Tibetan:བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་ཐབས་དབང་བསྐུར་བཀླག་ཆོག་ཏུ་བསྡེབས་པ་

From gDams Ngag mDzod
Revision as of 16:48, 14 February 2019 by Jeremi (talk | contribs) (Text replacement - "==Notes== <references/> </onlyinclude>" to "</onlyinclude> ==Notes== <references/>")
Jump to navigation Jump to search

Upload a file
DOWNLOAD ABOVE:
Click the picture above to view the original manuscript.
བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་ཐབས་དབང་བསྐུར་བཀླག་ཆོག་ཏུ་བསྡེབས་པ་
bka' gdams thig le bcu drug gi sgrub thabs dbang bskur bklag chog tu bsdebs pa
Damngak Dzö Volume 4 (ང་) / Pages 283-315 / Folios 1a1 to 17a5

Tibetan Text

‪‬

‬བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་ཐབས་དབང་བསྐུར་བའི་ཆོ་ག་བཀླག་མཆོག་ཏུ་བསྡེབས་པ་ཐུགས་རྗེ་རྣམ་པར་རོལ་པའི་རྒྱན་ཅེས་བྱ་བ་བཞུགས་སོ། །



༢༨༤ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭེ་བྷྱོཿ དྲི་མེད་བྱང་ཆུབ་སེམས་མཆོག་འདུད་རྩིའི་འོད། །གངས་ཅན་མུན་པའི་གཉེན་པོར་སྤྲོས་པ་ན། །ཕན་བདེའི་ཆུ་གཏེར་དགུང་དུ་བསྐྱེད་བསྲིང་བ། །དཔལ་ལྡན་ཨ་ཏི་ཤ་ལ་གུས་ཕྱག་འཚལ། །ཕྱག་ན་པདྨ་བཤེས་གཉེན་སྐུར་བསྟན་པ། །རྒྱལ་བའི་འབྱུང་གནས་སྲས་སློབ་བརྒྱུད་པར་བཅས། །སྤྱི་བོར་མཆོད་ནས་གདམས་ངག་རིང་ལུགས་པའི། །ཐུགས་བཅུད་ཐིག་ལེ་བཅུ་དྲུག་འདི་རྨད་དོ། །བསྟན་པ་རིན་ཆེན་ལྷ་ཆོས་ཕུན་སུམ་ཚོགས་པའི་ཉམས་ལེན་གྱི་མན་ངག་ཐིག་ལེ་ཆེན་པོའ་དབྱིངས་སུ་བྱང་ཆུབ་ཀྱི་སེམས་གཉིས་སྤེལ་བའི་ཟབ་དོན་ལག་ཏུ་བླང་བ་ལ་གཉིས། རང་དོན་སྒྲུབ་པའི་ཉམས་ལེན་དང་། གཞན་དོན་བྱིན་རླབས་དབང་བསྐུར་གྱི་ཆོ་གའོ། །དང་པོ་ནི། བྱིན་རླབས་དང་ལྡན་པའི་གནས་དབེན་པར་གཙང་ཞིང་དག་པའི་མཆོད་པ་དང་། དཀར་གསུམ་གྱི་གཏོར་མ་བླ་མ་དཀོན་མཆོག་སྤྱི་ལ་གཅིག །ཆོས་སྲུང་ལ་གཅིག་བཅས་བཤམ། བདེ་བའི་སྟན་ལ་འཁོད་དེ་ངེས་པར་འབྱུང་བ་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིད་ལ་བྱེད་པ་དང་མ་བྲལ་བས་སྒྲུབ་ཐབས་ཉམས་སུ་ལེན་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། བླ་མ་བརྒྱུད་པའི་གསོལ་འདེབས་རྒྱས་པར་བྱས་ལ། སྐྱབས་འགྲོ་ནི། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་
༢༨༥མི་ལྡོག་པའི་དགེ་འདུན་ཆེན་པོ་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ། སེམས་བསྐྱེད་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་དང་མཁའ་མཉམ་གྱི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱིས། སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། བསྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས། དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་དབྱུང་བ་རྣམས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ལན་གསུམ། མཆོད་པ་བྱིན་བརླབ་ནི། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་ངོ་བོ་
༢༨༦ཐུབ་པ་དང་དབྱེར་མེད་པའི་ལོངས་སྐུ། གཡས་ནོར་བུའི་ཕྲེང་བ་དང་། གཡོན་ཤེལ་གྱི་མཁར་བ་རྩེ་མོར་སངས་རྒྱས་སྟོང་གིས་མཚན་པ་འཛིན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པར་གྱུར། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པ་ལ་བསང་། ༀ་སྭ་བྷཱ་བ་སོགས་ཀྱིས་སྦྱང་། རང་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། སྣོད་བཅུད་ཀྱི་མ་དག་པ་སྦྱང་སྟེ་སྟོང་པར་གྱུར། །སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆང་ཞལ་ཟས་རོལ་མོ་ལ་སོགས་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པོའ་རྣམ་པར་འཕྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཟད་མི་ཤེས་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨཱརྒྷཾ་ཨཱ་ཧཱུྃ། ནས་ ༀ་ཤབྡ་ཨཱཿཧཱུྃ། རྣམས་དང་། ༀ་རཱུ་པ་ཨཱཿཧཱུྃ། ༀ་ཤབྡ་ཨཱཿཧཱུྃ། ༀ་གནྷེ་ཨཱཿཧཱུྃ། ༀ་ར་ས་ཨཱཿཧཱུྃ། ༀ་སྤེ་ཨཱཿཧཱུྃ། ཞེས་པའམ། བསྡུ་ན། ༀ་བཛྲ་ཨཱརྒྷཾ་པཱ་དྱཾ་སོགས་ཕྱོགས་སུ་བསྡུས་པས་ཀྱང་རུང་ངོ་། །གཉིས་པ་དངོས་གཞི་ལ་གཉིས། བསྐྱེད་པ་དང་། བཟླས་པའི་རྣལ་འབྱོར་རོ། །དང་པོ་ནི། ༀ་སྭ་བྷཱ་བ་སོགས། སྣོད་བཅུད་ཀྱིས་བསྡུས་པའི་བརྟན་གཡོའ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་སེམས་ཀྱི་ཆ་ཤས་ལས་གྲུབ་པའི་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་དབུས་སུ། པད་དཀར་འདབ་མ་སྟོང་ལྡན་གྱི་ལྟེ་བར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་འདོད་སྣམ་ཕ་གུ་དྲྭ་བ་དྲྭ་ཕྱེད་མདའ་ཡབ་བུ་ཤུ་རྒྱན་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་གི་སྟེང་དང་ཤར་དཀར། ལྷོ་སེར། །ནུབ་དམར། བྱང་ལྗང་། འོག་སྔོན་པོར་གྱུར་པའི་ཁ་དོག་སོ་སོའ་རང་མདོག་ལྟར་འཆར་བ་ལ་རྣམ་པ་ཡི་གེའི་གཟུགས་ཅན་གྱིས་བར་མཚམས་མེད་པར་ཁྱབ་པ། ཁ་དོག་དང་དབྱིབས་རྣམས་མ་འདྲེས་པར་སོ་སོར་བཀྲ་བའི་སྟེང་གི་ཡི་གེ་ཐམས་ཅད་ༀ། ཤར་མ།
༢༨༧ལྷོ་ཎི། ནུབ་པད། བྱང་མེ། འོག་ཧཱུྃ་དུ་སྣང་བའི་གཞལ་ཡས་ཁང་གི་དབུས་སུ་པཾ་དཀར་པོ་ལས་ནམ་མཁས་གར་ཁྱབ་ཏུ་ཁྱབ་བའི་པདྨ་དཀར་པོའ་སྟེང་དུ་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་པདྨའི་ལྟེ་བ་དང་མཉམ་པ། །དེའི་སྟེང་དུ་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས་ཐིག་ལེ་དཀར་པོ་ནམ་མཁའ་ལྟར་མཐའ་བྲལ་བའི་རང་བཞིན་ཅན། དེ་ཡོངས་སུ་གྱུར་པ་ལས་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ནམ་མཁས་གར་ཁྱབ་སྐུས་ཁྱབ་པ། དབུ་བཅུ་གཅིག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ། རྩ་བའི་ཞལ་དཀར་པོ་གཡས་དམར་གཡོན་ལྗང་། དེའི་སྟེང་གི་ཞལ་དབུས་ལྗང་གཡས་དཀར་གཡོན་དམར། དེའི་སྟེང་གི་ཞལ་དབུས་དམར་གཡས་ལྗང་གཡོན་དཀར་བ། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་པ། སྤྱན་གསུམ་པ། རལ་པ་དམར་སེར་གྱེན་དུ་བརྫེས་པ། དེའི་སྤྱི་བོར་ཞི་བའི་ཞལ་དམར་པོ་གཙུག་ཏོར་ཅན། རྩ་བའི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པ་ན་བགྲང་ཕྲེང་། གསུམ་པ་ན་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་བདུད་རྩི་འབབ་པའི་རྒྱུན་གྱིས་ཡི་དྭགས་རྣམས་ཚིམས་པར་བྱེད་པ། བཞི་པ་ན་འཁོར་ལོ། །གཡོན་གྱི་གཉིས་པ་ན་པདྨ། གསུམ་པ་ན་རིལ་བ་སྤྱི་བླུགས། བཞི་པ་ན་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དགུ་བཅུ་རྩ་གཉིས་པོ་ཐམས་ཅད་མཆོག་སྦྱིན་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། བ་སྤུའི་བུ་ག་རེ་རེ་ན་སངས་རྒྱས་ཀྱི་ཞིང་གྲངས་མེད་པ། དེ་རྣམས་ནི་སངས་རྒྱས་བྱང་སེམས་མཐའ་ཀླས་པ་བཞུགས་པ། གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་གྱི་ཚོགས་འཕྲོས་པས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་པ། དེའི་ཐུགས་ཀར་ཐིག་ལེ་གཉིས་པ་སྟོང་གསུམ་མི་མཇེད་ཀྱི་ཐིག་ལེ་བཀོད་པ་སྔར་ལྟ་བུའི་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ༀ་སེར་པོ་ལས་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་གངས་ཆེན་མཚོ་སྤྲུལ་སྐུའི་ཆ་བྱད་ཅན། གཡས་སྐྱབས་སྦྱིན་དང་། གཡོན་མཉམ་བཞག་མཛད་
༢༨༨པ། གཡས་གཡོན་དུ་མཆོག་ཟུང་བཞེངས་ཏེ་བཞུགས་པ། བདེན་པ་བཞིའི་ཆོས་སྟོན་ཅིང་གནས་དུ་མར་སྤྲུལ་པ་བཀྱེ་ནས་སེམས་ཅན་གྱི་དོན་མཛད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་རང་དུ་མས་ཕོ་བྲང་དེའི་མཐའ་ངོས་ཁེངས་ཤིང་། དེ་དག་ཐམས་ཅད་ཀྱི་གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་འཕྲོས་པས་འགྲོ་དྲུག་ཐམས་ཅད་ཀྱི་བག་ཆགས་དང་བཅས་པ་སྤྱོད་པར་མཛད་པ། དེའི་ཐུགས་ཀར་ཐིག་ལེ་གསུམ་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ཞལ་བཅུ་གཅིག །ཕྱག་བཞི་བཅུ་རྩ་གཉིས་པ། རྩ་ཞལ་གསུམ་དཀར་པོ་ཞི་ཞལ། དེ་སྟེང་གསུམ་སྔོན་པོ་ཁྲོ་ཞལ། དེ་སྟེང་གཉིས་དམར་པོ་ཁྲོ་ཞལ། དེ་སྟེང་གཉིས་སྔོན་པོ་ཞི་ཞལ། དེ་སྟེང་གཅིག་དམར་པོ་འོད་དཔག་མེད་པའི་དབུ་གཙུག་ཏོར་དང་ལྡན་པ། རྩ་བའི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་ཉི་ཤུ་ན་རིམ་པ་བཞིན་དུ། བགྲང་ཕྲེང་དང་། འཁོར་ལོ་དང་། མཆོག་སྦྱིན་གྱི་མཐིལ་ན་སྤྲུལ་སྐུ་དང་། ནོར་བུ་དང་། ལྷུང་བཟེད་དང་། རྡོ་རྗེ་དང་། ནོར་བུ་ཆུ་ཤེལ་དང་། མདའ་དང་། རྔ་ཡབ་དང་། ཕུབ་དང་། ཤེལ་གྱི་གདུབ་སྐོར་དང་། པདྨ་སྔོན་པོ་དང་། པདྨ་དམར་པོ་དང་། ཚོན་སྣ་ལྔ་པའི་སྤྲིན་དང་། མི་འཇིགས་པ་སྦྱིན་པའི་སྐྱབས་སྦྱིན་དང་། རིན་པོ་ཆེ་དུང་དང་། རལ་གྲི་དང་། མདུང་ཐུང་དང་། རིན་པོ་ཆེའི་རྒྱན་དང་། མཁར་གསིལ་རྣམས་བསྣམས་པའོ། །གཡོན་གྱི་འོག་མ་ཉི་ཤུ་ན་རིམ་པ་བཞིན་དུ་པདྨ་དཀར་པོ་དང་། གཞུ་དང་། རིལ་བ་སྤྱི་བླུགས་དང་། སྤྲུལ་སྐུ་དང་། གླེགས་བམ་དང་། གཞལ་མེད་ཁང་དང་། དྲིལ་བུ་དང་། ནོར་བུ་མེ་ཤེལ་དང་། ལྕགས་ཀྱུ་དང་། ཐོད་མཁར་དང་། ཟ་མ་ཏོག་དང་། མེ་ལོང་དང་། དགྲ་སྟྭ་དང་། བུམ་པ་དང་། ལྕུག་མ་དང་། རྡོ་རྗེ་ཐོ་བ་དང་། རལ་གྲི་དང་། རྒུན་འབྲུམ་དང་། ལེ་བརྒན་པདྨ་དང་། ཞགས་པ་རྣམས་
༢༨༩བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། ཞབས་གཉིས་མཉམ་པར་བཞེངས་པ། གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་གྱི་ཚོགས་འཕྲོས་པས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་པ། དེའི་ཐུགས་ཀར་ཐིག་ལེ་བཞི་པ་གནས་ཁང་གི་ཐིག་ལེ་སྔར་ལྟ་བུའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿལས་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པ། ཞལ་འཛུམ་ཞིང་ཅུང་ཟད་འགྱིངས་པ་དབུ་སྐྲ་མཐིང་ག་དཔུང་པའི་ཐད་དུ་སླེབས་པ། ཕྱག་གཡས་ཤེལ་དཀར་གྱི་ཕྲེང་བ་དང་གཡོན་ཤེལ་གྱི་མཁར་བ་རྩེ་མོར་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་གདན་ལ་ཡུམ་ཆེན་མོ་གཡས་སུ་བླ་མ་མར་མེ་མཛད། གཡོན་དུ་རྒྱལ་བ་ཤཱཀྱ་ཐུབ་པ། འདབ་མ་སྟོང་ལ་སངས་རྒྱས་སྟོང་བཞུགས་པས་མཚན་པ་འཛིན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། དེའི་ཐུགས་ཀར་ཐིག་ལེ་ལྔ་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཨ་སེར་པོ་ལས་ཡུམ་ཤེར་ཕྱིན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོས་ཐུགས་ཀར་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་གཡོན་དང་པོས་མཉམ་བཞག་མཛད་པ། གཡས་འོག་མས་རྡོ་རྗེ་དང་གཡོན་འོག་མས་གླེགས་བམ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། འཁོར་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ། ཞལ་ནས་ཤེར་ཕྱིན་གྱི་སྒྲ་འུར་འུར་བ་གསུང་ཞིང་སྤྲོས་བྲལ་དུ་ངེས་པ་ལྷང་ལྷང་བསྐྱེད་པར་མཛད་པ། དེའི་ཐུགས་ཀར་ཐིག་ལེ་དྲུག་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་མུཾ་སེར་པོ་ལས་ཐུབ་པ་བདུད་འདུལ་སྤྲུལ་སྐུའི་ཆ་ལུགས་ཅན། གཡས་ས་གནོན་དང་གཡོན་མཉམ་བཞག་མཛད་པ། འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་འབའ་ཞིག་གིས་བསྐོར་བ། དེའི་ཐུགས་ཀར་ཐིག་ལེ་བདུན་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿདཀར་པོ་ལས་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཐལ་མོ་
༢༩༠སྦྱར་བ། ལྷག་མ་གཉིས་ཤེལ་ཕྲེང་དང་པད་དཀར་འཛིན་པ། ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་པ། འཁོར་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། དེའི་ཐུགས་ཀར་ཐིག་ལེ་བརྒྱད་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཏཱཾ་ལྗང་གུ་ལས་སྒྲོལ་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་གཡོན་ཨུཏྤལ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་པ། འཁོར་ཞི་བའི་ལྷ་མོ་དཔག་ཏུ་མེད་པས་བསྐོར་བ། དེའི་ཐུགས་ཀར་ཐིག་ལེ་དགུ་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཏཱཾ་ལྗང་ནག་ལས་སྒྲོལ་མ་དྲག་མོ་ལྗང་ནག་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་གྲི་ཐོད། འོག་མ་གཉིས་ཌཱ་མ་རུ་དང་ཁ་ཾ་ག་འཛིན་པ། མི་ལྤགས་ཀྱི་གཡང་གཞི་དང་སྟག་ལྤགས་ཀྱི་ཤམ་ཐབས་དང་རུས་པའི་རྒྱན་དྲུག་གསོལ་ཞིང་གཡོན་བརྐྱང་གིས་བཞུགས་པ། འཁོར་ལྷ་མོ་དྲག་མོའ་ཚོགས་དཔག་ཏུ་མེད་པས་བསྐོར་བ། །ཐམས་ཅད་ཀྱང་ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོགས་པ། གར་སྟབས་ཀྱིས་ས་གཡོ་ཞིང་བསྐྱོད་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་དུ་ཧཱུྃ་མཐིང་ནག་ལས་མི་གཡོ་བ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཞིང་གཏུམ་པ། གཡས་རལ་གྲི་དང་གཡོན་ཞགས་པ་འཛིན་པ། སྤྲུལ་དང་རིན་པོ་ཆེས་བརྒྱན་ཅིང་གླང་ལྤགས་དང་སྟག་ཤམ་གསོལ་བ། གཡོན་བརྐྱང་གིས་ཚོགས་ཀྱི་བདག་པོའ་གདན་ལ་མེ་དཔུང་གི་དབུས་ན་ཁྲོ་བོའ་ཚོགས་ཀྱིས་བསྐོར་ཏེ་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་གཅིག་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧཱུྃ་དཀར་པོ་ལས་མགོན་པོ་ཨ་ཏི་ཤ་ངོ་བོ་ཐུབ་པའི་དབང་པོ། །རྣམ་པ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པ། སྐྱིལ་ཀྲུང་གིས་བཞུགས་པ། དེའི་མདུན་དུ་ཐུབ་པ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། གཡས་སུ་སྤྱན་རས་གཟིགས། གཡོན་དུ་སྒྲོལ་མ། རྒྱབ་ཏུ་མི་གཡོ་བ། ཤར་ལྷོར་ཇོ་བོ་པཎྜི་ཏའི་ཆ་བྱད་ཅན། ལྷོ་ནུབ་ཏུ་འབྲོམ་དགེ་བསྙེན་གྱི་ཆ་བྱད་ཅན། ནུབ་
༢༩༡བྱང་དུ་རྔོག་དང་། བྱང་ཤར་དུ་ཁུ་སྟོན་གཉིས་བོད་སྟོན་རབ་ཏུ་བྱུང་བའི་ཆ་བྱད་ཅན། སྟེང་གི་ཆ་ལ་བརྒྱུད་པ་གསུམ་གྱི་བླ་མའི་ཚོགས་རྣམས་བཞུགས་པ། །དེའི་ཐུགས་ཀར་ཐིག་ལེ་བཅུ་གཉིས་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿདཀར་པོ་ལས་འབྲོམ་ཆོས་ཀྱི་རྒྱལ་པོ་ལོངས་སྐུའི་རྣམ་པ་ཅན་གར་ཆས་སུ་བཞུགས་པ། སྐུ་ཤེལ་ལྟར་དྭངས་ཤིང་གསལ་བའི་ངོས་ལ་དཀོན་མཆོག་གསུམ་གྱི་གཟུགས་བརྙན་ཇི་ལྟ་བ་བཞིན་དུ་འཆར་བ། དགུང་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། །གཡས་པད་དཀར་དང་གཡོན་དྲིལ་བུ་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པའི་མདུན་དུ་ཕྱི་ལྟར་ན་རང་དང་ཆ་ལུགས་མཚུངས་པའི་ཁྱེའུ་དཀར་པོ་བཞི། གཡས་སུ་སེར་པོ་བཞི། གཡོན་དུ་ལྗང་གུ་བཞི། རྒྱབ་ཏུ་དམར་པོ་བཞི། ནང་ལྟར་ན་སྐུ་མཆེད་གསུམ་སོགས་དང་། གསང་བ་ལྟར་ན་རིགས་ལྔའི་ངོ་བོ། །སྟེང་གི་ཆ་ལ་བརྒྱུད་པ་གསུམ་གྱི་བླ་མ་རྣམས་དང་། གསང་བ་ཡེ་ཤེས་སོགས་མཁའ་འགྲོའི་ཚོགས་དུ་མ་རྣམས་ཨོ་རྒྱན་གྱི་ཡུལ་དུ་མཛད་པ་ཇི་ལྟ་བ་བཞིན་གར་སྟབས་སྣ་ཚོགས་སུ་བསྒྱུར་བ། དེའི་ཐུགས་ཀར་ཐིག་ལེ་བཅུ་གསུམ་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་མཻཾ་སེར་པོ་ལས་རྒྱལ་བ་བྱམས་པ་སེར་པོ་དགེ་སློང་གི་རྣམ་པ་ཅན། སྐུ་ལ་ཆོས་གོས་གསུམ་གསོལ་བ། མཚན་དཔེ་དང་ལྡན་པ། ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་གཡོན་ན་ནམ་མཁའ་དྲི་མ་མེད་པ་དང་། བཙུན་པ་སྤྱན་རས་གཟིགས་གཉིས་དགེ་སློང་གི་ཆ་བྱད་ཅན་བཞེངས་ཏེ་བཞུགས་པ། སྟེང་གི་ཆ་ལ་འཕགས་པ་ཐོགས་མེད་སོགས་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མའི་ཚོགས་རྣམས་བཞུགས་པ། ཞལ་ནས་ཤེར་ཕྱིན་གྱི་བཀའ་ཟབ་མོ་རྣམས་སྒྲོག་ཅིང་། དེའི་དོན་ལ་གཡེལ་བ་མེད་བཞིན་དུ་ལྷའི་གནས་ལ་སོགས་པར་སྤྲུལ་པ་དཔག་ཏུ་མེད་པ་འགྱེད་ཅིང་གདུལ་བྱ་རྣམས་ས་ལམ་ཕྱིན་ཅི་མ་ལོག་པ་ལ་འགོད་པར་མཛད་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་བཞི་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་
༢༩༢གདན་ལ་དྷཱིཿཡིག་གསེར་བཙོ་མ་ལྟ་བུ་ལས་འཇམ་དཔལ་དབྱངས་སེར་པོ་རབ་བྱུང་སྤྲུལ་སྐུའི་ཆ་ལུགས་གཙུག་ཏོར་ཅན། ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་ཅན། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། གཡས་གཡོན་དུ་ཇོ་བོ་དང་སྤྱན་རས་གཟིགས་གཉིས་རབ་བྱུང་གི་རྣམ་པ་ཅན། སྟེང་གི་ཆ་ལ་མགོན་པོ་ཀླུ་སྒྲུབ་དང་ཟླ་བ་གྲགས་པ་ལ་སོགས་པ་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མའི་ཚོགས་རྣམས་སྤྲུལ་པ་དུ་མར་འགྱེད་པ། སླར་ཡང་མི་རྟོག་པའི་དབྱིངས་སུ་ཡལ་ཞིང་རང་རང་གི་སྐུའི་རྣམ་པ་ལམ་ལམ་འཆར་བས་བརྗོད་པ་དང་བཅས་པ་དང་བརྗོད་པ་མེད་པའི་ཆོས་སྣ་ཚོགས་སྟོན་པ། དེའི་ཐུགས་ཀར་ཐིག་ལེ་བཅོ་ལྔ་པ་གཞལ་ཡས་ཁང་གི་ནང་དུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་ཉི་མ་ཟླ་བའི་གདན་ལ་ཧཱུྃ་མཐིང་ནག་ལས་རྒྱལ་བ་རྡོ་རྗེ་འཆང་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གཡས་གཡོན་དུ་ཇོ་བོ་དང་སྤྱན་རས་གཟིགས་གཉིས་མཆོག་ཟུང་ལོངས་སྐུའི་ཆ་ལུགས་ཅན་རྡོར་དྲིལ་འཛིན་ཅིང་བཞེངས་པ། སྟེང་གི་ཆ་ལ་ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མ་ཏེ་ལོ་ནཱ་རོ་སོགས་དང་། ཡང་སྒོས་ནོར་བུའི་ཕྲེང་བའི་བླ་མ་བརྒྱུད་པ་རྣམས་ཀྱིས་བསྐོར་ནས་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་དྲུག་པ་སྔར་ལྟ་བུའི་གཞལ་ཡས་ཁང་མཛེས་ཤིང་ཡིད་དུ་འོང་བ། སྟོབས་དང་མི་འཇིགས་པ་སོགས་ཀྱི་རང་བཞིན་ཅན་གྱི་དབུས་སུ་པད་ཟླའི་གདན་ལ་ཧཱུྃ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས་བདག་ཉིད་སངས་རྒྱས་ཆོས་ཀྱི་སྐུ་ཟག་པ་མེད་པའི་ཡེ་ཤེས་ཅན། རྣམ་པ་ལོངས་སྤྱོད་རྫོགས་སྐུ་སྐྱིལ་ཀྲུང་དང་མཉམ་བཞག་གིས་བཞུགས་པ་སེར་པོ། ཆོས་ཀྱི་དབྱིངས་ལས་མི་གཡོ་བཞིན་དུ་སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་རྩོལ་མེད་ལྷུན་གྲུབ་ཏུ་འབྱུང་བའི་ངང་ནས་སྤྲུལ་སྐུ་དུ་མར་སྤྲུལ་ནས་གཞལ་ཡས་ཁང་དེར་གནས་པ་རང་ཉིད་གཙོ་བོའ་སྙིང་གི་དཀྱིལ་དུ་བྱང་ཆུབ་ཀྱི་ཐིག་ལེ་དྭངས་ཤིང་གསལ་བ་ཡུངས་འབྲུ་ཙམ་པ་དེ་རྒྱ་ཇེ་ཆེར་སོང་ནས་ནོར་བུ་
༢༩༣རིན་པོ་ཆེའི་སྣོད་རྒྱ་ཆེ་ཞིང་དཔང་མཐོ་བ། དྭངས་ཤིང་འོད་འཚེར་བ། དེའི་ནང་དུ་རང་གི་སེམས་ཐིག་ལེ་སེར་པོ་སྲན་མ་ཙམ་དྭངས་ཤིང་འོད་འཚེར་བ་མེར་མེར་གཡོ་ཞིང་འདུ་བདེ་རྒྱ་ཇེ་ཆེར་སོང་བས་ཐིག་ལེ་རྒྱ་མཚོ་གསེར་བཙོ་མའི་མདོག་ལྟར་དྭངས་ཤིང་ཁོད་སྙོམས་པ། གཞི་བརྟན་པ། རྒྱ་ཆེ་བ། ཁྱབ་ཆེ་བ། གཟུགས་བརྙན་ཐམས་ཅད་འཆར་བའོ། །ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དག་པ་རབ་འབྱམས་ཀྱི་ཞིང་ཁམས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལཱ་ཡ་སྟཾ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་ལུས་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས་རང་རང་གི་ས་བོན་གྱིས་དབུ་བརྒྱན་པར་གྱུར། ཡན་ལག་བདུན་པ་དབུལ་བ་ནི། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །རྣམ་དག་སྐུ་ལ་ཡེ་ཕྱག་འཚལ། །སྐྱེ་གནས་འཇིག་པས་མ་གོས་པའི། །དྲི་མེད་མཆོད་ཚོགས་འཕུལ་ལོ་ལྷ། །སྒོ་གསུམ་སྐྱེ་གནས་འཇིག་བྲལ་བའི། །ཉེས་པའི་གཡང་ས་མཐོལ་ལོ་བཤགས། །སྟོང་ཡང་སྣ་ཚོགས་སྐུར་སྟོན་པས། །གྲངས་མེད་འདྲེན་ལ་རྗེས་ཡི་རང་། །སྨོན་དང་མཚན་མས་སྟོང་པ་ཡི། །འཁོར་ལོ་དབྱིངས་སུ་བསྐོར་དུ་གསོལ། །སྐྱེ་བས་སྟོང་པའི་ཆོས་སྐུ་ཁྱེད། །ལྷུན་གྲུབ་གནས་པའི་རང་བཞིན་ལས། །གང་དུའང་འདའ་བར་མ་མཛད་ཅིག །དགེ་བ་འདི་ཡིས་འཁོར་བ་རྣམས། །འདི་འདྲར་རྟོགས་ཏེ་འདི་འདྲ་བའི། །གཞལ་ཡས་ཁང་དུ་འདྲོངས་གྱུར་ཏེ། །གསང་སྔགས་འདི་བཞིན་
༢༩༤སྤྱོད་པར་ཤོག །འདི་ཕྱིན་གྱི་ཤློ་ཀ་གསུམ་ཕལ་ཆེར་ལ་མེད་པས་མ་བརྗོད་ཀྱང་ཆོག །གནས་སྐབས་ཀྲི་ཡའི་ལྷ་ལྔ་བཞིན། །པད་དཀར་སྟོང་ལྡན་ལྟེ་བ་ལ། །ཟླ་བ་ཞུན་མའི་གདན་སྟེང་དུ། །ཕྱི་ནང་གསང་བ་དེ་ཉིད་ཀྱི། །བསྐྱེད་རྫོགས་མཆོག་ཏུ་བསྔགས་པར་ཤོག །གློ་བུར་འདི་ཡང་ཆོས་དབྱིངས་ལས། །ཐ་དད་ཅི་ཡང་ཡོད་མ་མཆིས། །ཐ་དད་མེད་པར་ཕུན་ཚོགས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །གཙང་མ་རིགས་ཀྱི་བཀྲ་ཤིས་ཤོག །ཐོག་མཐའ་བར་གསུམ་གཙང་མ་ལས། །གཡོས་པ་མེད་པའི་བཀྲ་ཤིས་ཤོག །བསྡུ་ན་གོང་གི་འཕྲོས་སུ་བཟླས་པ་ལ་འཇུག་ཀྱང་ཆོག །ཅུང་ཟད་སྤྲོ་ན། མཆོད་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ་ཨཱརྒྷཾ་གྱི་གནས་སུ པཱ་ཏྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱ། ཤབྡ། ཤབྡ། རཱ་ས། པྲ། ཧཱུྃ་སྭཱ་ཧཱ། ཞེས་པ་རྣམས་སྦྱར། བསྟོད་པ་ནི། མ་དག་ཞིང་གི་འཇིག་རྟེན་ཇི་སྙེད་པ། །དག་པ་རབ་འབྱམས་ལྷ་ཡི་གཞལ་ཡས་སུ། །མངོན་པར་ལེགས་བསྒྱུར་བཅོམ་ལྡན་ཐུབ་པ་ཆེ། །རྗེ་བཙུན་ཕྱག་ན་པདྨའི་ཚོགས་ལ་བསྟོད། །རྒྱལ་བ་ཀུན་གྱི་ཡུམ་ཆེན་ཤེར་ཕྱིན་མ། །སངས་རྒྱས་ཞི་དང་ཁྲོ་བོ་མཁའ་འགྲོའི་ཚོགས། །ཀུན་འདུས་བཀའ་གདམས་ལྷག་པའི་ལྷ་མཆོག་བཞི། །སྐྱབས་མཆོག་ཡི་དམ་ཆོས་སྐྱོང་རྣམས་ལ་བསྟོད། །རྒྱལ་ཆེན་སྦྱོང་དང་ཟབ་མོ་ལྟ་བའི་ལམ། །ཉམས་ལེན་སྙན་བརྒྱུད་གདམས་པ་མཆོག་གི་གཏེར། །རྒྱུན་ཆད་མེད་པར་འཛིན་ཅིང་སྤེལ་མཁས་པ། །ལྷ་ཆོས་བདུན་ལྡན་བརྒྱུད་པ་རྣམས་ལ་བསྟོད། །གདོད་ནས་རྣམ་དག་སྣང་སྟོང་དག་པའི་བཤིས། །བཞིན་ལེགས་མཚན་དཔེའི་འཇའ་ཚོན་རྣམ་བཀྲ་བ། །ཐབས་ཤེས་དབྱེར་མེད་མི་ཤིགས་རླུང་སེམས་ཟུང་། །ཆེས་ཕྲ་ཐིག་ལེའི་རྣམ་པར་ཤར་ལ་བསྟོད། །ལྷ་ཆོས་བདུན་གྱི་ཉིང་ཁུ་ཐིག་ལེའི་ཆོས། །ཉམས་སུ་བསྟར་བས་ཚེ་འདིར་ཟུང་འཇུག་སྐུ། །མངོན་དུ་བྱས་ཏེ་དོན་གཉིས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་
༢༩༥གྱིས་རློབས། གཉིས་པ་བཟླས་པ་ནི། ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་རང་རང་གི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་མཆོད། སེམས་ཅན་གྱི་སྡིག་སྒྲིབ་རྣམས་སྦྱངས། རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་འབེབས་པ་སོགས་སྤྲོ་བ་དང་བསྡུ་བའི་མཛད་པ་ཅན་དུ་གྱུར་པར་བསམ་པའམ། ཡང་ན་ཐིག་ལེ་བཅུ་དྲུག་པོའ་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་ལྟར་སྒྲོག་ཅིང་སྐུ་གསུང་ཐུགས་ལས་འོད་ཟེར་གྲངས་མེད་པ་འཕྲོས་པས་འཕགས་པའི་ཚོགས་རྣམས་མཆོད། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་རྣམས་བྱང་ཞིང་དག །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར་པར་བསམ་ལ། ༀ་མ་ཎི་པདྨེ་ཧཱུྃ། གཉིས་པ་ལ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། གསུམ་པ་ལ་མ་ཎི། བཞི་པ་ལ་མ་ཎི། ལྔ་པ་ལ། ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་ཡེ་སྭཱ་ཧཱ། དྲུག་པ་ལ་མུ་ནི། བདུན་པ་ལ་མ་ཎི། བརྒྱད་པ་ལ། ༀ་ཏྭཱ་ར་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། དགུ་པ་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ། བཅུ་པ་ལ། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། བཅུ་གཅིག་པ་ལ། ༀ་མ་ཧཱ་གུ་རུ་དཱི་པཾ་ཀ་ར་ཨ་ཏི་ཤ་སྭཱ་ཧཱ། སྤྲོ་ན་འཁོར་གྱི་བཀའ་གདམས་ལྷ་བཞིའི་སྙིང་པོའང་བཟླ་བར་གསུངས། བཅུ་གཉིས་པ་ལ་མ་ཎི་དང་སྤྲོ་ན་རིག་གསུམ་མགོན་པོའ་སྔགས་ཀྱང་བཟླ་བར་གསུངས། བཅུ་གསུམ་པ་ལ། ༀ་མི་ཏྲི་ཡེ་སྭཱ་ཧཱ། བཅུ་བཞི་པ་ལ། ༀ་ཝཱ་གཱི་ཤྭ་རི་མུཾཿདང་། ཨ་བཟླའོ། །བཅོ་ལྔ་པ། ༀ་ཨཱཿབཛྲ་བྷྲྀ་ཀ་ཧཱུྃ་ཧཱུྃ། བཅུ་དྲུག་པ་ལ། ༀ་ཨཱཿཧཱུྃ་དང་། ༀ་དྷརྨ་ཀཱ་ཡ་སིདྡྷི་ཧཱུྃ། ཞེས་པ་རྣམས་བཟླ། ཡང་ན་ཐམས་ཅད་ལ་ཡིག་དྲུག་ཁོ་ན་བཟླས་ཀྱང་ཆོག་པར་བཤད། འདི་ལ་གྲངས་བསྙེན་ཙམ་ལ་གཙོར་མི་ཕྱེད་ན་བཟླས་པའི་གཙོ་བོ་ཡིག་དྲུག་ཉིད་དུང་ཕྱུར་ལ་སོགས་དང་གཞན་རྣམས་ཅི་ནུས་སུ་བཟླས། གྲངས་བསྙེན་རབ་འབུམ་ཐེར་བདུན་སོགས་ནས་མ་མཐའ་ཁྲི་ཚོ་དེ་ཐིག་ལེ་བཅུ་དྲུག་པོ་སོ་སོར་བཟླ་དགོས་སོ། །གསུམ་པ་ལ་གཉིས། ཐུན་བསྡུ་བ་དང་། ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ནི། བཟླས་པའི་འཕྲོ་འཇོག་པ་ན་ཡི་གེ་བརྒྱ་མང་དུ་བཟླས་ལ་ཉེར་བསྡུ་ནི། རང་ཉིད་གཙོ་བོའ་ཐུགས་ཀར་ཐིག་ལེ་སེར་པོ་
༢༩༦ཡུངས་འབྲུ་ཙམ་དྭངས་ཤིང་གསལ་བ་དེ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་བཀོད་པ་བསམ་གྱིས་མི་ཁྱབ་པའི་ལྷའི་གཞལ་ཡས་ཁང་ལ་ཐིམ། ཐིག་ལེ་བཅོ་ལྔའི་བར་གྱི་ལྷ་དང་གཞལ་ཡས་ཁང་དེ་རྣམས་ཀྱང་རང་རང་གི་ཐིག་ལེར་གྱུར་ནས་ཕྱི་མ་ཕྱི་མ་ནང་མ་ནང་མ་ལ་ཐིམ་ནས་ཐིག་ལེ་སེར་པོ་སྲན་མ་ཙམ་ཞིག་ཏུ་གྱུར། དེ་ཉིད་སངས་རྒྱས་ཆོས་ཀྱི་སྐུའི་སྤྱི་བོའ་ༀ་ལ་ཐིམ། ༀ་ཡང་ཨཱཿལ་ཐིམ། ཨཱཿཡང་ཧཱུྃ་ལ་ཐིམ། ཧཱུྃ་ཡང་ཤིན་ཏུ་ཕྲ་བའི་རླུང་སེམས་བྱང་ཆུབ་ཀྱི་ཐིག་ལེ་ལ་ཐིམ་ནས་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་གྱུར། དེ་ནས་ཡུན་ཅི་གནས་སུ་མཉམ་པར་འཇོག །དེ་ལས་ལྡངས་པ་ན། སྟོང་པའི་ངང་ལས་རང་ཉིད་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཅེས་བསྒོམ་ལ་སྤྱོད་ལམ་བྱའོ། །གཉིས་པ་གཏོར་མ་འབུལ་ན། གཏོར་མ་ཆབ་ཀྱིས་བྲན་ལ། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པས་བསང་། ༀ་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྩ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྱན་དྲངས། ༀ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། རྒྱས་པར་གོང་གི་སྔགས་མན་བཅུ་དྲུག་པོ་རེ་རེ་བཞིན་གཏོར་སྔགས་བཏགས་ལ་ཕུལ། བསྡུ་ན། ༀ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་དྷརྨ་པཱ་ལས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བདུན་ནམ་གསུམ་དང་། ཁྱད་པར་དུ་ཇོ་བོ་བཀའ་གདམས་པ་རྣམས་ཀྱི་སྲུང་མ་དཀར་པོ་བརྒྱད་ཅུ་ལ་དམིགས་ཏེ། ཨ་ཀཱ་རོ་སོགས་གསུམ་གྱིས་ཕུལ། སླར་ཡང་། ༀ་བཛྲ་ཨཱརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པས་མཆོད། ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་ཕྲིན་ལས་བཅོལ། །
༢༩༧ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། ༀ་བཛྲ་མུཿས་གཤེགས་སུ་གསོལ། །བཟང་པོ་སྤྱོད་པ་སོགས་བསྔོ་སྨོན་རྒྱས་བསྡུས་གང་ཡང་རུང་བ་བྱ། ཞལ་ནས་གསུངས་པའི་ཚིགས་སུ་བཅད་པའི་བཀྲ་ཤིས་ཀྱང་བརྗོད་དོ། །འདིར་ཡིག་ཆ་འགའ་ཞིག་ཏུ་ཅུང་ཟད་ཙམ་གྱི་འདྲ་མིན། ཐིག་ལེ་བཞི་ཡི་དབུ་རུ་བྱང་ཕྱོགས་ཀྱི་ཐིག་ལེ་གཞལ་ཡས་ཁང་དུ་པད་ཟླའི་སྟེང་ན་ཧྲཱིཿདཀར་པོ་ལས་འབྲོམ་ཤེལ་གྱི་ཁྱེའུ་དཀར་པོ་ཞི་ཞིང་འཛུམ་པ་དབུ་སྐྲ་མཐིང་ག་དཔུང་པའི་སྟེང་དུ་སླེབས་པ་སོགས་དང་། ཐིག་ལེ་བཅུ་གཉིས་པར་མགོན་པོ་ཀླུ་སྒྲུབ་སེར་པོ་སོགས་ས་བོན་དང་མངོན་རྟོགས་གཞན་འདྲ་བ་དང་། བཅུ་དྲུག་པར། དེའི་ཐུགས་ཀར་ཐིག་ལེ་བཅུ་དྲུག་པ་གཞལ་ཡས་ཁང་དབུས་སུ་པད་ཟླའི་སྟེང་ན་ཧཱུྃ་མཐིང་སྐྱ་ལས་སངས་རྒྱས་ཆོས་ཀྱི་སྐུ་མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཤིན་ཏུ་ཕྲ་བའི་རླུང་སེམས་ཐིག་ལེ་དཀར་སེར་རྟེན་བརྟེན་པའི་རྣམ་པ་ཅན་ཡུངས་ཀར་གྱི་འབྲུ་ཚད་ཙམ་འོད་ཟེར་སྣ་ལྔའི་རང་བཞིན་ཅན་དུ་གྱུར། ཅེས་གསལ་བཏབ་ནས་གནས་གསུམ་བྱིན་བརླབ་བྱེད་པའི་ལུགས་དང་། ཡང་ན། རྩ་བའི་ཡིག་རྙིང་བཀའ་གདམས་གླེགས་བམ་དངོས་སུ་བཞུགས་པ་ལས། ཐིག་ལེ་དང་པོ་འདྲ། ཐིག་ལེ་གཉིས་པར་མི་མཇེད་ཀྱི་བཀོད་པ་ཡིན་པས་ཐུབ་པ་ཉིད་ལེགས་ལ། ཡང་ན་གཙོ་བོ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ངམ་རྩ་ཕྱག་བཞི་བཅུ་བར་བསྐྱེད་ནས་མ་ཎི་བགྲང་བའང་འགལ་བ་མེད་གསུངས། གསུམ་པར་རྩ་ཕྱག་བཞི་བཅུ་པར་དངོས་སུ་བསྟན་ཀྱང་། ཡིག་རྙིང་རྣམས་སུ་མིང་ཙམ་ལས་གསལ་ཁ་མེད་སྟབས། འདིའི་ཆོག་ཁྲིགས་སྔ་མ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། ལྔ་པ་ཆེན་པོ་བློ་བཟང་རྒྱ་མཚོ། ཕུར་བུ་ལྕོག་ངག་དབང་བྱམས་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། དངུལ་ཆུ་དྷརྨ་བྷ་དྲ་དང་ལྔ་པོས་ཀྱང་ཐིག་ལེ་དང་པོ་ཉིད་ཡང་བསྐྱར་དུ་བཀོད་མོད་གླེགས་བམ་རིན་པོ་ཆེའི་ཡིག་རྙིང་ཐུགས་དམ་ཇོ་བོ་ཡབ་སྲས་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་གཏེར་ཞེས་པར་འདི་ལྟར་བཞུགས་པ་རྩ་བའི་དགོངས་པ་དང་མཐུན་པས་ལེགས་པ། བཞི་པ་གནས་ཁང་གི་ཐིག་ལེ། ལྔ་པ། དྲུག་པ་རྣམས་འདྲ། བདུན་པར་ཕྱག་སྟོང་སྤྱན་སྟོང་རྩ་ཕྱག་ལས་གཞན་ཕྱག་ཞེ་གཉིས་ནས་ཀྱང་ཕྱག་མཚན་དུ་མ་འཛིན་པ་འཁོར་སོགས་འདྲ་བ། བརྒྱད་པ་ནས་བཅུ་དྲུག་གི་བར་དཀྱུས་སུ་བཀོད་པ་དང་འདྲ། འོན་ཀྱང་བཅུ་བཞི་པར་མགོན་པོ་ཀླུ་སྒྲུབ་མངོན་རྟོགས་འཇམ་དབྱངས་ལྟར་ཡོད་ཀྱང་གོང་དུ་བྱམས་པ་ཡོད་པས་དཀྱུས་བཀོད་ཉིད་ལེགས་སྙམ། སྔགས་བཅུ་གཅིག་པ་དང་བཅུ་བཞི་པར་མ་ཎི་དང་། བཅོ་ལྔ་བཅུ་དྲུག་གཉིས་ལ་འདི་
༢༩༨བཟླ་ཞེས་མ་གསུངས་པ་རྣམས་ནི་ཁྱད་པར་ཏེ་ཞར་བྱུང་དུ་འཕྲོས་པའོ། །གཉིས་པ་གཞན་དོན་བྱིན་བརླབས་དབང་བསྐུར་གྱི་ཆོ་ག་བཤད་པ་ལ་གསུམ། སྦྱོར་བ་པོ་ཁྱད་གཤོག །དབང་དོན་སྒྲུབ་ཅིང་མཆོད་པ། དབང་བསྐུར་རྗེས་ཆོག་དང་བཅས་པའོ། །དང་པོ་ནི། སློབ་དཔོན་རྣལ་འབྱོར་ལ་གོམས་པ་ཀློང་དུ་གྱུར་པས་བསམ་གཏན་གྱི་དཀྱིལ་འཁོར་ལ་བརྟེན་ཀྱང་ཆོག་མོད། ལས་དང་པོ་པའི་དཔོན་སློབ་ཚོགས་སྐབས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་པ་ཉིད་ལེགས་པས། སྟེགས་གཙང་མའི་ཁར་རས་བྲིས་ཀྱི་དཀྱིལ་འཁོར་སྒོ་སྦྲགས་བཅུ་དྲུག་གི་ཕྱི་མ་ལ་རྒྱན་སོགས་སྤྱི་མཐུན་ལྟར་ལ། ལྷ་གནས་པདྨ་འདབ་བཞི་བྲིས་པའི་དབུས་སུ་མཉྫིའི་བར་རྣམ་རྒྱལ་བུམ་པ་བུམ་རྫས་ཉེར་ལྔས་བཀང་བ་དང་ཤར་དུ་ལས་བུམ་བཀོད། དཀྱིལ་འཁོར་གྱི་མཐར་མཆོད་པ་བདུན་ཚར་བཅུ་དྲུག་ལ་ཉུང་མཐར་བྱས་པ་དང་། མདུན་དུ་དཀར་མངར་ལས་བཅོས་པའི་འདུས་གཏོར་གཅིག་གམ། སྤྲོ་ན་མགྲོན་ཚན་བཅུ་དྲུག་ཆོས་སྲུང་བཅས་བཅུ་བདུན། འབྲིང་དུ་དཀར་གཏོར་ཆ་བཞི་བཤམ། རྡོར་དྲིལ། མཎྜལ། སྒོས་འཐོར་ནས་བཅས་ཉེ་བར་ཚོགས་པར་བྱའོ། །གཉིས་པ་ལ། བདག་མདུན་བུམ་གསུམ་ཆོ་ག་གཅིག་གིས་མཉམ་དུ་སྒྲུབ་པའི་ཚུལ་བཤད་པ་ནི། གོང་སྨོས་བསམ་གཏན་གྱི་དཀྱིལ་འཁོར་ལ་བརྟེན་པའི་དོན་འབྲེལ་བར་མངོན་ལ། སོ་སོར་སྒྲུབ་པ་ཉིད་གསང་སྔགས་གསར་ས་སྤྱི་ལུགས་དང་མཐུན་ལ་དམིགས་རྣམ་གསལ་བའི་ཁྱད་པར་གྱིས་བྱ་བ་ལེན་དུ་མཛད་པ་ལེགས། དེ་ལའང་མདུན་བུམ་ཆབ་ཅིག་པ་དང་ཐ་དད་དུ་སྒྲུབ་ཚུལ་གཉིས་འབྱུང་བ་སོ་སོའ་མོས་པ་དང་བསྟུན་ཆོག་ཀྱང་ལྟ་བའི་གོ་བ་ཙམ་དང་དམིགས་པ་ཡིན་ལོ་ཙམ་གྱིས་ནི་བྱས་ལམ་བསགས་པའི་ལས་སུ་འགྱུར་ཉེན་ཆེ་བས། འདིའི་བློ་གྲོས་དམན་པ་ཕལ་ཆེར་བདེ་བའི་ལག་ལེན་ལྟར་ན་ལྔ། བདག་བསྐྱེད། མདུན་བསྐྱེད། བུམ་བསྐྱེད། གཏོར་འབུལ། བདག་འཇུག་གོ །དང་པོ་ནི། བརྒྱུད་འདེབས་དང་། སྐྱབས་སེམས་ནས་བརྩམ། བཟླས་པ་ཚང་བར་བྱས་ནས་ཡིག་བརྒྱ་བརྗོད། གཉིས་པ་ནི། མདུན་གྱི་དཀྱིལ་འཁོར། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཀྱིས་བསང་། སྭ་བྷ་བས་སྦྱང་། སྣོད་བཅུད་ཀྱིས་བསྡུས་པའི་བརྟན་གཡོའ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་སེམས་ཀྱི་ཆ་ཤས་ལས་གྲུབ་པའི་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་དབུས་སུ་ཞེས་པ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་གྱུར་བར་བསམ་ལ། མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད། །མི་བཟད་བདུད་ཀྱི་དཔུང་གིས་ཕྱག་
༢༩༩བྱས་པ། །རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་གྱུར་འདིར་གཤེགས་ཤིག །ༀ་སརྦ་ཏ་ཐཱ་ག་ཏ་ཨེ་ཧྱེ་ཧི་བྷ་ག་བཱ་ན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་ནས ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པས་མཆོད། ཛཿཧཱུྃ་བཾ་ཧོཿ ཞེས་པས། ཡེ་ཤེས་པ་རྣམས་དམ་ཚིག་པ་སོ་སོ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། །ༀ་པཉྩ་ཀུ་ལས་པ་རི་པཱ་ར་ཨཱརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པས་མཆོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་ནས ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་བུམ་པ་བཟང་པོ་ལས་བྱུང་བའི་ཆུའི་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར། ལུས་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་རང་རང་གི་ས་བོན་གྱིས་དབུ་བརྒྱན་པར་གྱུར། པར་བསམ། དེ་ནས་མཆོད་པ་འབུལ་བ་ནི། མདུན་བསྐྱེད་ཀྱི་མཆོད་པ་ཁ་གསོས་ལ་བདག་བསྐྱེད་ལྟར་བྱིན་བརླབ་བོ། །དེ་ནས། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། སོགས་ཀྱིས་ཡན་ལག་བདུན་པ་སྔར་ལྟར་བྱ། དེ་ནས་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་སྤྲོས་ཏེ་མཆོད་པར་བསམ་ལ། མཆོད་ཡོན་པ་ལ་ཆེར་མཆོད་ཡོན་བླ་རེ་དང་། ཞེས་པའི་ཚིགས་བཅད་དམ། ཡང་ན། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་པའི་ཚིགས་བཅད་དམ། ཡང་ན། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་མཆོད་ཡོན་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་བཀའ་དྲིན་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ། ཞལ་བསིལ། བསང་གཏོར། ཞེས་པ་རྣམས་བཅུག་པ་དང་། ཨཱརྒྷཾ་གྱི་གནས་སུ། པཱ་དྱཾ། ཨཱཉྩ་མ་ནཾ། ཏྲོ་ཀྵ་ཎཾ། གཅིག་སྟེ་ཆུ་བཞི་འབུལ། ལྷ་ཡི་མེ་ཏོག་དམ་པ་འདིས། །དཀྱིལ་འཁོར་མཆོད་པ་བགྱིད་པར་
༣༠༠འཚལ། །ཐུགས་ནི་བརྩེ་བས་ཉེར་དགོངས་ལ། །མགོན་པོས་མཆོད་པ་འདི་བཞེས་ཤིག །ༀ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ་བདུག་སྤོས་ནསརོལ་མོའ་བར་དང་ དྷུ་པེ་ནས ཤབྡའི་བར་གྱིས་ཉེར་སྤྱོད་ལྔ་དང་རོལ་ཚོ། ཞིང་འདིར་འདོད་ཡོན་སྣ་ལྔ་ཡིས། །སོགས་ཀྱི་འདོད་ཡོན་ལྔ་དང་། ལྷ་རྫས་ལས་གྲུབ་ལྟེ་བ་ཤིན་ཏུ་ཟླུམ། སོགས་ཀྱིས་རིན་ཆེན་བདུན་དང་། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ནི། སོགས་ཀྱིས་རྫས་བརྒྱད་དང་། སྣ་ཚོགས་དབང་པོའ་གཞུ་ལྟར་རབ་བཀྲ་ཞིང་། སོགས་ཀྱིས་ན་བཟའ་དང་། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ལ། སོགས་ཀྱིས་རྒྱན་འབུལ་བ་རྣམས་སྒྲུབ་མཆོད་དམིགས་སུ་བྱ་བའི་སྐབས་ནི་མཆོད་ཕྲེང་ཇི་ཙམ་རྒྱས་བཞིན་ལེགས་པས་ངེས་པར་དགོས་ལ། དབང་རྐྱང་ཙམ་ལ་སྐབས་དང་བསྟུན་ཆོག་ཅིང་མ་བྱས་ཀྱང་ཆད་སྐྱོན་མེད། དེ་ནས་བསྟོད་པ་ནི། མ་དག་ཞིང་གི་འཇིག་རྟེན་ཇི་སྙེད་པ། ཞེས་པ་ནས། འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། ཞེས་པའི་བར་དང་། སྤྲོ་ཞིང་ནུས་ན། རྒྱས་པར་ཐིག་ལེ་སོ་སོ་ལ་བསྟོད་པ་ནི། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །མཁའ་མཉམ་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །གྲངས་མེད་གསུམ་དུ་ཚོགས་གཉིས་རབ་རྫོགས་ཤིང་། །སྟོང་གསུམ་མི་མཇེད་ཞིང་གི་དཔལ་གྱུར་པ། །ཐུབ་དབང་གང་ཆེན་མཚོ་ལ་ཕྱག་འཚལ་བསྟོད། །ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོའ་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཞི་འཛུམ་ཉམས་ལྡན་དབུ་སྐྲ་དཔུང་པར་སླེབ། །གཡས་གཡོན་ཕྱག་གིས་བགྲང་ཕྲེང་མཁར་བ་འཛིན། །ཞབས་གཉིས་འགྲོ་བའི་དོན་དུ་མཉམ་པར་བཞེངས། །སྤྱན་རས་གཟིགས་དབང་འབྲོམ་ལ་ཕྱག་འཚལ་བསྟོད། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །ཕུན་
༣༠༡ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བསྐོང་བའི་གསུང་། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་ཕྱག་འཚལ་བསྟོད། །ཤེས་བྱ་མ་ལུས་མཁྱེན་པའི་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་བུ་གཅིག་ལྟ་བུར་བརྩེ། །ལྷུན་གྲུབ་རྒྱུན་མི་འཆད་པའི་མཛད་པ་ཅན། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །དབྱིངས་རིག་རྣམ་དག་པད་ཟླའི་གདན་སྟེང་ན། །མར་གད་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། །ལང་ཚོ་རབ་རྒྱས་གཡས་བརྐྱང་གཡོན་བསྐུམ་ཞབས། །ཐབས་ཤེས་ཟུང་འབྲེལ་མ་ལ་ཕྱག་འཚལ་བསྟོད། །འཇིགས་ཆེན་སྡུག་བསྔལ་བརྒྱད་དང་འབྱུང་པོའ་གདོན། །ཉོན་མོངས་ཤེས་བྱའི་སྒྲིབ་པའི་འཇིགས་པ་རྣམས། །ཁྱོད་ཞབས་དྲན་པའི་མོད་ལ་སྐྱོབས་མཛད་མ། །ནུས་པ་མཐར་ཕྱིན་མ་ལ་ཕྱག་འཚལ་བསྟོད། །སྐུ་མདོག་སྔོན་པོ་རལ་གྲི་ཞགས་པ་འཛིན། །གཡས་བསྐུམ་གཡོན་བརྐྱང་བདུད་བཞི་རབ་ཏུ་འཇོམས། །མ་གཡོས་མི་གཡོ་གཡོ་བ་མི་མངའ་བའི། །བཅོམ་ལྡན་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང་། །ཁ་བ་ཅན་ན་དཔལ་ལྡན་མར་མེ་མཛད། །དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད། །དཔལ་ལྡན་ཨ་ཏི་ཤ་ལ་ཕྱག་འཚལ་བསྟོད། །ཡོངས་ཀྱི་དགེ་བའི་བཤེས་གཉེན་ཡོངས་ཀྱི་མགོན། །རྒྱལ་བའི་གདུང་འཚོབ་གྱུར་པ་རྒྱལ་བའི་སྲས། །རང་གཞན་དོན་གཉིས་འབྱུང་གནས་རིན་པོ་ཆེ། །བཤེས་གཉེན་སྟོན་པའི་ཞབས་ལ་ཕྱག་འཚལ་བསྟོད། །བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། །མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་དཔལ། །སེང་བཟང་ཀུ་སཱ་ལི་གཉིས་གསེར་གླིང་པ། །རྒྱ་ཆེན་སྤྱོད་བརྒྱུད་བླ་མར་ཕྱག་འཚལ་བསྟོད། །འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང་། །ཟླ་བ་གྲགས་པ་རིག་པའི་ཁུ་བྱུག་རྗེ། །སངས་རྒྱས་དགོངས་སྐྱོང་འཕགས་པ་ཡབ་སྲས་ཏེ། །ཟབ་མོ་ལྟ་བརྒྱུད་བླ་མར་ཕྱག་འཚལ་བསྟོད། །ཐུགས་རྗེ་ཆེན་པོ་བདེར་གཤེགས་རྡོ་རྗེ་འཆང་། །
༣༠༢མཆོག་གཟིགས་ཏེ་ལོ་པ་དང་ནཱ་རོ་པ། །དཔལ་མཆོག་ཌོམྦི་པ་དང་ཨ་ཏི་ཤ །ཉམས་ལེན་བྱིན་བརྒྱུད་བླ་མར་ཕྱག་འཚལ་བསྟོད། །ཡེ་ཤེས་འཇའ་འོད་འཁྲིགས་པའི་གཞལ་མེད་དབུས། །འཁོར་འདས་བརྟན་གཡོ་ཀུན་གྱི་རང་བཞིན་དང་། །དབྱེར་མེད་སྒྲིབ་བྲལ་ཡེ་ཤེས་ཆོས་ཀྱི་སྐུ། །རྣམ་པ་ལོངས་སྐུར་ཤར་ལ་ཕྱག་འཚལ་བསྟོད། ཅེས་བསྟོད། བཟླས་པ་ནི། ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་ལྟར་སྒྲོག་ཅིང་སྐུ་གསུང་ཐུགས་ལས་འོད་ཟེར་གྲངས་མེད་པ་འཕྲོས་པས་འཕགས་པའི་ཚོགས་རྣམས་མཆོད། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་རྣམས་བྱང་ཞིང་དག །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར་བར་བསམ་ལ་ཐིག་ལེ་དང་པོའ་ༀ་མ་ཎི་པདྨེ་ཧཱུྃ། ཞེས་པ་སོགས་ཐིག་ལེ་བཅུ་དྲུག་པོའ་བསྙེན་པ་རྣམས་ཇི་ཙམ་འོས་པ་ཆ་སྙོམས་པ་བཟླའོ། །གསུམ་པ་ནི། བུམ་པ་སྔར་ལྟར་བསང་སྦྱང་། སྟོང་པའི་ངང་ལས་བཾ་ལས་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ། ཞབས་ཞུམ་པ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱི་མགུལ་ཆིངས་དང་དཔག་བསམ་ཤིང་གིས་ཁ་རྒྱན་པ་ལ་སོགས་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ༀ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ལྷའི་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། དེ་ལྟར་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ་ནང་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་དབུས་སུ་ཞེས་པ་ནས སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་གྱུར། ཞེས་པའི་བར་དང་། དེ་ནས་སྤྱན་འདྲེན་ནས་བསྟོད་པའི་བར་རྣམས་རྒྱས་པར་སྤྲོ་ན་མདུན་བསྐྱེད་བཞིན་དང་བསྡུ་ན་བདག་བསྐྱེད་བཞིན་བྱས་རྗེས་གཟུངས་ཐག་བླང་ནས། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་གི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་། སླར་ཡང་རང་གི་ཐུགས་ཀའི་ཧཱུྃ་དང་བུམ་པའི་ལྷའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་དཔག་ཏུ་མེད་པ་བཀུག་ནས་བུམ་པའི་ནང་གི་ཆུ་ལ་ཐིམ་པས་ཡེ་
༣༠༣ཤེས་ཀྱི་བདུད་རྩིས་གང་བར་གྱུར་པར་བསམ་ལ། ༀ་མ་ཎི་པདྨེ་ཧཱུྃ། ཞེས་པ་སོགས་ཐིག་ལེ་བཅུ་དྲུག་གི་བསྙེན་པ་རྣམས་ཚང་བར་སྔར་བཀོད་པ་ལྟར་བཟླས་ལ་ཡིག་བརྒྱ་བཟླས་ཏེ་གཟུངས་ཐག་བསྡུ། ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་ནས ཤབྡ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པས་མཆོད། མ་དག་ཞིང་གི་ཞེས་སོགས་སམ། ཕྱག་བྱར་འོས་པ་ཐམས་ཅད་ལ། སོགས་ཀྱིས་བསྟོད་དོ། །བཞི་པ་ནི། གཏོར་མ་བསང་སྦྱང་། བདག་བསྐྱེད་ལྟར་བྱིན་བརླབས། སྐབས་འདིར་གཏོར་མགྲོན་སྤྱན་འདྲེན་མི་དགོས་པས། ལྷ་རྣམས་ཀྱི་ལྗགས་སོགས་ནས་ཕྲིན་ལས་བཅོལ་བའི་བར་བཏང་། དེ་ནས་བུམ་པའི་ལྷ་ལ། ༀ་ཨཱཿཧཱུྃ། ཞེས་པས་མཆོད་ཡོན་ཕུལ་ཏེ། བུམ་ལྷ་འོད་དུ་ཞུ་བས་བུམ་ཆུ་དང་དབྱེར་མེད་དུ་གྱུར། བར་བསམ་ལ་ཡིག་བརྒྱ་བཟླས་པས་བརྟན་པར་བྱ། ལས་བུམ་དུ་མི་གཡོ་བའི་བསྐྱེད་བཟླས་སམ་སྔགས་ཙམ་གྱིས་བྱིན་བརླབ་བོ། །ལྔ་པ་ནི། འོག་གི་སློབ་མ་ལ་དབང་བསྐུར་བའི་སྐབས་ལྟར་མཚམས་སྦྱོར་ཕལ་ཆེར་དོར་ལ་བདག་འཇུག་རྒྱས་པར་བླང་ངོ་། །འདིར་བདག་མདུན་བུམ་གསུམ་གཅིག་ཅར་སྒྲུབ་པའི་ཚེ། ཐིག་ལེ་བཅུ་པའི་མི་གཡོ་བ་ལས་རང་འདྲ་གཉིས་པ་ཞིག་ཆད་པ་འོད་དུ་ཞུ་ནས་ལས་བུམ་གྱི་བསང་ཆུ་དང་། ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་དཀྱིལ་འཁོར་དང་བཅས་པ་ལས་རང་འདྲ་གཉིས་པ་ཞིག་ཆད་པ་འོད་དུ་ཞུ་ནས་དཀྱིལ་འཁོར་བུམ་པ་དང་ལྷ་ཚོགས་བུམ་ཆུར་གྱུར་བར་བསམ་ནས་ཡིག་བརྒྱ་བཟླས་ཏེ་བདག་འཇུག་ལ་འཇུག་པར་བཤད་དོ། །གསུམ་པ་ལ་གཉིས། དབང་བསྐུར་དང་། རྗེས་ཆོག་གོ །དང་པོ་ནི། སློབ་མ་རྣམས་ལ་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་སྤྱི་མཐུན་དང་། ཀུན་སློང་བཅོས་ལ་ཆོས་བཤད་རྒྱས་པའམ། མདོར་བསྡུས་ཙམ་དུ། འོ་ན། ནམ་མཁའི་མཐའ་དང་མཉམ་པའི་རིགས་དྲུག་གི་སེམས་ཅན་ཕ་མ་ཤ་སྟག་ཏུ་གྱུར་པ་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་དུ་ཐེག་པ་ཆེན་པོའ་དམ་པའི་ཆོས་ཀྱི་ཡང་སྙིང་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་རིམ་པ་ཟབ་མོ་གསན་ལ་གྲོལ་བྱེད་ལམ་གྱི་རིམ་པ་རྒྱུད་ལ་བསྟེན་པར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་བཀའ་དང་བསྟན་བཅོས་རྣམས་ལས་ལེགས་པར་བཤད་པ་དག་ཀྱང་ཚུལ་བཞིན་
༣༠༤དུ་མཛད་ནས་གསན་འཚལ། དེའང་རང་རེ་རྣམས་ཚེ་རབས་སྔ་མར་ལེགས་སྤྱད་ཕུན་སུམ་ཚོགས་པ་ལ་གོམས་པའི་རྒྱུས་ལྷ་ལས་ལྷག་པའི་དལ་འབྱོར་གྱི་རྟེན་བཟང་ཡིད་བཞིན་ནོར་བུ་ལྟ་བུ་འདི་ཐོབ་ཀྱང་། འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་མཐའ་བཞིའི་རང་བཞིན་ལས་མ་འདས་པས་སྐྱེས་པ་ཙམ་ནས་ངེས་པ་ཁོ་ནར་འཆི་བའི་ཆོས་ཉིད་དང་། འཁྲུལ་པའི་སྣང་བར་ཡིད་བརྟན་མི་ཐུབ་ཅིང་ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད། ཤི་ནས་ཕ་རོལ་ཏུ་འགྲོ་བའི་ཚེ་ལྷ་མིའི་རྒྱལ་སྲིད་ཀྱི་དཔལ་འབྱོར་ཡོད་ཀྱང་སྤུ་རྩེ་ཙམ་ཡང་ཁྱེར་དབང་མེད་པར་གུལ་དུ་ལུས། རང་གིས་བྱས་པའི་དཀར་ནག་གི་ལས་ཁོ་ན་རྗེས་སུ་འབྲངས་ཤིང་དགེ་བའི་ལས་ཀྱིས་བདེ་བ་དང་མི་དགེ་བའི་ལས་ཀྱིས་སྡུག་བསྔལ་གྱི་འབྲས་བུ་ཚན་པོ་ཆེ་མྱོང་བར་འགྱུར་བས་ལས་དང་ལས་ཀྱི་འབྲས་བུ་བསླུ་བ་མེད་པ་ལ་སྙིང་ནས་ཡིད་ཆེས་དང་ལྡན་པས། །སྤྱིར་དགེ་སྡིག་ལ་ཕྱིན་ཅི་མ་ལོག་པའི་བླང་དོར་དང་བྱེ་བྲག་ཏུ་ཐར་པ་མཆོག་གི་རྒྱུ་དམ་པའི་ཆོས་རྣམ་པར་དག་པ་ཁོ་ན་ལ་འབད་དགོས། འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་མེའི་འོབས་དང་སྲིན་མོའ་གླིང་དུ་ཚུད་པ་ལྟར་འཕྲལ་དང་ཡུན་དུ་སྡུག་བསྔལ་ཆེན་པོའ་འབྱུང་གནས་ལས་བདེ་བ་སྐད་ཅིག་ཙམ་ཡང་མེད་པས་འཁོར་བ་ལས་རྟག་ཏུ་ངེས་པར་འབྱུང་བའི་བློ་ཤུགས་དྲག་ཏུ་བསྐྱེད་པ་དང་། རང་ཉིད་ཁོ་ན་ཞི་བདེའི་གོ་འཕང་ལ་འཁོད་ཀྱང་མ་རྒན་སེམས་ཅན་མཐའ་དག་ལ་ཕན་པ་མ་བཏགས་ན་དྲིན་ལན་ལྡོན་པར་མི་འགྱུར་ཅིང་རྒྱལ་བ་སྲས་དང་བཅས་པའི་གདུང་འཚོབ་པར་མི་འགྱུར་བས་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོའ་གོ་འཕང་དོན་དུ་གཉེར་དགོས། དེ་ལྟ་བུ་སྒྲུབ་པའི་ཐབས་བདག་ཅག་རྣམས་ཀྱི་སྟོན་པ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱ་རིགས་ཅན་གསུམ་གྱི་ཁམས་དབང་མོས་པའི་བྱེ་བྲག་གམ་སྐལ་པའི་ཁྱད་པར་དང་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་སྩལ་བ་དེ་ཐམས་ཅད་ཀྱང་མདོར་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ཡིན། གཉིས་ཀའང་ཐོག་མཐའ་བར་དུ་དགེ་ཞིང་ངེས་པར་ལེགས་པའི་
༣༠༥ལམ་དུ་འཁྲིད་པ་ལ་ཁྱད་པར་མེད་ཀྱང་རང་ཅག་རྣམས་དམན་པའི་ལམ་ཉན་ཐོས་ཀྱི་ཐེག་པ་ལས་ཁྱད་པར་འཕགས་པ་ཐེག་ཆེན་བྱང་ཆུབ་སེམས་དཔའི་གཞུང་ལམ་དུ་འཇུག་དགོས་ཏེ་གནས་སྐབས་མཐར་ཐུག་ཀུན་ཏུ་དོན་ཆེ་བ་ཡིན། དེ་ལའང་རྒྱུད་ལམ་དུ་བྱེད་པ་རྒྱ་ཆེན་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་ལམ་དུ་བྱེད་པ་ཟབ་མོ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་སུ་ཡོད་པ་ལས་སྐབས་སུ་བབས་པའི་འཆད་བྱ་ནི་ཕྱི་མ་ཉིད་ཡིན་ཅིང་། དེ་ལའང་འཕགས་ཡུལ་གྱི་མཁས་གྲུབ་རྣམས་ཀྱིས་རྒྱུད་ཀྱི་ལུགས་གཙོ་བོར་བྱེད་ཀྱང་། གངས་ཅན་གྱི་ལྗོངས་འདིར་གདམས་ངག་གི་ལུགས་གཙོ་བོར་བྱེད་པའི་སྲོལ་བྱུང་ལ། གདམས་ངག་ལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རིང་ལུགས་སུ་ཡོངས་སུ་གྲགས་པ་ལས་ད་ལམ་སྒྲུབ་བརྒྱུད་ཤིང་རྟའི་བཀའ་སྲོལ་གཉིས་པ་ཡིན། དེའང་བོད་ཀྱི་ཡུལ་དུ་བསྟན་པ་ཕྱི་དར་གྱི་ཐོག་མར་ལྷ་བླ་མ་ཡེ་ཤེས་འོད་ཁུ་དབོན་གྱི་ཐུགས་བསྐྱེད་དང་བརྩོན་འགྲུས་ཆེན་པོའ་རྐྱེན་དང་། བོད་འབངས་སྐྱོབ་པའི་གཉེན་གཅིག་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའ་ཕྲིན་ལས་དུས་སུ་བབས་པའི་རྒྱུ་ལ་བརྟེན་ནས། རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་དཔལ་མར་མེ་མཛད་དམ། མགོན་པོ་ཨ་ཏི་ཤ་ཞེས་ས་གསུམ་ན་སྐུ་ཆེ་བའི་ཡོན་ཏན་གྱི་སྙན་པར་གྲགས་པས་ཁྱབ་པ། མཁས་གྲུབ་རྒྱ་མཚོའ་གཙུག་རྒྱན། བྱང་ཆུབ་སེམས་ཀྱི་མངའ་བདག་དེ་ཉིད་གངས་ཅན་གྱི་ལྗོངས་སུ་ཞབས་བཀོད། ཐུབ་བསྟན་ལ་གང་ཟག་ལོག་པར་སྤྱད་པ་ཁ་ཅིག་གིས་དྲི་མས་སྦགས་པ་རྣམས་བསལ། བྱང་ཆུབ་ལམ་གྱི་རིམ་པ་གཙོ་བོར་གྱུར་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་བསླབ་གསུམ་དྲི་མ་མེད་པའི་ལམ་སྲོལ་ཁྱད་པར་ཅན་ཕྱེས། རིགས་གསུམ་མགོན་པོའ་རྣམ་འཕྲུལ་ཁུ་རྡོག་འབྲོམ་གསུམ་གཙོ་བོར་གྱུར་པའི་གདུལ་བྱ་མཐའ་ཡས་པ་རྣམ་པར་གྲོལ་བའི་ལམ་དུ་བཀོད། ལྷ་བཞིས་ལུས་བརྒྱན། སྡེ་སྣོད་གསུམ་གྱིས་ངག་བརྒྱན། བསླབ་པ་གསུམ་གྱིས་སེམས་བརྒྱན་པ་སྟེ་ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་བདག་པོ་བཀའ་གདམས་རིན་པོ་ཆེ་ཞེས་ཉི་ཟླ་ལྟར་
༣༠༦གྲགས། སྤྱན་རས་གཟིགས་དངོས་རྒྱལ་བ་འབྲོམ་རིན་པོ་ཆེའི་ཐུགས་སྲས་དགེ་བའི་བཤེས་གཉེན་སྐུ་མཆེད་གསུམ་དུ་གྲགས་པ་པུ་ཏོ་བ་རིན་ཆེན་གསལ་ལ་བཀའ་གདམས་གཞུང་དྲུག་གི་བཤད་པ། སྤྱན་སྔ་ཚུལ་ཁྲིམས་འབར་ལ་གདམས་ངག་བློ་སྦྱོང་གི་རིམ་པ། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ལ་མན་ངག་གླེགས་བམ་གྱི་ཉམས་ལེན་རྣམས་བཀའ་སོ་སོར་བབས་པ་ལས། འདིར་བཀའ་གདམས་མན་ངག་པའི་ལུགས་ཀྱི་ཟབ་ཆོས་རྨད་དུ་བྱུང་བ་སྤྲུལ་པའི་གླེགས་བམ་རིན་པོ་ཆེ་དང་རྗེས་སུ་འབྲེལ་བའི་སྨིན་བྱེད་ཐིག་ལེ་བཅུ་དྲུག་གི་དབང་བསྐུར་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་བདག་མདུན་བུམ་པ་སྒྲུབ་ཅིང་གཏོར་མ་འབུལ་བ། བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་རྣམས་ཚུལ་བཞིན་དུ་བསྒྲུབས་པ་ཡིན་ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་རྒྱས་པར་འབུལ་དུ་གཞུག །སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་ཟླུམ་པོར་སྦྱོར་ལ་གསོལ་བ་འདེབས་པ་འདི་རྗེས་ཟློས་ལན་གསུམ་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོང་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཉེས་དམིགས་ཅན་གྱི་འཁོར་བ་འདི་སྤངས་ཏེ་ཐར་པའི་ཡོན་ཏན་ཐོབ་པར་འཚལ་བས། སློབ་དཔོན་གྱིས་དེའི་ལམ་བསྟན་དུ་གསོལ། ཅེས་ལན་གསུམ། སློབ་དཔོན་གྱིས། མིང་འདི་ཞེས་བྱ་བ། ཁྱེད་འཁོར་བའི་འདམ་ལས་འདའ་བར་བྱེད་པའི་ལམ་ཐུན་མོང་མ་ཡིན་པ་ང་ལས་ཉན་པར་འདོད་དམ། ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། དེ་ཁོ་ན་ལྟར་འཚལ་བས་ཐུགས་བརྩེ་བ་ཅན་སློབ་དཔོན་ཁྱེད་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ཞེས་ལན་གདབ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ནི། དེ་ལ་ཐོག་མར་ལམ་ལོག་པ་ལས་སྐྱོབ་པའི་ཕྱིར། སློབ་དཔོན་དང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཚོགས་རྣམས་མངོན་སུམ་བཞིན་དུ་བཞུགས་པ་ལ་བདག་དང་ཁམས་གསུམ་གྱི་འགྲོ་བ་མཐའ་དག་དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་
༣༠༧བར་དུ་སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བདག་དང་འགྲོ་བ་སོགས་བསྒྲུབ་ཐབས་ཀྱི་དབུ་ནས་འབྱུང་བ་བཞིན་ལན་གསུམ། དེ་ལྟར་སྐྱབས་སུ་སོང་བས་སངས་རྒྱས་པའི་ཐེག་པ་མཐའ་དག་གི་གཞི་རྟེན་དུ་གྲུབ་ནས། །ལམ་དམན་པ་ལས་ཟློག་པའི་ཆེད་དུ། ཇི་ལྟར་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་བྱང་ཆུབ་ཆེན་པོའ་སྤྱད་པ་སྤྱོད་པ་དེ་བཞིན་དུ། བདག་གིས་ཀྱང་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་སངས་རྒྱས་ཀྱི་ས་ལ་འགོད་པའི་སླད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་དེའི་བསླབ་པ་ལ་རྗེས་སུ་སློབ་པར་བགྱིའོ་སྙམ་དུ་སྨོན་པ་དང་འཇུག་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སོགས་ལན་གསུམ། སྤྱི་ལ་སྔོན་འགྲོའི་རིམ་པ་དེ་ཙམ་ལས་མ་གསུངས་ཀྱང་དབང་ཆོག་ཁ་ཅིག་ཏུ་འདིར་རྒྱུན་བཤགས་དང་སྡོམ་བཟུང་བྱ་བར་བཤད་པ་ལྟར་ན་མཚམས་སྦྱོར་སྤྱི་ལྟར་སྤྲོས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་ལན་གསུམ་གྱིས་རྒྱུན་བཤགས་དང་། ཇི་ལྟར་དུས་གསུམ་མགོན་པོ་རྣམས། ཞེས་སོགས་ལན་གསུམ་གྱིས་སྡོམ་པ་བཟུང་། དེ་ནས་དངོས་གཞིའི་ཐོག་མར། བླ་མ་དང་གཙོ་བོ་ཐ་མི་དད་པ་ལས་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པ་འཕྲོས་པས་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐིག་ལེའི་གཞལ་ཡས་ཁང་གི་སྒོ་ཕྱེས་ནས་ཁྱེད་རང་རྣམས་ནང་དུ་ཁྲིད་པར་གྱུར་པའི་མོས་པ་མཛོད། ༀ་ཙནྜ་མ་ཧཱ་སོགས་དང་། སྭ་བྷཱ་བ་སོགས་ཀྱིས་སློབ་མ་བསང་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་ནོར་བུའི་ཕྲེང་བ་དང་གཡོན་ཤེལ་གྱི་མཁར་བ་རྩེ་མོར་སངས་རྒྱས་སྟོང་གིས་མཚན་པ་འཛིན་པ་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ་དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། རང་གི་ཐུགས་ཀ་དང་བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་
༣༠༨ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་སོགས་ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་གྱུར་པའི་མོས་པ་མཛོད། ༀ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་ཤྭ་ར་ས་པཱ་རི་པཱ་ར་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཟླས་ཤིང་སྤོས་རོལ་དང་བཅས་ཏེ་ཡེ་ཤེས་པ་དབབ་བོ། །དེས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་ལ། དངོས་གཞིའི་དོན་དུ་བསྟོད་པ་སྔོན་དུ་འགྲོ་བ་ཅན་གྱི་གསོལ་བ་ལན་གསུམ་གྱི་རྗེས་ཟློས་མཛོད། གང་གི་དྲིན་གྱིས་བདེ་ཆེན་གནས། སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ལན་གཅིག་གིས་བསྟོད་དེ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཞེས་ལན་གསུམ་གྱིས་གསོལ་གདབ། ཡན་ལག་བདུན་པའི་ཏིང་ངེ་འཛིན་ཐུན་མོང་དང་ཁྱད་པར་བའི་དོན་གསལ་ཐོབ་ལ་འདིའི་རྗེས་ཟློས། ཕྱག་དང་ཕྱུག་ཡུལ་གཉིས་སྟོང་པའི། །ཞེས་པ་ནས་སྒྲུབ་ཐབས་སུ་བཀོད་པ་ལྟར་ལ། གསང་སྔགས་འདི་བཞིན་སྤྱོད་པར་བསྔོ། ཞེས་པའི་བར་བྱའོ། །དེ་ནས་རང་ཉིད་ཀྱིས་སྔགས་བཟླ་བཞིན་པར་ལྷ་ཚོགས་རྣམས་ལ་བསྐོར་བ་བྱས་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་མཛོད། ༀ་མ་ཎི་པདྨེ་ཧཱུྃ། སྔགས་ལན་གསུམ་ཙམ་དུ་རྗེས་ཟློས་དང་དཔོན་སློབ་ལྷན་ཅིག་པས་ཉེར་གཅིག་སོགས་བཟླ་བ་ཕྱིན་ཆད་ལ་འགྲེ། དེ་ལྟར་བྱས་པས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའ་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། རང་གི་གནས་གསུམ་དུ་ཐིམ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར་སྙམ་པའི་མོས་པ་མཛོད། དེ་ནས་བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་ཞིང་ཁམས་ནས་སངས་རྒྱས་བྱང་སེམས་ལྷ་དང་ལྷ་མོ་ཁྲོ་བོ་ཁྲོ་མོ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་རང་གི་སྟེང་ཕྱོགས་སུ་བཞུགས། དབང་ལྷ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པའི་མཆོད་
༣༠༩སྤྲིན་གྱིས་བར་སྣང་འགེངས། མེ་ཏོག་དང་གུར་གུམ་དང་ཙནྡན་གྱི་ཕྱེ་མ་སོགས་ཀྱི་ཆར་འབེབས། ལྷའི་རྔ་བོ་ཆེ་ལ་སོགས་པ་རོལ་མོའ་སྒྲ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གསུང་བར་གྱུར་པའི་མོས་པ་མཛོད། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དམ་ཆོས་ལྡན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཅིང་། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོངས་ཀྱི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །ཞེས་པ་ཐིག་ལེ་བཅུ་དྲུག་ཐམས་ཅད་ལ་སྦྱར་བའི་རྗེས་སུ་མདུན་བསྐྱེད་སྐབས་ཀྱི་བསྟོང་པ་ཤློ་ཀ་སོ་སོར་སྦྱར་ཏེ། འདིར། དུས་གསུམ་བདེ་བར་གཤེགས་པ་ཤློ་ཀ་གཅིག་གི་མཐའ་བཀྲ་ཤིས་སུ་བསྒྱུར། བསྡུ་ན། ཕུན་སུམ་ཚོགས་པ་ཤློ་ཀ་གསུམ་ཁོ་ནའམ། བསྟོད་པའི་ཤློ་ཀ་ཁོ་ནའི་ཤིས་པ་བརྗོད་པས་ཀྱང་རུང་ངོ་། །དེ་ནས་བུམ་པ་ཐོགས་ཏེ་བུམ་ཆུ་སྤྱི་བོར་གཏིགས་ཤིང་བླུངབླང་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས། ཧྲཱིཿཡིག་དཀར་པོས་དབུ་བརྒྱན་ཅིང་དབང་ལྷ་རྣམས་ཀྱང་ཁྱེད་རང་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། ཅེས་བརྗོད། དེ་ནས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་རང་ཉིད་ཐིག་ལེ་གཉིས་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་གདན་ལ་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་སོགས་བསྐྱེད་ཆོག་ས་བོན་དོར་ལ་ཐིག་ལེ་གཉིས་པའི་མངོན་རྟོགས་བརྗོད། །
༣༡༠བག་ཆགས་དང་བཅས་པ་སྦྱོང་བར་མཛད་པའི་སྤྱན་སྔར་ཡན་ལག་བདུན་པའི་ཏིང་ངེ་འཛིན་སོགས་གོང་སྨོས་ལྟར་སྦྱར། འདིར་བདག་འཇུག་སྐབས་བསྡུ་ན་མངོན་རྟོགས་མི་བརྗོད་པར། ཐིག་ལེ་གཉིས་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པར་ཡན་ལག་བདུན་པ་ཕུལ་བར་གྱུར། ཕྱག་དང་ཕྱག་ཡུལ་སོགས་སྦྲེལ་བ་ཐམས་ཅད་ལ་འགྲེ། སྙིང་པོ་ཡིག་དྲུག་མལ་དུ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། ཐུབ་ཆེན་རྣམ་སྣང་གངས་ཆེན་མཚོའ་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། ཞེས་པ་ནས། ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས། ༀ་ཡིག་སེར་པོས་དབུ་བརྒྱན་ཅིང་དབང་ལྷ་རྣམས་ཁྱེད་རང་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། དེ་ནས་ཐུབ་ཆེན་རྣམ་སྣང་གངས་ཆེན་མཚོ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེས་ནས་ཁྱེད་རང་ཐིག་ལེ་གསུམ་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་སོགས་གསུམ་པའི་མངོན་རྟོགས། དོན་དཔག་ཏུ་མེད་པ་མཛད་པའི་སྤྱན་སྡང་སོགས་སྔར་ལྟར་ལ་སྔགས། ༀ་མ་ཎི་པདྨེ་ཧཱུྃ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའ་གནས་གསུམ་ལས་སོགས་ནས། ཧྲཱིཿཡིག་དཀར་པོས་དབུ་བརྒྱན་ཅིང་དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། དེ་ནས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་བཞི་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་སོགས་བཞི་པའི་མངོན་རྟོགས་བརྗོད། སྔགས། ༀ་མ་ཎི་པདྨེ་ཧཱུྃ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། འབྲོམ་སྤྱན་རས་གཟིགས་ཀྱི་གནས་གསུམ་ལས་སོགས་ནས། ཧྲཱིཿཡིག་དཀར་པོས་དབུ་བརྒྱན་ཅིང་། དབང་གི་ལྷ་རྣམས་རང་ལ་ཐིམ་པའི་མོས་པ་མཛོད། དེ་ནས་འབྲོམ་སྤྱན་རས་གཟིགས་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་ལྔ་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས་ལྷ་ཚོགས་ཐམས་ཅད་
༣༡༡མངོན་སུམ་དུ་མཐོང་བར་གྱུར་པ་ནི་ལྔ་པའི་མངོན་རྟོགས། སྔགས། ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། ཡུམ་ཆེན་ཤེར་ཕྱིན་མའི་གནས་གསུམ་ལས་སོགས་ནས། ཨ་ཡིག་སེར་པོས་དབུ་བརྒྱན་ཅིང་། དབང་ལྷ་རྣམས་ཁྱེད་རང་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། དེ་ནས་ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་དྲུག་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་དྲུག་པའི་མངོན་རྟོགས་དང་། སྔགས། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། ཐུབ་པ་བདུད་འདུལ་གྱི་གནས་གསུམ་ལས་སོགས་ནས། མཱུཾ་ཡིག་སེར་པོས་དབུ་བརྒྱན་ཅིང་། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། དེ་ནས་ཐུབ་པ་བདུད་འདུལ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེས་ནས་ཁྱེད་རང་ཐིག་ལེ་བདུན་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་བདུན་པའི་མངོན་རྟོགས། སྔགས། ༀ་མ་ཎི་པདྨེ་ཧཱུྃ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། སྤྱན་རས་གཟིགས་ཕྱག་བཞི་པའི་གནས་གསུམ་ལས་སོགས་ནས། ཧྲཱིཿཡིག་དཀར་པོས་དབུ་བརྒྱན་ཅིང་། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། དེ་ནས་སྤྱན་རས་གཟིགས་ཕྱག་བཞི་པ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་བརྒྱད་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་མཐོང་བར་གྱུར་པ་ནི་བརྒྱད་པའི་མངོན་རྟོགས། སྔགས། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། སྒྲོལ་མ་ཞི་བའི་གནས་གསུམ་ལས་སོགས་ནས། ཏཱཾ། ཡིག་ལྗང་གུས་དབུ་བརྒྱན་ཅིང་། དབང་ལྷ་རྣམས་རང་ལ་ཐིམ་པའི་མོས་པ་མཛོད། དེ་ནས་སྒྲོལ་མ་ཞི་བ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་དགུ་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་མཐོང་བར་གྱུར་པ་ནི་སོགས་དགུ་
༣༡༢པའི་མངོན་རྟོགས། སྔགས། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། སྒྲོལ་མ་དྲག་མོའ་གནས་གསུམ་ལས་སོགས་ནས། ཏཱཾ་ཡིག་ལྗང་ནག་གིས་དབུ་བརྒྱན་ཅིང་དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། །དེ་ནས་སྒྲོལ་མ་དྲག་མོ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེས་ནས་ཁྱེད་རང་ཐིག་ལེ་བཅུ་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་སོགས་བཅུ་པའི་མངོན་རྟོགས་ནས། སྔགས། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། མི་གཡོ་བའི་གནས་གསུམ་ལས་སོགས་ནས། ཧཱུྃ་ཡིག་མཐིང་ནག་གིས་དབུ་བརྒྱན་ཅིང་། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། དེ་ནས་མི་གཡོ་བ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་བཅུ་གཅིག་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་སོགས་བཅུ་གཅིག་པའི་མངོན་རྟོགས། སྔགས། ༀ་མ་ཧཱ་གུ་རུ་དཱི་པཾ་ཀ་རཱ་ཏི་ཤ་སྭཱ་ཧཱ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། མགོན་པོ་ཨ་ཏི་ཤའི་གནས་གསུམ་ལས་སོགས་ནས། ཧཱུྃ་ཡིག་དཀར་པོས་དབུ་བརྒྱན་ཅིང་། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། དེ་ནས་མགོན་པོ་ཨ་ཏི་ཤ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེས་ནས་ཁྱེད་རང་ཐིག་ལེ་བཅུ་གཉིས་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་སོགས་བཅུ་གཉིས་པའི་མངོན་རྟོགས། སྔགས། ༀ་མ་ཎི་པདྨེ་ཧཱུྃ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། འབྲོམ་ཆོས་ཀྱི་རྒྱལ་པོའ་གནས་གསུམ་ལས་སོགས་ནས། ཧྲཱིཿཡིག་དཀར་པོས་དབུ་བརྒྱན་ཅིང་། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། དེ་ནས་འབྲོམ་ཆོས་ཀྱི་རྒྱལ་པོ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་བཅུ་གསུམ་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་སོགས་བཅུ་གསུམ་པའི་མངོན་རྟོགས། སྔགས། ༀ་མཻ་ཏྲི་མཻ་ཏྲི་མ་ཧཱ་མཻ་ཏྲི་སྭཱ་ཧཱ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། རྒྱལ་བ་བྱམས་པའི་གནས་གསུམ་ལས་སོགས་ནས། མཻཾ་ཡིག་སེར་པོས་དབུ་བརྒྱན་ཅིང་། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། དེ་ནས་བྱམས་པ་མགོན་པོ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་བཅུ་བཞི་པའི་
༣༡༣གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་སོགས་བཅུ་བཞི་པའི་མངོན་རྟོགས། སྔགས། ༀ་ཝཱ་ཤཱི་ཤྭ་རི་མུཾ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། རྗེ་བཙུན་འཇམ་དབྱངས་ཀྱི་གནས་གསུམ་ལས་སོགས་ནས། དྷཱིཿཡིག་དམར་སེར་གྱིས་དབུ་བརྒྱན་ཅིང་། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། དེ་ནས་རྗེ་བཙུན་འཇམ་དབྱངས་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་བཅོ་ལྔའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པའི་མོས་པ་ནི་སོགས་བཅོ་ལྔ་པའི་མངོན་རྟོགས། སྔགས། ༀ་བཛྲ་དྷྲྀཀྲ་ཧཱུྃ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། རྒྱལ་བ་རྡོ་རྗེ་འཆང་གི་གནས་གསུམ་ལས་སོགས་ནས། ཧཱུྃ་ཡིག་སྔོན་པོས་དབུ་བརྒྱན་ཅིང་། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། དེ་ནས་རྒྱལ་བ་རྡོ་རྗེ་འཆང་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་བཅུ་དྲུག་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་སོགས་ཐིག་ལེ་བཅུ་དྲུག་པའི་མངོན་རྟོགས་བརྗོད། ཡན་ལག་བདུན་པ་འབུལ། བསྐོར་བའི་སྔགས། ༀ་དྷརྨ་ཀཱ་ཡ་སིདྡྷི་ཧཱུྃ། །ཞེས་བསྐོར་བ་བྱེད་ཅིང་བཟླས་པས། སངས་རྒྱས་ཆོས་ཀྱི་སྐུའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། རང་གི་གནས་གསུམ་དུ་ཐིམ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར་པའི་མོས་པ་མཛོད། དེ་ནས་སྤྲོ་ན་དབང་བཞི་རྒྱས་པར་བསྐུར་བ་ནི། བླ་མའི་ཐུགས་ཀའི་ཡུམ་བཞིས་རིགས་ལྔའི་དངོས། །བུམ་ཆུ་ཅོད་པན་རྡོར་དྲིལ་མིང་དབང་བསྐུར། །དམ་ཚིག་གསུམ་ལྡན་ཡུམ་འཁྱུད་བུམ་དབང་ཐོབ། །བསྐྱེད་རིམ་ལ་དབང་སྤྲུལ་སྐུའི་ས་བོན་བཞག །བླ་མ་རྡོ་རྗེ་འཆང་ཆེན་ཡབ་ཡུམ་གཉིས། །སྙོམས་ཞུགས་བྱང་སེམས་ལྕེ་ཡིས་མྱང་བའི་མཐུས། །བདེ་སྟོང་སྐྱེ་ཤིང་གསང་བའི་དབང་མཆོག་ཐོབ། །སྒྱུ་ལུས་ལ་དབང་ལོངས་སྐུའི་ས་བོན་བཞག །གསང་བ་ཡེ་ཤེས་ཕྱག་རྒྱར་སྩལ་བ་དང་། །བདག་ཉིད་འདི་ཤེས་གསུམ་གྱིས་སྙོམས་པར་ཞུགས། །ལྷན་སྐྱེས་བདེ་སྟོང་སྐྱེས་ཤིང་ཤེར་དབང་
༣༡༤ཐོབ། །འོད་གསལ་ལ་དབང་ཆོས་སྐུའི་ས་བོན་བཞག །ཚངས་པའི་དབྱངས་ཀྱིས་ཟུང་འཇུག་ངོ་སྤྲད་པས། །མཐར་ཐུག་དོན་རྟོགས་ཚིག་དབང་རིན་ཆེན་ཐོབ། །ཟུང་འཇུག་ལམ་བཟང་བསྒོམས་ལ་དབང་བར་བྱས། །འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་བཞག །ཅེས་བསྐུར་རོ། །དེ་ནས་བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ས་བོན་གྱི་སོགས་ནས། ཧཱུྃ་ཡིག་སེར་པོས་དབུ་བརྒྱན་ཅིང་། །དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། ཅེས་བརྗོད་པར་བྱའོ། །དེ་ནས་སྤོས་རོལ་དབྱངས་དང་བཅས་ཏེ་བཀྲ་ཤིས་རྒྱས་པར་བརྗོད་ཅིང་མེ་ཏོག་གི་ཆར་དབབ། མཇུག་ཏུ་དམ་ཚིག་ཁས་བླང་བ། གཏང་རག་གི་མཎྜལ། ཡོན་འབུལ་རྣམས་སྤྱི་ལྟར་བྱའོ། །གཉིས་པ་རྗེས་ཆོ་ག་ནི། དཀྱིལ་འཁོར་གྱི་མཆོད་པ་ཁ་གསོས་ལ། ༀ་སརྦ་ཏཱ་ཐཱ་ག་ཏ་ཨཱརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ནས། ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པའི་བར་གྱིས་མཆོད། འཇིག་རྟེན་ལྷ་སྒོམ་རྟེན་གྱི་ཐིག་ལེ་བཞི། །བརྟེན་པ་ཡི་དམ་ཐིག་ལེ་རྣམ་པ་དྲུག །ཇོ་བོ་ཡབ་སྲས་བརྒྱུད་གསུམ་བླ་མའི་ལྷ། །མཐར་ཐུག་བྱང་སེམས་ཐིག་ལེར་བཅས་ལ་བསྟོད། །ཅེས་དང་། གཞན་ཡང་སྤྲོ་ན་སྒྲུབ་ཐབས་སུ་བཀོད་པའི་བསྟོད་པ་རྣམས་ཀྱང་བྱའོ། །དེ་ནས་ཡིག་བརྒྱ་དང་། མ་འབྱོར་བ་དང་སོགས་ཀྱིས་བཟོད་པར་གསོལ། ཡེ་ཤེས་པ་རས་བྲིས་ཡིན་ན་བརྟེན་བཞུགས་དང་། རྡུལ་ཚོན་ཡིན་ཚེ་གཤེགས་གསོལ་བྱ། དམ་ཚིག་པ། ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐིག་ལེའི་སྣོད་ཀྱི་གཞལ་ཡས་ཁང་འོད་དུ་ཞུ། བཅུད་ཀྱི་ལྷ་རྒྱལ་བ་རྒྱ་མཚོ་ལ་ཐིམ། དེ་བཞིན་དུ་ཕྱི་མ་ཕྱི་མ་ནང་མ་ནང་མ་ལ་རིམ་བཞིན་ཐིམ་སྟེ། སངས་རྒྱས་ཆོས་ཀྱི་སྐུ་ཡང་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་ངོ་བོའ་ཐིག་ལེ་ལ་ཐིམ། ཐིག་ལེ་ཡང་ཇེ་ཕྲ་ཇེ་ཕྲར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར། སྟོང་པའི་ངང་ལས་རང་ཉིད་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པར་གྱུར་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། པར་བསམ། དེ་ནས་བསྔོ་སྨོན་ནི། དེ་ལྟར་ཟབ་ལམ་ཐིག་ལེ་བཅུ་དྲུག་གི་།སྒོམ་བཟླས་མཆོད་བསྟོད་བགྱིས་པའི་དགེ་ཚོགས་མཐུས། །རྒྱལ་སྲས་སྤྲོད་པ་རྒྱ་མཚོའ་མཐར་སོན་ཏེ། །འགྲོ་ཀུན་སངས་རྒྱས་ས་ལ་འགོད་པར་ཤོག །ལྷ་བཞིས་ལུས་དང་སྡེ་སྣོད་གསུམ་གྱིས་ངག །
༣༡༥བསླབ་པ་གསུམ་གྱིས་སེམས་བརྒྱན་རྗེས་དྲན་ལྔའི། །ཉམས་ལེན་མཐར་ཕྱིན་འགྲོ་ཀུན་སྒྲོལ་བ་ལས། །རྒྱལ་བ་རྒྱ་མཚོ་ཉིད་དང་མཚུངས་པར་ཤོག །ཅེས་བརྗོད། བཀྲ་ཤིས་ནི། ཕུན་སུམ་ཚོགས་པ་མངའ་བ་སོགས་རྒྱས་པར་བརྗོད་ཅིང་མེ་ཏོག་གི་ཆར་པ་སྙིལ། །རོལ་མོའ་སྒྲ་སྙན་ཡུན་རིང་དུ་བསྒྲག་གོ །འདི་ལ་རྩ་བའི་ཡིག་རྙིང་སྣར་ཐང་མཁན་ཆེན་ཉི་མ་རྒྱལ་མཚན་གྱིས་མཛད་པ་ཉིད་དབང་པོ་ཡིན་ལ། དེའི་རྗེས་སུ་ཕྱིས་བྱུང་ཁ་ཅིག་དང་དེང་སང་ཕྱག་བཞེས་མཛད་པ་བཀའ་གདམས་གསར་མའི་ཡིག་ཆ་གང་དུ་སྨོས་པ་རྣམས་སྣང་བ་ལས། དངུལ་ཆུ་བ་དྷརྨ་བྷ་དྲའི་ཡིག་ཆ་ཉིད་འདུས་གསལ་ཁྱེར་བདེར་མཐོང་ནས་གཙོ་བོར་དེ་ལྟར་བཀོད་པའོ། །ལྷག་པའི་བསླབ་གསུམ་ལྟ་སྤྱོད་དྲི་མེད་ཀྱིས། །བོད་ཁམས་དཀར་པོར་མཛད་པ་བཀའ་གདམས་པའི། །ངོ་མཚར་རྣམ་པར་ཐར་ལ་ལོངས་སྤྱད་ནས། །ཐུབ་བསྟན་སྲིད་པ་གསུམ་དུ་སྣང་བྱེད་ཤོག །ཚུལ་འདི་ལ་ཚད་མར་གྱུར་པའི་ལེགས་བཤད་མང་དུ་བཞུགས་པས་ཡིག་ཆས་ཕོངས་པར་མ་གྱུར་ཀྱང་། གདམས་ངག་རིན་པོ་ཆེའི་མཛོད་ཆེན་ལེགས་པར་བསགས་པའི་བཅུད་དུ་འོས་པར་མཐོང་བ་དང་། རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་གཟིགས་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྗེས་སུ་གནང་བ་སྩལ་བ་ལྟར་བྱང་ཆུབ་སེམས་ཡིད་ལ་བྱེད་པའི་ཀུ་སཱ་ལི་བློ་གྲོས་མཐའ་ཡས་པའི་སྡེས། རྫོང་ཤོད་བདེ་གཤེགས་འདུས་པའི་གནས་མཆོག་ཏུ་བགྱིས་པ་དགེ་ལེགས་འཕེལ། །
༣༡༦


Notes


Other Information