Tibetan:ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་ཉམས་སུ་ལེན་ཚུལ་སྙིང་པོར་དྲིལ་བ་ཕན་བདེའི་ས་བོན་

From gDams Ngag mDzod
Revision as of 00:39, 2 April 2015 by Chandika (talk | contribs)
Jump to navigation Jump to search
Upload a file
DOWNLOAD ABOVE:
Click the picture above to view the original manuscript.
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་ཉམས་སུ་ལེན་ཚུལ་སྙིང་པོར་དྲིལ་བ་ཕན་བདེའི་ས་བོན་
theg pa chen po blo sbyong don bdun ma'i nyams su len tshul snying por dril ba phan bde'i sa bon
Damngak Dzö Volume 4 (ང་) / Pages 215-242 / Folios 1a1 to 14b3

Tibetan Text

ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་ཉམས་སུ་ལེན་ཚུལ་སྙིང་པོར་དྲིལ་བ་ཕན་བདེའི་ས་བོན་ཅེས་བྱ་བ་བཞུགས་སོ། །‬ ‪


‬ ‪

༢༡༦ༀ་སྭ་སྟི་སིདྡྷཾ། མཁའ་ཁྱབ་འགྲོ་ལ་ཕན་བདེའི་མཆོག་སྦྱིན་པའི། །རིན་ཆེན་བྱང་ཆུབ་སེམས་དང་དེ་སྟོན་པ། །ཐེག་ཆེན་དགེ་བའི་བཤེས་ལ་གུས་བཏུད་ནས། །རྒྱལ་སྲས་ལམ་གྱི་ས་བོན་ཅུང་ཟད་དབྱེ། །དེ་ལ་ཐེག་པ་ཆེན་པོའ་བློ་སྦྱོང་དོན་བདུན་མའི་མན་ངག་ཟབ་མོ་ཉམས་སུ་ལེན་ཚུལ་གྱི་ཕྱག་བཞེས་མདོ་ཙམ་བརྗོད་ན་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བའི་ཚུལ་དང་། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་དྲུག །གནས་ཁང་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ། མཆོད་པ་གཡོ་མེད་ཅིང་བཀོད་པས་མཛེས་པར་བཤམས། སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་གྱིས་འཁོད་ནས་སྐྱབས་འགྲོ་སེམས་བསྐྱེད་རྒྱུད་ལ་འདྲེས་ངེས་སུ་བྱ་བ། ཚོགས་ཞིང་གསལ་གདབ་པ། བསགས་སྦྱོང་གི་གནད་བསྡུས་པའི་ཡན་ལག་བདུན་པས་རྒྱུད་སྦྱང་བ། དམིགས་པ་གསལ་བར་བྱས་ཤིང་མཎྜལ་ཕུལ་ཏེ་དོན་ཆེན་པོ་གསུམ་གྱིས་གསོལ་བ་གདབ་པའོ། །དང་པོ་ནི། བླ་མ་གསེར་གླིང་པའི་རྣམ་ཐར་ལྟར་ཕྱག་བཞེས་སུ་འདེབས་པ་ཡིན་པས་དགོན་སྡེའམ་རི་ཁྲོད་ལྟ་བུ་གང་ཡིན་ཀྱང་འདྲ་སྟེ། རང་དབང་བའི་གནས་ཁང་སྤྱི་དང་། ཁྱད་པར་གང་དུ་སྡོད་པའི་ཁུལ་དེར། བདག་གིས་གནས་ཁང་‬ ‪

‬ ‪

༢༡༧འདིར་འདུག་ནས་གཞུང་དང་བླ་མའི་མན་ངག་ལ་བརྟེན་ཏེ་ལས་སུ་བྱ་བ་གཞན་སྤངས་ལ། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཞིག་ཅི་ནས་ཀྱང་ཐོབ་བར་བྱ། དེའི་ཆེད་དུ་བླ་མ་རྒྱལ་བ་སྲས་དང་བཅས་པ་ཚོགས་ཞིང་དུ་བཞུགས་པའི་གནས་འདིར་ཕྱག་དར་བགྱིའོ་སྙམ་དུ་འཕེན་པ་བཏང་ལ། རང་རྒྱུད་ཀྱི་སྡིག་སྒྲིབ་སྦྱོང་བ་དང་། རང་གཞན་གྱི་སེམས་དང་བར་འགྱུར་བ་སོགས་ཀྱི་དགོས་པ་དང་ཕན་ཡོན་དྲན་བཞིན་པས་མི་འདོད་པའི་ཁྲལ་ཆོས་སུ་མ་སོང་བར་དགའ་བ་དང་གུས་པའི་སྤྱོད་ལམ་གྱིས། ཐོག་མར་རྡུལ་མི་ལྡང་བའི་ཕྱིར་ཆུ་གཙང་མས་བྲན་པའམ། བསང་ཤིང་གི་དྲི་ཞིམ་པོ་སྦྱར། རང་གཞན་གྱི་སྡིག་སྒྲིབ་ཉལ་ཉིལ་རྣམས་ཕྱག་བར་མོས་ལ་བྱི་དོར་ལེགས་པར་བྱས་རྗེས། འབྱོར་ན་དྲི་བཟང་པོའ་ཆུས་ཆག་ཆག་གདབ། དེ་ནས་གུང་དུ་སེང་གེའི་ཁྲི་སོགས་བཀོད་པས་མཛེས་པར་རྟེན་གྱི་གཙོ་བོ་སྟོན་པ་ཐུབ་པའི་དབང་པོའ་སྐུ་དང་། དེའི་སྟེང་དུ་ཆོས་འདི་གཙོ་བོར་གྱུར་བའི་བླ་མ་བརྒྱུད་པ། གཡས་གཡོན་དུ་ཡི་དམ་གྱི་ལྷ་དང་སངས་རྒྱས་བྱང་སེམས། འོག་ཏུ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་སོགས་གོ་རིམ་མ་ལོག་པར་བཤམ་པའི་མདུན་ནམ་གཡས་གཡོན་གང་བདེར་ཤེར་ཕྱིན་སོགས་དམ་པའི་ཆོས་ཀྱི་གླེགས་བམ་དང་། མཆོད་རྟེན་རྣམས་བཞུགས་སུ་གསོལ། དེ་ལྟ་བུའི་རྟེན་‬ ‪

‬ ‪

༢༡༨གསུམ་རྒྱས་པར་མ་འབྱོར་ཡང་རང་ལ་གང་ཡོད་པའི་རྟེན་རྣམས་བཀུར་བསྟི་དང་བཅས་ཏེ་དང་བ་འདྲེན་བར་བཤམ་མོ། །གཉིས་པ་ནི། རང་གི་གནས་དེར་མཆོད་པ་དངོས་སུ་བཤམ་དགོས་ཏེ། མཆོད་པ་མེད་པ་དད་པ་མེད་པའི་རྟགས་ཡིན། དད་པ་མེད་པ་ནི་དམ་པའི་ཆོས་རྣལ་མ་མི་འབྱུང་བའི་རྟགས་ཡང་དག་ཡིན་པས་རང་དབང་བའི་ཡོ་བྱད་སུམ་གཅིག་མ་མཐར་བྱས་པ་མཆོད་པའི་ཕྱོགས་སུ་བཏང་དགོས་པས། གོང་དུ་བཤམས་པའི་རྟེན་གསུམ་གྱི་སྤྱན་སྔར་མཆོད་པའི་སྣོད་རབ་གསེར་དངུལ། འབྲིང་ལི་དང་འཁར་བ། ཐ་མའང་རྫ་ཤིང་སོགས་གང་འབྱོར་བ་བྱི་དོར་ལེགས་པར་བྱས་ཏེ་མཆོད་ཡོན་དང་། མེ་ཏོག་དང་། སྤོས་དང་། མར་མེ་སོགས་དངོས་གཙང་ཞིང་ཡ་ཡོ་འཁྱར་འཁྱོར་དུ་མ་སོང་བར་བཀོད་པ་ཅི་མཛེས་སུ་བསྟར། དེ་ཡང་ཚེ་འདིའི་ཁེ་གྲགས་སོགས་ཆོས་བརྒྱད་སྒྲུབ་པའི་བསམ་པས་མ་ཡིན་པར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བླ་མ་དང་དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་འབུལ་བར་བགྱིའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་གསལ་བཏབ་ཅིང་མཆོད་པའི་ཕན་ཡོན་ལ་སྤྲོ་ཞིང་དད་པ་ཤུགས་དྲག་ཏུ་བསྐྱེད་པ་སོགས་གཡོ་སྒྱུའི་སྤྱོད་པ་དང་བྲལ་བའི་ལྷག་པའི་བསམ་པ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། སྦྱོར་བ་སེར་སྣ་དང་། ཆོག་ཤེས་དང་། བརྙས་བཅོས་སོགས་རིང་དུ་དོར་ནས་གཙང་སྦྲ་ཐོན་པར་བྱས་ལ་དགའ་ཞིང་གུས་པས་ལག་ཏུ་བླང་ངོ་། །གསུམ་པ་ནི། རྒྱུན་བསྲིངས་ཏེ་ཉམས་སུ་ལེན་ན་གནས་ཁང་གི་ཕྱོགས་བཞིའམ་སྒོ་རྩར་ཐོ་བརྟན་པོ་བཙུགས་ལ་མིའི་རྒྱུ་འགྲུལ་དང་ཕྱི་ནང་གི་རྣམ་གཡེང་སོགས་སྤྲོས་པ་གཞན་ཐམས་ཅད་རྦད་ཀྱིས་བཅད། སྡོད་ཚུགས་པའི་རྟེན་འབྲེལ་གྱི་ཆེད་རང་གི་མལ་འོག་ཏུ་ས་དཀར་གྱི་གཡུང་དྲུང་རིས་ཆོས་བསྐོར་དུ་བྲིས་པའི་སྟེང་་ཀུ་ཤའི་ཆུན་པོ་དགྲམ་པའང་‬ ‪

‬ ‪

༢༡༩ཕྱག་ལེན་དུ་མཛད། གང་ལྟར་ཡང་བསམ་གཏན་གྱི་འབོལ་ཆུང་དངོས་སུ་བཅོས་པ་ཡོད་ན་དེ་དང་། མེད་ན་རྒྱབ་ཅུང་ཟད་མཐོ་ཞིང་འཇམ་པའི་སྟན་ཅི་ལྟར་རིགས་པ་བཤམ། དེ་ནས་གཟའ་སྐར་སྦྱོར་བྱེད་བཟང་པོ་འཛོམ་པའི་ཕྱི་དྲོའི་ཐུན་ལྟ་བུ་ལ་མགོ་བཟུང་སྟེ་གོང་དུ་བཤམས་པའི་སྟན་ལ་ལུས་གནད་སྐྱིལ་ཀྲུང་ངམ་སྐྱིལ་ཀྲུང་བྱེད་པས་ཀྱང་རུང་སྟེ་དྲང་པོར་བསྲང་། ངག་གནད་རླུང་ཕྱི་ནང་དུ་རང་བཞིན་གྱིས་རྒྱུ་བ་དེ་ཉེར་གཅིག་གི་བར་དུ་མ་འཁྲུལ་བར་བགྲང་བ་ལ་ཡིད་གཏད་དེ་རླུང་ཆམ་ལ་ཕབ། ཁྱད་པར་སེམས་ཀྱི་གནད་མི་དགེ་བ་དང་ལུང་མ་བསྟན་གྱི་དབང་དུ་མ་སོང་བར་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་སྒོ་དུ་མ་ནས་ཡིད་ལ་བྱ་སྟེ། འདི་ལྟར་བློ་ཁ་ནང་དུ་ལོག་སྟེ་རང་གི་སེམས་ཆགས་སོགས་ཉོན་མོངས་ཀྱི་དབང་དུ་སོང་འདུག་གམ། དད་པ་ལ་སོགས་པའི་དགེ་སེམས་གང་འདུག་སྙམ་དུ་བརྟག་པར་བྱ། དེ་ལྟར་བརྟག་པ་ན་རང་རེ་ལས་དང་པོ་བ་རྣམས་ལ་ནི་སེམས་ཉོན་མོངས་པའི་གཞན་དབང་གིས་ཚེ་འདིའི་སྣང་ཤས་འབའ་ཞིག་འཆར་བ་ཁོ་ན་ཤས་ཆེ་བས་ན། ཆགས་སོགས་ཉོན་མོངས་པའི་དབང་དུ་སོང་འདུག་ན་དེ་ངོས་ཟིན་པར་བྱས་ཏེ། བློ་ངན་འདི་ལྟ་བུ་ཞིག་གིས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བདག་རང་དབང་མེད་པར་འཁོར་བར་འཁྱམས་ཤིང་སྡུག་བསྔལ་བར་མ་ཆད་པར་མྱོང་དུ་བཅུག་པ་ཡིན་པས། ད་ནི་བློ་ངན་འདིའི་དབང་དུ་སྐད་ཅིག་ཀྱང་མི་བཏང་། ཕྱིན་ཆད་ནམ་དུའང་རྒྱུད་ལ་མི་སྐྱེ་བ་ཞིག་བྱའོ་སྙམ་དུ་འདུན་པ་དང་སྙིང་སྟོབས་ཤུགས་དྲག་ཏུ་བསྐྱེད་དེ། ག་རེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྡུག་བསྔལ་བར་མ་ཆད་དུ་མྱོང་འདུག་ཀྱང་སྐྱོ་བ་དང་སུན་པ་སྐད་ཅིག་ཀྱང་མེད་པར་འཁོར་བའི་གནས་འབའ་ཞིག་ལ་མངོན་པར་དགའ་བ་འདིའི་དབང་དུ་སོང་ན། ད་དུང་སྔར་ལྟར་མཐའ་མེད་མུ་མེད་དུ་སྡུག་བསྔལ་ཁོ་ན་ཞིག་མྱོང་དགོས་པར་‬ ‪

‬ ‪

༢༢༠འདུག །དེས་ན་ད་རེས་བླ་མ་དཀོན་མཆོག་གི་ཐུགས་རྗེས་དལ་བའི་རྟེན་བཟང་པོ་ཐོབ། ལམ་མ་ནོར་བར་སྟོན་པའི་བཤེས་གཉེན་དམ་པས་རྗེས་སུ་བཟུང་། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པ་དང་མཇལ། བླང་དོར་འབྱེད་པའི་ཤེས་རབ་ཀྱི་མཐུ་ཅུང་ཟད་རྙེད། རང་གི་ངོས་ནས་ཉམས་སུ་ལེན་ནུས་ན་མྱུར་ཏུ་སངས་རྒྱས་ཀྱི་གོ་འཕང་ཉིད་ཀྱང་བདེ་བླག་ཏུ་སྟེར་ནུས་པའི་གདམས་པ་ཟབ་མོ་འདི་འདྲ་ཐོབ། དེ་ལྟ་བུའི་ཆོས་ཟབ་མོ་ཉམས་སུ་ལེན་པར་བྱེད་པ་ལ་རང་དབང་ཡོད་པའི་སྐབས་འདིར་འབད་ནས་བཙན་ས་ཟིན་པ་ཞིག་མ་བྱས་ན། སླར་རྟེན་བཟང་འདི་འདྲ་ཤིན་ཏུ་རྙེད་པར་དཀའ། ལན་གཅིག་རྙེད་པ་འདི་ཡང་ཡུན་རིང་དུ་མི་གནས་པར་མྱུར་ཏུ་འཇིག་སྟེ་ངེས་པར་འཆི། ནམ་འཆི་ལ་ངེས་པ་མེད། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན། ཤི་ནས་ཅང་མེད་དུ་མི་འགྲོ། མ་བྱས་པའི་ལས་དང་མི་འཕྲད། བྱས་པ་ཆུད་མི་འཛའ་བར་ལས་དང་ལས་ཀྱི་འབྲས་བུ་འབའ་ཞིག་ལ་བརྟེན་ནས་ངན་སོང་གསུམ་དུ་ལྟུང་ན་ནི་ཚ་གྲང་དང་། བཀྲེས་སྐོམ་དང་། བཀོལ་སྤྱོད་དང་གླེན་ཞིང་གཏི་མུག་པ་སོགས་སྡུག་བསྔལ་བཟོད་བླག་མེད་པ་མྱོང་དགོས་ཤིང་། ཆོས་ཀྱི་སྒྲ་ཙམ་ཡང་ཐོས་པར་དཀའ། །གནས་དེར་སྐྱབས་བཙལ་ཡང་མི་རྙེད། །བརྒྱ་ལ་བདེ་འགྲོའི་རྟེན་ཐོབ་ཀྱང་སྡུག་བསྔལ་འབའ་ཞིག་ལས་མ་འདས་ཏེ། མི་རྣམས་ལ་སྐྱེ་རྒས་ན་འཆིའི་སྡུག་བསྔལ། ལྷ་མ་ཡིན་རྣམས་ལ་འཐབ་ཅིང་རྩོད་པ། ཁམས་འོག་མའི་ལྷ་རྣམས་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ། ཁམས་གོང་མའི་ལྷ་རྣམས་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། མདོར་ན་གནས་རིགས་དྲུག་ཏུ་རྟེན་ཁམས་གསུམ་གང་དུ་སྐྱེས་ཀྱང་ལས་དང་ཉོན་མོངས་པའི་གཞན་དབང་དུ་སོང་སྟེ་རང་དབང་མེད་པར་འཁྱམས་ཤིང་སྡུག་བསྔལ་འབའ་ཞིག་‬ ‪

‬ ‪

༢༢༡གིས་མནར། རང་ཉིད་སྡུག་བསྔལ་གྱིས་མནར་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་གྱིས་མནར། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཐམས་ཅད་རང་གི་དྲིན་ཅན་གྱི་མ་ཤ་སྟག་ཡིན་ཅིང་། མ་བྱས་པ་ལའང་གྲངས་ཀྱིས་མི་ཆོད། ནམ་བྱས་རེས་ཀྱིས་ཚེ་འདིའི་མས་ཇི་ལྟར་དྲིན་གྱིས་བསྐྱངས་པ་ལྟར་དྲིན་གྱིས་བསྐྱངས་པས་དྲིན་ཤིན་ཏུ་ཆེ། དྲིན་ཅན་གྱི་མ་འདི་རྣམས་བདེ་བ་འདོད་ཀྱང་བླང་དོར་གོ་ལོག་ཏུ་སྤྱད་པས་སྡུག་བསྔལ་འབའ་ཞིག་མྱོང་བ་ལས་བདེ་བའི་སྐབས་སྐད་ཅིག་ཀྱང་མི་འདུག་པས་སྙིང་རེ་རྗེ། དེ་བས་ན་མ་འདི་རྣམས་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་ན་ཅི་མ་རུང་། སྡུག་བསྔལ་མཐའ་དག་དང་བྲལ་ན་ཅི་མ་རུང་སྙམ་དུ་བྱམས་སྙིང་རྗེ་ཤུགས་དྲག་ཏུ་བསྒོམ། འོ་ན་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་ཁུར་དེ་སུ་ལ་བབ་ན་ངེད་རང་ལ་བབས་ཤིང་ངེས་པར་སྤྲོ་ནའང་། ད་ལྟ་རང་ཉིད་ལ་དེའི་ནུས་པ་མེད། རང་ལས་ལྷག་པའི་ཚངས་པ་དང་བརྒྱ་བྱིན་ལ་སོགས་འཇིག་རྟེན་གྱི་ཆེན་པོ་རྣམས་ལའང་མེད། སུ་ལ་ཡོད་ན་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཁོ་ན་ལ་མངའ་བས་ན། བདག་གཞན་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་བར་བྱ་བའི་ཕྱིར་བླ་མ་དང་དཀོན་མཆོག་རིན་པོ་ཆེར་སྐྱབས་དང་ར་མདའ་ཞུ་བར་བགྱིའོ་སྙམ་དུ་འདུན་པ་སྙིང་ནས་བསྐྱེད། སྤྲོ་ན་ཚིགས་སུ་བཅད་པ་འདི་རྣམས་ཀྱི་དོན་ཡིད་ལ་དྲན་བཞིན་པས་ཀྱང་རང་རྒྱུད་ལ་བསྐུལ་མ་གདབ་པར་བྱ་སྟེ། །དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས།‬ ‪

‬ ‪

།༢༢༢འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ལ། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲངས། །སྐྱེས་རྒུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་ལུས་དང་གྲིབ་མ་བཞིན་དུ་འབྲངས། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །དེ་ལྟའི་འཇིགས་རུང་སྲིད་པའི་སྡུག་བསྔལ་ལས། །མར་གྱུར་མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར། །བླ་མ་མཆོག་དང་དཀོན་མཆོག་རྣམ་གསུམ་ལ། །མི་ཕྱེད་དད་པས་སྐྱབས་སུ་བཟུང་བར་བགྱི། །ཞེས་ཚིག་དལ་བུས་བརྗོད་ཅིང་དོན་ཡིད་ལ་བསམ། དེ་ནས་ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་བདེ་བ་ཅན་གྱི་བཀོད་པ་ལྟ་བུར་གྱུར་པའི་རང་གི་མདུན་གྱི་ནམ་མཁར་ཡིད་འཕྲོག་པའི་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས་སུ། སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་དུ་པད་ཟླའི་གདན་ལ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་སྟོན་པ་ཐུབ་པའི་དབང་པོའ་མཐའ་བསྐོར་དུ་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། ལུང་རྟོགས་ཀྱི་ཆོས་དཀོན་མཆོག་མཚོན་པའི་གླེགས་བམ་གྱི་ཚོགས། རང་ལས་བསླབ་པ་རྒན་པ་མན་གྱི་འཕགས་པ་དང་སོ་སོ་སྐྱེ་བོའ་དགེ་འདུན་བསྟན་སྲུང་ཡེ་ཤེས་པ་རྣམས་དང་བཅས་པ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་རང་ཉིད་ལ་དགྱེས་ཤིང་འཛུམ་པས་ཞལ་ཕྱོགས་ཏེ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། རང་དང་སེམས་ཅན་‬ ‪

‬ ‪

༢༢༣ཐམས་ཅད་ས་གཞིའི་ངོས་སུ་ས་ཆེན་པོའ་དྲེག་པ་ལྟར་སྨུག་ཤིག་གེ་ཚོགས་པས་སྒོ་གསུམ་འཇུག་པ་གཅིག་པའི་ཚུལ་གྱིས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་བླ་མ་དང་དཀོན་མཆོག་ཁྱེད་རྣམས་མ་གཏོགས་རེ་ས་དང་ལྟོས་ས་གཞན་ན་མེད་པས་ཅི་མཛད་ཁྱེད་མཁྱེན་ནོ་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོས་སྐྱབས་སུ་འགྲོ་བར་གྱུར་པར་བསམ་ལ། སྐྱབས་འགྲོའི་ཚིག་ཇི་ལྟར་རིགས་པའམ། དགེ་བའི་བཤེས་གཉེན་འགའ་ཞིག་ཇོ་བོ་རྗེའི་སེམས་བསྐྱེད་ཀྱི་ཆོ་ག་ལས་འབྱུང་བ་འདི་ལྟར་བརྗོད་པ་ཕྱག་བཞེས་སུ་མཛད་པས། བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བརྗོད་པར་བསམ་ལ་ངག་ཏུ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་ཆེན་པོ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་གང་མང་དང་། བདག་གཞན་གྱིས་དུས་གསུམ་དུ་བསགས་དང་བསག་པར་འགྱུར་བའི་སྦྱིན་ཚུལ་སྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་སྙམ་པ་སྨོན་སེམས་དང་། དེའི་ཆེད་དུ་ཐེག་པ་ཆེན་པོའ་ལམ་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བློ་སྦྱོང་གི་གདམས་པ་ཟབ་མོ་ཉམས་སུ་བླངས་ལ་ཉམས་སུ་མྱོང་ངེས་པ་ཞིག་ཅི་ནས་བགྱིའོ་སྙམ་པ་འཇུག་པ་སེམས་‬ ‪

‬ ‪

༢༢༤བསྐྱེད་པའི་དོན་ཡིད་ལ་དྲན་བཞིན་དུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་དང་མཁའ་མཉམ་གྱི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱིས་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་སྒོམ་པའི་རང་བཞིན་ཅན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་བྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་སེམས་བསྐྱེད་ཀྱི་ཆོ་ག་ལས་བྱུང་བའི་ཚིག་འདི་ལན་གསུམ་སོགས་ཇི་ལྟར་རིགས་པ་བློ་དང་འདྲེས་ངེས་སུ་བྱ། སླར་ཡང་སྐྱབས་སེམས་སྦྲགས་མའི་ཚུལ་དུ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གང་མང་བརྗོད། བསྡུ་ན་སངས་རྒྱས་ཆོས་ཚོགས་ཁོ་ནས་ཀྱང་རུང་། དེ་ནས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དགེ་བའི་རྩ་བ་དང་ལྡན།‬ ‪

‬ ‪

༢༢༥སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པའི་ཀུན་འབྱུང་དང་བྲལ། སྡུག་བསྔལ་མེད་པའི་བདེ་བ་དང་དུས་རྟག་ཏུ་མི་འབྲལ་ཞིང་། བདེ་སྡུག་གི་རྒྱུ་རང་ཕྱོགས་ལ་ཆགས་པ། གཞན་ཕྱོགས་ལ་སྡང་བ། དེ་གཉིས་ཀྱི་རྒྱུ་ལས་འབྲས་ལ་རྨོངས་པའི་མ་རིག་པ་དང་བྲལ་ནས་བཏང་སྙོམས་ཆེན་པོ་ལ་གནས་པ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་འདུན་པ། དེ་ལྟར་གྱུར་ཅིག་སྙམ་པའི་སྨོན་ལམ། དེ་ལྟར་བདག་གིས་བགྱིའོ་སྙམ་པའི་དམ་བཅའ། དེ་ལྟར་འགྱུར་བར་བླ་མ་དང་དཀོན་མཆོག་མཁྱེན་སྙམ་པའི་གསོལ་འདེབས་དང་འབྲེལ་བའི་དོན་ཡིད་ལ་དྲན་བཞིན་དུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་བརྗོད། དེ་ལྟར་སྐྱབས་སེམས་ཚད་མེད་བཞི་བསྒོམས་པ་ལ་བརྟེན་ནས། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་བདུད་རྩི་སྣ་ལྔ་འོད་ཟེར་གྱི་རྒྱུན་དང་བཅས་པ་བྱུང་། རང་དང་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་སྤྱི་དང་། ཁྱད་པར་སྐྱབས་ཡུལ་རྣམས་ལ་མ་གུས་པ་དང་། བརྙས་པ་ལ་སོགས་པའི་སྡིག་སྒྲིབ་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་གེགས་སུ་གྱུར་པ་ཐམས་ཅད་སྦྱང་། ལུས་དྭངས་གསལ་འོད་ཀྱི་རང་བཞིན་དུ་གྱུར། ཚེ་དང་བསོད་ནམས་དང་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་བླ་མ་དང་དཀོན་མཆོག་གི་སྐྱབས་འོག་ཏུ་ཆུད་ཅིང་ཐུགས་རྗེ་དང་བྱིན་རླབས་རྒྱུད་ལ་ཞུགས་པ་ལ་བརྟེན་ནས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་དང་། ཚད་མེད་པ་བཞི་བཅོས་མ་མ་‬ ‪

‬ ‪

༢༢༦ཡིན་པ་རྒྱུད་ལ་སྐྱེས་པར་མོས་ཏེ་སེམས་བཟུང་ལ་མཉམ་པར་བཞག་མཐར་སྐྱབས་ཡུལ་རྣམས་མི་དམིགས་པར་བསམ་མོ། །བཞི་པ་ནི། ཐོག་མར་གནས་ཁང་དང་མཆོད་པའི་ཡོ་བྱད་ལ་དམིགས་ཏེ། སྨན་བླ་དང་གནས་བརྟན་གྱི་ཆོ་ག་སོགས་ལས་འབྱུང་བ་ལྟར་བྱིན་རླབས་བཞི་སྐོར་རྒྱས་པར་བྱ་བའམ། དེ་ཙམ་མི་ནུས་ན། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བར་གྱུར་བའི་གཞིར། གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་ལེགས་པས་མཛེས་ཤིང་ལྷུན་སྟུག་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཁྲི་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ་པདྨ་དང་ཟླ་བའི་གདན། མཐའ་སྐོར་ཀུན་ཏུ་སེང་ཁྲི་པད་ཟླའི་གདན་གྲངས་མེད་པ་དང་། ཕྱི་ནང་ཀུན་ཏུའང་ཆ་རིགས་དང་འཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང་། ན་བཟའ་དང་། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ་ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་བཀླུབས་པ་དང་ལྡན་པ་འབྱུང་བར་གྱུར་ཅིག །ཅེས་དང་། ༀ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨཱརྷ་ཏོ། སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བི་དྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ།‬ ‪

‬ ‪

༢༢༧སརྦ་ཀརྨ་ཨཱ་ཝེ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་དང་། སླར་ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག་ཅེས་བདེན་པའི་སྟོབས་བརྗོད། དེ་ནས་འདུན་པ་རྩེ་གཅིག་པས་སྤོས་བཏུལ་ཞིང་སྙན་པའི་གདངས་དང་བཅས་པས། །ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའ་དབུས་བཞུགས་གསོལ། །རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེ་ཚད་མེད་འགྲོ་ལ་ཕྱོགས་བཅུར་གཟིགས། །རྒྱལ་བ་ཀུན་གྱི་ཕྲིན་ལས་རྒྱས་མཛད་པ། །དུས་གསུམ་བླ་མ་འཁོར་བཅས་འདིར་གཤེགས་ཤིག །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་གསོལ་བ་བཏབ་པས་རང་ལ་ཆོས་འདི་‬ ‪

‬ ‪

༢༢༨དངོས་སུ་སྟོན་པའི་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་སྟོན་པ་ཤཱཀྱའི་རྒྱལ་པོ་ལ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་གི་དགེ་འདུན་ཆོས་སྐྱོང་སྲུང་མ་ཡེ་ཤེས་པའི་ཚོགས་དང་བཅས་པས་བསྐོར་བ་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟར་བྱོན་ནས་སོ་སོའ་གདན་ལ་དགྱེས་བཞིན་ཏུ་བཞུགས་པར་བསམས་ལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཅེས་བྱོན་ལེགས་བྱ། དེ་ནས་ཁྲུས་གསོལ་བའི་ཐོག་མར་སྙན་བརྣན་པ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཁྲུས་གསོལ་བ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང་། །སེམས་ཅན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །སྐུ་ཕྱི་བ་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་གོས་འབུལ་བ་ནི། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི།‬ ‪

‬ ‪

།༢༢༩ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྣ་ཚོགས་དབང་པོའ་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །བཞུགས་སུ་གསོལ་བ་ནི། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་བརྗོད་པས་ཚོགས་ཀྱི་ཞིང་དུ་བརྟན་པར་བཞུགས་པར་མོས་ལ། གསལ་སྣང་ལ་སེམས་བཟུང་ཞིང་དད་མོས་ཤུགས་དྲག་ཏུ་བྱའོ། །ལྔ་པ་ནི། ལམ་རྒྱུད་ལ་སྐྱེ་བའི་མཐུན་རྐྱེན་ཚོགས་བསགས་པ་དང་། འགལ་རྐྱེན་སྒྲིབ་པ་སྦྱོང་བའི་ལྷན་ཅིག་བྱེད་རྐྱེན་མེད་ན། ཉེར་ལེན་གྱི་རྒྱུ་དམིགས་རྣམ་སྐྱོང་བ་ཙམ་ལ་འབད་ཀྱང་ལམ་ཤིན་ཏུ་སྐྱེ་བར་དཀའ་བས་བསགས་སྦྱོང་གི་གནད་རྣམས་བསྡུས་པའི་ཡན་ལག་བདུན་པས་རྒྱུད་སྦྱོང་དགོས་པར་གསུངས་པས་ན། རྒྱས་པར་ན་བཟང་སྤྱོད་དང་། སྤྱོད་འཇུག་སོགས་ཀྱི་ཚིགས་སུ་བཅད་པ་སྤེལ་ཞིང་། བཤགས་པའི་སྐབས་ལྟུང་བཤགས་དང་། སྤྱི་བཤགས་སོགས་ཆོས་སྤྱོད་རྣམས་ལས་འབྱུང་བ་ལྟར་བྱ་བའམ། བསྡུ་ན། ཇི་སྙེད་སུ་དག་སོགས་ནས། ཕྱིར་བསྔོའོ་ཞེས་པའི་བར་བཟང་སྤྱོད་ལས་འབྱུང་‬ ‪

‬ ‪

༢༣༠བའི་ཡན་ལག་བདུན་པ་ཚིག་དོན་ཡིད་ལ་དྲན་བཞིན་དུ་ཚར་ཇི་ལྟར་རིགས་པ་ཕྱག་དང་བཅས་ཏེ་བྱའོ། །དྲུག་པ་ནི། མཎྜལ་གྱི་གཞི་དང་། ཚོམ་བུ་དགོད་པའི་འབྲུ། དྲི་བཟང་གི་ཆུ་སོགས་སྟ་གོན་བྱས་ལ། ཐོག་མར་མཎྜལ་ལེགས་པར་ཕྱི་ཞིང་དྲི་བཟང་གི་ཆུས་བརླན། དེ་ནས་ལུས་ཀྱི་ལས་སུ་ཚོམ་བུ་དགོད་པ། ངག་གི་ལས་སུ་ཚིག་བརྗོད་པ། ཡིད་ཀྱི་ལས་སུ་དམིགས་རྣམ་ཡིད་ལ་བྱ་སྟེ། སྒོ་གསུམ་འཇུག་པ་གཅིག་པས་མཎྜལ་ཚོམ་བུ་སོ་བདུན་མའམ། ཉེར་གསུམ་མ། བདུན་མ་སོགས་ཅི་རིགས་པ་མ་ཚང་བ་མེད་པ་འདི་ཉིད་ཅེས་པའི་བར་སྤྱི་ལྟར་ལ་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་ཙམ་མམ། སྤྲོ་ན། བཞེས་ནས་བདག་གི་རྒྱུད་ཀྱི་ཐེག་པ་ཆེན་པོའ་ལམ་བསྒྲུབ་པ་དང་འགལ་བའི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་ཏུ་འགགས་པར་བྱིན་གྱིས་བརླབ་ཏུ་གསོལ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་སོགས་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་མྱུར་ཏུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་གདབ། དེ་ནས་སླར་ཡང་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་ལ་ལམ་འདིའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་ནི། །ཚོགས་གཉིས་རབ་རྫོགས་འདྲེན་མཆོག་ཤཱཀྱའི་ཏོག །རྒྱལ་བའི་རྒྱལ་ཚབ་རྒྱལ་སྲས་མི་ཕམ་མགོན། །ས་གསུམ་མངའ་བདག་འཕགས་པ་ཐོགས་མེད་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཀུན་མཁྱེན་གཉིས་པ་རྒྱལ་སྲས་དབྱིག་གི་གཉེན། །མཐའ་བྲལ་དོན་གཟིགས་འཕགས་པ་རྣམ་གྲོལ་སྡེ། །བདེན་གཉིས་‬ ‪

‬ ‪

༢༣༡དོན་རྟོགས་བཙུན་པ་རྣམ་གྲོལ་སྟེ། གསོལ་བ་འདེབས་སོ །འགྲོ་བའི་རྩ་ལག་གུ་ཎ་མི་ཏྲའི་ཞབས། །ལྟ་ངན་རི་དྭགས་འཇོམས་མཛད་སེང་གེ་བཟང་། །བདག་གཞན་ཚོགས་གཉིས་སྤེལ་མཛད་གང་བ་སྤེལ། །གསོལ་བ་འདེབས་སོ །ཡོན་ཏན་རིན་ཆེན་གཏེར་གྱུར་ཀུ་སཱ་ལི། །བདག་གཞན་བརྗེ་མཛད་ཀུ་སཱ་ལི་གཉིས་པ། །མཁས་གྲུབ་ཆེན་པོ་མཉམ་མེད་གསེར་གླིང་པ། །གསོལ་བ་འདེབས་སོ །ཡིད་བཞིན་ནོར་འདྲའི་ཐུགས་མངའ་མར་མེ་མཛད། །རྒྱལ་བའི་འབྱུང་གནས་སྟོན་པ་རིན་པོ་ཆེ། །བསྟན་པ་རིན་ཆེན་གསལ་མཛད་པུ་ཏོ་བ། །གསོལ་བ་འདེབས་སོ །ཡོན་ཏན་མཆོག་གིས་གྲགས་པའི་ཤ་ར་བ། །བྱང་ཆུབ་ཐུགས་གཉིས་འབྱོངས་པའི་འཆད་ཀ་བ། །ལྟ་སྤྱོད་རྣམ་པར་དག་པའི་རྒྱལ་བ་སེ། །གསོལ་བ་འདེབས་སོ །གཅིག་ཏུ་གཞན་དོན་མཛད་པའི་སྐྱེས་མཆོག་ལྷ། །བསླབ་གསུམ་རྣམ་པར་དག་པའི་ལྷ་སྡིངས་པ། །སྒོ་གསུམ་གཞན་དོན་མཛད་པའི་ལྷ་སྡིངས་དབོན། །གསོལ་བ་འདེབས་སོ །དུས་གསུམ་རྒྱལ་བའི་ལམ་གནས་ཡོན་ཏན་དཔལ། །སངས་རྒྱས་བསྟན་པ་རྒྱས་མཛད་བདེ་བ་དཔལ། །མཁས་བཙུན་འགྲན་ཟླ་བྲལ་བའི་ཀ་བཞི་པ། །གསོལ་བ་འདེབས་སོ །ཕན་བདེ་ཀུན་གྱི་འབྱུང་གནས་རིན་པོ་ཆེ། །བསོད་ནམས་ཡེ་ཤེས་སྟོབས་ཀྱིས་སྟོང་གསུམ་གྲགས། །བྱམས་དང་སྙིང་རྗེའི་མངའ་བདག་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ །ཁ་སྐོང་ནི། དུས་གསུམ་རྒྱལ་བའི་སྲས་མཆོག་བཟང་པོ་དཔལ། །རྩེ་གཅིག་སྒྲུབ་ལ་བརྩོན་མཛད་བུདྡྷ་ཤྲཱི། །བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ཨེ་ཝཾ་པ། །གསོལ་བ་འདེབས་སོ །ཕྱག་ན་པདྨོའི་རྣམ་འཕྲུལ་མུས་ཆེན་རྗེ། །རྒྱ་ཆེན་ཤེས་བྱ་ཀུན་གཟིགས་གུང་རུ་པ། །ངག་གི་དབང་ཕྱུག་གཉུག་ལ་‬ ‪

‬ ‪

༢༣༢པཎ་ཆེན་ཞབས། །གསོལ་བ་འདེབས་སོ །སྤྱན་སྔ་སེམས་དཔའ་ཆེན་པོ་ཆོས་གྲགས་མཚན། །ཆོས་ཀྱི་སྤྱན་ལྡན་ཤེའུ་ལོ་ཙཱ་བ། །སྲིད་ཞིའི་ཕུན་ཚོགས་རབ་རྒྱས་བཅོ་བརྒྱད་པར། །གསོལ་བ་འདེབས་སོ །ཟབ་རྒྱས་གདམས་པའི་མཛོད་འཛིན་མཁྱེན་རབ་ཞབས། །མདོ་སྔགས་བསྟན་པའི་སྒྲོན་མེ་རྨོར་ཆེན་རྗེ། །མཁྱེན་བརྩེ་ནུས་པའི་བདག་ཉིད་གནས་གསར་བ། །གསོལ་བ་འདེབས་སོ །སྙིགས་དུས་འགྲོ་བའི་སྐྱབས་མགོན་ས་སྐྱ་པ། །རིག་པའི་དབང་ཕྱུག་ཀུན་དགའ་མཁས་གྲུབ་དབང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ །ཡང་ན། སྤྱན་སྔ་སེམས་དཔའ་ཆེན་པོ་ཆོས་གྲགས་མཚན། །ཅེས་པའི་མཚམས། མདོ་རྒྱུད་མངའ་བདག་གཞོན་ནུ་ཆོས་དཔལ་བཟང་། །འཇམ་དབྱངས་མཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ །མཁས་གྲུབ་དཔལ་འབྱོར་ཕྲིན་ལས་རབ་རྒྱས་དང་། །ཕྱག་ན་པདྨོ་བློ་བཟང་རྒྱ་མཚོའ་སྡེ། །ལུང་རྟོགས་གཏེར་ཆེན་བློ་བཟང་དར་རྒྱས་ཞབས། །གསོལ་བ་འདེབས་སོ །གནས་བརྟན་ཆེན་པོ་འཇམ་དབྱངས་གྲགས་པའི་དཔལ། །ལམ་བཟང་གསལ་མཛད་དགེ་ལེགས་རྒྱ་མཚོའ་ཞབས། །ངག་གི་དབང་ཕྱུག་བྱམས་མགོན་གཉིས་པ་ལ། །གསོལ་བ་འདེབས་སོ །རིག་གྲོལ་མཐར་ཕྱིན་ཡེ་ཤེས་རྒྱལ་མཚན་དཔལ། །འཇམ་དཔལ་དབྱངས་དངོས་བསྟན་པའི་སྒྲོན་མེ་ཆེ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་སོ། །རྙེད་དཀའ་ཡོན་ཏན་ལྡན་པའི་དལ་འབྱོར་འདི། །དོན་མེད་ཚེ་འདིའི་བྱ་བས་མི་གཡེང་བར། །དྲག་ལ་རྒྱུན་མི་འཆད་པའི་བརྩོན་འགྲུས་ཀྱིས། །ཉིན་མཚན་ཆོས་ཀྱིས་འདའ་བར་བྱིན་གྱིས་རློབས། །ཆུ་བུར་‬ ‪

‬ ‪

༢༣༣ལྟ་བུར་མི་རྟག་ལུས་སྲོག་འདི། །ནམ་འཇིག་ངེས་པ་མེད་པར་རྟོགས་གྱུར་ནས། །ཚེ་འདིའི་ཕུན་ཚོགས་སྒྲུབ་པའི་བསམ་སྦྱོར་རྣམས། །སྐད་ཅིག་ཙམ་ཡང་མེད་པར་བྱིན་གྱིས་རློབས། །སྲིད་པའི་བདེ་ལ་ནམ་ཡང་མ་ཞེན་ཅིང་། །རང་ཉིད་ཞི་བ་དོན་དུ་མི་གཉེར་བར། །འགྲོ་ཀུན་དོན་དུ་སངས་རྒྱས་སྒྲུབ་པ་ཡི། །བསམ་སྦྱོར་རྒྱུན་མི་འཆད་པར་བྱིན་གྱིས་རློབས། །ཐོག་མེད་དུས་ནས་གཉེན་གྱུར་འགྲོ་བ་རྣམས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་མཐོང་གྱུར་ན། །བུ་སྡུག་ཆུ་ཡིས་ཁྱེར་བའི་མ་བཞིན་དུ། །བཅོས་མིན་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །རང་བདེ་འདོད་ལས་ཉེས་པ་ཀུན་འབྱུང་ཞིང་། །གཞན་ཕན་སེམས་ལས་ཡོན་ཏན་ཀུན་འབྱུང་ཕྱིར། །གཞན་སྐྱོན་བདག་ལ་ལེན་ཅིང་བདག་ཉིད་ཀྱི། །བདེ་དགེ་གཞན་ལ་གཏོང་བར་བྱིན་གྱིས་རློབས། །རང་ཉིད་གཅེས་པར་འཛིན་པའི་དགྲ་བོ་འདིས། །ཐོག་མེད་དུས་ནས་རང་གཞན་སྡུག་བསྔལ་བྱས། །ཕྱིན་ཆད་བྱང་ཆུབ་སེམས་གཉིས་སྟོབས་རྒྱས་ནས། །བདག་འཛིན་རྩད་ནས་ཐོན་པར་བྱིན་གྱིས་རློབས། །འགྲོ་འདིས་ཐོག་མེད་དུས་ནས་ཕན་བཏགས་ཤིང་། །བྱང་ཆུབ་སྒྲུབ་པའང་འདི་ལ་རག་ལས་པས། །རྒྱལ་བ་བཞིན་དུ་ཕན་བདེའི་རྒྱུར་མཐོང་ནས། །གུས་པས་སྤྱི་བོར་ལེན་པར་བྱིན་གྱིས་རློབས། །ལས་ངན་དབང་གིས་སྣོད་བཅུད་འགལ་རྐྱེན་གྱིས། །གང་བའི་དུས་འདིར་འགལ་རྐྱེན་ཀུན་སྤངས་ནས། །ལོག་ནས་དམ་ཆོས་སྒྲུབ་དབང་མི་གདའ་བས། །རྐྱེན་ངན་ལམ་དུ་སློང་བར་བྱིན་གྱིས་རློབས། །བདེ་སྡུག་ཕན་གནོད་འབྱོར་རྒུད་ཅི་བྱུང་ཡང་། །རྨི་ལམ་ཡུལ་གྱི་འབྱོར་རྒུ་ཇི་བཞིན་དུ། །སྣང་ཡང་བདེན་པ་མེད་པར་ཤེས་བྱས་ནས། །ཞེན་མེད་རང་སར་གྲོལ་བར་བྱིན་གྱིས་རློབས། །ཞེས་རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་བཟང་པོ་དཔལ་གྱི་གསུང་‬ ‪

‬ ‪

༢༣༤ཞལ་སྐོང་དང་བཅས་པའི་སྒོ་ནས་གསོལ་བ་གདབ། དེ་ལ་སྤྱིར་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་གདབ་ཚུལ་གོང་ལྟར་ལ། བྱེ་བྲག་དལ་འབྱོར་རྙེད་དཀའ་ཁོ་ན་བསྒོམ་པའི་དབང་དུ་བྱས་ན་མཎྜལ་གྱི་གསོལ་འདེབས་དང་། སྐབས་འདིར་ཡང་། བདག་གི་རྒྱུད་ལ་དལ་འབྱོར་རྙེད་དཀའི་རྟོགས་པ་དང་འགལ་བའི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་ཏུ་འགགས་པར་བྱིན་གྱིས་བརླབ་ཏུ་གསོལ། དལ་འབྱོར་རྙེད་དཀའི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ངག་ཏུ་བརྗོད་པའམ་ཡིད་ཀྱིས་བསམས་ཏེ་དམིགས་ཕུག་པའི་གསོལ་འདེབས་བློ་སྣ་འགྱུར་ངེས་པ་བྱ། །མཐར་ཚོགས་ཞིང་རྣམས་ཀྱི་སྐུ་ལས་བདུད་རྩི་སྣ་ལྔ་འོད་ཟེར་གྱི་རྒྱུན་དང་བཅས་པ་བྱུང་། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་སྤྱི་དང་། ཁྱད་པར་དངོས་གཞིའི་ལམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བ་ལ་གེགས་བྱེད་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱང་། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། །ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་དུ་ཡང་དངོས་གཞིའི་ལམ་གྱི་རྟོགས་པ་རྩོལ་བ་མེད་པ་རང་ངར་མ་ཤུགས་ཀྱིས་སྐྱེ་བའི་རྟེན་འབྲེལ་བསྒྲིགས་ཤིང་བྱིན་གྱིས་བརླབ་པར་བསམ་མོ། །གཉིས་པ་དངོས་གཞི་ལ་བདུན། སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག །བློ་སྦྱོང་གི་བསླབ་བྱའོ། །དེ་ལས་ས་བཅད་དང་པོ་གཉིས་ནི་དམིགས་ཐུན་དུ་བཅད་‬ ‪

‬ ‪

༢༣༥ནས་མྱོང་བ་མཐར་མ་སྐྱོལ་གྱི་བར་དུ་བསྐྱང་བར་བྱ་བ་ཡིན་ལ། ལྷག་མ་རྣམས་དེ་དག་གི་གེགས་སེལ་དང་། བོགས་འདོན་དང་། བསླབ་བྱའི་ཚུལ་དུ་སྦྱར་བས་དོན་གྲུབ་ཀྱང་། ལས་དང་པོ་བས་དམིགས་ཐུན་ཅི་རིགས་པར་བསྐྱངས་ནས་གོམས་འདྲིས་བརྟན་པོས་ནམ་དགོས་པའི་དུས་ལག་ཏུ་ལོན་ངེས་པ་ཞིག་ཅི་ནས་གལ་ཆེ་བ་ཡིན། །གང་ལྟར་ཡང་དང་པོ་སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ་ལ་གསུམ། དལ་འབྱོར་རྙེད་དཀའ་བསམ་པ། འཆི་བ་མི་རྟག་པ་བསམ་པ། ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་བསམ་པའོ། །དེའི་དང་པོ་ཉམས་སུ་ལེན་པ་ལ་མཚོན་ན་ཤེས་པ་རྣལ་དུ་ཕབས་ནས། དལ་འབྱོར་རང་གི་ངོ་བོ་ངོས་བཟུང་སྟེ། དེ་ཉིད་རྒྱུ་དང་། ངོ་བོ་དང་། གྲངས་དང་། དཔེའི་སྒོ་ནས་རྙེད་པར་དཀའ་བའི་ཚུལ་དང་། རྙེད་ན་ཕན་ཡོན་ཆེ་བའི་ཚུལ་རྣམས། རྒྱལ་སྲས་རིན་པོ་ཆེའི་གསུང་སྒྲོས་འགྲོ་མགོན་དཔལ་ལྡན་ཡེ་ཤེས་ཀྱིས་བསྒྲིགས་པའི་བློ་སྦྱོང་སྙན་བརྒྱུད་ཆེན་མོ་ནས་ཇི་ལྟར་འབྱུང་བ་བཞིན་སྒོ་དུ་མ་ནས་ལེགས་པར་བསམས་ཏེ། རྟེན་ཁྱད་པར་ཅན་འདི་ལྟ་བུ་རྙེད་པའི་སྐབས་སུ་ཚེ་རབས་གཏན་གྱི་འདུན་མ་དམ་པའི་ཆོས་རྣམ་པར་དག་པ་དང་། དེ་ལས་ཀྱང་ད་རེས་སྐྱེས་བུ་ཆེན་པོའ་ལམ་གྱི་སྙིང་པོ་བྱང་ཆུབ་སེམས་གཉིས་ལ་བློ་སྦྱོང་བའི་གདམས་པ་ཟབ་མོ་འདི་ཉམས་སུ་བླངས་ལ་ཉམས་སུ་མྱོང་ངེས་པ་ཞིག་ཅི་ནས་ཀྱང་བྱའོ་སྙམ་དུ་ཤལ་བབས། རུས་ལ་ཐུག་པའི་ཚུལ་དུ་བསྒོམ་ཞིང་སེམས་བཟུང་། དེ་ལྟར་འགྱུར་བར་བླ་མ་དང་དཀོན་མཆོག་རིན་པོ་ཆེ་མཁྱེན་སྙམ་པའི་གསོལ་འདེབས་དང་། སྐབས་སུ་བདུད་རྩི་འབེབས་སྦྱོང་གི་དམིགས་པའང་བྱ། དེས་མཚོན་ཏེ་སྔོན་འགྲོ་དང་དངོས་གཞིའི་དམིགས་པ་འོག་མ་རྣམས་ལའང་དཔྱད་འཇོག་སྤེལ་མའི་ཚུལ་གྱིས་ཉམས་སུ་བླང་ཚུལ་འདི་‬ ‪

‬ ‪

༢༣༦ཉིད་ཀྱིས་རིགས་འགྲེ་སྟེ་ཤེས་པར་བྱའོ། །གསུམ་པ་ནི། ཐུན་དེ་ལས་ལྡང་བར་བརྩམ་པ་ན། སྤྲོ་ཞིང་ནུས་ན་སླར་ཡང་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ཞིང་གསོལ་བ་ཤུགས་དྲག་ཏུ་གདབ། གང་ལྟར་ཡང་ཚོགས་ཞིང་རྣམས་རྟེན་ཡོད་ན་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམ། ཡང་ན་རང་བཞིན་གྱི་གནས་སུ་གཤེགས་པའམ་མི་དམིགས་པར་བསམ་པས་ཀྱང་རུང་། ཐུན་གཅིག་ཏུ་ཉམས་ལེན་བྱས་པ་ལས་བྱུང་བའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་དང་བསག་པར་འགྱུར་བའི་དགེ་ཚོགས་ཐམས་ཅད་རང་གཞན་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་ཁོ་ནར་བསྔོ་ཞིང་། དེ་ལྟར་བསྔོས་པ་ལ་བརྟེན་ནས་དལ་འབྱོར་རྙེད་པར་དཀའ་བས་མཚོན་དངོས་གཞིའི་ཉམས་ལེན་གྱིས་སྣ་དྲངས་ཏེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་བཅོས་མ་མ་ཡིན་པར་སྐྱེས་པའི་མཐུས་རང་གཞན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་ཕན་པ་དང་བདེ་བའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ཤོག་ཅིག་སྙམ་དུ། བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱས་པའམ། དེ་ཙམ་མི་ནུས་ན། །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་བསྔོ་བ་དང་། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་སྐུ་‬ ‪

‬ ‪

༢༣༧ཐོབ་པར་ཤོག །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོངས་པར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་སྨོན་ལམ་ཁྱད་པར་བ་གདབ་ཅིང་། །སྤྲོ་ན་ལམ་གྱི་རིམ་པ་དང་མཐུན་པའི་སྨོན་ལམ་འདི་ལྟར་ཡང་བྱ་སྟེ། །ཕྱོགས་བཅུ་དུས་གསུམ་རྩ་བརྒྱུད་བླ་མ་དང་། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྒྱ་མཚོའ་ཚོགས། །ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་ལེགས་གཟིགས་ནས། །བདག་གིས་སྨོན་པའི་གནས་འདི་མྱུར་འགྲུབ་མཛོད། །དེང་འདིར་རྩེ་གཅིག་བསྒོམས་པའི་བསོད་ནམས་དང་། །དུས་གསུམ་བསགས་པའི་ལེགས་བྱས་མཐའ་དག་ཀུན། །སྲས་བཅས་རྒྱལ་བའི་ཡོངས་བསྔོ་ཇི་བཞིན་དུ། །དམིགས་མེད་བྱང་ཆུབ་སྙིང་པོར་བསྔོ་བར་བགྱི། །དགེ་བ་འདི་ཡིས་བདག་གཞན་ཡིད་ཅན་ཀུན། །ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། །འཁོར་ལོ་བཞི་དང་ལྡན་པའི་ལུས་ཐོབ་ནས། །ཐེག་ཆེན་རིགས་ཀྱི་ནུས་པ་རྫོགས་པར་ཤོག །དཔེ་གྲངས་རྒྱུ་དང་ངོ་བོས་རྙེད་བཀའ་བའི། །དལ་འབྱོར་རྟེན་ལ་སྙིང་པོ་ལེན་པའི་བློས། །ཚུལ་གནས་ཐོས་བསམ་སྒོམ་‬ ‪

‬ ‪

༢༣༨པའི་བྱ་བ་ལ། །གཡེལ་བ་མེད་པར་རྟག་ཏུ་བརྩོན་པར་ཤོག །དལ་འབྱོར་རྙེད་ཀྱང་ངེས་པར་འཆི་བ་དང་། །ནམ་འཆི་ངེས་མེད་དམ་ཆོས་ཁོ་ན་ལས། །ཕན་པ་མེད་པའི་ངང་ཚུལ་ལེགས་རྟོགས་ནས། །སྙིང་ནས་འཆི་ཆོས་མྱུར་ཏུ་སྒྲུབ་པར་ཤོག །ཤི་བའི་འོག་ཏུ་ལས་ཀྱི་རྗེས་འབྲངས་ནས། །ཁམས་གསུམ་རིགས་དྲུག་མཐོ་དམན་གར་སྐྱེས་ཀྱང་། །སྡུག་བསྔལ་རྒྱ་མཚོར་བྱིང་བ་མཐོང་གྱུར་ཏེ། །ངེས་འབྱུང་དྲག་པོ་གཏིང་ནས་སྐྱེ་བར་ཤོག །རང་ཉིད་ཇི་ལྟར་འཁོར་བར་སྡུག་བསྔལ་བཞིན། །མ་གྱུར་འགྲོ་ཀུན་དེ་ལས་མ་འདས་པས། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་བཟུང་སྟེ། །སྐྱེས་བུ་ཆེན་པོའ་ལམ་ལ་འཇུག་པར་ཤོག །ཤིན་ཏུ་དབེན་ཞིང་ཉམས་དགའི་སྨན་ལྗོངས་སུ། །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་བསྟེན་པས། །སེམས་བྱུང་རྙོག་པ་ཉེ་བར་ཞི་བའི་གནས། །ཤིན་སྦྱང་མི་གཡོའ་ཏིང་འཛིན་འགྲུབ་པར་ཤོག །གཟུང་བའི་ཆོས་ཀུན་རྨི་ལམ་ལྟ་བུ་སྟེ། །འཛིན་པའི་སེམས་ཉིད་མ་སྐྱེས་རིག་པའི་གཤིས། །དཔྱོད་བྱེད་གཉེན་པོ་ཉིད་ཀྱང་རང་གྲོལ་བའི། །ལྷག་མཐོང་ཤེས་རབ་ཕར་ཕྱིན་རྟོགས་པར་ཤོག །ལམ་གྱི་ངོ་བོ་ཀུན་གཞི་འོད་གསལ་དབྱིངས། །ཞི་ལྷག་ཟུང་འཇུག་ངང་དུ་མཉམ་བཞག་ཅིང་། །ཐུན་མཚམས་རྟེན་འབྱུང་སྒྱུ་མའི་སྐྱེས་བུ་ཡིས། །རྣམ་དཀར་དགེ་ཚོགས་རྒྱ་ཆེན་སྡུད་པར་ཤོག །མཁའ་ཁྱབ་འགྲོ་ཀུན་མར་ཤེས་དྲིན་དྲན་ཅིང་། །དྲིན་བཟོའ་སླད་དུ་ཡིད་འོང་བྱམས་པ་དང་། །སྙིང་རྗེ་ཆེན་པོའ་སྦྱོར་བ་ལ་བརྟེན་ནས། །རྨད་བྱུང་ལྷག་བསམ་རྒྱུད་ལ་སྐྱེ་བར་ཤོག །ཁྱད་པར་བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན། །ཕོངས་པ་མེད་པར་གཞན་ལ་གཏོང་བ་དང་། །གཞན་གྱི་སྡུག་བསྔལ་ཀུན་འབྱུང་རྒྱུ་དང་བཅས། །སྙིང་ནས་རང་གི་ཁུར་དུ་ལེན་པར་ཤོག །རླུང་དང་སྦྱར་ནས་དམིགས་པའི་རྩལ་སྦྱོང་ཞིང་།‬ ‪

‬ ‪

།༢༣༩ཉེ་མཁོན་བར་མའི་ཡུལ་ལས་དུག་གསུམ་གྱིས། །གདུང་བས་མནར་བའི་ཡིད་ཅན་ཇི་སྙེད་ཀྱང་། །རླབས་ཆེན་དགེ་རྩ་གསུམ་ལ་འགོད་པར་ཤོག །འགྲོ་འཆག་ཉལ་འདུག་སྤྱོད་ལམ་ཐམས་ཅད་དུ། །དྲན་དང་ཤེས་བཞིན་གཉེན་པོ་ལེགས་བརྟེན་ནས། །སྨོན་པའི་ཚིག་དང་རྗེས་སུ་མཐུན་པ་ཡི། །བྱང་ཆུབ་སེམས་མཆོག་རྟག་ཏུ་སྦྱོང་བར་ཤོག །སྣོད་བཅུད་སྡིག་པའི་འབྲས་བུས་གང་བའི་ཚེ། །སྡུག་བསྔལ་རྩ་བ་བདག་འཛིན་འདུལ་བ་དང་། །བྱང་ཆུབ་སྒྲུབ་པ་གང་ལ་རག་ལས་ཕྱིར། །འགྲོ་ཀུན་བཀའ་དྲིན་སྙིང་ནས་བསྒོམ་པར་ཤོག །འཁྲུལ་སྣང་སྐྱེ་འགགས་གནས་གསུམ་དང་བྲལ་བའི། །སྐུ་བཞི་དབྱེར་མེད་ཆེན་པོར་ངོ་འཕྲོད་ནས། །རྩེ་གཅིག་བསྒོམ་པའི་སྟོང་ཉིད་སྲུང་བ་ཡིས། །གཟུང་འཛིན་སྤྲོས་མཚན་དབྱིངས་སུ་ཞི་བར་ཤོག །ཚོགས་བསགས་སྒྲིབ་སྦྱང་གདོན་ལ་མཆོད་པ་དང་། །ཆོས་སྐྱོང་ཚོགས་ལ་གཏོར་མ་འབུལ་བ་སྟེ། །སྦྱོར་བ་བཞི་སོགས་ཐབས་མཁས་དཔག་མེད་ཀྱིས། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བར་ཤོག །འཕེན་པས་གཞི་བཟུང་གོམས་པའི་སྟོབས་རྫོགས་ཤིང་། །བསགས་སྦྱང་ལ་བརྩོན་སྨོན་ལམ་མཐར་སོན་པས། །འདི་དང་འཆི་ཁ་བར་དོའ་གནས་སྐབས་ཀུན། །སྟོབས་ལྔའི་ཉམས་ལེན་སྙིང་པོར་དྲིལ་བར་ཤོག །ལེགས་གསུངས་ཆོས་ཀུན་དགོངས་པ་གཅིག་འདུས་པའི། །ཉམས་མྱོང་རང་སེམས་དཔང་པོར་ཐུབ་པ་དང་། །ཆོས་དང་སེམས་འདྲེས་ཡིད་བདེ་འབའ་ཞིག་ངང་། །མཉམ་རྗེས་ཀུན་ཏུ་ལམ་ཁྱེར་བརྟན་པར་ཤོག །བསླབ་གསུམ་རྣམ་དག་ཐོ་ཅོའ་སྤྱོད་པ་སྤང་། །ཕྱོགས་དང་རིས་མེད་བྱང་ཆུབ་སེམས་མཆོག་འབྱོངས། །བསམ་སྦྱོར་བག་ཡོད་སྤྱོད་པས་དུས་འདའ་བའི། །བློ་སྦྱོང་དམ་ཚིག་སྲོག་བཞིན་སྲུང་བར་ཤོག །རྟག་ཏུ་གཞན་ཕན་བསམ་པ་འབའ་ཞིག་གིས། །འབྱོར་‬ ‪

‬ ‪

༢༤༠རྒུད་བདེ་སྡུག་མཐོ་དམན་ཅི་བྱུང་ཡང་། །རྒྱལ་བའི་སྲས་ཀྱི་བསླབ་པར་བྱ་བ་དང་། །ནམ་ཡང་མི་འབྲལ་གྲོགས་སུ་འགྱུར་བར་ཤོག །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའ་བར། །ཐེག་མཆོག་དགེ་བའི་བཤེས་དང་མི་འབྲལ་ཞིང་། །རྒྱལ་བ་དགྱེས་པའི་ལམ་བཟང་འདིར་བསྟེན་ན། །རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པའི་ཚིག་དོན་ཡིད་ལ་དྲན་བཞིན་དུ་འདུན་པ་རྩེ་གཅིག་པས་སྤྱོད་ལམ་ལ་འཇུག་གོ །གཉིས་པ་ཐུན་མཚམས་སུ་ཇི་ལྟར་བྱ་བ་ནི། །ཐུན་གྱི་དངོས་གཞིའི་སྐབས་སུ་གང་བསྒོམས་པའི་ཉམས་ལེན་གྱི་རྩི་དང་མ་བྲལ་བར་དྲན་པ་དང་། །ཤེས་བཞིན་དང་། བག་ཡོད་པས་ཀུན་ནས་བསླངས་ཏེ་སྤྱོད་ལམ་ཐམས་ཅད་མི་དགེ་བ་དང་། །ལུང་མ་བསྟན་གྱི་དབང་དུ་མ་སོང་བར། །དགེ་བའི་རྩ་བ་འབའ་ཞིག་གིས་དུས་འདའ་བར་བྱ་བ་སྟེ། དལ་འབྱོར་རྙེད་དཀའ་བསྒོམ་པའི་སྐབས་ལ་མཚོན་ན། དེ་ཉིད་སྟོན་པའི་མདོ་དང་བསྟན་བཅོས་རྣམས་ལ་ཡང་དང་ཡང་དུ་བལྟ་ཞིང་ཚིག་ཏུའང་བརྗོད་ལ་ངེས་ཤེས་བསྐྱེད། ད་རེས་རྟེན་བཟང་པོ་འདི་ལྟ་བུ་ཐོབ་བའི་སྐབས་སུ་དོན་མེད་དུ་མ་སོང་བར་བསམ་པ་དང་སྦྱོར་བ་གཉིས་ཀའི་སྒོ་ནས་སྙིང་པོ་ལེན་པའི་ཐབས་ལ་འབད་པར་བགྱིའོ་སྙམ་དུ་ཡིད་ལ་བསམ། ངག་ཏུ་བརྗོད། ལག་ལེན་ལ་ཐེབས་པར་བྱ་བས་མཚོན་ཏེ་ཤེས་པར་བྱའོ། །མྱོང་བ་ཅུང་ཟད་སྐྱེས་པས་སྟན་ཐོག་གཅིག་ཏུ་ལམ་ཆ་ཚང་བར་བསྒོམ་པར་འདོད་ན། སྦྱོར་བའི་ཆོས་དྲུག་ཚུལ་བཞིན་དུ་བྱས་པས་ཀུན་སློང་བཅོས་པའི་ནང་དུ་སྔོན་འགྲོའི་ཆོས་རྣམས་འདུ་བས་ན། དངོས་གཞི་ཞི་ལྷག་ཟུང་འཇུག་གི་ཉམས་ལེན་ལ་ཇི་ཙམ་གནས་ཀྱི་བར་དུ་བློ་འཇོག །དེ་ལ་མི་གནས་ན་གནས་ལུགས་མ་རྟོགས་པའི་སེམས་ཅན་རྣམས་ལ་དམིགས་པ་མེད་པའི་བྱམས་པ་དང་སྙིང་རྗེ་སྒྱུ་མ་ལྟ་བུ་བསྒོམ། བདེ་སྡུག་གཏོང་ལེན་གྱི་དམིགས་པ་ཁོ་ན་ལ་‬ ‪

‬ ‪

༢༤༡གནད་དུ་བསྣུན། ཐུན་ལས་ལྡང་བར་ཕྱོགས་པ་ན། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་མན་ཆད་ཀྱི་ས་བཅད་རྣམས་ལའང་བཤར་བསྒོམ་གྱི་ཚུལ་རྒྱས་བསྡུས་གང་རུང་རེ་བྱས་ལ་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །དེའང་ལས་དང་པོ་པས་བསགས་སྦྱོང་ཁོ་ན་གལ་ཆེ་བས་ན་སྐྱབས་སུ་འགྲོ་བ་དང་། ཡན་ལག་བདུན་པ་སྤྱི་དང་ཁྱད་པར་ལྟུང་བཤགས་སོགས་དང་སྦྲགས་ཏེ་ཕྱག་འཚལ་བ་དང་། མཎྜལ་འབུལ་བ་རྣམས་འབུམ་ཐེར་རེའམ་རྟགས་མ་བྱུང་གི་བར་ནན་ཏན་དུ་བྱ། དེ་ནས་སྔོན་འགྲོ་དང་དངོས་གཞིའི་དམིགས་པ་རྣམས་སོ་སོའ་མྱོང་བ་མ་སྐྱེས་ཀྱི་བར་དུ་བསྒོམ་མོ། །འདི་ནི་གཙོ་བོར་བློ་སྦྱོང་སྙན་བརྒྱུད་ཆེན་མོ་དང་བསྟུན་པ་ཡིན་ཀྱང་། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གིས་མཛད་པའི་ལེགས་བཤད་ཀུན་འདུས་ལའང་སྦྱར་བར་སྤྲོ་ན། སྦྱོར་བའི་ཆོས་བཞི་པ་ཚོགས་ཞིང་གསལ་གདབ་པའི་སྐབས་གནས་དང་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབས་རྗེས་ཁྲིད་ཡིག་གི་གཞུང་དང་ངག་འདོན་གཞན་ནས་འབྱུང་བ་སོགས་གང་རུང་ལྟར་བློ་སྦྱོང་བླ་མའི་རྣལ་འབྱོར་གསལ་གདབ་ཡན་ལག་བདུན་པ་དང་མཎྜལ་འབུལ་ཞིང་གསོལ་བ་གདབ་པ་རྣམས་འདྲ། རྗེས་སུ་ཐུན་བསྡུ་བའི་ཚེ་བླ་མ་རང་གི་སྙིང་དབུས་སུ་སྤྱན་དྲངས་པའི་ཚུལ་གཞུང་ནས་འབྱུང་བ་ལྟར་ཉམས་སུ་བླངས་རྗེས་བསྔོ་སྨོན་སོགས་དཀྱུས་བཞིན་བྱས་པས་དོན་འགྲུབ་ལ། སྔོན་འགྲོ་དང་། དངོས་གཞིའི་སྐབས་ཀྱི་དམིགས་པའི་སྤྲོས་པ་ཅུང་ཟད་མ་འདྲ་བ་རྣམས་ཀྱང་གཞུང་བཞིན་དུ་ཤེས་པར་བྱས་ལ་ཉམས་སུ་བླང་ངོ་། །མཐའ་ཡས་འགྲོ་ལ་ཕན་བདེ་འབྱུང་བའི་གཞི། །རིན་ཆེན་བྱང་ཆུབ་སེམས་ཀྱི་ས་བོན་མཆོག །བློ་སྦྱོང་བདུད་རྩིས་བྲན་པའི་དགེ་མཚན་གྱིས། །རྣམ་མཁྱེན་འབྲས་བཟང་མྱུར་ཏུ་སྨིན་པར་ཤོག །ཅེས་པའང་ཐེག་པ་ཆེན་‬ ‪

‬ ‪

༢༤༢པོའ་དགེ་བའི་བཤེས་གཉེན་དམ་པ་ཕན་བདེ་བཟང་པོས་བཀའ་སྩལ་རིན་པོ་ཆེའི་ཕྲེང་བས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། རྗེ་བླ་མ་དམ་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོ་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་རྣམས་ལས་ཚུལ་འདིའི་བཀའ་དྲིན་མང་དུ་ཐོབ་པའི་རྒྱལ་ཁམས་ཀྱི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། རྗེ་བཙུན་བླ་མ་རྣམས་ཀྱི་གསུང་སྒྲོས་དང་ཕྱག་བཞེས་ལྟར་ཉུང་གསལ་སྙིང་པོར་དྲིལ་ཏེ་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །‬ ‪

Notes


Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.


‪‬