Wylie:Lnga ldan gtor dbang yid bzhin nor bu

From gDams Ngag mDzod
Revision as of 19:08, 2 March 2015 by Jeremi (talk | contribs)
Jump to navigation Jump to search


Upload a file
DOWNLOAD ABOVE:
Click the picture above to view the original manuscript.

ལྔ་ལྡན་གཏོར་དབང་ཡིད་བཞིན་ནོར་བུ་
lnga ldan gtor dbang yid bzhin nor bu

Damngak Dzö Volume 9 ({{{VolumeLetterTib}}}) / Pages 431-442 / Folios 1a1 to 6b7


Property "Author" has a restricted application area and cannot be used as annotation property by a user.


[edit]
༤༣༡ ལྔ་ལྡན་གཏོར་དབང་ཡིད་བཞིན་ནོར་བུ་ཞེས་པ་བཞུགས་སོ།། །།
༤༣༢ ལྔ་ལྡན་གཏོར་དབང་ཡིད་བཞིན་ནོར་བུ་ཞེས་བྱ་བཞུགས་སོ། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མགོན་པོ་འབྲི་གུང་པར་གྲགས་པ། །ཡབ་སྲས་བཞེད་པའི་ཕྱག་ལེན་ནི། །མཐོང་བརྒྱུད་ཇི་བཞིན་འདིར་བཤད་ཀྱི། །མོས་ལྡན་ཡོད་ན་དགའ་བས་ལོང་། །ཕྱག་རྒྱ་ཆེན་པོ་ལྔ་ལྡན་ལ་གནད་དུ་སོང་བའི་སློབ་དཔོན་གྱིས་སློབ་མ་སྣོད་ལྡན་ལ་ལྔ་ལྡན་གཏོར་དབང་བསྐུར་ན། དྲི་བཟང་གིས་སྤགས་པའི་སྟེགས་བུའི་དབུས་སུ་མཉྫིའི་སྟེང་དུ་རིན་པོ་ཆེའི་སྣོད་གས་ཆག་མེད་པར་ཟླུམ་གཏོར་པད་འདབས་བཞིས་བསྐོར་བ་དཀར་དམར་གྱིས་བརྒྱན་པའི་སྟེང་དུ་དར་གདུགས་དང་བཅས་པའི་གཡས་སུ་བུམ་པ་འགུལ་ཆིང་ལྔ་ལྡན་ནང་བཅུད་སོ་ལྔའི་ནང་ཆུས་སུམ་གཉིས་བཀང་བ་ཁ་རྒྱན་དང་བཅས་པ། གཡོན་དུ་ཐོད་པ་མཚན་ལྡན་ཆང་བཟང་པོ་ལ་ཨ་མྲི་ཏ་བཏབ་པ་ཁ་དར་དམར་གྱིས་བཅད་པ། དེ་རྣམས་ཀྱི་མདུན་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་དང་། དེ་དག་གི་མདུན་དུ་ཆུ་བཞི་ཉེར་སྤྱོད་བཤམ། ཚོགས་རྫས་འདུ་བྱ། སློབ་དཔོན་ཁྲུས་བྱ། གཞི་བགེགས་ལ་གཏོར་མ་བཏང་། སྐྱབས་སེམས་ཡན་ལག་བདུན་
༤༣༣ སོགས་འོག་ནས་དབང་གི་སྐབས་སུ་འབྱུང་བ་ལྟར་བྱས་རྗེས། མཆོད་པ་ནང་མཆོད་བདེ་མཆོག་ལྟར་བྱིན་རླབས། བསང་སྦྱང་སྟོང་པའི་ངང་ལས་རྡོ་རྗེའི་ར་གུར་འཇིགས་དུས་ཀྱི་མེ་ལྟར་འབར་བ་མེ་རི་དང་བཅས་པའི་སྲུང་བའི་གུར་འཁོར་ལོའི་ནང་དུ་བདག་དང་གཏོར་མ་སྐད་ཅིག་གིས་རྫོགས་པའི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་སྐུ་མདོག་མཐིང་ནག་ཞལ་གཅིག་པ་སྤྱན་གསུམ་མཆེ་བ་ཅུང་ཟད་གཙིགས་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཅོག་གི་རྩེ་མོར་ནོར་བུ་དང་མདུན་དུ་སྣ་ཚོགས་རྡོ་རྗེ། གཡོན་དུ་ཟླ་བ་ཕྱེད་པས་སྤྲས་ཤིང་མི་བསྐྱོད་པའི་ཅོད་པན་ཅན། ཐོད་སྐམ་ལྔ་རིན་པོ་ཆེའི་རྩེ་བྲན་ཅན་དར་དབྱངས་དང་བཅས་པས་དཔྲལ་བའི་སྟེང་དུ་བཅིངས་པ། ཐོད་རློན་ལྔ་བཅུའི་དོ་ཤལ་དང་སྟག་གི་པགས་པའི་ཤམ་ཐབས་ཅན། རུས་པའི་ཕྱག་རྒྱ་ལྔ་དང་ཐལ་ཆེན་གྱིས་བྱུགས་པ། གར་གྱི་ཉམ་དགུ་དང་ལྡན་པ། ཞབས་གཡས་བརྐྱངས་གཡོན་བརྐུམས་པས་འཇིགས་བྱེད་དུས་མཚན་པད་ཉིའི་སྟེང་དུ་མནན་པའི་པང་དུ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་
༤༣༤ དམར་མོ་ཁྲོ་ཆགས་སྤྱན་གསུམ་མཆེ་བ་ཅུང་ཟད་གཙིགས་ཤིང་ནམ་མཁའི་གོས་ཅན་ཐོད་སྐམ་ལྔའི་དབུ་རྒྱན་དང་དོ་ཤལ་འབྱངས་པ། ཕྱག་གཡས་རྡོ་རྗེ་གདེངས་ཤིང་གཡོན་ཐོད་པ་བདུད་ཀྱི་ཁྲག་གིས་བཀང་བ་ཐོགས་ནས་ཡབ་ཀྱི་མགུལ་དུ་འཁྱུད་པ། ཞབས་གཡས་ཡབ་ལ་འཁྱུད་ཅིང་གཡོན་ཡབ་ཀྱི་གཡས་དང་ལྷན་ཅིག་ཏུ་བརྐྱང་བ། ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། ཕྱག་རྒྱ་ལྔས་སྤྲོས་པ། སྐྲ་གྲོལ་བ། རྣམ་སྣང་གི་ཅོད་པན་ཅན། ཡབ་ཀྱིས་ཚོགས་མའི་སྟེང་དུ་ཉི་མའི་གདན་ལ་དཔལ་ལྡན་བླ་མ་ཧེ་རུ་ཀ་སྔོ་སང་ཕྱག་གཉིས་རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཚུགས་ཅན། ཕྱག་རྒྱ་དྲུག་དང་རིན་པོ་ཆེ་དང་དར་གྱི་རྒྱན་སྣ་ཚོགས་པས་བརྒྱན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་མཛེས་པའི་བར་དུ་ཡུམ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གཡས་རྡོ་རྗེ་ཕྱར་ཞིང་། གཡོན་ཐོད་པ་བདུད་རྩིས་གང་བ་བསྣམས་པ་དང་བཅས་པས་ཡབ་ཀྱི་མགུལ་ལ་འཁྱུད་ཅིང་ཕྱག་རྒྱ་ལྔས་བརྒྱན་པ། གཅེར་མོ་སྐྲ་གྲོལ་བ་ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཡབ་ཀྱིས་རྐེད་ལ་འཁྲིལ་བ། འཁོར་ལོ་སྡོམ་པའི་དཔྲལ་བར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨའི་ལྟེ་བར་ཨཱཿདམར་པོ། སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་སྔོན་པོས་མཚན་པ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། ༀ་བཛྲ་གུ་རུ་ཙཀྲ་སམྦ་ར་ཨཱརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ། ཨཱཉྩ་མཱ་ནམ། པྲོཀྵ་ཎཾ། པཱདྱཾ། པུཥྤཾ། དྷཱུ་པཾ། ཨཱ་ལོ་ཀཾ། གྷན་དྷཾ། ནེ་ཝི་དྱཾ། ཤཔྟ་སྦྱར་བས་མཆོད། གང་གིས་དྲིན་གྱིས་བདེ་ཆེན་ཉིད། སོགས་དང་། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། སོགས་ཀྱིས་བསྟོད། ཡི་བདུན་དང་བླ་མའི་མཚན་སྔགས་ཅི་རིགས་པ་བཟླ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་རང་རང་གི་ཚོགས་འབུལ། ཚོགས་བྱིན་རླབས་འབུལ་བ་
༤༣༥ སོགས་བདེ་མཆོག་ལྟར་བྱའོ། །སློབ་མ་ལ་དབང་བསྐུར་བ་ནི་དུང་ཞལ་དུ་དྲིའི་ཆུ་ལ་དུམ་སྐྱེས་མའི་སྔགས་བཟླས་པས་ཁྲུས་བྱ། གྲལ་ལ་འཁོད། བགེགས་ལ་གཏོར་མ་བྱིན་ལ་བསྒྲད། མཎྜལ་ཕུལ་ལ། སྔོན་འགྲོའི་ཆོས་བཞི་དང་བརྒྱུད་པའི་རྣམ་ཐར་ཅི་རིགས་པ་བཤད་ལ། སློབ་མས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། ན་མོ་སྣང་སྲིད་རྣམ་དག་གི་བླ་མ་ལ། །སྣང་སྲིད་གཞི་བཞེངས་སུ་གསོལ་བ་འདེབས། ཁམས་གསུམ་ཡོངས་གྲོལ་དུ་གསོལ༴ །འཁོར་བ་དོང་སྤྲུག་ཏུ༴ །རྗེ་ཡིད་བཞིན་ནོར་བུ་ལ་གསོལ༴ །སྨྲ་བསམ་བརྗོད་མེད་ལ༴ །མཁྱེན་པའི་ཡེ་ཤེས་ལ༴ །བརྩེ་བའི་བདག་ཉིད་ལ༴ །འགྲོ་བ་སྐྱོབས་མཛད་ལ༴ །བདག་སེམས་ཉིད་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །ཆོས་ཉིད་ཀྱི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །སེམས་གདོད་ནས་སངས་རྒྱས་སུ་རྟོགས་པར་བྱིན་གྱིས་རློབས། །བློ་འདས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སླར་ཡང་། རྗེ་ན་མོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ། ཐུགས་རྗེ་དང་སྟོང་པ་རོ་མཉམ་པ་དྲི་མ་གསུམ་གྱིས་མ་གོས་པའི་རྗེ་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དམ་པ་ཡེ་ཤེས་ཀྱི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ༴ ཆོས༴ དགེ་འདུན༴ བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ། གསུམ་གྱིས་སྐྱབས་སུ་འགྲོ། སླར་ཡང་། རྗེ་སེམས་ཉིད་ངོ་བོ་ཉིད་ཀྱི་སྐུ། །ལྷུན་གྱིས་གྲུབ་ཅིང་འདུས་མ་བྱས། །སྨྲ་བསམ་ཤེས་བརྗོད་ཡུལ་ལས་འདས། །རྗེ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །དངོས་དང་དངོས་མེད་འཁོར་འདས་ཀུན། །སེམས་ཉིད་གཅིག་ཏུ་འདྲེས་པ་ལས། །ཀུན་ཏུ་བཟང་པོར་
༤༣༦ གྱུར་པ་ཡི། །བླ་མེད་མཆོག་པས་མཆོད་པར་བགྱི། །རང་གཞན་ཐམས་ཅད་རྫོགས་སངས་རྒྱས། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ལ། །ཐ་མལ་ལུས་ངག་ཡིད་གསུམ་གྱིས། །འཁྲུལ་པར་གྱུར་པ་མཐོལ་ལོ་བཤགས། །རང་གཞན་གདོད་ནས་སངས་རྒྱས་ཤིང་། །བླ་མེད་ཀུན་མཆོག་གསུམ་པོ་དང་། །འགྲོ་བ་ཀུན་གྱི་དགེ་བ་ལ། །སྙིང་ནས་དགའ་བས་ཡི་རང་ངོ་། །རྒྱལ་སྲས་མྱུར་དུ་སངས་རྒྱས་ཤིང་། །རྫོགས་པའི་བྱང་ཆུབ་ཐོབ་པ་རྣམས། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ནས། །འགྲོ་ཀུན་སངས་རྒྱས་ཐོབ་མཛད་གསོལ། །སྟོན་པ་ཐུགས་རྗེ་ཆེན་པོ་རྣམས། །མྱ་ངན་འདའ་བར་གང་བཞེད་པ། །སྔོན་གྱི་དམ་བཅའ་དགོངས་མཛོད་ལ། །མྱ་ངན་མི་འདའ་བཞུགས་པར་གསོལ། །བདག་དང་འགྲོ་བ་མ་ལུས་པའི། །དུས་གསུམ་བསགས་པའི་དགེ་བ་རྣམས། །གདོད་ནས་ཡོད་པའི་དགེ་བ་དེས། །འགྲོ་ཀུན་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་ལན་གསུམ་གྱི་ཚོགས་བསགས། །དེ་ནས་ཆོས་ལྔའི་དང་པོ་རྗེ་འཇིག་རྟེན་གསུམ་གྱི་མགོན་པོས། །བྱམས་དང་སྙིང་རྗེའི་རྟ་ཕོ་ལ། །གཞན་ཕན་གྱིས་དཀྱུས་ཐག་མ་ཆོད་ན། །ཁྲོམ་ལྷ་མིའི་འོར་ཆེ་མི་འབྱུང་བས། །སེམས་སྔོན་འགྲོ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྡོ་རྗེ་འཆང་ཆེན་པོའ་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོའ་དབང་མནོས་ཏེ་ཉམས་སུ་བླངས་པས། བདག་དང་བདག་ཅག་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། ཐར་པ་དང་ཐམས་ཅད་མཁྱེན་པའི་བར་དུ་གཅོད་པ་ཐམས་ཅད་ཀྱིས་གཙོར་བྱས་པའི་མ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ། ཞེས་དང་། ཡང་། དེའི་ཆེད་
༤༣༧ དུ་སངས་མ་རྒྱས་ཀྱི་བར་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། མ་ཤིའི་བར་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། དུས་ད་རེས་ནས་བཟུང་སང་ཉི་མ་ད་ཙམ་གྱི་བར་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། ཞེས་གསུམ་བྱ། གཉིས་པ་ནི། །རང་ལུས་ལྷ་སྐུའི་རྒྱལ་པོ་ལ། །གཞི་འགྱུར་མེད་ཀྱི་གདན་ས་མ་བཟུང་ན། །མ་མཁའ་འགྲོའི་འཁོར་འབངས་མི་འདུ་བས། །ལུས་ཡི་དམ་གྱི་ལྷ་ལ་ནན་ཏན་མཛོད། །ཅེས་གསུངས་པས། ཡི་དམ་གྱི་ལྷ་བསྒོམ་པ་ནི། སློབ་མ་ཁཎྜ་རོས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས་རྫོགས་པའི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་སྐུ་མདོག་མཐིང་ནག་ཅེས་པ་ནས། ཁྲག་འཛག་པ། ཕྱག་རྒྱ་ལྔས་སྤྲས་པ་ཞེས་པའི་བར་སྔར་ལྟར་ལས། ཡབ་ཀྱི་དཔྲལ་བར་ཟླ་བ་ལ་ཨཱོཾ་དཀར་པོ། མགྲིན་པར་པདྨའི་ལྟེ་བར་ཨཱཿདམར་པོ། སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། སློབ་དཔོན་ཧེ་རུ་ཀ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས་པས་ས་འོག་ས་སྟེང་ས་བླར་གནས་པའི་ལྷ་འཁོར་ལོ་ལྔའི་དཔའ་བོ་དང་རྣལ་འབྱོར་མ་སྐད་ཅིག་གིས་བཀུག །སློབ་མའི་ལུས་ལ་བསྟིམས་པས་གཉིས་སུ་མེད་པར་གྱུར་པར་བསམ་ཤིང་། གུ་གུལ་གྱིས་བདུག །རོལ་མོའ་སྒྲ་སྒྲོག་པ་དང་བཅས་པས། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ༔་ ཙཀྲ་སམྦ་ར་ཀཱ་ཡ་ཝཱ་ཀྩི་ཏྟ་ས་མ་ཡ་གརྦྷ་ཙཀྲ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཨཱ་ཝེ་ཤ་ཡ་ཕེཾ་ཕེཾ་ཛཿཛཿཧྲིཾང་ཧྲིཾང་ཞེས་བྱིན་དབབ། ཏིཥྛ་བཛྲ་དང་། རྡོ་རྗེ་རྒྱ་གྲོམ་གྱིས་བརྟན་པར་བྱའོ། །གསུམ་པ་ནི། །བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པས་བླ་མའི་རྣལ་འབྱོར་བསྒོམ་པ་ནི། སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་
༤༣༨ ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་འཁོར་དང་བཅས་པ་ཐམས་ཅད་དབང་གི་ལྷ་གདན་གསུམ་ཚང་བའི་དཀྱིལ་འཁོར་བའི་རྣམ་པར་སྤྱན་དྲངས། ཨཱོཾ་པཉྩ་ཀུ་ལ་སཱ་པ་རི་ཝཱ་ར་པུཥྤཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ་ཉེར་སྤྱོད་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་རྣམས་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ཡུམ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག། །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེ་རིང་ཁྱོད་ལ་དབང་བསྐུར་རབ་ཏུ་སྦྱིན། །ཞེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སློབ་མའི་སྟེང་ཕྱོགས་སུ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་དྲི་ཞིམ་པོའ་མེ་ཏོག་གི་ཆར་འབེབས། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་ཕྱོགས་མཚམ་སྲུང་ཞིང་བགེགས་བསྐྲད། དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་སེམས་ཀྱིས་བདུད་རྩིས་བཀང་བ་བསྣམས་པས། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །སྐྱེ་བས་མངོན་པར་དབང་བསྐུར་བ། །ཇི་ལྟར་དེ་བཞིན་བདག་གིས་འདིར། །དག་པ་ལྷ་ཡི་ཆུ་དབང་སྦྱིན། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བུམ་པའི་ཆུས་སློབ་མ་ལྷར་གསལ་བའི་སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་མཚོག་པའི་སྟེང་དུ་འཁྱིལ་བ་ལས་ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་དཔལ་ཧེ་རུ་ཀ་སྔོ་སང་ཞེས་པ་ནས་ཡབ་ཀྱི་རྐེད་ལ་འཁྲིལ་བ། དེ་ལྟར་གསལ་བའི་ཡབ་ཡུམ་ལ་སྔར་སྤྱན་དྲངས་པའི་དབང་ལྷ་རྣམས་གཉིས་སུ་མེད་པར་ཐིམ་པས་རྣམ་པ་བླ་མ་ཧེ་རུ་ཀ་ཡབ་ཡུམ་ལ་ངོ་བོ་གདན་གསུམ་ཚང་བའི་དཀྱིལ་འཁོར་ལྷ་ཚོགས་མ་ལུས་པའི་ངོ་བོར་གྱུར། །བླ་མ་སངས་
༤༣༩ རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་མཆོག །བླ་མ་ཧེ་རུ་ཀ་ལ་བསྟོད། །ཅེས་བསྟོད། གཏོར་དབང་དངོས་ནི། བུམ་དབང་གི་དོན་དུ་སློབ་མས། །དཔལ་ལྡན་བླ་མ་མཚན་རྣམས་ཀུན་རང་བཞིན། །བདག་གི་སྤྱི་བོར་ལུས་ཀྱི་ཐིག་ལེ་ལ། །ཉེ་བར་ཞུགས་ནས་བུམ་དབང་དགའ་བའི་ཆུས། །སང་བའི་བག་ཆགས་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་གཏོར་མ་སྐད་ཅིག་གིས་རྫོགས་པའི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་སྐུ་མདོག་མཐིང་ནག་ཅེས་པ་ནས་ཡབ་ཀྱི་རྐེད་ལ་འཁྲིལ་བ། གསལ་བའི་བླ་མ་དང་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་དཔྲལ་བ་ནས་འོད་ཟེར་དཀར་པོ་ཡབ་ཡུམ་བཞི་པོ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དཀར་དམར་འདྲེས་པའི་རྒྱུན་བབས་པས། སློབ་མའི་དཔྲལ་བར་ཐིམ་པ་དཔོན་སློབ་གཉིས་ཀས་མོས། སློབ་དཔོན་གྱིས་གཏོར་མ་སློབ་མའི་མགོར་བཞག་ཅིང་རྗེ་བཙུན་རིན་པོ་ཆེ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་སློབ་མའི་ལུས་ལ་བྱིན་གྱིས་བརླབ་པ་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་པ་སྦྱར་རོལ་ཆེན་བྱ། དེས་བུམ་པའི་དབང་བསྐུར་བ་ཐོབ། ལུས་ཀྱི་སྒོ་ནས་བསགས་པའི་སྲོག་གཅོད་པ་སོགས་མི་དགེ་བའི་ལས་གསུམ་ལ་སོགས་པ་བསགས་པ་དང་སད་པའི་གནས་སྐབས་ཀྱི་དྲི་མ་སྦྱངས། བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། སྤྲུལ་པའི་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག །འབྲས་བུ་སྐུ་རྡོ་རྗེ་འགྲུབ་པའི་ནུས་པ་དང་སྐལ་ལྡན་དུ་བྱས་པ་ཡིན་ནོ། །སླར་གསང་དབང་དོན་ཏུ་སློབ་མས། ལོངས་སྤྱོད་རྫོགས་པ་སེམས་ཅན་གྱི་སྐད་དུ། །བདག་གི་མགྲིན་པ་ངག་གི་ཐིག་ལེ་ལ། །ཉེ་བར་ཞུགས་ནས་གསང་དབང་དགའ་བའི་མེས། །རྨི་ལམ་བུད་ཤིང་བསྲེག་པར་མཛད་དུ་གསོལ། །ཅེས་གསོལ་བ་བཏབ་པས་བླ་མ་དང་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་མགྲིན་པ་ནས་འོད་
༤༤༠ ཟེར་དམར་པོ་དང་ཡབ་ཡུམ་སྙོམས་པར་ཞུགས་པ་སློབ་མའི་མགྲིན་པར་ཐིམ་པར་མོས། དམ་པ་དེས་གསང་བའི་དབང་བསྐུར་བ་ཐོབ། ངག་གི་སྒོ་ནས་རྫུན་ལ་སོགས་པའི་མི་དགེ་བའི་ལས་བཞི་བསགས་པའི་དང་རྨི་ལམ་གྱི་གནས་སྐབས་ཀྱི་དྲི་མ་སྦྱངས། སྟེང་སྒོ་རྣམ་པར་གྲོལ་བའི་རིམ་པ་བསྒོམ་པ་ལ་དབང་། ལོངས་སྤྱོད་རྫོགས་པའི་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག །འབྲས་བུ་གསུང་རྡོ་རྗེ་འགྲུབ་པའི་ནུས་པ་དང་སྐལ་ལྡན་དུ་བྱས་པ་ཡིན་ནོ། །སླར་ཤེར་དབང་གི་དོན་ཏུ་སློབ་མས། །རྗེ་བཙུན་བླ་མ་མི་རྟོག་ཆོས་ཀྱི་སྐུ། །བདག་གི་སྙིང་གར་ཡིད་ཀྱི་ཐིག་ལེ་ལ། །ཉེ་བར་ཞུགས་ནས་ཤེས་རབ་ཡེ་ཤེས་ཉིས། །གཉིད་འཐུག་མུན་པ་སངས་པར་མཛད་དུ་གསོལ། །ཅེས་གསོལ་བ་བཏབ་པས། བླ་མ་དང་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་དང་ཡབ་ཡུམ་སོགས་སློབ་མའི་སྙིང་གར་ཐིམ་པར་མོས། དམ་པ་དེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་པ་རྣབ་སེམས་ལ་སོགས་མི་དགེ་བའི་ལས་གསུམ་གསགས་པ་དང་གཉིད་འཐུག་གི་གནས་སྐབས་ཀྱི་དྲི་མ་སྦྱངས། འོག་སྒོ་བདེ་བ་ཆེན་པོའ་རིམ་པ་བསྒོམ་པ། ཆོས་ཀྱི་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞོག །འབྲས་བུ་ཐུགས་རྡོ་རྗེ་འགྲུབ་པའི་ནུས་པ་དང་སྐལ་ལྡན་དུ་བྱས་པ་ཡིན་ནོ། །དབང་བཞི་པའི་དོན་ཏུ། །འགྲོ་བའི་མགོན་པོ་ལྷན་ཅིག་སྐྱེས་པའི་སྐུ། །བདག་གི་ལྟེ་བར་ཡེ་ཤེས་ཐིག་ལེ་ལ། །ཉེ་བར་ཞུགས་ནས་ཤེས་རབ་ཆེན་པོའ་དབང་། །བསྐུར་བས་འཕོ་མེད་དགའ་བ་ཐོབ་འགྱུར་མཛོད། །ཅེས་གསོལ་བ་བཏབ་པས་བླ་མ་དང་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་ལྟེ་བ་ནས་འོད་ཟེར་སེར་པོ་དང་ཡབ་ཡུམ་སློབ་མའི་ལྟེ་བར་ཐིམ་པར་བསམ། དམ་པ་དེས་དབང་བཞི་པ་ཚིག་དབང་གི་དབང་བསྐུར་བ་ཐོབ། སྒོ་གསུམ་
༤༤༡ ཐ་དད་དུ་འཛིན་པའི་དྲི་མ་དང་འཕོ་བའི་གནས་སྐབས་ཀྱི་དྲི་མ་སྦྱངས། དབང་བཞི་པ་ཐོབ། ཕྱག་རྒྱ་ཆེན་པོ་བསམ་དུ་མེད་པ་ལ་དབང་། ངོ་བོ་ཉིད་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག །འབྲས་བུ་ཡེ་ཤེས་རྡོ་རྗེ་འགྲུབ་པའི་ནུས་པ་དང་སྐལ་ལྡན་དུ་བྱས་པ་ཡིན་ནོ། །བཞི་བ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི། །སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ། །རྣམ་རྟོག་གི་སྤྲིན་ཚོགས་མ་དེངས་ན། །མཁྱེན་གཉིས་ཀྱི་གཟའ་སྐར་མི་བཀྲ་བས། །སེམས་མི་རྟོག་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པ་སྟེ་སློབ་མས། །ཀུན་ཏུ་བདག་དང་མཁའ་མཉམ་སེམས་ཅན་གྱི། །གདོད་མའི་ལུས་ངག་ཡིད་དང་ཡེ་ཤེས་རྣམས། །ཁྱོད་ཀྱི་རྡོ་རྗེ་བཞི་དང་མཉམ་སྦྱོར་བས། །མཆོག་བདེ་མངོན་དུ་འགྱུར་བར་མཛད་དུ་གསོལ། །ཅེས་གསོལ་བ་བཏབ་པས་གཏོར་མའི་བླ་མ་ཡི་དམ་ཡབ་ཡུམ་ཐམས་ཅད་འོད་ཀྱི་རྣམ་པར་གྱུར་པ་སློབ་མའི་སྨིན་མཚམས་སུ་ཐིམ་མ་ཐག་སེམས་སྤྲོས་པའི་མཚན་མ་ཀུན་གྱིས་སྟོང་པའི་ངོ་བོ་ལ་མཉམ་པར་བཞག །དེ་ཡང་མགོན་པོ་བྱམས་པས། །འདི་ལ་གསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང་། །ཡེ་ཤེས་འདི་ནི་ཆེས་ཕྲ་ཤིང་། །རྡོ་རྗེ་སྙིང་པོ་མཁའ་དང་མཚུངས། །རྡུལ་བྲལ་ཐར་སྦྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་སོགས་ཀྱི་དོན་ལྔ་པ་བསྔོ་བ་ནི། །ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །རྗེས་སྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པས། འཁོར་འདས་དུས་གསུམ་བསགས་ཡོད་ཀྱི་དགེ་བ་ཐམས་ཅད་འཁོར་གསུམ་དམིགས་མེད་ཀྱི་རྒྱས་བཏབ་སྟེ་བདག་དང་འཁོར་འདས་ཐམས་ཅད་ཀྱི་དུས་གསུམ་བསགས་པ་དང་ཡོད་པའི་དགེ་བའི་རྩ་བ་འདིས། འཇིག་
༤༤༢ རྟེན་གྱི་ཆོས་བརྒྱད་འཁོར་བའི་རྒྱུ་བཞི་འབྲས་བུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་སྨིན་པར་མི་འགྱུར་བར་བདག་དང་སེམས་ཅན་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། ལོགས་འདྲེན་བདུད་དང་བདུད་ཀྱི་དཀྱིལ་འཁོར་གྱིས་གཙོར་བྱས་པའི་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་ཅིག ༜ ཞིང་ཡོངས་སུ་དག་པའི་ཕོ་བྲང་ནས། །དྲུག་པ་རྡོ་རྗེ་འཆང་ཆེན་དང་། །དཔལ་ལྡན་ཏེ་ལོ་ནཱ་རོ་སོགས། །བྱིན་རླབས་ཆུ་རྒྱུན་མ་ཆད་པའི། །བརྒྱུད་པའི་བླ་མའི་བཀྲ་ཤིས་ཤོག། ༜ ཅེས་ལན་གསུམ་བསྔོ། །ཤིས་པ་བརྗོད་པ་ནི། ཅེས་བརྗོད་སློབ་མས་གཙོ་བོས་ཇི་ལྟར་སོགས་དང་། དེང་ནས་བརྩམ་སྟེ་བདག་འབུལ་སོགས་ཀྱིས་དམ་ཚིག་བསྲུང་བ་དང་བདག་འབུལ་བར་ཁས་བླང་། གཏང་རག་གི་མཎྜལ་འབུལ། གཏོར་མའི་ལྷ་གསལ་བཏབ། མཆོད་བསྟོད་ཡིག་བརྒྱས་ལྷག་ཆད་བསྐང་། །བཛྲ་མུས་ཡེ་ཤེས་གཤེགས། དམ་ཚིག་པ་རང་ལ་བསྡུ། ཤིས་བརྗོད་བསྔོ་སྨོན་གྱི་རྒྱས་གདབ་བོ། །དེ་ལྟར་ལྔ་ལྡན་གཏོར་དབང་བསྐུར་བའི་ཕྱག་བཞེས་ཀྱི་རིམ་པ་འདི་ཡང་རྗེ་འཇིག་རྟེན་གསུམ་གྱི་མགོན་པོ་ཡབ་སྲས་ཀྱི་ཕྱག་བཞེས་རྒྱལ་དབང་རཏྣའི་གསུང་རྒྱུན་དྲུང་པ་རིན་ཆེན་གྱིས་ཕྱག་བྲིས་སུ་བཏབ་འདུག་པ་ལ། སླར་ཆུ་དབང་གིས་ཁ་བསྐངས་ཤིང་ཚིག་སྣ་བསྟུངས་ཏེ་བྲིས་པ་འདི་ཡང་ས་ཕག་ལོ་ས་ག་ཟླ་བའི་ཉེར་དགུ་ལ། འབྲི་གུང་པ་ཆོས་ཀྱི་གྲགས་པས་ཕོ་བྲང་རྩེ་བ་གཞིས་ཀར་མགྱོགས་པར་བྲིས་པའོ།། །།སརྦ་དཱ་མངྒ་ལཾ། །དགེའོ། །


[edit]

WYLIE TEXT WILL APPEAR HERE

Footnotes


Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.