Tibetan:མགོན་པོ་གྲི་གུག་དཔའ་གཅིག་གི་སྒྲུབ་ཐབས་བཟླས་ལུང་འབོགས་ཚུལ་དང་བཅས་པ་

From gDams Ngag mDzod
Revision as of 16:51, 14 February 2019 by Jeremi (talk | contribs) (Text replacement - "==Notes== <references/> </onlyinclude>" to "</onlyinclude> ==Notes== <references/>")
Jump to navigation Jump to search
Upload a file
DOWNLOAD ABOVE:
Click the picture above to view the original manuscript.
མགོན་པོ་གྲི་གུག་དཔའ་གཅིག་གི་སྒྲུབ་ཐབས་བཟླས་ལུང་འབོགས་ཚུལ་དང་བཅས་པ་
mgon po gri gug dpa' gcig gi sgrub thabs bzlas lung 'bogs tshul dang bcas pa
Damngak Dzö Volume 4 (ང་) / Pages 639-645 / Folios 1a1 to 4a4
Previous TextLast Text in Volume

Tibetan Text

༦༣༩མགོན་པོ་གྲི་གུག་དཔའ་གཅིག་གི་སྒྲུབ་ཐབས་བཟླས་ལུང་འབོགས་ཚུལ་དང་བཅས་པ་བཞུགས་སོ།། །།


༦༤༠ༀ་སྭ་སྟི། ནག་པོ་ཆེན་པོ་སྒྲུབ་པའི་ཐབས། །ཉུང་གསལ་བྱིན་རླབས་བཀའ་བབས་དང་། །ཨ་ཏི་ཤ་ཡི་མན་ངག་ནི། །བཅོས་སླད་བྲལ་བ་འདི་ལྟར་ལགས། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་སྟེ། །སྟོང་པ་ལ་ཅུང་ཟད་མཉམ་པར་བཞག །ༀ་སྭ་བྷཱ་ཝ། སོགས་བརྗོད། པདྨ་དང་ཉི་མའི་སྟེང་དུ་མི་རོ་བཀན་པའི་གདན་ལ་རང་སྐད་ཅིག་གིས་དཔལ་ལྡན་མ་ཧཱ་ཀཱ་ལ་སྐུ་མདོག་དུས་མཐའི་སྤྲིན་དང་མཚུངས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་འཕྱར་ཞིང་། གཡོན་ཐོད་པ་ཁྲག་གང་ཐུགས་ཀར་འཛིན་པ། སྤྱན་གསུམ་མཆེ་བ་གཙིགས་ཤིང་ལྗགས་བསྐྱོད་པ། སྨ་ར་དང་སྨིན་མ་དམར་སེར་གྱེན་དུ་བརྫེས་པ། སྦོམ་ཐུང་ཡན་ལག་ཧྲགས་ཤིང་གསུས་ཁྱིམ་ཆེ་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས། མེ་ཚན་དྲག་པོ་འབར་བའི་ཀློང་ན་བཞུགས་པའོ། །ཐུགས་ཀར་རཾ་ལས་ཉི་མའི་སྟེང་དུ། ཧཱུྃ་མཐིང་ནག་དེ་ལས་འོད་ཟེར་འཕྲོས། ཤར་ཕྱོགས་ནས་རྒྱལ་བ་མི་བསྐྱོད་པ་བཛྲ་ས་མཱ་ཛཿ རང་གི་སྤྱི་བོར་རིགས་བདག་གི་ཚུལ་
༦༤༡དུ་བཞུགས་པར་གྱུར། ཡང་ཧཱུྃ་ལས་འོད་ཟེར་སྨུག་ནག་ཤིན་ཏུ་ཚ་བ་འཕྲོས། ཕྱོགས་བཅུའི་སེམས་ཅན་གདུག་པ་ཅན་ཐམས་ཅད་ཀྱི་ལུས་རྣམས་གདུངས་ཤིང་སེམས་ངན་པ་ཅན་ཐམས་ཅད་བསྲེགས་པར་གྱུར། ཧཱུྃ་གི་མཐར་སྔགས་ཀྱིས་བསྐོར་བ་བསྒོམས་ལ། ༀ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲེ་ཎ་ཧཱུྃ་ཕཊ། ཅེས་ཅི་ནུས་སུ་བཟླས་པའི་མཐར། དཔལ་མགོན་པོས་བདག་གི་དགྲ་ལྷ་དང་སྲུང་མ་ཆེན་པོ་མཛོད་ལ། སྤྱི་དང་ཁྱད་པར་གྱིས་བསྟན་པ་སྐྱོང་བ་དང་། བདག་དང་སེམས་ཅན་རྣམས་ལ་གནོད་བྱེད་ཐམས་ཅད་འདུལ་ཞིང་། ཕྲིན་ལས་རྣམ་པ་བཞི་འགྲུབ་པ་དང་། བར་ཆད་བསྲུང་ཞིང་། ཡིད་ལ་བསམ་པའི་དོན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། དཔལ་མགོན་པོ་ཁྱེད་ཀྱི་གོ་འཕང་ཐོབ་པར་མཛད་དུ་གསོལ། ཞེས་བདག་བསྐྱེད་ཀྱི་ལྷ་ལ་གསོལ་བ་དྲག་ཏུ་བཏབ་ཅིང་། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། དགེ་བ་བསྔོ་བའོ། །བཟའ་གཏུང་ནམ་བྱེད་པའི་ཕུད་ནས་མི་ཆུང་ཙམ་བཅད་ལ། ༀ་ཨཱཿཧཱུྃ། ལན་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས། ༀ་མ་ཧཱ་ཀཱ་ལ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། སྙིང་པོའ་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་འབུལ། ༀ་
༦༤༢མུཿ ཞེས་གཤེགས་སུ་གསོལ། ཁྱད་པར་གྱི་མཆོད་པ་ནི། དུས་བཟང་ཐམས་ཅད་དང་། ཁྱད་པར་ཉེར་དགུའི་མཚན་མོ། མདུན་དུ་མཎྜལ་ནག་པོ་གྲུ་གསུམ་ཞིག་བྱས་ལ། ཁྲག་དང་ཆང་གིས་བྱུགས། ཚོམ་བུ་ནག་པོ་ཞིག་བཀོད། དེའི་མདུན་དུ་བཤོས་བུའི་གཏོར་མ་ལག་ལེན་ལྟར་གསུམ་བཤམས། མཆོད་པ་སྣ་ལྔ་གཅིག་དང་། མཆོད་ཡོན། མེ་ཏོག་ནག་པོའ་ཕུང་པོ། སྤོས་སྦྱོར་རམ། གུ་གུལ། དཔལ་འབར་གསུམ་རྣམས་བཤམས། བདག་བསྐྱེད་ཡི་དམ་མམ། གོང་དུ་བསྟན་པའི་མགོན་པོ་ཉིད་སྔོན་དུ་འགྲོ་བས་མཆོད་རྫས་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབ། གཏོར་མ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། །ༀ་སྟོང་པར་གྱུར། ཨཱཿཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ། ཧཱུྃ་ཤ་ལྔ་བདུད་རྩི་ལྔས་གང་བ། ཧོཿཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ༀ་ཨཱཿཧཱུྃ་ཧོཿ ལན་གསུམ་བརྗོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དུར་ཁྲོད་ཆེན་པོའ་གནས་བརྒྱད་ནས། མགོན་པོ་ནག་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ མཎྜལ་གྱི་ཚོམ་བུའི་སྟེང་དུ་འཁོད་པ་ནི། དཔལ་ལྡན་མ་ཧཱ་ཀཱ་ལ་ནས། ཧཱུྃ་མཐིང་ནག་གོ །མཆོད་ཡོན་ནས། ཤབྡའི་བར་གྱིས་མཆོད། སྲིན་གཟུགས་མའི་ཤོ་ལོ་ཀ་དང་པོས་བསྟོད། མདུན་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ལ་དམིགས་ནས་བཟླས་པ་ཅུང་ཟད་བྱ། གཏོར་མ་དང་པོ་གསོལ་བར་དམིགས་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱ་ཆེར་སྤེལ། སྙིང་པོའ་མཐར། ཨི་དཾ་པ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་བསྟབ། བདག་བསྐྱེད་ཀྱི་སྐབས་བཞིན་གསོལ་བ་དྲག་ཏུ་བཏབ། གཏོར་མ་གཉིས་པའང་སྔར་དང་འདྲ་བ་ལས། སྙིང་པོའ་མཐར། ཨ་ཀཱ་རོ་བཏག་པས་འབུལ། འདི་ལ་འདོད་དོན་མི་ཞུ། གསུམ་པ་ཡང་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་སྔོན་དུ་འགྲོ་བས། ༀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ས་པ་རི་ཝཱ་རེ་བྷྱཿ ན་མསྶརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་ལན་ཉི་ཤུ་རྩ་གཅིག་ཙམ་གྱིས་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །སྤོས་སྦྱོར་བསྲེག་ཅིང་མེ་ཏོག་རེ་རེ་ནས་གཏོར་མ་ལ་འབུལ་བ་དང་། སྙིང་པོ་ཁོ་ན་བཟླ་བར་བྱའོ། །བསྟོད་པ་སྲིན་གཟུགས་མ་ཡོངས་རྫོགས་ཀྱི་མཐར། འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་བསྲུང་བར་ཞལ་བཞེས་པ། །ནག་པོ་ཁྱེད་ནི་ཡིན་པ་སྟེ། །གདུག་པ་ཚར་གཅོད་འཇིགས་པའི་གཟུགས། །
༦༤༣དབུ་སྐྲ་ཁམ་ནག་གྱེན་བརྫེས་པ། །སྟེང་གི་ལྷ་ཚོགས་འཇིགས་པར་བྱེད། །སྤྱན་བསྒྲད་ལྗགས་འདྲིལ་མཆེ་གཙིགས་ནས། །བར་གྱི་ལྷ་ཚོགས་བསྲེག་པར་མཛད། །གཡས་ན་གྲི་གུག་བསྣམས་པ་ནི། །དགྲ་བགེགས་འདུལ་ཞིང་བདུད་མགོ་གཅོད། །གཡོན་ན་ཐོད་པ་བསྣམས་པ་ནི། །གནོན་སེམས་ཅན་གྱི་སྙིང་ཁྲག་གསོལ། །ཁྲོས་པས་ཞབས་གཉིས་བརྡབ་པ་ཡིས། །མ་རུངས་རྣམས་ཀྱིས་ལུས་ལ་ཉེད། །ནག་པོ་ཆེ་ལ་ཕྱག་འཚལ་འདུད། །གང་ལ་བྱ་བ་རྡུལ་དུ་རློག །ཅེས་སོགས་ཕྲིན་ལས་བཅོལ་ཅི་ཞེས་བྱ། དཔལ་འབར་གསུམ་ཡང་སྦར་ཏེ། ༀ་མ་ཧཱ་པྲ་དཱི་པེ་ཧཱུྃ། ཞེས་ལན་གསུམ་བརྗོད་ཅིང་། གཏོར་མ་རྣམས་ལ་རེ་རེ་བཙུགས། བཟོད་གསོལ་གྱི་མཐར་གཏོར་མ་ཁང་སྟེང་ངམ་དུར་ཁྲོད་དུ་བསྐྱལ། ༀ་མུཿ ཞེས་ཚོམ་བུ་བསྡུའོ། །ཚུལ་འདིས་སྔགས་འབུམ་ཕྲག་གཅིག་གིས་བསྙེན་པ་འགྲུབ་པར་བཤད། འབུམ་ཕྲག་བཅུ་གསུམ་གྱིས་སྟེང་གདོན་གྱིས་ཟིན་པའང་ཐར་བར་ཐེ་ཚོམ་མེད་ཅེས་གསུང་། འབུམ་ཕྲག་སུམ་ཅུ་རྩ་གཉིས་ཀྱིས་ནི། ཤིན་ཏུ་སྐལ་པ་དམན་ཡང་ལས་ཐམས་ཅད་འགྲུབ་ཅེས་བཤད་ལ། འོན་ཀྱང་དེ་ལྟར་འབུམ་ཕྲག་བཅོ་བརྒྱད་བསྙེན་ཚད་དུ་མཛད་ཅིང་། དེ་ནས་སྒྲུབ་པ་ལ་འཇུག་པར་འདོད་ན། བྲིས་སྐུ་མདུན་དུ་བཀྲམ་ལ། མཎྜལ་མ་གཏོགས་གོང་གི་མཆོད་ཆོག་དང་འདྲ་བ་བྱ་བ་ལས། ཁྱད་པར་ནི་མདུན་བསྐྱེད་ཀྱི་བཟླས་པ་ཁོ་ན་གཙོ་བོར་བྱེད་ཅིང་། སྔར་གྱི་མཎྜལ་གྱི་ཚབ་བྲིས་སྐུ་ལ་བྱེད་པ་དང་། སྔགས་ཕྲང་ཞལ་ནས་ཞལ་ལྟེ་བ་ནས་ལྟེ་བར་འཁོར་བའི་དམིགས་པ་བྱེད། གཏོར་མ་གསུམ་པོ་སྒྲུབ་པ་མ་ཐོན་པར་ཕྱིར་མི་གཏོང་ཞིང་། ཐུན་རེ་རེ་བཞིན་འབྱོར་པ་ཆེ་ན་གསར་པ་རེ་བཤམས། མིན་ན་ཁ་གསོ། །ཐུན་མཚམས་སུ་གཤེགས་གསོལ་མི་བྱེད་པར་བྲིས་སྐུ་ལ་བརྟན་བཞུགས་བྱ། ཐུན་ཐམས་ཅད་དམ་སྲོད་ཐུན་ལ་ཐུན་གཏོར་རེ་རེ་ངེས་པར་གཏོང་། ཚུལ་དེས་འབུམ་ཕྲག་བཅོ་བརྒྱད་བཟླས་ལ། སྒྲུབ་པའི་གྲངས་ཚད་ཐེང་བར་བྱེད་དོ། །འཚུབ་མང་ཤུགས་དྲག་ཁང་ཐོག་འཆར། །གླུ་ལེན་བྱ་རོག་ཨཱ་ཙ་ར། །དར་ནག་ཐོག་ཏེ་འོ་དོད་འབོད། །ཕྱིའི་རྟགས་སུ་ཤེས་པར་བྱ། །སློབ་དཔོན་འོང་ནས་གཏམ་སྨྲ་དང་། །ཆོས་འཆད་ལུང་སྟོན་གདུགས་འཕུབ་དང་། །བནྡྷེ་སྟོན་པ་ནང་གི་རྟགས། །
༦༤༤མགོན་པོའ་སྐུ་སྟོན་གྲི་གུག་དང་། །མཁའ་འགྲོའི་ཚོགས་དང་ཅ་ཅོ་འདོན། །དངོས་གྲུབ་སྟེར་བར་རྨི་བ་དང་། །སྟག་དང་སཻངྒེ་འཕྱོ་བ་དང་། །ཤེལ་གྱི་མཆོད་རྟེན་བསྐོར་བ་དང་། །གཏོར་ཆེན་ཁྱེར་འཕྲད་འགྲུབ་པའི་རྟགས། །མཚོན་ཆའི་ཆར་དང་ཨ་ཙ་ར། །འཁྲུག་རྒོལ་དུ་བ་བཟློག་རྟགས་སོ། །ཞེས་གསུངས་པ་ལྟར་རོ། །སྙིང་པོ་ལ། བཛྲེ་ཎ་བདག་ལ་སྲུངས་ཤིག་སྲུངས་ཤིག་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་འཁོར་ལོ་འཁོར་བའི་ཚུལ་གྱིས་དམིགས་པ་གསལ་བཏབ་སྟེ་བཟླས་ན། ནད་གདོན་ཐམས་ཅད་ཐོན་ཅིང་། སྲུང་བ་དང་། བྱིན་རླབས་ཀྱི་མཆོག་གོ །ཡང་གདོན་འདུལ་ན། བཛྲེ་ཎ་བདག་གམ་ཆེ་གེ་མོ་ལ་གནོད་པར་བྱེད་པའི་རྒྱལ་འགོང་མཱ་ར་ཡ་ཛཿཛཿཧཱུྃ་ཕཊ། ཞེས་བཟླ། རྒྱལ་འགོང་ཞེས་པར་གང་དགོས་སྤེལ། ཡང་བཛྲེ་ཎ་བ་སུ་པུཥྚིཾ་ཀུ་རུ་སྭཱ་ཧཱ། བདག་གི་འབྱོར་བ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་ལོངས་སྤྱོད་ལྷག་པར་འབུལ་བར་འགྱུར་ལ། ཨཱ་ཡུ་པུཥྚིཾ་ཚེ་པུཥྚིཾ་ཞེས་འདོན་པ་སྤོས་ན། ཚེ་སྒྲུབ་ཀྱི་མཆོག་ཡིན་ལ། བསྲང་བ་དང་འདྲེ་འདུལ་གཙོ་བོར་ཕྱི་དྲོ་བཟླ་ཞིང་། ལོངས་སྤྱོད་དང་ཚེ་སྤེལ་བ་གཙོ་བོར་སྔ་དྲོ་བཟླའོ། །སྒྲུབ་པ་དང་ལས་སྦྱོར་གྱི་ཚེ། ཟློག་པའི་རྟགས་བྱུང་བ། ༀ་མ་ཧཱ་ཀཱ་ལ་བཱི་ལ་མ་ཧཱུྃ་ཧཱུྃ་རིལ་རྦད། བུ་ནི་ཛ་མ་ཧཱ་ཀཱ་ལ་ཏྲ་ཀྴད་སིདྡྷི་མ་མ་དུ་ཏི་ཛཿ གླིང་བྱིན་ཚལ། སྙིང་ནས་ཛཿ དགྲ་བོ་མཱ་ར་ཡ་ཛཿཛཿ ཞེས་བརྒྱ་ཆ་ཙམ་བཟླས་པས་སྤེལ་བར་འགྱུར་རོ། །དྲག་པོའ་ལས་སྦྱོར་ནི། སྒྲུབ་པའི་དུས་ཀྱི་ཆོ་ག་ལ་འདོན་པ་སྤོས་ནས། གཏོར་མ་དང་སྦྱིན་སྲེག་ལ་བརྟེན་པའི་དགྲ་བསད་ཅིག་ཡོད་དེ། འདིར་མ་བྲིས་སོ། །དེའི་ཚེ་དྲག་ཏུ་བསྐུལ་བའི་ཚིག་ནི། གང་ཞིག་དཀོན་མཆོག་གསུམ་གནོད་དང་། །བསྟན་པ་ལ་གནོད་མཚམས་མེད་བྱེད། །བདག་ལ་སྡང་བའི་དགྲ་བོ་འདི། །ཕྱི་དུས་འགྱང་བར་མ་འཇོག་པར། །བདག་གིས་བསྒོ་བ་ཀུན་ཁུག་ལ། །ལིང་ག་འདི་ལ་མྱུར་ཏུ་ཁུག །འདི་ཡི་ཤ་ཟོ་ཁྲག་ལ་རོལ། །རུས་པ་ཀླད་པ་ནང་ཁྲོལ་དྲོངས། །རིགས་རྒྱུད་རྩད་ནས་ཆོད་ལ་ཤོག །མཛའ་བོ་ཀུན་དང་ཕྲོལ་ལ་ཤོག །ཡང་ན་འདི་ཡི་ཕྱིར་འབྲངས་ནས། །ཏིལ་འབྲུ་ཙམ་དུ་མཛད་དུ་གསོལ། །ཅེས་བརྗོད་པ་སྟེ། འདི་ངོ་བོའ་གསུང་ཡིན་ནོ། །ཞེས་
༦༤༥སངས་རྒྱས་སྒོམ་པས་གསུངས་སོ། །བཟླས་ལུང་བྱ་བའི་ཚུལ་ནི། སློབ་དཔོན་གྱི་བྱ་བ་ཉེར་དགུ་མཆོད་པ་བཞིན་ལས། བཟླས་པའི་མཚམས་སུ་ལུང་སྦྱིན་ཏེ། སློབ་མས་མཎྜལ་ཕུལ། ཡན་ལག་བདུན་པ་བཟང་སྤྱོད་བཞིན་བྱ། སྐྱབས་འགྲོ་སེམས་བསྐྱེད་རྒྱས་པར་གྲུབ་ན་རབ། མ་གྲུབ་ན་སངས་རྒྱས་ཆོས་དང་མ་ཙམ་ཞིག་བྱ། མངོན་རྟོགས་ཕོག །སྔགས་བཟླས་ལུང་དུ་སྦྱིན་པ་ཙམ་གྱིས་དོན་འགྲུབ་པ་ཡིན་ནོ། །དེ་ནས་སློབ་དཔོན་གྱིས་ཆོ་གའི་ལྷག་མ་རྣམས་བྱ། སྒྲུབ་ཐབས་འདི་ལྷད་མེད་ཤིན་ཏུ་ཡིད་ཆེས་དང་ལྡན་པ། གྲང་ཆུང་བ་ཞིག་སྣང་བས་འབྲོམ་སྟོན་པ་ཡབ་སྲས་ཀྱི་ཡིག་ཆུང་གཉིས་དང་། སངས་རྒྱས་སྒོམ་པའི་གསལ་བྱེད་ཡིག་ཆུང་བརྟེན་ནས། བསྙེན་པ་དང་སྒྲུབ་པའི་ཚུལ་གསལ་བར་བཀོད་པ་ཡིན་ནོ། །ལས་སྦྱར་ནི་དེ་དག་ཏུ་ཤེས་པར་བྱའོ། །ནག་པོ་ཆེན་པོའ་སྒྲུབ་པ་ནི། །ཀུན་དགའི་ཉམས་ལེན་སྙིང་པོ་འདི། །དེང་དུས་གཞན་ལ་མ་གྲགས་ཀྱང་། །བདག་གི་བསོད་ནམས་དཔལ་ལས་རྙེད། །གྲི་གུག་དཔའ་གཅིག་གི་སྒྲུབ་ཐབས་བཟླས་ལུང་ལ་བརྟེན་པར་གྲགས་པའི་མན་ངག་བསྟན་པའི་ལེ་ཚན་ནོ། །སྒྲུབ་ཐབས་རིན་འབྱུང་ལས་ཁོལ་དུ་ཕྱུང་བ་དགེ་ལེགས་འཕེལ།། །།


Notes


Other Information

[[Category: mgon po gri gug dpa' gcig gi sgrub thabs bzlas lung 'bogs tshul dang bcas pa]