Tibetan:རྫོགས་ཆེན་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན་

From gDams Ngag mDzod
Revision as of 16:50, 14 February 2019 by Jeremi (talk | contribs) (Text replacement - "==Notes== <references/> </onlyinclude>" to "</onlyinclude> ==Notes== <references/>")
Jump to navigation Jump to search
Upload a file
DOWNLOAD ABOVE:
Click the picture above to view the original manuscript.
རྫོགས་ཆེན་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན་
rdzogs chen sems sde brgyud pa'i gsol 'debs byin rlabs kyi dga' ston
Damngak Dzö Volume 1 (ཀ་) / Pages 301-309 / Folios 1a1 to 5b5

Tibetan Text

་༣༠༡རྫོགས་ཆེན་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན་བཞུགས་སོ། །
༣༠༢ན་མོ་གུ་རུ་བྷྱ། ཡེ་ཤེས་རིག་པ་གཞན་དུ་མ་འཁྲུལ་བས། །ཐོག་མའི་གཞི་ལ་མངོན་པར་བྱང་ཆུབ་པ། །དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དག་པའི་དབྱིངས་ལས་ཐུགས་རྗེ་རོལ་པའི་སྐུར། །མངོན་པར་སྣང་བ་བདེ་ཆེན་ལོངས་སྤྱོད་རྫོགས། །ཁྱབ་བདག་སྟོན་པ་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རང་སྣང་མ་འགགས་གཞན་སྣང་དེར་སྟོན་པ། །འགྲོ་བའི་གཉེན་ཅིག་སྐལ་ལྡན་ཡོངས་ཀྱི་མགོན། །མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ །སྦྱངས་པ་མཐར་སོན་པཎ་ཆེན་ལྔ་བརྒྱའི་གཙོ། །ལས་འཕྲོ་བཟང་པོས་ཐེག་པའི་རྩེ་རྒྱལ་རྙེད། །སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ལ། །གསོལ་བ་འདེབས་སོ༴ །ཤེས་བྱ་ཀུན་མཁྱེན་ཀུན་མཁྱེན་གཉིས་པར་གྲགས། །རྫོགས་ཆེན་དགོངས་པ་རིས་མེད་མངོན་དུ་གྱུར། །པཎ་ཆེན་གྲུབ་པའི་དབང་ཕྱུག་ཤྲཱི་སེང་། །གསོལ་བ༴ །ཡང་དག་བཅུ་གཅིག་དོན་ལྡན་ལོ་ཙཱ་བ། །ལྟ་དགོངས་མཐར་ཕྱིན་སྣང་སྲིད་ཟིལ་གྱིས་མནན། །མཁས་པ་བ་གོར་བཻ་རོ་ཙན་ལ། །གསོལ་བ། སྦྱངས་པའི་
༣༠༣འཕྲོ་སད་ཆོས་ཀུན་ཐུགས་སུ་ཆུད། །བཻ་རོས་རྗེས་བཟུང་མཆོག་གི་དངོས་གྲུབ་ཐོབ། །གྲུབ་ཆེན་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ། །གསོལ་བ༴ ཆུ་བོ་བཞི་འདུས་མཉམ་མེད་ལོ་ཙཱ་བ། །སྐད་ཅིག་གཅིག་ལ་ས་བདུན་མངོན་དུ་མཛད། །སློབ་དཔོན་གཉགས་སྟོན་ཛྙཱ་ན་ཀུ་མཱ་རར། །གསོལ་བ༴ རིང་ནས་སྦྱངས་པའི་སྐལ་ལྡན་ལས་འཕྲོ་ཅན། །བླ་མས་རྗེས་བཟུང་མཁའ་སྤྱོད་གནས་སུ་གཤེགས། །སྐྱེས་མཆོག་སོག་པོ་དཔལ་གྱི་ཡེ་ཤེས་ལ། །གསོལ་བ༴ །མི་ལོ་བརྒྱ་དང་བཅུ་བཞི་རྒྱ་བོད་དུ། །བསྐྱེད་རྫོགས་སྦྱངས་པ་མཐར་ཕྱིན་གྲུབ་པ་ཐོབ། །བླ་ཆེན་གནུབས་པན་སངས་རྒྱས་ཡེ་ཤེས་ལ། །གསོལ་བ༴ །མདོ་རྒྱུད་ཀུན་ལ་ཐོགས་མེད་མཁྱེན་པ་རྒྱས། །མཆོག་དང་ཐུན་མོང་དངོས་གྲུབ་དུས་གཅིག་ཐོབ། །ཁུ་ལུང་གནུབས་སྟོན་ཡོན་ཏན་རྒྱ་མཚོ་ལ། །གསོལ་བ༴ །དྭོགས་ལ་ཤངས་ཀྱི་གཙུག་ལག་ཁང་ཆེན་པོར། །བསྐྱེད་རྫོགས་གསུམ་སྟོན་སྙིང་པོའི་བསྟན་པ་སྤེལ། །མྱང་སྟོན་ཆེན་པོ་ཤེས་རབ་མཆོག་ལྡན་ལ། །གསོལ་བ༴ །བླ་མའི་ཐུགས་ཟིན་ཏིང་འཛིན་ལས་སུ་རུང་། །བསྐྱེད་རྫོགས་གསུམ་ལ་མཁས་པའི་གྲགས་པས་ཁྱབ།
༣༠༤ཆོས་ལུང་མྱང་སྟོན་ཡེ་ཤེས་འབྱུང་གནས་ལ། །གསོལ་བ༴ །འུག་པ་ལུང་གི་དབེན་རྩ་དམ་པ་རུ། །བཤད་སྒྲུབ་ཆུ་བོས་སྙིང་པོའ་བསྟན་པ་བཙུགས། །མཁས་གྲུབ་གཙང་སྒོམ་བདེ་གཤེགས་ཟུར་པོ་ཆེ། །གསོལ་བ༴ །ཟུར་གྱི་རིགས་འཁྲུངས་ཐོས་བསམ་མཐའ་རུ་ཕྱིན། །ལྟ་དགོངས་རྩེར་སོན་བསྟན་པ་ཉི་འོད་བརྡལ། །ལྷ་རྗེ་ཆེན་པོ་ཟུར་ཆུང་ཤེས་རབ་གྲགས། །གསོལ་བ༴ །ལུང་རྟོགས་ཡོན་ཏན་རྒྱ་མཚོས་ཐུགས་རྒྱུད་གཏམས། །ཕྲིན་ལས་རྣམ་བཞིས་གསང་སྔགས་བསྟན་སྲོག་བཟུང་། །སྐྱོ་སྟོན་སྔགས་འཆང་ཤཱཀྱ་ཡེ་ཤེས་ལ། །གསོལ་བ༴ །གདུགས་ཐོགས་སྟོང་གིས་གང་ཞབས་གུས་མཆོད་ཅིང་། །རྒྱ་ཆེན་རྒྱུན་མི་འཆད་པའི་ཕྲིན་ལས་ཅན། །གསང་བདག་དངོས་བྱོན་ལྷ་རྗེ་སྒྲོ་[1]ཕུག་པར། གསོལ་བ༴ །གསུང་རབ་ཀུན་ལ་མཁས་པའི་ཕུལ་དུ་གྱུར། །དགོངས་པ་མངོན་གྱུར་ཚེ་གཅིག་བྱང་ཆུབ་བརྙེས། །ལྕེ་[2]སྟོན་ལྷ་རྗེ་དཀྱིལ་མཁར་ལྷ་ཁང་བར། །གསོལ་བ༴ །ཏིང་འཛིན་མངོན་གྱུར་ཐོག་གིས་མི་ཚུགས་ཤིང་། །རི་གཟར་རྦབ་ཀྱང་གྱེན་ལ་བཟློག་པར་མཛད། །མཚུངས་མེད་གྲུབ་ཆེན་དབུས་པ་ཞིག་པོ་ལ། །གསོལ་བ༴ །བསམ་ཞིང་འགྲོ་བའི་དོན་ལ་བྱོན་པའི་མཐུས། །ཕྲིན་ལས་རྒྱ་མཚོ་འབད་མེད་ལྷུན་གྱིས་གྲུབ། །ཞིག་པོ་བདུད་རྩེ་སེམས་ཕྱོགས་བསྟན་པའི་བདག །གསོལ་བ༴ །གསར་རྙིང་ཆོས་ལ་མཁས་ཤིང་གྲུབ་པའི་མཆོག །གཡོ་རུ་སྟོད་དུ་བསྟན་པའི་སྲོལ་བཟང་བཏོད། །ཨ་མེས་ཆེན་པོ་རྟ་སྟོན་ཇོ་ཡེས་ལ། །གསོལ་བ༴ །མདོ་དང་སྒྱུ་འཕྲུལ་སེམས་ཕྱོགས་མཐའ་དག་ལ། །བཤད་པས་ཕན་བཏགས་སྒྲུབ་པའི་ས་སྡེ་བཙུགས། །སྔགས་འཆང་ཆེན་པོ་རྟ་སྟོན་གཟི་བརྗིད་ལ། །གསོལ་བ༴ །བགྲང་ཡས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན། །སེམས་སྡེ་བཅོ་བརྒྱད་བསྟན་པའི་སྒྲོན་མེ་སྤར། །འཁྲུལ་ཞིག་སྐྱེ་མེད་དམ་པ་སངས་རྒྱས་ལ། །གསོལ་བ་གཞོན་ནུ་ཉིད་ནས་ཏིང་འཛིན་དུས་
༣༠༥འདའ་ཞིང་། །ཡི་དམ་ཞལ་གཟིགས་བཤད་སྒྲུབ་བསྟན་པ་སྤེལ། །སྐྱེས་མཆོག་མཉམ་མེད་སྤྲུལ་སྐུ་ཆེན་པོ་ལ། །གསོལ་བ༴ །འཇམ་པའི་དབྱངས་དང་གཉིས་སུ་མ་མཆིས་པས། །སྐད་ཅིག་གཅིག་ལ་ཆོས་རྣམས་ཐུགས་སུ་ཆུད། །ཟུར་སྟོན་ཆེན་པོ་བྱམས་པ་སེང་གེ་ལ། །གསོལ་བ༴ །སྦྱངས་པ་མཐར་ཕྱིན་ཏིང་འཛིན་གདིང་དང་ལྡན། །འཁོར་བའི་སྐྱོན་སྤངས་རང་བཞིན་རྣལ་འབྱོར་མ། །མ་གཅིག་ཟུར་མོ་མཁས་བཙུན་སངས་རྒྱས་ལ། །གསོལ་བ༴ །མཁས་གྲུབ་རིག་འཛིན་རྒྱ་མཚོའི་གཙུག་གི་རྒྱན། །རིམ་གཉིས་བསྟན་པའི་རྒྱལ་མཚན་སྲིད་མཐར་བསྒྲེངས། །འཇམ་དབྱངས་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་ལ། །གསོལ་བ༴ །ཡོངས་རྫོགས་བསྟན་པའི་མངའ་བདག་དགེ་བའི་བཤེས། །འཆད་རྩོད་རྩོམ་པས་བསྟན་པ་ཕྱོགས་བཅུར་སྤེལ། །སྒྲོལ་ཆེན་ཆོས་རྗེ་སངས་རྒྱས་རིན་ཆེན་ལ། །གསོལ་བ༴ །རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི། །ཏིང་འཛིན་དགོངས་པས་ཉིན་མཚན་དུས་འདའ་བ། །ཤངས་མདའི་རྒྱལ་སྲས་རྡོ་རྗེ་ཐུགས་མཆོག་རྩལ། །གསོལ་བ༴ །ཐུབ་བསྟན་ཡོངས་སུ་རྫོགས་པའི་དགེ་བའི་བཤེས། །བརྒྱ་ཕྲག་ཏིང་འཛིན་སྒོ་ལ་དབང་འབྱོར་བ། །ཀུན་མཁྱེན་གྲུབ་མཆོག་གྲགས་པ་དཔལ་འབྱོར་ལ། །གསོལ་བ༴ །ཐོས་བསམ་སྒྲོ་འདོགས་ཆོད་པའི་བློ་གྲོས་ཅན། །རབ་གསལ་རིག་རྩལ་འབྱོངས་པའི་ཉམས་རྟོགས་འཁྲུངས། །མཁན་ཆེན་འདྲེན་མཆོག་བློ་གྲོས་རབ་ཡངས་ལ། རྟ་ནག་ཐུབ་བསྟན་མཁན་པོ། །གསོལ་བ༴ །ཟབ་གསལ་ཏིང་འཛིན་སྒོ་མང་འབྱེད་པའི་མགོན། །མཁས་བཙུན་བཟང་པོས་གདུལ་བྱ་ཐར་ལམ་འདྲེན། །བླ་ཆེན་རྡོ་རྗེ་འཆང་དངོས་ཆོས་ཀྱི་རྗེ། །གསོལ་བ༴ །སྔོན་ནས་སྦྱངས་པས་བློ་གྲོས་ཕུན་སུམ་ཚོགས། །སྐྱེ་མེད་དོན་གྱི་གནས་ལུགས་མངོན་དུ་གྱུར། །ངེས་དོན་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་། །གསོལ་བ༴ །མཐའ་ཡས་ཤེས་བྱའི་གནས་རྣམས་མ་ལུས་
༣༠༦གཟིགས། །གཞན་ཕན་བྱང་ཆུབ་སེམས་མཆོག་མངོན་དུ་གྱུར། །རྡོ་རྗེ་ཐེག་པའི་བསྟན་འཛིན་འཇིག་རྟེན་མིག །གསོལ་བ༴ །དམ་པས་རྗེས་བཟུང་སྙིང་པོའི་ལམ་ལ་ཞུགས། །གསུང་རབ་རྒྱ་མཚོའི་ལུང་གི་ཐོས་པས་ཕྱུག །སྙིང་སྟོབས་གྲུབ་པའི་དཔའ་བོ་རྡོ་རྗེ་འཛིན། །གསོལ་བ༴ །ཀ་དག་རང་རིག་དངོས་འཛིན་འཆིང་བ་གྲོལ། །བདེ་ཆེན་འགྱུར་མེད་མཆོག་གི་དངོས་གྲུབ་བརྙེས། །སྙིགས་དུས་འགྲོ་བའི་སྐྱབས་གཅིག་རྡོ་རྗེ་འཛིན། །གསོལ་བ༴ །འདི་ཡན་ཤློ་ཀ་བཞི་བཛྲཱཀྵ་རས་སོ། སེམས་སྡེའི་བརྒྱུད་འདེབས་ཁ་སྐོང་ནི། ངག་གི་དབང་ཕྱུག་མཐའ་ཡས་ཆོས་ཚུལ་དཔལ། སྨྲ་ལ་ཟླ་མེད་མཁས་གྲུབ་རྒྱ་མཚོའ་ཕུལ། །ལོ་ཙཱ་ཆེན་པོ་དྷརྨ་ཤྲཱི་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །པཎ་གྲུབ་ལྡ་བརྒྱའི་གཙུག་རྒྱན་བི་མ་ལ། །བསམ་བཞིན་བསྟན་འགྲོའི་མགོན་དུ་ལེགས་བྱོན་པ། །རྒྱལ་བའི་སྲས་པོ་རིན་ཆེན་རྣམ་རྒྱལ་ལ། །གསོལ་བ༴ །ཨོ་རྒྱན་དུས་གསུམ་མཁྱེན་པའི་བཤད་སྒྲུབ་བསྟན། །འཛིན་མཁས་རྡོ་རྗེ་སྙིང་པོའི་དོན་གཟིགས་པ། །ཐམས་ཅད་མཁྱེན་པ་ཨཽ་ཌཱི་ཡཱ་ན་ལ། །གསོལ་བ༴ སྲས་བཅས་རྒྱལ་བ་དགྱེས་པའི་ཕྲིན་ལས་ཀྱིས། །ཡིད་སྲུབ་ཕྱོགས་ལས་རྣམ་རྒྱལ་རིག་པ་འཛིན། །མཁས་ཤིང་གྲུབ་བརྙེས་ཀརྨ་བི་ཛ་ཡར། །གསོལ་བ༴ །ཤེས་བྱ་ཀུན་གཟིགས་ཟབ་མོའི་གནས་ལུགས་རྟོགས། །འཆད་རྩོད་རྩོམ་ལ་ཐོགས་མེད་སྨྲ་བའི་དབང་། །རྒྱལ་སྲས་པདྨ་དབང་རྒྱལ་རྡོ་རྗེ་ལ། །གསོལ་བ༴ །བཅུ་ཕྲག་རིག་པའི་མཛོད་འཛིན་མཁས་པ་ཆེ། །འོད་གསལ་སྙིང་པོའི་དོན་གཟིགས་གྲུབ་པའི་དབང་། །འཇམ་པའི་དབྱངས་དངོས་བསྟན་འཛིན་འཕེལ་རྒྱས་ལ། །གསོལ་བ༴ །བསླབ་གསུམ་རྣམ་དག་བྱང་ཆུབ་སེམས་གཉིས་འབྱོངས། །རིམ་གཉིས་མཐར་ཕྱིན་རྡོ་རྗེ་འཛིན་པའི་དཔལ། །སེམས་དཔའ་ཆེན་པོ་པདྨ་མངྒ་ལ། །གསོལ་བ༴ །རྒྱལ་བ་སྲས་བཅས་ཡེ་ཤེས་གཅིག་བསྡུས་པ། །བཞན་ཕན་ཕ་མཐའ་ཡས་པའི་ཕྲིན་ལས་ཅན།
༣༠༧ཀུན་མཁྱེན་བླ་མ་རིག་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སོ། །སྨིན་གྲོལ་རྒྱ་མཚོའི་ཀློང་དུ་ཐོས་བརྩོན་གྲུརའགྲུས། །ཞུགས་ནས་གདམས་ངག་ནོར་བུའི་མཛོད་འཛིན་པ། །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོ་ལ། །གསོལ་བ༴ །རིག་འཛིན་རྒྱལ་བའི་སྲས་སུ་མངོན་བྱང་ལྔས། །ལེགས་པ་བསྐྱེད་པ་བསྟན་པ་རྒྱ་མཚོའི་སྲོག །རིན་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེར། །གསོལ་བ་འདེབས༴ །ལུང་རྟོགས་དམ་ཆོས་པདྨའི་དགའ་ཚལ་དུ། །བཤད་སྒྲུབ་འོད་ཟེར་ཕྲེང་བ་འགྱེད་མཛད་པའི། །བསྟན་འཛིན་ཉིན་མོར་བྱེད་པའི་མགོན་པོ་ལ། །གསོལ་བ༴ །འཕགས་པའི་བཞུགས་གནས་སྒོམ་རི་དམ་པ་རུ། །ཨོ་རྒྱན་བླ་མའི་རིང་ལུགས་འཛིན་མཛད་པའི། །རྣལ་འབྱོར་དབང་ཕྱུག་དགོངས་ཀློང་ཡངས་པ་ལ། །གསོལ་བ༴ །རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་འོད་སྟོང་གཟིས། །འཇིག་ལྟའི་མུན་པ་མཐའ་དག་ལྷག་མེད་དུ། །འཇོམས་མཛད་ཐར་གླིང་སྣང་བའི་འོད་ཟེར་ལ། །གསོལ་བ༴ །ཀུན་བཟང་ཆོས་སྐུའི་ཞལ་སྐྱིན་རྡོ་རྗེ་འཆང་། །གཞན་ཕན་ཐུགས་རྗེའི་མངའ་བདག་རིན་པོ་ཆེ། །སྙིགས་མའི་དུས་སུ་སངས་རྒྱས་གཉིས་པ་ལ། །གསོལ་བ༴ །མི་འགྱུར་གཞི་དབྱིངས་ནམ་མཁའི་རྡོ་རྗེ་ལས། །ཚེ་དབང་གྲུབ་པའི་རྒྱལ་སར་མངའ་བསྒྱུར་བ། །ཐུགས་རྗེའི་རྩལ་འཆང་མཆོག་གི་སྤྲུལ་པའི་སྐུར། །གསོལ་བ༴ །རྒྱལ་བའི་སྲས་ཀྱི་སྤྱོད་པ་ལྷུར་བླངས་ཏེ། །སྣ་ཚོགས་ཐབས་ཀྱིས་གཞན་ལ་ཕན་མཛད་པ། །མཐའ་ཡས་འགྲོ་བའི་སྐྱབས་གནས་ཆོས་ཀྱི་རྗེར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འདི་ཡན་ཤློ་ཀ་བརྒྱད་བཙུན་པ་གཞན་ཕན་པས་སོ། །ལས་འབྲས་བདེན་པའི་དོན་ལ་ཡིད་ཆེས་ནས། །དགེ་སྡིག་བླང་དོར་ཚུལ་བཞིན་མེད་པ་དང་། །འཆི་བ་སྙིང་ལ་ཟུག་པའི་བརྩོན་འགྲུས་ཀྱིས། །རང་དྲིན་རང་ལ་ཆེ་བར་བྱིན་གྱིས་རློབས། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་སྟོབས་དང་།
༣༠༨དམིགས་མེད་ཟུང་དུ་འཇུག་པའི་ཉམས་ལེན་གྱིས། །མྱུར་ཏུ་བྱང་ཆུབ་སེམས་གཉིས་འབྱོངས་ནས་ཀྱང་། །འཁོར་བ་དོང་ནས་སྤྲུགས་པར༴ །ཡེ་ཤེས་སྟོན་པའི་དྲིན་ཆེན་བླ་མ་ལ། །སངས་རྒྱས་ཀུན་ལས་ལྷག་པའི་མོས་གུས་ཀྱིས། །ཉམས་རྟོགས་ཕུན་ཚོགས་རྒྱུད་ལ་སྐྱེ་བ་དང་། །གེགས་དང་གོལ་ས་ཆོད་པར༴ །གང་ལྟར་སྣང་ཡང་ཐམས་ཅད་རང་གི་སེམས། །སེམས་ཉིད་གར་ཡང་མ་གྲུབ་སྟོང་པ་ཉིད། །མ་བཅོས་རྣལ་མར་འཇོག་པའི་ཉམས་ལེན་གྱིས། །འཁྲུལ་པ་རང་ཐོག་གྲོལ་བར༴ །ངོ་སྤྲོད་དོན་ལ་ངེས་ཤེས་བརྟན་པོ་ཡིས། །ཡེངས་མེད་རྒྱུན་དུ་གོམས་པ་མཐར་ཕྱིན་ཏེ། །ཆུ་བོ་ལྟ་བུར་རྒྱུན་ཆད་མེད་པ་ཡི། །མཉམ་བཞག་བརྟན་པ་ཐོབ་པར༴ །གང་ཤར་རང་ངོ་ཤེས་པའི་ཟབ་གནད་ཀྱིས། །རྫོགས་ཆེན་རང་སྣང་རིས་མེད་མངོན་གྱུར་ཏེ། །བྱས་ཆོས་ཐམས་ཅད་དབྱིངས་སུ་ནུབ་པ་དང་། །རང་བྱུང་ཡེ་ཤེས་འཆར་བར༴ །ནམ་ཡང་བསྒོམ་མ་མྱོང་པར་རང་བབ་གཤིས། །འདི་ལ་ཀུན་ཏུ་འབྲལ་བར་མི་བྱེད་ཅིང་། །བསྒོམ་མེད་དོན་ལ་གནས་པའི་བརྩོན་འགྲུས་ཀྱིས། །ཉིན་མཚན་ཀུན་ཏུ་འདའ་བར༴ །རྒྱ་ཆེན་ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བརྒྱད་ཁྲི་བཞི་སྟོང་དག་ཏུ་བསྟན་པ་ཡང་། །འདི་དོན་རྟོགས་སླད་གསུངས་པའི་ཚུལ་རིག་སྟེ། །འབྲལ་མེད་རྩེ་གཅིག་སྐྱོང་བར༴ །སེམས་ཉིད་ཡིད་བཞིན་ནོར་བུ་རིན་པོ་ཆེ། །ལས་དང་བག་ཆགས་ཉོན་མོངས་དྲི་ཕྱིས་ཏེ། །རྣམ་དག་སྐུ་བཞིའི་རྒྱལ་མཚན་རྩེར་བཀོད་ནས། །འགྲོ་ལ་འདོད་དགུའི་ཆོས་ཆར་འབེབས་པར་ཤོག །རྫོགས་པ་ཆེན་པོ་སེམས་ཕྱོགས་ཀྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་དགའ་སྟོན་ཞེས་བྱ་བ། །རྗེ་བཙུན་བླ་མ་དེ་དག་ལ་མི་ཕྱེད་པ་དང་། །དང་བ་དང་འདུན་པ་སྟེ། །དད་པ་གསུམ་དང་ལྡན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་སྦྱར་བའོ། ༈ སྤྱིར་སེམས་སྡེ་ལ། པཎ་ཆེན་བི་མ་ལས་བསྒྱུར་པའི་ཕྱི་འགྱུར་བཅུ་གསུམ་དང་སེམས་སྡེ་ཉེར་གཅིག་དེ་དག་ཏུ་མ་འདུས་པའི་རྒྱུད་
༣༠༩དང་རྒྱ་གཞུང་མཐའ་ཡས་པ་ཡོད་ཅིང་། སྔ་འགྱུར་ལྔ་ལ་སོགས་པ་བཻ་རོ་ནས་བརྒྱུད་པ་ལའང་། བརྒྱུད་ཚུལ་སྔ་ཕྱི་བར་གསུམ་བྱུང་། བོད་འདིར་བསྟན་པ་སྔ་དར་དང་། ཕྱི་དར། ཕྱི་སྐེད་བུ་སྟོན་ཐམས་ཅད་མཁྱེན་པ་དང་། ས་སྐྱའི་དཔལ་ལྡན་བླ་མ་དམ་པའི་དུས་ཡན་ཆོད་ལ་ཤིན་ཏུ་དར། མངའ་རིས་མདོ་ཁམས་ཡན་ཆད་དུ་སོ་སོར་བརྒྱུད་ལུགས་མཐའ་ཡས་ཡོད་མོད་ཀྱང་། ཡོངས་གྲགས་ལ་རྩ་བརྒྱུད། དབུས་བརྒྱུད། དབུས་གཙང་འདྲེས་མ་དང་གསུམ་དུ་བཞག་པ་ལས། འདི་ནི་དབུས་གཙང་འདྲེས་མ་ཡིན། བདག་གིས་ཐོས་པའི་གཙང་བརྒྱུད་ལ་ཡང་བརྒྱུད་ལུགས་བཞི་ལྔ་ཡོད་པ་ཟུར་ན་གསལ། ཡང་དབུས་གཙང་འདྲེས་པའི་བརྒྱུད་ལུགས་གཅིག་ལ་ཟུར་ཆུང་ནས་གླན་ཤཱཀྱ་བཟང་པོ། མདའ་ཤཱཀྱ་འཕེལ། རྟོགས་ལྡན་ཤཱཀྱ་སེང་གེ །ཀྱི་སྟོན་ཤཱཀྱ་ཡེ། མཉམ་མེད་དམ་པ་ཤཱཀྱ་རྒྱལ། བླ་མ་ལྷ་རྗེ་ཆེན་པོ། ཞིག་པོ་བདུད་རྩི། སངས་རྒྱས་སྨྱོན་སྟོན་བླ་མ། སྨྱོན་སྟོན་ཤཱཀྱ་འབུམ། སྐྱེ་མེད་དམ་པ་སངས་རྒྱས། སྐྱེས་མཆོག་སྤྲུལ་སྐུ་ཆེན་པོ། ཆོས་རྒྱལ་མངའ་རིའི་པཎ་ཆེན། ཀུན་སྤངས་རི་ཁྲོད་པ། མཁན་ཆེན་མཛེས་པའི་རྒྱལ་མཚན། རྟོགས་ལྡན་ཆོས་དཔལ་བཟང་པོ། མཁན་ཆེན་བློ་[3]གྲོས་རབ་ཡངས། བླ་ཆེན་རྡོ་རྗེ་འཆང་དབང་། དེས་བདག་ལའོ།། །མངྒ་ལམ།། །།


Notes

  1. ཤཱཀྱ་སེང་གེ།
  2. རྒྱ་ནག
  3. རྟ་ནག་ཐུབ་བསྟན་གྱི་མཁན་པོ།

Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.