Tibetan:ཐིག་ལེ་བཅུ་དྲུག་གི་སྒོམ་བཟླས་ཉམས་སུ་ལེན་ཚུལ་སྙིང་པོར་དྲིལ་བ་
Jump to navigation
Jump to search
ཐིག་ལེ་བཅུ་དྲུག་གི་སྒོམ་བཟླས་ཉམས་སུ་ལེན་ཚུལ་སྙིང་པོར་དྲིལ་བ་
thig le bcu drug gi sgom bzlas nyams su len tshul snying por dril ba
Damngak Dzö Volume 4 (ང་) / Pages 317-326 / Folios 1a1 to 5b3
thig le bcu drug gi sgom bzlas nyams su len tshul snying por dril ba
Damngak Dzö Volume 4 (ང་) / Pages 317-326 / Folios 1a1 to 5b3
Tibetan Text
༣༡༧ཐིག་ལེ་བཅུ་དྲུག་གི་སྒོམ་བཟླས་ཉམས་སུ་ལེན་ཚུལ་སྙིང་པོར་དྲིལ་བ་བཞུགས་སོ།། །།
༣༡༨མཉམ་མེད་ཇོ་བོ་ཡབ་སྲས་འཕགས་པ་ཐུགས་རྗེ་ཆེན་པོའ་ལྷ་ཚོགས་དང་བཅས་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱང་ཆུབ་བར་དུ་རྗེས་སུ་བཟུང་དུ་གསོལ། །དེའང་ཐིག་ལེ་བཅུ་དྲུག་གི་ཉམས་ལེན་སྙིང་པོར་དྲིལ་ཏེ་ལག་ཏུ་བླངས་པའི་ཚུལ་ནི། ལྷ་ཆོས་བདུན་ལྡན་གྱི་རྣལ་འབྱོར་ལས་གསུང་རབ་མཐའ་དག་གི་ཉམས་ལེན་ཐིག་ལེ་བཅུ་དྲུག་ཏུ་འདུ་བ་དང་། དེ་རྗེས་དྲན་ལྔར་འདུ་ཞིང་། དེའང་བསྡུ་ན་ཐབས་ཤེས་གཉིས་སུ་འདུ་བར་གསུངས་པས་རྗེས་དྲན་ལྔའི་གདམས་པ་ནི་རྗེ་བཙུན་སྒྲོལ་མས་སྩལ་བ་ཡིན་ཏེ། ནོར་བུའི་ཕྲེང་བའི་ལེའུ་གཉིས་པ་ལས། སྲས་ཀྱི་ཐུ་བོ་སྤྱན་རས་གཟིགས། །ཁྱེད་ཀྱི་རྗེས་འབྲང་ཁོ་མོས་བསྐྱང་། །ཁོ་མོའ་གདམས་པ་འདི་ལོངས་ལ། །རྗེས་སུ་འབྲངས་ལ་བསྟེན་པར་གྱེས། །སྐྱབས་གནས་བླ་མ་དྲན་པར་མཛོད། །ལུས་ནི་ལྷ་ཡི་རང་བཞིན་ཏེ། །ངག་ནི་བཟླས་བརྗོད་རྒྱུན་པར་མཛོད། །འགྲོ་བ་མ་ལུས་ཕ་མར་སོམས། །སེམས་ཀྱི་གནས་ལུགས་སྟོང་པར་དཔྱོད། །ལྔ་པོ་འདི་ཡི་སྐྱ་བར་གནས། །དགེ་རྩ་ཐམས་ཅད་དག་པར་མཛོད། །ཅེས་གསུངས་པ་དེ་ཡིན་ལ། འདིའི་ཐོག་མཐར་སྦྱོར་རྒྱུ་གཉིས་ཀྱང་སྔ་མའི་འཕྲོ་དེ་མ་ཐག་ཏུ། དེ་ཡི་སྔོན་དུ་གཟུངས་འདི་སྦྱར་རོ། །བྱེ་བ་འགྱུར་དུ་རྒྱལ་བས་གསུངས། །སྲས་མཆོད་དེ་ནི་འདི་ལྟ་སྟེ། །ༀ་སམྦྷཱ་ར་སམྦྷཱ་ར་བི་མ་
༣༡༩ན་ས་བ་མ་ཧཱ་ཛམྦྷ་བ་ཧཱུྃ་ཕཊ་སྭཱ་ཧཱ། སྲས་ཀྱི་ཐུ་བོ་དེང་ཡང་ཉོན། །དེ་ཡི་གོང་དུ་སྤེལ་བྱེད་ཡོན། །སྒྱུར་བར་བྱེད་པ་བསྔོ་བ་མཆོག །དུས་གསུམ་དགེ་རྩ་མཆོག་བསགས་པ། །མཆོག་རབ་མཆོག་གི་ལམ་ཉིད་ལ། །མཆོག་གི་སེམས་ཀྱི་མཆོག་ཏུ་བསྔོ། །དེ་ནི་སྒྱུར་བྱེད་བསྔོ་བ་ཡིན། །ཞེས་ཐུན་གྱི་མགོར་འགྱུར་སྔགས་བཟླ་བ་དང་། །མཇུག་ཏུ་བསྔོ་བ་བྱེད་ཚུལ་བཅས་གསུངས་སོ། །ཡང་དེའང་ཐབས་ཤེས་གཉིས་སམ་ཟབ་རྒྱས་ཀྱི་ལམ་གཉིས་སུ་བསྡུས་ཏེ་ཉམས་སུ་ལེན་ཚུལ་ལེའུ་ཉི་ཤུ་པ་ལས། ངས་ཆོས་ཐམས་ཅད་ཧྲིལ་ཏེ་དྲིལ་བ་ཞིག་ཁྱོད་ལ་སྦྱིན། བདག་ཐོངས་གཞན་ལོངས་འོད་གུར་བཞུགས། །སྣང་སྟོང་གཞི་ཆོད་ངོ་བོས་སྟོང་། །དཔྱད་ནས་མ་རྙེད་ལམ་དུ་སོང་། །ལམ་དེ་མི་ལྡོག་པ་ཡིན་ནོ། །གནས་ལུགས་ཚད་མེད་རྒྱུད་ལ་དྲིལ། །འཁོར་བའི་སྡུག་བསྔལ་རྩད་ནས་ཆོད། །ཅེས་པ་ནས། སྣང་བའི་ཐབས་ཀྱིས་འགྲོ་བ་དྲོངས། །ཤེས་རབ་དབྱིངས་སུ་གཟིམས་ལ་བཞུགས། །དྲིལ་ཏེ་དྲིལ་ན་འདི་ཉིད་ཡིན། །ཞེས་གསུངས་པའི་དགོངས་པ་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་བཀའ་གདམས་གླེགས་བམ་གྱི་སྙིང་པོའ་མན་ངག་བདུད་རྩིའི་བུམ་བཟང་དུ་གསུངས་བཞིན་ཡིན་ཏེ། མདོར་བསྡུ་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལས་མ་འདས་པས་འཕགས་མཆོག་ཐུགས་རྗེ་ཆེན་པོའ་རྣལ་འབྱོར་ཉིད་ཡིན་ནོ། །འདིར་
༣༢༠རྗེས་དྲན་ལྔའི་ཆིངས་དང་སྦྱར་ཏེ་ཉམས་སུ་ལེན་པ་ལ། མདུན་གྱི་ནམ་མཁར་དངོས་བརྒྱུད་ཀྱི་བླ་མ་རྣམས་དང་རྒྱལ་བ་སྲས་བཅས་བཞུགས་པར་བསམ་ཏེ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །གངས་རིའི་མགོན་པོ་རྗེ་བཙུན་སྤྱན་རས་གཟིགས། །རྒྱལ་ཡུམ་སྒྲོལ་མ་བཅོམ་ལྡན་མི་གཡོ་མགོན། །བཀའ་གདམས་ལྷ་མཆོག་བཞི་ལ་གསོལ་བ་འདེབས། །བྱམས་པ་ཐོགས་མེད་དབྱིགས་གཉེན་རྣམ་གྲོལ་སྡེ། །མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་སྡེ། །སེང་བཟང་ཀུ་སཱ་ལི་གཉིས་གསེར་གླིང་པ། །རྒྱ་ཆེན་སྤྱོད་པའི་བརྒྱུད་པར་གསོལ་བ་འདེབས། །འཇམ་དབྱངས་ཡོད་མེད་ཕྱོགས་འཇིགས་ཀླུ་སྒྲུབ་དང་། །ཟླ་བ་གྲགས་པ་རིག་པའི་ཁུ་བྱུག་ཆེ། །སངས་རྒྱས་དགོངས་སྐྱོང་འཕགས་པ་ཡབ་སྲས་ཏེ། །ཟབ་མོ་ལྟ་བའི་བརྒྱུད་པར་གསོལ་བ་འདེབས། །ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང་། །མཆོག་གཟིགས་ཏཻ་ལོ་པ་དང་ནཱ་རོ་པ། །དཔལ་མཆོག་ཌོམྦྷི་པ་དང་ཨ་ཏི་ཤ །ཉམས་ལེན་བྱིན་རླབས་བརྒྱུད་པར་གསོལ་བ་འདེབས། །ལམ་བཟང་གསལ་མཛད་མགོན་པོ་ཨ་ཏི་ཤ །བཀའ་གདམས་བསྟན་པའི་མེས་པོ་རྒྱལ་བ་འབྲོམ། །ལེགས་པའི་ཤེས་རབ་རྒྱལ་མཚན་བཞི་ལ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །སྲིད་ལ་ཞེན་ལོག་རྐྱེན་ངན་གྲོགས་སུ་ཤར། །བདག་གཞན་མཉམ་བརྗེའི་རླབས་ཆེན་སྤྱོད་ལ་ཞུགས། །སྲེད་རྩ་དྲུང་འབྱིན་ལྟ་བས་རྒྱས་བཏབ་སྟེ། །ཐུན་མོང་ལམ་བཟང་བགྲོད་པར་བྱིན་གྱིས་རློབས། །གསང་སྔགས་སྒོར་ཞུགས་དམ་ཚིག་ཚུལ་བཞིན་སྲུང་། །ཟབ་གསལ་གཉིས་མེད་ལྷ་ཡི་རྣལ་འབྱོར་གྱིས། །ཟུང་འཇུག་སྙིང་གི་ཐིག་ལེ་མངོན་གྱུར་ནས། །འགྲོ་ཀུན་མགོན་དུ་འགྱུར་བར་བྱིན་གྱིས་རློབས། །སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ་སྐྱབས་ཡུལ་རྣམས་རིམ་གྱིས་བསྡུས་ཏེ་རང་ལ་ཐིམ་པར་བསམ། རང་ཉིད་ཐུགས་རྗེ་ཆེན་པོ་ཕྱག་གཉིས་
༣༢༡པ་ནོར་བུའི་ཕྲེང་བ་དང་ཤེལ་གྱི་འཁར་བ་སངས་རྒྱས་སྟོང་གིས་མཚན་པ་འཛིན་པ། མཉམ་པའི་སྟབས་ཀྱིས་བཞེངས་པའི་སྐུར་གྱུར། མཆོད་པ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་པའི་ཡོ་བྱད་ཕུན་སུམ་ཚོགས་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པར་གྱུར། ༀ་ཨཱརྒྷཾ་ནས་སྤེ་ཨཱ་ཧཱུྃ་གི་བར་གྱིས་བྱིན་གྱིས་བརླབ། འོད་གསལ་སྟོང་པའི་དབྱིངས་ལས་སེམས་ཀྱི་མདངས། །འཇའ་ཚོན་གུར་ནང་པད་དཀར་ལྟེ་བ་ལ། །སྟེང་དང་ཕྱོགས་བཞི་འོག་རྣམས་ཡིག་དྲུག་གི་།རང་བཞིན་གཞལ་ཡས་མཚན་ཉིད་རྫོགས་པའི་དབུས། །ཧྲཱིཿལས་བཀོད་པ་བསམ་གྱིས་མི་ཁྱབ་པའི། །རྒྱལ་བ་རྒྱ་མཚོ་ཕྱག་སྟོང་སྤྱན་སྟོང་ལྡན། །མཐའ་ཀླས་རྒྱལ་བའི་ཞིང་ཀུན་སྐུ་ལ་གནས། །སྤྲུལ་པའི་གར་གྱིས་མཁའ་མཉམ་འགྲོ་བ་འདྲེན། །དེ་ཡི་ཐུགས་ཀར་སྟོང་གསུམ་མི་མཇེད་ཀྱི། །ཐིག་ལེ་སྔར་དང་མཚུངས་པའི་གཞལ་ཡས་དབུས། །ཐུབ་ཆེན་རྣམ་སྣང་སྐྱབས་སྦྱིན་མཉམ་བཞག་ཅན། །ཐེག་གསུམ་འཕགས་ཚོགས་མཆོག་ཟུང་བཅས་ཏེ་བཞུགས། །གསུམ་པ་ཁ་བ་ཅན་གྱི་ཐིག་ལེ་ཡི། །གཞལ་ཡས་དབུས་སུ་འཕགས་མཆོག་བཅུ་གཅིག་ཞལ། །གནས་ཁང་ཐིག་ལེར་འཕགས་མཆོག་ཕྱག་གཉིས་པ། །སངས་རྒྱས་སྟོང་གི་མཚན་པའི་འཁར་བ་བསྣམས། །དེ་ཡི་ཐུགས་ཀར་ཡུམ་ཆེན་ཕྱག་བཞི་མ། །སྐྱབས་སྦྱིན་མཉམ་བཞག་རྡོ་རྗེ་གླེགས་བམ་འཛིན། །དེ་ནང་བདུད་འདུལ་ཐུབ་པའི་དབང་པོ་ནི། །ས་བཅུའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར། །ཐིག་ལེ་བདུན་པར་འཕགས་མཆོག་ཕྱག་བཞི་པ། །རྩ་ཕྱག་ཐལ་སྦྱར་ཤེལ་ཕྲེང་པད་དཀར་འཛིན། །ཐུགས་ཀར་རྒྱལ་ཡུམ་སྒྲོལ་མ་མ་རྒད་མདོག །ཕྱག་གཡས་སྐྱབས་སྦྱིན་གཡོན་པས་ཨུཏྤལ་བསྣམས། །དེ་ནང་
༣༢༢སྒྲོལ་མ་ལྗང་ནག་དྲག་མོའ་གཟུགས། །གྲི་ཐོད་ཌ་མ་རུ་དང་ཁ་ཾ་འཛིན། །ཐིག་ལེ་བཅུ་པར་ཁྲོ་རྒྱལ་མི་གཡོ་མགོན། །གཡོན་གྱི་པུས་བཙུགས་རལ་གྲི་ཞགས་པ་འཛིན། །ཐུགས་ཀར་རྡོ་རྗེ་འཆང་གི་རྣམ་པ་ཅན། །ཇོ་བོ་ཆེན་པོར་ལྷ་བཞི་སོགས་ཀྱིས་བསྐོར། །དེ་ནང་འབྲོམ་རྗེ་པད་དཀར་དྲིལ་བུ་བསྣམས། །ཕྱི་ནང་གསང་གསུམ་སྤྲུལ་པའི་ཚོགས་བཅས་བཞུགས། །ཐིག་ལེ་བཅུ་གསུམ་པ་ལ་བྱམས་པ་མགོན། །སྟེང་དུ་རྒྱ་ཆེན་སྤྱོད་བརྒྱུད་ཚོགས་བཅས་དང་། །དེ་ཡི་ཐུགས་ཀར་མགོན་པོ་འཇམ་པའི་དབྱངས། །ཐབ་མོ་ལྟ་བའི་བླ་མ་བརྒྱུད་པར་བཅས། །འཇམ་མགོན་ཐུགས་ཀར་ཁྱབ་བདག་རྡོ་རྗེ་འཆང་། །ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མས་བསྐོར། །དེ་ནང་ཆོས་སྐུ་ཟག་མེད་ཡེ་ཤེས་དངོས། །རྣམ་པ་ལོངས་སྐུ་མཉམ་བཞག་ཕྱག་རྒྱ་ཅན། །ཆོས་དབྱིངས་ངང་ལས་འགྲོ་དོན་མཁའ་ཁྱབ་ཏུ། །མཛད་པའི་སྙིང་དབུས་བྱང་ཆུབ་ཐིག་ལེ་ནི། །ཁྱོན་ཡངས་གསལ་འཚེར་དབུས་སུ་རང་གི་སེམས། །ཐིག་ལེ་སེར་པོ་འོད་འབར་རྒྱ་སྲན་ཙམ། །མེར་མེར་འཇུག་ཞིང་ཤིན་ཏུ་རྒྱས་པ་ཡི། །བཙོ་མའི་གསེར་མདོག་ཐིག་ལེའི་རྒྱ་མཚོར་གྱུར། །ཀུན་གྱི་གནས་གསུམ་ཡི་གེ་གསུམ་མཚན་པའི། །ཧཱུྃ་ཡིག་འོད་ཀྱིས་ཞིང་ཁམས་རབ་འབྱམས་ནས། །ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས་ཏེ། །བསྟིམ་ཞིང་དབང་བསྐུར་ས་བོན་གྱིས་མཚན་གྱུར། །དེ་ནས་གཞལ་ཡས་ཁང་ཐམས་ཅད་ཀྱཻ་སྒོ་གཅིག་ཅར་ཕྱེ་སྟེ་སོ་སོར་ཡན་ལག་བདུན་པ་དང་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །རྣམ་དག་སྐུ་ལ་ཡེ་ཕྱག་འཚལ། །སྐྱེ་གནས་འཇིགས་པས་མ་གོས་པའི། །དྲི་མེད་མཆོད་ཚོགས་འབུལ་ལོ་ལྷ། །སྒོ་གསུམ་སྐྱེ་གནས་འཇིག་བྲལ་བའི། །ཉེས་པའི་གཡང་ས་མཐོལ་ལོ་བཤགས། །སྟོང་ཡང་སྣ་ཚོགས་སྐུར་སྟོན་པས། །གྲངས་མེད་འདྲེན་ལ་རྗེས་ཡི་རང་། །སྨོན་དང་མཚན་
༣༢༣མས་སྟོང་པ་ཡི། །འཁོར་ལོ་དབྱིངས་སུ་བསྐོར་དུ་གསོལ། །སྐྱེ་བས་སྟོང་པའི་ཆོས་སྐུ་ཁྱེད། །ལྷུན་གྲུབ་གནས་པའི་རང་བཞིན་ལས། །གང་དུའང་འདའ་བར་མ་མཛད་ཅིག །དགེ་བ་འདི་ཡིས་འཁོར་བ་རྣམས། །འདི་འདྲར་རྟོགས་ཏེ་འདི་འདྲ་བའི། །གཞལ་ཡས་ཁང་དུ་འདྲེངས་འགྱུར་ཏེ། །གསང་སྔགས་འདི་བཞིན་སྤྱོད་པར་བསྔོ། །གནས་སྐབས་ཀྲི་ཡའི་ལྷ་ལྔ་བཞིན། །པད་དཀར་སྟོང་ལྡན་ལྟེ་བ་ལ། །ཟླ་བ་ཞུན་མའི་གདན་སྟེང་དུ། །ཕྱི་ནང་གསང་བ་དེ་ཉིད་ཀྱི། །བསྐྱེད་རྫོགས་མཆོག་ཏུ་བསྔགས་པར་ཤོག །གློ་བུར་འདི་ཡང་ཆོས་དབྱིངས་ལས། །ཐ་དད་ཅི་ཡང་ཡོད་མ་མཆིས། །ཐ་དད་མེད་པར་ཕུན་ཚོགས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །གཙང་མ་རིགས་ཀྱི་བཀྲ་ཤིས་ཤོག །ཐོག་མཐའ་བར་གསུམ་གཙང་མ་ལས། །གཡོས་པ་མེད་པའི་བཀྲ་ཤིས་ཤོག །ཅེས་ཡན་ལག་བདུན་པ་དབུལ། རྒྱལ་བ་རྒྱ་མཚོའ་ལྷ་རྫས་ལས་གྲུབ་པའི། །ཞིང་ཁམས་རྒྱ་མཚོའ་མཆོད་པ་རྒྱ་མཚོའ་ཚོགས། །ཡོན་ཏན་རྒྱ་མཚོའ་དཀྱིལ་འཁོར་ལྷ་ཚོགས་ལ། །དད་པ་རྒྱ་མཚོས་འབུལ་ལོ་བཞེས་སུ་གསོལ། །ཞེས་སོགས་ཚིག་བཅད་དང་སྦྲག་པའམ། བསྡུ་ན། ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡ། རཱུ་པ། ཤབྡ། གནྡྷེ། རཱ་ས། སྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ་རྣམས་དབུལ། རབ་འབྱམས་རྒྱལ་དང་རྒྱལ་སྲས་རྒྱལ་བའི་ཡུམ། །རྒྱལ་བའི་བསྟན་སྲུང་ཀུན་འདུས་ལྷ་མཆོག་བཞི། །མི་ཡི་རྣམ་རོལ་ཇོ་བོ་ཡབ་སྲས་སོགས། །བསླུ་མེད་སྐྱབས་མཆོག་རྣམས་ལ་གུས་པས་བསྟོད། །ཁྱད་པར་ཆོས་སྐུའི་སྙིང་པོར་ཐབས་ཤེས་ཟུང་། །ཐིག་ལེའི་རྣམ་པར་ཤར་ལ་བདག་བསྟོད་ན། །ལྷ་ཆོས་བདུན་གྱི་སྙིང་ཁུ་ཐིག་ལེའི་བཅུད། །ཚེ་འདིར་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །དེ་ནས་ཡང་། རང་ཐུགས་རྗེ་ཆེན་པོ་ཕྱག་གཉིས་པའི་རྣམ་པར་ལོགས་སུ་
༣༢༤ཕྱེ་བས་སྣ་དྲངས་ཏེ་མ་གྱུར་སེམས་ཅན་ཐམས་ཅད་ཀྱིས་རྒྱལ་བ་རྒྱ་མཚོ་སོགས་ཕྱི་མ་རྣམས་ལ་ཕྱག་དང་བསྐོར་བ་བྱས་ཏེ་གསོལ་བ་བཏབ། ཁྱད་པར་རང་གི་དུས་གསུམ་དུ་བསགས་པའི་དགེ་ཚོགས་ཐམས་ཅད་ཀྱང་འགྲོ་བ་མགོན་དང་སྐྱབས་མེད་པ་རྣམས་ལ་ཕན་པ་དང་བདེ་བའི་རྒྱུ་གང་ལ་གང་འཚམས་ཀྱི་ཉེར་འཚོའ་རྟེན་དུ་འགྱུར་བའི་ཕྱིར་ལྷ་ཚོགས་རྣམས་ལ་མཆོད་པའི་སྤྲིན་དང་བཅས་ཏེ་ཕུལ་བས་ཟག་མེད་ཀྱི་བདེ་བས་དགྱེས། གནས་གསུམ་གྱི་ཡི་གེ་གསུམ་དང་ཁྱད་པར་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་དང་བདུད་རྩིའི་རྒྱུན་བྱུང་། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ། ཐུགས་ཀ་ཕྱེད་ནས་ནང་མ་ནང་མར་ཕྱག་དང་སྐོར་བ་མཆོད་པ་སོགས་གོང་བཞིན་བྱས་པས་ཐམས་ཅད་ཀྱི་བྱིན་རླབས་ཐོབ་པར་བསམས་ལ། སོ་སོའ་སྔགས་སྒྲུབ་དཀྱིལ་རྣམས་སུ་འབྱུང་བ་ལྟར་བཟླ་བའམ། ཐམས་ཅད་ལ་ཡིག་དྲུག་བཟླས་ཀྱང་ཆོག་པར་བཀའ་གདམས་གླེགས་བམ་གྱི་ཆ་ལག་ཏུ་གསུངས། དེར་མ་ཟད་ཐུགས་རྗེ་ཆེན་པོའ་སྐུའི་བ་སྤུའི་བུ་ག་རེར་ཡང་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་བཅས་བཞུགས་ཚུལ། ཡི་གེ་དྲུག་པའི་བཟླས་བརྗོད་བྱེད་ཚུལ་ཟབ་ཤོས་ལ་དམིགས་རྣམ་འདི་འདྲ་ཞིག་དགོས་ཚུལ་ཟ་མ་ཏོག་བཀོད་པའི་མདོ་ལ་ཞིབ་ཏུ་བརྟགས་ན་གསལ་ཞིང་། མགོན་པོ་གསེར་གླིང་པས་ཀྱང་དེ་ལྟར་གསུངས་ཡོད་པས་བཟླས་པ་ཡིག་དྲུག་གཅིག་པུར་རྩལ་འདོན་བྱས་ན་ལེགས་ལ། ཐིག་ལེ་ཐམས་ཅད་ཀྱི་ནང་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཕྱག་མཆོད་སོགས་དུས་མཉམ་དུ་བྱེད་པའི་དམིགས་པ་བསྐྱངས་ནའང་ཆོག་གོ །དེ་ནས་ལྷག་ཆད་བསྐང་བའི་ཕྱིར་ཡིག་བརྒྱ་ཅི་མང་བཟླ། མཆོད་བསྟོད་གོང་བཞིན་བྱ། བརྒྱུད་པ་གསུམ་ལྡན་བླ་མ་ཐམས་ཅད་དང་། །ཡི་དམ་ཐུགས་རྗེ་ཆེན་པོའ་ལྷ་ཚོགས་དང་། །ཇོ་བོ་ཡབ་སྲས་ཐུགས་རྗེ་ཅན་རྣམས་ཀྱིས། །བདག་གི་སྨོན་པའི་གནས་འདི་འགྲུབ་པར་མཛོད། །
༣༢༥འདིས་མཚོན་དུས་གསུམ་དགེ་ཚོགས་བསྡོམས་པའི་མཐུས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །བརྒྱུད་པ་གསུམ་ལྡན་བླ་མ་དམ་པ་ཡིས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་སྟེ། །བཀའ་གདམས་རྣམ་ཐར་གཙང་མ་མཐར་ཕྱིན་ཤོག །སྐྱེས་བུ་གསུམ་གྱི་ལམ་དུ་གསུང་རབ་ཀུན། །བསྡུས་ཏེ་ཉམས་སུ་བླངས་པས་རྒྱུད་སྦྱངས་ནས། །གསང་ཆེན་སྒོར་ཞུགས་དམ་ཚིག་ཚུལ་བཞིན་སྲུང་། །ཟུང་འཇུག་སྙིང་གི་ཐིག་ལེ་འགྲུབ་པར་ཤོག །ལྷ་བཞིས་ལུས་དང་སྡེ་སྣོད་གསུམ་གྱིས་ངག །བསླབ་པ་གསུམ་གྱིས་སེམས་བརྒྱན་རྗེས་དྲན་ལྔའི། །ཉམས་ལེན་མཐར་ཕྱིན་འགྲོ་ཀུན་སྒྲོལ་བ་ལ། །རྒྱལ་བ་རྒྱ་མཚོ་ཉིད་དང་མཚུངས་པར་ཤོག །གསང་ཆེན་སྙིང་གི་ཐིག་ལེའི་གདམས་པ་མཆོག །དབེན་པའི་གནས་སུ་ཉམས་སུ་ལེན་པ་ལ། །ཇོ་བོའ་བཀའ་སྲུང་དགུ་བཅུ་རྩ་གཉིས་ཀྱིས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །རང་གི་ཐུགས་ཀའི་བྱང་ཆུབ་ཀྱི་ཐིག་ལེའི་འོད་ཟེར་གྱིས་སྣོད་བཅུད་མཐའ་དག་བསྡུས་ཏེ་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐིག་ལེ་ལ་ཐིམ། ཐིག་ལེ་ཕྱི་མ་བཅོ་ལྔ་པོ་རང་རང་གི་གཙོ་བོའ་མདོག་ཅན་གྱི་ཐིག་ལེའི་རྣམ་པར་གྱུར་ཏེ་ནང་མ་ནང་མ་ལ་ཐིམ་ཞིང་། བདག་ཉིད་སངས་རྒྱས་ཆོས་ཀྱི་སྐུའང་ཡི་གེ་གསུམ་དང་། དེའི་ༀ་ཨཱཿལ་ཐིམ། ཨཱཿཧཱུྃ་ལ་ཐིམ། ཧཱུྃ་བྱང་ཆུབ་ཀྱི་ཐིག་ལེ་ལ་ཐིམ་སྟེ་ཐབས་ཤེས་ཟུང་འཇུག་གི་ངོ་བོར་གྱུར། དེའི་ངང་ལས་སླར་ཡང་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་པར་གྱུར། །ལེགས་ཚོགས་ཀུན་གྱི་འབྱུང་གནས་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སྐུ་གསུམ་མངོན་དུ་གྱུར་པ་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག །ཐོག་མཐའ་བར་དུ་དགེ་བ་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག །བསླབ་གསུམ་རྣམ་པར་དག་པ་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག །བདག་གཞན་མཉམ་
༣༢༦རྗེ་རིན་ཆེན་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག །ཐབས་ཤེས་ཟུང་འཇུག་རིམ་གཉིས་རྣལ་འབྱོར་ཟབ་མོའ་བཀྲ་ཤིས་ཤོག །ཕན་བདེའི་གཞིར་གྱུར་ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །འགྲོ་ཀུན་ཐེག་མཆོག་ཆོས་ཀྱི་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །གསུང་རབ་དོན་གྱི་དགོངས་པའི་མཐིལ། །ཇོ་བོ་ཡབ་སྲས་ཐུགས་ཀྱི་བཅུད། །སྙིང་གི་ཐིག་ལེའི་རྣལ་འབྱོར་གྱིས། །འགྲོ་ཀུན་སྨིན་ཅིང་གྲོལ་གྱུར་ཅིག །ཅེས་ཐིག་ལེ་བཅུ་དྲུག་གི་བསྒོམ་བཟླས་ཉམས་སུ་ལེན་ཚུལ་སྙིང་པོར་དྲིལ་བ་འདི་ནི་མང་དུ་ཐོས་པའི་དོན་ཡང་དག་པ་སྒྲུབ་པ་ལ་གཞོལ་བའི་རི་ཁྲོད་པ་ཡོན་ཏན་རྒྱ་མཚོས་བསྐུལ་ངོར། །བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཡི་གེ་པ་ནི་སྔགས་རམ་པ་དཀོན་མཆོག་ཀུན་དགའོ། །སརྦ་མངྒ་ལམ།། །།
Notes
==Other Information==