པ་ནི། ཉི་མ་གཅིག་ལ་ཐུན་བཞི་དང་དྲུག་ལ་སོགས་པའི་ངེས་པ་མེད་པར་བསྒོམ་པའོ། །ལྔ་པ་ཐུན་ཚད་མེད་པ་ནི། ཐུན་རེ་ལ་གྲངས་ཉེར་བཞིར་བཅད་ནས་བསྒོམ་པ་ལ་སོགས་པའི་ཚད་མེད་པའོ། །དྲུག་པ་ཡིད་འཇུག་ཡུལ་བརྟགས་པ་ནི། ཡིད་སྤྲོ་ན་བསྒོམ་ལ་མི་སྤྲོ་ན་མི་བསྒོམ་སྟེ། སྤྲོ་བཞིན་དུ་མ་བསྒོམ་ན་བོགས་མི་འབྱུང་། མི་སྤྲོ་བཞིན་བསྒོམ་ན་གེགས་སུ་གྱུར་ཏེ། རྟ་གདོང་འདྲོག་ཅན་དང་འདྲ་བར་ལན་ཅིག་སྒོམ་དང་འགྲས་ན་ཕྱིས་ཀྱང་ངན་ལང་དུ་སོང་ནས་བསྒོམ་དུ་མི་བཏུབ་བའོ། །བདུན་པ་ཁམས་ཚོད་བཟུང་བ་ནི། ཁམས་བཟང་ན་བསྒོམ་ལ་ངན་ན་ཁམས་གསོ་ཞིང་རེ་ཞིག་ཀློད་པ་སྟེ། ཁམས་ཇན་བཞིན་དུ་སྒོམ་ན་འབྱུང་བ་ལུས་འཁྲུགས་སུ་འགྱུར་བའོ། །བརྒྱད་པ་ཁ་ཟས་དང་སྤྱོད་ལམ་གྱི་ལྕག་གིས་བསྣུན་པ་ནི། ཁ་ཟས་ཡང་ཞིང་བཅུད་ཆེ་བ་ཟ། སྤྱོད་ལམ་ཧ་ཅང་གཅུར་བ་མ་ཡིན་པ་བག་ཡངས་བརྟེན། ཉི་མ་དང་མེ་དང་རླུང་ལ་མི་བསྡད། རྔུལ་འོང་དུ་མི་གཞུག །ལུས་གནད་སྐྱིལ་ཀྲུང་ངམ་ཙོག་པུ་ལ་བསླབ་བོ། །གཉིས་པ་ཚངས་པའི་ཐོག་ལ་བརྒྱད་ལས། །ལམ་སྦྱང་བ་ནི། བླ་མའི་གསུང་གིས། རླུང་གི་གཞུ་ལ་མེ་ཡི་མདའ། །བྱང་སེམས་ཧཾ་གི་འབེན་ལ་བརྡེག །
༣༨༨མྱུར་ཏུ་ཡེ་ཤེས་འཆར་བར་འགྱུར། །བསྐྱར་བའི་སྦྱོར་བ་མེད་པའོ། །ཞེས་པའི་དོན་ཏེ། ལུས་སྐྱིལ་ཀྲུང་། ལག་པ་གཉིས་པུས་མོ་ལ་དགབ། ལུས་གནད་གཞན་སྔར་དང་འདྲ་བའི་བསམ་གཏན་གྱི་ཡན་ལག་དགུ་སྔོན་དུ་བཏང་ནས་སེམས་ཀྱི་གནད་གཤང་སྒོར་རླུང་གི་གཞུ་ལ་མེའི་མདའ་ཚ་བ་རྩུབ་པ་རྣོ་ངར་དང་ལྡན་པ་མར་རྩེ་གཤང་ལམ་དུ་བསྟན་པ་གསལ་གདབ། རྩ་དབུ་མ་ཡང་གསང་གནས་ནས་སྤྱི་གཙུག་གི་བར་དུ་དྲང་པོར་ཡོད་པའི་ཡས་སྣར་ཧཾ་མགོ་ཐུར་བསྟན་བྱང་སེམས་ཀྱིས་གང་བ་བསྒོམས་ལ། རླུང་གི་གནད་འོག་རླུང་དྲག་ཤུལ་དུ་བསྐུམ། ལྟོ་བའི་སྨད་ཚིགས་པ་ལ་སྦྱར་བས་རྒྱབ་ཕྱོགས་ངོས་ནས་མདའ་གཞུ་སྟེང་འོག་འགྱུར་ཏེ་མདེལ་རྩེ་དབུ་མར་ཞུགས་པར་བསམ། དེ་ནས་རོ་སྟོད་གྱེན་དུ་འཐེན་པས་གཞུ་ཁེངས་པར་གྱུར་པ་ན་ལྟོ་བའི་སྨད་དང་འོག་རླུང་སྟེང་དུ་དྲག་ཏུ་དྲངས། མིག་སྟེང་དུ་བགྲད་པས་མེའི་མདའ་དེ་དབུ་མའི་ལམ་ནས་སོང་། སྤྱི་གཙུག་གི་ཧཾ་ལ་ཕོག་པས་ཧཾ་ལས་བདུད་རྩིའི་རྒྱུན་པ་ཐག་ནར་བའམ། མུ་ཏིག་གི་རྡོག་མ་ལྟ་བུ་དཀར་ཀྲིག་ཀྲིག་འཛག་པ་རིགས་གཉིས་པོ་བློ་ལ་བདེ་ཏིང་ངེ་བའི་བར་དུ་འབབ་པར་བསྒོམས་ལ་འོག་རླུང་དང་རོ་སྟོད་དུས་གཅིག་ཏུ་ཀློད། གསུས་པོ་ཆེ་ཕྱིར་དྲག་ཏུ་ཕུལ་ལ་ལྟོ་བ་ཚིགས་པ་ལ་གཅེར། དེ་ཉིད་ཀྱིས་སྟེང་རླུང་རང་འགགས་སུ་འགྲོ་བས་ཆེད་དུ་བཟུང་མི་དགོས་ལ། ཆེད་དུའང་མི་གཏོང་སྟེ་འདི་ནི་རླུང་ཞི་བ་ཞེས་བྱ་བའི་གནད་ཡིན་ནོ། །དེའི་ཚེ་སེམས་འཕྲོ་ན་མདའ་གཞུའི་དམིགས་པ་ནི་མི་བསྒོམ་གྱི། སྙིང་གའམ་ལྟེ་བ་ཡན་ཆད་དུ་ཐིག་ལེ་འཛག་པ་ལ་ཡིད་གཏད། ཏིང་ངེ་འཛིན་ཤུགས་དྲག་པས་བརྒྱལ་ན། ཚིགས་པ་བདུན་པའི་ཕྱི་ནང་དུ་ཁུ་ཚུར་དང་ཐལ་ལྕག་གིས་བསྣུན། དེས་མ་ཕན་ན་ཆུ་ལྕག་ལ་སོགས་པ་བྱ་ཞིང་མན་ངག་གི་གནད་བརྒྱད་ཀྱིས་ཉམས་སུ་བླང་བ་སྔར་བཞིན་ནོ། །ཐུན་ཕྱི་མ་ཕྱི་མ་མདའ་གཞུའི་དམིགས་པ་རེ་རེ་བསྒོམ་དུ་ཡོད་དོ། །ལྟ་བ་བསྐྱང་
༣༨༩བ་ལ་སོགས་པ་སྔར་བཞིན་ནོ། །འདི་ལས་གཙོ་བོར་དྲོད་དང་བདེ་བ་སྐྱེའོ། །གསུམ་པ་རྩའི་རྣལ་འབྱོར་ལ། ལམ་སྦྱོང་བ་ནི། ལུས་སྐྱིལ་ཀྲུང་ལ་སོགས་པ་ཅི་བདེར་གནད་ལ་དབབ། སྔོན་འགྲོ་གཞན་རྣམས་ཀྱང་ཚང་བར་བྱས་ནས་རླུང་ཕྱིར་ལྡང་བ་དང་བསྟུན་ཏེ་གཡས་རོ་མ་མའི་རང་བཞིན་ཁ་དོག་དམར་པོ་གསང་གནས་ནས་རྣ་བ་གཡས་ཀྱི་བར་ལ་གསལ་གདབ། དབུགས་ནང་དུ་གནས་པ་དང་བསྟུན་ཏེ་གཡོན་རྐྱང་མ་ཟླ་བ་ཆུའི་རང་བཞིན་ཁ་དོག་དཀར་པོ་གསང་གནས་ནས་རྣ་བ་གཡོན་པའི་བར་དུ་གསལ་བཏབ་སྟེ། དེ་གཉིས་ནི་སྦོམ་ཕྲ་སྙུག་མ་འབྲིང་པོ་ཙམ་མོ། །དབུགས་ནང་དུ་གནས་པ་དང་བསྟུན་ཏེ་གསང་གནས་ནས་ཚངས་བུག་གི་བར་དུ་གནས་པའི་དབུ་མ་ཆོས་བཞི་ལྡན་དུ་གསལ་གདབ་པ་ནི་པདྨའི་སྣལ་མ་ལྟར་ཕྲ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་། ཏིལ་གྱི་མར་མེ་ལྟར་གསལ། རྒྱ་སྐག་གི་མེ་ཏོག་ལྟར་དམར་ཞེས་དྲན་པར་བྱ་སྟེ། ཐོག་མར་ཕྱིར་འགྲོ་བ་ཇེ་ཐུང་ནང་དུ་འཇུག་པ་ཇེ་རིང་། ཕྱི་ནས་གནས་པ་ཇེ་རིང་ལ་བསླབ་བོ། །དེ་ལྟར་ཡང་ནས་ཡང་དུ་སྦྱངས་པས་ཡིད་གར་གནས་ངེས་པ་མེད་པར་གང་གནས་སར་གཏད་ལ་བསྒོམས་པས་ཉམས་དཔག་ཏུ་མེད་པ་སྐྱེ་ལ། དྲོད་ཉམས་ཐམས་ཅད་བྱུང་རྒྱལ་དུ་བཏང་ཞིང་ཐུན་ཚད་ལ་སོགས་པ་ངེས་པ་མེད་པར་བྱ་བ་སོགས་སྔར་བཞིན་ནོ། །འདི་ལས་མི་རྟོག་པ་གཙོ་བོར་སྐྱེའོ། །བཞི་པ་སྲུབ་ཤིང་གི་འཁོར་ལོ་ནི། ལམ་སྦྱང་བ་ནི་ལུས་ཙོག་པུ། ལག་པ་སྒོམ་ཐག་གི་ཕྱག་རྒྱ་བཅའ། སྔོན་འགྲོ་གཞན་སྔར་དང་འདྲ་བར་བྱས་ནས་སེམས་ཀྱི་གནད་ལུས་ཀྱི་དབུས་ལྟེ་བ་ནས་སྤྱི་གཙུག་གི་བར་དུ་རྩ་དབུ་མ་ཁ་དོག་དམར་པོ། སྦོམ་ཕྲ་ཅི་རིགས་པ་ཞིག་གསལ་གདབ། རྩ་གཡས་གཡོན་གཉིས་ཁ་དོག་དཀར་པོ་སྦོམ་ཕྲ་ཅི་རིགས་པ་གསལ་བཏབ་ལ་རླུང་སྟེང་རླུང་མནན་པས་རྩ་གཡས་གཡོན་གཉིས་ལྟང་གང་པས་ལག་པས་བསྲུབས་
༣༩༠ཤིང་སྒྲིལ་བ་ལྟར་རྩ་གཉིས་ཀྱི་མདུད་པས་བཅེར་ཏེ་དབུ་མ་ལ་བསྲུབ་ཅིང་བསྒྲིལ་བར་བསྒོམ་པའམ། ཡང་ན་རྩ་གཉིས་ཀྱིས་སྲུབ་ཐག་གི་ཚུལ་གྱིས་ལན་གསུམ་དུ་དཀྲིས་པས་དབུ་མ་བསྒྲིལ་བས་དབུ་མའི་མས་སྣས་ལྟེ་བའི་ཨ་ཐུང་སྲུབ་གཏན་གྱི་ཚུལ་དུ་འོག་ན་ཡོད་པ་ལ་བསྲུབས་པས་ཕྲ་ཕྲ་ཧར་ཧར་སོང་བར་བསམས་ལ། འོག་རླུང་བསྐུམ་སྟེ་སྟེང་རླུང་དང་འོག་རླུང་གཉིས་དྲག་ཏུ་ཁ་སྦྱར་རོ། །འདིའང་ཟས་དང་སྤྱོད་ལམ་གྱི་ལྕག་གིས་བསྐུལ་ཞིང་ཐུན་གྲངས་དང་ཐུན་ཚད་མེད་པར་ལམ་སྦྱང་། ལྟ་བ་བསྐྱང་། ཉམས་ཅི་སྐྱེས་བྱུང་རྒྱལ་དུ་བསྐྱང་བ་ལ་སོགས་པ་སྔར་བཞིན་ནོ། །འདི་ལ་གཙོ་བོར་དྲོད་དང་བདེ་བ་སྐྱེའོ། །ལྔ་པ་ཐིག་ལེའི་རྣལ་འབྱོར་ནི་བཞི་ལས། གསལ་བར་འདོད་ན་སྙིང་གའི་ཉི་ཟླ་ཁ་སྦྱོར། གནས་པར་འདོད་ན་ལྟེ་བའི་དཔའ་བོ་འབའ་ཞིག །བདེ་བ་ཆེ་བ་འདོད་ན་གསང་གནས་བདེ་བའི་ཐིག་ལེ། ལུས་སྟོབས་འཕེལ་བར་འདོད་ན་མཛོད་སྤུ་སྐྲ་དཀར་ས་བོན་ལ་བསླབ་བོ། །དང་པོ་ནི། མཱ་ཧཱ་མཱ་ཡཱའི་དགོངས་པ་སྟེ། སྐྱིལ་ཀྲུང་དང་ལག་པ་པུས་མོ་ལ་དགབ་པའམ་མཉམ་གཞག་གང་རུང་དུ་གནད་ལ་ཕབ་པའི་ལུས་གནད་སོགས་བསམ་གཏན་གྱི་ཡན་ལག་དགུ་ཚང་བར་བྱས་ནས། སྙིང་སྒོ་ང་སྟོང་པ་ལྟ་བུའི་ནང་དུ་འོག་ཏུ་ཟླ་བ། སྟེང་དུ་ཉི་མ། དེ་གཉིས་སྲན་མ་བཀས་པ་ཙམ། བར་དུ་ཐིག་ལེ་ཉུངས་འབྲུ་ཙམ་ཁ་དོག་དཀར་དམར་རྣམ་པ་གསལ་བ། ངོ་བོ་བདེ་སྟོང་ཆོས་གསུམ་ལྡན་ཅིག་བསམ། དེ་ལ་ཡིད་གཏད་པས་ཐིག་ལེ་ལས་སིང་ཟེར་བའི་སྒྲ་ལ་བསྟེན་ནས་སྟེང་གི་ཉི་མ་ལ་བུ་ག་རྟ་རྔ་ཤོང་བ་ཙམ་ཅིག་བྱུང་བར་བསམ། དེ་ན་མར་ཡིད་ཀྱིས་ལྟ་ཞིང་རླུང་ཁ་ནས་སྒྲ་མེད་དུ་བཀང་བས་བུ་ག་ནས་ཐིག་ལེ་ལ་སིབ་སིབ་ཐིམ། དེ་ལ་བརྟེན་ནས་རླུང་གནས་པའི་ཚེ་ན་ཐིག་ལེ་དེ་ལས་འོད་ཟེར་གྱི་སྐུད་པ་ཤིན་ཏུ་ཕྲ་བ་ཅིག་བྱུང་སྟེ། བུག་པ་ནས་འཐོན་ནས་ཉི་ཟླ་ཐིག་ལེ་དང་བཅས་པ་ལ་དཀྲིས་ཕྱེད་དང་བདུན་དཀྲིས་པར་བསམ་ཞིང་རླུང་ཐུབ་ཚད་མནན། མི་ཐུབ་པ་དང་སྣ་ནས་སྒྲ་མེད་དུ་དལ་བུས་བཏང་ཞིང་སྔར་གྱི་ཐག་པ་དེ་ནང་དུ་བསྔོགས་ནས་ཐིག་ལེ་ལ་ཐིམ་པར་བསམ་མོ། །དེ་ལ་ཉི་ཟླ་ནི་ཐབས་ཤེས། ཐིག་ལེ་ནི་ཀུན་གཞི།
༣༩༡དེ་ལས་བྱུང་བའི་དཀྲིས་ཕྱེད་ནི་ཉོན་ཡིད། ཧྲིལ་བོ་དྲུག་ནི་རྣམ་ཤེས་ཚོགས་དྲུག་སྟེ་དེ་ལྟར་བསྒོམ་པས་ཏིང་ངེ་འཛིན་དམིགས་པ་གསལ་བ་རབ་ཀྱི་མཐར་ཐུག་པ་སྐྱེ་ཞིང་། གཞན་མངོན་ཤེས་མྱུར་དུ་འཆར་རོ། །མན་ངག་གི་གནད་ནི་སྔ་མ་བཞིན་ནོ། །གཉིས་པ་ནི། སྔོན་འགྲོ་སྤྱི་དང་མཐུན་པ་ལས་ཁྱད་པར་དུ་ལུས་སྐྱིལ་ཀྲུང་དུ་བྱ། ལྟེ་བར་ཐིག་ལེ་ཅན་ཀའི་ཚད་ཙམ་ཁ་དོག་དཀར་བ། རྣམ་པ་གསལ་བ། བདེ་སྟོང་ཟུང་དུ་ཆུད་པ་ཆོས་གསུམ་ལྡན་པ་ཅིག་བསམས་ལ། སྟེང་རླུང་རྩོལ་བ་བཀག་སྟེ་སྲོག་ནས་སམ། ཁ་ནས་སྒྲ་མེད་དུ་དགང་སྟེ་མནན་པས་ཐིག་ལེ་ལ་ཐིམ་པར་བསམས་པས་ལྟེ་བར་དྲང་སྐྱེ་ཞིང་ཁྱད་པར་དུ་མི་རྟོག་པའི་ཏིང་ངེ་འཛིན་ནི་གཉིད་མཐུག་པོ་ཙམ་མྱུར་དུ་སྐྱེའོ། །མན་ངག་གི་གནད་རྣམས་སྔ་མ་བཞིན་ནོ། །གསུམ་པ་ནི་སྔོན་འགྲོ་སྔར་དང་འདྲ། སེམས་ཀྱི་གནད་ཐབས་ཀྱི་རྡོ་རྗེ་བུམ་པའམ་ཤེས་རབ་ཀྱི་བྷ་གའི་ནང་དུ་ཐིག་ལེ་ཁ་དོག་པདྨ་རཱ་ག་ལྟ་བུ། རྣམ་པ་བདེ་གསལ། ངོ་བོ་ཟུང་འཇུག་ཆོས་གསུམ་ལྡན་ཡུངས་འབྲུ་ཙམ་ཞིག་བསམས་ལ་འོག་སྒོ་འབྱེད་འཛུམ་གྱི་སྦྱོར་བས་འོག་རླུང་ཐིག་ལེ་ལ་ཐིམ་པར་བསམ། དེའང་འོག་སྒོ་འཛུམ་པ་དང་། འོག་རླུང་ཆེར་བསྐུམ་ལ་བསྒོམ་གློད་ཙ་ན་དལ་བུས་གློད། དྲག་ཤུལ་དུ་གློད་ན་ཐིག་ལེ་ཉམས་ཏེ་འགྲོ་གསུང་། དེ་ལྟར་བསྒོམས་པས་ནོར་བུ་འགས་པ་སྙམ་བྱེད་པའི་བདེ་བ་འབྱུང་། ཐིག་ལེ་འཛག་པའམ་ཆགས་པ་སྐྱེས་ན་བགྲད་པའི་མཐས་བསྲུང་། མཛོད་སྤུར་ཤེས་པ་གཏད། དེས་ཞི། དེ་ཙམ་ན་ལྟོ་བ་འགྱུར་བ་བྱས་པས་ལུས་ཐམས་ཅད་ལ་བདེ་བས་ཁྱབ་པ་སྐྱེའོ། །དེ་ལྟར་བསྒོམས་པས་སྐྱུགས་པ་འཕྲོ་འཆད། འབྱངས་ན་ནད་འཐོན་ཏེ་བདེ་མཆོག་ནས་འབྱུང་བའོ། །མན་ངག་གི་གནད་རྣམས་སྔར་བཞིན་ནོ། །འདི་ལ་འོག་རླུང་འབའ་ཞིག་གཙོར་བྱ། ཏིང་ངེ་འཛིན་བདེ་བ་
༣༩༢མྱུར་དུ་སྐྱེའོ། །བཞི་པ་སྔོན་འགྲོ་སྔར་དང་འདྲ། སེམས་ཀྱི་གནད་མཛོད་སྤུའི་ནང་གི་སྤྱི་བོའ་གནས་སུ་ཧཾ་འཁྱོག་པོ་ཁ་ནང་བསྟན་མགོ་ཐུར་དུ་བལྟ་བ་དར་གྱི་སྣལ་མ་འདྲ་བ་འོད་དཀར་པོ་འཕྲོ་ཞིང་བདེ་བའི་ཉམས་དང་ལྡན་པ་དང་། ལྕེ་ཆུང་གི་རྩ་བར་སུཾ་དཀར་པོ་མགོ་ཐུར་བསྟན་སྙིང་གར་ཧཱུྃ་སྔོན་པོ་མགོ་གྱེན་བསྟན་བསམས་ལ་རྩོལ་བའི་རླུང་ཕྱིར་རྒྱུ་བའི་དུས་སུ་ལྕེ་ཆུང་གི་རྒྱབ་ནས་སོང་ནས་ཧཾ་ལ་ཕོག་པས་ཧཾ་བསྲོས་ཏེ། དེ་ལས་བདུད་རྩིའི་རྒྱུན་ལྕེ་ཆུང་གི་སུཾ་ལ་བབས། དེ་ཁེངས་ནས་དེ་ལས་ཀྱང་བདུད་རྩི་བབས་པས་སྙིང་གའི་ཧཱུྃ་ཚིམ་པར་བསམ། དེ་ལ་ཤེས་པ་གཏད། ཡང་ནང་དུ་འཇུག་པ་ན་ཡང་སྔ་མ་ལྟར་བབས་པར་བསྒོམས་ལ་འཛག་པ་གཉིས་སེམས་ཉམས་དང་སྦྱར། སྐབས་སུ་ལྕེ་རྩ་འགུལ་བ་ཙམ་བྱ། ལྐོག་མས་ཨོལ་མདུད་མནན། ལྕེ་རྐན་ལ་སྦྱར་ཏེ་བསྒོམས་པས་མཆིལ་མ་ཐོག་མར་སྐ་རུ་འགྲོ། དེ་ནས་ཞོ་ཙམ། དེ་ནས་མང་དུ་སོང་སྟེ་ཁམས་ཀྱི་ཟས་ལ་འདོད་ཆགས་དང་བྲལ་བ་འབྱུང་། མཆིལ་མ་ཕྱིར་མི་འདོར་བ་གནད་ཡིན། དོར་ན་ཁམས་ངན་ཞིང་ལོངས་སྤྱོད་དམན་དུ་འགྲོ་གསུང་། རླུང་སྲོག་རྩོལ་འབའ་ཞིག་དང་བསྟུན། ཡོན་ཏན་ལུས་ཟུང་ཤིན་ཏུ་རྒྱས་པ་དང་། ལུས་རྟ་ལྟར་འགྲོ། སྐྲ་དཀར་དང་གཉེར་མ་སྤོང་ཞིང་ཤེས་པ་གསལ་ཞིང་དྭངས་པར་འགྱུར་རོ། །མན་ངག་གི་གནད་རྣམས་སྔར་བཞིན་ནོ། །དེ་དག་གིས་འཁོར་ལོ་ལ་མ་བརྟེན་པ་ལྔ་བསྟན་ཏོ། །གཉིས་པ་འཁོར་ལོ་ལ་བརྟེན་པ་ལ། འཁོར་ལོ་གཅིག་ལ་བརྟེན་པ་རྣོ་བ་ནི། ལུས་ཙོག་པུར་གནད་ལ་ཕབ། བསམ་གཏན་གྱི་ཡན་ལག་གཞན་རྣམས་ཚང་བར་བྱས་ལ། གཤང་སྒོར་ལས་ཀྱི་རླུང་དང་། སུམ་མདོར་ཡེ་ཤེས་ཀྱི་མེ་རང་བཞིན་གྱིས་གནས་པ་གསལ་གདབ། ལྟེ་བའི་འཁོར་ལོའ་ཕྱི་སྐོར་དྲུག་ཅུ་རྩ་བཞི་ལ་ཡི་གེ་བཀོད་པ་དང་བྲལ་བ། ནང་སྐོར་འདབ་མ་བརྒྱད་ལ་སྡེ་ཚན་གྱི་
༣༩༣གཙོ་བོ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད་གཡས་བསྐོར། ལྟེ་བར་ཨཾ་ཤིན་ཏུ་ཆ་ཕྲ་བ་ལྟེ་བའི་རྩ་མདུད་གྲུ་གསུམ་གྱི་དབུས་སུ་གནས་པ་བསམས་ཏེ། ཡིག་འབྲུ་ཐམས་ཅད་ཁ་དོག་དམར་པོ་གསལ་གདབ། འོག་རླུང་ཨ་ལོང་འབྱེད་འཛུམ་གྱི་སྦྱོར་བས་མར་རྩེ་སྤྲད་པས་སུམ་མདོའ་མེ་སྦར། དེས་ལྟེ་བའི་ཨཾ་ལ་ཕོག་པས། ཨཾ་ལས་མེ་ཁ་དོག་དམར་ཞིང་ངོ་བོ་ཚ་བ་སོར་བཞི་ཙམ་ལ་སོགས་པར་འབར་བ་ལ་དམིགས་པ་གཏད་དེ་རླུང་རིམ་གྱིས་ཁ་སྦྱར། །ཀོས་ཀོས་ཨོལ་མདུད་མནན། རླུང་ཐུབ་ཚད་དུ་བཟུང་། དེས་ལྟེ་བའི་འོག་ཏུ་དྲོད་ཚ་འུར་གྱིས་འོང་བའམ། བདེ་བས་བརྒྱལ་ནས་འགྲོ་བའམ། གྲང་སིང་གིས་འགྲོ་བའམ། སྨིན་མཚམས་ན་བ་ལ་སོགས་པ་འབྱུང་སྲིད་པས་བྱུང་རྒྱལ་དུ་བཏང་། ལྟེ་བ་བསྐྱང་བ་ལ་སོགས་པ་གནད་རྣམས་སྔ་མ་བཞིན་ནོ། །ཉམས་མྱུར་དུ་སྐྱེ་བའི་དམིགས་པ་ཡིན་པས་རྣོ་བ་ཞེས་བྱའོ། །འཁོར་ལོ་གཉིས་ལ་བརྟེན་པ་མྱུར་བ་ནི། སྔོན་འགྲོ་སྔར་བཞིན་བྱས་ལ་སེམས་ཀྱི་གནད་སྔར་གྱི་ལྟེ་བའི་འཁོར་ལོའ་སྟེང་དུ་སྙིང་གར་རྩ་འདབ་བརྒྱད་ལ་ཡི་གེ་བཀོད་པ་དང་བྲལ་བ་ཁ་ཐུར་དུ་བལྟ་བ། ལྟེ་བ་ལ་ཧཱུྃ་སྔོ་སྐྱ་དངུལ་ཆུ་ལྟ་བུར་ཐུར་ལ་བལྟས་པ་ཐིགས་ལ་ཁད་པ་ཞིག་བསམ། དེ་ནས་ཨཾ་དང་ཧཱུྃ་གཉིས་རྩ་དབུ་མ་ཤིན་ཏུ་ཆ་ཕྲ་བས་ཟུང་སྦྲེལ་བར་བསམས་ལ་དེ་ནས་ཡང་རླུང་མར་རྩེ་སྤྲད་དེ། འབྱེད་འཛུམ་ལན་གསུམ་གྱི་ཐ་མ་ལ་བསྡམས་པས་སུམ་མདོའ་མེ་འབར་ནས། ལྟེ་བའི་ཨཾ་ལ་བསྣོན་པས། ཨཾ་ལས་མེ་ཤིན་ཏུ་ཕྲ་བ་དབུ་མའི་ནང་ནས་ཧཱུྃ་གི་བར་དུ་འབར། ཧཱུྃ་ལས་བྱང་སེམས་ཆ་ཕྲ་བ་ཨཾ་གི་བར་དུ་འཛག་པས་འབར་འཛག་དཀར་དམར་གྱི་རྣམ་པ་ལ་བློ་གཏད་དེ་བསྒོམ་མོ། །དམིགས་པ་འཛིན་པའི་བར་ལ་སྟེང་རླུང་བཅུག་ན་མགྲོན་པོ་ཚོང་མ་ཚར་བར་ཟོང་ཟད་པ་དང་འདྲ་བས་མི་གཞུག །དམིགས་པ་གསལ་གདབ་པ་
༣༩༤ཚར་བ་དང་སྟེང་རླུང་དལ་བུས་མནན། འོག་རླུང་དྲག་པོས་བསྐུམ། མནན་དྲག་ན་དམིགས་པ་མི་གསལ་དུའགྲོ་སྲིད་ཅིང་། དམིགས་པ་མི་གསལ་ན་རླུང་ནོན་ཡང་ཡོན་ཏན་མི་སྐྱེ་བས་རན་པར་བྱ། མི་ཐུབ་ན་དལ་བུས་བཏང་། མན་ངག་གི་གནད་སྔར་བཞིན་ནོ། །དེ་ལ་དྲོད་ཀྱིས་བསྡུས་པའི་མཐོང་སྣང་འབྱུང་བ་ནི་རྟགས་ལྔ་དང་། རྟགས་ཀྱི་རྟགས་ལྔ་དང་བཅུའོ། །དང་པོ་ནི་སྣ་གཡས་ནས་འབྱུང་བ་ལྔའི་རླུང་ལུགས་འབྱུང་དུ་རྒྱུ་བ་ཟིན་པའི་དབང་དུ་བྱས་ན། དུ་བ། སྨིག་རྒྱུ། སྲིན་བུ་མེ་ཁྱེར། མར་མེ་འབར་བ། ནམ་མཁའ་སྤྲིན་མེད་ལྟ་བུ་འབྱུང་ངོ་། །གཡོན་གྱི་འབྱུང་བ་ལྔའི་རླུང་ལུགས་ལྡོག་ཏུ་རྒྱུ་བ་ཟིན་པའི་དབང་དུ་བྱས་ན། མུན་ནག །འཇའ་ཚོན། གློག །ཟླ་བའི་འོད་ཟེར། ཉི་མའི་འོད་ཟེར་ལྟ་བུ་རྣམས་འབྱུང་སྟེ། མཉམ་རྗེས་གཉིས་ཀ་ལ་མཐོང་སྣང་དང་། རྨི་ཉམས་སུ་ཅི་རིགས་པར་འབྱུང་བས་ངོ་ཤེས་པར་བྱས་ལ་ཉམས་ཐམས་ཅད་བྱུང་རྒྱལ་དུ་བསྐྱང་ངོ་། །གསུམ་པ་འཁོར་ལོ་བཞི་ལ་བརྟེན་པ་ནི། སྔོན་འགྲོ་རྣམས་སྔར་བཞིན་བྱས་ལ་ལས་བྱེད་པའི་འཁོར་ལོ་གཉིས་ཀྱང་གསལ་གདབ། ལྟེ་བའི་འཁོར་ལོ་ཕྱི་སྐོར་འདབ་མ་དྲུག་ཅུ་རྩ་བཞི་ལ་ཨཱ་ལི་བཅུ་དྲུག་ཕྲག་གཉིས་གཡོན་སྐོར། ཧ་དང་ཀྵ་སྤངས་པའི་ཀཱ་ལི་གཡས་སྐོར། ནང་སྐོར་འདབ་མ་བརྒྱད་སྔ་མ་དང་འདྲ་སྟེ་ཡི་གེ་ཐམས་ཅད་ཀྱང་ཁ་དོག་དམར་པོ་མགོ་གྱེན་ལ་བལྟ་བའོ། །དེ་ནས་སྙིང་གའི་འདབ་མ་བརྒྱད་ལ་ཕྱོགས་བཞིར། བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་བཞི། མཚམས་བཞིར་ལཱཾ་མཱཾ་བཱཾ་ཏཱཾ་བཞི། དབུས་སུ་ཧཱུྃ་ཡིག་འབྲུ་ཐམས་ཅད་ཀྱང་ཁ་དོག་ནག་པོ་མགོ་ཐུར་ལ་བལྟ་བའོ། །མགྲིན་པ་འདབ་མ་བཅུ་དྲུག་ལ་ཨཱ་ལི་བཅུ་དྲུག་གཡོན་བསྐོར་ལྟེ་བར་ༀ། ཡིག་འབྲུ་ཐམས་ཅད་ཀྱང་ཁ་དོག་དམར་པོ་མགོ་གྱེན་ལ་བལྟ་བའོ། །སྤྱི་བོར་འདབ་མ་སུམ་ཅུ་རྩ་གཉིས་ལ་ཨཱ་ལི་བཅུ་དྲུག་གཡོན་སྐོར། །ཀ་ནས་ཏ་རྣམས་སོའ་བར་བཅུ་དྲུག་གཡས་སྐོར། ལྟེ་བ་ལ་ཧཾ་
༣༩༥སྟེ་ཡིག་འབྲུ་ཐམས་ཅད་ཁ་དོག་དཀར་པོ་མགོ་ཐུར་ལ་བལྟ་བའོ། །དེ་བཞིན་དུ་རྩ་གསུམ་ཡང་གསལ་གདབ་སྟེ། གཡས་རོ་མ་དམར་པོ། གཡོན་རྐྱང་མ་དཀར་པོ་ལྟེ་བ་ནས་སྤྱི་བོའ་བར་དུ་ཟུག་པ། དབུས་སུ་དབུ་མ་ཆོས་བཞི་ལྡན་ལྟེ་བ་ནས་ཚངས་སྒོར་སླེབས་པར་བསྒོམ། དེ་ནས་འོག་སྒོ་འབྱེད་འཛུམ་ཀྱི་སྦྱོར་བས་རླུང་མེ་མ་དང་གཉིད་མ་གཉིས་རྩེ་སྤྲད་པས་སུམ་མདོའ་མེ་སྦར། ལྟེ་བའི་ཨཾ་ལ་ཕོག་པས་རླུང་དྲོད་ཀྱི་རང་བཞིན་ཅན་དེ་གཡས་རོ་མ་ནས་སོང་། སྙིང་གའི་ཡིག་འབྲུའི་ཁམས་རྣམས་བསྲེགས། ཡང་རོ་མ་ནས་སོང་མགྲིན་པའི་ཡིག་འབྲུའི་ཁམས་རྣམས་བཅོམ། ཡང་རོ་མ་ནས་སོང་སྟེ་སྤྱི་གཙུག་གི་ཧཾ་ལ་ཕོག་པས། ཧཾ་འོད་དུ་ཞུ་ནས་རྐྱང་མ་ནས་བབས། མགྲིན་པའི་ཡིག་འབྲུ་རྣམས་སྤར་བཞིན་གསོལ་བཏབ་རྒྱས་པར་བྱས། རྐྱང་མ་ནས་སོང་སྙིང་གའི་ཡིག་འབྲུ་རྣམས་གསོས་བཏབ་རྒྱས་པར་བྱས། ཡང་རྐྱང་མ་ནས་སོང་སྟེ་ལྟེ་བའི་ཨཾ་ལ་ཕོག་པས་ཨཾ་ཆེར་འབར་ཏེ་དབུ་མ་ཉིད་ཅུང་ཟད་ཁ་བྱེ་ནས་གློག་གི་ཟེར་མའི་ཚུལ་གྱིས་དབུ་མ་ནས་སོང་སྟེ་སྙིང་གའི་ཧཱུྃ་དང་མགྲིན་པའི་ༀ་གཉིས་ཀྱང་ཞེན་ཐོགས་མེད་པར་བཅོམ་སྟེ། རེག་པ་ཙམ་གྱིས་ཧཾ་ལས་བདུད་རྩིའི་ཆུ་རྒྱུན་ཆ་ཕྲ་བ་དབུ་མ་ཉིད་ནས་བབས། ༀ་དེ་རིམ་གྱིས་མར་བདས་ནས་མགྲིན་པའི་གནས་སུ་འབར་འཛག་ལ་བློ་གཏད་ལ་བསྒོམ། ཡུན་རིང་ན་རླུང་ནོན་དཀའ་ཞིང་། ལྕེ་ཆུང་འབབ་ཉེན་ཡོད། དེ་ནས་སྙིང་གང་གཏད་དེ་བསྒོམ། ཡུན་རིང་ན་སྙིང་འདར་ཞིང་སྤྲུགས་ཉེན་ཡོད། མཐར་ལྟེ་བའི་སྟེང་སོར་བཞི་ཙམ་གྱི་གནས་སུ་ཡིད་འཇུག་པའི་སར་འབར་འཛག་ལ་དམིགས་ལ་རླུང་རན་ཆད་དུ་ཁ་སྦྱར་དུ་བསྐྱང་། ལྷག་མ་ནི་སྔ་མ་བཞིན་ནོ། །གསུམ་པ་མན་ངག་གི་གནད་ལ་བརྟེན་པ་ལ་བདུན་ལས། མེ་དམར་སྐྱའི་དམིགས་པ་ནི། ལུས་ཙོག་བུ་རྐང་པ་བསྣོལ། ལག་པ་གཉིས་དཔུང་པ་ལ་བསྣོལ་མར་དགབ་སྟེ་ཕྱི་ལུས་ཀྱི་ཐབ་
༣༩༦འགལ་དྲུག །ནང་རྩའི་ཐབ་འགལ་དྲུག །གསང་བ་བྱང་ཆུབ་སེམས་ཀྱི་ཐབ་འགལ་དྲུག་སྟེ་བཅོ་བརྒྱད་བཅའ། བསམ་གཏན་གྱི་ཡན་ལག་གཞན་རྣམས་ཚང་བར་བྱ། དེ་ནས་རང་གི་ལུས་ཁོང་སྟོང་རྒྱུ་མ་བུས་པ་ལྟར་དམིགས་ལ་གང་ནས་བྱུང་ཆ་མེད་པར་མེ་དམར་སྐྱས་ལུས་ཀྱི་ནང་གང་བར་བསམ་ཞིང་ཤེས་པ་མེ་ལ་གཏད། རླུང་རྩོལ་བ་བཀག་སྟེ་སྲོག་ནས་རྔུབས་ནས་ཐུབ་ཚད་དུ་བསྣན་ལ་ཡིད་ཀྱིས་གཅིག་གཉིས་ལ་སོགས་པའི་གྲངས་བགྲངས་པའི་རླུང་སྦྱོར་བཅུ་གཉིས་དང་། གྲངས་མ་བཟུང་བར་ཐུབ་ཚད་དུ་མནན་པའི་གྲངས་མེད་ཀྱི་རླུང་སྦྱོར་བཅུ་གཉིས་སྤེལ་ཞིང་བྱ། ཐམས་ཅད་བསྡམས་པས་གྲངས་ཅན་གྲངས་མེད་ཉི་ཤུ་རྩ་བཞིས་ཐུན་ཚད་བཟུང་སྟེ། གྲངས་ཅན་རྩོལ་བ་སྟེ་ཚར་བཅད་པ་གྲངས་མེད་གློད་པ་སྟེ་ཕན་གདགས་པ། ཡང་གྲངས་ཅན་ལམ་དུ་འཇུག་པ་གྲངས་མེད་ལྟ་བ་བསྐྱང་བའོ། །ཡིད་འཇུག་ཡུལ་མི་རྟག་སྟེ་ཐུན་ཚད་ཐུན་གྲངས་མ་རྫོགས་བར་དུ་ཡིད་མི་འཇུག་ཀྱང་འབད་དེ་བསྒོམ། རྫོགས་ནས་ཡིད་སྤྲོ་ཡང་མི་བསྒོམ། ཁམས་ཚོད་མི་བཟུང་སྟེ་ཁམས་ངན་ཡང་ངལ་གསོ་ཡིན་ཚད་དུ་བསྐྱངས། དེ་ནས་ཁམས་བདེ་ཡང་མི་བསྒོམ། ཟས་དང་སྤྱོད་ལམ་གྱི་ལྕག་གིས་བསྐུལ། ཉམས་ཐམས་ཅད་བྱུང་རྒྱལ་དུ་བཏང་། ལྟ་བ་བསྐྱང་། ཐུན་བཞིའི་ངེས་པས་བྱ། གང་ཟག་རབ་ཞག་གསུམ། འབྲིང་ལྔ། ཐ་མ་དགུ་ན་དམིགས་པ་འཕོ་སྟེ། རབ་འབྲིང་ཡང་དྲོད་ཉམས་སྐྱེ་བ་མྱུར་བུལ་ལོ། །དེ་ནས་སྐྱེས་པ་བརྟན་པའི་དོན་དུ་སེམས་ཀྱི་གནད་སྣ་ཚོགས་སུ་འཕྲོ་བ་ལས། གཉིས་པ་མེ་འབར་བའི་དམིགས་པ་ནི། སྔོན་འགྲོ་དང་། དངོས་གཞི་སྔར་དང་འདྲ་བ་ལས་རྐང་མཐིལ་གཉིས་སུ་རཾ་དམར་ནག་བསམ། དེ་ནས་རྐང་པའི་རྒྱུ་མ་ཁུག་བརྐྱང་བསྐུམ་གྱི་སྦྱོར་བས། མེ་འབར་ལོང་བུའི་རྩ་ནས་ཡོང་། བརླའི་རྩ་བོ་ཆེ་ནས་ཞུགས། གསང་གནས་སུ་འཛོམ་པས། རྣོ་བ། མྱུར་བ། དྲག་པ་རྩུབ་པའི་མེ་ལ་དམིགས་པ་གཏད་དེ།
༣༩༧རྣོ་བ་ནི་ཁབ་ཀྱི་རྩེ་ལྟ་བུ། མྱུར་བ་ནི་མར་མེ་རླུང་གིས་བསྐྱོད་པ་ལྟ་བུ། དྲག་པ་ནི་རེག་བྱ་ཚ་བ། རྩུབ་པ་ནི་མེ་སྟག་འཕྲོ་བ་སྟེ་གཞན་ཐམས་ཅད་ཚུལ་སྔ་མ་བཞིན་ནོ། །དམིགས་པ་དེ་གསལ་བ་དང་། གསུམ་པ་ཐིག་ལེའི་འཐབ་མོ་ནི། སྔར་གྱི་མེ་དེའི་རྩེར་ཐིག་ལེ་དཀར་པོ་སྲན་མ་ཙམ་བསམ་དེའི་སོར་བཞི་ཙམ་གྱི་སྟེང་དུ་ཐིག་ལེ་དམར་པོ་རིལ་མ་ཙམ་བསམས་ཏེ། དེ་གཉིས་རླུང་ཁ་སྦྱར་བའི་ཚེ་སྒོང་འཐབས་པ་ལྟར་གཅིག་གིས་གཅིག་ལ་ཐུག་ཐུག་བརྒྱབ་པས་ལུས་ཐམས་ཅད་མེ་སྟག་ཏུ་ཕྲ་ཕྲ་བས་གང་བ་ལ་ཡིད་གཏད་དོ། །དེ་ལ་བརྟན་པ་དང་། བཞི་པ་འཁོར་ལོའ་དམིགས་པ་ནི། གསང་གནས་ཀྱི་མེ་དེ་མཆོད་རྟེན་གྱི་སྲོག་ཤིང་ལྟར་དྲང་ཐང་གིས་སོང་བའི་སྟེང་དུ་ཐིག་ལེ་དེའི་སྟེང་དུ་ཡང་མེའི་འཁོར་ལོ་རྩིབས་བཞི་པའམ་བརྒྱད་པ་རྩིབས་རེ་ལ་ཨཱ་ལི་རིང་ཐུང་གཉིས་གཉིས་མགོ་སྤྲོད་དུ་འཕྱང་བ། མདུན་རྒྱབ་དང་། གཡས་གཡོན་དུ་ལྟེ་བ་དང་ཚིགས་པ་མཁལ་མ་གཉིས་ལ་མ་རེག་པར་ཡོད་པ་དེ་གཡས་གཡོན་གང་བདེར་འཁོར་བས་ལུས་ཀྱི་ནང་ཐམས་ཅད་མེ་སྟག་གིས་གང་བར་བསམ་སྟེ། འོག་རླུང་དྲག་ཏུ་བསྐུམ། སྟེང་རླུང་ཁ་སྦྱོར། འདི་ལ་ནང་སྲོག་ཤིང་གི་གནད་དང་བར་འཁོར་ལོའ་གནད། ཕྱི་ཡི་གེ་འབྲུ་བཀོད་གྱི་གནད་གསུམ་གསུམ་གཅེས་སོ། །ལྔ་པ་མེ་དྲག་ཏུ་འབར་བའི་དམིགས་པ་ནི། དམིགས་པ་སྔ་མའི་སྟེང་དུ་མེའི་འཁོར་ལོ་ལས་མེ་ཁ་དོག་དམར་ནག་ངོ་བོ་ཚ་བ། རང་བཞིན་མཉེན་པས་མགྲིན་པ་མན་ཆད་གང་བ་ཤུག་པའི་ལོ་མ་ལ་མེ་འབར་བའི་ཚུལ་དུ་མེ་ལྕེ་ཕྲ་ཕྲ་འཕྲོ་བ་དང་བཅས་པ་བསམ། ང་ལ་བརྟན་པ་དང་། །དྲུག་པ་མེ་ཆེར་འབར་བ་ལ་དམིགས་པ་ནི། མེ་དེ་ཆེར་སོང་བས་ལུས་ཕྱི་ནང་ཐམས་ཅད་ལྕགས་ཀྱི་གོང་བྱ་བསྲེགས་པ་བཞིན་མེ་འབར་བར་བསམ། དེ་ནས་བདུན་པ་ཐམས་ཅད་མེ་འབར་བ་ལ་དམིགས་པ་ནི། མེ་དེ་རྒྱ་ཇེ་ཆེ་ཇེ་ཆེར་སོང་ནས་སྣང་བའི་དངོས་པོ་ཐམས་ཅད་མེར་འབར་བ་ལ་ཤེས་པ་གཏད། རྗེས་ལྟ་བ་སྐྱོང་བ་ནི་ཐུན་ཞབས་སུ་སེམས་དམིགས་པ་འཛིན་པའི་
༣༩༨རྩོལ་བ་གློད་ལ། མིག་ཐད་ཀར་ཧུར་རེ་བཞག་པས་མི་རྟོག་པ་མཐའ་དབུས་མེད་པའི་ཉམས་སྐྱེས་ཏེ། དེ་ཉིད་ལ་སེམས་བླན་ནས་བཞག་པས་ཟུང་འཇུག་གི་ཏིང་ངེ་འཛིན་དུ་འགྱུར་རོ། །གནད་གཞན་སྔ་མ་རྣམས་དང་འདྲ་ཞིང་། དམིགས་པ་རྣམས་སྔ་མ་སྔ་མའི་སྟེང་དུ་ཕྱི་མ་ཕྱི་མ་བསྟན་ནས་བསྒོམ་པ་ཡིན་ནོ། །འདི་དག་ཀྱང་རབ་ཀྱིས་ཞག་ཉི་ཤུ་རྩ་གཅིག །འབྲིང་གིས་སོ་ལྔ། ཐ་མས་དྲུག་ཅུ་རྩ་གསུམ་བསྒོམས་པས་མཐར་ཕྱིན་པ་ཡིན་ནོ། །དེ་རྣམས་ཀྱི་གེགས་བསལ་ཐབས་རྣམས་གཞུང་ཉིད་དུ་ཤེས་པར་བྱའོ། །འདི་རྣམས་ཀྱི་སྐབས་སུ་བོགས་འབྱིན་རྣམ་པ་བརྒྱད་ཀྱིས་བོགས་དབྱུང་བ་དང་། གདམས་ངག་དྲུག་གི་གནད་ཀྱང་འདི་དག་གི་སྐབས་སུ་དགོས་པ་ཡིན་ནོ། །དེ་ལྟར་གཏུམ་མོའ་མན་ངག་གིས་ལམ་སྦྱང་ཞིང་། ལྟ་བ་རང་བྱུང་གི་ཡེ་ཤེས་རྙེད་རྙེད་དུ་བསྒོམ་མོ། །འདིས་ཁམས་འདུས་པ་དང་པོར་འགྲོ་སྟེ་བསྲུང་བ་སུམ་ཅུ་དང་གེགས་སེལ་རྣམས་ཀྱང་ལྷས་ཆེ་པར་འདི་དག་གི་སྐབས་སུ་དགོས་པ་ཡིན་ནོ། །དེ་ནས་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་ལམ་བསྒོམ་པ་ལ། ལམ་རྒྱས་པ་དང་། བསྡུས་པ་གཉིས་ཀྱི་དང་པོ་ལ་སྦྱོར་བ་འདུ་ཤེས་གསུམ་གྱི་བྱིན་གྱི་བརླབས་པ། དངོས་གཞི་དབབ་བཟུང་གིས་ངོས་བཟུང་བ། རྗེས་ལྡོག་ཁྱབ་ཀྱིས་མི་ཉམས་པར་བསྲུང་བའོ། །དང་པོ་ནི། ཡེ་ཤེས་ཀྱི་རིག་མ་ལ་བརྟེན་པ་ཡིན་པས་བདག་དང་ཡེ་ཤེས་ཀྱི་རིག་མ་གཉིས་ཀ་ཡན་ལག་བཞིའམ་སྐད་ཅིག་གིས་ལྷར་གསལ་བཏབ་ལ། གཉིས་ཀས་ཟློས་པར་བསམས་ཏེ་ཡི་དམ་གྱི་རྩ་སྔགས་ལ་སོགས་པ་ཅི་རིགས་པར་བཟླ། དེ་ནས་མཁའ་གསང་བྱིན་གྱི་བརླབས་ཏེ། ཡུམ་གྱི་མཁའ་ཐ་མལ་པ་མི་དམིགས་ཏེ་སྟོང་པ་ལས་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པར་བྱིན་གྱིས་བརླབ། ཡབ་ཀྱི་ཐ་མལ་པའི་གསང་གནས་མི་དམིགས་པའི་སྟོང་པ་ལས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་མོ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ།
༣༩༩སྦུ་གུར་ཕཊ་དམར་ནག་མགོ་གྱེན་ལ་བལྟ་བ་ནོར་བུ་ལ་མུ་ཏིག་གི་ཕྲེང་བའི་དོད་ༀ་གྱི་ཕྲེང་བས་བྱིན་གྱིས་བརླབས་པ། ས་ལས་རིན་པོ་ཆེའི་ཏོག་དང་བཅས་པ་བསམ། དེ་ནས་བདག་གིས་ཡེ་ཤེས་ཀྱི་རིག་མ་ལ་བརྟེན་ནས་ཐ་མལ་གྱི་རྣམ་རྟོག་སྤངས་ཏེ་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་བྱས་ནས་ཆོས་སྐུ་ཐོབ་པར་བྱ་སྙམ་དུ་འདུན་པ་དར་ཅིག་བཏང་ངོ་། །གཉིས་པ་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་དེའི་གཟུགས་ལ་བལྟ་ཞིང་འདོད་ཆགས་ཀྱི་མེ་སྦར་བས་ཐིག་ལེ་དབབ། བདེ་བ་གར་སྐྱེས་ངོས་གཟུང་ལ་གང་སྐྱེས་པ་དེ་ཉིད་ལ་ཡིད་རྩེ་གཅིག་ཏུ་བཞག །ཉམས་པ་འདྲ་ན་བགྲད་པའི་མཐས་བསྲུང་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བྲང་དུ་བསྣོལ། ལྟོ་བ་ཚིགས་པ་ལ་བཅར། མིག་ནམ་མཁའ་ལ་ཟློག །གསང་ཐུབ་པར་བྱ་སྟེ། དངོས་སུ་སྙོམས་འཇུག་མི་བྱའོ། །དེ་ཐམས་ཅད་ལ་ཉམས་བྱུང་རྒྱལ་དུ་བསྐྱང་། དེའང་ཆགས་པའི་གཏམ་གྱི་སྒྲ། ཕྱག་རྒྱའི་ལུས་ཀྱི་དྲི། མ་མཆུའི་སྦྲང་རྩི་ལ་སོགས་པའི་རོ། །ལུས་ཀྱི་སྟོད་སྨད་ལ་རེག་པ་དང་། སོ་དང་སེན་མོ་གདབ་པ་དང་། འཁྱུད་པ་དང་ཙུམྦྷ། དཀར་འཛིན་ཉེད་པ་ལ་སོགས་པ་རེག་བྱ་སྣ་ཚོགས་ལ་རེག་པར་བསམ། དེས་འདོད་ཆགས་ཀྱི་མེ་སྦར་བ་སོགས་སྔ་མ་བཞིན་ནོ། །དེ་ནས་བོ་ལ་དང་ཀཀྐོ་ལ་སྦྱར་བར་བསམ་ཞིང་། ཐིག་ལེ་དབབ། བདེ་བ་བསྒོམ། བགྲད་པའི་མཐས་བསྲུང་། གསང་ཐུབ་པར་བྱ། བསྲུབ་པའི་དམིགས་པའི་སྦྱོར་བ་མི་བྱ། དེ་ནས་རུ་སྦལ་གྱི་འགྲོས་ཏེ་དལ་བུས་བསྲུབས་པས་ཐིག་ལེ་དབབ། བདེ་བ་ཉམས་པ་འདྲ་ན་སྟེང་གི་ནམ་མཁའ་དང་ཚངས་པའི་འཇིག་རྟེན་དང་འོག་མིན་ལ་སོགས་པར་འཕང་། བགྲང་བའི་མཐས་བསྲུང་། ཐིག་ལེ་བཟུང་དཀའ་ན་སྟེང་རླུང་རྣམ་པར་འགོག་པའི་སྦྱོར་བས་དྲངས་ཏེ། གཡོན་པའི་སྲིན་ལག་གིས་སྣ་བུག་གཡས་བཀག་སྟེ་སྲོག་ནས་བཀང་ལ་མགོ་ལུས་ཐམས་ཅད་གཡས་བསྐོར་དུ་བསྐོར་ལ་རོ་སྟོད་གསིག །མགོ་སྤྲུག །དེ་ལས་
༤༠༠ཐིག་ལེ་ཟིན་ན་རྟགས་གཞུང་དུ་བསྟན་པ་བཞིན་དུ་འབྱུང་། དེའི་ཚེ་བདེ་སྟོང་ཟུང་དུ་ཆུད་ནས་བདེ་བ་ངོས་གཟུང་དང་བྲལ་བའི་ཏིང་ངེ་འཛིན་སྐྱེ་བས་ངོས་ཟིན་པར་བྱས་ལ་ཡུན་ཅི་རིང་དུ་བསྐྱང་ངོ་། །གསུམ་པ་ལ་གསུམ་ལས། ཐིག་ལེ་གྱེན་དུ་བཟློག་པ་ནི། ལུས་འགྱུར་བཞི། ངག་སེམས་ཀྱི་འགྱུར་བ་གཉིས་ཏེ། འགྱུར་བ་དྲུག་གིས་སྟེང་དུ་འཕངས་པའོ། །དྲུག་པ་ན། རྒྱ་མཚོ་རི་རབ་ལ་སྐམ། གླིང་བཞི་དབང་དུ་བསྡུ། རོ་འཛིན་རང་གི་གནས་སུ་སྦྱར། དབང་པོའ་མཆོག་སྟེང་དུ་བགྲང་། ངག་སྟོབས་ཀྱི་ཧཱུྃ་དྲག་ལ་རིང་བས་དྲངས། ཏིང་ངེ་འཛིན་ཧཱུྃ་ཕཊ་ཀྱི་མདའ་གཞུ་འཕང་བ་སྟེ། དང་པོ་ནི། གསུས་པོ་ཆེ་ཕྱིར་ཕུལ་ལ། ལྟོ་བ་སྒལ་ཚིགས་ལ་བཅེར་བ། གཉིས་པ་རྐང་ལག་གི་སོར་མོ་རྣམས་དུས་གཅིག་ཏུ་དྲག་ཏུ་བསྐུམས་ནས་རྡོ་རྗེ་ཁུ་ཚུར་གཉིས་སྙིང་གར་བསྣོལ་ཏེ་ཉྭ་བཞི་བསྒྲིམ་པ། གསུམ་པ་ལྕེ་རྐན་ལ་སྦྱར་ནས་ནང་དུ་ཟློག་པ། བཞི་པ་མིག་བགྲད་ནས་སྤྱི་གཙུག་གི་ནམ་མཁའ་ལ་བལྟ་བ། ལྔ་པ་རླུང་ནང་དུ་འཇུག་པ་དང་བསྟུན་ནས་ཧཱུྃ་གི་སྒྲ་དྲག་ལ་རིང་བས་ནང་རླུང་གྱེན་དུ་དྲང་ཞིང་རྒྱུ་ཞབས་རིམ་གྱིས་བསྐུམ། དྲུག་པ་སྔར་བྱིན་གྱིས་བརླབས་པའི་དུས་ཀྱི་གསང་བའི་ཧཱུྃ་དེས་ཕཊ་འདྲེན། ཕཊ་ཀྱིས་ཧཱུྃ་ཕུལ་ཏེ་གསང་གནས་ནས་སྤྱི་གཙུག་གི་བར་དུ་རིམ་གྱིས་དྲངས་པར་བསམ་སྟེ། དེ་རྣམས་དུས་གཅིག་ལ་བྱའོ། །གཉིས་པ་ལུས་ཀུན་ལ་ཁྱབ་པར་བྱ་བ་ནི། རླུང་གི་སྐ་རགས་བཅིངས། ཞགས་པ་འཕངས། ལུས་གཏུན་ཤིང་གི་འཁོར་ལོ་ལྟར་བསྐོར། བུ་ཆུང་གི་སྤྱོད་ལམ་བྱེད་པ་སྟེ། དང་པོ་ལུས་སྐྱིལ་ཀྲུང་བཅས་ལ། རླུང་ནང་དུ་རྔུབ་སྟེ་ཐུབ་ཚད་དུ་བསྣན་ལ་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་དྲག་ཏུ་བཅང་སྟེ་ཁ་སྟེང་དུ་བསྟན་པ་བསྣོལ་ལ་མདུན་དུ་སྐེད་པ་ལ་སྐ་རགས་འཆིང་བའི་ཚུལ་དུ་བྱེད་པའོ། །གཉིས་པ་ནི། གན་རྐྱལ་དུ་འགྱེལ་ལ་རྐང་ལག་བཞི་རེ་མོས་སུ་གཡབ་ཅིང་བརྐྱང་པའོ། །
༤༠༡གསུམ་པ་ནི་སྐྱིལ་ཀྲུང་བཅས་ནས་ལག་པ་གཉིས་པུས་མོ་ལ་བཀབ་ནས་ལྟོ་བ་བསྐོར་བའོ། །བཞི་པ་ནི། ལུས་གནད་དེ་ལྟ་བུ་ལས་མགོ་མདུན་དང་གཡས་གཡོན་དུ་ལྕོག་ལྕོག་ལན་གསུམ་གསུམ་བྱ་ཞིང་སྤྲུག །ཕྱོགས་བཞིར་པར་འགྱེལ་ཚུར་འགྱེལ་བྱ། དབུགས་སིའི་སྒྲས་སོ་བར་ནས་དྲག་ཏུ་རྔུབ་པའོ། །དེ་དག་གིས་ནི་བྱང་ཆུབ་ཀྱི་སེམས་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པར་གྱུར་ཏེ་བདེ་སྟོང་མཆོག་ཏུ་གྱུར་པའི་ཉམས་སྐྱེའོ། །གསུམ་པ་མི་ཉམས་པར་བསྲུང་བ་ནི། འཛག་པ་དྲུག་པ་སྲུང་བའི་སྐབས་བཞིན་དུ་ཉམས་སུ་ལེན་པའོ། །གཉིས་པ་ལམ་བསྡུས་པ་ལ་གསུམ་ལས། སྦྱོར་བ་ཐུར་སེལ་དབང་དུ་བྱ་བ་ནི། །ལུས་ཀྱི་སྤྱོད་ལམ་ལྡན་བྱས་ནས། །ལག་གཡས་ཉི་མ་གཡོན་པ་ཟླ། །དཔུས་མོ་གཉིས་ལ་བསྣོལ་མར་དགེ་བ། །ཧཱུྃ་རིང་ཧཱུྃ་ཐུང་མདུན་དུ་དགུ། །གཡས་གཡོན་དག་ཏུ་གསུམ་གསུམ་སྟེ། །འབུད་པ་གསུམ་དང་རྔུབ་པ་གསུམ། །འཁོར་མ་དག་ཏུ་སྦྱར་བར་བྱ། །ཉི་མ་དག་ནི་གསུམ་པ་ནི། །སྦ་བ་སྦུབས་སུ་ནུབ་པར་འགྱུར། །ཞེས་པའི་སྒོ་ནས་ཐུར་སེལ་སྦྱངས་ཏེ་ཚུལ་ཡང་གནས་ཁང་དཔངས་མཐོ་བར་ཙོག་པུ་ལག་གཡས་ཉི་མ་གཡོན་ཟླ་བར་དྲན་པར་བྱས་ལ་པུས་མོ་གྲུ་ཁགས་སུ་ཆུབ་པའི་སྒོ་ནས་ལག་མཐིལ་བསྣོལ་མར་ཕྱི་ནས་བཀབ་ལ་རྐེད་པ་བསྲང་། མགྲིན་པ་མདུན་དུ་དགུག་ལ་ཕྱི་རླུང་ནང་འཇུག་དང་བསྟུན་ནས་ནང་རླུང་ཧཱུྃ་གི་སྒྲས་ཐོག་མར་རིང་བར་དྲང་བ་གཅིག །དེ་རྫོགས་མ་ཐག་བསྐྱར་ནས་འདྲེན་པ་གཅིག །དེའི་མཇུག་ཏུ་ཤིན་ཏུ་ཐུང་བ་གཅིག་སྟེ་གསུམ་འབྲེལ་པ་ཅན་དུ་བྱ། འོག་རླུང་ཡང་དེ་དང་མཐུན་པར་ལན་གསུམ་གྱི་བར་དུ་རྒྱུན་མི་འཆད་པར་དྲང་ཞིང་། དེའི་ཚེ་སྲིན་པོའ་ལམ་ཡང་དུས་གཅིག་ཏུ་ལན་གསུམ་གྱི་བར་དུ་འཐེན། གསུམ་ཀའི་མཐར་མགོ་གྱེན་ལ་དགྱེད་དགྱེད་པ་ལན་གསུམ་གསུམ་བྱ། དེའི་རྗེས་ལ་རླུང་ཐུབ་ཚད་དུ་བཟུང་། མིག་གྱེན་ལ་བགྲད་དོ། །གཡས་སུ་ཡང་དེ་ལྟ་བུ་ཁོར་ཅིག །དེ་ནས་
༤༠༢ཡང་དབུས་སུ་ཁོར་ཅིག །དེ་ནས་ཡང་གཡོན་དུ་ཁོར་ཅིག །དེ་ནས་ཡང་དབུས་སུ་ཁོར་ཅིག །དེ་ནས་སྣ་ནས་རླུང་ཕྱིར་འབུད་པ་བཏུད་མ་དྲག་པོ་གསུམ། རྔུབ་པ་བཏུད་མ་གསུམ། དེ་བཞིན་དུ་གཡས་སུ་གསུམ། དེ་ནས་གཡོན་དུ། དེ་ལྟ་བུ་གཅིག་རྟིང་གཅིག་འཁོར་མར་སྦྱངས་པས་རླུང་ཆུན་ཆེ་ན་ཉིན་ཕྱེད། ཐ་མས་ཀྱང་ཉི་མ་གསུམ་པ་ན་སྦ་བ་སྦུབས་སུ་ནུབ་སྟེ་ཐུར་སེལ་གྱི་རླུང་ལ་དབང་ཐོབ་པར་འགྱུར་རོ། །མ་ནུབ་ཀྱང་གསང་གནས་ཤིན་ཏུ་ཐུང་བར་སོང་ནས་ཐིག་ལེ་མི་འཆོར་བ་ཡིན་ཞིག་ཚུལ་དེ་ལྟ་བུ་ཁམས་ཀྱིས་མ་ལྕོགས་ན་དབུས་སུ་གསུམ། གཡས་གཡོན་དུ་རེ་རེ་བྱ། དེའི་ཚེ་མགོ་ན་བ་དང་། སྐྱུག་བྲོ་བ་བྱུང་ན་སྲིན་པོའ་ལམ་གློད། སྙིང་ཚི་བའམ་དྲི་ཆེན་དྲི་ཆུ་བསྡམས་ན་གྱེན་ཐུར་ལ་འགྲོ་བ་དང་བཅག་པ་གལ་ཆེའོ། །གཉིས་པ་དངོས་གཞི་དབབ་བཟུང་གཉིས་བསྟན་པ་ནི། བྱིན་གྱིས་རླབས་སོགས་བྱས་ནས་ནི། །སྲིན་པོའ་ལམ་ནི་ཅུང་ཟད་བསྡམས། །གུང་མཛུབ་གཉིས་ནི་དྲག་ཏུ་གཞིབ། །མིག་གཉིས་སྟེང་དུ་བགྲད་པར་བྱ། །འདིས་ནི་ཐིག་ལེ་ཟིན་པར་བྱ། །ཡང་ན་ཧ་ཧལ་དྲག་ཏུ་བརྗོད། །ལུས་ཀྱི་འཁྲུལ་འཁོར་གཞན་ཡང་བྱ། །འདིས་ཀྱང་ཐིག་ལེ་ཟིན་པར་འགྱུར། །ཞེས་པའི་ཚུལ་གྱིས་ཉམས་སུ་ལེན་པ་སྟེ། ལུས་ཙོག་པུར་གནད་ལ་དབབ། ཡེ་ཤེས་ཀྱི་ཕྱག་རྒྱ་འདུ་ཤེས་གསུམ་གྱིས་བྱིན་གྱིས་བརླབས། བོ་ལ་དང་ཀཀྐོ་ལ་སྦྱར་ཕར་བསྐྱོད་ཚུར་དྲུད་པ་ཙམ་གྱིས་ཐིག་ལེ་དབབ། བདེ་བས་མི་བཟོད་པ་དང་ཐིག་ལེ་བཟུང་བའི་ཕྱིར་སྲིན་པོའ་ལམ་ཅུང་ཟད་བསྡམས་པ་དང་ཕྱིར་ཕུལ་བ་རེས་འཇོག་ཏུ་བྱ། མིག་མི་འཛུམ་པ་སྟེང་དུ་བགྲད། ལག་པ་གཡས་གཡོན་གྱི་གུང་མཛུབ་གཉིས་རེ་མོས་ཀྱིས་ཁར་བཅུག་ལ་ཁ་ནས་མི་ཕྱིན་ཙམ་དུ་རླུང་ནང་དུ་འདྲེན་པ་དང་དུས་གཅིག་ཏུ་དྲག་ཏུ་གཞིབ་སྟེ་གཡས་ཀྱི་སོར་མོ་འཇིབ་ཙ་ན་གཡོན་གྱི་མིག་བགྲད། གཡོན་གྱི་སོར་མོ་འཇིབ་ཙ་ན་གཡས་ཀྱི་མིག་བགྲད། ལུས་འགྱུར་གསུམ་པོ་དེ་དུས་གཅིག་ཏུ་བྱ་སྟེ་ཐིག་ལེ་ངེས་པར་ཟིན་ནོ། །ཡང་ན་ངག་གཅིག་པུའི་འདྲེན་
༤༠༣པས་ཧས་རླུང་དྲག་ཏུ་དྲངས་པའི་མཐར། ཧལ་གྱིས་ཕྱིར་འཕུལ་བ་ལན་གྲངས་མང་དུ་བྱ། མཐར་རླུང་ཐུབ་ཚད་ཅིག་བཟུང་། ལུས་ཀྱི་འཕྲུལ་འཁོར་གཞན་སྟེང་རླུང་རྣམ་པར་འགོག་པའི་སྦྱོར་བས་ཀྱང་དྲང་ངོ་།། །།གསུམ་པ་རྗེས་བཟློག་ཅིང་ཁྱབ་བར་བྱ་བ་ནི། གླང་ཆེན་ཧིང་དང་སྟག་མོ་ངུར། །གཅན་གཟན་སྐྱུགས་དང་ཝ་ལྟར་བསྣོམ། །ལྟེ་བ་སྙིང་ག་མགྲིན་པ་དང་། །སྤྱི་གཙུག་དག་ཏུ་རིམ་གྱིས་དྲང་། །རྣམ་གྲོལ་རྒྱ་ཡིས་ལུས་ལ་དགྲམ། །ཞེས་པའི་དོན་ཏེ། སྐྱིལ་ཀྲུང་ཙོག་པུ་ལ་རྐང་པའི་བྲང་བ་ས་ལ་བཙུག །རྟིང་པ་བཏེག་པའི་སྟེང་དུ་ལུས་ཀྱི་ལྗིད་བོར་བ་གང་རུང་བྱ། ལག་པ་རྡོ་རྗེ་ཁུ་ཚུར་དྲག་ཏུ་བཅངས་པ་སྙིང་གར་བསྣོལ། སེམས་ཀྱི་གནད་བྱང་སེམས་རྡོ་རྗེ་ནོར་བུའི་རྩེ་ནས་ལྟེ་བར་བྱོན་པར་བསམ་ཞིང་། ངག་གི་གནད་ཧིའི་སྒྲས་རླུང་ཕྱིར་འགྲོ་དང་བསྟུན་ཏེ་ཕྱིར་ཕུལ། ཧིང་གི་ནང་ནས་རླུང་འདྲེན་པ་དང་བསྟུན་ནས་སྟེང་དུ་དྲངས། དེ་ལྟ་བུ་བཏུད་མར་རླུང་གིས་ཐུབ་ཚད་དུ་བྱ། དེ་བཞིན་དུ་སྙིང་གར་དྲང་པར་བསམ་ཞིང་ཧུས་ཕུལ། ཧཱུྃ་གིས་དྲང་བ་བཏུད་མ་མང་དུ་བྱ། མགྲིན་པར་དྲང་པར་བསམ་ཞིང་ཧག་ཧག་ཞེས་པའི་སྒྲ་བཏུང་མས་ནང་ནས་དྲངས། སྤྱི་གཙུག་ཏུ་དྲངས་པར་བསམ་ཞིང་རླུང་སྣ་ནས་ལན་འགའ་རྔུབས་པའི་རྗེས་སུ་ཧིཀ་ཅེས་བརྗོད་ལ་ལྟག་པ་བགྱེད་བྱས། མིག་སྟེང་དུ་བགྲད་ནས་རླུང་ཐུབ་ཚད་ཅིག་བཟུང་། གོང་གི་ངག་འདྲེན་སྔ་ཕྱིའི་མཚམས་སུ་ཡང་རླུང་ཐུབ་ཚད་རེ་བཟུང་། དེ་ནས་སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱས་ཁྱབ་པར་བྱ་བ་ནི། ལག་པ་གཉིས་ཀྱི་མཐེ་བོས་རྣ་བ་གཉིས། མཛུབ་མོས་མིག་གཉིས། གུང་མོས་སྣ་བུག་གཉིས། མཐེའུ་ཆུང་དང་སྲིན་ལག་གི་བར་དུ་མཆུ་བསྡམས་ལ་གྲུ་མོ་གཉིས་ཐད་ཀར་བསྲང་སྟེ། ཐོག་མར་གཡས་སུ་བསྐོར། དེ་ནས་གཡོན་དུ་བསྐོར། དེ་ནས་གསོར་ལྟར་བསྒྲིལ། དེའི་རྗེས་སུ་སྣ་བུག་མཐིབ་མཛུབ་ཀྱི་བར་དུ་བཅར་ལ་རླུང་དྲག་ཏུ་རྔུབ་ཅིང་མགོ་སྤྲུགས་ལུས་སྤྲུགས་བྱའོ། །ལམ་འདིའི་ཐུན་རེའི་མགོར་བསམ་
༤༠༤གཏན་གྱི་ཡན་ལག་དགུ་དང་། ཐུན་ཞབས་སུ་ལྟ་བ་བསྐྱང་། དགེ་རྩ་བསྔོ། མ་རྟོགས་ཀྱི་སེམས་ཅན་ལ་སྙིང་རྗེ་བསྒོམ་པ་སྔར་ལྟར་སྦྱར་བར་བྱ་བ་ལས། འདིའི་ལྟ་བ་ནི་བདེ་སྟོང་གི་ཏིང་ངེ་འཛིན་ཡིན་པས་ངས་བཟུང་ནས་ལུས་སེམས་ཁོང་གློད་ནས་འཇོག་པའོ། །འདི་ནི་ཁམས་འདུས་པ་བར་པ་ཐིག་ལེ་བདེ་སྟོང་གི་ལམ་ཁྲིད་པ་ཞེས་བྱ་བ་ཡིན་ནོ། །བཞི་པ་དབང་བཞི་པའི་ལམ་ལ་གཉིས་ཀྱི་སྔོན་འགྲོ་ནི། གནས་དབེན་པར་ཉི་ཟེར་དང་ལྷགས་པ་མེད་པར་སྟན་འབོལ་བ་རྒྱ་ཆེ་བའི་སྟེང་དུ་སྔོན་འགྲོ་གསུམ་བྱས་ལ། ཕྲིན་ལས་སུམ་ཅུ་རྩ་གཉིས་སོ། །དང་པོ་ཡས་རིམ་དུ་ཚར་གཅིག །དེ་ནས་མས་རིམ་དུ་ཚར་གཅིག །དེ་ནས་གང་ཟིན་ཟིན་ནས་ཐམས་ཅད་ཚང་བར་ཚར་གཅིག་སྟེ་དེ་ལྟར་དགུ་བཅུ་རྩ་དྲུག་ཐུན་རེ་ལ་བྱ་སྟེ། དེ་ལྟ་བུ་ཐུན་གསུམ་མམ། གཉིས་སམ་གཅིག་གང་གྲུབ་བྱ། དེ་མ་གྲུབ་ན་ཡན་ལག་ལྔ་སྦྱོང་ཐུན་བཞིའམ་གསུམ་བུ་ཉམས་སུ་བླང་བ་སྔོན་དུ་འགྲོ་བའི་བསམ་གཏན་གྱི་ཡན་ལག་དགུ་ཡུན་ཅི་རིང་དུ་ཉམས་སུ་ལེན་པའོ།། །།གཉིས་པ་དངོས་གཞི་ལ་གསུམ་ལས། སྲོག་རྩོལ་ལ་སོགས་སྔོན་དུ་འགྲོ་བའི་འོག་རླུང་བསྐྱོད་པའི་ལུས་ཀྱི་རྦ་རླབས་ན། དང་པོ་སྦྱོར་རྗེས་སྔར་དང་འདྲ་བ་ལ་རླུང་སྦྱོར་བདུན་ལ་རྟགས་ཐོན་ཐོན་གྱི་བར་དུ་བསྒོམ། དེ་ནས་ལུས་ཀྱི་རྦ་རླབས་དངོས་བསྒོམ་སྟེ། དེའང་སྐྱིལ་ཀྲུང་། ལག་པ་པུས་མོ་གཉིས་ལ་བཀབ་ལ་མནན། རྐེད་པ་དྲང་པོར་བསྲང་། ལྟོ་བ་ཚིགས་པ་ལ་སྦྱར། རླུང་འབུད་གསུམ། རྔུབ་གསུམ་གྱི་ཚུལ་གྱིས་སྟེང་རླུང་མནན། ཚང་ར་གཡས་གཡོན་འོག་ཏུ་བསྣོན་པ་རེ་མོས་ཀྱིས་དལ་གྱིས་བསྐུམ་སྟེ་དྲག་ཏུ་འཐེན། དྲག་ཤུལ་དུ་བསྐུམ་ན་ཤུགས་ཆད་ནས་འགྲོ། བཏང་ཙ་ན་འོག་རླུང་སྔོན་དུ་གཏོང་། དེ་ལྟ་བུ་ཐུན་གྲངས་དང་ཐུན་ཚད་མེད་པ་སྦྱངས་པས་ལུས་ལ་བདེ་བ་དང་། སེམས་གསལ་བའི་ཏིང་ངེ་འཛིན་དུ་འགྱུར་བ་འབྱུང་། ཁམས་འཆུག་པ་འདྲ་ན་ལྟོ་བ་བསྐྱོད། རོ་སྟོད་གཅུ། བགྲད་པའི་མཐའ་བསྲུང་།
༤༠༥སེམས་ནམ་མཁར་འཕང་། སྐབས་སུ་བོགས་འབྱིན་བརྒྱད་ཅི་རིགས་པས་བོགས་དབྱུང་ངོ་། །དེའི་ཚེ་འོག་རླུང་བཏང་བས་སྟེང་རླུང་ཕྱིར་མི་འགྲོ་ན་གནད་ཟིན་པ་ཡིན་ནོ། །གཉིས་པ་ངག་འདྲེན་པ་ཞི་དྲག་གི་རྦ་རླབས་ལ་གཉིས་ལས། ངག་འདྲེན་ཞི་བ་ནི། གནས་དབེན་པར་ཕྱིན་ལ་ལུས་སྐྱིལ་ཀྲུང་ལག་པ་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ། མགོ་མདུན་དུ་ས་ལ་མ་རེག་ཙམ་བཏུད་ལ་ཨིའི་གདངས་ཀྱིས་ཁ་ནས་སྒྲ་མེད་པར་རླུང་སོ་བར་ནས་བཞུར་ཏེ། ནང་རླུང་གྱེན་དུ་འདྲེན་པ་དང་དུས་གཅིག་ཏུ་ཁ་ནས་དལ་བུས་འདྲོངས་ཚད་དུ་དྲངས། དེ་དང་བསྟུན་ནས་རྒྱུ་ཞབས་དང་འོག་རླུང་ཡང་རིམ་གྱིས་དྲག་ཏུ་བསྐུམ། མཐར་མགོ་དགྱེད་བྱས་ལ་མིག་སྟེང་དུ་བགྲད། རླུང་ཐུབ་ཚད་དུ་མནན། མི་ཐུབ་པ་དང་དལ་བུས་བཏང་། ཕྱིར་སོང་རྫོགས་མ་ཐག་ཡང་དྲང་། དེ་ལྟ་བུ་མདུན་དུ་གསུམ། གཡས་སུ་གསུམ། གཡོན་དུ་གསུམ། དེ་ལྟ་བུ་འཁོར་བདུན་བདུན་ལ་ཐུན་རེར་བྱས་པའི་ཐུན་བཞིར་ཉམས་སུ་བླང་། རྗེས་ལ་བདེ་སྟོང་མཆོག་གི་ལྟ་བ་བསྐྱང་ངོ་། །གོམ་ནས་གླིང་བུ་ལྟ་བུའི་སྒྲ་འབྱུང་ངོ་། །གཉིས་པ་ངག་འདྲེན་དྲག་པོ་ནི། ལུས་ངག་གི་གནད་སྔར་དང་འདྲ་བ་ལས་ཁྱད་པར་ཧཱུྃ་གི་སྒྲ་དང་བཅས་པས་དྲང་། རིམ་གྱིས་སྐད་ངར་ཇེ་ཆེར་བཏང་བས་མཐར་ཕྱིན་པ་ན་རྒྱང་རིང་པོ་ནས་ཐོས་པ་རག་དུང་གི་སྐད་ལྟ་བུ་འབྱུང་ངོ་། །གཞན་ཐུན་ཚད་ལ་སོགས་པ་གོང་དང་འདྲའོ། །གསུམ་པ་ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཏིང་ངེ་འཛིན་བསྒོམ་པ་སྟེ། འདི་ལ་གསུམ་ལས། ཐབས་རྒྱུད་དག་པར་བྱ་བ་ནི། ཡབ་ཡུམ་གྱི་འདུ་ཤེས་གྱིས་བྱིན་གྱིས་བརླབས་ནས་སྐད་ཅིག་གིས་སྙོམས་པར་ཞུགས་པས། ཡབ་ཡུམ་གཉིས་ཀའི་ཁམས་དྭངས་མ་དབུ་མའི་སྣ་རྩར་བྱོན། འོད་ཟེར་གྱི་རྣམ་པར་གྱུར། གཡས་རོ་མ་ནས་སོང་། ལྟེ་བར་བྱོན། ལྟེ་བའི་འཁོར་ལོ་ནམ་ལངས་པ་བཞིན་ཡལ་ཡལ། ཉི་མ་ཤར་བ་བཞིན་སལ་སལ་གློ་བ་བུས་པ་བཞིན་ལྟང་ལྟང་། ཡང་རོ་མ་ནས་སོང་སྙིང་གར་ཆོས་གསུམ་ལྡན་དུ་དྲན།
༤༠༦ཡང་རོ་མ་ནས་སོང་མགྲིན་པར་བྱོན་ཆོས་གསུམ་ལྡན་དུ་དྲན། ཡང་རོ་མ་ནས་སོང་རྣ་བ་གཡས་པ་ནས་འོད་ཟེར་གྱི་རྣམ་པར་འཕྲོས་འོད་ཟེར་གྱི་སྒོ་ལས་ལྷག་པ་ལྷའི་དལ་འཕྲོས། སེམས་ཅན་གྱི་རྒྱུད་ལ་དབང་བཞི་བསྐུར། སྣོད་གཞལ་ཡས་ཁང་བཅུད་ཀྱི་སེམས་ཅན་རྣམས་ལྷག་པའི་ལྷར་བྱས། སྣོད་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་གྱུར། ཕར་སྤྲོས་པའི་འོད་ཟེར་དང་འདྲེས། བདུད་རྩིའི་བཅུད་དུ་གྱུར་ཚངས་པའི་སྒོར་ཞུགས། སྤྱི་བོར་ཆོས་སུམ་ལྡན་དུ་དྲན། མགྲིན་པར་བྱོན་ཉི་མ་སྟོང་གི་གཟི་བརྗིད་དང་ལྡན། སྙིང་གར་བྱོན་བདག་གི་རྒྱུད་སྐུ་ལྔར་བསྒྱུར་བའི་རྟགས་སུ་འོང་ཁ་དོག་ལྔར་གྱུར། རྩ་དག་པའི་ལམ་ལྟེ་བ་ནས་བྱུང་ནས་ཡུམ་གྱི་མཁར་སྔ་མ་བཞིན་གནས་པར་བསམ་མོ། །དེས་གཟུང་རྟོག་ནུབ་རོ་མ་དབང་དུ་འདུས། རྩོལ་བའི་རླུང་ལ་དབང་ཐོབ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་མངོན་དུ་བྱས་སྙམ་དུ་མོས་པ་ཙམ་བྱའོ། །དེ་བཞིན་དུ་གཡོན་དུའང་བྱ་སྟེ། འཛིན་རྟོག་ནུབ། རྐྱང་མ་དབང་དུ་འདུས། སྲོག་རླུང་ལ་དབང་ཐོབ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་མངོན་དུ་བྱས་པར་བསམ། དེ་བཞིན་དུ་དབུ་མར་ཡང་བྱ་སྟེ། གཟུང་འཛིན་གཉིས་ཀའི་རྟོག་པ་ཕྲ་མོ་ནུབ། དབུ་མ་སྦྱངས། རླུང་གནས་པ་ལ་དབང་ཐོབ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མངོན་དུ་བྱས་པར་བསམ་མོ། །གཉིས་པ་ཤེས་རབ་ཀྱི་རྒྱུད་དག་པར་བྱ་བ་ནི། ཡུམ་གྱི་རྩ་གསུམ་སྦྱོང་བའི་དམིགས་པ་སྔར་བཞིན་བྱ་སྟེ། རྩ་གཡས་གཡོན་གཉིས་ནས་ནི་རྣ་བ་གཡས་གཡོན་གཉིས་ཀྱི་སྒོར་བྱོན་པ་ཙམ་ལས་ཕྱིར་སྤྲོ་བ་ནི་མེད་ལ། ཚངས་པའི་སྒོ་ལས་སྤྲོ་བ་དང་བསྡུ་བ་བྱས་ཀྱང་རུང་མ་བྱས་ཀྱང་རུང་སྟེ་འདྲ་བར་བཞེད་དོ། །གསུམ་པ་རྒྱུད་སོ་སོར་དག་པར་བྱ་བ་ནི། ཡབ་ཀྱི་དབུ་མ་ནས་ཁམས་དྭངས་མ་འོད་ཟེར་གྱི་རྣམ་པར་སོང་ནས་གཙུག་ཏོར་མཆོག་ཏུ་ཐིམ། ཡུམ་གྱི་ཡང་དེ་བཞིན་དུ་ཐིམ་སྟེ་གཉིས་ཀའང་སྐུ་ལྔ་ལྷུན་གྱིས་གྲུབ་པར་དྲན་པ་ཙམ་བྱ་སྟེ། འདི་དག་རླུང་ལྡང་འཇུག་དང་བསྟུན་པ་དང་། ཐུན་བཞིའི་
༤༠༧ངེས་པ་མི་དགོས་པར་བཞེད་དོ། །དེའི་ཚེ་ཉམས་གར་སྐྱེས་ངེས་པ་མེད་ལ། ཅི་སྐྱེས་བྱུང་རྒྱལ་དུ་བསྐྱངས་པས་ལྟ་བ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་མས་བརྟན་གྱི་དགའ་བ་བཞིའི་ཉམས་མྱོང་རྒྱུད་ལ་སྐྱེས་ཏེ་འདིས་ཁམས་འདུས་པ་ཐ་མ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པ་ཡིན་ནོ། །འདི་དག་ནི་གང་ཟག་ཐ་མ་རིམ་གྱིས་དཀྲི་བ་ལ་དགོངས་པ་སྟེ་ཐུན་བརྒྱ་ཉི་ཤུ་རྩ་ལྔར་བྱས་ནས་འཁྲིད་པ་ཡིན་ནོ། །ཁ་ཅིག་ལ་སྣང་གསུམ་གྱི་ཁྲིད་བོར་ཏེ་ལྟ་བ་ནས་སྐྱོང་བ་ཡང་ཡོད། སྣང་བ་གསུམ་དང་། ཀུན་གཞི་རྒྱུ་རྒྱུད་དང་། ལམ་ཐབས་རྒྱུད་བཞི་ཀ་དང་། ལམ་བཞི་རེ་རེས་འཁྲིད་པ་ཡང་ཡོད་དེ། རྒྱུ་རྒྱུད་མ་གཏོགས་པ་ཀུན་ལ་སྔོན་འགྲོ་གཉིས་དང་། ལྟ་བས་ཐག་བཅད་པ་རྒྱས་བསྡུས་ཅི་རིགས་པ་སྔོན་དུ་སོང་ནས་ཉམས་སུ་ལེན་པ་ཡིན་མོད་ཀྱང་། རྣལ་འབྱོར་དབང་ཕྱུག་གི་བཞེད་པས་བསྐྱེད་རིམ་ཅུང་ཟད་ཅིག་བརྟན་པར་བྱས་ནས་ལུས་སྦྱོང་དང་། རླུང་ཁོ་ན་གཙོར་བྱེད་པ་ཡིན་ནོ། །རླུང་དང་གཏུམ་མོའ་དམིགས་པ་རྣམས་ལ་ཏིང་ངེ་འཛིན་གྱི་རྒྱུའམ་ལམ་ཞེས་བྱ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ཏིང་ངེ་འཛིན་ཉིད་ཅེས་བྱ་སྟེ། དེ་ནམ་སྐྱེས་པ་ན་སྐྱོང་བ་ཡིན་ནོ། །སྔར་ཐོས་བསམ་གྱིས་གཏན་ལ་ཕབས་པའི་ལྟ་བ་དེ་ནི་སྐྱོན་ཅན་ཡིན་ལ། འདི་ནི་ལྟ་བ་སྐྱོན་མེད་དམ། དཔེའི་ཡེ་ཤེས་བྱ་བའམ། ཕྱག་རྒྱ་ཆེན་པོ་བྱ་བ་ཡིན་ནོ། །དེས་ན་རྒྱུ་མེད་པར་འབྲས་བུ་མི་འབྱུང་བས། རྒྱུ་རླུང་དང་གཏུམ་མོའ་དམིགས་པ་ལ་བརྟེན་ནས་ལྟ་བ་རང་བྱུང་གི་ཡེ་ཤེས་ལམ་ཕྱག་རྒྱ་ཆེན་པོ་ནས་སྐྱེ་བར་འགྱུར་བས་ན་རྒྱུ་ལ་ནན་ཏན་བྱའོ། །ཡང་གང་ཟག་གི་རིགས་ཁ་ཅིག་སྔར་བསྟན་པའི་ཁྲིད་ཐམས་ཅད་ལོ་གཅིག་ཙམ་གྱིས་སྦྱངས་ནས། ངག་འདྲེན་ཞི་བའང་ལོ་གཅིག་ཙམ་སྦྱང་། དེ་ནས་ངག་འདྲེན་དྲག་པོས་རླུང་ཁ་སྦྱར་ལ་བརྟེན་ནས་ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་འབའ་ཞིག་བསྒོམ་པ་ཡོད་དེ། འདི་བརྩོན་འགྲུས་མཆོག་གི་འཇུག་པ་ཡིན་ནོ། །གསུམ་པ་ངེས་ཤེས་ཁྱད་པར་ཅན་བསྐྱེད་ལ།
༤༠༨ཏིང་ངེ་འཛིན་ཤེས་པར་བྱ་ཞིང་ལམ་གྱི་ས་མཚམས་རྣམ་པར་གཞག་པ་ལ་གསུམ། ཚད་མ་བཞི་དང་སྙན་བརྒྱུད་བཞིས་ངེས་ཤེས་བསྐྱེད་པ། ཏིང་ངེ་འཛིན་ངོ་ཤེས་ཤིང་ས་མཚམས་བཞག་པ། འཁོར་ལོ་བསྐོར་བས་གྲུབ་པའི་རྟགས་དང་བཅས་པའོ། །དང་པོ་གཞུང་དུ་སྟོན་ལ། །གཉིས་པ་ཁམས་འདུས་པ་གསུམ། གསུམ་པ་གྲུབ་མཐའ་བཞི་སྟེ། དེ་དག་གིས་གང་ཟག་གི་ས་མཚམས་གང་སླེབས་རྟོགས་པས་གནས་སྐབས་དེའི་ལམ་གྱིས་དཀྲི་བའི་དགོས་པ་ཡོད་དོ། །འབྲས་བུ་སྐུ་ལྔ་རང་བཞིན་གྱི་ལྷུན་གྲུབ་ནི་འབྲས་བུའི་སྐབས་སུ་བསྟན་ཟིན་ཏོ། །ལམ་འབྲས་སྙིང་པོའ་ཁྲིད་ཡིན་ལ། །དེ་ཡི་ཟབ་དོན་གཞུང་ཁྲིད་ལས། ཟབ་རྒྱས་གཞུང་ཤིང་ཇི་ལྟ་བའི། །ཁྲིད་ཡིག་སྦས་དོན་གསལ་བར་བགྱིས། །སྙིགས་དུས་ནུབ་པས་འཇིགས་པའི་ཕྱིར། །བརྒྱུད་པའི་མན་ངག་ཇི་བཞིན་དུ། །སྦས་དོན་གསལ་བར་ཕྱེ་བ་ལ། །བླ་མ་མཁའ་འགྲོས་བཟོད་པར་དགོངས། །དགེ་བས་བདག་སོགས་འགྲོ་བ་ཀུན། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ལམ་ཟབ་འདི་དང་མི་འབྲལ་ཞིང་། །མྱུར་བར་སྐུ་བཞི་མངོན་གྱུར་ཅིག །ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡིག་སྦས་པའི་དོན་གསལ་བ་ཞེས་བྱ་བ་འདི་ལྟ་བུ། རྗེ་བཙུན་གོང་མའི་ཁྲིད་ཡིག་གི་གསལ་བྱེད་བྲི་བའི་འདུན་པ་ཡོད་ཀྱང་། བཀའ་སྲུང་གཉན་པ་དང་། ལེ་ལོའ་དབང་གིས་ཡུན་རིང་པོར་བྲི་བར་མ་སྤོབས་པ་ལས། ཐོག་མར་ལམ་འདི་ལ་ཆེས་ཆེར་མོས་པའི་བསམ་གཏན་པ་ཤཱཀྱ་བཟང་པོ་ཞེས་བྱ་བས་གསེར་ཡོན་དང་བཅས་པས་གསལ་བ་བཏབ་ཅིང་། བར་དུ་ཕྱི་ནང་གི་གསུང་རབ་ཀྱིས་རྒྱུད་ཡོངས་སུ་སྦྱངས་པས་རིག་པ་དང་གྲོལ་བར་སྨྲ་བའི་སྤོབས་པ་ཅན་རྡོ་རྗེ་འཛིན་པ་གྲགས་པ་བཟང་པོ་དང་། དགེ་བའི་བཤེས་གཉེན་གྲུབ་པ་དཔལ་བཟང་ལ་སོགས་པས་གཏོར་མ་མེ་ཏོག་དང་བཅས་པས་ཆེས་ཆེར་བསྐུལ་ཞིང་། མཐར་དགེ་བའི་བཤེས་གཉེན་དམ་པའི་དབོན་པོ་ཀུན་དགའ་ཡེ་ཤེས་ལ་སོགས་པ་མང་པོས་གསོལ་བ་བཏབ་པའི་ངོར། དགེ་སློང་རྡོ་རྗེ་འཛིན་པ་བསོད་ནམས་རྒྱལ་
༤༠༩མཚན་དཔལ་བཟང་པོས། ཐམས་ཅད་འདུལ་གྱི་ལོ་སངས་རྒྱས་དབང་བསྐུར་བའི་ཟླ་བའི་དུས་ཁྱད་པར་ཅན་མཁའ་འགྲོ་འདུ་བའི་དུས་ཉེར་དགུའི་སྔ་ཆ་སྐར་མ་ཐ་སྐར་ལ་བབ་པའི་ཚེ་ཡོངས་སུ་གྲུབ་པའི་ཡི་གེ་པ་ནི་དགེ་བའི་བཤེས་གཉེན་ཤེས་རབ་རྡོ་རྗེ་དང་། མཉྫུ་ཤྲཱི་ཞེས་བྱ་བ་བགྱིས་ཏེ་ལེགས་པར་སྦྱར་བ་གནས་སྐབས་ཀུན་ཏུ་ལམ་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག །ཤིན་ཏུ་བཀྲ་ཤིས་ཤིང་དགེའོ། ༈ །གནད་བཅུ་གཅིག་གིས་དཀྲི་བ་གནད་དུག་གིས་དཀྲི་བ། དབང་པོ་རབ་འབྲིང་གསུམ་གྱིས་དཀྲི་བ་གསུམ་གྱི་ཁྲིད་བཞུགས་སོ། །ༀ་སྭ་སྟི་སིདྡྷཾ། གནད་བཅུ་གཅིག་གིས་དཀྲི་བའི་ཁྲིད་ཀྱི་གསལ་བྱེད་གནད་ཀྱི་སྒོ་འབྱེད་ཅེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཏིང་ངེ་འཛིན་སྐྱེ་བའི་རྒྱུ་ལམ་ཐམས་ཅད་མན་ངག་གི་གནད་བཅུ་གཅིག་གིས་བགྲོད་པ་ལས། འཇིག་རྟེན་པའི་ལམ་ལ་གསུམ་གྱི་འདུས་པ་དང་པོ་ལམ་སྦྱང་བ་ཁྱད་པར་ཅན་གྱི་གནད། སྲོག་རྩོལ་ལ་སོགས་པ་སྔོན་དུ་སོང་ནས། འོག་རླུང་བསྐྱོད་པ། ལུས་ཀྱི་རྦ་རླབས་ཀྱི་གནད། ངག་འདྲེན་པ་ཞི་བའི་གནད། ངག་འདྲེན་པ་དྲག་པོའ་གནད་དེ་བཞི། འདུས་པ་བར་པ་ལ་ལྟ་བ་གསོ་བ་ཕྱག་རྒྱ་ཆེན་པོའ་གནད། བོགས་འབྱིན་པ་རྣམ་པ་བརྒྱད་ཀྱི་གནད། དྲན་པ་ཉེར་བཞག་བཞིའི་གནད་དེ་གསུམ། འདུས་པ་ཐ་མ་ལ་ཡང་དག་པར་སྤོང་བ་བཞིའི་གནད། ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་ཀྱི་གནད་དེ་གཉིས། འདས་པའི་ལམ་ས་བཅུ་གཉིས་ལ་དབང་བཞི་དང་དཀྱིལ་འཁོར་གསུམ་གྱི་གནད། མཐར་ཕྱིན་གྱི་ལམ་ས་ཕྱེད་ལ་འགྲོས་བཞི་ཐིམ་པའི་གནད་དེ་བཅུ་གཅིག་གིས་ལམ་བགྲོད་པ་ཡིན་ནའང་། ཉམས་ལེན་ལ་དང་པོ་བཞི། བར་པའི་ཐོག་མ་གཅིག །གསུམ་པའི་ཕྱི་མ་སྟེ་གནད་དྲུག་གིས་ཉམས་སུ་ལེན་པ་ལ་སྔོན་འགྲོ་དང་། དངོས་གཞི་གཉིས་ཀྱི་དང་པོ་ཁྲིད་ཀྱི་སྔོན་འགྲོ་བསགས་སྦྱང་དང་། ཐུན་གྱི་སྔོན་འགྲོ་གནད་ལ་དབབ་པ་གསུམ། སྒོམ་པ་གསུམ། ཤེས་རབ་ཀྱི་བྱ་བ་གསུམ། དེ་དགུ་ལམ་རྒྱས་པ་དང་། དབང་པོ་རབ་
༤༡༠འབྲིང་གསུམ་གྱི་ཁྲིད་ལྟར་ཉམས་སུ་བླང་ངོ་། །གཉིས་པ་དངོས་གཞི་ལ། སྦྱང་བ་ཁྱད་པར་ཅན་གྱི་གནད་ལ་གསུམ་གྱི། ལུས་སྦྱངས་པ་ནི་གནས་དབེན་པར་ཉི་ལྷག་མེད་པའི་ས་བདེ་བར་སྟན་འབོལ་ལ་རྒྱ་ཆེ་བའི་སྟེང་དུ་སྔོན་འགྲོ་དགུ་སྔོན་དུ་སོང་བས། ཕྲིན་ལས་སུམ་ཅུ་སོ་གཉིས་པོ་དང་པོ་ཡས་རིམ་དུ་ཚར་གཅིག །དེ་ནས་མས་རིམ་དུ་ཚར་གཅིག །དེ་ནས་གང་ཟིན་ནས་ཐམས་ཅད་ཚང་བས་ཚར་གཅིག་སྟེ་དེ་ལྟར་དགུ་བཅུ་རྩ་དྲུག་ཐུན་རེ་ལ་བྱས་ཏེ། དེ་ལྟ་བུ་ཐུན་གསུམ་མམ་གཉིས་སམ། གཅིག་གང་གྲུབ་ཀྱི་བར་དུ་བྱའོ། །དེའང་སྐྱེ་བ་འདི་ལ་དངོས་གྲུབ་ཐོབ་པར་འདོད་ན། ལུས་སྦྱོང་བ་གནད་དུ་ཆེ་བ་ཡིན་གསུངས། དེ་ནས་ངག་སེམས་སྦྱོང་བ་ལམ་རྒྱས་པ་ལྟར་བྱའོ། །གཉིས་པ་སྲོག་རྩོལ་ལ་སོགས་པ་སྔོན་དུ་སོང་ནས་འོག་རླུང་བསྐྱོད་པས་ལུས་ཀྱི་རྦ་རླབས་ཀྱི་གནད་ནི་རླུང་སྦྱོར་བདུན། གཏུམ་མོའ་དམིགས་པ་བཅོ་བརྒྱད་ལམ་རྒྱས་པ་ལྟར་བསྒོམ། དེ་དག་གི་སྐབས་སུ་བོགས་འབྱིན་བརྒྱད་ཀྱི་གནད་ཀྱིས་བོགས་དབྱུང་སྟེ། ཐུན་བྲི་སྐྱེད་གཉིས། ཤེས་པ་སྒྲིམ་ལྷོད་གཉིས། ཁ་ཟས་རེས་འཇོག་སྤྱོད་ལམ་བག་ཡངས་སེམས་ཀྱི་གནད་སྣ་ཚོགས་སུ་འཕྲོ་བ། ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟེན་པ་སྟེ་བརྒྱད་ལམ་བསམ་མི་ཁྱབ་ལྟར་ཉམས་སུ་ལེན་པ་སྐབས་དང་སྦྱར་གྱི། ཐུན་དུ་བཅད་ནས་སྒོམ་པ་ནི་མེད་དོ། །དེ་ནས་འོག་རླུང་བསྐྱོད་པ་ལུས་ཀྱི་རྦ་རླབས་དངོས། དེ་ནས་ངག་འདྲེན་པ་ཞི་བའི་གནད། དེ་ནས་ངག་འདྲེན་པ་དྲག་པོའ་གནད། དེ་ནས་ལྟ་བ་གསོ་བ་ཕྱག་རྒྱ་ཆེན་པོའ་གནད། དབང་གསུམ་པའི་ལམ་སྟེ་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ནས་ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་ཀྱི་གནད་གཞུང་བཞིན་ནོ། །དེ་དག་ཀྱང་སྦྱོང་བ་གསུམ་ལ་ཐུན་གསུམ། རླུང་སྦྱོར་བདུན། གཏུམ་མོའ་དམིགས་པ་བཅོ་བརྒྱད་ལ་ཐུན་ཉེར་ལྔ། ལུས་ཀྱི་རྦ་རླབས། ངག་འདྲེན་ཞི་བ། དྲག་པོ་ལ་རེ་རེ། གསུམ་པའི་ལམ་ལ་བརྒྱད། སེམས་ཀྱི་རྦ་རླབས་ལ་གསུམ་སྟེ། ཐུན་ཞེ་གཉིས་
༤༡༡ཀྱིས་ལམ་འཁྲིད་པ་ཡིན་ནོ། །དེ་དག་ཀྱང་ཐམས་ཅད་ཀྱི་སྦྱོར་བའི་ཆོས་དགུ། རྗེས་གསུམ་ཐུན་ཐམས་ཅད་ལ་སྦྱར་རོ། །རྒྱས་པའི་ལམ་གྱི་མངོན་རྟོགས་ཁྲིད། །གནད་ཀྱི་གདམས་པ་བཅུ་གཅིག་ལས། །ཁྲིད་ཀྱི་ལག་ལེན་གནད་དྲུག་ལ། །ཉམས་སུ་བླང་ཐབས་མདོ་ཙམ་བཀོད། གནད་བཅུ་གཅིག་གིས་དཀྲི་བའི་ཁྲིད་ཀྱི་གསལ་བྱེད་གནད་ཀྱི་སྒོ་འབྱེད་ཅེས་བྱ་བ། བཙུན་པ་བསོད་ནམས་ཀྱིས་སྦྱར་བ་དགེའོ། །འདི་ལའང་ཚིག་ཁྲིད་ཀྱི་སྲོལ་མེད། ཉམས་ཁྲིད་ཁོ་ན་ཡིན་གསུང་ངོ་། །ཤུ་བྷཾ། ༈ །གནད་དྲུག་གིས་དཀྲི་བའི་ཁྲིད་ཀྱི་གསལ་བྱེད་གནད་ཀྱི་ལྡེའུ་མིག་ཅེས་བྱ་བ། བླ་མ་དང་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དཔལ་བིར་ཝ་པའི་བཞེད་པ་ལ་རྒྱས་འབྲིང་གསུམ་དང་། ཟབ་འབྲིང་གསུམ་གང་བསྟན་ཡང་དོན་གྱི་གནད་དྲུག་ཏུ་འདུས་པར་བཞེད་དེ། རྒྱུ་ལ་གནས་པ། དབང་ལས་ཐོབ་པ། ལམ་ལ་གོམས་པ། ལྟ་བ་ལ་ཉམས་མྱོང་སྐྱེས་པ། གྲུབ་མཐའ་ལ་རྟགས་སུ་ཤར་བ། འབྲས་བུ་ལ་དོན་མ་ལུས་པ་མངོན་དུ་གྱུར་པ་དྲུག་གིས་བསྡུས་པར་བཞེད་ལ། འདི་ཉམས་སུ་ལེན་པ་ལ་གཉིས་ཀྱི་སྔོན་འགྲོ་ལ་ཁྲིད་ཀྱི་སྔོན་འགྲོ། བསགས་སྦྱང་གཉིས། ཐུན་གྱི་སྔོན་འགྲོ་གནད་ལ་དབབ་པ་གསུམ། སྒོམ་པ་གསུམ། ཤེས་རབ་ཀྱི་བྱ་བ་ལ་གསུམ་སྟེ་དགུ་ལམ་རྒྱས་པ་དང་། དབང་པོ་རབ་འབྲིང་གསུམ་གྱི་ཁྲིད་ལྟར་ཉམས་སུ་བླང་སྟེ། འདི་ནི་ཁྲིད་རིམ་ལྔ་ཆར་གྱི་སྔོན་འགྲོར་དགོས་པའི་ཆོས་ཡིན་ནོ། །གཉིས་པ་དངོས་གཞི་ལ་ལམ་བཞི་རིམ་བཞིན་དཀྲི་བ་དང་། བུམ་གསང་ཤེས་རབ་ཡེ་ཤེས་དབང་བཞི་པའི་ལམ་གྱིས་དཀྲི་བའོ། །དང་པོ་ལ་བཞི་ལས། བུམ་དབང་གི་ལམ་ལ་དྲུག་ལས། རྒྱུ་ལ་གནས་པ་ནི་ཐུན་གྱི་སྔོན་འགྲོ་གསུམ་དང་། སྔོན་འགྲོ་གསུམ་སྔོན་དུ་སོང་ནས། རྟེན་ལུས་ལ་རྩ་འཁོར་ལོ་བཞི། གཙོ་མོ་གསུམ་སྟེ། རྩ་རིན་པོ་ཆེའི་ཕོ་བྲང་བདུན་ལ། བརྟེན་པ་ཀུན་གཞི་གཉུག་མ་མེ་ཏོག་དང་དྲི་ཡི་ཚུལ་གྱིས་གནས་
༤༡༢རྟེན་དང་བརྟེན་པ་དེ་གཉིས་ཀ་ལ་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་ས་བོན་དང་བག་ཆགས་ཀྱི་ཚུལ་གྱིས་ཚང་སྙམ་པའི་ངེས་ཤེས་བསྐྱེད། དེའི་ངང་ལ་རྩེ་གཅིག་ཏུ་བཞག །རྟོག་པ་འཕྲོ་ན་འཁོར་འདས་ཀྱི་སྣང་བ་གང་ཤར་ཡང་རྟེན་དང་བརྟེན་པ་ལུས་སེམས་ལྷན་ཅིག་ཏུ་ཚོགས་པའི་ནང་གི་རྟེན་འབྲེལ་དུ་ཤེས་པར་བྱས་ལ་ལྟ་བ་བསྐྱང་། རྗེས་ལ་དགེ་རྩ་བསྔོ། རྨི་ལམ་སྒྱུ་མ་ལྟ་བུའི་རྒྱས་གདབ། དེ་མ་རྟོགས་ཀྱི་སེམས་ཅན་ལ་སྙིང་རྗེ་སྒོམ་པའོ། །གཉིས་པ་དབང་ལས་ཐོབ་པ་ནི། བླ་མ་ལས་བུམ་དབང་བླང་། བླ་མ་མི་བཞུགས་ན་དཀྱིལ་འཁོར་བླ་མ་དང་ཐ་མི་དད་པ་དམིགས་པ་ལས་བུམ་དབང་རྒྱས་པར་བླང་། དཀྱིལ་འཁོར། དབང་། སློབ་དཔོན། དྲི་མ་དག་པ། ལམ་ལྟ་བ། གྲུབ་མཐའ་འདའ་ཁ་མ། བར་དོ། བརྡ། དཔེ། དམ་ཚིག །འབྲས་བུ་རྣམས་ལ་ངེས་ཤེས་བསྐྱེད་དོ། །གསུམ་པ་ལམ་ལ་གོམས་པ་ནི། ལུས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པ་ལྷ་བརྒྱ་ལྔ་བཅུ་རྩ་བདུན་གསལ་བཏབ། དབང་འབྲིང་དུ་བླང་བའི་ཚིགས་བཅད་བཞིས། ཆུ་རྒྱུན་གཅིག་ལས་དབང་བཞི་རྫོགས་པར་བླངས་ནས་ཐུགས་རྡོ་རྗེ་ལ་བཟུང་། དེ་ནས་ལྟེ་བ། དེ་ནས་གསང་གནས། དེ་ནས་མགྲིན་པ། དེ་ནས་སྤྱི་བོ། དེ་ནས་ཡུལ་ཡུལ་ཅན་གྱི་ལྷ་བཅུ་གཉིས་ནས་སྣོད་བཅུད་ལྷར་གསལ་བའི་བར་ལ་སེམས་བཟུང་སྟེ། ངོ་བོ་ཉིད་གསུམ་གྱི་ཉམས་སྐྱེས་སྐྱེས་སུ་སྒོམ། བཞི་པ་ལྟ་བ་ལ་ཉམས་སུ་མྱོང་བ་ནི། སྔར་གྱི་ཉམས་མྱོང་བརྟན་པར་བྱེད་པ་སྟེ། གཞུང་གི་གདམས་ངག་དྲུག་གི་སྐབས་བཞིན་དུ་ལྟ་བ་སྐྱོང་བ་སྟེ། དོན་རང་བཞིན་ལྷན་སྐྱེས་སོ། །ལྔ་པ་གྲུབ་མཐའ་ལ་རྟགས་སུ་ཤར་བ་ནི། བསྐྱེད་རིམ་གྱི་ལམ་བསྒོམ་པ་ལས། བུམ་དབང་ས་དྲུག་ལ་ཕྱི་ནང་དེ་ཁོ་ན་ཉིད་ཀྱི་རྟགས་གསུམ་གྱིས་བསྡུས་པའི་ཡོན་ཏན་འདི་ལྟ་བུ་སྐྱེའོ་སྙམ་དུ་གཞུང་ནས་བཤད་པའི་ཡོན་ཏན་རྣམས་དྲན་པའི་ཚུལ་གྱིས་རྟགས་ཅན་ལམ་ལ་གོམས་པར་བྱེད་པའོ།། །།
༤༡༣དྲུག་པ་འབྲས་བུ་ལ་མངོན་དུ་གྱུར་པ་ནི་སྤྲུལ་སྐུ་རང་བཞིན་གྱིས་ལྷུན་གྲུབ་སྟེ་ཡུལ་སྣང་སྟོང་ཟུང་འཇུག་ཏུ་ཤེས་པ་ཡིན་ལ། དེའི་ངང་ལ་རྩེ་གཅིག་ཏུ་འཇོག་པ་ཡིན་ལ་དོན་རང་བཞིན་ལྷན་སྐྱེས་སོ། །དེའང་བཞི། ལྟ་བ། གྲུབ་མཐའ། མཐར་ཕྱིན་པའི་འབྲས་བུས་བསྡུས་པའི་སྐུ་བཞི་ལྷུན་གྲུབ་སྟེ་བཞིར་འགྱུར་རོ། །གཉིས་པ་གསང་དབང་གི་ལམ་དྲུག་ལས། རྒྱུ་ལ་གནས་པ་ནི། རྟེན་ངག་རྩ་ཡི་གེ་སྟེ། བྷ་གའི་དཀྱིལ་འཁོར་དུ་ཡི་གེ་བཅུ་བཞི། ལྟེ་བར་ཡི་གེའི་ཕྱི་མོ་བརྒྱད། ཨཱ་ལི་ཀཱ་ལི་ལྔ་བཅུ་ཐམ་པ་བརྟེན་པ་ཀུན་གཞི་མེ་ཏོག་དང་དྲི་ཡི་ཚུལ་དུ་གནས་པ་སོགས་སྔ་མ་བཞིན་ནོ། །གཉིས་པ་དབང་ལས་ཐོབ་པ་ནི། བླ་མ་ལས་གསང་དབང་ལ་སོགས་པ་སྔ་མ་བཞིན་སྦྱར་རོ། །གསུམ་པ་ལམ་ལ་གོམས་པ་ནི། སྦྱོང་བ་གསུམ་རླུང་སྦྱོར་བདུན། གཏུམ་མོའ་དམིགས་པ་བཅོ་བརྒྱད་ལམ་རྒྱས་པ་ལྟར་ཐུན་ཉེར་ལྔར་བཅད་ནས་བསྒོམ་སྟེ། རང་བྱུང་གི་ཡེ་ཤེས་བཞིའི་ཉམས་གང་རུང་སྐྱེས་སྐྱེས་ཀྱི་བར་དུ་ཉམས་སུ་བླང་ངོ་། །བཞི་པ་ལྟ་བ་ལ་ཉམས་སུ་མྱོང་བ་ནི། སྔར་གྱི་ཉམས་བརྟན་པར་བྱེད་པ་སྟེ། གཞུང་གི་གདམས་ངག་དྲུག་གི་སྐབས་བཞིན་དུ་ལྟ་བ་སྐྱོང་བ་ཡིན་ལ། དོན་རང་རིག་ལྷན་སྐྱེས་སོ། །དེའི་ཚེ་ཤེས་པ་གསལ་སྟོང་ཟུང་དུ་མ་ཆུད་ན། གནས་ཁང་ཅུང་ཟད་དཔངས་མཐོ་བར་ལུས་ལ་སོགས་པ་གནད་ལ་དབབ་ལ་མིག་ཕྱེ་བཙུམས་རན་པར་བྱས་ལ། གསལ་བ་སེམས་ཀྱི་མཚན་ཉིད་སྟོང་པ་སེམས་ཀྱི་རང་བཞིན་བཅོས་མིན་སེམས་ཀྱི་ངོ་བོ་ཞེས་བྱ་བ་ཐབས་ཤེས་རབ་གཉིས་མེད་ཟུང་འཇུག་ཏུ་ཤེས་པར་བྱ་སྟེ་བྱུང་རྒྱལ་དུ་བསྐྱང་ངོ་། །ལྔ་པ་གྲུབ་མཐའ་ལ་རྟགས་སུ་ཤར་བ་ནི། གསང་དབང་གི་ལམ་བསྒོམས་པས་གསང་དབང་ས་བཞི་ལ་ཕྱི་ནང་སོགས་སྔར་ལྟར་རོ། །དྲུག་པ་འབྲས་བུ་ལ་མངོན་དུ་གྱུར་པ་ནི། ལོངས་སྐུ་རང་བཞིན་གྱི་ལྷུན་གྲུབ་སྟེ་ཤེས་པ་
༤༡༤གསལ་སྟོང་ཟུང་འཇུག་ཏུ་རྟོགས་པ་རང་རིག་ལྷན་སྐྱེས་ཡིན་ལ། དབྱེ་ན་བཞིར་འགྱུར་ཚུལ་སྔར་བཞིན་ནོ། །གསུམ་པ་དབང་གསུམ་པའི་ལམ་ལ་དྲུག་ལས། རྒྱུ་ལ་གནས་པ་ནི། རྟེན་ཁམས་བདུད་རྩི་ལ་གནས་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཁམས་དགུའི་དྭངས་མ་རྩ་བཞིའི་དཀྱིལ་འཁོར་ལ་བརྟེན་པ་ཀུན་གཞི་སོགས་སྔར་བཞིན་སྦྱར་བ་ལ་ངེས་ཤེས་སྐྱེད་དོ། །གཉིས་པ་དབང་ལས་ཐོབ་པ་ནི། བླ་མ་ལས་དབང་གསུམ་པ་བླང་བ་སོགས་སྔ་མ་བཞིན་སྦྱར་རོ། །གསུམ་པ་ལམ་ལ་གོམས་པ་ནི། དབང་གསུམ་པའི་ལམ་ཐུན་བརྒྱད་དུ་བཅད་ནས་ལམ་རྒྱས་པ་བཞིན་ཉམས་སུ་བླང་སྟེ། བདེ་སྟོང་གི་ཉམས་སྐྱེས་སྐྱེས་སྒོམ་མོ། །བཞི་པ་ལྟ་བ་ལ་ཉམས་སུ་མྱོང་བ་ནི། སྔར་གྱི་ཉམས་བརྟན་པར་བྱེད་པ་སྟོན། གཞུང་གི་གདམས་ངག་དྲུག་གི་སྐབས་བཞིན་དུ་བསྐྱང་བ་ཡིན་ལ་དོན་ཞུ་བདེ་ལྷན་སྐྱེས་སོ། །དེའི་ཚེ་ལུས་བདེ་སྟོང་ཟུང་དུ་ཆུད་ནས། སྒོམ་སྟོར་རྐྱེན་གྱིས་བཙལ་བ་བཞིན་ལོངས་སྤྱོད་ཀྱི་རླབས་སམ་གསང་བའི་སྙོམས་འཇུག་གང་རུང་ལ་བརྟེན་ཏེ་སྐྱེའོ། །ལྔ་པ་གྲུབ་མཐའ་རྟགས་སུ་ཤར་བ་དབང་གསུམ་པའི་ལམ་ལ་ཤེས་རབ་ཡེ་ཤེས་ཀྱི་ས་གཉིས་ལ་ཕྱི་ནང་སོགས་སྦྱར་བ་སྔར་ལྟར་ཉམས་སུ་བླང་ངོ་། །དྲུག་པ་འབྲས་བུ་ལ་མངོན་དུ་གྱུར་པ་ནི། ཆོས་སྐུ་རང་བཞིན་ལྷུན་གྲུབ་སྟེ། བདེ་སྟོང་ཟུང་འཇུག་ཏུ་རྟོགས་པ་ཞུ་བདེ་ལྷན་སྐྱེས་ཡིན་ལ། དབྱེ་ན་བཞིར་འགྱུར་བ་སྔར་བཞིན་ནོ། །བཞི་པ་དབང་བཞི་པའི་ལམ་ལ་དྲུག་ལས། རྒྱུ་ལ་གནས་པ་ནི། རྟེན་དཀྱིལ་འཁོར་གསུམ་ལ་ཁྱབ་ཅིང་དབང་བྱེད་པའི་སྙིང་པོ་ཡེ་ཤེས་རླུང་ལ་བརྟེན་པ་ཀུན་གཞི་སོགས་སྔར་བཞིན་སྦྱར་བ་ལ་ངེས་ཤེས་བསྐྱེད་དོ། །གཉིས་པ་དབང་ལ་ཐོབ་པ་ནི། བླ་མ་ལ་དབང་བཞི་པ་ལ་སོགས་སྔར་བཞིན་སྦྱར་རོ། །གསུམ་པ་ལམ་ལ་གོམས་པ་ནི། དབང་བཞི་པའི་ལམ་ཐུན་བརྒྱད་དུ་བཅད་ནས་ལམ་རྒྱས་པ་བཞིན་ཉམས་སུ་བླང་སྟེ་བདེ་
༤༡༥སྟོང་མཆོག་གི་ཉམས་སྐྱེས་སྐྱེས་བསྒོམ་མོ། །བཞི་པ་ལྟ་བ་ལ་ཉམས་སུ་མྱོང་བ་ནི། སྔར་གྱི་ཉམས་བརྟན་པར་བྱེད་པ་སྟེ། གཞུང་གི་གདམས་ངག་དྲུག་གི་སྐབས་ལྟར་སྐྱོང་བ་ཡིན་ལ། དོན་རྣམ་ཀུན་མཆོག་ལྡན་གྱི་ལྷན་སྐྱེས་སོ། །ལྔ་པ་གྲུབ་མཐའ་ལ་རྟགས་སུ་ཤར་བ་ནི། དབང་བཞི་པའི་ལམ། བཞི་པའི་ས་ཕྱེད་ལ་ཕྱི་ནང་དེ་ཁོ་ན་ཉིད་ཀྱི་རྟགས་གསུམ་གྱིས་བསྡུས་པའི་ཡོན་ཏན་འདི་ལྟ་བུ་སྐྱེའོ་ཞེས་ཡོན་ཏན་དྲན་པར་བྱས་ནས་རྟགས་ཅན་ལ་བསྒོམ་པའི་འདུན་པ་རྩེ་གཅིག་ཡང་ཡང་བསྐྱེད་དོ། །དྲུག་པ་འབྲས་བུ་མངོན་དུ་གྱུར་པ་ནི་ངོ་བོ་ཉིད་སྐུ་རང་བཞིན་ལྷུན་གྲུབ་སྟེ། ཡུལ་སེམས་འདུས་པ་ལ་སོགས་པས་བསྡུས་པའི་ཆོས་ཀུན་སྟོང་པར་རྟོགས་པ་རྣམ་ཀུན་མཆོག་ལྡན་གྱི་ལྷན་སྐྱེས་ཏེ་བཞིར་འགྱུར་ཚུལ་སྔར་བཞིན་ནོ། །དེ་ལྟར་ན་བུམ་དབང་ལ་བཅུ་གཉིས། གསང་དབང་ལ་སོ་གཅིག །དབང་གསུམ་པ་དང་བཞི་པ་ལ་བཅུ་གསུམ་བཅུ་གསུམ་སྟེ། དྲུག་ཅུ་རྩ་དགུས་ལམ་ཁྲིད་པ་ཡིན་ནོ། །གཉིས་པ་བུམ་དབང་གི་ལམ་གྱིས་དཀྲི་བ་ལ་སྔོན་འགྲོ། དངོས་གཞི། སྔར་དང་འདྲ་བ་ལས་ལམ་མ་གོམས་པའི་མཇུག་ཏུ། དེ་ནས་བུམ་དབང་གཅིག་པུས་ཀྱང་ལམ་ཐམས་ཅད་མཐར་ཕྱིན་པས་ན་གཞན་གསུམ་རང་གིས་འབྱུང་སྟེ། ལྷ་གསལ་སྟོང་དུ་རྟོགས་པ་གསང་དབང་གི་ལམ། བདེ་སྟོང་དུ་རྟོགས་པས་གསུམ་པའི་ལམ། སྣང་གསལ་བདེ་གསུམ་གང་ཡང་ཟུང་དུ་ཆུད་པར་རྟོགས་པ་བཞི་པའི་ལམ་དུ་ངོ་སྤྲོད་པ་དང་། འབྲས་བུའི་སྐབས་སུ་སྐུ་བཞི་ལྷུན་གྲུབ་སྟེ་ཡུལ་སྣང་སྟོང་། ཤེས་པ་གསལ་སྟོང་། ལུས་བདེ་སྟོང་། འཁོར་འདས་ཐམས་ཅད་རང་སྟོང་དུ་ཤེས་པ་སྤྲུལ་ལོངས་ཆོས་ངོ་བོ་ཉིད་སྐུ་སྟེ། རང་བཞིན་རང་རིག་ཞུ་བདེ། རྣམ་ཀུན་མཆོག་གི་ལྷན་སྐྱེས་ཡིན་ལ། དེ་རེ་རེའང་བཞི། ལྟ་བ། གྲུབ་མཐའ། མཐར་ཕྱིན་གྱིས་བསྡུས་པའི་སྐུ་བཞི་བཞིར་འགྱུར་བས་བསྟན་ཏོ། །གསུམ་པ་གསང་དབང་གི་ལམ་གྱིས་
༤༡༦དཀྲི་བ་ལ། སྔོན་འགྲོ་དང་། དངོས་གཞི་ཐུན་སོ་གཅིག་བཅད་པ་སྔར་བཞིན་ལ། ལམ་གྱི་མཇུག་ཏུ་ཉམས་སྣ་ཚོགས་སྣང་བཞིན་སྟོང་པ་བུམ་པའི་དབང་གི་ལམ། བདེ་བཞིན་དུ་སྟོང་པ་གསུམ་པའི་ལམ། ཟུང་འཇུག་བཞི་པའི་ལམ་མོ་ཞེས་ངོ་སྤྲད་དོ། །བཞི་པ་དབང་གསུམ་པའི་ལམ་ལ་སྔོན་འགྲོ་གཉིས་དང་། དངོས་གཞི་ལ་ལམ་གྱི་མགོར་རླུང་སྦྱོར་བདུན་བསྣན། མཇུག་ཏུ་དགའ་བ་བཞིའི་ལམ་དུ་ཡེ་ཤེས་དབང་བཞིའི་ལམ་དུ་ངོ་སྤྲད་དོ། །གཞན་སྔར་བཞིན་སྦྱར་བས་དངོས་གཞི་ཐུན་ཉི་ཤུར་བཅད་ནས་ཁྲིད་པའོ། །ལྔ་པ་བཞི་པའི་ལམ་ལ་སྔོན་འགྲོ་གཉིས། དངོས་གཞི་ལ་ལམ་སྐབས་སུ་སྦྱང་བ་གསུམ་ཐུན་རེར། རླུང་སྦྱོར་བདུན་ལུས་ཀྱི་རྦ་རླབས། ངག་འདྲེན་ཞི་དྲག་གཉིས་སྐད་ཅིག་གསུམ་ལ་ཐུན་རེ་རེ་བྱས་ལ་ཉམས་སུ་བླང་སྟེ། དེས་ན་བཞི་པའི་ལམ་གཅིག་པུས་ཀྱང་ལམ་མཐར་ཕྱིན་པས་གཞན་གསུམ་ངང་གིས་འབྱུང་སྟེ། ཉམས་སྣང་སྟོང་སྣང་བཞིན་དུ་སྟོང་པ་བུམ་དབང་གི་ལམ། གསལ་བཞིན་དུ་སྟོང་པ་གསང་དབང་ལམ། སྣང་རུང་གསལ་རུང་རང་རང་གི་ངོ་བོས་སྟོང་པས་ངོས་འཛིན་གྱིས་བསྐྱེད་པའི་རྡུལ་མེད་པས་བདེ། བདེ་བཞིན་དུ་སྟོང་པས་གསུམ་པའི་ལམ། དེ་ལྟར་རང་རང་གི་ངོ་བོས་སྟོང་པ་དེ་ཡང་འཕྲལ་དུ་བྱས་པ་མ་ཡིན་གྱི། གདོད་ནས་དག་པར་འཇུག་པས་བཞི་པའི་ལམ་དུ་ངོ་སྤྲད་དོ། །གཞན་བཞི་པའི་ལམ་སྔར་བཞིན་ཏེ། ཐུན་ཉེར་གཅིག་གིས་ཁྲིད་པ་ཡིན་ལ། སྦྱོར་རྗེས་ཀྱི་ཆོས་སྔར་བསྟན་པ་ལྟར་ཐུན་ཐམས་ཅད་ལ་སྦྱར་རོ། །དེ་དག་ལས་རིམ་གྱིས་དཀྲི་བ་ཚིག་ཁྲིད་དུའང་མཛད་ཅིང་། རྐང་ཐོན་དུ་དཀྲི་བ་བཞི་པོ་འདི་དོན་ཁྲིད་ཁོ་ན་ཡིན་ལ། བཞི་པོ་འདི་ཁྲིད་རིམ་གཅིག་ཏུ་བྱེད་པ་མིན་གྱི། ཁྲིད་རྫོགས་པ་བཞི་ཡིན་པས་གང་ཟག་རེ་རེའི་ལམ་མ་ཚང་བ་མེད་པ་རེ་རེ་ཡིན་ནོ། །རྒྱས་འབྲིང་བསྡུས་དང་ཟབ་འབྲིང་གསུམ། །ཁྲིད་ཚུལ་གཉིས་ཀྱིས་གང་ཟག་གསུམ། །དཀྲི་བའི་གནད་ཀྱི་གདམས་ངག་དྲུག །
༤༡༧ཉམས་ལེན་ཉུང་གསལ་འཁྲུལ་མེད་བཀོད། གནད་དྲུག་གིས་དཀྲི་བའི་ཁྲིད་རིམ་གྱི་གསལ་བྱེད་གནད་ཀྱི་ལྡེའུ་མིག་ཅེས་བྱ་བ། བཙུན་པ་བསོད་ནམས་ཀྱིས་སྦྱར་བའོ། །ཤུ་བྷཾ། ༈ ༀ་སྭ་སྟི་སིདྡྷཾ། དབང་པོ་རབ་འབྲིང་གསུམ་གྱིས་དཀྲི་བའི་ཁྲིད་རིམ་གྱི་གསལ་བྱེད་ཉུང་ངུ་རྣམ་གསལ་ཞེས་བྱ་བ། རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་ཆེན་པོ་བིར་ཝ་པའི་བཞེད་པས་ལམ་ལ་འཇུག་པའི་གང་ཟག་ཐམས་ཅད་རིགས་བསྡུ་ན། ཐབས་ཀྱི་ཕྱོགས་སུ་ལྷུང་བའི་རྣལ་འབྱོར་པ་གསུམ། ཤེས་རབ་ཀྱི་ཕྱོགས་སུ་ལྷུང་བའི་རྣལ་འབྱོར་པ་གསུམ། ཐབས་ཤེས་ཟུང་འཇུག་གི་རྣལ་འབྱོར་པ་སྟེ་བདུན་དུ་བཞེད་ལ། དང་པོ་ལ་ཐ་མ་ཚོགས་ཙམ་གསོག་པར་འདོད་པ། འབྲིང་པོ་ལམ་གྱི་ཐུན་བཞི་ལ་དབང་བཞི་ལེན་པ། རབ་བཟླས་བརྗོད་སྦྱིན་སྲེག་ལ་བརྟེན་ནས་ལས་མཐའ་དག་བསྒྲུབ་པར་འདོད་པ་དང་། གཉིས་པ་ལ་བརྩོན་པ་ཐ་མ་ཆོས་བདག་མེད་ཙམ་སྒོམ་པ། འབྲིང་བསྐྱེད་རིམ་ལ་སེམས་འཛིན་པ། རབ་རླུང་གི་རྣལ་འབྱོར་ལ་སེམས་འཛིན་པ་གསུམ་མོ། །དེ་དག་གང་ཡང་རུང་བ་ཞིག་བླ་མའི་དྲུང་དུ་འོང་ནས་དབང་དང་དམ་ཚིག་དང་ལྡན་པར་བྱས། ལྷ་གང་ཡིན་གྱི་བསྐྱེད་རིམ་དང་། དེའི་སྙིང་པོ་དང་བཅས་པ་དེ་ཁྲིད་ཀྱིས་བསྐྱང་བར་འདོད་ན་ཇི་ལྟར་ཁྲིད་ཚུལ་ལ། སྔོན་འགྲོ། དངོས་གཞི་གཉིས་ལས། །དང་པོ་ལ་ཆོས་བཅོ་ལྔ་ཡོད་ཀྱང་བསྡུ་ན་བཅུ་གཉིས་སུ་འདུ་བས། དང་པོར་ཁྲིད་ཀྱི་སྔོན་འགྲོ་ལ་གསུམ་ནི། མི་མཐུན་པའི་ཕྱོགས་སྤྱོད་པ་ཡིག་བརྒྱ། མཐུན་པའི་ཕྱོགས་ཚོགས་བསགས་པ་མཎྜལ། ངེས་འབྱུང་སྐྱེད་པའི་ཐབས་འཁོར་བའི་ཉེས་དམིགས་བསམ་པ་སྟེ་གཞུང་ཇི་ལྟ་བ་བཞིན་ནོ། །གཉིས་པ་ཐུན་གྱི་སྔོན་འགྲོའི་གནད་ལ་གསུམ། སྔོན་འགྲོ་གསུམ། ཤེས་རབ་ཀྱི་བྱ་བ་གསུམ་སྟེ། ཐབས་ཀྱི་བྱ་བ་གསུམ་ནི་བར་པ་གསུམ་དུ་འདུ་བས་ཉམས་ལེན་ལ་སོགས་པ་མེད་དོ། །དང་པོ་བར་པ་ནི། བྱམས་སྙིང་
༤༡༨རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་སྟེ། གཞུང་ཇི་ལྟ་བ་བཞིན་ནོ། །གསུམ་པ་ལ་ཆོས་ཐམས་ཅད་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པར་ཐག་བཅད་པ་གསུམ་གྱི་དང་པོ་ནི། ཐུན་གྱི་སྔོན་འགྲོ་དྲུག་སྔོན་དུ་སོང་ནས། འདི་ལྟར་ཕྱི་ནང་གསང་བ་ཐམས་ཅད་རང་གི་སེམས་ཡིན་ཏེ། ཕྱྭ་འམ་དབང་ཕྱུག་གིས་བྱས་པའམ་རྡུལ་ཕྲ་རབ་ལས་གྲུབ་པའམ་དེ་བཞིན་གཤེགས་པས་སྤྲུལ་པ་ལྟ་བུ་མ་ཡིན་ཏེ། དཔེར་ན་གཉིད་ཀྱིས་བསླད་པའི་རྨི་ལམ་ལ་སོགས་པ་བཞིན་དུ་རང་གི་སེམས་ཐོག་མ་མེད་པ་ནས་ལས་དང་བག་ཆགས་ངན་པས་བསླད་པའི་རྣམ་པ་ཡིན་གྱིས། ཕྱི་ནང་གྲུབ་པ་གང་ཡང་མེད་སྙམ་དུ་བསམ། དེ་ནས་འཇོག་ཁར་ཡང་ངར་རེ་ཙམ་རང་གི་སེམས་གསལ་སིང་ངེ་བ་དེར་བཞག་གོ །ཞག་གསུམ་མམ་ལྔའམ་བདུན་ལ་སོགས་པར་གོམས་པར་བྱའོ། །གཉིས་པ། རྨི་ལམ། སྒྱུ་མ། གཟུགས་བརྙན། མིག་ཡོར་བཞི་ལ་བསླབ་སྟེ། དེ་རྣམས་ཀྱིའང་སྔོན་ལ་མིག་ཡོར་ལ་བསླབ། མིག་གཡོ་གྱིས་གཉིས་སུ་སྣང་བ་དེ་གཅིག་བདེན་ན་གཅིག་བརྫུན་པས་གཅིག་ཏུ་མི་འགྲོ་ལ། ངོས་གཅིག་བདེན་ན་ངོས་གཅིག་བརྫུན་པས་གཅིག་ཏུ་ཐིམ་འགྲོ་བ་བཞིན་ནོ། །དེ་གཉིས་ཀ་གང་ཡང་བདེན་པ་མེད་དེ། དེ་བཞིན་དུ་སེམས་འདི་ཡང་མི་བདེན་པར་འདུག་སྙམ་དུ་བསྒོམ། གཟུགས་བརྙན་ལ་གཉིས་ཏེ། མེ་ལོང་གི་ནང་དང་ཆུ་ཟླ་གཉིས་ལས། དེ་གཉིས་ལ་འདི་ལྟར་བསླབ་སྟེ། གཟུགས་བརྙན་དེ་ཡོད་དུ་སོ་སོར་ཡོད་པ་རིགས་པར་མི་འདུག །མེད་ན་མི་སྣང་བར་རིགས་པ་ལ་སྣང་གིན་མི་འདུག །དེ་བཞིན་དུ་སེམས་ཀྱང་སྒྱུ་མ་ལྟ་བུར་འདུག་སྙམ་དུ་བསམ་མོ། །སྒྱུ་མའང་རྫས་ཀྱི་དངོས་པོ་ཇོ་མོ་དང་། སྤྲེའུ་མཇུག་དང་། གྱི་ན་ལ་རྟ་གླང་སོགས་སྣང་བ་དང་། ཡོད་ན་བདེན་པར་རིགས། མེད་ན་མི་སྣང་བར་རིགས་པ་ལས་སྣང་བ་ལྟར་སེམས་འདི་སྒྱུ་མ་ལྟར་འདུག་སྙམ་དུ་བསམ། དེ་ལྟར་རྨི་ལམ་ལ་བསམས་པས་སྒྱུ་མར་འདུག་པར་སྒྲོ་འདོགས་ཆོད། དེས་སེམས་ལ་བདེན་འཛིན་ལྡོག་གོ །དེ་ལྟར་དཔེ་བཞི་སོ་སོ་རེ་རེ་
༤༡༩ལ་ཞག་གསུམ་གསུམ་ཙམ་རེ་བསླབ་སྟེ་ཞས་བཅུ་གཉིས་ཙམ་རེ་བསླབ་གསུང་ངོ་། །གསུམ་པ་ནི། རང་བཞིན་མེད་པ་ཞེས་བྱ་བ་ནི་ངོ་བོ་མེད་པ་གཏད་མེད་པ་ཞིག་ལ་ཟེར་བ་ཡིན་ཏེ། དེས་ན་སྒྱུ་མ་རང་བཞིན་མེད་པར་བློས་ཐག་བཅད་ལ་དེའི་ངང་ལ་ཅུང་ཟད་བཞག་གོ །དེ་དག་ཐག་བཅད་པ་གསུམ་མོ། །དེ་ལྟར་སྔོན་འགྲོ་དེ་དག་སྔོན་དུ་སོང་ནས། གཉིས་པ་དངོས་གཞི་ལ་གཉིས་ལས། ཐབས་ཀྱི་ཕྱོགས་སུ་ལྷུངས་པའི་རྣལ་འབྱོར་པ་གསུམ་གྱིས་བརྩོན་པ་ཐ་མ་ལ་རིགས་གཉིས་ལས། རྡོ་རྗེ་སློབ་དཔོན་དབང་ལས་མ་ཐོབ་པས་ནི། སྔོན་འགྲོ་དགུ་སྔོན་དུ་སོང་བས་ལྷ་དཔའ་བོ་གཅིག་པ་བསྒོམ། ཐུགས་རྗེའི་འོད་ཟེར་གྱི་སྤྲོ་བསྡུས་སྣོད་བཅུད་དཀྱིལ་འཁོར་དང་ལྷ་གསལ་བཏབ་ནས་དེའི་བཟླས་པ་བྱེད་པའོ། །རྗེས་འོག་ལྟར་ངོ་བོ་ཉིད་གསུམ་དྲན་པར་བྱས་ནས་གཏོར་མ་ལ་སོགས་པ་སྤྱོད་ལམ་གྱི་རྣལ་འབྱོར་གྱིས་དུས་འདའ་བར་བྱའོ། །དེ་ལྟ་བུ་ཐུན་གཅིག་གམ་གཉིས་སམ་གསུམ་ལ་སོགས་པ་གང་འགྲུབ་བྱེད་ཅིང་ལུས་ཀྱི་དཀྱིལ་འཁོར་བསྒོམ་ཡང་ལེགས། མ་བསྒོམས་ཀྱང་འགལ་བ་མེད་དོ། །དེ་ནས་འོག་ལྟར་ལྟ་བས་རྒྱས་གདབ་བོ། །སློབ་དཔོན་གྱི་དབང་ཐོབ་པ་ཡིན་ན། དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ཡིན་ལ་གཞན་སྔ་མ་དང་འདྲའོ། །བརྩོན་པ་འབྲིང་གིས་སྔོན་འགྲོ་དགུ་ཟིན་ནས་ཚོགས་ཀྱི་ཞིང་སྤྱན་དྲངས་པ་ནས་བརྩམས་ཏེ། ཡེ་ཤེས་པ་གཞུག་པའི་བར་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་བསྒོམ། དེ་ནས་ལུས་ཀྱི་དཀྱིལ་འཁོར་གསལ་བཏབ་ནས་སེམས་ཞོགས་ཚད་ཅིག་འཇོག །རྗེས་སྔར་དང་འདྲ། དེ་ནས་རྒྱས་འབྲིང་བསྡུས་གསུམ་གང་རུང་ཞིག་བླང་། དེ་ནས་ངོ་བོ་ཉིད་གསུམ་བསྒོམ་སྟེ། ལྷར་སྣང་བ་སྣང་ཕྱོགས་ཀྱི་ངོ་བོ་ཉིད། དེ་རང་བཞིན་མེད་པ་སྟོང་ཕྱོགས་ཀྱི་ངོ་བོ་ཉིད། དེ་གཉིས་དབྱེར་མེད་ཟུང་འཇུག་གི་ངོ་བོ་ཉིད་དོ། །ཟུང་འཇུག་གི་ངོ་བོ་ཉིད་ལ་བློ་ཅུང་ཟད་བཞག་ལ། དེ་ནས་བཟླས་པ་བྱེད་དམ་མི་བྱེད་རང་གང་མོས་བྱ། ལངས་ནས་འགྲོ་ན་རྗེས་
༤༢༠ཀྱི་ངོ་བོ་ཉིད་གསུམ་དྲན་པར་བྱས་ནས་འགྲོ་སྟེ། དཀར་དམར་དུ་སྣང་བ་སྣང་ཕྱོགས། དེ་རང་བཞིན་མེད་པ་སྟོང་ཕྱོགས། དེ་གཉིས་དབྱེར་མེད་པ་ཟུང་འཇུག་གི་ངོ་བོ་ཉིད་དེ། དེ་ལྟར་དྲན་པར་བྱས་ལ་སྤྱོད་ལམ་བྱའོ། །དེ་ལྟར་ན་ཐུན་བཞི་ཁོ་ནར་གྲངས་ངེས་པ་དང་། ལྟ་བ་ངོ་བོ་ཉིད་བསྐྱང་བ་ནི་ཅི་ནས་ཀྱང་བསྒོམ་མོ། །གཏོར་མ་ཐུན་ཐམས་ཅད་ལ་མ་འབྱོར་ནའང་ཐུན་ཐ་མ་ལ་རེ་རེ་མེད་ཀ་མེད་ཡིན། །བརྩོན་པ་རབ་ལ་གསུམ་ལས། ལྷ་བསྒོམ་པའི་ཚུལ་དང་ལྟ་བ་བསྐྱང་བ་ནི་སྔ་མ་དང་འདྲ་བ་ཐུན་བཞིའི་མཇུག་ཏུ་བྱེད་ལ། གཙོ་བོ་ནི་ལྟ་བ་བསྐྱང་བ་ཡིན་ནོ། །ལས་ཚོགས་བསྒྲུབ་པ་ནི། བསྙེན་པ་འབུམ་ཕྲག་བཞི་དང་། སྦྱིན་སྲེག་ཁྲི་ཕྲག་བཞི་བྱས་ལ་རྒྱུད་ལས་གསུངས་པའི་ལས་ཚོགས་བསྒྲུབ་པ་སྟེ། དེ་ཙམ་གྱིས་མ་གྲུབ་ན། སླར་ཡང་དེ་ཙམ་གཅིག་བྱ། དེས་ཀྱང་མ་གྲུབ་ན་དེ་ཙམ་གཅིག་བྱ་སྟེ། མདོར་ན་བསྙེན་པ་འབུམ་ཕྲག་བཅུ་གཉིས། སྦྱིན་སྲེག་ཁྲི་ཕྲག་བཅུ་གཉིས་བྱས་ནས་ལས་བསྒྲུབ་པའོ། །ཤེས་རབ་ཀྱི་ཕྱོགས་སུ་ལྷུང་བའི་གང་ཟག་ལའང་གསུམ་ལས། བརྩོན་པ་ཐ་མ་ནི། སྔོན་འགྲོ་དགུ་སྔར་དང་འདྲ་བར་བྱས་ལ། དངོས་གཞི་ལ་གསུམ་ལས། གསལ་བ་སེམས་ཀྱི་མཚན་ཉིད་ངོས་བཟུང་བ་ནི། ཕྱི་ནང་གང་ལ་བལྟས་ཀྱང་གསལ་བའི་ངོ་བོར་འདུག་པ་དེ་ལ་ཆེར་བལྟས་ནས་དེའི་ངང་ལ་རྟོག་པ་མེད་པར་འཇོག་པའོ། །དེ་ལྟ་བུ་ཐུན་གྲངས་མེད་པས་མཉམ་གཞག་ལ་བསྒོམ་ཞིང་། རྗེས་དགེ་རྩ་བསྔོ། རྨི་ལམ་སྒྱུ་མ་ལྟ་བུའི་རྒྱས་གདབ། དེ་མ་རྟོགས་ཀྱི་སེམས་ཅན་ལ་སྙིང་རྗེ་བསྒོམ་མོ། །གཉིས་པ་སྟོང་པ་སེམས་ཀྱི་རང་བཞིན་ངོས་གཟུང་བ་ནི། ཕྱི་ནང་གང་ལ་བལྟས་ཀྱང་རང་བཞིན་གྱིས་སྟོང་སྟེ་གནས་པ་ལུས་ཀྱི་ནང་ན་ཡང་མི་འདུག །ཕྱི་རོལ་ན་ཡང་མི་འདུག །དབྱིངས་ལ་བལྟས་ན་དབྱིངས་ལ་ཡང་མི་འདུག་ལ། དེས་ན་རང་བཞིན་སྟོང་པར་འདུག་པ་དེའི་ངང་ལ་ཆེར་བལྟས་ནས་རྟོག་པ་མེད་པར་འཇོག་པའོ། །རྗེས་སྔ་མ་དང་འདྲའོ། །གསུམ་པ་བཅོས་མིན་སེམས་ཀྱི་ངོ་བོ་ངོས་གཟུང་བ་ནི། དེ་ལྟར་མཉམ་པར་གཞག་པའི་དུས་ན། གསལ་བའི་དུས་ཉིད་ན་སྟོང་། སྟོང་པའི་དུས་ཉིད་ན་གསལ་བས་གསལ་སྟོང་གི་ངོ་བོ་དེ་ལ་མ་བཅོས་
༤༢༡པར་ནམ་མཁའི་དཀྱིལ་ལྟ་བུ་ལ་སེམས་འཇོག་པའོ། །རྗེས་སྔ་མ་དང་འདྲའོ། །བརྩོན་པ་འབྲིང་གིས་ནི། སྔོན་འགྲོ་དགུ་སྔོན་དུ་སོང་ནས། དངོས་གཞི་ལ་གསུམ་ལས། ལྷ་བསྒོམ་པ་ནི། ཚོགས་ཞིང་སྤྱན་དྲངས་པ་ནས་བརྩམས་ཏེ། རིགས་བདག་གིས་རྒྱས་གདབ་པའི་བར་གསལ་ཞིང་དྲག་ལ་ཡུན་ཐུང་བར་ཐུན་བཞི་ལ་སོགས་པར་ཉམས་སུ་བླངས་ནས་དེ་ལ་སེམས་ཅུང་ཟད་འཇོག་པའོ། །རྗེས་ངོ་བོ་ཉིད་གསུམ་བསྐྱང་སྟེ་སྔ་མ་དང་འདྲའོ། །གཉིས་པ་དབང་བླང་བ་ནི། ལམ་དུས་ཀྱི་དབང་རྒྱས་བསྡུས་གང་རུང་ཞིག་ལེན་པའོ། །གསུམ་པ་སེམས་གཟུང་བ་ལ་སྤྱི་ལ་སེམས་གཟུང་བ་དང་། བྱེ་བྲག་ལ་སེམས་གཟུང་བ་ལ་གཉིས་ལས། དང་པོ་ལ་བཞི་ལས། བསྒོམ་པ་གསལ་གདབ་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་ཙམ་ལ་དམིགས་ནས་གསལ་ན་གསལ་ཏེ་འཕྲོ་བཅད། མི་གསལ་ན་མི་གསལ་ཏེ་འཕྲོ་བཅད། ཅེས་པའི་ཚུལ་གྱིས་བསྒོམ། དེ་ལྟར་བྱས་ཀྱང་མི་གསལ་ན། རང་གི་བརྗོད་པས་གསལ་གདབ་པ་ནི། སྤྱན་དབུ་མ་སྤྱན་རྩ་ཁྲོ་ཞིང་དམར་བ་ཞེས་བརྗོད་ལ་སྔ་མ་བཞིན་དུ་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེས་ཀྱང་མི་གསལ་ན་གཞན་གྱིས་བརྗོད་པས་གསལ་གདབ་པ་ནི། གཞན་གཅིག །སྤྱན་དབུ་མ་ཞེས་བརྗོད་དུ་བཅུག་ལ། ཡང་བསམ་གཏན་གྱི་དུག་དབྱུང་ལ་བསྒོམ། དེས་ཀྱང་མི་གསལ་ན་བལྟས་པས་གསལ་གདབ་ཅེས་བྱ་བ་སྤྱན་དབུ་མ་ཤིན་ཏུ་མཛེས་པ་ཞིག་བྲིས་ལ་དེ་ལ་བལྟས་ནས་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ་མོ། །གཉིས་པ་བྱེ་བྲག་ལ་སེམས་བཟུང་ཚུལ་ལ་ཕྱི་ནས་འཛིན་པ་དང་ནང་ནས་འཛིན་པ་ལུགས་གཉིས་ལས། དང་པོ་ལྟར་ན་ལམ་རྒྱས་པ་ལྟར་རང་གི་སྤྱན་དབུ་མ་ནས་བརྩམ་སྟེ་སྣོད་བཅུད་ལྷར་གསལ་བའི་བར་ལ་སེམས་འཛིན་ལ། གཉིས་པ་ལྟར་ན་དབུའི་གཙུག་ཏོར་གྱི་འཁོར་ལོ་གསལ་གདབ་པ་ནས་བརྩམས་ཏེ་ཕོ་བྲང་དྲུག་གི་ལྷ་ནས་སྣོད་བཅུད་ལྷར་གསལ་ལ་རིམ་གྱིས་སེམས་འཛིན་ཏེ། བཟུང་བའི་ཐབས་ནི་སྔ་མ་བཞིན་ནོ། །བཟུང་ཚུལ་གཉིས་པ་འདི་རང་
༤༢༢གི་བློ་ལ་གར་འཕྲོད་པ་དེ་བསྒོམ་གྱི། གཉིས་པ་བསྒོམ་དགོས་པ་ནི་མ་ཡིན་ནོ། །རྗེས་སྔ་མ་དང་འདྲའོ། །རྣལ་འབྱོར་ནང་ལ་མཆོག་ཏུ་གཞོལ་བ་ཡིས་ནི་བཟླས་པ་དང་། གཏོར་མ་དང་། མདོ་ཟློས་ལ་སོགས་མི་བྱེད་པར་མཉམ་གཞག་བསྐྱེད་རིམ་ལ་སེམས་བཟུང་ཞིང་གོམས་ནས་རྗེས་ཀྱི་ལྟ་བ་དང་བསྲེ་གསུང་བས་ངོ་བོ་ཉིད་གསུམ་བསྒོམ་ཞིང་། ཐུན་བཞི་ལ་སོགས་པར་ཉམས་སུ་ལེན་པའོ། །བརྩོན་པ་རབ་ཀྱིས། སྔོན་འགྲོ་སྔར་དང་འདྲ་བར་བྱས་ནས། དངོས་གཞི་ལ་ཉམས་ལེན་གྱི་བྱེ་བྲག་ཞེ་ལྔ་ལས། གསལ་བ་སེམས་ཀྱི་མཚན་ཉིད་སྟོང་པ་སེམས་ཀྱི་རང་བཞིན། བཅོས་མིན་སེམས་ཀྱི་ངོ་བོ་གསུམ་ནི་སྔ་མ་དང་འདྲ་ལ། དེ་ནས་སྦྱང་བ་ཁྱད་པར་ཅན་གྱི་གནད་ལ། ལུས་སྦྱང་བ་ཟླ་བ་དྲུག་སྔོན་དུ་འགྲོ་དགོས་ཏེ། དེའི་སྔོན་དུ་མཐུན་རྐྱེན་དང་འགལ་རྐྱེན་གྱི་གསག་སྦྱང་གཉིས་སྔོན་དུ་སོང་ནས། གནས་དབེན་པར་ཉི་ཟེར་དང་ལྷགས་པ་མེད་པ། ས་བདེ་བར་སྟན་འབོལ་བ་རྒྱ་ཆེ་བའི་སྟེང་དུ་སྔོན་འགྲོ་གསུམ་བྱས་ལ། ཕྲིན་ལས་སུམ་ཅུ་རྩ་གཉིས་དང་པོ་ཡས་རིམ་དུ་ཚར་གཅིག །དེ་ནས་མས་རིམ་དུ་ཚར་གཅིག། གང་ཟིན་ནས་ཐམས་ཅད་ཚང་བར་ཚར་གཅིག་སྟེ་དེ་ལྟར་དགུ་བཅུ་རྩ་དྲུག་དྲུག་ཐུན་རེ་ལ་བྱ་སྟེ། དེ་ལྟ་བུ་ཐུན་གསུམ་མམ་གཉིས་སམ་གཅིག་གང་འགྲུབ་ཟླ་བ་དྲུག་ཏུ་བྱའོ། །དེའང་སྐྱེ་བ་འདི་ལ་དངོས་གྲུབ་ཐོབ་པར་འདོད་ན་ལུས་སྦྱང་བ་གནད་དུ་ཆེ་བ་ཡིན་གསུང་ངོ་། །དེ་ནས་ངག་སེམས་སྦྱང་བ་ལམ་རྒྱས་པ་ལྟར་བྱ། སྲོག་རྩོལ་ལ་སོགས་པ་སྔོན་དུ་སོང་ནས་འོག་རླུང་སྐྱོད་པ་ལུས་ཀྱི་རྦ་རླབས་ཀྱི་གནད་ནི་རླུང་སྦྱོར་བདུན། གཏུམ་མོའ་དམིགས་པ་བཅོ་བརྒྱད་ལ་ལམ་རྒྱས་པ་ལྟར་བསྒོམ། དེ་དག་གི་སྐབས་བོགས་འབྱིན་བརྒྱད་ཀྱི་གནད་ཀྱིས་བོགས་དབྱུང་ངོ་། །དེ་ནས་འོག་རླུང་སྐྱོད་པ་ལུས་ཀྱི་རྦ་རླབས་དངོས། དེ་ནས་ངག་འདྲེན་པ་ཞི་བའི་གནད། དེ་ནས་ངག་འདྲེན་པ་དྲག་པོའ་གནད། དེ་ནས་ལྟ་བ་གསོ་བ་ཕྱག་རྒྱ་ཆེན་པོའ་གནད། དབང་གསུམ་པའི་ལམ་སྟེ་ལམ་རྒྱས་པའི་གཞུང་དང་འདྲ་ལ་དེ་ནས་ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་ཀྱི་གནད་དེ་གཞུང་ཇི་ལྟ་བའོ། །ད་ནི་ཐུན་གྱི་ངེས་པ་བྲི་བར་བྱ་སྟེ། གང་ཟག་ཐམས་ཅད་ལ་དགོས་པའི་སྔོན་འགྲོ་ལ་གཉིས་ལས། ཁྲིད་ཀྱི་སྔོན་འགྲོ་ལ་གསག་སྦྱང་གཉིས། འཁོར་བའི་
༤༢༣ཉེས་དམིགས་བསམ་པ་གསུམ། ཐུན་གྱི་སྔོན་འགྲོ་ལ་ལུས་ངག་ཡིད་གསུམ་གནད་ལ་དབབ་པ་གསུམ། སྔོན་འགྲོ་གསུམ་ལས་བྱམས་པ་སྒོམ་བ་ལ་གསུམ། སྙིང་རྗེ་ལ་གསུམ། བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ལྔ། ཤེས་རབ་ཀྱིས་བྱ་བ་ལ་ཐག་བཅད་པ་ལ་གསུམ་སྟེ་ཐུན་ཉི་ཤུའོ། །དངོས་གཞིའི་ཐབས་ཀྱི་ཐ་མ་ལ་ལྷ་བསྒོམ་པ་དང་ལྟ་བས་རྒྱས་གདབ་པ་གཉིས། འབྲིང་ལ་ལྷ་བསྐྱེད་པ། དབང་བླང་གི་རྒྱས་གདབ་པ་སྟེ་གསུམ། རབ་ལ་ལྷ་སྒོམ། ལྟ་བ་བསྐྱང་། ལས་ཚོགས་སྒྲུབ་པ་སྟེ་གསུམ་མོ། །ཤེས་རབ་ཀྱི་ཐ་མ་ལ། གསལ་བ་སེམས་ཀྱི་མཚན་ཉིད་སྟོང་པ་སེམས་ཀྱི་རང་བཞིན། བཅོས་མིན་སེམས་ཀྱི་ངོ་བོ་སྟེ་གསུམ། འབྲིང་ལ་ལྷ་སྒོམ་པ། དབང་བླང་བ། སྤྱི་ལ་སེམས་བཟུང་བ་ལ་བཞི། བྱེ་བྲག་ཏུ་སེམས་བཟུང་བ་ལ་གཅིག་སྟེ་ལྔ། རབ་ལ་གསལ་བ་སེམས་ཀྱི་མཚན་ཉིད། སྟོང་པ་སེམས་ཀྱི་རང་བཞིན། བཅོས་མིན་སེམས་ཀྱི་ངོ་བོ་སྟེ་གསུམ། སྦྱང་བ་ཁྱད་པར་ཅན་གྱི་གནད་ལ་གསུམ། རླུང་སྦྱོར་བདུན། གཏུམ་མོའ་དམིགས་པ་བཅོ་བརྒྱད། ལུས་ཀྱི་རྦ་རླབས། ངག་འདྲེན་ཞི་བ། དྲག་པོ། གསུམ་པའི་ལམ་ལ་སྔོན་འགྲོ་ལམ་བསྡུས་པ་བཞིན་བྱ། དངོས་གཞི་ལ་བསླབ་ཚུལ་ལྔ། མཉམ་པར་སྦྱར་བ་བསླབ་ཚུལ་ཏེ་བརྒྱད་དོ། །རྗེས་ནི་ཞར་བྱུང་ངོ་། །སེམས་ཀྱི་རྦ་རླབས་ལ་གསུམ་སྟེ། ཐུན་ཞེ་ལྔའོ། །གང་ཟག་དབང་པོ་རབ་འབྲིང་གསུམ་གྱི་ཁྲིད། །རྗེ་བཙུན་བླ་མའི་གསུང་དང་མི་འགལ་བར། །གསལ་བར་བགྱིས་ལ་ནོངས་པ་བཟོད་མཛད་ཅིང་། །དགེ་བས་ལྷན་སྐྱེས་ཡེ་ཤེས་མཐར་ཕྱིན་ཤོག །དབང་པོ་རབ་འབྲིང་གསུམ་གྱིས་དཀྲི་བའི་ཁྲིད་རིམ་གྱི་གསལ་བྱེད་ཉུང་ངུ་རྣམ་གསལ་ཞེས་བྱ་བ་འདི། བསམ་གཏན་པ་ཤཱཀྱ་བཟང་པོ་ཞེས་བྱ་བས་ཡང་ཡང་དུ་བསྐུལ་བའི་ངོར་བཙུན་པ་བསོད་ནམས་ཀྱིས་སྦྱར་བ་དགེའོ། །སརྦ་དཱ་མངྒ་ལཾ།


Notes


Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.